Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་བརྒྱད་པ།


   
   
   
   
   
   
   
བདུན་པ། བལྟམས་པའི་ལེའུ།
   
   
   
   
   
   
   
   
   
   
   
   


 
previousབདུན་པ། བལྟམས་པའི་ལེའུ། next

བདུན་པ། བལྟམས་པའི་ལེའུ།


DKG048_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱ་བ་གསུམ་གྱིས་བྱ་བ་དང་མི་བྱ་བ་ཐམས་ཅད་ཡང་དག་པར་རྗེས་སུ་མཐོང་སྟེ། གསུམ་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དམ་པའི་ཆོས་ཡོངས་སུ་བཙལ་བར་བྱ་བ་འདི་ནི་བྱ་བ་དང་པོའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཚད་བྱས་པ་མ་ཡིན་པར་ཡོངས་སུ་ཚོལ་བ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཟབ་མོ་དག་ཐོས་ན་ཡང་མི་སྐྲག་ཅིང་གཏིང་དཔོགས་པར་བྱེད་ལ་ལྷག་པར་མོས་ཤིང་སྤོང་བར་མི་བྱེད་དེ། ཤ་ར་དྭ་ཏིའི་བུ་དེ་ཇི་ལྟ་ཇི་ལྟར་ཆོས་ཟབ་མོ་དག་ཐོས་པ་དེ་ལྟ་དེ་ལྟར་རྒྱས་པར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལས་མི་ལྡོག་པ་འདི་ནི་བྱ་བ་གཉིས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཡིན་པར་བལྟ་བར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐད་དུ་མི་ལ་ལ་ཞིག་འོངས་ནས། བྱང་ཆུབ་སེམས་དཔའ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ནི་བདོག་པ་ཐམས་ཅད་ཡོངས་སུ་བཏང་བར་བྱ་དགོས་ཏེ།


DKG048_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྱང་ཆུབ་སེམས་དཔས་མི་སྦྱིན་པར་བྱ་བའི་དངོས་པོ་དེ་ནི་མེད་པ་ཡིན་ནོ། །ཞེས་དེ་སྐད་ཅེས་སྨྲས་ལ། གལ་ཏེ་བྱང་ཆུབ་སེམས་དཔས་དེ་སྐད་ཅེས་ཐོས་ནས་ཞུམ་པར་མི་བྱེད། སྒྱིད་ལུག་པར་མི་བྱེད་ལ་མི་ལྡོག་པ་འདི་ནི་བྱ་བ་གསུམ་པ་སྟེ། འདི་ཡང་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཡིན་པར་བལྟ་བར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའི་ཐད་དུ་མི་ལ་ལ་ཞིག་འོངས་ནས། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ནི་སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་བསྒྲུབ་པར་བྱ་སྟེ། དེ་ལྟ་བས་ན་བདག་ནི་འདི་ལྟར་སྡུག་བསྔལ་ཞིང་བདག་ནི་མཆོག་ཏུ་སྡུག་བསྔལ་བ་ཡིན་པས་བདག་ཁོ་ན་ལ་ཁྱོད་ཀྱིས་བདེ་བའི་ཡོ་བྱད་ཉེ་བར་སྒྲུབས་ཤིག །ཕྱིས་ནི་སེམས་ཅན་གཞན་དག་ལ་བདེ་བའི་ཡོ་བྱད་ཉེ་བར་སྒྲུབས་ཤིག་ཅེས་དེ་སྐད་ཅེས་སྨྲས་ལ། གལ་ཏེ་བྱང་ཆུབ་སེམས་དཔས་དེ་སྐད་ཅེས་ཐོས་ནས་ཞུམ་པར་མི་བྱེད་ཅིང་། བདེ་བ་དེ་ཉེ་བར་སྒྲུབ་པར་ནུས་པ་ཡིན་ལ། དེ་ཡང་ཉེ་བར་མི་སྒྲུབ་པར་བདག་ནི་སེམས་ཅན་འདི་ལ་བདེ་བའི་ཡོ་བྱད་ཉེ་བར་སྒྲུབ་པར་ནུས་པ་ཡང་མ་ཡིན་ན། སེམས་ཅན་ཐམས་ཅད་ལ་ལྟ་ཅི་སྨོས་ཞེས་ཞུམ་པའི་སེམས་སྐྱེད་པར་བྱེད་ཅིང་། ཀུན་ཏུ་ཞུམ་པའི་སེམས་སྐྱེད་པར་བྱེད་ན། གལ་ཏེ་དེ་ལྟ་ན་ཀུན་ཏུ་ཞུམ་པར་བྱེད་པ་དེ་ནི་ལྷག་པའི་བསམ་པ་མ་ཡིན་པར་བལྟ་བར་བྱའོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་སེམས་ཅན་དེ་ལ་བདེ་བའི་ཡོ་བྱད་ཉེ་བར་སྒྲུབ་པ་ན། དེ་ཡང་བྱང་ཆུབ་སེམས་དཔའ་དེ་ལ་གཤེ་བར་བྱེད་ཅིང་བརྒྱད་བཀག་བྱེད་ལ། ཚིག་རྩུབ་པོ་ཚོགས་པར་དབྱུང་བར་འོས་པ་མ་ཡིན་པ་སྡིག་པ་ཅན་གྱིས་ཀུན་ཏུ་སྦྱོང་བར་བྱེད་ན། བྱང་ཆུབ་སེམས་དཔས་ནི་དེ་ལ་ཁྲོ་བ་བསྐྱེད་པར་མི་བྱ། གནོད་སེམས་བསྐྱེད་པར་མི་བྱ། དེ་ལ་བྱམས་པའི་སེམས་ཉིད་དང་། སྙིང་རྗེ་ཉིད་བསྐྱེད་པར་བྱ། དེ་ལ་བདེ་བ་ཉིད་ཉེ་བར་བསྒྲུབ་པར་བྱ་ཞིང་སྡུག་བསྔལ་ནི་མ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེས་ནི་དུལ་བ་


DKG048_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞི་བའི་སེམས་བསྐྱེད་པ་དང་བདེ་བའི་ཡོ་བྱད་ཀྱི་སེམས་བསྐྱེད་པ་དེ་དག་གིས་འཁོར་བ་དཔག་ཏུ་མེད་པ་དུམ་བུར་ཆད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །སེམས་ཅན་དཔག་ཏུ་མེད་པ་ལ་བདེ་བའི་ཡོ་བྱད་ཉེ་བར་བསྒྲུབས་པར་ཡང་ཡང་དག་པར་རྗེས་སུ་མཐོང་ངོ་། །བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་ཡང་ཡང་དག་པར་རྗེས་སུ་མཐོང་ངོ་། །སེམས་བསྐྱེད་པ་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་སྒྲུབ་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ལྷག་པའི་བསམ་པ་དང་ལྡན་ཞིང་ཐབས་ལ་མཁས་པར་རིག་པར་བྱའོ། །གང་སེམས་མ་སྨས་ཤིང་སེམས་མ་ཉམས་པས་སེམས་ཅན་དེ་ལ་བདེ་བའི་ཡོ་བྱད་ཉེ་བར་བསྒྲུབས་ལ། སེམས་ཅན་དེ་ཡང་གཤེ་བར་བྱེད་ཅིང་བརྒྱད་བཀག་བྱེད་ལ་ཚིག་ཚོགས་པར་དབྱུང་བར་འོས་པ་མ་ཡིན་པ་སྡིག་པ་ཅན་གྱིས་ཀུན་ཏུ་སྤྱོད་པར་བྱེད་ན་བྱང་ཆུབ་སེམས་དཔའ་ནི་དེ་ལ་བཟོད་པར་བྱེད་ཅིང་། དེ་ལ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ལ་ནི་བདག་ལ་སངས་རྒྱས་ཀྱི་ཆོས་རྣམས་རབ་ཏུ་སྟོན་པར་བྱེད་དེ། བདག་གིས་དེ་ལ་གནོད་སེམས་གང་ཅི་ཡང་རུང་བ་བསྐྱེད་པར་གྱུར་ན། དེ་ཙམ་དུ་བདག་བྱང་ཆུབ་ལས་ཉམས་པར་འགྱུར་རོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐབས་ལ་མཁས་པ་ཡིན་པར་བལྟ་བར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐད་དུ་མི་ལ་ལ་ཞིག་འོངས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རྙེད་པར་དཀའ་སྟེ། ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མི་ནུས་ཤིང་། ཁྱོད་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་པར་མི་ནུས་སོ་ཞེས་དེ་སྐད་ཅེས་སྨྲས་ལ། གལ་ཏེ་ཐོས་ནས་ཡིད་གཏོད་པར་བྱེད་ན་ལྷག་པའི་བསམ་པ་མ་ཡིན་པར་བལྟ་བར་བྱའོ། །གལ་ཏེ་དེ་ལ་སངས་རྒྱས་ཀྱི་ཆོས་རྙེད་པར་དཀའ་བ་ཉིད་ལ་རྙེད་སླ་བ་ཉིད་སྐྱེས་ན་དེ་ལྟ་ན་ལྷག་པའི་བསམ་པ་མ་ཡིན་པར་བལྟ་བར་བྱའོ། ཤ་ར་དྭ་ཏིའི་བུ་གཞན་ཡང་གལ་ཏེ་


DKG048_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་ཐད་དུ་མི་ལ་ལ་ཞིག་འོངས་ནས་རིགས་ཀྱི་བུ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་རང་གི་ལུས་དང་རང་གི་སྲོག་ལ་ཡང་དབང་མེད་པ་ཡིན་ན། ལོངས་སྤྱོད་རྣམས་ལ་དབང་ཡོད་པར་འགྱུར་བ་ལྟ་ཅི་སྨོས་ཏེ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ལུས་དང་སྲོག་ལ་ཡང་དབང་མེད་པར་གྱུར་ན་མི་རུང་གིས་སེམས་དེ་ཐོང་ཤིག །ཅེས་དེ་སྐད་ཅེས་སྨྲས་ལ། དེ་ལ་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་ཐམས་ཅད་ནི་ལུས་དང་སྲོག་ལ་དབང་མེད་དེ་ལུས་དང་སྲོག་ལ་དབང་མེད་པར་གྱུར་པས་ཀུན་ཏུ་སྲུང་བའི་ཕྱིར་མངོན་པར་བརྩོན་ནོ། །ཀུན་ཏུ་སྲུང་བའི་ཕྱིར་མངོན་པར་བརྩོན་པ། དེ་དག་ཉིད་ཀྱི་ལུས་འཇིག་པར་འགྱུར་བ་ཉིད་ཡིན་ཞིང་ལུས་འགག་པར་འགྱུར་བ་ཉིད་ཡིན་ལ། སྲོག་ཀྱང་འགག་པར་འགྱུར་བ་ཉིད་ཡིན་ན། བདག་གི་ལྟ་ཅི་སྨོས་སྙམ་ན། ལྷག་པའི་བསམ་པ་དང་ལྡན་པ་མ་ཡིན་པར་རིག་པར་བྱ་ཞིང་ཐབས་ལ་མཁས་པ་མ་ཡིན་པར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་ཐམས་ཅད་ནི་ལུས་དང་སྲོག་ལ་ཀུན་ཏུ་སྲུང་བའི་ཕྱིར་མངོན་པར་བརྩོན་པ་དག་སྟེ། དེ་དག་ནི་ལུས་དང་སྲོག་ལ་དབང་མེད་པ་ཡིན་ནོ། །དབང་མེད་པར་གྱུར་པ་དེ་དག་གི་ལུས་རབ་ཏུ་འཇིག་པར་འགྱུར་བ་ཉིད་ཡིན་ཞིང་ལུས་འགག་པར་འགྱུར་བ་ཉིད་ཡིན་ལ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་གནོད་པ་དག་གིས་མངོན་པར་གསོད་པ་ཉིད་ཡིན་ཏེ། དེ་དག་ནི་ལུས་ཀུན་ཏུ་སྲུང་བའི་ཕྱིར་མངོན་པར་བརྩོན་པ་དག་ཡིན་པས་ལས་རྣམ་པ་སྣ་ཚོགས་དག་མངོན་པར་འདུ་བྱེད་དེ། དེ་དག་གིས་ལུས་ཀུན་ཏུ་བསྲུངས་པ་ཉིད་ཡིན་ཞིང་། སྲོག་ཀུན་ཏུ་བསྲུངས་པ་ཉིད་ཡིན་ཡང་། ལུས་གཞན་ཉིད་དུ་འགྲོ་བར་འགྱུར་ཞིང་། སྲོག་གཞན་ཉིད་དུ་འགྲོ་བར་འགྱུར་རོ་སྙམ་ནས། གལ་ཏེ་བདག་ལུས་དང་སྲོག་ལ་ལྟ་བ་དང་བཅས་པར་གྱུར་ཅིང་། ཀུན་ཏུ་སྲུང་བར་གྱུར་ན། དེ་ལྟ་ན་བདག་ནི་ལུས་དང་སྲོག་ལ་ལྟ་བ་དང་བཅས་པ་ཡིན་པས། སྡིག་པ་ཅན་གྱི་ལས་རྣམས་བྱས་ནས་འགྲོ་བ་ལྔ་དང་ལྡན་པའི་འཁོར་བར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་


DKG048_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཀྱེ་མ་བདག་གིས་ནི་ལུས་དང་སྲོག་ལ་ལྟ་བ་མེད་པར་བྱ། མི་བསྲུང་བར་བྱ། བདག་གིས་ནི་ལུས་དང་སྲོག་ཡང་དོར་བ་ཉིད་དུ་བྱ། བདག་གིས་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་ལྟ་བ་དང་བཅས་པར་བྱ་ཞིང་། ལུས་དང་སྲོག་ལ་ནི་མ་ཡིན་པར་བྱ། སེམས་ཅན་ཐམས་ཅད་ཀྱང་ཐར་པ་ལ་མངོན་པར་བརྩོན་པར་ལྟ་བ་དང་བཅས་པར་བྱ། ལུས་དང་སྲོག་ལ་ཡང་སྲེད་པ་དང་བྲལ་བར་བྱ། བདག་གིས་ནི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་སྲེད་པ་དང་ལྡན་པར་བྱ། བདག་གིས་ནི་སྐྱེ་བ་མེད་པ་ལ་མོས་པར་བྱ། བདག་གིས་ནི་ཆོས་བསྟན་པའི་ཕྱིར་སྐྱོ་བ་མེད་པར་བྱ། བདག་གིས་ནི་མ་བཅིངས་མ་གྲོལ་བའི་ཆོས་བསྟན་པར་བྱའོ་སྙམ་མོ། །དེ་ལ་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་སོ་སོར་རྟོག་པར་བྱེད་དེ། བདག་གིས་སེམས་ཅན་དེ་ལ་ཀྱེ་མི་གང་ལུས་དང་སྲོག་ལ་དབང་མེད་པ་ཉིད་འདི་ནི་རྩོལ་བ་མཆོག་ཡིན། འདི་ནི་གོ་ཆ་མཆོག་ཡིན་ནོ་ཞེས་དེ་སྐད་ཅེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་མི་ཆོས་ཐམས་ཅད་ནི་རང་བཞིན་མེད་པའི་ཕྱིར་ཏེ། ཀྱེ་མི་ཆོས་ཐམས་ཅད་ནི་རྟེན་པ་མེད་པའོ་ཞེས་གལ་ཏེ་དེ་སྐད་ཅེས་སྨྲས་ན། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དང་ལྡན་པ་ཡིན་པར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའི་ཐད་དུ་མི་ལ་ལ་ཞིག་འོངས་ནས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ནི་སེམས་ཅན་ཐམས་ཅད་ཀྱི་སློབ་མར་གྱུར་པར་བྱ་དགོས་ཏེ། ཁྱོད་ཀྱིས་ཀྱང་ད་ཕྱིན་ཆད་ངའི་སློབ་མར་གྱུར་པར་བྱ་དགོས་སོ་ཞེས་དེ་སྐད་ཅེས་སྨྲ་ན་དེ་ལ་བྱང་ཆུབ་སེམས་དཔས་ཀྱེ་མི་བདག་ནི་ཁྱོད་གཅིག་པུ་ཁོ་ནའི་སློབ་མར་གྱུར་པ་མ་ཡིན་གྱི། བདག་ནི་སེམས་ཅན་ཐམས་ཅད་ཀྱི་སློབ་མར་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་གིས་སེམས་ཅན་གྱི་ཁུར་ཉེ་བར་བླངས་པའི་ཕྱིར་ཏེ། ཁུར་དེ་ཡང་ནད་མེད་པའི་ཁུར་དང་། མི་ངལ་བའི་ཁུར་དང་། བདེ་བའི་ཁུར་དང་། གཙོ་བོ་འབྱུང་བར་འགྱུར་བའི་ཁུར་དང་། དེ་བཞིན་གཤེགས་པའི་བསྟན་པའི་ཁུར་དང་། དམ་པའི་ཆོས་ཉན་པའི་ཁུར་དང་། ཆོས་ཐོས་པ་སྒྲུབ་པའི་ཁུར་དང་། ཐར་བར་འགྱུར་བའི་ཁུར་དང་། ཀྱེ་མི་ཁུར་དེ་ནི་དེ་ལྟ་བུ་ཡིན་


DKG048_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཀྱེ་མི་ཁུར་དེ་ནི་ལུས་དུབ་པར་བྱེད་པ་མ་ཡིན་ཞིང་། སེམས་དུབ་པར་བྱེད་པ་མ་ཡིན་ལ། བདག་ལ་མ་འོངས་པ། གཞན་ལས་མ་འོངས་པ། བདག་སྡུག་བསྔལ་བར་མི་བྱེད་པ། གཞན་སྡུག་བསྔལ་བར་མི་བྱེད་པ་ཡིན་ན། ཀྱེ་མི་ཁྱོད་ཀྱིས་ཁྱོད་ང་འབའ་ཞིག་གི་སློབ་མར་གྱུར་པར་བྱོས་ཤིག་ཅེས་དེ་སྐད་ཅེས་སྨྲས་ན། ཀྱེ་མི་ཁྱོད་ལ་ཅི་དགོས་ཞེས་དེ་སྐད་ཅེས་བརྗོད་པར་བྱའོ། །གལ་ཏེ་ལུས་དང་སྲོག་དགོས་སོ་ཞེས་དེ་སྐད་ཅེས་སྨྲས་ན། དེས་དེ་ལ་ཀྱེ་མི་བདག་གིས་ནི་ལུས་ཡོངས་སུ་གཏོང་ཞིང་། སྲོག་ཡོངས་སུ་གཏང་གི་བདག་གིས་ཁྱོད་ཡོངས་སུ་གཏང་བ་མ་ཡིན་གྱིས། ཀྱེ་མི་ཁྱོད་བདག་པོ་མེད་ཅིང་དབང་ཕྱུག་མེད་པའི་ཆོས་རྣམས་ལ་དབང་ཕྱུག་ཏུ་འདུ་ཤེས་མ་སྐྱེད་ཅིག །དབང་ཕྱུག་གི་འདུ་ཤེས་བསྐྱེད་དེ། སྡིག་པ་ཅན་གྱི་ལས་རྣམས་བྱས་ན་ཁྱོད་ནི་སྡིག་པ་ཅན་གྱི་ལས་དག་གིས་སྡིག་པ་ཅན་གྱི་འགྲོ་བར་འགྱུར་ཏེ། ཀྱེ་མི་ཁྱོད་ལ་སྡིག་པ་ཅན་གྱི་འགྲོ་བར་འགྱུར་བས་ཁྱོད་སྡིག་པ་ཅན་གྱི་ལས་དག་ལ་སྦྱོར་བར་ནི་མི་སྤྲོའོ། །ཇི་སྟེ་དེ་ལྟར་མི་སེམས་ན་ནི་ཅི་འདོད་པ་བཞིན་དུ་བྱོས་ཤིག་ཅེས་དེ་སྐད་ཅེས་བརྗོད་པར་བྱའོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ལ་དེ་ལྟར་མི་ལྟ་བར་གནས་ན། ཤ་ར་དྭ་ཏིའི་བུ་ལྷག་པའི་བསམ་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བལྟ་བར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ཡིན། དེའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམ་པར་མ་ཉམས་པ་ཉིད་ཡིན། འཁོར་བ་ཡང་ཐག་རིང་པོར་བྱེད་པ་ཡིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཉེ་བར་གྱུར་པ་ཡིན། དེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་ཡིན། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་བ་ཡིན། བདག་ཉིད་ཀྱི་དགེ་བའི་རྩ་བ་ཡང་ཡོངས་སུ་བྱང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་མཁན་དེས་ཇི་ལྟ་ཇི་ལྟར་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཤིན་ཏུ་སྦྱངས་པ་ཡོངས་སུ་བྱང་བར་བྱེད་པ་དེ་ལྟ་དེ་ལྟར་ནོར་བུ་རིན་པོ་ཆེ་དེ་ཆེས་འོད་གསལ་བ་ཡིན་ཞིང་། ཆེས་ཡོངས་སུ་དག་པ་ཡིན་ལ། དེ་ལྟ་དེ་ལྟར་བདག་ལ་རྒྱལ་པོས་མངོན་པར་གཏོད་པ་བྱིན་པར་འགྱུར་རོ་སྙམ་ནས་


DKG048_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་མཁན་དེས་བདག་ཉིད་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མཐོང་སྟེ། དེས་རྒྱལ་པོའམ། དེ་ལས་གཞན་པ་མཁས་པ་དག་ལས་བསྟི་སྟང་དུ་བྱ་བ་དག་འཐོབ་ཅིང་། ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་དེ་དག་ཀུན་ཏུ་སྟོན་པར་བྱེད་ལ། ནོར་བུ་རིན་པོ་ཆེ་དེ་ལ་ཡང་རྒྱལ་པོ་དང་། གཞོན་ནུ་དང་། བློན་པོ་ཆེན་པོ་དང་། མཁས་པ་དེ་དག་ནོར་བུ་རིན་པོ་ཆེའི་ཡོན་ཏན་དག་ལ་དགའ་བ་སྐྱེད་པར་བྱེད་ཅིང་། ནོར་བུ་རིན་པོ་ཆེ་དེ་མཐོང་ན་ཡང་དགའ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་དེ་ལྟར་མཉམ་པ་ཉིད་ཀྱི་སོ་སོར་རྟོག་པས་ལན་མང་དུ་གནས་པར་བྱེད་པ་དེ་ལྟ་དེ་ལྟར་རང་གི་དགེ་བའི་རྩ་བ་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་བྱང་བར་བྱེད་པ་ཡིན། མངོན་པར་གཏོང་བར་ཡང་ནུས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཡང་ཕྲད་པར་འགྱུར་བ་ཡིན། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་སྟོན་པར་མཛད་པ་ཡིན། སེམས་ཅན་ཐམས་ཅད་ཀྱིས་ཀྱང་བགྲོད་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་གིས་སྨན་གྱི་ཤིང་ལྗོན་པ་བསྐྱེད་ལ། མི་དེ་ཇི་ལྟ་ཇི་ལྟར་དུས་དུས་སུ་འོབས་ཀྱང་རྐོ་བར་བྱེད་ཅིང་ཆུ་ཡང་ལྡུགས་པར་བྱེད་ལ། རི་དགས་དང་བྱ་དང་རླུང་གི་སྐྱོན་བསལ་བའི་ཕྱིར་ཡང་ཀུན་དུ་སྲུང་བར་བྱེད་པ་དེ་ལྟ་དེ་ལྟར་སྨན་གྱི་ཤིང་ལྗོན་པ་དེ་རྣམ་པར་འཕེལ་བར་འགྱུར་ལ། རྣམ་པར་འཕེལ་ནས་ཀྱང་སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་ནད་སེལ་བར་བྱེད་ཅིང་། ནད་ཀུན་ཏུ་གཅོད་པར་བྱེད་ལ། སེམས་ཅན་ནད་མེད་པ་རྣམས་ཀྱིས་བགྲོད་པར་བྱ་བ་ཡང་ཡིན་པ་དེ་བཞིན་དུ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཇི་ལྟ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་དང་། དགེ་བའི་རྩ་བ་ཡང་སྐྱེད་པར་བྱེད་པ་དང་། ཆོས་ཤེས་པ་དེ་ཡང་ཡོངས་སུ་ཚོལ་བར་བྱེད་པ་དང་། ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པ་ཡིན་པ་དང་། དེ་བཞིན་དུ་བདུད་ཀྱི་ལས་དང་། ཉོན་མོངས་པ་ཡོངས་སུ་སྐྱོབ་པར་བྱེད་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་རྣམ་པར་འཕེལ་བར་བྱེད་པ་ཡིན་ཏེ། དེ་རྣམ་


DKG048_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཕེལ་བར་བྱས་ནས་ཀྱང་སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་ནད་ངེས་པར་འཇོམས་པར་བྱེད་པ་ཡིན། ཡེ་ཤེས་ཀྱི་སྨན་སྦྱོར་བར་བྱེད་པ་ཡིན། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ལྷ་དང་། མི་དང་། ལྷ་མ་ཡིན་གྱི་འཇིག་རྟེན་དུ་བཅས་པའི་སེམས་ཅན་ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་རྣམས་ཀྱིས་བགྲོད་པར་བྱ་བ་ཡང་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐད་དུ་མི་ལ་ལ་ཞིག་འོངས་ནས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་ཇི་ཙམ་དུ་སེམས་ཅན་དག་ཐར་བར་བྱེད་པ་དེ་ཙམ་ཁོ་ནར་གྲངས་མེད་པར་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་གང་ཡིན་པ་དེ་གཅིག་པུས་ཉམས་སུ་མྱང་བར་བྱ་དགོས་ཤིང་། དེ་བཞིན་དུ་བདག་གི་སྡུག་བསྔལ་ཡང་གཅིག་པུ་འབའ་ཞིག་གིས་ཉམས་སུ་མྱང་བར་བྱ་དགོས་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སེམས་བསྐྱེད་པ་བྱས་པའི་སྡུག་བསྔལ་དེ་ཡང་ཁྱོད་གཅིག་པུ་འབའ་ཞིག་གིས་ཉམས་སུ་མྱང་བར་བྱ་དགོས་ཏེ། སེམས་ཅན་ཐམས་ཅད་ནི་ཐར་བར་གྱུར་ན། ཁྱོད་ནི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །གལ་ཏེ་ཁྱོད་ཀྱིས་དེ་ལྟར་བཏང་ན། དེ་ལྟ་ན་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ནུས་སོ་ཞེས་དེ་སྐད་ཅེས་སྨྲས་ན། གལ་ཏེ་བྱང་ཆུབ་སེམས་དཔས་དེ་ལྟར་མོས་པ་བཟློག་པ་ཉེ་བར་བསྒྲུབས་པའི་ཚིག་ཐོས་ནས་དང་དུ་ལེན་པར་བྱེད་དེ། སྐྲག་ཅིང་དངངས་ལ་དེ་མི་ནུས་སོ་སྙམ་དུ་མངོན་པར་བསམས་ནས་ཞུམ་པར་བྱེད་ན། ལྷག་པའི་བསམ་པ་མ་ཡིན་པར་བལྟ་བར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ལ་སེམས་འདི་ལྟ་བུ་སྐྱེ་སྟེ། གལ་ཏེ་བདག་སེམས་ཅན་དམྱལ་བར་སྐྱེས་ནས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་གྱུར་ཅིང་། རྣམ་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ལ། སེམས་ཅན་དམྱལ་བ་ཆེན་


