Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲུག་པ། ཐུགས་རྗེ་ཆེན་པོའི་ལེའུ།
   
   
   
   


 
previousདྲུག་པ། ཐུགས་རྗེ་ཆེན་པོའི་ལེའུ། next

དྲུག་པ། ཐུགས་རྗེ་ཆེན་པོའི་ལེའུ།


DKG042_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་ལྔ་པ། །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་འདི་སྙམ་དུ་བཅོམ་ལྡན་འདས་ནི་འདི་ལྟར་ཐུགས་རྗེ་ཆེན་པོ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལེགས་པར་སྟོན་པར་མཛད་པས་བཅོམ་ལྡན་འདས་ནི་ཤིན་དུ་ངོ་མཚར་ཆེ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པར་སྒྲུབ་ཅིང་སྐྱེ་འགག་མེད་པའི་དོན་སེམས་ཅན་གྱིས་ཁོང་དུ་ཆུད་པར་བྱེད་པས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོའི་སེམས་ཀྱི་བསམ་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽང་གལ་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ། གལ་ཏེ་ངའི་ཉན་ཐོས་གང་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དོན་ཐོས་པར་གྱུར་ན་སེམས་མྱོ་མྱོ་པོར་འགྱུར་ཞིང་མོས་པར་ཡང་མི་འགྱུར་རོ། །མཽང་གལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ལྟ་རེ་ཤིག་ཞོག་གི །ངས་གལ་ཏེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སྙིང་རྗེ་ཆེན་པོ་ཇི་སྙེད་ཅིག་དང་ལྡན་པ་ཡོངས་སུ་རྫོགས་པར་བརྗོད་པར་གྱུར་ན་ཡང་ཁྱོད་ཀྱི་སེམས་མྱོ་མྱོ་བར་འགྱུར་ཞིང་མོས་པར་ཡང་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་


DKG042_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པོས་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ། །བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཐུགས་རྗེ་ཆེན་པོ་ཇི་ལྟ་བུ་མངའ་བ་ལས་ཕྱོགས་ཅུང་ཟད་ཆིག་བཤད་དུ་གསོལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽང་གལ་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ཁྱོད་ལའང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སྙིང་རྗེ་ཆེན་པོ་ལས་ཕྱོགས་ཅུང་ཟད་གཅིག་དཔེས་བསྟན་པར་བྱའོ། །སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྙིང་རྗེ་ཆེན་པོ་ཇི་སྙེད་ཅིག་སྤྱད་པ་བརྗོད་ཀྱིས་མི་ལང་མོད་ཀྱི། སྙིང་རྗེ་ཆེན་པོ་དེ་ནི་དངོས་པོ་རྣམ་པ་བཞི་ལ་གནས་པར་འགྱུར་རོ། །བཞི་གང་ཞེ་ན་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་སྙིང་རྗེ་ཆེན་པོ་ལ་གནས་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཆོས་མངོན་པར་བསྒྲུབས་པར་གྱུར་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ། །མཽང་གལ་གྱི་བུ་ང་ནི་སྨོན་སེམས་ཅན་རྣམས་ལ་འདི་ལྟ་བུའི་སྙིང་རྗེ་ཆེན་པོ་དང་ལྡན། འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང་ལྡན་པས་སེམས་ཅན་ཇི་སྙེད་ཅིག་སེམས་ཅན་ཇི་སྙེད་དམྱལ་བ་ཆེན་པོ་མནར་མེད་པ་ན་སྡུག་བསྔལ་རྣམས་མྱོང་བར་འགྱུར་བ་དང་། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་དང་། བསྡུས་འཇོམས་དང་། ཡང་སོས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དག་ན་སྡུག་བསྔལ་མྱོང་བར་གྱུར་པ་དག་ལ་ཡང་ངས་རྟག་ཏུ་སེམས་ཅན་དེ་དག་གི་ཆེད་དུ་སེམས་ཅན་དམྱལ་བ་ཆེན་པོ་ན་སྡུག་བསྔལ་ཇི་སྙེད་ཡོད་པ་དག་སྡིག་པའི་ལས་མ་བྱང་བ་དེ་སྲིད་དུ་མྱོང་བར་གྱུར་ཀྱང་སེམས་ལ་འགྱོད་པ་མེད་པར་གྱུར་ཏོ། །མཽང་གལ་གལ་ཏེ་སེམས་ཅན་གྱི་དོན་དུ་འགྱུར་བའི་རྒྱུ་དང་རྐྱེན་ཅིག་ཡོད་པར་གྱུར་ནས་དེ་དག་ཐམས་ཅད་དང་དུ་བླངས་ནས་སེམས་ཅན་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ལས་ཐར་པར་བྱས་ནས་ཉིད་སྡུག་བསྔལ་དང་དུ་ལེན་པར་བྱེད་པས་སེམས་ཅན་གཅིག་གི་དམྱལ་བའི་སྡུག་བསྔལ་ཡང་སེམས་ཅན་ཀྱི་སྡིག་པའི་ལས་མཐར་ཐུག་པའི་བར་དུ་དང་དུ་བླངས་ཀྱང་དེའི་ཚེ་ངའི་སེམས་ལ་འགྱོད་པ་ཅི་ཡང་མེད་དོ། །མཽང་གལ་ལ་ངས་ནི་འདི་ལྟ་བུའི་སྨོན་ལམ་དང་བརྩོན་འགྲུས་ཆེན་པོ་བསྐྱེད་ནས་བློ་དང་ལྡན་པ་འདི་ལྟ་སྟེ། སངས་རྒྱས་དང་། དེའི་ཉན་ཐོས་དག་ལ་འདི་ལྟར་རིགས་པའི་ཚུལ་


DKG042_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བའི་རྒྱུ་དང་རྐྱེན་ཡོད་པར་གྱུར་ན་སྡུག་བསྔལ་དང་དུ་བླངས་ནས་སེམས་ཅན་རྣམས་སེམས་ཅན་དམྱལ་བ་ལས་ཐར་པར་བྱེད་པས་མཽང་གལ་མཁས་པ་དག་གིས་ཐོས་པར་གྱུར་ན་ངའི་མང་དུ་ཐོས་པའི་བསྔགས་པ་བརྗོད་དེ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྦྱིན་པ་གཏོང་བར་བྱེད། ཚུལ་ཁྲིམས་སྲུང་པར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། དགེ་བའི་བཤེས་གཉེན་ལ་བསྟེན་པའི་བསྔགས་པ་བརྗོད་པར་བྱེད་དོ། །མཽང་གལ་ངས་དེ་ལྟ་བུ་ཐོས་ནས་བརྩོན་འགྲུས་ཆེན་པོ་བསྐྱེད་དེ་ཆོས་ཡོངས་སུ་གཉེར་བའི་ཕྱིར་ལྷག་པའི་བསམ་པ་བསྐྱེད་ནས་སངས་རྒྱས་རྣམས་ཀྱི་ཆོས་ཕུན་སུམ་ཚོགས་པ་ཆེན་པོ་ཐོབ་པར་བྱ་བའི་ཆེད་དུ་བརྩོན་འགྲུས་བརྩམས་སོ། །ཕ་རོལ་དུ་ཕྱིན་པ་རྣམས་ཕུན་སུམ་ཚོགས་པར་བྱ་བའི་ཆེད་དུ་བཟོད་པ་ཡོངས་སུ་བསྒོམས་སོ། །མཽང་གལ་ངས་སྔོན་ཇི་ལྟར་བཟོད་པ་ཡོངས་སུ་བསྒོམས་ཤེ་ན། སྔོན་བྱང་ཆུབ་སེམས་དཔའ་གྱུར་པ་ན་འདི་ལྟར་སེམས་བསྐྱེད་དེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་ཡོང་བའི་སེམས་ཅན་ཇི་སྙེད་པ་གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ཡང་རུང་སྟེ། སེམས་ཅན་དེ་དག་ཐམས་ཅད་མ་ལུས་པར་མིའི་ལུས་ཐོབ་པར་གྱུར་ནས་ཐམས་ཅད་བདག་གི་དྲུང་དུ་འོངས་ཏེ། འདི་སྐད་དུ་ཀྱེ་ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ། བདག་ཅག་ནི་འདོད་པ་ལྔའི་བདེ་བ་དང་། འཚོ་བའི་ཡོ་བྱད་ཀྱིས་མང་དུ་ཕངས་པ་ཡིན་ཏེ། ཁྱོད་གལ་ཏེ་བདག་ཅག་ལ་སྦྱིན་པར་མི་ནུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་སེམས་ཅན་དེ་དག་གིས་དེའི་ཚེ་ཚིག་བརླང་པོས་བརྒྱད་བཀག་གམ། མི་བདེན་པས་སྐྱོན་སྨོས་སམ། ཡིད་དང་མི་མཐུན་པའི་ཕྱིར་རལ་གྲི་དང་། དབྱུག་པ་དང་། གྱོ་མོ་དག་གིས་བདག་གི་ལུས་ལ་གནོད་པ་བྱས་ཀྱང་བདག་དེའི་ཚེ་ཞེ་སྡང་དང་འགྱོད་པ་མི་བསྐྱེད་པར་བདག་གི་འདི་ལྟར་སེམས་རབ་ཏུ་གདུལ་བར་བྱའོ། །སེམས་ཅན་འདི་དག་ནི་གླིང་ཞིང་གཏི་མུག་དང་། ཤེས་པ་མེད་པས་གཏི་མུག་གི་ལས་བྱེད་པ་ཡིན་ན། གལ་ཏེ་བདག་གིས་ཀྱང་སེམས་ཅན་གླེན་ཞིང་གཏི་མུག་


DKG042_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་དག་ལ་ཞེ་སྡང་དང་། འཁོན་དུ་འཛིན་པ་བསྐྱེད་པར་གྱུར་ན། འོ་ན་ནི་བདག་འདི་དག་དང་ཐ་དད་པ་ཡང་ཅི་ཡོད། འདི་དག་ནི་ལམ་དུ་མ་ཞུགས་པ་ཡིན་ལ། བདག་ནི་དགེ་བའི་ལམ་དུ་ཞུགས་པ་ཡིན་པས་དེང་བདག་གིས་སེམས་ཅན་འདི་དག་ལས་སྡུག་བསྔལ་དང་དུ་བླངས་ཏེ་ཞེ་སྡང་གི་བསམ་པ་མི་བསྐྱེད་པར་ས་ཆེན་པོ་བཞིན་དུ་བཟང་པོ་དང་ངན་པ་ཤོར་བར་བྱའོ་སྙམ་ནས། མཽང་གལ་ངས་སྔོན་བཟོད་པ་འདི་ལྟ་བུ་ཡོངས་སུ་བསྒོམས་སོ། །གཞན་ཡང་མཽང་གལ་ངས་ནི་ཡུན་རིང་པོ་ནས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་གཅིག་པ་བཞིན་དུ་བལྟས་སོ། །འདི་ལྟ་སྟེ་དཔེར་ན་ཁྱིམ་བདག་ཤིན་དུ་ཕྱུག་ཅིང་ནོར་མང་ལ་རིན་པོ་ཆེ་རབ་ཏུ་མང་བ། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་ལྡན་པ་ཞིག་ཡོད་ལ། དེ་བརཏལ་ཞུགས་རྣམ་པ་བརྒྱད་སྤྱད་དེ་བུ་ཞིག་རྙེད་པར་གྱུར་ནས་སེམས་ལ་སྡུག་ཅིང་བལྟ་བས་མི་ངོམས་པར་གྱུར་ན། མཽང་གལ་ཁྱིམ་བདག་དེ་ནི་རྟག་པར་བུ་དེའི་ལེགས་པའི་དངོས་པོ་ཚོལ་བར་བྱེད། རྟག་པར་ལེགས་པའི་དངོས་པོ་སྦྱིན་པར་བྱེད། རྟག་པར་ཕན་པ་སྦྱིན་པར་བྱེད་ཀྱི། གནོད་པ་ཕན་པ་མ་ཡིན་པ་སྦྱིན་པར་མི་བྱེད་དོ། །དེ་བཞིན་མཽང་གལ་ང་ཡང་ཡུན་རིང་པོ་ནས་རྟག་པར་སེམས་ཅན་རྣམས་ལ་བུ་གཅིག་པ་བཞིན་དུ་ལྟ་བར་བྱེད་པས་ངས་ཡུན་རིང་པོ་ནས་རྟག་པར་སེམས་ཅན་རྣམས་ལ་ལེགས་པའི་དངོས་པོ་ཡོངས་སུ་བཙལ་ནས་ཕན་འདོགས་པར་བྱེད་ཀྱི། གནོད་པ་དད་པ་ན་མ་ཡིན་པ་སྦྱིན་པར་མི་བྱེད་དོ། །མཽང་གལ་ངས་ནི་ཡུན་རིང་པོ་ནས་ལམ་ནོར་བའི་བའི་སེམས་ཅན་རྣམས་དང་། ལམ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཡང་དག་པའི་ལམ་བསྟན་ནས་ཡང་དག་པའི་ལམ་ལ་ཡང་དག་པར་རབ་ཏུ་བཀོད་དོ། །མཽང་གལ་རྒྱུ་དང་རྐྱེན་དེས་ན་དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་སེམས་ཅན་རྣམས་ལ་ཤིན་དུ་དང་བའི་བསམ་པས་བུ་གཅིག་པ་བརྩེ་ཞིང་ཕངས་པ་ལ་ལྟ་བ་བཞིན་གཟིགས་པ་ཡིན་པར་རིག་པར་བྱའོ། །མཽང་གལ་སྔོན་འདས་པའི་དུས་ན་ཚོད་པ་ཕལ་པོ་ཆེ་ཞིག་མཚན་མོ་ལམ་དུ་ཞུགས་ཏེ་དོར་བ་ལས་ལམ་སྟོར་ནས་ལམ་གོལ་བར་ཞུགས་པ་དང་། མཚན་མོ་མུན་ནག་ཏུ་གྱུར་པའི་ཕྱིར་གར་འགྲོ་བ་མི་ཤེས་ནས་ཐམས་ཅད་ཀྱིས་འདི་སྐད་དུ་བདག་ཅག་ནི་ལམ་


