Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་དྲུག་པ།


   
   
   
   
   
   
   
   
   
བཅུ་པ། ཡི་གེ་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུ་པ། ཡི་གེ་བསྟན་པའི་ལེའུ། next

བཅུ་པ། ཡི་གེ་བསྟན་པའི་ལེའུ།


DKG046_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དག་དེ་ལྟར་གཞོན་ནུ་དེ་ཡ་ཟད་སྐྱེས་པ་དང་། བཀྲ་ཤིས་བརྒྱ་སྟོང་བྱས་ནས་ཁྱེའུ་སྟོང་ཕྲག་བཅུ་དང་། བུ་མོ་སྟོང་ཕྲག་བཅུས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་ཡི་གེའི་གྲྭར་འཇུག་པར་བྱས་སོ། །བཟའ་བ་དང་། བཅའ་བ་དང་། མྱང་བས་གང་བའི་ཤིང་རྟ་སྟོང་ཕྲག་བཅུ་དང་། གསེར་དངུལ་དང་། དབྱིག་གིས་གང་བའི་ཤིང་རྟ་སྟོང་ཕྲག་བཅུ་དྲངས་ཏེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོའི་སྲང་དང་། གྲོང་བར་དང་། ཚོང་འདུས་ཀྱི་ཕྱོགས་གང་ཡིན་པ་དག་ཏུ་གཏོར་ཏོ། །མངོན་པར་བྱིན་ནོ། །སིལ་སྙན་འབུམ་ཕྲག་བརྒྱད་ཀྱི་སྒྲ་ཡང་ཕྱུང་ཞིང་མེ་ཏོག་གི་ཆར་ཆེན་པོ་ཡང་མངོན་པར་བབ་པོ། །སྟེགས་བུ་དང་། སྒོ་ཁང་དང་། རྟ་བབས་དང་། སྐར་ཁུང་དང་། བསིལ་ཁང་དང་། ཁང་པ་བརྩེགས་པ་དང་། ཁང་བཟངས་དག་གི་སྟེང་ནས། བུ་མོ་བརྒྱ་སྟོང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དག །བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང་མེ་ཏོག་དག་འཐོར་བར་གྱུར་ཏོ། །ལྷའི་བུ་མོ་སྟོང་ཕྲག་བརྒྱད་ནི་རྒྱན་རྣམས་ཀྱིས་ལྷུག་ལྷུག་པོར་བརྒྱན་ཏེ། རིན་པོ་ཆེ་བཟང་བྱེད་ཐོགས་ནས་ལམ་འཕྱག་ཅིང་བྱང་ཆུབ་སེམས་དཔའི་མདུན་ནས་འདོང་བར་གྱུར་ཏོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་ལུས་ཕྱེད་ཕྱུང་ཞིང་ནམ་མཁའི་དཀྱིལ་ནས་མེ་ཏོག་དང་། དར་གྱི་ལྡ་ལྡི་བྲེ་བར་གྱུར་ཏོ། །ཤཱཀྱའི་ཚོགས་ཐམས་ཅད་ཀྱང་རྒྱལ་པོ་ཟས་གཙང་མའི་མདུན་དུ་བདར་ནས་བྱང་ཆུབ་སེམས་དཔའི་མདུན་ནས་འདོང་བར་གྱུར་ཏེ། བཀོད་པའི་རྣམ་པ་འདི་ལྟ་བུ་འདིས་བྱང་ཆུབ་སེམས་དཔའ་ཡི་གེའི་གྲྭར་ཞུགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཡི་གེའི་གྲྭར་ཞུགས་མ་ཐག་ཏུ། དེ་ནས་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ཞེས་བྱ་བས་བྱང་ཆུབ་སེམས་དཔའི་དཔལ་དང་གཟི་བརྗིད་མ་བཟོད་དེ།


