Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་གཉིས་པ།


   
   
   
   
   
   
   
བདུན་པ། ཀླུའི་བུ་མོ་ལུང་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུན་པ། ཀླུའི་བུ་མོ་ལུང་བསྟན་པའི་ལེའུ། next

བདུན་པ། ཀླུའི་བུ་མོ་ལུང་བསྟན་པའི་ལེའུ།


DKG042_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བཞི་པ། དེ་ནས་ཀླུའི་བུ་མོ་བྱེ་བ་ཕྲག་དགུ་རྩ་དྲུག་གིས་ལྷ་མ་ཡིན་གྱི་དབང་པོ་དེ་དག་དང་། ནམ་མཁའ་ལྡིང་དབང་པོ་དེ་དག་གི་མཆོད་པ་ཡང་མཐོང་། ལུང་བསྟན་པ་ཡང་ཐོས་ནས་མཆོག་ཏུ་དགའ་བ་ཆེན་པོ་སྐྱེས་ཏེ། དེ་དག་དགའ་མགུ་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏོ། དེ་དག་གིས་རིན་པོ་སྣ་བདུན་གྱི་གདུགས་བཻདཱུ་ཪྻའི་དྲ་བ་ལྡ་ལྡིར་བཀྱེ་བ་མུ་ཏིག་དམར་པོའི་དྲ་བས་བསྐོར་བ། གསེར་གྱི་ཡུ་བ་ཅན། བཻ་དཱུ་ཪྻའི་ཐུར་མ་བརྒྱ་སྟོང་བཀྱེ་བ། རིན་པོ་ཆེ་ཆུན་པོ་སྦྱངས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་མངོན་པར་སྤྲུལ་ཏོ། རྟ་སྔོན་པོ་ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ། རྒྱན་སྔོན་པོས་བརྒྱན་པ། བཻ་དཱུ་ཪྻའི་སྲབ་ཀྱིས་བསྲབས་པ། བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་མངོན་པར་སྤྲུལ་ཏོ། ནོར་བུ་སྐར་མདོག་གི་བླ་རེ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཡོད་ལ། དེས་འཁོར་དེ་དག་ཐམས་ཅད་ཡོག་པ་ཅིག་ཀྱང་སྟེང་གི་བར་སྣང་ལ་མངོན་པར་སྤྲུལ་ཏོ། དེ་ལ་རིན་པོ་ཆེ་སྣ་བདུན་ལྡ་ལྡི་བཀྲ་བ་མིག་ཏུ་མཛེས་པ་བལྟ་ན་སྡུག་པ་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་བྲེས་པར་མངོན་པར་སྤྲུལ་ཏོ། བླ་རེ་དེའི་ཁོར་ཁོར་ཡུག་ཏུ་རིན་པ་ཆེ་སྣ་བདུན་གྱི་དྲིལ་གཡེར་ཀའི་དྲ་བ་མངོན་པར་སྤྲུལ་ཏེ་བྲེས་སོ། །རིན་པ་ཆེ་སྣ་བདུན་གྱི་ཁྲག་ཁྲུང་རྐང་དག་མངོན་པར་སྤྲུལ་ཏོ། ཀླུའི་རོལ་མོ་སིལ་སྙན