DKG042_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྟོར་ཏེ། མགོན་བྱེད་པ་ཡང་མེད། སྐྱབས་བྱེད་པ་ཡང་མེད། གནས་བྱེད་པ་ཡང་མེད་ན། སེམས་ཅན་རྣམས་ལས་སུ་ཞིག་ལྷའམ། ཀླུའམ། གནོད་སྦྱིན་ནམ། མིའམ། མི་མ་ཡིན་པ་གང་ཞིག་གིས་བདག་ཅག་ལ་ལམ་བསྙན་ནས་ལམ་མ་ནོར་བ་ཐོབ་པར་འགྱུར་སུ་ཞིག་བདག་ཅག་ལ་སྙིང་བརྩེ་བས་ཕན་འདོགས་ཞིང་མཚན་མོ་མུན་ནག་ལམ་གལ་ཞིང་ཉམ་ང་བར་ཞུགས་པ་འདིར་སྣང་བ་སྦྱིན་པར་བྱེད་ཅེས་སྨྲས་སོ། །མཽང་གལ་དེའི་ཚེ་དགོན་པའི་གནས་ནགས་ཚལ་ཞིག་ན་མུ་སྟེགས་ཅན་གྱི་དྲང་སྲོང་ཞིག་རྩྭའི་སྤྱིལ་བུའི་ནང་ན་འདུག་པ་ལས། མཚན་མོ་མུན་པའི་ནང་ན་ཚོར་བ་མང་པོ་རྣམས་སྙིང་རྗེ་རྗེ་སྐད་དུ་ངུ་འབོད་པའི་སྒྲ་ཐོས་ནས་དེ་འདི་སྙམ་དུ་དེང་ཚོང་པ་མང་པོ་རྣམས་མཚན་མོ་མུན་ནག་ཏུ་གྱུར་པས་དགོན་པའི་གནས་ནགས་ཚལ་འདིར་ལམ་སྟོར་བར་གྱུར་ཏེ། གལ་ཏེ་བདག་གིས་སྐྱབས་མ་བྱས་ན་ཚུལ་ཡང་མ་ཡིན་ལ། ཚོང་པ་མང་པོ་རྣམས་ཀྱང་སྟག་གམ། སེང་གེའམ། སྤྱང་ཀིའམ། གླང་པོ་ཆེའམ། ཝ་འམ། གཅན་ཟན་མ་རུངས་པ་རྣམས་ཀྱིས་གཙེས་ཤིང་སྲོག་འཕྲོག་པར་འགྱུར་རོ་སྙམ་ནས། མཽང་གལ་དེའི་ཚེ་དྲང་སྲོང་དེས་སྒྲ་ཆེན་པོ་ཕྱུང་སྟེ་ཚོར་བ་རྣམས་ལ་སྨྲས་པ་དང་། ཀྱེ་ཚོད་པ་རྣམས་ཁྱེར་མ་འཇིགས་ཤིང་། དེང་བདག་གིས་ཁྱེད་ཀྱི་སྐྱབས་བྱ་ཞིང་སྣང་བས་ཁྱེར་ལ་ལམ་ཡང་དག་པར་བསྟན་པར་བྱའོ་ཞེས་དེའི་ཚེ་དྲང་སྲོང་དེས་ཚོང་པ་རྣམས་ཚིག་གིས་སྤྲོ་བ་བསྐྱེད་དེ། རས་ཀྱིས་ལག་པ་གཉིས་དཀྲིས་ནས་འབྲུ་མར་གྱིས་ཀུན་དུ་ཁྱབ་པར་བླུགས་ཏེ་མེ་སྤར་ནས་སྒྲོན་མ་བྱས་ཏེ་ཚོང་པ་རྣམས་ལ་ལམ་བསྟན་ཏོ། །མཽང་གལ་དེའི་ཚེ་ཚོང་པ་རྣམས་སོ་སོ་ནས་འདི་སྙམ་དུ་དྲང་སྲོང་འདི་ནི་ཤིན་དུ་ངོ་མཚར་ཆེ་བ་ཡིན་ཏེ། བདག་ཅག་གི་ཕྱིར་ལུས་དང་སྲོག་ལ་ཡང་ཕངས་པ་མེད་པར་གྱུར་ཏོ་སྙམ་མོ། །མཽང་གལ་དེའི་དྲང་སྲོང་དེས་ལབ་པ་བསྲེགས་པའི་སྣང་བས་ཚོང་པ་རྣམས་ལ་ལམ་བསྟན་ནས་ཀྱང་སེམས་ཅན་ལ་སྙིང་རྗེ་ཆེར་སྐྱེས་པར་གྱུར་ནས་འདི་སྙམ་དུ་ནམ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ལམ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་སྣང་བ་བྱས་ནས་ཡང་དག་པའི་ལམ་སྟོན་པར་གྱུར་ཅིག་སྙམ་མོ། །མཽང་གལ་དེའི་


DKG042_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དིའི་དུས་ན་ལག་པ་གཉིས་བསྲེགས་པར་གྱུར་ཀྱང་ལུས་དང་སེམས་ལ་འགྱུར་བ་ཅུང་ཟད་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷག་པའི་བསམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དོན་ཡོངས་སུ་གཉེར་བ་ན་ལུས་དང་སྲོག་ལ་ཡང་མངོན་པར་ཞེན་པ་མེད་པས་སོ། །བསམ་པ་རྣམ་པར་དག་པས་སྦྱིན་པ་ཡོངས་སུ་བཏང་བའི་རྒྱུ་དང་རྐྱེན་གྱིས་དེའི་ལག་པ་ཡང་སྔ་མཁོ་བཞིན་དུ་གྱུར་ཅིང་རྨ་ཡང་མེད་པར་གྱུར་ཏོ། །ཚོང་དཔོན་རྣམས་ཀྱང་ལམ་རྙེད་པར་གྱུར་ཏེ་ནམ་ལངས་ནས་དྲང་སྲོང་གི་ལག་པ་གཉིས་ལ་རྨ་ཡང་མེད་པར་མཐོང་བ་དང་། ངོ་མཚར་གྱི་བསམ་པ་བསྐྱེད་ནས་འདི་སྙམ་དུ་དྲང་སྲོང་འདི་ནི་རྫུ་འཕྲུལ་གྱི་མཐུ་ཆེན་པོ་དང་ལྡན་པས་མཚན་ཐོག་ཐག་ལག་པ་གཉིས་སྤང་ནས་བདག་ཅག་གི་སྣང་བ་བྱས་ཏེ་ལམ་ཡང་དག་པར་བསྟན་ཀྱང་འདིའི་ལག་པ་ལ་ཚིག་པ་ཅུང་ཟད་ཀྱང་མེད་པས་གདོན་མི་ཟ་བར་འདི་ནི་སྤྱོད་པ་ཆེན་པོ་བྲུབ་ཅིང་ཡོན་ཏན་ཆེན་པོ་དང་ལྡན་པ་ཡིན་ནོ་སྙམ་ནས་མཽང་གལ་དེའི་ཚེ་ཚོང་པ་རྣམས་ཀྱིས་དྲང་སྲོང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཁྱོད་ཀྱིས་མཆོག་ཏུ་དཀའ་བའི་དཀའ་བ་སྤྱད་པར་གྱུར་བ་ནི་ཤིན་དུ་ལེགས་སོ། །དེང་སྤྱོད་པ་འདིས་དངོས་པོ་གང་ཞིག་ཐོབ་པར་སྨོན་ལགས། །དྲང་སྲོང་གིས་སྨྲས་པ། ཀྱེ་ཚོང་པ་རྣམས་བདག་ནི་དངོས་པོ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནས་ཁྱེད་ལ་སོགས་པ་འཁོར་བའི་སྡུག་བསྔལ་ལས་བཟླས་ཏེ། ལམ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཡང་དག་པའི་ལམ་བསྟན་པར་སྨོན་ཏོ། །དེའི་ཚེ་ཚོང་པ་རྣམས་སེམས་རབ་ཏུ་དགའ་བར་གྱུར་ནས་ཐམས་ཅད་ཀྱིས་འདི་སྐད་དུ་བདག་ཅག་གིས་དངོས་པོ་ཇི་ལྟ་བུ་ཞིག་གིས་དྲང་སྲོང་འདི་ལ་ལན་གླན་པར་བྱ་ཞེས་སྨྲས་པ་དང་། དྲང་སྲོང་གིས་སྨྲས་པ། ཁྱེད་རྣམས་རྩེ་གཅིག་ཏུ་དགེ་བའི་ཆོས་སྤྱོད་ལ་བག་མེད་པར་མ་བྱེད་ཅིག །ཚོར་བ་རྣམས་ཀྱིས་ཇི་སྐད་བསྟན་པ་བཞིན་དུ་འཚལ་ལོ་ཞས་སྨྲས་ནས་ཚོང་པ་རྣམས་རབ་ཏུ་དགའ་ཞིང་གུས་པས་ཕྱག་བྱས་ཏེ་དེ་ནས་གྱེས་པར་གྱུར་ཏོ། །མཽང་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་མུ་སྟེགས་ཅན་གྱི་དྲང་སྲོང་ཚོང་པ་


DKG042_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཆེད་དུ་ལག་པ་སྤར་ནས་ལམ་སྣང་བར་བྱས་པ་དེ་གཞན་ཞིང་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ་དེ་ནི་དེ་ཉིད་ཡིན་ནོ། །དེའི་ཚེའི་དུས་ཀྱི་ཚོང་པ་རྣམས་ནི་ད་ལྟ་གྱི་དགེ་སློང་སྟོང་ཉིད་བརྒྱ་ལྔ་བཅུ་པོ་འདི་དག་ཉིད་ཡིན་ནོ། །མཽང་གལ་དེ་བཞི་གཤེགས་པ་ཡིན་ཡུན་རིང་པོ་ནས་་འཇིགས་ཤིང་སྦག་པར་གྱུར་བའི་སེམས་ཅན་རྣམས་ལ་མི་འཇིགས་པ་བྱིན་པ་དང་། ལམ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཡང་དག་པའི་ལམ་བསྟན་པ་དང་། མིག་མེད་པའི་སེམས་ཅན་དག་ཡོངས་སུ་དག་པའི་མིག་ཐོབ་པར་བྱས་པ་དང་ནད་ཚབས་ཆེ་བའི་སེམས་ཅན་རྣམས་གསོས་ནས་སོས་པར་བྱས་པའི་རྒྱུ་དང་རྐྱེན་དེས་དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་རབ་ཏུ་མང་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་མཽང་གལ་སྔོན་བྱུང་བ་འདས་པའི་དུས་ཀྱི་ཚེ་འཛམ་བུའི་གླིང་འདིར་ནད་ཀྱི་བསྐལ་པ་ཆེན་པོ་བྱུང་བས་སེམས་ཅན་རྣམས་ནད་ཀྱིས་ཉོན་མོངས་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་གི་རྒྱལ་པོ་དབང་ཕྱུག་གི་སྡེ་ཞེས་བྱ་བ་གྲོང་ཁྱེར་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་ཅིང་མཐུ་ཆེན་པོ་དང་ལྡན་པ་ཞིག་བྱུང་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོའི་བཅུན་མོ་དམ་པ་སེམས་ཅན་དང་ལྡན་པར་གྱུར་ཏོ། དེའི་ལུས་ཀྱི་ཡན་ལག་གམ། ལག་པས་སེམས་ཅན་རྣམས་ལ་རེག་པ་ཙམ་གྱིས་ནད་ཐམས་ཅད་སོས་པར་གྱུར་ཏོ། །ཟླ་བ་ཚད་ནས་བུ་ཁྱེའུ་ཞེས་བཙས་པ་དང་། བཙས་མ་ཐག་ཏུ་འདི་སྐད་དུ་བདག་ནི་ནད་པ་རྣམས་གསོ་བར་ནུས་སོ་ཞེས་སྨྲས་སོ། །གཞན་ཡང་བཙས་པའི་ཚེ་འཛམ་བུའི་གླིང་གི་ལྷ་ཀླུ་རྣམས་ཀྱིས་འཐུན་པར་འདི་སྐད་དུ་དང་རྒྱལ་པོའི་བུ་བཙས་པ་འདི་ནི་མིའི་སྨན་ཡིན་ནོ་ཞེས་སྨྲས་པས། དེ་སྐད་སྨྲས་པའི་སྒྲ་དེ་ཀུན་དུ་གྲགས་པའི་ཕྱིར་མིང་ཡང་མིའི་སྨན་ཞེས་བཏགས་སོ། །དེའི་ཚེ་མི་རྣམས་ཀྱང་གང་ནད་ཀྱིས་བཏབ་པ་རྣམས་ཁྲིད་ནས་རྒྱལ་བུ་དེ་ལ་བསྟན་པ་དང་། ནད་པ་གང་རྒྱལ་བུའི་དྲུང་དུ་ཕྱིན་པ་དེ་དག་རྒྱལ་བུའི་ལག་པས་རེག་པར་གྱུར་ཏམ། ལུས་ཀྱིས་རེག་པར་གྱུར་ཀྱང་རུང་སྟེ། ཐམས་ཅད་ནད་སོས་ནས་བདེ་བ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་འཛམ་བུའི་གླིང་ནས་གནས་པ་ཀུན་གྱིས་