DKG046_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བུབ་ཏུ་སྒྱེལ་ཏོ། །དེ་ལྟར་འགྱེལ་བ་དང་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་ཡན་ལག་བཟང་པོ་ཞེས་བྱ་བས་མཐོང་ནས། ལག་པ་གཡས་པས་བཏེག་སྟེ་བསླང་ངོ་། །བསླངས་ནས་ཀྱང་དེ་ནམ་མཁའི་དཀྱིལ་ན་འདུག་སྟེ། རྒྱལ་པོ་ཟས་གཙང་མ་དང་སྐྱེ་བོ་ཕལ་པོ་ཆེ་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། མི་ཡི་འཇིག་རྟེན་འདི་ན་བསྟན་བཅོས་གང་ཡོད་པ། །གྲངས་དང་ཡི་གེ་རྩིས་དང་ཁམས་ཀྱི་རྒྱུད་དག་དང་། །འཇིག་རྟེན་བཟོ་ཡི་སྦྱོར་བ་ཚད་མེད་མང་པོ་དག །བསྐལ་པ་བྱེ་མང་སྔོན་ཆད་འདིས་ནི་དེ་དག་བསླབས། །འོན་ཀྱང་སྐྱེ་བོའི་རྗེས་སུ་འཐུན་པ་ཙམ་མཛད་དེ། །བྱིས་པ་མང་པོ་ཐེག་པ་མཆོག་ལ་སྨིན་མཛད་དང་། །སེམས་ཅན་ཁྲག་ཁྲིག་གཞན་ཡང་འཆི་མེད་དགོད་པའི་ཕྱིར། །ཤིན་ཏུ་ལོབས་པའང་བསླབ་ཕྱིར་ཡི་གེའི་གྲྭར་ཞུགས་སོ། །འཇིག་རྟེན་འདས་པའི་བདེན་བཞི་ལམ་གྱི་ཚུལ་མཁྱེན་ཅིང་། །རྒྱུ་ལ་བརྟེན་ནས་ཇི་ལྟར་འབྱུང་བ་དེ་ལའང་མཁས། །ཇི་ལྟར་འདུས་བྱས་འགགས་ཟད་བསིལ་འགྱུར་དེ་ཚུལ་ཡང་། །མཁྱེན་ན་ཡི་གེའི་བསྟན་བཅོས་ཙམ་ལྟ་ཅིས་མི་མཁྱེན། །འཇིག་རྟེན་གསུམ་ན་འདི་ཡི་སློབ་དཔོན་གོང་ན་མེད། །ལྷ་དང་མིར་བཅས་ནང་ན་འདི་ཉིད་གཙོ་བོ་སྟེ། །བསྐལ་པ་བྱེ་མང་སྔོན་ཆད་གང་ལ་འདིས་བསླབས་པའི། །ཡི་གེ་དེ་དག་མིང་ཡང་ཁྱེད་ཀྱིས་ཤེས་མི་འགྱུར། །འགྲོ་བ་རྣམས་ཀྱི་སེམས་རྒྱུད་སྣ་ཚོགས་གང་འབྱུང་བ། །སྐད་ཅིག་གཅིག་གིས་སེམས་ཅན་དག་པ་འདིས་མཁྱེན་ཏེ། །གཟུགས་མེད་བལྟར་མི་སྣང་བའི་ཚུལ་ཡང་རབ་མཁས་ན། །ཡི་གེ་གཟུགས་ཡོད་བལྟར་སྣང་དག་ལྟ་སྨོས་ཅི་དགོས། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་བུ་དེས་བྱང་ཆུབ་སེམས་དཔའ་ལ་ལྷའི་མེ་ཏོག་མང་པོས་གཏོར་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་མ་མ་དང་བྲན་མོའི་འཁོར་བཀོད་དེ། རྒྱལ་པོ་ཟས་གཙང་མ་ལ་སོགས་པ་ཤཱཀྱ་གཞན་ནི་ཕྱིར་དོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་ཙན་དན་སྦྲུལ་གྱི་སྙིང་པོ་ལས་བྱས་པའི་ཡི་གེའི་ཤིང་ལྷའི་ཚོན་གྱིས་བྱུགས་པ། གསེར་གྱི་ཡང་མིག་གིས་བཏགས་པ། མཐའ་མ་ནོར་བུ་རིན་པོ་ཆེས་ཀུན་ནས་བརྒྱན་པ་ཐོགས་ཏེ། སློབ་དཔོན་ཀུན་གྱི་བཤེས་གཉེན་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མཁན་པོས་བདག་


DKG046_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡི་གེ་གང་ཞིག་བསླབ། ཚངས་པའི་ཡི་གེའམ། ཁ་རོ་སྟིའི་ཡི་གེའམ། པད་མའི་སྙིང་པོའི་ཡི་གེའམ། ཨང་གའི་ཡི་གེའམ། མང་གའི་ཡི་གེའམ། ཡུལ་མ་ག་དྷཱའི་ཡི་གེའམ། བཀྲ་ཤིས་པའི་ཡི་གེའམ། སོར་མོ་པའི་ཡི་གེའམ། ཤ་ཀ་ནིའི་ཡི་གེའམ། ཡ་བ་ནའི་ཡི་གེའམ། བག་ལེ་བའི་ཡི་གེའམ། པ་རུ་ཤའི་ཡི་གེའམ། འགྲོ་ལྡིང་བའི་ཡི་གེའམ། ཀི་ར་ཏའི་ཡི་གེའམ། ལྷོ་ཕྱོགས་པའི་ཡི་གེའམ། དྲག་ཤུལ་ཅན་གྱི་ཡི་གེའམ། གྲངས་ཀྱི་ཡི་གེའམ། སྤྱིའུ་ཚུགས་པའི་ཡི་གེའམ། རྗེས་སུ་འཐུན་པའི་ཡི་གེའམ། བྲུ་ཤའི་ཡི་གེའམ། ཀ་ཤའི་ཡི་གེའམ། རྒྱའི་ཡི་གེའམ། ཕུ་ནའི་ཡི་གེའམ། ཧུ་ནའི་ཡི་གེའམ། ཡི་གེ་འབྲིང་དང་། རྒྱས་པར་བྲི་བའི་ཡི་གེའམ། རྒྱལ་གྱི་ཡི་གེའམ། ལྷའི་ཡི་གེའམ། ཀླུའི་ཡི་གེའམ། གནོད་སྦྱིན་གྱི་ཡི་གེའམ། དྲི་ཟའི་ཡི་གེའམ། མིའམ་ཅིའི་ཡི་གེའམ། ལྟོ་འཕྱེ་ཆེན་པོའི་ཡི་གེའམ། ལྷ་མ་ཡིན་གྱི་ཡི་གེའམ། ནམ་མཁའ་ལྡིང་གི་ཡི་གེའམ། རི་དགས་ཀྱི་འཁོར་ལོ་བའི་ཡི་གེའམ། ཁྭ་སྐད་ཤེས་པའི་ཡི་གེའམ། ས་བླའི་ལྷའི་ཡི་གེའམ། བར་སྣང་གི་ལྷའི་ཡི་གེའམ། ནུབ་ཀྱི་བ་གླང་སྤྱོད་ཀྱི་ཡི་གེའམ། བྱང་གི་སྒྲ་མི་སྙན་གྱི་ཡི་གེའམ། ཤར་གྱི་ལུས་འཕགས་པོའི་ཡི་གེའམ། གདེག་པའི་ཡི་གེའམ། གཞག་པའི་ཡི་གེའམ། བསྣན་པའི་ཡི་གེའམ། རྒྱ་མཚོའི་ཡི་གེའམ། རྡོ་རྗེའི་ཡི་གེའམ། སྤྲིང་ཡིག་དང་། ལན་གྱི་ཡི་གེའམ། རྣམ་འཐོར་གྱི་ཡི་གེའམ། རིངས་མེད་ཀྱི་ཡི་གེའམ། བསྟན་བཅོས་བསྐོར་བའི་ཡི་གེའམ། རྩིས་བསྐོར་བའི་ཡི་གེའམ། གདེག་པ་བསྐོར་བའི་ཡི་གེའམ། གཞག་པ་བསྐོར་བའི་ཡི་གེའམ། རྐང་པས་བྲིས་པའི་ཡི་གེའམ། ཚིག་ལན་ལན་གཉིས་སུ་གདབ་པའི་ཚིག་གི་མཚམས་ཀྱི་ཡི་གེའམ། ཚིག་གི་མཚམས་བཅུར་བརྒྱུད་པའི་བར་གྱི་ཡི་གེའམ། བླ་ཐབས་སུ་བསྣན་པའི་ཡི་གེའམ། སྒྲ་ཐམས་ཅད་ཀུན་ཏུ་སྡུད་པའི་ཡི་གེའམ། རིག་པ་དང་འཐུན་པའི་ཡི་གེའམ། རྣམ་པར་འདྲེས་པའི་ཡི་གེའམ། དྲང་སྲོང་གི་དཀའ་ཐུབ་སྤྱད་པའི་ཡི་གེའམ། ལྷའི་ངེས་པའི་ཡི་གེའམ། ས་བལྟ་བའི་ཡི་གེའམ།