DKG048_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་འཇིགས་པ་དག་ལས་ཐར་བར་གྱུར་ན། སེམས་ཅན་རེ་རེའི་དོན་གྱི་ཕྱིར་ཡང་བདག་བསྐལ་པ་གྲངས་མེད་དཔག་ཏུ་མེད་པར་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བ་ཡོངས་སུ་འཛིན་པར་སྤྲོའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་དེ་ལྟ་བུ་དེ་དང་། སངས་རྒྱས་ཀྱི་སྟོབས་དེ་ལྟ་བུ་དེ་དང་། སངས་རྒྱས་ཀྱི་མི་འཇིགས་པ་དེ་ལྟ་བུ་དེ་དང་། ཇི་ལྟར་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཆགས་པ་རྣམས་ཀྱི་འདོད་ཆགས་རྣམ་པར་གཞིག་པའི་ཕྱིར་གཏམ་མཛད་པ་དང་། དེ་བཞིན་དུ་ཞེ་སྡང་དང་། གཏི་མུག་རྣམ་པར་གཞིག་པའི་ཕྱིར་གཏམ་མཛད་པ་དང་། གང་གཏམ་དེ་མཛད་པ་དང་། ཇི་ལྟར་སྡུག་བསྔལ་གྱི་ཕུང་པོ་གྲངས་མེད་པ་རྒྱུན་ཆད་པ་ཡིན་པ་དང་། ཐོག་མ་མེད་པའི་སེམས་ཅན་དེ་སྙེད་རྒྱུན་ཆད་པར་བྱས་པ་ཡིན་པ་དང་། བསྐལ་པ་ཚད་མེད་པར་ཡོངས་སུ་བསྐྱབ་པར་བྱས་པ་ཡིན་པ་དང་། སེམས་ཅན་རྣམས་ཀྱིས་འདོད་ཆགས་དང་བྲལ་བའི་བདེ་བ་ཉིད་དེ་ལྟ་བུ་རྗེས་སུ་ཐོབ་པ་ཡིན་པའི་ཕྱིར་ཏེ་རྣམ་གྲངས་དེས་ན་བདག་བསྐལ་པ་གྲངས་མེད་དཔག་ཏུ་མེད་པར་སེམས་ཅན་དམྱལ་བ་ཆེན་པོར་གནས་པར་སྤྲོའོ་སྙམ་ནས། དེ་ལ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་མི་ཞུམ་པ་ཡིན། དེ་ལ་ཡང་བྱང་ཆུབ་སེམས་དཔའ་མི་ནུར་བ་ཡིན། དེ་ལ་ཡང་བྱང་ཆུབ་སེམས་དཔའ་ངན་པའི་འདུ་ཤེས་སྐྱེད་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དེ་ནི་ལེ་ལོ་མེད་ཅིང་ལྷག་པའི་བསམ་པ་དང་ལྡན་པ་ཡིན་པར་ཤེས་པར་བྱའོ། །ཤ་ར་དྭ་ཏིའི་བུ་ཁྱོད་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རྒྱས་པར་ཉན་པར་འདོད་དམ། གསོལ་པ་བཅོམ་ལྡན་འདས་འཚལ་ལགས་སོ། །བཅོམ་ལྡན་འདས་དེའི་དུས་ལགས་སོ། །བདེ་བར་གཤེགས་པ་དེ་ནི་དུས་ལ་བབ་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་གང་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་རྣམ་པར་དབྱེ་བར་གསོལ། དེ་ནས་བཅོམ་


DKG048_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ཡངས་པ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ཏུ་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་རྒྱལ་པོའི་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །བཅོམ་ལྡན་འདས་དེའི་ཉན་ཐོས་ཆེན་པོ་འདུས་པ་ནི་ཉན་ཐོས་བརྒྱད་ཁྲི་བཞི་སྟོང་བྱུང་ངོ་། །བྱང་ཆུབ་སེམས་དཔའ་འདུས་པ་ཡང་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་བྱུང་ངོ་། །ཉན་ཐོས་འདུས་པ་རེ་རེ་ལ་ཡང་དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་ངོ་། །བྱང་ཆུབ་སེམས་དཔའ་འདུས་པ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་ངོ་། །བཅོམ་ལྡན་འདས་དེའི་སློབ་མ་དག་ནི་ཉན་ཐོས་དགྲ་བཅོམ་པ་དེ་དག་ཇི་སྙེད་བྱུང་བ་དེའི་ཉིས་འགྱུར་དུ་བྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཅེས་བྱ་བ་བྱུང་ངོ་། །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་དུས་གཞན་ཞིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེའི་ཞབས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཕྱོགས་གཅིག་ཏུ་འདུག་པ་དེ་ལ་ཡང་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ཏེ། ཇི་ཙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རྒྱལ་པོའི་འོད་རྒྱ་ཆེན་པོའི་ཆོས་དང་ལྡན་པ་ནི་ངོ་མཚར་ཏེ། གང་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་དེའི་ཡེ་ཤེས་ཇི་འདྲ་བ་དེ་ལྟ་བུ་ཡང་དག་པར་བསྒྲུབ་པར་བྱ་བའི་རྣམ་གྲངས་དེ་ནི་ཇི་འདྲ་བ་ཡིན། བདག་གིས་ནི་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་ལ་ཚིགས་སུ་བཅད་པའི་དབྱངས་ཀྱི་ཞུ་བ་ཞུའོ་སྙམ་ནས་དེ་དེའི་ཚེ་དེ་བཞིན་


DKG048_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་ལ་སེམས་དང་བ་ཡང་དག་པར་ལྡན་པའི་ཚིགས་སུ་བཅད་པ་དག་གིས་ཞུ་བ་ཞུས་པ། རྐང་གཉིས་དམ་པ་སངས་རྒྱས་མཐོང་ནས་སུ། །བདག་ལ་འདུན་སྐྱེད་བྱང་ཆུབ་འཚལ་བར་གྱུར། །ལས་གང་བགྱིས་པ་འདི་འདྲ་མཐའ་ཡས་གཟིགས། །གང་གིས་ཐེག་མཆོག་བདུད་རྩི་རེག་པར་འགྱུར། །རྒྱལ་བ་དམ་པ་སྐར་མའི་ཚོགས་ནང་ཟླ་འདྲ་གཟུགས་ཀྱི་མཆོག །རྒྱལ་བ་དམ་པ་རྟག་ཏུ་ཆོས་སྟོན་དེ་འདྲ་རྫུ་འཕྲུལ་མཆོག །དེ་འདྲ་རྟག་ཏུ་ལྷ་གནས་དབང་པོ་འདྲ་བ་ཤེས་རབ་མཆོག །ཀུན་མཁྱེན་ཡོན་ཏན་རྒྱལ་པོ་ཁྱུ་མཆོག་གཙོ་བོ་ཁྱོད་ལ་ཞུ། །ཡེ་ཤེས་ཐོགས་མེད་དྲི་བྲལ་རྣམ་པར་སྦྱངས། །དུས་གསུམ་དག་ལ་ཐོགས་པ་མེད་པར་འཇུག །སེམས་ཅན་མཆོག་གཙོ་མཆོག་རབ་དྲང་སྲོང་ཆེ། །ཆོས་རྣམས་ཀུན་ལ་ཁྱོད་ཀྱི་དབང་ཕྱུག་ལགས། །ཁྱོད་ཀྱིས་སྔོན་ཚེ་སངས་རྒྱས་གཟིགས་ནས་སུ། །ཁྱོད་ཀྱིས་བྱང་ཆུབ་མཆོག་གཙོ་ཞུས་པ་དང་། །དེ་ཚེ་བྱང་ཆུབ་སླད་དུ་ཡེ་ཤེས་མཆོག །དེ་ལ་ཁྱོད་ཞུས་ཆོས་རྒྱལ་བཤད་དུ་གསོལ། །གང་གིས་བྱང་ཆུབ་དམ་པ་མཆོག་རེག་ཅིང་། །སེམས་ཅན་ཀུན་གྱི་སྐྱབས་སུ་འགྱུར་བ་དང་། །འཆི་འཕོ་སྐྱེ་བ་ཀུན་ལས་གྲོལ་འགྱུར་བ། །ཆགས་མེད་གཟིགས་པ་བདག་ཀྱང་ཞུ་ལགས་སོ། །ཤ་ར་དྭ་ཏིའི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རྒྱལ་པོའི་འོད་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་ཚིགས་སུ་བཅད་པ་དག་གིས་བཀའ་སྩལ་པ། གཞོན་ནུ་ཇི་ལྟར་དེ་སྐད་ཚིག་སྨྲས་པ། །སེམས་ཀྱིས་ལས་ཀུན་ཡང་དག་བསྒྲུབས་ནས་སུ། །ཇི་ལྟར་གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །སངས་རྒྱས་མང་པོ་སྔོན་ཆད་མཐོང་བ་ཡིན། །གཞོན་ནུ་དེ་ཡི་སྐབས་སུ་སངས་རྒྱས་མཐོང་། །དེ་དག་མིང་བརྗོད་ངས་ནི་ནུས་མ་ཡིན། །ཇི་ལྟར་གང་གཱའི་བྱེ་སྙེད་བསྐལ་བཞུགས་པ། །དེ་དག་ངས་ནི་མཐོང་ཞིང་ཞུ་བ་བྱས། །རྐང་གཉིས་དམ་པ་སངས་རྒྱས་གྱུར་ཅིག་ཅེས། །བྱང་ཆུབ་རྒྱུ་ཡི་སེམས་ནི་ཁྱོད་ལ་སྐྱེས། །ངས་བཤད་ཆོས་ནི་ཁྱོད་ཀྱིས་མཉན་པར་གྱིས། །ཆོས་དེ་


DKG048_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ནས་བསྒྲུབ་ལ་གནས་པར་བྱོས། །རྟག་ཏུ་སྦྱིན་པས་ངོམས་མི་ཤེས་པར་གྱིས། །རྟག་ཏུ་ཚུལ་ཁྲིམས་ངོམས་མི་ཤེས་པར་གྱིས། །རྟག་ཏུ་བསམ་གཏན་ངོམས་མི་ཤེས་པར་གྱིས། །གཞོན་ནུ་ཤེས་རབ་རྟག་ཏུ་བསྟེན་པར་གྱིས། །མདོར་བསྡུས་ཚིགས་བཅད་ཀྱིས་ནི་གཏམས་ནས་སུ། །དེ་ལས་གཞན་པའི་སེམས་ཅན་སྨིན་བྱའི་ཕྱིར། །རྗེས་སུ་བསྟན་པར་བྱ་ཕྱིར་གཞོན་ནུ་གཏམས། །མགུ་ཞིང་གུས་དང་བཅས་པར་ཤེས་ནས་འདུག །སྦྱིན་པས་ཆོག་པར་མ་བྱེད་ཅིག །ཚུལ་ཁྲིམས་ཀྱིས་ཀྱང་ཆོག་མ་བྱེད། །དྲི་བས་ཆོག་པར་མ་བྱེད་ཅིག །དེ་ལས་ཡེ་ཤེས་འབྱུང་བར་འགྱུར། །ཡེ་ཤེས་དེ་ནི་ཡུལ་མི་གནས། །ཕྱོགས་ན་གནས་པའང་ཡོད་མ་ཡིན། །རྫོགས་སངས་རྒྱས་ལ་ཡོངས་ཞུས་པས། །ཡེ་ཤེས་ཐོབ་པར་འགྱུར་བ་ཡིན། །ཡེ་ཤེས་མིག་ལ་རྟེན་མ་ཡིན། །མིག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་། །དེ་ཕྱིར་མིག་ཡོད་མ་ཡིན་པས། །སངས་རྒྱས་ཆོས་རྣམས་བསྟན་པར་བྱས། །རྣ་བ་སྣ་ཡང་དེ་བཞིན་ཞིང་། །ལྕེ་དང་ལུས་ཡིད་དེ་བཞིན་ཏེ། །དེ་དག་ཐམས་ཅད་རྟག་ཏུ་སྟོང་། །དེ་ཡང་སྙིང་པོ་ཡོད་མ་ཡིན། །འབྱུང་བ་ཆེན་པོ་བཞི་འདི་དག །མ་བྱུང་སེམས་ཀྱི་གནས་ཡིན་ནོ། །ལུས་ནི་ཀུན་ཏུ་བརྟགས་ལས་བྱུང་། །ཀུན་ཏུ་རྟོག་པའང་ཡོད་མ་ཡིན། །ལུས་ལ་གནས་པ་མེད་གྱུར་ཅིང་། །སྲོག་ལའང་གནས་པ་མེད་པར་གྱུར། །ལོངས་སྤྱོད་གནས་པ་མེད་གྱུར་ནས། །བྱང་ཆུབ་དེ་ནི་རྟོགས་པར་ནུས། །རྟག་ཏུ་ངེས་འབྱུང་བརྩམ་པར་བྱ། །རྟག་ཏུ་བརྩོན་འགྲུས་བརྟེན་པར་བྱ། །རྟག་ཏུ་འདོད་རྣམས་སྤང་བར་བྱ། །ཁྱོད་ནི་ངན་འགྲོར་མ་འགྲོ་ཤིག །སེམས་ཅན་ཀུན་གྱི་ཆེད་ཀྱི་ཕྱིར། །སྦྱིན་པ་དེ་ནི་སྦྱིན་བྱེད་ཀྱང་། །དེས་ནི་སེམས་ཅན་རློམ་མ་སེམས། །སྦྱིན་པ་ལ་ཡང་མ་གནས་ཤིག །ཤ་ར་དྭ་ཏིའི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རྒྱལ་པོའི་འོད་ལ་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་ཚིགས་སུ་བཅད་པ་དག་གིས་སླར་གསོལ་པ། འཁོར་བའི་ལམ་ལས་ཁྱོད་ནི་ཤིན་ཏུ་བཞེངས། །སོམ་ཉི་བཅད་ཅིང་ཐེ་ཚོམ་བསལ་