DKG042_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པ་ཁྲིད་ནས་རྒྱལ་བུ་དེ་ལ་བསྟན་པ་དང་། རྒྱལ་བུའི་ལག་པས་རེག་པ་ཙམ་གྱིས་ནད་ཐམས་ཅད་སོ་སོ་ནས་མཆོག་ཏུ་བདེ་བ་ཐོབ་པར་གྱུར་ཏོ། །མཽང་གལ་རྒྱལ་བུ་མིའི་སྨན་གྱིས་ལོ་སྟོང་གི་བར་དུ་དེ་ལྟར་ནང་གསོས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་སོ། །འཆི་བའི་དུས་བྱས་པའི་འོག་ཏུ་ནད་པ་རྣམས་དེར་འོངས་ནས་འཆི་བའི་དུས་བྱས་པ་ཐོབ་པ་དང་། མྱ་ངན་དང་། སྨྲེ་སྔགས་བཏོན་ཏེ་དུས་ནས་སུ་ཞིག་བདག་ཅག་ན་བའི་སྡུག་བསྔལ་ལས་ཐར་པར་བྱེད་ཅེས་སྨྲས་སོ། །ནད་ཀྱིས་བཏབ་པ་རྣམས་རྒྱལ་བུ་མིའི་སྨན་གང་དུ་བསྲེགས་པ་སྨྲས་ནས་གང་དུ་བསྲེགས་པ་ཤེས་པར་གྱུར་པ་དང་། བསྲེགས་པའི་གནས་དེ་རེ་རུས་པ་བླངས་ཏེ། ཕྱེ་མར་བཏགས་ནས་ལུས་ལ་བསྐུས་པ་དང་། ཐམས་ཅད་ནད་སོས་པར་གྱུར་ནས་ཇི་སྐད་དུ་རྒྱལ་བུ་མིའི་སྨན་ད་དུང་ཡང་ན་བ་རྣམས་གསོ་བར་ནུས་སོ་ཞེས་སྨྲས་སོ། །མཽང་གལ་ཏེ་ལྟར་ནད་པ་རྣམས་གསོས་པའི་རྒྱུ་དང་རྐྱེན་གྱིས་རུས་པ་རྣམས་ཀྱང་མཐར་གྱིས་ཟད་པར་གྱུར་ཏོ། །དུས་པ་རྣམས་ཟད་པའི་འོག་ཏུ་བསྲེགས་པའི་གནས་དེར་སོང་ནས་ས་དང་། ཐལ་བ་དང་། སོལ་བ་རྣམས་བླངས་ཏེ་སོ་སོ་ནས་ལུས་ལ་བསྐུས་པ་དང་། ནད་ཐམས་ཅད་སོས་པར་གྱུར་ཏེ། མཽང་གལ་དེ་ལྟར་རྒྱལ་བུ་མིའི་སྨན་གྱིས་ནད་ཀྱི་བསྐལ་པ་ཆེན་པོ་བྱུང་བ་ན་ཐབས་མཁས་པས་ནད་ཀྱི་བཏབ་པ་རྣམས་གསོས་པ་ཡིན་ནོ། །མཽང་གལ་ཁྱོད་ཀྱིས་དེའི་ཚེ་དིའི་དུས་ན་རྒྱལ་བུ་མིའི་སྨན་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་བསྙམ་དུ་སེམས་ན་དེ་དེ་ལྟར་མི་བལྟ་སྟེ། དེ་ནི་དེ་ཉིད་ཡིན་ཏེ། ངས་ནད་ཀྱི་སྡུག་བསྔལ་མང་བའི་སེམས་ཅན་མགོན་མེད་པ། སྐྱབས་མེད་པ་དག་གི་ནད་གསོས་སོ། །ངས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཤེས་རབ་ཆེན་པོའི་སྨན་གྱི་སེམས་ཅན་རྣམས་གསོས་ནས་སྡུག་བསྔལ་མཐར་ཟད་པ་བྱས་སོ། །མཽང་གལ་ང་ནི་སེམས་ཅན་གྱི་ཆེད་དུ་ལུས་གང་བླངས་པས་ཕན་འདོགས་པར་གྱུར་པ་དེ་དང་དུ་ལེན་ཅིང་ཕན་འདོགས་པར་བྱེད་པས་མཽང་གལ་རྒྱུ་དང་རྐྱེན་དེས་ན་ཆེད་དུ་སེམས་ཅན་གྱི་ཕྱིར་ལུས་བླངས་


DKG042_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕན་འདོགས་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་མཽང་གལ་སྔོན་བྱུང་བ་འདས་པའི་དུས་ཀྱི་ཚོད་གཅིག་པུ་གྲོགས་མེད་པར་སོང་བ་ལས་གཅན་ཟན་མ་རུངས་པ་ཞིག་འདོངས་ཏེ་དེའི་སྲོག་བཅད་ནས་དེའི་ཤ་བཟའ་བར་འདོད་པ་ལས་ང་འཆི་ཀའི་དུས་ཀྱི་ཚེ་སེམས་བསྐྱེད་ནས་འདི་སྐད་དུ་བདག་འཆི་བའི་དུས་བྱས་པའི་འོག་ཏུ་ནགས་ཚལ་འདིར་དུད་འགྲོ་ལུས་པོ་ཆེ་ཞིག་ཏུ་སྐྱེས་ནས་གཅན་གཟན་མ་རུངས་པ་གང་གིས་སྲོག་བཅད་པ་དེ་དག་འདྲངས་ཤིང་ཚིམ་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དེ་ཅིའི་ཕྱིར་ཞེ་ན། གཅན་ཟན་མ་རུངས་པ་དེ་དག་ནི་རྟག་པར་སྲོག་ཆགས་ཕྲ་མོ་གསོད་ཅིང་ཤ་ཟ་བར་བྱས་པས་སྲོག་བཅད་པའི་ཁ་ན་མ་ཐོ་བ་མང་དུ་བསྐྱེད་ཀྱང་འདངས་ཤིང་ཚིམ་པར་མི་འགྱུར་བས་ངས་འདི་སྐད་དུ་བདག་འདིར་དུད་འགྲོ་ལུས་པོ་ཆེར་སྐྱེས་ནས་ཤ་ཟ་ཞིང་ཁྲག་འཐུང་བའི་སེམས་ཅན་རྣམས་འདྲངས་ཤིང་ཚིམ་བར་བྱེད་པར་གྱུར་ཅིག་ཅེས་སྨོན་ལབ་བཏབ་པས་ན འཆི་བའི་དུས་བྱས་མ་ཐག་ཏུ་དུད་འགྲོ་ལུས་པོ་ཆེར་རྫུས་ཏེ་སྐྱེས་ནས་གཅན་ཟན་མ་རུངས་པ་ཤ་ཟ་ཞིང་ཁྲག་འཐུང་བ་རྣམས་འདྲངས་ཤིང་ཚིམ་པར་བྱས་པ་ཡིན་ནོ། །དེ་བཞིན་དུ་ཚོར་བས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་དུ་ལུས་བླངས་ནས་སེམས་ཅན་རྣམས་ལ་ཕན་པ་བྱས་ཏེ། མཽང་གལ་ངས་གལ་ཏེ་བསྐལ་པ་གཅིག་གམ། བསྐལ་པ་ལས་ལྷག་པར་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་བཀྲེས་ཤིང་སྐོམ་པ་རྣམས་ལ་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་པ་དག་བརྗོད་ན་ཡང་མཐར་ཐུག་པར་མི་འགྱུར་རོ། །མཽང་གལ་དེ་ལྟར་ན་ངས་སྔོན་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་སེམས་རབ་ཏུ་བསྐྱེད་པ་ཡིན་ནོ། །གཞན་ཡང་མཽང་གལ་ངས་མངོན་པར་དྲན་ཏེ། སྔོན་བྱུང་བ་འདས་པའི་དུས་ཀྱི་ཚེ་ངས་སེམས་ཅན་སྡུག་བསྔལ་གྱིས་ཉོན་མོངས་པ་མཐོང་བ་དང་། འདི་སྙམ་དུ་བདག་གིས་སྤངས་ཏེ་ཡོངས་སུ་མི་བསྐྱབ་པའི་མི་རིགས་སོ་སྙམ་དུ་བསམས་ནས་དེ་དག་གི་ཐད་དུ་སོང་ནས་འདི་སྐད་དུ་ཀྱེ་ཁྱེད་ལ་སྡུག་བསྔལ་ཇི་ལྟ་བུ་ཞིག་ཡོད། ཅི་ཞིག་


DKG042_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཅེས་དྲིས་པ་དང་། དེ་དག་གིས་སྨྲས་པ། དེང་བདག་ཅག་ནི་ཤིན་དུ་བཀྲེས་ཤིང་སྒོམ་མོ། །ངས་དེ་སྐད་སྨྲས་པ་ཐོས་ནས་འདི་སྐད་ཅེས་སྨྲས་སོ། །ཁྱེད་བཟའ་བ་དང་བཏུང་བ་ཇི་ལྟ་བུ་ཞིག་འདོད། དེ་དག་གིས་ང་ལ་བདག་ཅག་ནི་ཁྲག་འཐུང་ཞིང་ཤ་ཟ་བ་ཡིན་པས་གལ་ཏེ་ལུས་ཀྱི་ཤ་དང་ཁྲག་བདག་ཅག་ལ་བྱིན་ན་ནི་བདག་ཅག་གདོང་བདེ་ཞིང་ནད་མེད་པར་འགྱུར་རོ་ཞེས་སྨྲས་པ་དང་། ངས་དེ་དག་ལ་དེ་བཞིན་དུ་གནང་ནས་རང་ཉིད་ཀྱི་ཤ་བཅད་ཁྲག་ཕྱུང་ནས་སེམས་ཅན་དེ་དག་ལ་བྱིན་ཡང་། མཽང་གལ་དེའི་ཚེ་དེའི་ངའི་སེམས་འགྱོད་ཅིང་ཕངས་པ་ཡང་མེད། མྱ་ངན་ཡང་མེད། བྱེད་པ་ཡང་མེད་ཀྱི། འདི་སྙམ་དུ་དེང་བདག་གིས་ལུས་ཀྱི་ཤ་ཛི་ཙམ་བཅད་པ་དེ་ཙམ་དུ་འཁོར་བའི་སྡུག་བསྔལ་གྱི་ཕྱོགས་ཀྱང་དེ་ཙམ་ཞིང་འགག་པར་འགྱུར་རོ་སྙམ་དུ་བསམས་ནས་ངས་ཡུན་རིང་པོར་རྟག་པར་དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་བ་ལ་མོས་པར་གྱུར་ཏོ། །དེ་ལྟར་སྦྱིན་པ་བཏང་ཡང་རབ་ཏུ་དགའ་ལ་ཞིང་བདེ་བ་ཐོབ་པར་གྱུར་པ་ཡིན་ཏེ། རྒྱུ་དང་རྐྱེན་དེས་ན་དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་རབ་ཏུ་མང་པོ་ཡིན་པར་རིག་པར་བྱའོ། །གཞན་ཡང་མཽང་གལ་ངས་མངོན་པར་དྲན་ཏེ། སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་སྟོབས་པ་ཆེ་ཞེས་བྱ་བ་ཡོན་ཏན་གྱི་མཐུ་ཆེན་པོ་དང་ལྡན་པ་དགེ་བའི་རྩ་བ་རབ་ཏུ་བསགས་པ་ཞིག་བྱུང་ངོ་། །དེའི་ཚེ་རྒྱལ་པོ་སྟོབས་པོ་ཆེ་འདི་སྙམ་དུ་དེང་བདག་གིས་ཅིའི་ཕྱིར་མཆོད་སྦྱིན་ཆེན་པོ་བཤམས་ནས་སེམས་ཅན་རྣམས་ཚིམ་པར་མི་བྱེད་སྙམ་མོ། །དེ་སྙམ་དུ་བསམས་ནས་མཆོད་སྦྱིན་ཆེན་པོ་བཤམས་ནས་བཟའ་བའི་འདོད་པ་ལ་བཟའ་བ། བཏུང་བ་འདོད་པ་ལ་བཏུང་བ། གོས་དང་། མལ་ཆ་དང་། གསེར་དང་། དངུལ་དང་། རིན་པ་ཆེའི་དངོས་པོ་དང་། ཤིང་རྟ་དང་། གཞོན་པ་དང་། ནོར་དང་། སྤུག་དང་། རྡོའི་སྙིང་པོ་དང་། ཤེལ་དང་། བཻ་དཱུ་ཪྻ་དང་། བྱི་རུ་དང་། མན་ཤེལ་ལ་སོགས་པའི་རིན་པོ་ཆེ་དང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། སྤོས་ཀྱི་ཕྱེ་མ་དང་། དར་གྱི་ལྡ་ལྡི་དང་། གདུགས་དང་། རྒྱལ་མཚན་དང་། བུ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་།