DKG046_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་བལྟ་བའི་ཡི་གེའམ། སྨན་ཐམས་ཅད་ཀྱི་རྒྱུ་འཐུན་པའི་ཡི་གེའམ། སྙིང་པོ་ཐམས་ཅད་ཀུན་ཏུ་སྡུད་པའི་ཡི་གེའམ། འབྱུང་པོ་ཐམས་ཅད་ཀྱི་སྒྲ་སྡུད་པའི་ཡི་གེའམ། ཀྱེ་སློབ་དཔོན་ཡི་གེ་དྲུག་ཅུ་རྩ་བཞི་པོ་དེ་དག་གི་ནང་ནས་བདག་ལ་གང་བསླབ། དེ་ནས་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ངོ་མཚར་དུ་གྱུར་ནས་བཞིན་གྱི་འཛུམ་ཕྱུང་སྟེ། ང་རྒྱལ་དང་། དྲེགས་པ་དང་། རྒྱགས་པ་མེད་པར་བྱས་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལས་བསླབས་གྱུར་ཀྱང་། །འཇིག་རྟེན་འཇིག་རྟེན་རྗེས་བསྙག་ཕྱིར། །ཡི་གེའི་གྲྭར་ནི་བྱོན་པར་གྱུར། །ཡི་གེ་གང་གི་མིང་དག་ཀྱང་། །བདག་གིས་ཤེས་པར་མ་གྱུར་པ། །དེ་ལ་འདི་ལ་བྱང་གྱུར་ཀྱང་། །ཡི་གེ་སློབ་པའི་གྲྭར་བྱོན་ཏོ། །འདི་ཡི་ཞལ་ནི་མཐོང་མོད་ཀྱི། །སྤྱི་གཙུག་འཕགས་པ་བལྟར་མི་སྣང་། །ཡི་གེའི་ཤེས་རབ་མཐར་ཕྱིན་ན། །བདག་གིས་འདི་གོ་ཇི་ལྟར་བསླབ། །ལྷ་ཡི་ལྷ་ཆེན་ལྷ་འདི་ནི། །ལྷ་རྣམས་ཀུན་གྱི་མཆོག་མཁས་པ། །ཁྱད་པར་འཕགས་ཤིང་མཉམ་པ་མེད། །འཇིག་རྟེན་གང་ཟག་དོ་ཟླ་མེད། །བདག་ཀྱང་འདི་ཉིད་མཐུ་ཡིས་ན། །ཤེས་རབ་ཐབས་ཀྱི་ཁྱད་པར་གྱིས། །འཇིག་རྟེན་ཀུན་ཀྱི་དཔུང་གཉེན་པོ། །ལོབས་པ་འདི་ནི་བསླབ་པར་བྱ། །དགེ་སློང་དག་དེ་ལྟར་བྱིས་པ་སྟོང་ཕྲག་བཅུ་པོ་དེ་དག་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་ཡི་གེ་སློབ་པའི་ཚེ་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱིས་བྱིས་པ་དེ་དག་ཡི་གེའི་ཕྱི་མོ་སློབ་ཅིང་གང་གི་ཚེ། ཨ་ཞེས་བརྗོད་པ་དེའི་ཚེ། འདུ་བྱེད་ཐམས་ཅད་མི་རྟག་པའི་སྒྲ་བྱུང་ངོ་། །ཨཱ་ཞེས་བརྗོད་པ་དང་བདག་མེད་པའི་སྒྲ་བྱུང་ངོ་། །ཨི་ཞེས་བརྗོད་པ་དང་དབང་པོ་ཤིན་ཏུ་ཡངས་པའི་སྒྲ་བྱུང་ངོ་། །ཨཱི་ཞེས་བརྗོད་པ་དང་འགྲོ་བ་ནི་ཡམས་ཀྱི་ནད་མང་བ་ཞེས་བྱ་བའི་སྒྲ་བྱུང་ངོ་། །ཨུ་ཞེས་བརྗོད་པ་དང་འགྲོ་བ་ནི་འཚེ་བ་མང་ངོ་ཞེས་བྱ་བའི་སྒྲ་བྱུང་ངོ་། །ཨཱུ་ཞེས་བརྗོད་པ་དང་འགྲོ་བ་ནི་དམའ་བའོ་ཞེས་བྱ་བའི་སྒྲ་བྱུང་ངོ་། །ཨེ་ཞེས་བརྗོད་པ་དང་། ཉེས་པ་ནི་བཙལ་བ་ལས་བྱུང་ངོ་ཞེས་བྱ་བའི་སྒྲ་བྱུང་ངོ་། །ཨཻ་ཞེས་བརྗོད་པ་དང་འཕགས་པའི་ལམ་ནི་དགེའོ་ཞེས་བྱ་བའི་སྒྲ་བྱུང་ངོ་། །ཨོ་ཞེས་བརྗོད་པ་དང་ཆུ་བོ་