DKG048_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །རྒྱལ་བས་བདག་ལ་ཆོས་དེ་འདིར་བསྟན་ནས། །བདག་ལ་ཆོས་མང་འདུ་བར་བགྱིས་པ་ལགས། །ཇི་ལྟར་འཇིག་རྟེན་མགོན་པོས་འདིར་ཆོས་བསྟན། །དེ་ཚེ་བདུད་ཀྱི་བཅིང་བ་ཀུན་བཅད་ནས། །བདག་གིས་བྱང་ཆུབ་མཆོག་ནི་ཐོབ་སྙམ་བགྱིད། །བྱང་ཆུབ་སྙིང་པོར་བདག་ནི་མཆིས་སྙམ་བགྱིད། །འཇིག་རྟེན་མགོན་པོས་ཆོས་དེ་འདི་བསྟན་པས། །བདག་གིས་ཆོ་འཕྲུལ་བསྟན་པར་བགྱི་སྙམ་བགྱིད། །ས་འདི་དག་ཀྱང་གཡོ་བར་བགྱི་སྙམ་བགྱིད། །དགེ་འདུན་རྒྱ་ཆེན་དགང་བར་བགྱི་སྙམ་བགྱིད། །བདག་གིས་དེ་རིང་ཚེ་ནི་བཏང་སྙམ་བགྱིད། །བདག་དེང་ཡོངས་སུ་མྱ་ངན་འདས་སྙམ་བགྱིད། །འདི་ལྟར་ཆོས་རྣམས་ཐམས་ཅད་སྟོང་པ་སྟེ། །འདི་ལ་དེ་རིང་ཞི་བར་བདག་མི་སེམས། །ཆོས་དེ་ཐམས་ཅད་ཟད་པར་འཚལ་ལགས་ཏེ། །གང་དུའང་ཆོས་རྣམས་ཟད་པར་དམིགས་མ་ལགས། །ཐམས་ཅད་ཟད་དང་སྟོང་པའི་ཆོས་ཉིད་གསུངས། །ཆོས་ཉིད་ཐམས་ཅད་ཟད་པའི་ཆོས་ཉིད་འཚལ། །ཕ་མ་དག་གི་ཐད་དུ་མཆིས་ནས་སུ། །བཟོད་པ་གསོལ་ནས་སླར་ཡང་མཆི་བར་བགྱི། །རྟག་ཏུ་སངས་རྒྱས་ཆོས་དེ་ཚོལ་བགྱིད་ཅིང་། །བདག་ནི་བསྟན་ལ་རབ་ཏུ་འབྱུང་བར་བགྱི། །དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ། །རྒྱལ་ལ་ལན་གསུམ་བསྐོར་བ་བྱས་ནས་སུ། །ཕ་མའི་ཐད་དུ་དེ་ནི་སོང་བར་གྱུར། །བློ་གྲོས་ངན་བདུད་ལམ་གྱི་འགྲམ་དུ་འདུག །གཞོན་ནུ་དེ་ནི་འདི་ལ་བྱང་ཆུབ་ཞུགས། །རྒྱལ་བའི་ཐད་དུ་རབ་ཏུ་འབྱུང་བར་འདོད། །འདི་ལྟར་དེ་རིང་ངེས་པར་གླགས་བཙལ་ཞིང་། །དེ་རིང་ཀུན་རྨོངས་སེམས་ནི་བསྐྱེད་བྱ་སྙམ། །ལམ་དུ་འདུག་ནས་གཞོན་ལ་སྨྲ་བྱེད་པ། །གཞོན་ནུ་ཁྱོད་ནི་གང་ནས་འོངས་ཞེས་དྲིས། །ཅི་ཕྱིར་ཁྱོད་ནི་མྱུར་བ་མྱུར་བར་འགྲོ། །ཡུད་ཙམ་སྡོད་པར་བྱོས་ཤིག་དྲི་བར་བྱ། །མི་དེ་ལ་ནི་གཞོན་ནུ་སྨྲ་བྱེད་པ། །སངས་རྒྱས་བསྙེན་བཀུར་བྱས་ནས་འོངས་པ་ཡིན། །དེས་ནི་བདག་ལ་ཆོས་ཀྱི་མཆོག་བསྟན་ཏེ། །སངས་རྒྱས་ཆོས་དེ་བདག་གིས་བསྒོམ་པར་བྱ། །འདི་ལ་སངས་རྒྱས་ཆོས་རྣམས་བཙལ་ཆེད་དུ། །གཞོན་ནུ་


DKG048_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་བརྩམས་པ་ཕུལ་དུ་བྱུང་། །ཅི་ནས་ཁྱོད་ནི་རབ་ཏུ་འབྱུང་འདོད་ན། །འདོད་རྣམས་འདིར་སྤྱོད་ཕྱི་ནས་རབ་ཏུ་བྱུང་། །ཁྱོད་ཀྱིས་ལོངས་སྤྱོད་རྒྱ་ཆེན་རྒྱལ་སྲིད་རྙེད། །འདོད་བཟངས་ཅི་ཡང་བདག་གིས་མ་བསྟེན་ཅེས། །རབ་ཏུ་བྱུང་ནས་འགྱོད་གྱུར་མི་རུང་གིས། །འདོད་རྣམས་བསྟེན་ཏེ་འདི་ལ་རབ་ཏུ་བྱུང་། །ཁྱོད་ཀྱི་ལོངས་སྤྱོད་ཆེ་དང་རྒྱལ་སྲིད་མཆོག །དལ་བ་ཕུན་སུམ་ཚོགས་དེ་རྙེད་པར་དཀའ། །གལ་ཏེ་འདོད་པ་བསྟེན་པར་རབ་བྱུང་ན། །གཞོན་ནུ་ཁྱོད་ནི་ཕྱི་ནས་འགྱོད་པར་འགྱུར། །དེ་ཚེ་རྒྱལ་པོའི་གཞོན་ནུས་བདུད་ལ་སྨྲས། །འདོད་བསྟེན་བདག་ལ་བདེ་ལེགས་འགྱུར་མ་ཡིན། །འདོད་པ་གསོག་གི་བསྔགས་པ་བརྗོད་པས་ན། །འདུ་ཤེས་ཕྱིན་ཅི་ལོག་ལ་ཁྱོད་གནས་སོ། །གང་ཚེ་མི་ཁོམ་ཉིད་ལ་རྙེད་པར་དཀའ། །ད་ལྟར་དེ་རིང་དེ་ནི་ཉམས་ལོན་དཀའ། །དལ་བ་རྙེད་ནས་བདག་གིས་ཆོས་སྤྱད་ཅིང་། །བདག་མྱུར་སོང་ལ་དེར་ནི་རབ་ཏུ་བྱུང་། །བདག་གིས་འདོད་པའི་ཁམས་འདིར་སྐྱོན་མཐོང་སྟེ། །དེ་བཞིན་གཟུགས་ཁམས་སྐྱོན་དང་བཅས་པར་མཐོང་། །གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས་པར་མཐོང་། །བདག་གིས་མྱ་ངན་འདས་ཞི་སྐྱོན་མེད་མཐོང་། །འདུས་མ་བྱས་ཆོས་ཡོངས་སུ་བཙལ་ནས་སུ། །མི་རྣམས་ཀྱི་ནི་རྒྱ་ཆེན་དོན་བྱ་ཞིང་། །རྒ་ནད་གཟིར་བའི་སེམས་ཅན་ཐར་བར་བྱ། །འགྲོ་བར་རྒྱུག་པ་དག་ནི་བཟློག་པར་བྱ།། །།བམ་པོ་བཅུ་གཉིས་པ། ཤ་ར་དྭ་ཏིའི་བུ་དེ་ནས་བདུད་བརྗེད་ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་བཙལ་བར་བྱའོ་ཞེས་དེ་སྐད་ཅེས་སྨྲས་ན། གཞོན་ནུ་ཁོ་བོ་ནི་ཁྱོད་ལ་དོན་འདོད་པ། ཕན་པ་འདོད་པ། གྲུབ་པ་དང་། བདེ་བ་འདོད་པ་ཡིན་པས་གཞོན་ནུ་ཁོ་བོས་ཁྱོད་ལ་རྗེས་སུ་བསྟན་པར་བྱ་སྟེ་གལ་ཏེ་ཁྱོད་ཁོ་བོའི་རྗེས་སུ་འཇུག་ན་དེ་ཁྱོད་ཀྱི་དོན་དུ་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་བདུད་བརྗེད་ངས་ལ་སྨྲས་པ། ཀྱེ་མི་བདག་ལ་རྗེས་སུ་སྟོན་ཅིག་དང་ཐོས་ནས་རིག་པར་བྱའོ། །དེ་ནས་བདུད་བརྗེད་ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་


DKG048_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གལ་ཏེ་ཁྱོད་རང་གི་དམ་བཅས་པ་ལ་གནས་པར་བྱོས་ཤིག་དང་དེ་ལྟ་ན་ཁོ་བོས་ཁྱོད་ལ་ཕྱིས་རྗེས་སུ་བསྟན་པར་བྱའོ། །རྒྱལ་པོའི་གཞོན་ནུས་སྨྲས་པ། ཀྱེ་མི་བདག་ལ་རྗེས་སུ་སྟོན་ཅིག་དང་ཐོས་ནས་རིག་པར་བྱའོ། །ཞེས་ཁོ་བོས་ཁྱོད་ལ་མ་སྨྲས་སམ། དེ་སྐད་ཅེས་སྨྲས་པ་དང་། བདུད་བརྗེད་ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་ཐོས་ནས་རིག་པར་བྱའོ་ཞེས་དེ་སྐད་ཅེས་བརྗོད་པར་མི་བྱ་སྟེ། གཞོན་ནུ་ཁྱོད་ཀྱིས་ནི་མི་བདག་ལ་རྗེས་སུ་སྟོན་ཅིག་དང་བདག་གིས་ཁྱོད་ཀྱི་ཚིག་བཞིན་དུ་བྱའོ་ཞེས་དེ་སྐད་ཅེས་བརྗོད་པར་བྱའོ། །རྒྱལ་པོའི་གཞོན་ནུས་སྨྲས་པ། ཀྱེ་མི་ཁྱོད་ཀྱིས་ངའི་ཚིག་བཞིན་དུ་མགོ་གཅིག་ཏུ་རྗེས་སུ་ཞུགས་ཤིག་ཅེས་དེ་སྐད་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་མི་གལ་ཏེ་ཁྱོད་ཆོས་ཀྱི་འདུ་ཤེས་ཀྱིས་ཆོས་མ་ཡིན་པ་སྟོན་ཏམ། ཆོས་མ་ཡིན་པའི་འདུ་ཤེས་ཀྱིས་ཆོས་སྟོན་ན་བདག་གིས་ཡོངས་སུ་དཔྱད་དེ་དོར་བར་བྱ་ཞིང་ཇི་སྟེ་ཡང་དག་པར་སྟོན་ན་དེ་གཟུང་བར་བྱ་བའི་ཕྱིར་རོ། །ཀྱེ་མི་དེ་ལྟ་བས་ན་གང་འདི་ཐོས་ནས་རིག་པར་བྱའོ་ཞེས་བྱ་བ་དེ་དག་ནི་མཁས་པའི་མཚན་ཉིད་ཡིན། དེ་དག་ནི་མཛངས་པའི་ལས་ཡིན། དེ་དག་ནི་ཤིན་ཏུ་ལེགས་པར་བརྟགས་པའི་ལས་ཡིན་ནོ། །ཀྱེ་མི་ཁྱོད་ཀྱིས་ངའི་ཚིག་བཞིན་དུ་མགོ་གཅིག་ཏུ་རྗེས་སུ་ཞུགས་ཤིག་ཅེས་དེ་སྐད་སྨྲས་ན་དེ་དག་ནི་མཛངས་པའི་ཆོས་ཉིད་མ་ཡིན་ཞིང་། མཁས་པས་བསྟོད་པ་མ་ཡིན་ལ། དེ་ནི་བདུད་ཀྱི་ལས་ཡིན་ཞིང་། དེ་དག་ནི་སངས་རྒྱས་ཀྱི་ཕྲིན་ལས་མ་ཡིན་ནོ། །ཀྱེ་མི་དེ་ལྟ་བས་ན་སྔར་དམ་བཅས་པ་ལ་ད་རྗེས་སུ་མི་འཇུག་པར་སྨྲས་སོ་ཞེས་བདག་ལ་ཆོས་མ་ཡིན་པའི་གདམས་ངག་བྱིན་ན་མི་རུང་བས་ཁོ་བོ་ནི་མགོ་གཅིག་ཏུ་ཚིག་མི་སྨྲ་སྟེ། དེ་ལྟ་བས་ན་ཁོ་བོས་སྐྱོན་དེ་དག་མཐོང་ནས་རྗེས་སུ་འཇུག་གོ་ཞེའམ། རྗེས་སུ་མི་འཇུག་གོ་ཞེས་མགོ་གཅིག་ཏུ་ཚིག་མ་སྨྲས་སོ། །དེ་ནས་བདུད་བརྗེད་ངས་འདི་སྙམ་དུ་སེམས་ཏེ། རྒྱལ་པོའི་གཞོན་ནུ་འདི་ནི་འདི་ལྟར་རྗེས་སུ་འཇུག་པར་བྱའོ་ཞེའམ། རྗེས་སུ་འཇུག་པར་མི་བྱའོ་