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་མངོན་པར་སྤྲུལ་ཏོ། དེ་ནས་ཀླུའི་བུ་མོ་དེ་དག་རྟ་སྔོན་པོ་དེ་དག་ལ་ཞོན་ནས་རིན་པོ་ཆེ་སྣ་བདུན་གྱི་གདུགས་སྟེང་གི་བར་སྣང་ལ་བྲེས་ཏེ། ནམ་མཁའ་ལས་འདོང་ཞིང་རོལ་མོའི་སྒྲ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་དེ་དག་དཀྲོལ་ཅིང་། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་པ་ལྷའི་ཙན་དན་གྱི་ཕྱེ་མ་དག་ཀྱང་བཅོམ་ལྡན་འདས་ལ་མངོན་པར་འཐོར། ལྷའི་ཨ་ག་རུ་དང་། ཏ་མ་ལའི་ལོ་མ་དང་། ཨུད་པ་ལའི་ཕྱེ་མ་དང་། མེ་ཏོག་སྣ་ཚོགས་ཀྱང་བཅོམ་ལྡན་འདས་ལ་མངོན་པར་འཐོར། མེ་ཏོག་ཨུད་པ་ལ་དང་། ཙམ་པ་ཀའི་ཕྲེང་བ་དག་ཀྱང་འཐོར། །མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་ཕྲེང་བ་དག་ཀྱང་འཐོར། སྤོས་སྣ་ཚོགས་ཀྱི་ཕྲེང་བ་དང་། ན་བཟའ་དང་། རྒྱན་དག་ཀྱང་འབུལ་ཏེ། ལྷ་མ་ཡིན་གྱིས་ཇི་


DKG042_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱས་པ་དེ་བཞིན་དུ་མཆོད་པ་རྒྱ་ཆེར་བྱས་སོ། དེ་ནས་དེ་དག་གིས་རོལ་མོ་སིལ་སྙན་བྱེ་བ་ཕྲག་དགུ་རྩ་དྲུག་པོ་དེ་དག་བྱས་པའི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་གང་བར་གྱུར་ཏེ། སེམས་ཅན་གང་དག་གིས་རོལ་མོའི་སྒྲ་དེ་ཐོས་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ནོར་བུ་སྐར་མདོག་གི་བླ་རེ་དག་དང་། རིན་པོ་ཆེ་སྣ་བདུན་གྱི་ལྡ་ལྡི་དེ་དག་དང་། དྲིལ་བུ་གཡེར་ཀའི་དྲ་བ་དེ་དག་དང་། ཁྲུང་ཁྲུང་རྐང་དེ་དག་རླུང་གིས་བསྐྱོད་པ་ལས་འདི་ལྟ་སྟེ། དཔེར་ན་རོལ་མོ་སིལ་སྙན་ཡན་ལག་བརྒྱད་དང་ལྡན་པ་མཁས་པས་དཀྲོལ་བ་དེ་ལྟ་བུར་སྙན་ལ་དེ་ལྟ་བུར་ཡིད་དུ་འོང་ཞིང་མཉན་ན་བདེ་བའི་སྒྲ་བྱུང་བར་གྱུར་ཏོ། སྒྲ་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་གྱུར་ཏེ། སེམས་ཅན་གང་གིས་རྒྱན་གྱི་སྒྲ་དེ་དག་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། དེ་ནས་ཀླུའི་བུ་མ་དེ་དག་གིས་མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་ཆར་དང་། སྤོས་ཆུ་རྣམ་པ་སྣ་ཚོགས་ཀྱི་ཆར་མངོན་པར་ཕབ་པར་གྱུར་ཏེ། མེ་ཏོག་གི་ཆར་དེ་བབ་པའི་ཚེ་སྤོས་ཀྱི་དྲི་ཞིམ་པོའི་ངད་བྱུང་སྟེ། འགྲོ་ཞིང་ལྡོག་གོ །སྤོས་ཆུའི་ཆར་དེ་བབ་པས་ཀྱང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོའི་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཚུན་ཆད་སྤོས་ཆུས་རྫབ་ཏུ་གྱུར་ཏེ། སྤོས་ཀྱི་དྲི་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་གང་བར་གྱུར་ཏོ། སེམས་ཅན་གང་གིས་སྤོས་ཀྱི་དྲི་དེ་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། དེ་ནས་ཀླུའི་བུ་མོ་དེ་དག་གིས་གདུགས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་། རྟ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་། རོལ་མོ་སིལ་སྙན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རྒྱན་ཐམས་ཅད་དང་ལྡན་པ་དེ་དག་བར་སྣང་གི་ནམ་མཁའ་ལ་འཁོར་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །


DKG042_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུའི་བུ་མོ་མཁས་པ་དེ་དག་ཡི་རངས་དགའ་མགུ་ཡིད་ཀྱིས་སུ། །བྱང་ཆུབ་ཞི་བ་ཚོལ་ཞིང་ཤཱཀྱ་ཐུབ་པ་དེ་རིང་མཆོད་པ་ཆེན་པོ་བྱས། །རྒྱན་གྱིས་ལེགས་བརྒྱན་བྱེ་བ་དགུ་བཅུ་དྲུག་གི་གདུགས་རྣམས་མངོན་སྤྲུལ་ཏེ། །བདེ་བར་གཤེགས་པ་མཆོད་ཅིང་རབ་ཏུ་དུལ་བའི་ཡིད་ཀྱིས་ཆགས་དང་བྲལ། །རྒྱན་གྱིས་ལེགས་བརྒྱན་བྱེ་བ་དགུ་བཅུ་དྲུག་གི་རྟ་རྣམས་མངོན་སྤྲུལ་ཏེ། །ཁ་དོག་སྔོ་ཞིང་རྒྱན་ཡང་སྔོ་བའི་རྟ་ལ་རྒྱལ་མཚན་སྔོན་པོས་བརྒྱན། །དེ་དག་ཐམས་ཅད་བར་སྣང་དོང་ནས་ཐུབ་ལ་རྟ་ཡིས་མཆོད་པ་བྱེད། །ཀླུའི་བུ་མོ་དེ་དག་དང་བའི་ཡིད་ཀྱིས་ཐུབ་ལ་མགོས་ཕྱག་འཚལ། །མཆོག་ལ་མཆོད་པའི་དོན་དུ་ཀླུ་ཡི་གནས་ནས་ཀླུ་ཡི་སིལ་སྙན་གྱིས། །མཆོད་པའི་འོས་གྱུར་འདྲེན་པ་ཤཱཀྱ་ཐུབ་ལ་དེར་ནི་མཆོད་པ་བྱས། །སིལ་སྙན་དེ་དག་བདེ་བར་གཤེགས་ལ་མཆོད་པའི་སྒྲ་དེ་ཁམས་གསུམ་གྲག །སྒྲ་དེ་ཐོས་པའི་སེམས་ཅན་ཁྲག་ཁྲིག་དག་ནི་བྱང་ཆུབ་ཡང་དག་ཞུགས། དེ་དག་རྣམས་ཀྱིས་དེར་སྤྲུལ་མཁའ་ལ་བླ་རེ་ཆེན་པོ་གཅིག་ཏུ་གྱུར། །ཕྱོགས་བཅུའི་དཔག་ཚད་དྲུག་ཅུར་རྒྱས་ཤིང་འགྲོ་བ་ཐམས་ཅད་ཁེབས་པར་གྱུར། །ནོར་བུ་རིན་ཆེན་སྐར་མའི་མདོག་གི་གཟི་བརྗིད་ཕྱོགས་སུ་འབར་ཞིང་གསལ། །ཀླུ་ཡི་བུ་མོ་དགའ་ནས་འགྲོ་བའི་དོན་དུ་རྒྱལ་ལ་མཆོད་པ་བྱས། །གཞལ་དུ་མེད་པའི་སེམས་བསྐྱེད་དགའ་ནས་བྱང་ཆུབ་ཞི་བ་ཚོལ་བྱེད་ཅིང་། །འཇིག་རྟེན་དོན་བྱེད་བདེ་གཤེགས་སངས་རྒྱས་འཇིག་རྟེན་མཁས་པ་གྲུབ་པར་ཤོག །ཇི་ལྟར་སྟོབས་བཅུ་མངའ་བ་ཁྱོད་ནི་སེམས་ཅན་སྡུག་བསྔལ་འགྲོལ་བ་ལྟར། །ཆོས་ཀྱང་བསྟན་ཏེ་སེམས་ཅན་ཉོན་མོངས་སྡུག་བསྔལ་བསྒྲིབས་པ་ཁྲག་ཁྲིག་དགྲོལ། །ཆོས་རྣམས་སྒྱུ་མ་སྨིག་རྒྱུ་འདྲ་ཞིང་དབུ་བལྟ་བུར་ཉམ་ཆུང་ལ། །ཆར་རྒྱུན་ཆུ་ལ་ཕོག་པའི་ཆུ་བུར་ལྟ་བུར་འཇིག་ཅིང་བདག་པོ་མེད། །མེ་ལོང་ནང་གི་གཟུགས་བརྙན་འདྲ་བར་འགྲོ་བ་ཐམས་ཅད་བརྟགས་ནས་ནི། །འགྲོ་བ་དག་ལ་ཆོས་ཀྱི་རང་བཞིན་ཡང་དག་དེ་ཉིད་བསྟན་པར་བགྱི །སྒྱུ་མ་བཀོད་པ་ལྟ་བུར་མ་མཆིས་རྫུན་པ་བྱིས་པ་རྨོངས་བགྱིད་པ། །


DKG042_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་མི་མཁས་ཇི་བཞིན་མ་འཚལ་བ་དག་མ་རུང་བ་བགྱིད་པ། །བྱིས་པ་རྨོངས་བགྱིད་ཆོས་རྣམས་སྡིག་མེད་ཁྱོད་ཀྱིས་དེ་ལྟར་ལེགས་པར་གཟིགས། །དེ་དག་ཇི་ལྟར་གཟིགས་པ་དེ་བཞིན་དེ་དག་སེམས་ཅན་རྣམས་ལ་བསྟན། །ཇི་ལྟར་ས་ཆེན་འདི་ལ་སྤྲིན་འཁྲིགས་གྱུར་ན་རི་ལྟར་གདའ་བ་ཡང་། །ཡང་དག་ཏུ་ན་རི་ལྟར་ངོ་བོ་ཉིད་ཀྱིས་དེ་ལ་གནས་མ་མཆིས། །དེ་ལྟར་འགྲོ་བ་ཐམས་ཅད་རང་བཞིན་མ་མཆིས་དབང་པོ་རྨོངས་པར་བགྱིད། །ཤེས་པས་བརྟགས་ནས་སྐྱེ་བོ་མཁས་པ་དག་ནི་རྨོངས་པར་འགྱུར་མ་མཆིས། །ཡང་དག་ཏུ་ནི་འགྲོ་བ་ཐམས་ཅད་རང་བཞིན་མ་མཆིས་ཁྱོད་སྟེན་པས། །དེས་ན་འདྲེན་པ་རྒྱལ་བ་ཁྱོད་ལ་སྐྱེ་བོ་མཁས་པ་མི་ཕྱེད་འགྱུར། །ཁྱོད་ཀྱི་སྲས་རྣམས་ཆོས་ཀྱིས་ཡོངས་སུ་ཚིམ་ནས་རྫབ་ལ་བྲམ་པ་འདྲ། །འདི་ནི་བྱིས་པའི་སྐྱེ་བོའི་ཡུལ་མིན་འགྲོ་བའི་འདི་ནི་སྒྲ་ཕྱིར་འབྲང་། །དེ་ལྟ་ལགས་པས་སྡིག་མེད་ཡང་དག་སྟོན་པ་བྱིས་པའི་སྐྱེ་བོའི་མགོན། །སྐྱབས་དང་དཔུང་གཉེན་གནས་དང་རྟེན་དང་རྩ་ལག་ཁྱོད་ལ་སྐྱབས་སུ་མཆིས། །གཞལ་ཡས་བྱང་ཆུབ་དེ་བཙལ་སླད་དུ་རྣམ་པར་འདྲེན་པ་ཁྱོད་ལ་མཆོད། །སངས་རྒྱས་གྱུར་ནས་རྟོགས་བགྱིད་སྡིག་བྲལ་འཇིག་རྟེན་དོན་རྣམས་བགྱིད པར་ཤོག །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བུ་མོ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། འཇིག་རྟེན་ན་ནི་འཇིག་རྟེན་མཁས་པ་རྣམ་པར་འདྲེན་མཆོག་ཁྱོད་འཛུམ་མཛད། །དཔལ་སྟུག་འཛུམ་པ་མཛད་ལ་རྒྱུ་མ་མཆིས་པ་བདག་གིས་ཡོངས་མ་མཐོང་། །མིའི་དབང་པོ་དམ་པ་འཛུམ་པ་མཛད་པའི་རྒྱུ་ནི་ཡང་དག་གསུངས། །དེ་ཐོས་ལྷ་མི་ལྷ་མིན་ཚོགས་དང་ཀླུའི་བུ་མོ་གསང་བ་པ། །དྲི་ཟ་རྣམས་ཀྱང་སྐྱོབ་པའི་དགོངས་པ་ཐོས་ནས་ཡིད་ནི་དགའ་བར་འགྱུར། །འཇིག་རྟེན་དག་ན་འཇིག་རྟེན་རྣམ་འདྲེན་ཁྱོད་ཀྱིས་རྒྱུ་རྣམས་ཐམས་ཅད་མཁྱེན། །རྒྱལ་བས་ཆོས་གང་རྒྱུ་དང་རྣམ་པས་མཁྱེན་པར་མ་གྱུར་ཡོང་མ་མཆིས། །དེ་ལྟས་བདེ་གཤེགས་རྒྱལ་བ་ཁྱོད་ཀྱིས་


DKG042_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཐུགས་ཆུད་འཛུམ་རྒྱུ་གསུངས། །དེ་ཐོས་ནས་ནི་འགྲོ་བ་ཐམས་ཅད་ཡི་རངས་དོགས་པ་ཆུད་པར་འགྱུར། །ཐུབ་པ་བདེ་བར་གཤེགས་ཀྱི་བསྟན་པ་མཆོག་ལ་དོན་ཀྱང་ཐོབ་པར་མཆི། །འཁོར་རྣམས་འདི་དག་དོན་མྱོང་གྱུར་ནས་ཡིད་ནི་རབ་ཏུ་ཞི་བར་འགྱུར། །ཀུན་རྟོག་དབང་དུ་མི་འགྱུར་བྱང་ཆུབ་ཡིད་ཀྱིས་རྒྱལ་བའི་སྤྱོད་ཉན་གྱུར། །བདེ་གཤེགས་ཁྱོད་ཀྱི་འཛུམ་མཛད་དོན་ཐོས་རང་འབྱུང་ཉིད་དུ་ངེས་པར་འབྱུང་། །འཁོར་འདི་རྒྱལ་བ་ཁྱོད་ཀྱི་ཞལ་ནས་འཛུམ་མཐོང་ཐེ་ཚོམ་འཚལ་གྱུར་ཏེ། །སྡུག་བསྔལ་དོགས་བཅད་ཡིད་མི་བདེ་ཞིང་ཆོས་ལ་སོམ་ཉི་གང་འཚལ་