DKG042_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་པ་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་དང་། ལུག་དང་། ཞིང་གི་དངོས་པོ་འདོད་པ་དག་ལ་ཡང་ཇི་ལྟར་འདོད་པ་བཞིན་དུ་དགའ་མགུར་སྦྱར་ནས་ཐམས་ཅད་ཡོངས་སུ་བཏང་ངོ་། །མཽང་གལ་རྒྱལ་པོ་སྟོབས་པོ་ཆེས་དེ་ལྟར་སྦྱིན་པ་རྒྱ་ཆེར་བཏང་བ་དང་། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོ་འདི་སྙམ་དུ་བདག་གིས་ཅིའི་ཕྱིར་རྒྱལ་པོ་འདི་ལ་བར་ཆད་བྱས་ཏེ་འབྲས་བུ་མི་ཐོབ་པར་བྱ་སྙམ་དུ་བསམས་ནས་དེ་ནས་བྲམ་ཟེ་ཞིག་ཏུ་སྦྲུལ་ཏེ། རྒྱལ་པོ་དེ་ག་ལ་བ་དེར་སོང་ནས་རྒྱལ་པོ་ལ་འདི་སྐད་ཅེས་དྲིས་སོ། །ཀྱེ་མཆོད་སྦྱིན་ཆེན་པོའི་འདུལ་བ་འདིར་དངོས་པོ་ཇི་ལྟ་བུ་ཞིག་ཡོངས་སུ་གཏོང་། རྒྱལ་པོས་སྨྲས་པ། བྲམ་ཟེ་བདག་ལ་ནོར་ཅི་བདོག་པ་ཐམས་ཅད་ཡོངས་སུ་བཏང་བས་ཕངས་པ་ཅི་ཡང་མེད་དོ། །བྲམ་ཟེས་སྨྲས་པ། ཁྱོད་ཀྱི་ཡི་དམ་དེ་ལྟ་བུ་ཡིན་ན་དེང་བདག་གིས་སློང་བ་གང་ཡིན་པ་དེ་སྦྱིན་པར་ནུས་སམ། རྒྱལ་པོ་སྟོབས་པོ་ཆེས་སྨྲས་པ། བདག་གིས་ཅི་བདོག་པ་ཐམས་ཅད་ཟད་པར་གཏང་ངོ་ཞེས་མ་སྨྲས་སམ། བྲམ་ཟེས་སྨྲས་པ། རྒྱལ་པོ་ཆེན་པོ་གལ་ཏེ་དེ་ལྟ་ན་དེང་བདག་ནི་རྒྱལ་པོའི་ལུས་ཀྱི་ཡན་ལག་འདོང་ངོ་། །རྒྱལ་པོས་བསམས་པ། བྲམ་ཟེ་འདི་ནི་ནོར་ཟས་འདོད་པ་མ་ཡིན་གྱི །དེང་འདིར་འོངས་ནས་བདག་གི་མཆོད་སྦྱིན་ཆེན་པོ་གཞིག་པར་འདོད་པ་ཡིན་ཏེ། བདག་གིས་གལ་ཏེ་ལུས་ཀྱི་ཡན་ལག་མ་བྱིན་ན་ནི་བདག་ཉིད་ཀྱིས་རང་གི་མཆོད་སྦྱིན་ཆེན་པོ་བཤིག་པར་འགྱུར་རོ་སྙམ་དུ་བསམས་ནས་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ལ་ལུས་ཀྱི་ཡན་ལག་སྦྱིན་གྱིས་ཚོད་ལ་ཁྱེར་ཅིག །བྲམ་ཟེས་སྨྲས་པ། ཀྱེ་རྒྱལ་པོ་ཆེན་པོ་དེར་དེ་སྐད་སྨྲས་པ་འདི་ལ་འགྱོད་པར་གྱུར་པ་ལྟ་མང་ངམ། རྒྱལ་པོ་སྟོབས་པོ་ཆེས་སྨྲས་པ། བདག་གི་སེམས་ལ་འགྱོད་པ་མེད་དེ། དེང་སློབ་པ་མང་པོ་ཕྱོགས་བཞི་ནས་འདུས་ཏེ་འོངས་ནས་ཡང་བདག་གིས་ཐམས་ཅད་ཚིམ་པར་བྱའོ་སྙམ་མོ། །བྲམ་ཟེས་སྨྲས་པ། དེང་བདག་གཅིག་པུ་ཚིམ་པར་བྱ་བ་ཡང་དཀའ་ན་གཞན་མང་པོ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་རྒྱལ་པོ་སྟོབས་པོ་ཆེས་མཚོན་རྣོན་པོས་རང་གི་ལག་པ་བཅད་ནས་བྲམ་ཟེ་ལ་ཁྱོད་ཀྱིས་ལག་པ་འདི་


DKG042_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཁྱེར་ཅིག་སྨྲས་སོ། །མཽང་གལ་རྒྱལ་པོ་སྟོབས་པོ་ཆེས་རང་གི་ལག་པ་བཅད་པའི་ཚེ་སེམས་ལ་གྱུར་ཞིང་འགྱོད་པ་མེད་པར་གྱུར་ཏེ། དེ་ལྟར་སེམས་རྩེ་གཅིག་ཏུ་སྦྱིན་པ་ཡོངས་སུ་བཏང་བའི་ཕྱིར་དང་། ཐམས་ཅད་ཡོངས་སུ་བཏང་བའི་ཕྱིར་ལག་པ་ཡང་སྔ་མཁོ་བཞིན་དུ་གྱུར་ཏོ། །དེའི་ཚེ་རྒྱལ་པོ་སྟོབས་པ་ཆེས་མཚོན་གྱིས་ལུས་ཀྱི་ཡན་ལག་བཅད་ནས་བྲམ་ཟེ་ལ་སྦྱིན་ཡང་སླར་སྐྱེས་པར་གྱུར་ཏོ། །མཽང་གལ་དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོ་ཡང་རྒྱུ་དང་རྐྱེན་དེས་ན་ལྷའི་བསོད་ནམས་ཟད་ནས་སེམས་ཡོངས་སུ་གདུང་ཞིང་སྡུག་བསྔལ་བས་འོ་དོད་ཆེན་པོ་བོས་ཏེ་ལུས་དེ་ཉིད་ཀྱིས་མངོན་དུ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་བར་གྱུར་ཏོ། །མཽང་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྟོབས་པོ་ཆེས་ལུས་ཡོངས་སུ་བཏང་བ་དེ་གཞན་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་དེ་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་བརྒྱ་བྱིན་ལྷའི་དབང་པོ་མཆོད་སྦྱིན་ཆེན་པོའི་བར་ཆད་བྱ་བར་འདོད་པ་དེ་གཞན་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ལྷས་བྱིན་འདི་ཉིད་ཡིན་ནོ། །མཽང་གལ་དེའི་ཚེ་ཡང་ལྷས་བྱིན་བླུན་པོས་ཕྲག་དོག་དང་ཞེ་སྡང་གི་བསམ་པས་ངའི་སྦྱིན་པའི་བར་ཆད་བྱ་བར་འདོད་པ་ལས་གཞིག་པར་མ་ནུས་ཏེ། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་གྱུར་ཏོ། །ངས་དེང་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་མཆོད་སྦྱིན་བཤམས་ན་ཡང་ལྷས་བྱིན་བླུན་པོ་ད་དུང་ཞེ་སྡང་དང་ཕྲག་དོག་གི་བསམ་པས་རྙེད་པ་ལ་མངོན་པར་ཞེན་པའི་ཕྱིར་འཁོར་མང་པོ་ཁ་བསྡུས་ནས་ངལ་གསོད་པར་འདོད་ཡིན་ནོ། །ང་སྔོན་བྱ་རྒོད་ཕུང་པོའི་རིའི་ཤོར་དུ་འཆག་པ་ལས་ལྷས་བྱིན་བདག་ཉིད་རིའི་སྟེང་དུ་འཛེགས་ནས་འཁྲུལ་འཁོར་གྱིས་རོ་འཕངས་ཏེ། བདག་ཉིད་ཀྱི་དགེ་བའི་རྩ་བ་བཤིག་ནས་ང་ལ་ངན་སེམས་བསྐྱེད་པས་བདག་ཉིད་ཀྱི་རྙེད་པ་དང་འབྱོར་བའི་མཐུ་ཉམས་པར་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་བ་ཡིན་ནོ། །མཽང་གལ་ངས་ནི་ལྷས་བྱིན་བླུན་པོ་ལ་ལུས་དང་། ངག་དང་། ཡིད་ཀྱིས་ཉེས་པ་བྱས་པ་མེད་ཀྱང་ཡུན་


DKG042_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པོ་ནས་ང་ལ་དགྲར་འདུ་ཤེས་སོ། །ཚེ་རབས་ཐམས་ཅད་དུ་ངས་དགེ་བའི་ཆོས་མངོན་པར་སྒྲུབ་པའི་བར་ཆད་བྱ་བར་བརྩམས་ཀྱང་ངའི་དགེ་བ་སྤྱོད་པའི་བར་ཆད་བྱ་བར་མ་ནུས་སོ། །ངས་ནི་ཡུན་རིང་པོ་ནས་རྟག་པར་བྱམས་པ་དང་། སྙིང་རྗེས་ཕན་བཏགས་ཀྱིས་ང་ལ་ཉེས་པའི་འདུ་ཤེས་སྐྱེད་པ་མེད་དོ། །མཽང་གལ་ལྷས་བྱིན་ནི་ཚེ་རབས་ཐམས་ཅད་དུ་ངས་བྱས་པའི་དྲིན་མི་གཟོ་བས་ངས་དེང་ལྷས་བྱིན་དང་འདྲ་བར་དག་ཀྱང་ལྷ་དང་མི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ན་དྲིན་མི་ཤེས་པར་བསྟེན་ཏེ། དེ་ལྟ་བུའི་སྐྱེ་བོ་དེ་དག་ནི་ལོག་པ་ཉིད་དུ་ངེས་པའི་གནས་སུ་ཞུགས་པ་ཡིན་ནོ། །མཽང་གལ་ལྷས་བྱིན་གྱིས་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་མནར་མེད་པར་འཇུག་པའི་ཆེད་གདོང་ངལ་ལྷག་པའི་བསམ་པ་བཟང་པོ་སྐྱེ་བར་འགྱུར་ཏེ། འདི་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱི་མཐུ་ཡིན་ནོ། །ལྷས་བྱིན་བྱས་པའི་དྲིན་མི་ཤེས་པའི་མཆོག་ཏུ་གྱུར་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་འཇུག་པའི་ཚེ་སྒྲ་ཆེན་པོ་འདི་སྐད་དུ་ལྷས་བྱིན་བླུན་པོ་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་ཞེ་སྡང་གི་སེམས་བསྐྱེད་པ་དང་། གསད་པར་བྱ་བ་མ་ཡིན་པ་ལ་ནན་གྱིས་གསོད་སེམས་བསྐྱེད་པའི་ཁ་ན་མ་ཐོ་བའི་རྒྱུ་དང་རྐྱེན་གྱིས་དེང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་བར་ལྷུང་བ་ཡིན་ནོ་ཞེས་བསྒོ་བ་ཐོབ་པས་ཤིན་དུ་སྐྲག་ནས་གདོང་དུལ་བར་གྱུར་ཏེ། འདི་སྐད་དུ་དེང་བདག་ཤ་དང་རུས་པས་གཏུགས་ཏེ་སེམས་རྩེ་གཅིག་ཏུ་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ་ཞེས་སྨྲས་པས་སེམས་ཅན་བདེ་བ་ཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ལ་མངོན་པར་ཡིད་ཆེས་པ་བསྐྱེད་ནས་སྒྲ་ཆེན་པོ་ཕྱུང་སྟེ། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ཞུགས་པའི་རྒྱུ་དང་རྐྱེན་དེས་ན་ཕྱིས་སེམས་ཅན་དམྱལ་བ་ལས་ཐར་ནས་མིར་སྐྱེས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ལམ་ཡང་དག་པར་བསྒོམས་པས་རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར་ཏེ་མིང་ཡང་རུས་པ་ཅན་ཞེས་བྱ་བར་འགྱུར་རོ། །མཽང་གལ་ངས་དེང་ལྷས་བྱིན་ལ་རང་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པ་ཉིད་ཀྱིས་འཁོར་བའི་སྡུག་བསྔལ་ལ་ཡོངས་སུ་བཟླས་པ་ཡིན་ནོ། །མཽང་གལ་ངས་ལྷས་བྱིན་