DKG048_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་མགོ་གཅིག་ཏུ་མི་སྨྲ་བས་དཔྱོད་པ་ཐོབ་པའོ་སྙམ་མོ། །དེ་ནས་བདུད་བརྗེད་ངས་ཀྱིས་མིག་གིས་མི་རྩོལ་བར་བྱ་བའི་ཕྱིར་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་གཞོན་ནུ་དེ་དག་ནི་མཁས་པའི་ལས་ཡིན་ཏེ། གཞོན་ནུ་ཁྱོད་རྗེས་སུ་འཇུག་པར་བྱའོ་ཞེས་མགོ་གཅིག་ཏུ་ཚིག་མི་སྨྲ་བ་ནི་ལེགས་སོ་ལེགས་སོ། །གཞོན་ནུ་གཞན་ཡང་ཁོ་བོས་ཁྱེད་ལ་རྗེས་སུ་བསྟན་པར་བྱས་དེ་ཡང་ཁྱོད་ཀྱིས་རྣམ་པར་རྟོགས་ཤིག །གཞོན་ནུ་ཁྱོད་གང་ལ་སྐྱོན་ཆེས་མང་དུ་མཐོང་བ་དེ་ལ་སྟེན་པར་མ་བྱེད་ཅིག་གཞོན་ནུས་སྨྲས་པ། ཀྱེ་མི་དེ་ལ་དེ་སྐད་ཅེས་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་སྐྱོན་ཆེས་མང་བ་དེ་ནི་བསྟེན་པར་བྱ་བ་མ་ཡིན་ཞིང་གང་ལ་སྐྱོན་ཆེས་ཉུང་བ་དེ་ཡང་བསྟེན་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་མི་དུག་མང་པོ་ཡང་གསོད་པར་བྱེད་ལ། ཉུང་ངུ་ཡང་གསོད་པར་བྱེད་ཅིང་། གང་ཡང་འཁོར་ལོས་སྒྱུར་བའི་ཟས་དུག་དང་འདྲེས་པ་དེ་ཡང་གསོད་པར་བྱེད་ལ། གང་ཡང་མི་ཕལ་པའི་ཟས་དུག་དང་འདྲེས་པ་དེ་ཡང་གསོད་པར་བྱེད་པའི་ཕྱིར་དེ་དག་ནི་བཟར་མི་རུང་ཞིང་བསྟེན་པར་བྱ་བ་མ་ཡིན་ནོ། །ཀྱེ་མི་དེ་བཞིན་དུ་གང་ལ་སྐྱོན་མང་བ་དེ་ལ་སྟེན་པར་མ་བྱེད་ཅིག །གང་ལ་ཆེས་ཉུང་བ་དེ་ལ་སྟེན་ཅིག །ཅེས་དེ་སྐད་སྨྲས་ན། ཀྱེ་མི་དེ་དག་གཉིས་ཀ་ཡང་བསྟེན་པར་བྱ་བ་མ་ཡིན་ནོ། །ཀྱེ་མི་མཁས་པས་བསྟེན་པར་བྱ་བ་ཡང་གང་ཡིན་ཞེ་ན། ཀྱེ་མི་མཁས་པས་ནི་གང་སྐྱོན་མེད་པ་དང་། ཅི་ཡང་མེད་པ་དང་། སྙིགས་མ་མེད་པ་དང་། རིམས་ནད་མེད་པ་དང་། ནད་མེད་པ་དང་། མི་གཡོ་བ་དང་། བསིལ་བར་གྱུར་པ་དང་། བདེ་བ་དེ་བསྟེན་པར་བྱའོ། །དེ་ནས་བདུད་བརྗེད་ངས་འདི་སྙམ་དུ་སེམས་ཏེ། བདག་གིས་གཞོན་ནུ་དྲན་པ་རྙེད་རྗེས་སུ་བསྟན་པ་གང་ཁོ་ན་ལ་བཞག་པ་དེ་དང་དེ་ནི་དེས་སྐྱོན་དང་བཅས་པར་མཐོང་ཞིང་ཕྱིས་ཀྱང་ལན་འདེབས་པར་བྱེད་དོ་སྙམ་སྟེ། དེ་ལྟར་རྗེས་སུ་བསམས་ནས་ཡང་སྨྲས་པ། གཞོན་ནུ་འདི་ལྟར་གང་རིམས་ནད་མེད་པ་དང་། སྐྱོན་མེད་པ་དང་། ཞི་བ་དེ་ལ་མཁས་པ་རྣམས་དགའ་བ་སྐྱེད་པར་བྱེད་དོ་ཞེས་ཟེར་བ་ནི་ཁྱོད་ཀྱིས་ལེགས་པར་སྨྲས་ན། གཞོན་ནུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ནི་སྐྱོན་མང་བའོ། །


DKG048_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བའི་སྐྱོན་དང་། འགྲོ་བའི་སྐྱོན་དང་། འཁོར་བའི་སྐྱོན་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་སྐྱོན་དང་། དུས་མ་ཡིན་པར་སློང་བར་བྱེད་པའི་སྐྱོན་དང་། ཡིད་དུ་འོང་བའི་དངོས་པོ་ཡོངས་སུ་གཏོང་བའི་སྐྱོན་འདི་ལྟ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཡོངས་སུ་གཏོང་བའི་སྐྱོན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྐྱོན་ཆེས་མང་བ་ཡིན་ནོ། །གལ་ཏེ་བྱང་ཆུབ་ཏུ་སེམས་སྐྱེད་པར་མི་བྱེད་ན་ནི་ཉུང་སྟེ། ཁྱོད་མང་པོ་དག་ཀྱང་བསྟེན་པར་བྱ་བ་མ་ཡིན་ཞིང་། ཉུང་ངུ་དག་ཀྱང་བསྟེན་པར་བྱ་བ་མ་ཡིན་པར་སེམས་པ་དེ་ནི་ལེགས་སོ། །གཞོན་ནུ་ཁྱོད་ཅི་དེ་ལྟར་མཁས་ཤིང་མཛངས་པ་ཡིན་པར་ཁོ་བོས་མ་ཤེས་སོ། །ཁོ་བོས་ཁྱོད་ཀྱིས་ལྷག་པའི་བསམ་པ་ཤིན་ཏུ་བཟང་པོར་མཐོང་ན་ཁོ་བོས་ཀྱང་བརྗེད་ནས་སྨྲས་སོ། །དེ་དེ་བཞིན་ཏེ། ལོག་པར་ལྟུང་བའི་མཚན་ཉིད་ཡིན་པའི་ཕྱིར་མང་པོ་དག་ཀྱང་བསྟེན་པར་བྱ་བ་མ་ཡིན་ཞིང་། ཉུང་ངུ་དག་ཀྱང་བསྟེན་པར་བྱ་བ་མ་ཡིན་ནོ། །གཞོན་ནུ་ཡང་འདི་ལ་སྙིང་པོ་ནི་འདི་ཉིད་ཡིན་ཏེ། འདི་ལྟ་སྟེ། ཕུང་པོ་ཐམས་ཅད་སྤངས་པ་མྱ་ངན་ལས་འདས་པའོ། །གཞོན་ནུ་གང་ལ་ཡང་དང་ཡང་དུ་འཆི་བ་ཡོད་པའི་འཁོར་བའི་འགྲོ་བ་སྐྱོན་དང་བཅས་པ་ཡང་དང་ཡང་ཉམས་སུ་མྱོང་བས་ཅི་ཞིག་བྱ་སྟེ། ཁྱོད་ཀྱིས་ནི་མྱ་ངན་ལས་འདས་པ་ལ་འདུན་པར་བྱའོ། །གཞོན་ནུ་སྲོག་ཆགས་རྣམས་མངལ་ན་གནས་པ་ནི་སྡུག་བསྔལ་བའོ། །སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་ནི་སྡུག་བསྔལ་བའོ། །གཞོན་ནུ་ལུས་སྙིང་པོ་མེད་པ་མི་རྟག་པ་ཡོངས་སུ་འདྲེན་པ་ནི་སྡུག་བསྔལ་བའོ། །སྲོག་མི་རྟག་པ་ཉིད་ནི་སྡུག་བསྔལ་བའོ། །ལོངས་སྤྱོད་མི་རྟག་པ་ཉིད་དང་ལོངས་སྤྱོད་སྙིང་པོ་མེད་པ་ཉིད་ནི་སྡུག་བསྔལ་བའོ། །གཞོན་ནུ་ཡང་དང་ཡང་དུ་འཆི་བ་ཉིད་ནི་སྡུག་བསྔལ་བའོ། ། གཞོན་ནུ་དེ་ལྟ་བས་ན་ཁོ་བོ་ནི་ཁྱོད་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་འབྱུང་བ་དང་། མི་ཉིད་རྙེད་པ་དང་། དལ་བ་ཕུན་སུམ་ཚོགས་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་བླ་ན་མེད་པ་ནི་རྙེད་པར་དཀའོ་ཞེས་སྨྲ་སྟེ། གཞོན་ནུ་དེ་ལྟ་


DKG048_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་གནས་དེ་དག་ཐོབ་ནས་མ་སྤོང་ཤིག །གཞོན་ནུ་ཁོ་བོ་ནི་གནས་དེ་དག་ཉིད་སྟོན་པར་འདོད་པ་དང་། ཉེ་བར་རྗོད་པར་འདོད་པ་ཡིན་ན་ཁྱོད་ནི་ལན་འདེབས་པར་འདོད་པས་ཉན་ནོ། །གལ་ཏེ་ཁོ་བོས་རྗེས་སུ་བསྟན་པ་ལ་གནས་ན་དེ་ནི་ཁྱོད་ཀྱི་རྗེས་སུ་བསྟན་པ་ཡིན་གྱིས་ཉོན་ལ་རིག་པར་བྱོས་ཤིག །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་བདུད་བརྗེད་ངས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མི་ཁྱོད་ལ་རྗེས་སུ་ཡི་རང་ངོ་། །གང་ཁྱོད་འདི་སྐད་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ནི་སྡུག་བསྔལ་བའོ། །ཡང་དང་ཡང་དུ་འཁོར་བའི་བར་དུའང་དེ་བཞིན་ནོ་ཞེས་ཟེར་བ་ནི་མངོན་པར་རྗེས་སུ་ཡི་རང་ངོ་། །ཀྱེ་མི་ཡང་ཁྱོད་ཀྱིས་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་གྱིས་ཤིག་ཅེས་བརྗོད་དེ། ཀྱེ་མི་ཁྱོད་ཀྱི་ཚིག་དེ་ཐོས་ནས་ཁོ་བོ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་ཤས་ཆེར་སྐྱེས་ཏེ། སེམས་ཅན་འདི་དག་ནི་ཡང་དང་ཡང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བས་གཟིར་བ་ཡིན་ཏེ། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་དེ་དག་ཡང་དང་ཡང་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་དབང་དུ་གྱུར་པར་མི་འགྱུར་བར་སྐྱེ་བ་དང་། རྒ་བ་དང་ན་བ་དང་འཆི་བའི་འཇིགས་པ་ལས་ཡོངས་སུ་ཐར་བར་བྱའོ་སྙམ་མོ། །ཀྱེ་མི་ཁྱོད་ཁོ་བོ་ལ་འདི་སྐད་དུ་མྱ་ངན་ལས་འདས་པ་ཐོབ་ནས་འཁོར་བའི་སྡུག་བསྔལ་དག་རབ་ཏུ་སྟོན་པ་ནི་ངོ་མཚར་ཏེ། ཁོ་བོས་དེ་དག་ཐོས་ནས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་ཤས་ཆེར་སྐྱེས་སོ། །གལ་ཏེ་ཁོ་བོ་ཡོངས་སུ་མྱ་ངན་ལས་འདས་ན་སེམས་ཅན་དེ་དག་གི་སྐྱོབ་པར་འགྱུར་བ་དང་། ཐར་བར་བྱེད་པར་འགྱུར་བ་སུ་ཡིན། དེ་ནས་བདུད་བརྗེད་ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ཁྱོད་ཀྱིས་འདི་སྐད་དུ་གང་ལ་སྐྱོན་ཆེས་ཉུང་བ་དེ་ཡང་བསྟེན་པར་བྱ་བ་མ་ཡིན་ནོ་ཞེས་མ་སྨྲས་སམ་སྨྲས་པ། ཀྱེ་མི་དེ་དེ་བཞིན་ཏེ། གང་ལ་སྐྱོན་ཆེས་ཉུང་བ་དེ་ཡང་བསྟེན་པར་བྱ་བ་མ་ཡིན་ནོ། །ཀྱེ་མི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་སྐྱོན་མེད་པ་སྟེ། དེ་ལྟ་བས་ན་དེ་ནི་བསྟེན་པར་བྱ་བ་ཡིན་ནོ། །དེ་ནས་བདུད་བརྗེད་