བ། །དེ་དག་ལ་ནི་ཐུབ་པ་སྟོན་པས་དོགས་བསལ་ཐེ་ཚོམ་དགུམ་དུ་གསོལ། །དྲང་སྲོང་ཁྱོད་ཀྱིས་གང་སླད་འཛུམ་བསྟན་མྱུར་དུ་བཀའ་སྩལ་ཐེ་ཚོམ་ཁུམ། །རྒྱལ་བ་གང་གིས་དེ་རིང་ཡིད་ནི་རྣམ་པར་སྦྱངས་ཤིང་བདུང་བཅོམ་ཐུལ། །སུ་ཞིག་ཡིད་རབ་ཚིམ་ནས་བཅོམ་ལྡན་འདས་ལ་མཆོད་པ་དམ་པ་བགྱིས། །འདི་ནི་སུའི་མཐུ་ལགས་སྟོན་པ་འགྲོ་བའི་མདུན་དུ་འདི་བཀའ་སྩོལ། །ཐོས་ནས་བདག་ཅག་ཡི་རངས་མཆོག་ཏུ་དགའ་བ་སྐྱེས་ནས་བདེ་བར་འགྱུར། །ཁྱོད་ཀྱི་ཞབས་ཀྱི་དྲུང་དུ་འདུས་པའི་འགྲོ་བ་འདི་དག་ཐེ་ཚོམ་འཚལ། །འཛུམ་རྒྱུ་དགའ་བ་སྐྱེད་པ་བཀའ་སྩོལ་ཐུབ་པ་ཐེ་ཚོམ་བསལ་དུ་གསོལ། །དེས་ཐོས་ལྷ་དང་བཅས་པའི་འགྲོ་བ་འདི་དག་ཐེ་ཚོམ་མ་མཆིས་འགྱུར། །རྒྱལ་བའི་གསུང་སྒྲ་ཡང་དག་ཐོས་ནས་དེ་དག་ཡིད་དགའ་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །རྟ་ཐུལ་ལ་ལེགས་སོ་རྒྱལ་བའི་དགོངས་པ་འཛུམ་པ་འདི་ནི་ལེགས་པར་དྲིས། །ཀླུ་ཡི་བུ་མོས་མཆོད་ཚེ་འཇིག་རྟེན་ཕན་ཕྱིར་ངས་ནི་འཛུམ་པ་བསྟན། །དེ་ཡི་འབྲས་བུ་བསྟན་ཀྱིས་ཡིད་གཉིས་ཐ་བ་སྤངས་པའི་སེམས་ཀྱིས་ཉོན། །གང་གི་དོན་དུ་ངས་ནི་འཛུམ་པ་འདིར་མཛད་ང་ཡི་ཚིག་ལ་ཉོན། །ཀླུ་ཡི་བུ་མོ་འདི་དག་ཆགས་མེད་ཡིད་ཀྱིས་བྱང་ཆུབ་ཡང་དག་ཞུགས། །འགྲོ་བ་ཐམས་ཅད་སྟོང་པར་རྣམ་བཤིག་བློ་ལྡན་དོགས་མེད་ལེགས་པར་གནས། །འདི་ན་བྱེད་མེད་ཚོར་མེད་གང་ཟག་མེད་ཅིང་སྐྱེ་བ་པོ་ཡང་མེད། །


DKG042_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་འདི་དག་བརྫུན་ཞིག་སྨིག་རྒྱུ་མཚུངས་ལ་མེ་ལོང་གཟུགས་བརྙན་འདྲ། །འདི་དག་རྣམས་ཀྱིས་མཆོད་བྱས་བྱས་གཟོ་བློ་གྲོས་ཡང་དག་ངས་ཤེས་ཏེ། །རྒྱལ་བའི་ཆོས་ཉིད་དང་ནི་འགྲོ་བ་སྟོང་ཞིང་བདག་པོ་མེད་མཐོང་ལེགས། །མཆོད་པ་རྣམ་པར་ཕྱེ་ཞིང་ལགས་པར་བཀོད་པ་འདི་དག་སྒྱུ་མ་འདྲ། །བྱང་ཆུབ་གཞལ་ཡས་གང་དུ་སྨོས་ལམ་བཏབ་པ་དེ་ཡང་འདི་འདྲར་སྟོང་། །ང་ལ་གཞལ་ཡས་མཆོད་པ་དེ་བྱས་པ་དང་འགྲོ་བ་སྟོང་ཤེས་པས། །ཀླུ་ལས་ཤི་འཕོས་ནས་ནི་ལྷ་གནས་བརྒྱ་བྱིན་གནས་སུ་འགྲོ་བར་འགྱུར། །སུམ་ཅུ་རྩ་གསུམ་སོང་སྟེ་ལྷ་ཡི་ནང་དུ་དགའ་བར་ཚེ་རྫོགས་ནས། །མ་སྨད་གྲགས་དང་ལྡན་པའི་ལྷ་གནས་འཐབ་བྲལ་གནས་སུ་འགྲོ་བར་འགྱུར། །འཐབ་བྲལ་ལྷ་ནང་གནས་ཏེ་ལྷའི་གནས་སུ་ལྷ་ཡི་དགའ་བ་སྤྱོད། །ལྷར་གྱུར་བདེ་གཤེགས་སྲས་རྣམས་དེ་ན་ཚེ་ཡི་ཚད་དུ་གནས་པར་འགྱུར། །རྒྱལ་བའི་སྲས་རྣམས་འཐབ་བྲལ་དགའ་བ་སྤྱད་ནས་ཚེ་ཚད་ཟད་པ་དང་། །དགའ་ལྡན་གནས་སུ་ལྷ་ཡི་གྲོང་ཁྱེར་ལྷ་དང་བརཏལ་ཞུགས་འདྲ་བར་འགྱུར། །དེ་དག་དེ་ན་ལྷ་ཡི་བུ་མོས་བསྐོར་ནས་ལྷ་ཡི་དགའ་བ་སྤྱོད། །པད་མ་ཆུས་མི་ཆགས་པ་བཞིན་དུ་བདེ་གཤེགས་མི་གནས་བློ་ཅན་གནས། །འགྲོ་བ་ཐམས་ཅད་སྟོང་པར་རྟོགས་རིག་བློ་ལས་ཉམས་པར་ཡོང་མི་འགྱུར། །སྐྱོབ་པ་རྣམས་ཀྱི་དྲན་བརྡོལ་བརྐོས་པ་བཞིན་དུ་ཡོང་མི་ཉམས། །དེ་དག་དགའ་ལྡན་གནས་དེར་གནས་ཏེ་ལྷ་ཡི་དགའ་བ་སྤྱོད་ནས་ནི། །ཚེ་ཚད་ཡོངས་སུ་ཟད་ནས་དེ་ཚེ་རབ་འཕྲུལ་དག་ཏུ་འགྲོ་བར་འགྱུར། །བདེ་གཤེགས་མ་སྨད་གྲགས་ལྡན་དེར་ཡང་ལྷ་མོའི་ཚོགས་ཀྱིས་མཆོད་འགྱུར་ཏེ། །མི་གནས་བློ་གྲོས་ལྡན་པ་ཚེ་ཚད་བར་ཏུ་གནས་ན་གནས་པར་འགྱུར། །དེ་དག་གནས་དེར་རབ་འཕྲུལ་གྱུར་ཏེ་ལྷ་ཡི་དགའ་བ་སྤྱད་ནས་ནི། །མཁས་པ་ཚེ་ཟད་བློ་གྲོས་ལྡན་པ་ཆོས་ཀྱི་མཐར་ནི་ཕྱིན་གྱུར་ནས། །འདྲེན་པ་བསམ་པ་དག་པ་ཆགས་མེད་ཡིད་ལྡན་ཆོས་ཀྱི་བསམ་པ་ཅན། །ཚེ་དང་ལྡན་རྣམས་གཞན་འཕྲུལ་གནས་སུ་ལྷ་འདུ་བར་ནི་འགྲོ་བར་འགྱུར། །དེ་དག་ལྷ་གནས་དེ་ན་གནས་ཤིང་ལྷ་ཡི་དགའ་བ་སྤྱོད་པར་འགྱུར། །བདེ་གཤེགས་


DKG042_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྨོངས་བློ་ལྡན་དེ་དག་རང་གི་ཚེ་ཚད་གནས་པར་འགྱུར། །མྱ་ངན་འདས་ལྟར་ལྷ་ཡི་འདོད་པའི་ཡོན་ཏན་མཉམ་ཉིད་ཞི་བར་རྟོགས། །བསམ་གཏན་བསམ་པས་ཚངས་གནས་མ་སྨད་གྲགས་དང་ལྡན་པར་འགྲོ་བར་འགྱུར། །ཚངས་པའི་གནས་སུ་བསམ་གཏན་མཁས་ཤིང་བསམ་གཏན་འབྲས་བུ་སྤྱད་གྱུར་ནས། །དེར་གནས་དཔེ་མེད་གྱུར་ཅིང་བྱང་ཆུབ་ཡིད་ཀྱིས་བསྐལ་པར་གནས་པར་འགྱུར། །དེ་དག་བསྐལ་པར་ཚངས་གནས་འཐུན་པར་ཡེ་ཤེས་དོན་གཉེར་བརཏལ་ཞུགས་བཟང་། །ཐུབ་པ་མཁས་པ་ཐབས་མཁས་དེ་དག་འཇིག་རྟེན་དོན་ནི་མཐའ་ཡས་བྱེད། །མཁས་ཐུབ་དེ་དག་དེ་ན་བསམ་གཏན་སྤྱོད་ཡུལ་བསམ་གཏན་ཆགས་པ་མེད། །བསམ་གཏན་བདེ་བ་མཉམ་ཉིད་འདྲར་རིག་བྱང་ཆུབ་ཕྱིར་ནི་དབང་པོ་བཞིན། །ཀུན་ཏུ་གྲོལ་ཡིད་དྲང་སྲོང་བྱང་ཆུབ་ཕྱིར་ནི་བྱང་ཆུབ་བློ་དང་ལྡན། །མྱ་ངན་འདས་པ་ལྟ་བུར་བསམ་གཏན་བློ་གཅིག་ཞི་བའི་མཚན་ཉིད་འགྱུར། །བདེ་བར་གཤེགས་དང་བཅོམ་ལྡན་སྲས་པོ་བྱང་ཆུབ་ཞི་བ་ཡོངས་ཚོལ་བ། །ཚངས་པའི་ཡིད་ལྡན་འཇིག་རྟེན་དོན་བྱེད་དེ་དག་ཚངས་གནས་དེ་ན་གནས། །ཀུན་ཀྱང་ཚངས་པའི་བློ་ལྡན་མཐར་ཕྱིན་ཤ་སྟག་བྱང་ཆུབ་དོན་གྱི་ཕྱིར། །རང་བྱུང་དགོངས་པ་ཁམས་གསུམ་ལམ་ལས་འདས་པའི་ངེས་པར་འབྱུང་བ་སྟོན། །ཚངས་པ་ལ་ནི་གུས་པ་བསྐྱེད་ནས་འགྲོ་བ་བྱང་ཆུབ་ཚོལ་བར་འགྱུར། །ཚངས་པའི་བསམ་པ་རང་འབྱུང་བསམ་པ་དེས་འབྱུང་མཐར་ཐུག་ཤེས་ནས་ནི། །བདེ་བར་གཤེགས་ཀྱི་བསྟན་པ་མཆོག་ལ་བརྩོན་པ་དེ་དག་འགྲོ་བ་ལ། །ཅི་ནས་ཆོས་ཚུལ་འབྲས་བུ་མྱུར་དུ་ཤེས་འགྱུར་དེ་ལྟར་ཆོས་ཀྱང་སྟོན། །དེ་དག་ཚངས་གནས་དེ་ན་གནས་ཤིང་འཇིག་རྟེན་དག་ལ་བྱང་ཆུབ་ཕྱིར། །ཕན་པ་བྱས་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་མང་པོ་བྱང་ཆུབ་བཀོད། །རྒྱལ་བ་ཀུན་ལ་མཆོད་ཕྱིར་འཇིག་རྟེན་ཁམས་མང་ཁྲག་ཁྲིག་འགྲོ་བར་འགྱུར། །དབང་པོ་ཞི་བ་དེ་དག་བསྐལ་པ་སྐར་མ་འདྲ་ལ་རྒྱལ་བར་འགྱུར། །ལྷ་དང་མི་དང་ཀླུ་དང་མདབ་བཟངས་དག་དང་ལྷ་མིན་བཅས་པ་དང་། །དྲི་ཟ་གྲུལ་བུམ་མིའམ་ཅི་ཚོགས་གནོད་སྦྱིན་འགྲོར་བཅས་དགའ་ཞིང་མགུ །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཏུ་ནི་ཡོངས་སྦྱངས་ཆོས་ཀྱིས་སྟོབས་རྙེད་པ། །དེ་དག་ཐམས་ཅད་ཡི་རངས་ཐལ་སྦྱར་བདེ་བར་གཤེགས་ལ་མགོས་ཕྱག་འཚལ། །ཀླུའི་བུ་མོ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།


previousབདུན་པ། ཀླུའི་བུ་མོ་ལུང་བསྟན་པའི་ལེའུ། next