DKG042_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བཟླས་པ་ནི་དེའི་སྔོན་གྱི་སྨོན་ལམ་ཇི་ལྟ་བ་བཞིན་དུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ངས་ཚེ་རབས་སྔ་མ་ལ་ལྷས་བྱིན་ཡོངས་སུ་བཟླ་བར་དམ་བཅས་པས་ངས་ཁྱོད་ཡོངས་སུ་བཟླ་བར་བྱའི་གཞན་གྱིས་བཟླ་བར་བྱ་བ་མེད་དོ་ཞེས་སྨྲས་པས་སོ། །མཽང་གལ་ལྷས་བྱིན་ནི་འབའ་ཞིག་ལས་མྱ་ངན་ལས་འདས་པའི་རྒྱུ་དང་རྐྱེན་བསྐྱེད་པ་ཡིན་གྱི །གཞན་ལས་བསྐྱེད་པ་མ་ཡིན་པས་ལྷས་བྱིན་ནི་དེང་ཕྱིན་ཆད་ཀྱང་གཞན་ལས་དགེ་བའི་རྩ་བ་བསྐྱེད་པར་མི་བྱེད་ཀྱི། དེ་འབའ་ཞིག་ལ་ཡོངས་སུ་དང་བའི་སེམས་སྐྱེད་པར་བྱེད་དོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ་ཟེས་སྨྲས་པའི་དགེ་བའི་རྩ་བའི་རྒྱུ་དང་རྐྱེན་གྱིས་ན་ཕྱིས་ཀྱང་རང་སངས་རྒྱས་ཀྱི་ལམ་འཐོབ་པར་འགྱུར་བ་ཡིན་ནོ། །མཽང་གལ་ཡུན་རིང་པོ་ནས་རྟག་པར་སེམས་ཅན་རྣམས་ལ་ཕ་མ་ལྟ་བུའི་འདུ་ཤེས་ཀྱིས་གང་མགོན་མེད་ཅིང་སྐྱབས་མེད་པ། རྒུད་ཅིང་ནོར་དང་མི་ལྡན་ལ། འཁོར་བར་ཡང་དང་ཡང་ཁ་བརྒྱུད་ཅིང་ལམ་ངན་པར་ཞུགས་པ། གླེན་ཞིང་གཏི་མུག་པས་ཤེས་པ་མེད་པ། རྟག་པར་དམུས་ལོང་དུ་གྱུར་ཅིང་མིག་དང་མི་ལྡན་པ་དག་སུ་ཞིག་བདག་ཅག་གི་འདྲེན་པར་འགྱུར། སུ་ཞིག་མགོན་དང་སྐྱབས་བྱེད་པར་འགྱུར་སྙམ་དུ་སེམས་པ་དག་ལ་ང་གཅིག་པུས་སྙིང་བརྩེ་བས་མགོན་དང་སྐྱབས་བྱ་བར་དམ་བཅས་པས་ན། མཽང་གལ་ངས་དེ་རྗེས་སུ་དྲན་པའི་ཕྱིར་སེམས་ཅན་གང་ལ་ལ་ཞིག་ངག་རྩུབ་པོས་ང་ལ་མི་སྙན་པ་རྗོད་ཀྱང་ངས་སླར་ལན་མི་བྱེད་དོ། །ཚིག་ན་བསལ་བ་སྤྱོས་ཀྱང་ངས་སླར་ལན་མི་བྱེད་དོ། །ཁྲོས་སམ་བརྡེགས་ཀྱང་རུང་སྟེ། ནམ་ཡང་ལ་ནི་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ང་ནི་རྟག་པར་སེམས་ཅན། ཐམས་ཅད་ངེས་པའི་བདེ་བ་སྦྱིན་ཞིང་སྡུག་བསྔལ་གྱི་བདེ་བ་ཐམས་ཅད་ཡོངས་སུ་བསལ་པར་བྱ་བའི་རིགས་ཀྱི། ངས་འདི་དག་ལ་གནོད་པ་རྣམས་སྦྱིན་པ་མི་རིགས་པས་སོ། །སེམས་ཅན་རྣམས་ལས་སུ་ཞིག་བཟོད་པར་ནུས་པ་ཡིན་ཞེ་ན། དེ་ནི་གཅིག་པུ་ཁོ་ནས་བཟོད་པར་ནུས་པ་ཡིན་པས་ངས་དེང་སེམས་ཅན་བཟོད་པའི་ཆོས་དང་། ཤིན་ཏུ་ཉེ་བར་ཞི་བའི་ཆོས་དང་། རབ་ཏུ་དུལ་བའི་ཆོས་བསླབས་ནས་གླང་པོ་ཆེ་ཅང་


DKG042_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྟ་བུར་དུལ་བར་བྱའོ། གླང་པོ་ཆེ་མ་དུལ་བ་ལྟ་བུར་མི་བྱའོ་སྙམ་དུ་སེམས་ཏེ། མཽང་གལ་འདི་ལྟ་སྟེ་དཔེར་ན་གླང་པོ་ཆེ་ཤིན་དུ་དུལ་བ་ནི་གཡུལ་ངོར་འཇུག་པའི་ཚེ་སེམས་ལ་ནུར་བ་མེད་ཅིང་རྔ་བོ་ཆེའི་སྒྲ་དང་། དུང་གི་སྒྲ་དང་། རབ་ཏུ་འབོད་པའི་སྒྲ་དག་བཟོད་པས་འདི་ལྟ་བུའི་འཇིགས་སུ་རུང་བའི་སྒྲ་དག་ཐོས་པར་གྱུར་ན་ཡང་སྐྲག་ཅིང་འཇིགས་པ་མེད་ལ། གྲང་བ་དང་། ཚ་བ་དང་། སྦྲང་བུ་མཆུ་རིངས་དང་། ཤ་སྦྲང་གདུག་པ་ཟ་བ་དང་། རླུང་དང་ཆར་པ་དང་། བསྐྲེས་པ་དྲང་། སྐོམ་པ་དག་ཀྱང་བཟོད་པར་ནུས། རལ་གྲི་ཤིན་དུ་རྣོན་པོ་སྣ་ཚོགས་བཏབ་པ་དང་། མདའ་དང་། མདུང་དང་། མདུང་ཐུང་དང་། ལྕགས་ཀྱི་འཁོར་ལོ་འཕངས་པ་དང་། ལྕག་གིས་གཞུས་པ་དག་ཀྱང་བཟོད་ཅིང་སྐྲག་པ་དང་འཇིགས་པ་མེད་པར་ཐད་ཀར་གཡུལ་ངོར་མཆོད་ཞིང་ནུར་བ་དང་། འགོད་པ་མེད་པས། མཽང་གལ་གླང་པོ་ཆེ་ཤིན་དུ་དུལ་བ་ནི་འདི་སྙམ་དུ་བདག་དགྲའི་གཡུལ་དུ་འཇུག་པར་མི་བྱའོ་སྙམ་དུ་མི་སེམས་ཀྱི། བདག་དགྲའི་གཡུལ་འདི་ལས་རྒྱལ་བར་བྱའོ་སྙམ་དུ་སེམས་པ་ཁོ་ནར་ཟད་དོ། །མཽང་གལ་དེ་བཞིན་དུ་ང་ཡང་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་ཚེ་སེམས་ཀྱིས་སྨོན་ལམ་ཆེན་པོ་བཏབ་ནས་སེམས་ཅན་རྣམས་ལ་སེམས་དུལ་བར་བྱེད་པས། གལ་ཏེ་སེམས་ཅན་རྣམས་ཀྱིས་ངག་རྩུབ་པོ་སད་ལ་མི་སྙན་པ་བརྗོད་ཡང་ངས་ལན་དུ་གནོད་པ་མི་བྱེད་དོ། །ང་དང་རྩོད་པར་བྱེད་ན་ཡང་ངས་ལན་མི་བྱེ་དོ། །གལ་ཏེ་མཚོན་ཆ་དང་། དབྱུག་པ་དང་། གྱོ་མོ་དང་། རྡོ་དག་གིས་ང་ལ་གནོད་པ་བྱས་ནས་ངའི་སྲོག་འཕྲོག་པར་བྱེད་ན་ཡང་དེའི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ནུར་བར་འགྱུར་བ་ཡང་མེད་ལ། འདི་ནི་དང་དུ་བླང་བའི་རིགས་སོ། །འདི་ནི་དང་དུ་བླང་བའི་མི་རིགས་སོ། །འདི་ན་བསྟེན་པར་བྱ་བའི་རིགས་སོ། །འདི་ནི་བསྟེན་པར་བྱ་བའི་མི་རིགས་སོ་ཞེས་རྣམ་པར་རྟོག་པར་མི་བྱེད་པས་དངོས་པོ་དེ་ལ་མྱ་ངན་དང་། འགྱོད་པ་ཡང་མེད། ཁོང་ཁྲོ་བ་དང་འཁོན་དུ་འཛིན་པ་ཡ་མེད། བྱང་ཆུབ་སེམས་དཔའི་ལམ་ལ་ཡོངས་སུ་སྐྱོ་བ་ཡང་མེད་པས་འདི་


DKG042_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་དེང་བདག་དགྲའི་གཡུལ་འདིར་འཇུག་པར་མི་བྱའོ་སྙམ་དུ་མི་སེམས་ཀྱི། བདག་གིས་སྡིག་པའི་དགྲའི་གཡུལ་ཡང་དག་པར་བཅོམ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བྱས་ནས་ཁམས་གསུམ་གྱི་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་བཟླ་བར་བྱའོ་སྙམ་དུ་སེམས་པ་ཁོ་ནར་ཟད་དོ། །མཽང་གལ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་བཟོད་པའི་ཇི་སྙེད་པ་སྤྱད་པ་དང་། སེམས་ཅན་རྣམས་ལ་བྱམས་པ་དང་། སྙིང་རྗེ་ཇི་སྙེད་བསྐྱེད་པ་གལ་ཏེ་ཚིག་གིས་བརྗོད་པར་གྱུར་ན་རྣམས་ཀྱང་མཐར་ཐུག་པར་མི་འགྱུར་རོ། །གཞན་ཡང་མཽང་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་མུ་སྟེགས་ཅན་གྱི་དྲང་སྲོང་བཟོད་པའི་སྟོབས་ཞེས་བྱ་བ་ཞིག་བྱུང་སྟེ། དེས་བདག་གིས་སེམས་ཅན་ལ་ཞེ་སྡང་མི་བསྐྱེད་དོ་སྙམ་པའི་ཆོས་ཡང་དག་པར་བླངས་སོ། ། དེའི་ཚེ་སྡིག་པའི་ཡིད་ཅེས་བྱ་བའི་བདུད་ཞིག་ཡོད་དེ། དེ་འདི་སྙམ་དུ་བདག་དེང་ཅིའི་ཕྱིར་དྲང་སྲོང་དེའི་དྲུང་དུ་སོང་ནས་བཟོད་པའི་ཆོས་བཤིག་སྟེ། ཁོང་ཁྲོ་བ་བསྐྱེད་ནས་བཟོད་པ་དང་དུ་ལེན་པའི་བསམ་པ་ལས་ལྡོག་པར་བྱ་སྙམ་དུ་བསམས་ནས། དེ་ནས་སྤྱི་བོ་ལ་མཁས་པའི་མི་སྟོང་བཀྱེ་ནས་དེ་ཡོངས་སུ་བསྐོར་ཏེ་ངག་རྩུབ་པོ་སྤྱོད་ནས་མི་བདེན་པར་སྐྱོན་ནས་སྨོས། དབྱུང་བར་མི་འོས་པའི་ཚིག་ངན་པ་རྣམ་པ་སྣ་ཚོགས་ཀྱིས་སྤྱོས་ཏེ། འགྲོ་བའི་ཚེ་ཡང་ཚིག་གིས་སྤྱོས། གྲོང་ཁྱེར་དུ་ཕྱིན་པའི་ཚེ་ཡང་སྤྱོས། །གྲོང་ཁྱེར་དུ་འཇུག་པའི་ཚེ་ཡང་སྤྱོས། །ཟན་ཟ་བའི་ཚེ་ཡང་སྤྱོས། །ཟ་ན་ཟོས་ཟིན་པའི་འོག་ཏུ་ཡང་སྤྱོས། །སྟོན་ལས་འདས་པའི་ཚེ་ཡང་སྤྱོས། །གྲོང་ཁྱེར་ནས་འབྱུང་བའི་ཚེ་ཡང་སྤྱོས། །རང་གི་གནས་ནག་ཚལ་དག་ཏུ་ཕྱིན་པའི་ཕྱིར་ཡང་སྤྱོས། །འགྲེང་པའི་ཚེ་ཡང་སྤྱོས། འདུག་པའི་ཚེ་ཡང་སྤྱོས། ཉལ་བའི་ཚེ་ཡང་སྤྱོས། འཆག་པའི་ཚེ་ཡང་སྤྱོས། ཐ་ན་དབུགས་རྔུབ་པ་དང་དབུགས་འབྱུང་བའི་ཚེ་ཡང་སྤྱོས་ཏེ། རྟག་པར་རྗེས་སུ་འབྲངས་ནས་ཚེ་ངན་པ་སྣ་ཚོགས་ཀྱིས་རྒྱུན་ཆད་པ་མེད་པར་སྤྱོས་སོ། །དེའི་ཚེ་མི་སྟོང་པོ་དེ་དག་བདུད་ཀྱིས་མངགས་པས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་ངག་རྩུབ་པོས་དྲང་སྲོང་བཟོད་པའི་སྟོབས་ལ་སྤྱོས་སོ། །དེ་ནས་བདུད་སྡིག་


DKG042_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡིད་ཀྱིས་དྲང་སྲོང་བཟོད་པའི་སྟོབས་གྲོང་ཁྱེར་དུ་འཇུག་པའི་ཚེ་བདག་ཉིད་ཀྱི་གཅིན་གྱིས་དེའི་མགོའི་སྟེང་དུ་བླུགས། ལྷུང་བཟེད་ཀྱི་ནང་དུ་བླུགས། ཆོས་གོས་དང་ལྷུང་བཟེད་ལ་ཡང་བསྐུས། ལུས་ལ་ཡང་བསྐུས། ཕྱག་དར་གྱིས་མགོ་ལ་ཡང་གཏོར་ཏོ། །དེའི་ཚེ་དྲང་སྲོང་བཟོད་པའི་སྟོབས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྤྱོད་པ་ལ་དཔའ་བའི་མི་སྟོང་གིས་ངག་རྩུབ་པོས་སྤྱོས་ཤིང་སྨད་པར་གྱུར་ཀྱང་དེའི་སེམས་ལ་ཞེ་སྡང་དང་འཁོན་དུ་འཛིན་པ་ཡང་མེད་ལ་ཐ་ན་སེམས་ལ་ནུར་ཞིང་ཞུམ་པར་གྱུར་བ་ཡང་མེད་དོ། །བདག་ཉིད་ཀྱང་འདི་སྐད་དུ་བདག་གིས་ཉེས་པ་ཅི་བྱས་ཞེས་ཀྱང་མི་ཟེར་ལ་འཁོན་དུ་འཛིན་པ་ཡང་མེད་དོ། །ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྡང་མིག་གིས་བདུད་སྡིག་པའི་ཡིད་ལ་བལྟས་པ་ཡང་མེད་ལ་བདག་ལ་ཉེས་པ་ཅི་ཡོད་ཅེས་སྨྲས་པ་ཡང་མེད་དོ། །མཽང་གལ་སྤྱོ་བ་ལ་དགའ་བའི་མི་སྟོང་པོ་དེ་དག་དྲང་སྲོང་བཟོད་པའི་སྟོབས་ལ་ལོ་བརྒྱད་ཁྲི་བཞི་སྟོང་ལས་འོངས་པའི་བར་དུ་སྤྱོས་ཀྱང་གཞིག་མི་ནུས་པས་རིག་ནས་ཤིན་དུ་དང་བའི་བསམ་པ་བསྐྱེད་དེ་ཁ་ན་མ་ཐོ་བ་རྣམས་ཀྱང་བཤགས་ནས། འདི་སྐད་དུ་ཁྱོད་ཀྱིས་དངོས་པོ་འདིས་ཆོས་ཇི་ལྟ་བུ་ཞིག་ཡོངས་སུ་ཚོལ་བདག་ཅག་ཀྱང་ཆོས་དེ་ཐོབ་པར་འཚལ་ལོ་ཞེས་སྨྲས་སོ། །མཽང་གལ་སྤྱོ་བ་ལ་དཔའི་བའི་མི་སྟོང་པོ་དེ་དག་དྲང་སྲོང་ལ་ཤིན་དུ་དང་བ་ཐོབ་པས་གུས་པའི་སེམས་ཀྱིས་མཆོད་ཅིང་རིམ་གྲོ་བྱས། བླ་མར་བྱས་ཤིང་བསྔགས་པ་བརྗོད་པར་གྱུར་ཏོ། །དྲང་སྲོང་ཡང་དེ་དག་གིས་རིམ་གྲོ་དང་བསྙེན་བཀུར་བྱས་པ་ཉམས་སུ་བླངས་ཀྱང་སེམས་ལ་མངོན་པར་ཞེན་ཅིང་ཆགས་པ་ཅི་ཡང་མེད་པར་གྱུར་ཏོ། །མཽང་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་དྲང་སྲོང་བཟོད་པའི་སྟོབས་ཞེས་བྱ་བ་དེ་གཞན་ཞིག་ཡིན་བསྙམ་དུ་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ནོ། །ངས་དེའི་ཚེ་བཟོད་པའི་ཆོས་དེ་ལྟ་བུ་ཡང་དག་པར་བླངས་པས་བདུད་སྡིག་པའི་ཡིད་ཀྱིས་མི་སྟོང་བ་ཀྱེ་སྟེ་རྒྱུན་འཆད་པ་མེད་པར་ངག་རྩུབ་པོས་སྤྱོས་ཤིང་རྟ་སྔགས་སྨད་པར་གྱུར་ཀྱང་ངའི་སེམས་ལ་གཡོ་ཞིང་གྱུར་བ་ཅི་ཡང་མེད་དོ། །མཽང་གལ་སྤྱོ་བ་ལ་དགའ་བའི་སྐྱེས་བུ་སྟོང་དེ་དག་དྲང་སྲོང་བཟོད་པའི་སྟོབས་ལ་ཤིན་དུ་དང་


DKG042_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐྱེས་ཏེ་སྡིག་པ་བཤགས་ནས་དྲང་སྲོང་བཟོད་པའི་སྟོབས་ཀྱི་རྗེས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་དེའི་ཚེ་ངས་ཡོངས་སུ་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཡང་དག་པར་བཀོད་དེ། སྐྱེས་བུ་སྟོང་པོ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ཕུན་སུམ་ཚོགས་པར་སྤྱད་པས་མཐར་གྱིས་མངོན་པར་རྫོགས་པར་སངས་རྒྱས་ནས་ཐམས་ཅད་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །མཽང་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་བདུད་སྡིག་པའི་ཡིད་ཀྱིས་སྐྱེས་བུ་སྟོང་བཀྱེ་ནས་ང་ལ་སྦྱོར་བཅུག་པ་དེ་གཞན་ཞིག་ཡིན་བསྙམ་དུ་སེམས་ན་དེ་ལྟ་མི་བལྟ་སྟེ། དེ་ནི་ལྷས་བྱིན་འདི་ཉིད་ཡིན་ནོ།། །།བམ་པོ་དྲུག་པ་སྟེ་ཐ་མ།། གཞན་ཡང་མཽང་གལ་ངས་མངོན་པར་དྲན་ཏེ། སྔོན་བྱུང་བ་འདས་པའི་དུས་ན་ངས་རང་གི་ལུས་སེམས་ཅན་རྣམས་ལ་ཡོངས་སུ་བཏང་ནས་འཇིག་རྟེན་གྱི་སྐྱེ་བོ་རྣམས་ཀྱི་བྲན་དང་གཡོག་བྱས་པས་དེའི་ཚེ་སྐྱེ་བོ་མང་པོ་དེ་དག་གིས་ང་ལས་རྣམ་པ་སྣ་ཚོགས་བྱང་དུ་བཅུག་སྟེ། ཁ་ཅིག་གིས་ནང་བཤང་གཅི་འདོར་དུ་བཅུག་གོ། །ཁ་ཅིག་གིས་ནི་ལུད་འདོར་དུ་བཅུག་གོ །ཁ་ཅིག་ནི་ངས་ལུད་འདོར་དུ་བཅུག་གོ །ཁ་ཅིག་ནི་ངས་འདོར་དུ་བཅུག་གོ །ཁ་ཅིག་གིས་ནི་ང་རྩ་ལེན་དུ་བཏང་ངོ་། །ཁ་ཅིག་གིས་ནི་འབྲུ་དང་། འོ་མ་དང་། ཞོ་དང་། མར་དང་། འབྲུ་མར་དང་། སྦྲང་རྩི་ལེན་ཏུ་བཏང་ངོ་། །ཁ་ཅིག་གིས་ནི་ང་ཤིང་དང་། སོལ་བ་དང་། མེ་དང་། ཆུ་ལེན་དུ་བཅུག་སྟེ། འདི་ལྟ་བུ་ལ་སོགས་པའི་ལས་རྣམ་པ་སྣ་ཚོགས་བྱེད་དུ་བཅུག་ཀྱང་། མཽང་གལ་ངས་དེའི་ཚེ་གང་གིས་བཤང་གཅི་འདོར་དུ་བཅུག་པ་དེའི་རྗེས་སུ་མི་བྱའོ་སྙམ་པའི་སེམས་བསྐྱེད་པ་མི་དྲན་ནོ། །གང་གིས་ང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་སྤོས་དང་། སྤོས་ཀྱི་ཕྱེ་མ་དང་། བཟའ་བ་དང་། བཏུང་བ་དང་། འབྲས་བུ་ལེན་དུ་བཏང་བ་ལས་དེའི་རྗེས་སུ་མ་སོང་བ་མི་དྲན་ནོ། །མཽང་གལ་གང་གིས་ལེགས་པར་བྱེད་དུ་བཙུག་པའི་རྗེས་སུ་ནི་འགྲོ་བར་བྱ། ལེགས་པ་མ་ཡིན་པ་བྱེད་དུ་བཅུག་པའི་རྗེས་སུ་འགྲོ་བར་མི་བྱའོ་སྙམ་དུ་སེམས་བསྐྱེད་པ་ངས་


DKG042_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྗེས་སུ་མི་དྲན་ནོ། །མཽང་གལ་ངས་དེའི་ཚེ་རྒྱལ་རིགས་ཀྱི་རྗེས་སུ་ནི་འབྲང་བར་བྱ། བྲམ་ཟེའི་རྗེས་སུ་ནི་འབྲང་བར་མི་བྱ། བྲམ་ཟེའི་རྗེས་སུ་ནི་འགྲོ་བར་བྱ། རྒྱལ་རིགས་ཀྱི་རྗེས་སུ་ནི་འབྲང་བར་མི་བྱ། དམངས་རིགས་ཀྱི་རྗེས་སུ་ནི་འབྲང་བར་བྱ། གདོལ་བའི་རྗེས་སུ་ནི་འབྲང་བར་མི་བྱ། གདོལ་བའི་རྗེས་སུ་ནི་འབྲང་བར་བྱ། དམངས་རིགས་ཀྱི་རྗེས་སུ་ནི་འབྲང་བར་མི་བྱ། རྒྱལ་རིགས་དང་། བྲམ་ཟེའི་རིགས་ཀྱི་རྗེས་སུ་འབྲང་བར་བྱ། དམངས་རིགས་དང་། གདོལ་བའི་རྗེས་སུ་འབྲང་བར་མི་བྱའོ་སྙམ་དུ་སེམས་བསྐྱེད་པ་ཡང་མི་དྲན་ལ། གང་ཟག་འདི་ནི་ཆེའོ། །གང་ཟག་འདི་ནི་ཆུང་ངོ་ཞེས་དེ་དག་གི་ཁྱད་པར་དང་། གང་ཟག་འདིའི་རྗེས་སུ་འབྲང་བར་བྱ། གང་ཟག་འདིའི་རྗེས་སུ་འབྲང་བར་མི་བྱའོ་སྙམ་དུ་སེམས་པ་ཡང་མེད་ཀྱི། མཽང་གལ་གང་གིས་སྔར་བོས་པའི་རྗེས་སུ་དགའ་བའི་སེམས་ཀྱིས་འགྲོ་བ་ཁོ་ནར་ཟད་དོ། །མཽང་གལ་ངས་མངོན་པར་དྲན་ཏེ། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་གང་གིས་ཆོས་བཞིན་གྱི་བྱ་བ་དགང་བྱེད་དུ་བཅུག་པ་ལས་ནུས་བཞིན་དུ་མ་བྱས་པ་ཡོད་པར་ནམ་ཡང་མི་དྲན་ནོ། །མཽང་གལ་ངས་མངོན་པར་དྲན་ཏེ། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་བྱ་བའི་དངོས་པོ་དག་ངེས་པར་མཐར་མ་ཕྱིན་པའམ། དགེ་བའི་ལས་མངོན་པར་འདུ་བྱ་བ་ཡང་མཐར་མ་ཕྱིན་པ་ཡོད་པ་རྗེས་སུ་མི་དྲན་ནོ། །མདོར་ན་ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་ཚེ་ནམ་ཡང་ལུས་མངོན་པར་ཞེན་པར་གྱུར་པ་ཡང་མེད་ན་ནོར་གྱི་དངོས་པོ་ལ་ལྟ་སྨོས་ཀྱང་ཅི་དགོས། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ལོངས་སྤྱོད་ཀྱི་དངོས་པོ་དག་ལ་འདི་ནི་བདག་གི་ལོངས་སྤྱོད་ཡིན་ནོ་སྙམ་དུ་འདུ་ཤེས་བསྐྱེད་པ་མེད་ཀྱང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་ལོངས་སྤྱོད་དང་ལྡན་པར་གྱུར་པར་ཟད་པས་ལོངས་སྤྱོད་ཀྱི་དངོས་པོ་དག་ལ་འདི་སྙམ་དུ་སེམས་ཏེ་དངོས་པོ་འདི་དག་ནི་སེམས་ཅན་རྣམས་དང་ཐུན་མོང་དུ་ལོངས་སྤྱོད་པར་བྱ་སྟེ། དངོས་པོ་འདི་ལ་བདག་གི་སྐལ་བ་ཡོད་པ་བཞིན་དུ་སེམས་ཅན་རྣམས་ལ་ཡང་སྐལ་པ་ཡོད་དོ་


DKG042_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་སེམས་སོ། །མཽང་གལ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་དབང་གིས་སངས་རྒྱས་ཀྱི་ཆོས་དང་ཉེ་བར་གྱུར་ཀྱང་། བདག་གི་ལོངས་སྤྱོད་ལ་བདག་ཀྱང་སྐལ་བ་ཡོད། སེམས་ཅན་ཡང་བསྐལ་པ་ཡོད་དོ་སྙམ་དུ་མི་སེམས་ཀྱི། ལོངས་སྤྱོད་འདི་དག་ནི་སེམས་ཅན་རྣམས་ཀྱི་ཡིན་པས་བདག་ལ་བསྐལ་པ་ཅི་ཡང་མེད་དོ་སྙམ་དུ་སེམས་པ་ཁོ་ནར་ཟད་དོ། །མཽང་གལ་ངས་སངས་རྒྱས་ཀྱི་ཆོས་དང་ཉེ་བར་གྱུར་པ་རྗེས་སུ་ཐོབ་པར་གྱུར་ཀྱང་དེ་ལ་མངོན་པར་ཞེན་པ་ཡང་མེད། ཡོངས་སུ་སྡུད་ཅིང་ལེན་པར་ཡང་མི་བྱས་པས་ཆོས་རྣམས་ཡོངས་སུ་སྤོང་བ་ལ་མོས་པར་བྱེད་ཀྱི། ཆོས་རྣམས་དང་དུ་ལེན་པ་ལ་མོས་པར་མི་བྱེད་དོ། །སྟོང་པའི་ཆོས་ཐམས་ཅད་ལ་མོས་པར་བྱེད་ཀྱི། ཡོད་པའི་ཆོས་ཐམས་ཅད་ལ་མོས་པར་མི་བྱེད་དོ། །ཉེ་བར་ཞི་བའི་ཆོས་ཐམས་ཅད་ལ་མོས་པར་བྱེད་ཀྱི། ཆོས་རྣམས་ཀྱི་དངོས་པོའི་མཚན་ཉིད་ལ་མོས་པར་མི་བྱེད་དོ། །གཟོད་མ་ནས་མེད་པ་ཉིད་ལ་མོས་པར་བྱེད་ཀྱི། བཟོད་མ་ནས་ཡོད་པ་ཉིད་ལ་མོས་པར་མི་བྱེད་དོ། །མཽང་གལ་ངས་མངོན་པར་དྲན་ཏེ། ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཚེ་རབས་བརྒྱ་སྟོང་ཚད་མེད་པ་སྙེད་དུ་མཚན་མོ་མུན་པའི་ནང་ན་རང་གི་ལུས་ལ་མེས་སྤར་ནས་ལམ་སྟོར་བའི་སེམས་ཅན་རྣམས་སྣང་བར་བྱས་ཏེ་ལམ་བསྟན་ཏོ། མཽང་གལ་ངས་མངོན་པར་དྲན་ཏེ། ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཚེ་རབས་བརྒྱ་སྟོང་ཚད་མེད་པ་སྙེད་དུ་ཤ་ཟ་བའི་སེམས་ཅན་རྣམས་ལ་རང་གི་ཤ་བཅད་ནས་སྦྱིན་པ་ཡོངས་སུ་བཏང་ངོ་། །མཽང་གལ་ངེས་མངོན་པར་དྲན་ཏེ། ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཚེ་རབས་བརྒྱ་སྟོང་ཚད་མེད་པ་སྙེད་དུ་ཁྲག་འཐུང་བའི་སེམས་ཅན་རྣམས་ལ་ལུས་ལས་ཁྲག་ཕྱུང་སྟེ་སྦྱིན་པ་ཡོངས་སུ་བཏང་ནས་རབ་ཏུ་ཚིམ་པར་བྱས་སོ། །མཽང་གལ་མདོར་ན་འཇིག་རྟེན་པའི་ནོར་རྫས་སམ་ལོངས་སྤྱད་པར་བྱ་བ་ཅིང་ཡང་རུང་ཏེ། སེམས་ཅན་རྣམས་ལ་ནམ་ཡང་ཕངས་ཤིང་སེར་སྣ་བྱས་མ་མྱོང་སྟེ་ཐམས་ཅད་ཀྱང་སེམས་ཅན་རྣམས་ལ་འཚེ་བ་མེད་པ། གནོད་པ་མེད་པ། མཁས་པ་རྣམས་ཀྱིས་


DKG042_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བསྔགས་པར་གྱུར་པ་དེ་ལྟར་ངས་ཡུན་རིང་པོར་བརྟགས་ཏེ་སེམས་ཅན་རྣམས་ལ་སྙིང་རྗེ་བའི་བསམ་པར་རབ་ཏུ་སྐྱེད་ནས་བཏང་ངོ་། །གཞན་ཡང་མོད་གལ་ངས་མངོན་པར་དྲན་ཏེ། །འདས་པའི་དུས་ཀྱི་ཚེ་ཚོང་དཔོན་ལེགས་པར་རྙེད་པ་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏེ། དེ་རྒྱ་མཚོ་ཆེན་པོར་ཞུགས་ནས་རིན་པོ་ཆེ་ལེན་དུ་སོང་བ་ལས་བདེ་བར་སླར་ལོག་སྟེ་རང་གི་ཡུལ་དུ་ཕྱིན་ནས་གྲོང་ཁྱེར་དུ་ཞུགས་ཏེ་ཁྱིམ་གྱི་སྒོར་ཕྱིན་པ་དང་། དེའི་ཚེ་གྲོང་ཁྱེར་ན་གནས་པའི་སློངས་མོ་བ་མང་པོ་རྣམས་ཀྱིས་དེ་ཡོངས་སུ་བསྐོར་ནས་དེའི་མདུན་དུ་འདི་སྐད་ཅེས་སྨྲས་སོ། །ལེགས་པར་རྙེད་པ་བདེ་བར་བྱོན་ཏམ། སྦྱིན་བདག་ཆེན་པོ་བདག་ཅག་སློང་བ་མཆིས་ཏེ། གལ་ཏེ་གནད་བར་གྱུར་ན་བདག་ཅག་བསླད་པར་འཚལ་ལོ། །མཽང་གལ་དེའི་ཚེ་ལེགས་པར་རྙེད་པས་སློངས་མོ་པ་དེ་དག་ལ་འདི་སྐད་དུ་ཁྱེད་སླངས་ཤིག་དང་། བདག་ལ་ཅི་བདོག་པ་ཕངས་པ་མེད་པར་སྦྱིན་པར་བྱའོ་ཞེས་སྨྲས་སོ། །དེ་ནས་སློངས་མོ་པ་རྣམས་ཀྱིས་ལེགས་པར་རྙེད་པ་ལ་སྨྲས་པ། ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་ནས་རྙེད་པའི་ནོར་བུ་རིན་པོ་ཆེ་རྣམས་བདག་ཅག་ལ་བྱིན་ཅིག་དང་། དེས་ན་བདག་ཅག་རབ་ཏུ་བདེ་བར་འགྱུར་རོ། །མཽང་གལ་དེའི་ཚེ་ལེགས་པར་རྙེད་པས་ནོར་བུ་རིན་པོ་ཆེ་གཅིག་ཅིག་ཀྱང་གསེར་སྲང་བརྒྱད་སྟོང་དུ་མ་རིབ་བྱེ་བ་ཕྲག་བརྒྱད་བཅུ་སྙེད་ཀྱི་རིན་པོ་ཆེ་རྣམས་མ་ལུས་པར་སློངས་མོ་པ་རྣམས་ལ་བྱིན་ཏེ། མཽང་གལ་ལ་ལེགས་པར་རྙེད་པས་དེས་དེ་ལྟར་ནོར་མང་པོ་རྣམས་ཡོངས་སུ་བཏང་བར་གྱུར་ཀྱང་སེམས་ལ་བྱུང་བའམ། འགྱོད་པར་གྱུར་པ་ཅི་ཡང་མེད་དོ། །དེའི་ཚེ་ལེགས་པར་རྙེད་པས་རིན་པོ་ཆེ་མང་པོ་སློངས་མོ་པ་རྣམས་ལ་ཡོངས་སུ་བཏང་ནས་ཁྱིམ་དུ་ཡང་མ་ཞུགས་པར་སླར་ལོགས་སྟེ་རྒྱ་མཚོར་ཞུགས་ནས་རིན་པོ་ཆེ་ལེན་དུ་སོང་བ་ལ་སྔ་མ་བས་ཕྱེད་འགྱུར་ཀྱིས་བཟང་བའི་རིན་པོ་ཆེ་མང་པོ་ཐོབ་པར་གྱུར་ཏེ། ལོ་བརྒྱད་བཅུ་འདས་ནས་སླར་རང་གི་ཡུལ་དུ་ཕྱིན་ནས་གྲོང་ཁྱེར་དུ་འཇུག་པ་ལས་དེའི་ཚེ་ཉེས་པ་བྱས་པའི་མིང་གཅིག་གཤེད་མ་པས་གཟུང་སྟེ་བཅིངས་ནས་མི་སྙན་པའི་སྒྲ་བསྒྲགས་པའི་རྡ་ཡང་བརྡུངས། ལམ་གྱི་བཞི་


DKG042_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྣམས་སུ་བསྒྲགས་པ་ཡང་བྱས་ནས་གསང་བའི་གནས་སུ་ཁྲིད་ནས་གསད་པར་བྱས་པ་ལས། དེའི་ཚེ་གསང་བ་ལ་ཐུག་པ་དེ་དག་གིས་རྒྱང་ནས་ལེགས་པར་རྙེད་པ་མཐོང་བ་དང་འདི་སྐད་ཅེས་སྨྲས་སོ། །ཚོང་དཔོན་བདག་ཅག་ལ་མི་འཇིགས་པ་བྱིན་ཅིག །བདག་ཅག་གསང་བའི་ཉེས་པ་ལས་སྐྱོབས་ལ་བདག་ཅག་ལ་སྲོག་བྱིན་ཅིག །ཁྱོད་ནི་སྦྱིན་བདག་ཆེན་པོ་སྐྱེས་བུ་དམ་པ་ལགས་སོ། །ལེགས་པར་རྙེད་པས་དེ་སྐད་ཅེས་སྨྲས་པ་ཐོས་པ་དང་གསང་བ་ལ་ཐུག་པ་དེ་དག་ལ་ཀྱཻ་ཁྱེད་ལ་འཇིགས་པ་སྦྱིན་ཞིང་ཁྱེད་གསད་པའི་ཉེས་པ་ལས་བསྐྱབ་བར་བྱའོ་ཞེས་སྨྲས་ནས་གཤེད་མ་དེ་དག་གི་དྲུང་དུ་སོང་ནས་རེ་རེ་ལ་ཡང་ནོར་བུ་རིན་པ་ཆེ་གསེར་སྲང་བྱེ་བ་རེ་རེ་བྱིན་ནས་ཁྱེད་ཅག་དེང་བདག་རྒྱལ་པོའི་དྲུང་དུ་སླར་མ་འོངས་ཀྱི་བར་དུ་སྐད་ཅིག་སྡོང་ཅིག་ཅེས་སྨྲས་སོ། །དེ་ནས་ལེགས་པར་རྙེད་པ་མྱུར་ཞིང་རིངས་པར་རྒྱལ་པོའི་དྲུང་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བདག་ནི་རིན་པོ་ཆེ་བཟང་པོ་དག་གིས་མི་འདི་དག་གི་སྲོག་མཇལ་བའི་འཚལ་ལོ། །རྒྱལ་པོས་སྨྲས་པ། ལེགས་པར་རྙེད་པ་མི་འདི་དག་གི་ཉེས་པ་ནི་གཏད་དུ་མི་རུང་བས་བཙོན་དུ་མི་རུང་ངོ་། །གལ་ཏེ་སྙིང་ཐག་པ་ནས་ཉོ་བར་འདོད་ན་ཁྱོད་ལ་ནོར་ནི་བདོག་པ་ཟད་པར་ང་ལ་བྱིན་ལ་བདག་ཉིད་ཀྱང་ཤི་བར་ཁས་ལེན་ན་གདོད་གཏད་དོ། །མཽང་གལ་དེའི་ཚེ་ལེགས་པར་རྙེད་པས་དེ་སྐད་སྨྲས་པ་ཐོས་པར་དང་རབ་ཏུ་དགའ་བར་གྱུར་ནས་བདག་ནི་རྙེད་པ་ཆེན་པོ་ཐོབ་པས་སྨོན་པ་རྣམས་ཡོངས་སུ་རྫོགས་པར་གྱུར་ཏེ་མི་འདི་དག་གི་སྐྱབས་བྱས་པར་གྱུར་པ་ནི་བདག་གི་ཡིད་ཚིམ་པར་གྱུར་ཏོ་ཞེས་དེ་ནས་ལེགས་པར་རྙེད་པས་མི་དེ་དག་བསྐྱབས་ཏེ་གསད་པའི་ཉེས་པ་ལས་ཐར་བར་བྱ་བའི་ཕྱིར་ཁྱིམ་ན་ནོར་ཅིག་བདོག་པ་དང་། རྒྱལ་མཚོ་ཆེན་པོ་ནས་ཐོབ་པའི་ནོར་བུ་རིན་པ་ཆེ་གསེར་དང་དངུལ་ལ་སོགས་པ་བྱེ་བ་སྟོང་ཕྲག་ཆད་མེད་པ་རྣམས་རྒྱལ་པོ་ལ་ཕུལ་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་མི་དེ་དག་གཏད་དུ་གསོལ། བདག་ལ་ནོར་ཅི་མཆིས་པ་ནི་བས་པར་འདིར་མཆིས་ལགས་སོ། །རྒྱལ་པོས་ནོར་རྣམས་བླངས་ནས་གཤེད་མ་དག་ལ་བསྒོ་བ། ལེགས་པར་རྙེད་པ་འདི་ཁྲིད་ལ་སོང་ཅིག །ལྷ་དེ་