DKG048_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་སྐྱོན་མེད་པ་ཡིན་མོད་ཀྱི་གཞོན་ནུ་འོན་ཀྱང་ཁོ་བོས་ཀྱང་མ་ཐོབ་ན་ཁྱོད་ཀྱིས་ལྟ་ག་ལ་ཐོབ། གཞོན་ནུ་ཁོ་བོ་ཡང་སྔོན་འདི་སྙམ་དུ་སེམས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་མོ། །ལོག་པའི་སེམས་དེ་ལྟ་བུ་བསྐྱེད་པ་དང་། དེ་མ་ཐག་ཏུ་སློང་མོ་པ་འདི་ལྟ་སྟེ། མགོ་སློང་བ་དང་། ལག་པ་དང་། རྐང་པ་དང་། མིག་དང་། རྣ་བ་དང་། བུ་དང་། ཆུང་མ་དང་། ལོངས་སྤྱོད་དང་། བཞོན་པ་དང་། ཁྱིམ་དང་། སླས་དང་། སྐྱེད་མོས་ཚལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུཪྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ནོར་དང་། འབྲུ་དང་། རྒྱལ་སྲིད་ལ་སོགས་པ་སློང་བ་དག་གིས་ཀུན་ཏུ་གདུངས་ཤིང་། རབ་ཏུ་གདུངས་ཏེ། ཚེགས་ཕྱུང་ནས་ཁོ་བོས་བདོག་པ་རྣམ་པར་གཏོང་བ་བྱས་པ་ན་ཡང་ལུས་ཞིག་པ་ལས་ཁྲག་གི་ཆུ་ཀླུང་བྱུང་བ་དག་གིས་ཁོ་བོའི་སེམས་གཟིར་ཏེ། དེས་ན་ཁོ་བོའི་སེམས་བསྐྱེད་པ་དེ་བཏང་ངོ་། །གལ་ཏེ་ཁྱོད་ཡིད་མི་ཆེས་ན་ཁོ་བོའི་དཀའ་བ་དེ་ལྟ་བར་འདོད་དམ། སྨྲས་པ། ཀྱེ་མི་བལྟ་བར་འདོད་དེ། དེ་ནི་ཁོ་བོའི་དོན་དུ་འགྱུར་རོ། །དེ་ནས་བདུད་བརྗེད་ངས་འདི་སྙམ་དུ་སེམས་ཏེ། བདག་གིས་བྱང་ཆུབ་སེམས་དཔའ་དྲན་པ་རྙེད་ཀྱི་མོས་པ་བཟློག་པ་གང་དང་གང་བྱས་པ་དེ་དང་དེ་ཉིད་ལ་དེ་ཡིད་ཆེས་པར་མི་བྱེད་ཀྱི། ཕྱིར་ཡང་འདི་སྐད་དུ་ཁོ་བོའི་དོན་དུ་འགྱུར་བ་སྟོན་ཅིག་ཅེས་ཟེར་རོ་སྙམ་མོ། །དེ་ནས་བདུད་དེས་རྒྱལ་པོའི་གཞོན་ནུ་དེའི་མདུན་དུ་ཁྲག་གི་ཆུ་ཀླུང་བཞི་མངོན་པར་སྤྲུལ་ཏོ། །གསེར་གྱི་ཕུང་པོ་གངས་ལྟ་བུ་བཞི་དང་། མགོ་ཐོད་རྣམ་པར་ཟོས་པ་དག་དང་། རྣམ་པར་དམར་བ་དག་དང་། རྣམ་པར་རྣགས་པ་དག་གི་ཕུང་པོ་རི་རབ་ལྟ་བུ་ཡང་མངོན་པར་སྤྲུལ་ཏོ། །རུས་པ་དག་གི་ཕུང་པོ་དུང་ལྟར་དཀར་བ་རི་ཙམ་གཞན་དག་ཀྱང་མངོན་པར་སྤྲུལ་ཏོ། །ལག་རྡུམ་དང་། རྐང་རྡུམ་དང་། རྣ་རྡུམ་དང་། ཡན་ལག་དང་། ཉིང་ལག་རྡུམ་པོ་རྣམ་པ་སྣ་ཚོགས་དང་། གཟུགས་རྣམ་པ་སྣ་ཚོགས་འདི་ལྟ་


DKG048_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། མི་དང་། དྲི་ཟ་དང་། གནོད་སྦྱིན་དང་། སེང་གེ་དང་། སྟག་དང་། རྟ་དང་། རི་བོང་དང་། སྤྲེའུ་དང་། དོམ་དང་། གཟིག་དང་། ཕག་དང་། རི་དགས་དང་། དྲེད་དང་། གླང་པོ་ཆེ་དང་། མ་ཧེ་ལ་སོགས་པའི་གཟུགས་དང་། དེ་བཞིན་དུ་ཉ་དང་། ཆུ་སྲིན་འཛིན་ཁྲི་དང་། ཆུ་སྲིན་བྱིས་པ་གསོད་དང་། ཆུ་སྲིན་ན་ཀྲའི་གཟུགས་དང་། དེ་བཞིན་དུ་ངང་པ་དང་། རྨ་བྱ་དང་། ཁྭ་དང་། ཁུ་བྱུག་དང་། ཀ་ལ་པིང་ཀ་དང་། ཤང་ཤང་ཏེའུ་དང་། བྱ་ཀུ་ཎ་ལ་དང་། ཆུ་སྐྱར་དང་། རི་སྐེགས་ལ་སོགས་པའི་གཟུགས་ཀྱི་རོ་དག་མངོན་པར་སྤྲུལ་ཏོ། །རོ་ཁ་ཅིག་ནི་ཁ་གཅིག་པ་དག་གོ །ཁ་ཅིག་ནི་ཁ་གཉིས་པ་དང་། ཁ་གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བདུན་པ་དང་། བརྒྱད་པ་དང་། དགུ་པ་དང་། བཅུ་པ་དང་། ཉི་ཤུ་པ་དང་། སུམ་ཅུ་པ་དང་། བཞི་བཅུ་པ་དང་། ལྔ་བཅུ་པ་ནས་ཁ་འབུམ་ཡོད་པའི་བར་དག་དང་། ལྕེ་གཅིག་པ་དང་། ལྕེ་གཉིས་པ་དང་། ལྕེ་གསུམ་པ་དང་། ལྕེ་བཞི་པ་དང་། ལྕེ་ལྔ་པ་ནས་ལྕེ་འབུམ་ཡོད་པའི་བར་དག་དང་། མིག་གཅིག་པ་ནས་མིག་འབུམ་ཡོད་པའི་བར་དག་གོ །རོ་དག་ཀྱང་གཅིག་ལ་གཅིག་མིག་འགྱུར་བར་བྱེད་པ། རྣ་བ་འགྱུར་བར་བྱེད་པ། སོ་སྒྲ་ཙིག་ཙིག་བྱེད་པ། རང་གི་མཆུ་ལ་སོས་འདེབས་པ། གནོད་སྦྱིན་ལག་ན་མཚོན་ཆ་མི་འཐུན་པ་སྣ་ཚོགས་ཐོགས་ཤིང་ལངས་ནས་འཁོད་པར་གྱུར་པ་དག་གོ །འཇིགས་པ་ཆེན་པོ་དང་འཇིགས་སུ་རུང་བའི་རྒྱུ་དེ་ལྟ་བུ་ཡང་མངོན་པར་སྤྲུལ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་སྨྲས་པ། རྒྱལ་པོའི་གཞོན་ནུ་འདི་དག་ནི་ཁྲག་གི་ཆུ་ཀླུང་འབབ་པ་དག་གོ །འདི་དག་ནི་རུས་པའི་རི་ཆེན་པོ་བཞི་པོ་དག་གོ །སྨྲས་པ། ཀྱེ་མི་མཐོང་ངོ་། །སྨྲས་པ། གཞོན་ནུ་དེ་དག་ནི་ཁོ་བོའི་ཡན་ལག་དང་ཉིང་ལག་བཅད་པ་དག་ལས་ཁྲག་གི་ཆུ་ཀླུང་མངོན་པར་གྲུབ་པ་དག་གོ །གཞོན་ནུ་ཁྱོད་ཀྱིས་མགོ་ཐོད་ཀྱི་རུས་པའི་རི་བཞི་པོ་རི་རབ་ཙམ་དེ་དག་མཐོང་ངམ། སྨྲས་པ། ཀྱེ་མི་མཐོང་ངོ་། །སྨྲས་པ། ཀྱེ་མི་ཁོ་བོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་མགོ་ཐོད་བཅད་པ་དག་ནི་དེ་སྙེད་དོ། །ཀྱེ་མི་ཁྱོད་ཀྱིས་ལག་པ་རྡུམ་པོ། རྐང་པ་རྡུམ་


DKG048_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པོ། མིག་ཕྱུང་བ། ཡན་ལག་དང་ཉིང་ལག་རྣམ་པ་སྣ་ཚོགས་བཅད་པའི་རོ་དག་གི་རི་བཞི་པོ་དག་མཐོང་ངམ། སྨྲས་པ། མཐོང་ངོ་། །སྨྲས་པ། གཞོན་ནུ་དེ་དག་ནི་ཁོ་བོས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཡན་ལག་དང་ཉིང་ལག་དག་བཏང་བའོ། །གཞོན་ནུ་ཁྱོད་ཀྱིས་ཕྱོགས་བཞིའི་གནོད་སྦྱིན་གྱི་སྡེ་དག་མཐོང་ངམ། སྨྲས་པ། ཀྱེ་མི་མཐོང་ངོ་། །སྨྲས་པ། གཞོན་ནུ་འཇིགས་པ་ཆེན་པོ་དང་། འཇིགས་སུ་རུང་བ་དེ་དག་ནི་གང་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་དེའི་གཟི་བྱིན་འཕྲོག་པར་བྱེད་པ་དག་གོ །དེ་དག་ནི་གང་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་དེའི་མགོ་སློང་བར་བྱེད་པ་ཡིན་པ་ནས་ཡན་ལག་དང་། ཉིང་ལག་དག་གི་བར་དུ་སློང་བར་བྱེད་པ་དག་གོ །གཞོན་ནུ་གང་གི་ཚེ་སྔོན་ཁོ་བོས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཚེ་དེ་དག་ནི་མགོ་བསླངས་ཤིང་བཅད་པ་དག་ཡིན་པ་ནས་ཡན་ལག་དང་ཉིང་ལག་དག་གི་བར་དུ་བཅད་པ་དག་གོ །དེ་ནས་བདུད་བརྗེད་ངས་ཀྱིས་ཡང་སྲིན་པོའི་སྡེ་མང་པོ་མངོན་པར་སྤྲུལ་ནས་ཡང་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་སྲིན་པོའི་སྡེ་མང་པོ་དེ་མཐོང་ངམ། སྨྲས་པ། ཀྱེ་མི་མཐོང་ངོ་། །སྨྲས་པ། གཞོན་ནུ་དེ་དག་ནི་གང་དག་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་མངལ་ན་གནས་པ་དེ་དག་གི་གཟི་བྱིན་འཕྲོག་པར་བྱེད་པ་དག་གོ །མངལ་ན་གནས་པ་ན་ཡང་བྱང་ཆུབ་སེམས་དཔའ་སྲོག་དང་བྲལ་བར་བྱེད་པ་དག་གོ །གཞོན་ནུ་གང་དང་གང་གི་ཚེ་ཁོ་བོས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཙམ་དུ་སྡུག་བསྔལ་དེ་དག་ལས་ཡོངས་སུ་གྲོལ་བར་མ་གྱུར་ཏེ། དེ་ཙམ་དུ་དེ་དག་ཁོ་བོའི་ཕྱི་བཞིན་འབྲང་བར་བྱེད་དོ། །གཞོན་ནུ་དེ་ལྟ་བས་ན་ཁོ་བོས་སྡུག་བསྔལ་དེ་དག་མ་བཟོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སེམས་ཕྱིར་ལོག་གོ །གང་གི་ཚེ་ཁོ་བོའི་སེམས་བྱང་ཆུབ་ལས་ཕྱིར་ལོག་པ་དེའི་ཚེ། ཁོ་བོ་སྡུག་བསྔལ་དེ་དག་ལས་ཡོངས་སུ་གྲོལ་ཞིང་གནོད་པ་ཡང་མེད་པར་གྱུར་ཏོ། །གཞོན་ནུ་དེ་ལྟ་བས་ན་ཁོ་བོ་ནི་ཁྱོད་ལ་དོན་འདོད་པ། ཕན་པ་འདོད་པ། གྲུབ་པ་དང་། བདེ་བར་འདོད་པ་ཡིན་པས་གཞོན་ནུ་འདི་སྐད་དུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་སྐྱེད་ཅིག །གཞོན་ནུ་ཁྱོད་


DKG048_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དེ་ལྟ་བུ་ཐོབ་པར་མ་བྱེད་ཅིག །ཅེས་སྨྲའོ། །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་ཀྱི་ཐད་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ། མི་འདི་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བདག་གི་མོས་པ་ཟློག་པར་བྱེད་པ་ཡིན་ཏེ། མིའི་ཆ་བྱད་ཀྱིས་འདི་བདུད་ཡིན་པར་གྱུར་ཏམ། འདི་བདུད་ཀྱིས་བྱིན་གྱིས་བརླབས་པར་གྱུར་ན་ཡང་མི་རུང་། ཡང་ན་མི་འདི་བྱང་ཆུབ་སེམས་དཔའ་ཡིན་པར་གྱུར་ལ། དེ་ནས་དེས་ལེ་ལོ་ཐོབ་ནས་བྱང་ཆུབ་ཀྱི་སེམས་ཕྱིར་བཟློག་པ་ཡིན་ཞིང་། གང་གི་ཕྱིར་མི་འདི་སྡུག་བསྔལ་དེ་ལྟ་བུ་དང་ཕྲད་ན་ཡན་ལག་དང་ཉིང་ལག་སློང་བར་བྱེད་པ་དག་ནས་སྲོག་དང་བྲལ་བར་བྱེད་པའི་བར་དག་གི་སློངས་མོ་པ་དེ་སྙེད་འོང་བ་ལས་ན་སྔོན་འདིས་ནི་སྡིག་པ་ཅན་གྱི་ལས་རྣམས་བྱས་པར་གྱུར་པ་ཡིན་ཏེ། སློངས་མོ་པ་དེ་དག་ནི་བདག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཕན་འདོགས་པར་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་མི་ཤེས་པ་དང་ལྡན་ཞིང་ཡོངས་སུ་མི་ཤེས་པ་སྲུང་བ་ཅན་ཡིན་ཏེ། འདོད་ཆགས་ཀྱི་དབང་དང་། ཞེ་སྡང་གི་དབང་དང་། གཏི་མུག་གི་དབང་དང་། ཕྲག་དོག་གི་དབང་དང་། ང་རྒྱལ་གྱི་དབང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དུས་ལས་ཡོལ་བར་སློང་ཞིང་སློང་བར་བྱེད་པ་དག་སྟེ། གལ་ཏེ་སེམས་ཅན་དེ་དག་ལ་བདག་གིས་འཇིག་རྟེན་པའི་ཡང་དག་པར་ཚིམ་པ་ནི་བྱ་ན། ཇི་ལྟར་ན་བདག་གིས་འཇིག་རྟེན་ལས་འདས་པའི་ཡང་དག་པར་ཚིམ་པར་བྱ། མི་འདི་ཡང་འདུན་པ་མེད་པས་ལེ་ལོ་དང་། བརྩོན་འགྲུས་ཞན་པ་དང་། ལྷག་པའི་བསམ་པ་མ་ཡིན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལོག་པ་ཡིན་ནོ། །ཀྱེ་མ་བདག་གིས་ཇེ་ཆེར་ཡང་དག་པའི་ལྟ་བ་ཅན་དུ་བྱའོ། །ཇེ་ཆེར་བརྩོན་འགྲུས་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །གལ་ཏེ་བདག་གི་དབུགས་རྔུབ་པ་དང་། འབྱུང་བ་རེ་རེ་ལ་སྲོག་དང་འབྲལ་བར་གྱུར་ཀྱང་བདག་གིས་བླ་ན་མེད་པ་ཡང་དག་པར་


DKG048_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ལས་སེམས་ཕྱིར་ལྡོག་པར་མི་བྱའོ། །བདག་གིས་སྲོག་དང་འབྲལ་བ་དེ་སྙེད་ཀྱང་བཟོད་པར་བྱའོ། །བདག་གིས་སངས་རྒྱས་ཀྱི་ཆོས་རྣམས་ནི་ཡོངས་སུ་བཏང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་དག་བདག་སྲོག་དང་བྲལ་བར་བྱེད་པ་དེ་ལ་བདག་གིས་སེམས་ཅན་འདི་དག་ནི་ཉོན་མོངས་པའི་དབང་གིས་བདག་ལ་གནོད་པར་བྱ་བའི་ཕྱིར་སྡིག་པ་ཅན་གྱི་ལས་རྣམས་མངོན་པར་འདུ་བྱེད་པ་ཡིན་པས་དེ་དག་ལ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་པའི་ཆེད་དུ་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་ཆོས་བསྟན་པར་བྱ་བ་དེ་ལྟ་བུའི་གོ་ཆ་བགོའོ་སྙམ་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དྲན་པ་རྙེད་ཀྱིས་བདུད་བརྗེད་ངས་ལ་སྨྲས་པ། ཀྱེ་མི་ཁྱོད་ཁོ་བོ་ལ་འདི་ལྟ་སྟེ་དོན་འདོད་པ་ཡིན། འདི་ལྟ་སྟེ་ཕན་པ་འདོད་པ་ཡིན། ཀྱེ་མི་ཁྱོད་ཁོ་བོ་ལ་འདི་ལྟ་སྟེ། གྲུབ་པ་དང་བདེ་བར་འདོད་པ་ཡིན་ཏེ། ཁྱོད་ཀྱིས་གནས་དེ་ལྟ་བུ་དེ་དག་ཀུན་ཏུ་བསྟན་པ་ནི་ངོ་མཚར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་མི་ཁོ་བོས་དེ་མཐོང་ནས་ཤས་ཆེར་ཆེས་སྟོབས་དང་ལྡན་པའི་གོ་ཆ་བགོས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་པ་བསྐྱེད་པའི་ཕྱིར་རོ། །དེ་ནས་བདུད་བརྗེད་ངས་འདི་སྙམ་དུ་སེམས་ཏེ། བདག་གིས་ཇི་ལྟ་ཇི་ལྟར་འཇིགས་པ་དང་། འཇིགས་སུ་རུང་བའི་གཟུགས་དག་བསྟན་པ་དེ་ལྟ་དེ་ལྟར་དེ་ཇེ་ཆེར་བརྟན་པའི་གོ་ཆ་གྱོན་པར་བྱེད་དོ་སྙམ་མོ། །དེ་ནས་བདུད་བརྗེད་ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་སྨྲས་པ། ཀྱེ་སྐྱེས་བུ་གལ་ཏེ་ཁྱོད་ཁོ་བོའི་ཚིག་བཞིན་དུ་མི་བྱེད་ན་རང་ཉིད་ཀྱིས་ཤེས་པར་གྱུར་ཏེ། འདི་ལྟར་ཁོ་བོ་ནི་ས་ཕྱོགས་འདི་ནས་འགྲོ་བར་བྱའོ། །བདུད་བརྗེད་ངས་ཀྱིས་ཚིག་དེ་སྨྲས་པའི་འོག་ཏུ་དེ་ནས་དེ་ཉིད་ཀྱི་ཚེ་བདུད་ཀྱིས་སྤྲུལ་པའི་གནོད་སྦྱིན་དེ་དག་གིས་ཚིག་སྨྲས་པ། སྐྱེས་བུ་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་འདི་ཁྱོད་ཀྱིས་བསྒོ་བ་བཞིན་དུ་མི་བྱེད་ན། ཁྱོད་ས་ཕྱོགས་འདི་ནས་སོང་ཤིག་དང་ཁོ་བོ་ཅག་བཀྲེས་པའང་ཡིན། སྐོམ་པའང་ཡིན་པས་རྒྱལ་པོའི་གཞོན་ནུ་འདིའི་གཟི་བརྗིད་འཕྲོག་པར་བྱའོ། །གཞན་དག་གིས་ཀྱང་སྨྲས་པ། ཀྱེ་སྐྱེས་


DKG048_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁྱོད་སོང་ཤིག་དང་ཁོ་བོ་ཅག་གིས་རྒྱལ་པོའི་གཞོན་ནུ་འདི་སྐད་ཅིག་ཏུ་ཐལ་བར་བརླག་པར་བྱའོ། །གཞན་དག་གིས་ཀྱང་སྨྲས་པ། ཁོ་བོ་ཅག་གིས་རྒྱལ་པོའི་གཞོན་ནུ་འདིའི་མགོ་བསླང་བར་བྱའོ། །གཞན་དག་གིས་ཀྱང་སྨྲས་པ། ཀྱེ་སྐྱེས་བུ་ཁྱོད་སོང་ཤིག་དང་འདི་ནི་ཡུན་རིང་དུ་གནས་པ་མ་ཡིན་ཏེ། འདིའི་སྲོག་གཞན་ཅི་ཡང་མེད་པར་འགྱུར་བས། འདིས་དོན་འདོད་པ། ཕན་པ་འདོད་པ། ཁྱོད་ཀྱི་ཚིག་བཞིན་དུ་བྱས་སམ་དད་པས་ཅི་ཞིག་བྱ། གང་འདི་ཁྱོད་ཀྱིས་བསྒོ་བ་བཞིན་དུ་མི་བྱེད་པས་འདི་མངལ་དུ་ཞུགས་ན་ཡང་གཟི་བྱིན་དོར་བར་བྱའོ། །ཤ་བཟའ་བར་བྱའོ། ཁྲག་ཀྱང་བཏུང་བར་བྱའོ། །གཞན་དག་གིས་ཀྱང་ཚིག་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་འདི་རྩ་འཇིངས་མ་རྙེད་པ་ཡིན་གྱི། རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་རྡེགས་ཤིག་རྡེགས་ཤིག །རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཆོད་ཅིག་ཆོད་ཅིག་སོད་ཅིག །དེ་ནས་བདུད་བརྗེད་ངས་ཀྱིས་དེ་དག་ལ་སྨྲས་པ། དེ་ལྟར་མ་བྱེད་པར་ཡང་ཁྱེད་ཅག་སྡོད་ཅིག་དང་། ཁོ་བོས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་སྡིག་པ་ཅན་གྱི་ལྟ་བ་འདི་ལས་བཟློག་པ་དང་འདི་ཁོ་བོའི་ཚིག་བཞིན་དུ་བྱེད་པར་འགྱུར་རོ། །ཁོ་བོ་ནི་ཡུན་རིང་པོ་ནས་དེའི་མཛའ་བཤེས་སུ་གྱུར་པ་ཡིན། ལྷན་ཅིག་སྐྱེས་པར་གྱུར་པ་ཡིན་ཏེ། ཇི་སྲིད་དུ་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱི་ལྷག་པའི་བསམ་པ་རྣམ་པར་ཤེས་པར་གྱུར་པ་དེ་སྲིད་དུ་ཡུད་ཙམ་ཞིག་བཤོལ་བར་གྱིས་ཤིག །ཁོ་བོ་ལ་ཡང་བྱས་པ་གཟོ་བ་ཉིད་རྗེས་སུ་སྲུངས་ཤིག །གལ་ཏེ་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་སྡིག་པ་ཅན་གྱི་ལྟ་བ་དེ་མི་འདོར་བ་ལྟ་ན་དེའི་འོག་ཏུ་ཁྱེད་ཅག་གིས་ཅི་དགར་བྱ་བ་ཡིན་ནོ། །གལ་ཏེ་སྡིག་པ་ཅན་གྱི་ལྟ་བ་དེ་ལས་བཟློག་པར་ནུས་པ་ལྟ་ན། དེའི་ཕྱིར་ཁྱེད་ཅག་གིས་བྱས་པ་གཟོ་བ་ཉིད་གཟུང་བར་བྱ་སྟེ། གཞོན་ནུ་འདི་ཡང་བྱས་པ་གཟོ་བ་ཉིད་འཛིན་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་བདུད་བརྗེད་ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་ལན་གཉིས་སུ་ཡང་འདི་སྐད་ཅེས་སྨྲས་སོ། །ཀྱེ་གཞོན་ནུ་སྙིང་བརྩེ་བར་བྱེད་པ་ཕན་པར་བྱེད་པ་ཁོ་བོའི་ཚིག་བཞིན་དུ་བྱོས་ཤིག་དང་ཇི་སྲིད་འཚོའི་བར་ཁྱོད་ཀྱི་མཛའ་བཤེས་སུ་འགྱུར་རོ། །