DKG046_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒལ་བའི་སྒྲ་བྱུང་ངོ་། །ཨཽ་ཞེས་བརྗོད་པ་དང་རྫུབ་པའི་སྒྲ་བྱུང་ངོ་། །ཨཾ་ཞེས་བརྗོད་པ་དང་བདག་གི་བ་མི་འབྱུང་ཞེས་བྱ་བའི་སྒྲ་བྱུང་ངོ་། །ཨཿཞེས་བརྗོད་པ་དང་ནུབ་པ་ཞེས་བྱ་བའི་སྒྲ་བྱུང་ངོ་། །ཀ་ཞེས་བརྗོད་པ་དང་ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པ་ཞེས་བྱ་བའི་སྒྲ་བྱུང་ངོ་། །ཁ་ཞེས་བརྗོད་པ་དང་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་ཞེས་བྱ་བའི་སྒྲ་བྱུང་ངོ་། །ག་ཞེས་བརྗོད་པ་དང་ཆོས་ཟབ་ཅེས་བྱ་བའི་སྒྲ་བྱུང་ངོ་། །གྷ་ཞེས་བརྗོད་པ་དང་མ་རིག་པ་དང་། གཏི་མུག་གི་མུན་པ་དང་ལིང་ཐོག་སྟུག་པོ་བསལ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ང་ཞེས་བརྗོད་པ་དང་ཡན་ལག་རྣམ་པར་དག་པ་ཞེས་བྱ་བའི་སྒྲ་བྱུང་ངོ་། །ཙ་ཞེས་བརྗོད་པ་དང་འཕགས་པའི་བདེན་པ་བཞིའི་སྒྲ་བྱུང་ངོ་། །ཚ་ཞེས་བརྗོད་པ་དང་འདོད་པའི་འདོད་ཆགས་སྤང་བའི་སྒྲ་བྱུང་ངོ་། །ཛ་ཞེས་བརྗོད་པ་དང་རྒ་ཤི་ལས་ཡང་དག་པར་འདས་པའི་སྒྲ་བྱུང་ངོ་། །ཛྷ་ཞེས་བརྗོད་པ་དང་འཆི་བྱེད་ཀྱི་རྒྱལ་མཚན་ཅན་གྱི་དཔུང་ཚར་བཅད་པའི་སྒྲ་བྱུང་ངོ་། །ཉ་ཞེས་བརྗོད་པ་དང་ཤེས་པར་བྱེད་པའི་སྒྲ་བྱུང་ངོ་། །ཊ་ཞེས་བརྗོད་པ་དང་ལམ་ཤིན་ཏུ་ཆད་པའི་སྒྲ་བྱུང་ངོ་། །ཋ་ཞེས་བརྗོད་པ་དང་དྲི་བ་བཞག་པའི་སྒྲ་བྱུང་ངོ་། །ཌ་ཞེས་བརྗོད་པ་དང་དཀྲུགས་མ་དང་བདུད་ཚར་བཅད་པའི་སྒྲ་བྱུང་ངོ་། །ཌྷ་ཞེས་བརྗོད་པ་དང་ཡུལ་མི་གཙང་བའི་སྒྲ་བྱུང་ངོ་། །ཎ་ཞེས་བརྗོད་པ་དང་ཉོན་མོངས་པ་ནི་ཕྲ་བ་ཞེས་བྱ་བའི་སྒྲ་བྱུང་ངོ་། །ཏ་ཞེས་བརྗོད་པ་དང་དེ་བཞིན་ཉིད་ནི་འདྲེས་པ་མེད་ཅེས་བྱ་བའི་སྒྲ་བྱུང་ངོ་། །ཐ་ཞེས་བརྗོད་པ་དང་མཐུ་སྟོབས་དང་ཤུགས་དང་མི་འཇིགས་པའི་སྒྲ་བྱུང་ངོ་། །ད་ཞེས་བརྗོད་པ་དང་སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། ངེས་པའི་སྒྲ་བྱུང་ངོ་། །དྷ་ཞེས་བརྗོད་པ་དང་འཕགས་པ་རྣམས་ཀྱི་ནོར་ནི་རྣམ་པ་བདུན་ནོ་ཞེས་བྱ་བའི་སྒྲ་བྱུང་ངོ་། །ན་ཞེས་བརྗོད་པ་དང་མིང་དང་གཟུགས་ཡོངས་སུ་ཤེས་པར་བྱ་བའི་སྒྲ་བྱུང་ངོ་། །པ་ཞེས་བརྗོད་པ་དང་དོན་དམ་པའི་སྒྲ་བྱུང་ངོ་། །ཕ་ཞེས་བརྗོད་པ་དང་འབྲས་བུ་རྙེད་པ་མངོན་དུ་བྱ་བའི་སྒྲ་བྱུང་ངོ་། །བ་ཞེས་བརྗོད་པ་དང་བཅིངས་པ་ལས་རྣམ་པར་ཐར་པའི་སྒྲ་བྱུང་ངོ་། །བྷ་ཞེས་བརྗོད་པ་དང་སྲིད་པ་འཇིགས་པའི་སྒྲ་བྱུང་ངོ་། །མ་ཞེས་བརྗོད་པ་དང་ང་རྒྱལ་དང་རྒྱགས་པ་ཞི་བར་བྱ་བའི་སྒྲ་བྱུང་ངོ་། །ཡ་ཞེས་བརྗོད་པ་དང་