DKG042_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འཚལ་ལོ་ཞེས་རྒྱལ་པོའི་བཀའ་མཉན་ནས་ལེགས་པར་རྙེད་པ་བཅིངས་ཏེ་གསང་བའི་གནས་སུ་ཁྲིད་ནས་ལག་པ་གཡས་པ་བཏེག་སྟེ་ལེགས་པར་རྙེད་པ་ལ་མཚོན་གདབ་པར་གཟས་པ་ལས་ལག་པ་རེངས་ནས་གདབ་ཏུ་མ་བཏུབ་པ་དང་། སྐྲག་ཅིང་ངོ་མཚར་དུ་གྱུར་ནས་ལེགས་པར་རྙེད་པ་ཁྲིད་དེ་རྒྱལ་པོ་ལ་དངོས་པའི་ཞིབ་ཏུ་གསོལ་ཏོ། །མཽང་གལ་རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས་བདག་ཉིད་མཚོན་ཐོགས་ཏེ་ལེགས་པར་རྙེད་པ་གསད་པར་འདོད་པའི་ཕྱིར་མཚོན་བཏེག་སྟེ་གདབ་པར་གཟས་པ་ལས། དེའི་ཚེ་རྒྱལ་པོ་དེའི་ལག་པ་གཉིས་ལ་ལྷུང་སྟེ་སྡུག་བསྔལ་གྱི་གནོད་པ་ཆེན་པོ་ཐོབ་ནས་སྐད་ངན་ཕྱུང་སྟེ་འཆི་བའི་དུས་བྱས་སོ། མཽང་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་ཚོང་དཔོན་ལེགས་པར་རྙེད་པ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་དེ་ནི་ལྷས་བྱིན་བླུན་པོ་འདི་ཉིད་ཡིན་ནོ། མཽང་གལ་དེའི་ཚེ་དེའི་དུས་ན་ཡང་ལྷས་བྱིན་གྱིས་ངའི་སྲོག་འཕྲོག་པར་བྱས་པ་ལས་དབྲོག་པར་མ་ནུས་སོ། །དེང་ད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཡང་ངའི་སྲོག་འཕྲོག་པར་བྱས་པ་ལས་དབྲོག་པར་མ་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པ་ལ་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་གནོད་པ་བྱ་བར་མི་ནུས་ན་ལྷས་བྱིན་བླུན་པོས་ལྟ་སྨོས་ཀྱང་ཅི་དགོས་པས་སོ། །ལྷས་བྱིན་ནི་ད་ལྟར་ཡང་གྲོགས་པོ་མ་རུངས་པ་བསྡུས་ནས་ང་ལ་གསོད་པར་ཡང་འདོད་ལ། བདག་ཉིད་ཀྱང་ཐབས་ཀྱིས་ང་གསོད་པར་འདོད་པས་རྙེད་པ་དང་གྲགས་པ་དང་མཐུ་སྟོབས་ཉམས་ནས་གསོན་པོར་ལུས་འདི་དང་བཅས་པར་སེམས་ཅན་དམྱལ་བ་མནར་མེད་པར་ལྷུང་བར་གྱུར་ཏོ། མཽང་གལ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་གང་ལ་ཡང་ལྷས་བྱིན་ལྟ་བུར་ཐ་ན་བཏགས་པ་ཡང་དག་པར་རྗེས་སུ་མ་མཐོང་ན་ལྷས་བྱིན་ནི་བྱས་པ་དྲིན་དུ་མི་གཟོའོ། །ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་རྣམས་ལ་ཕ་མ་ལྟ་བུར་གྱུར་པའི་རྒྱུ་དང་རྐྱེན་དེས་


DKG042_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་རབ་དང་ལྡན་པ་ཡིན་པར་རིག་པར་བྱའོ། གཞན་ཡང་མཽང་གལ་སྔོན་བྱུང་བ་འདས་པའི་དུས་ན་གངས་རིའི་རྒྱལ་པོའི་དྲུང་ན་གླང་པོ་ཆེ་ལྔ་བརྒྱ་ཞིག་གནས་ཏེ། དེའི་ནང་ན་གླང་པོ་ཆེའི་རྒྱལ་པོ་བདག་པོར་གྱུར་པ། བྱང་བཞིན་སྡུག་ཅིང་ཡིད་དུ་འོང་བ། སྟོབས་པོ་ཆེ་ཤེས་རབ་དང་ལྡན་པ་ཞིག་ཡོད་དེ། དེའི་ཚེ་གླང་པོ་ཆེ་མང་པོ་རྣམས་རི་སྲང་ཉམ་ང་ཞིང་དོག་པ་ལམ་གཅིག་ལས་མེད་པ་ཞིག་ཏུ་མཚན་མོ་གནས་པར་གྱུར་པ་རྔོན་པས་མཐོང་ནས་མཚན་ཐོག་ཐག་ལ་མཉམ་ང་བ་དེར་རླུབས་ཆེན་པོ་བརྐོས་ནས། འདི་སྙམ་དུ་གླང་པོ་ཆེ་མང་པོ་འདི་དག་ནི་འདིར་ལྷུང་བར་འགྱུར་བས་ཐམས་ཅད་བདག་དབང་སྟེ་བདག་གིས་དགའ་མགུར་བླང་བར་བྱའོ་སྙམ་མོ། །མཚན་ཐོག་རླུབས་བརྐོས་ཟིན་ནས་གླང་པོ་ཆེ་མང་པོ་རྣམས་བསླན་ཏེ། ལམ་ཉམ་ང་ཞིང་རླུབས་ཡོད་པའི་སྟེང་དུ་བཏང་ངོ་། གླང་པོ་ཆེ་མང་པོ་རྣམས་འབྱུང་བར་བྱས་པ་ལས་རླབས་ཆེན་པོ་ཡོད་པར་མཐོང་ནས་རྒལ་བར་མ་ནུས་སོ། །མཽང་གལ་དེའི་ཚེ་གླང་པོ་ཆེའི་བདག་པོ་དེས་བདག་ཉིད་ཀྱི་ལུས་རླུབས་ཀྱི་སྟེང་དུ་འཕྲེང་དུ་ཉལ་ཏེ་ཟམ་པ་བྱས་ནས་གླང་པོ་ཆེ་ལྔ་བརྒྱ་རྒྱབ་ཀྱི་སྟེང་དུ་བརྗེས་ནས་དེ་ལས་རྒལ་ཏེ་དོང་ངོ་། །གླང་པོ་ཆེ་མང་པོ་བཟླས་ནས་བདག་ཉིད་ཀྱི་མཐུས་མཆོངས་པ་བྱས་ཏེ་སོང་བ་དང་། དེའི་ཚེ་རིའི་ལྷ་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། །སྡིག་ཅན་རླུབས་ཟབ་བརྐོས་གྱུར་ཀྱང་། །དེ་ན་གླང་བདག་བློ་ལྡན་གྱིས། ། བདག་དང་གཞན་གཉིས་བཟླས་པ་ན། །དོན་མེད་རླུབས་ཟབ་བརྐོས་པར་གྱུར། མཽང་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་གླང་པོ་ཆེའི་རྒྱལ་པོ་དབང་པོ་རྣོ་ཞིང་མཐུ་ཆེན་པོ་དང་ལྡན་པར་གྱུར་བ་བྱུང་བ་དེ་གཞན་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་དེ་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་གླང་པོ་ཆེ་ལྔ་བརྒྱ་བྱུང་བ་དེ་དག་ནི་ད་ལྟར་གྱི་དགེ་སློང་ལྔ་བརྒྱ་པོ་ལྷས་བྱིན་གྱིས་གཞིག་པར་བྱས་པར་བརྩམས་པ་དག་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྔོན་པར་གྱུར་པ་དེ་དག་ནི་ལྷས་བྱིན་ལ་སྩོགས་པ་དགེ་སློང་ལྔ་པོ་འདི་ལྟ་སྟེ། ཁ་ཎ་དྲ་བ་བྱ་དང་། ཀ་ཏ་མོར་ཀ་ཏི་ཤ་དང་། རྒྱ་མཚོས་བྱིན་དང་། ཀོ་ཀ་ལི་ཀ་ལ་སོགས་པ་ཡིན་ནོ། མཽང་གལ་


DKG042_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ངས་ནི་ཡུན་རིང་པོ་ནས་རྟགས་པར་སེམས་ཅན་འཇིགས་ཤིང་སྐྲག་པ་རྣམས་མཐོང་བར་གྱུར་ན་དེ་དག་ལ་མི་འཇིགས་པ་བྱིན་ནོ། །སེམས་ཅན་སྡུག་བསྔལ་བ་དག་མཐོང་ན་བདེ་བ་བྱིན་ནོ། །སེམས་ཅན་དབུལ་ཕོངས་པ་དག་ལ་ནི་ཟང་ཟིང་ཡོངས་སུ་བཏང་ངོ་། །སེམས་ཅན་གང་ལམ་ལོག་པར་ཞུགས་པ་དག་ལ་ནི་ཡང་དག་པའི་ལམ་བསྟན་ཏོ། །སེམས་ཅན་གང་ནད་ཀྱིས་གཟིར་བ་དག་ལ་ནི་ནད་ཀྱི་སྡུག་བསྔལ་ཡོངས་སུ་བསལ་ཏོ། སེམས་ཅན་གང་བཀྲེས་ཤིང་སྐོམ་པ་རྣམས་ལ་ནི་བཟའ་བ་དང་བཏུང་བ་ཡོངས་སུ་བཏང་ངོ་། །སེམས་ཅན་གང་ཤ་ཟ་ཞིང་ཁྲག་འཐུང་བ་དག་ལ་ནི་ལས་ཀྱི་ཤ་དང་ཁྲག་གིས་ཚིམ་པར་བྱས་སོ། །མཽང་གལ་ངས་ནི་སྔོན་ལམ་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཡང་དག་པར་བྱས་པས་སེམས་ཅན་རྣམས་ལ་ཁས་བླངས་པ་གང་ཡིན་པ་དེ་དག་ལེ་ལོ་དང་སྙོམ་ལས་མེད་པར་བྱས་ཏེ། མཽང་གལ་ངས་སེམས་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་གྱི་བདེན་ཚིག་ཇི་སྙེད་པ་དེ་དག་ཐམས་ཅད་ལ་ཐ་དད་པར་གྱུར་པ་ཅི་ཡང་མེད་དེ། བརྩོན་འགྲུས་བརྩམས་པ་གང་ཡིན་པ་དེ་དག་ལེ་ལོ་དང་སྙོམ་ལས་ཀྱི་བར་ཆད་བྱས་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་སངས་རྒྱས་མི་འགྱུར་བ་ཞིག་ན། །མཽང་གལ་ང་ནི་ཇི་སྐད་སྨྲས་པ་བཞིན་དུ་སྤྱོད་ལ། ཇི་ལྟར་སྤྱོད་པ་བཞིན་དུ་སྨྲས་པ་ཡིན་ནོ། །ཐུགས་རྗེ་ཆེན་པོའི་ལེའུ་སྟེ་དྲུག་པའོ།། །།


previousདྲུག་པ། ཐུགས་རྗེ་ཆེན་པོའི་ལེའུ། next