DKG046_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བའི་སྒྲ་བྱུང་ངོ་། །ར་ཞེས་བརྗོད་པ་དང་དགའ་བ་ལ་དགའ་བ་མེད་པའི་དོན་དམ་པར་དགའ་བ་ཞེས་བྱ་བའི་སྒྲ་བྱུང་ངོ་། །ལ་ཞེས་བརྗོད་པ་དང་འཁྲི་ཤིང་ཆད་པའི་སྒྲ་བྱུང་ངོ་། །ཝ་ཞེས་བརྗོད་པ་དང་ཐེག་པ་མཆོག་གི་སྒྲ་བྱུང་ངོ་། །ཤ་ཞེས་བརྗོད་པ་དང་ཞི་གནས་དང་ལྷག་མཐོང་གི་སྒྲ་བྱུང་ངོ་། །ཥ་ཞེས་བརྗོད་པ་དང་སྐྱེ་མཆེད་དྲུག་གཞོམ་ཞིང་མངོན་པར་ཤེས་པ་དྲུག་དང་ཡེ་ཤེས་ཐོབ་པའི་སྒྲ་བྱུང་ངོ་། །ས་ཞེས་བརྗོད་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་སྒྲ་བྱུང་ངོ་། །ཧ་ཞེས་བརྗོད་པ་དང་ཉོན་མོངས་པ་བཅོམ་ཞིང་འདོད་ཆགས་དང་བྲལ་བའི་སྒྲ་བྱུང་ངོ་། །ཀྵ་ཞེས་བརྗོད་པ་དང་ཡི་གེའི་མཐར་ཕྱིན་ཏེ། ཆོས་ཐམས་ཅད་བརྗོད་དུ་མེད་པའོ་ཞེས་བྱ་བའི་སྒྲ་བྱུང་ངོ་། །དེ་ལྟར་བྱིས་པ་དེ་དག་ཡི་གེའི་ཕྱི་མོ་སློབ་པའི་ཚེ། བྱང་ཆུབ་སེམས་དཔའི་མཐུས་དེ་དག་ལ་སོགས་པ་ཆོས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་བྱུང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཡི་གེའི་གྲྭ་ན་འདུག་པའི་ཚེ་བྱིས་པ་སུམ་ཁྲི་ཉིས་སྟོང་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །བྱང་ཆུབ་སེམས་དཔའ་ལོབས་པར་གྱུར་ཀྱང་ཡི་གེའི་གྲྭར་འཇུག་པའི་རྒྱུ་ནི་དེ་ཡིན་ནོ། །རྐྱེན་ནི་དེ་ཡིན་ནོ། །ཡི་གེ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།


previousབཅུ་པ། ཡི་གེ་བསྟན་པའི་ལེའུ། next