DKG048_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་འདིས་ཁྱོད་ལ་ཅི་ཞིག་བྱ། གཞོན་ནུ་ཁྱོད་ཀྱིས་ལྟ་བ་དེ་ཐོང་ཤིག །གཞོན་ནུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རྙེད་པར་དཀའ་བའོ། །གཞོན་ནུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བའོ། །གཞོན་ནུ་ཡང་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་འགྲོ་བ་གང་དུ་སྐྱེ་བར་འགྱུར་བའི་གནས་གཞན་དག་ཀྱང་ལྟ་བར་འདོད་དམ། སྨྲས་པ། ཀྱེ་མི་ལྟ་བར་འདོད་དོ། །དེ་ནས་བདུད་བརྗེད་ངས་ཀྱིས་ས་ཕྱོགས་དེར་སེམས་ཅན་དམྱལ་བ་ཆེན་པོ་དག་མངོན་པར་སྤྲུལ་ཏེ། སྤྲུལ་ནས་ཀྱང་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ན་གནོད་པ་རྣམ་པ་དུ་མ་ཉམས་སུ་མྱོང་བ། ཚོར་བ་རྣམ་པ་དུ་མ་ཉམས་སུ་མྱོང་བའི་སེམས་ཅན་དེ་དག་མཐོང་ངམ། སྨྲས་པ། ཀྱེ་མི་མཐོང་ངོ་། །སྨྲས་པ། གཞོན་ནུ་དེ་དག་གིས་ནི་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་དག་ནི་སློངས་མོ་པ་རྣམས་ཀྱིས་གནོད་པར་གྱུར་ནས་སེར་སྣའི་སེམས་སུ་བྱས། གནོད་སེམས་སུ་བྱས་པས་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་སྐྱེས་པ་ཡིན་ནོ། །གཞོན་ནུ་དེ་ལྟར་ལྷག་པར་སློང་བ་དག་ལ་སྦྱིན་པར་བྱེད་པ་དག་གི་འགྲོ་བ་ནི་འདི་ཡིན་ཏེ། གནོད་སེམས་སྐྱེའོ། །དེ་དག་གནོད་སེམས་ལ་རབ་ཏུ་གནས་པས་འགྲོ་བ་དེ་ལྟ་བུ་དེ་དག་ཏུ་སྐྱེས་སོ། །གཞོན་ནུ་གང་ཡང་ཁྱོད་སྦྱིན་པའི་སེམས་ཀྱི་གནོད་སེམས་སུ་མི་བྱེད་ན་དེའི་ཚེ་སྐྱེ་བ་ཕྱིར་ལོག་སྟེ། མངལ་ན་གནས་པའི་ཚེ་ཡང་གནོད་སྦྱིན་འདི་དག་གིས་གཟི་བྱིན་འཕྲོག་པར་བྱེད་དོ། །བཙས་ནས་ཀྱང་ཡན་ལག་དང་ཉིང་ལག་དག་བཅད་ནས་ཁྱེར་ཏེ་འདོང་བར་བྱེད་དོ། །གཞོན་ནུ་གལ་ཏེ་ཡིད་མི་ཆེས་ན་དྲིས་ཤིག །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་སེམས་ཅན་དམྱལ་བ་དེ་དག་ལ་སྨྲས་པ། རིགས་ཀྱི་བུ་དག་ཅིའི་ཕྱིར་ཁྱོད་ཅག་སེམས་ཅན་དམྱལ་བ་ཆེན་པོ་འདི་དག་ཏུ་སྐྱེས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བདག་ཅག་གིས་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདག་ཅག་ནི་སློངས་མོ་པ་རྣམས་ཀྱིས་བསླངས་པ་ན་ཀུན་དུ་གདུངས་ཤིང་རབ་ཏུ་


DKG048_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གདུངས་ནས་སེར་སྣ་ཅན་དག་ཏུ་གྱུར་ཏེ། བདག་ཅག་ནི་སེམས་ཅན་དམྱལ་བ་ཆེན་པོ་འདི་དག་ཏུ་སྐྱེས་སོ། །གཞན་དག་གིས་ཀྱང་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བདག་ཅག་ནི་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེས་ན་བདག་ཅག་སློངས་མོ་པ་རྣམས་ཀྱིས་ཡན་ལག་དང་ཉིང་ལག་དག་བསླངས་པ་ན་ཞེ་སྡང་གི་སེམས་བསྐྱེད་པས་སེམས་ཅན་དམྱལ་བ་དེ་དག་ཏུ་སྐྱེས་སོ། །གཞོན་ནུ་དེ་ལྟ་བས་ན་མི་འདིས་ཁྱོད་ལ་བསྒོ་བ་བཞིན་དུ་དེ་གྱིས་ཤིག །འདིར་སྐྱེས་ནས་ཕྱིས་འགྱོད་པར་གྱུར་ན་ནི་མི་རུང་ངོ་། །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་བདུད་བརྗེད་ངས་དེ་ལ་སྨྲས་པ། ཀྱེ་མི་འདི་ལྟ་སྟེ། ཁྱོད་ཁོ་བོ་ལ་དོན་འདོད་པ་དང་། ཕན་པ་འདོད་པ་དང་། གྲུབ་པ་དང་། བདེ་བར་འདོད་པ་དང་། ཁྱོད་ཀྱིས་ཁོ་བོ་ལ་སེམས་ཅན་དམྱལ་བ་ཆེན་པོ་དག་བསྟན་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་དེ་དག་ཀུན་དུ་བསྟན་པ་ནི་ངོ་མཚར་ཏོ། །ཀྱེ་མི་དེས་ན་ཁོ་བོས་འདི་ཕྱིན་ཆད་སེམས་ཅན་སློངས་མོ་པ་གང་ཞིག་དངོས་པོ་གང་ལ་མངོན་པར་བརྩོན་པ་ལ་འཁྲུག་པར་མི་བྱའོ། །ཁོ་བོས་དངོས་པོ་ཐམས་ཅད་སྦྱིན་པ་ཁོ་ནར་བྱའོ། །ཁྲོ་བའི་སེམས་བསྐྱེད་པར་མི་བྱའོ། །གནོད་སེམས་སུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བ་འདི་ནི་སྦྱིན་པའི་འབྲས་བུ་མ་ཡིན་ཞིང་། འདི་ནི་སེར་སྣའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཀྱེ་མི་ཡང་ཚུར་ཤོག་གཉི་ག་འགྲོགས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རྒྱལ་པོའི་འོད་ག་ལ་བ་དེར་འདོང་བར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཡང་བསྙེན་བཀུར་བྱ་ཡོངས་སུ་ཞུ་བར་བྱ་སྟེ། དེས་ཇི་སྐད་གསུངས་པ་དེ་བཞིན་དུ་གཟུང་བར་བྱའོ། །དེ་ནས་བདུད་བརྗེད་ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བཅོམ་ལྡན་འདས་དེའི་ཐད་དུ་སོང་བས་ཁྱོད་ལ་ཅི་ཞིག་བྱ། གཞོན་ནུ་ཁྱོད་སོང་ཤིག །ཁོ་བོ་ནི་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེར་ཁོ་བོ་སོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་མི་རུང་བའི་ཕྱིར་རོ། །དེ་


DKG048_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་བདུད་བརྗེད་ངས་ལ་སྨྲས་པ། ཀྱེ་མི་གལ་ཏེ་ཁྱོད་ཁོ་བོ་ལ་ཕན་པར་འདོད་པ་དང་། གྲུབ་པ་དང་བདེ་བར་འདོད་པ་ཡིན་ན། དེའི་ཕྱིར་ཚུར་ཤོག་བཅོམ་ལྡན་འདས་དེའི་ཐད་དུ་འདོང་བར་བྱའོ། །འདི་ལྟ་སྟེ། བཅོམ་ལྡན་འདས་དེས་གསུངས་པ་དེ་བཞིན་དུ་གཟུང་བར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་སྨྲས་སོ། །བདུད་ཀྱིས་སྨྲས་པ། གཞོན་ནུ་ཆོག་གོ །དེས་བསྒོ་བ་མང་མོ་ཞིག་ཁོ་བོས་རྫོགས་པར་བྱས་ཏེ། དེ་ཁོ་ནའི་རྒྱུས་ཁོ་བོ་སྡུག་བསྔལ་ཆེན་པོ་ཐོབ་པར་གྱུར་པས་དེས་བསྒོ་བ་བཞིན་ཁོ་བོ་མི་བྱེད་དོ། །དེ་ནས་རྒྱལ་པོའི་གཞོན་ནུ་དེས་བདུད་བརྗེད་ངས་ཀྱི་ལག་པ་ནས་བཟུང་ནས་ཚུར་དྲངས་ཏེ་ཚུར་ཤོག་བཅོམ་ལྡན་འདས་དེ་ག་ལ་བ་དེར་འདོང་བར་བྱའོ། །དེས་སྨྲས་པ། གཞོན་ནུ་ཁྱོད་གདུལ་བྱ་མ་ཡིན་གྱིས་སོང་ཤིག །སྡུག་བསྔལ་གྱི་ཕུང་པོ་དེ་དག་ནི་ཁྱོད་ཀྱིས་ཉམས་སུ་མྱོང་བར་བྱ་བ་ཡིན་ནོ། །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་བཅོམ་ལྡན་འདས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་ལ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་ལམ་ཀར་བདུད་དེ་དང་གཏམ་ཇི་སྙེད་བྱས་པ་དེ་ཐམས་ཅད་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་དེས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་ལེགས་སོ་ལེགས་སོ། །བདུད་བརྗེད་ངས་ཞེས་བྱ་བ་དེ་ཁྱོད་ཀྱི་མིག་གིས་མི་རྩོལ་བར་བྱ་བའི་ཕྱིར་དང་། མོས་པ་བཟློག་པར་བྱ་བའི་ཕྱིར་འོངས་པ་ཡིན་ནོ། །དེ་ནས་རྒྱལ་པོའི་གཞོན་ནུ་དེ་བདུད་དེ་ག་ལ་བ་དེར་སོང་ནས་སྨྲས་པ། བདུད་ཁྱོད་ཚུར་ཤོག །བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ཤིག །ཆོས་ལ་སྐྱབས་སུ་སོང་ཤིག །དགེ་འདུན་ལ་སྐྱབས་སུ་སོང་ཤིག །དེ་ནས་བདུད་བརྗེད་ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་སྨྲས་པ། གཞོན་ནུ་ཆོག་གོ །ཁོ་བོ་སངས་རྒྱས་ལ་སྐྱབས་སུ་མི་འགྲོའོ། །ཆོས་ལ་སྐྱབས་སུ་མི་འགྲོའོ། །དགེ་འདུན་ལ་སྐྱབས་སུ་མི་འགྲོའོ་ཞེས་དེ་སྐད་སྨྲས་ནས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་བདུད་བརྗེད་ངས་ལ་


DKG048_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་བྱིན་གྱི་རླབས་ཀྱིས་རྣམ་པར་བལྟས་སོ། །རྣམ་པར་བལྟས་ནས་དེ་མ་ཐག་ཏུ་དེ་ནས་ཡང་བདུད་བརྗེད་ངས་ཀྱིས་བདག་ཉིད་ཀྱི་སྐྲ་ཞག་བདུན་དུ་བྲེགས་པ་དང་། བདག་ཉིད་གོས་ངུར་སྨྲིག་ཕྲ་ཞིང་འཇམ་པ་གྱོན་པ་མཐོང་ཞིང་། འཁར་གསིལ་དང་། ལྷུང་བཟེད་ཐོགས་པར་མཐོང་ངོ་། །དེ་ནས་བདུད་བརྗེད་ངས་ཀྱིས་བདག་ཉིད་རབ་ཏུ་བྱུང་ཞིང་། ཆོས་གོས་དང་ལྷུང་བཟེད་དང་འཁར་གསིལ་ཐོགས་པར་རིག་ནས་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སུ་སངས་རྒྱས་ལ་སྐྱབས་སུ་མི་མཆི། ཆོས་ལ་སྐྱབས་སུ་མི་མཆི། དགེ་འདུན་ལ་སྐྱབས་སུ་མི་མཆི་བ་དེས་ཆོས་ཉིད་དེ་ཀུན་དུ་འཚལ་ལགས་སོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། བརྗེད་ངས་སུས་ཁྱོད་ཀྱི་སྐྲ་དག་བྲེགས། གོས་ངུར་སྨྲིག་དག་བྱིན། ལྷུང་བཟེད་དང་འཁར་གསིལ་དག་བྱིན། དེ་འདི་སྙམ་དུ་སེམས་ཏེ། བདག་འོངས་ནས་སུས་ཀྱང་མགོ་བྲེགས་པ་མེད་དོ། །གོས་ངུར་སྨྲིག་དག་དང་ལྷུང་བཟེད་དང་འཁར་གསིལ་དག་བྱིན་པ་ཡང་མེད་དོ། །བདག་གིས་ཕྱོགས་གཅིག་ཏུ་བོར་ཏེ་འགྲོ་བར་བྱའོ་སྙམ་ནས་དེར་དོར་བར་འདོད་ན་ཡང་མ་ནུས་སོ། །དེ་འདི་སྙམ་དུ་སེམས་ཏེ། ཇི་སྲིད་དུ་བདག་འཁོར་དེར་འདུག་པ་དེ་སྲིད་དུ་འཁོར་དེ་བདག་ལ་འཕྱ་བར་འགྱུར་ཞིང་བདག་ཀྱང་ངོ་ཚ་བར་འགྱུར་ཏེ། བདག་འདི་ནས་མི་སྣང་བར་བྱ་ཞིང་རང་གི་གནས་སུ་འགྲོ་བར་བྱའོ་སྙམ་ནས། དེ་ནས་བདུད་བརྗེད་ངས་འཁོར་དེ་ནས་མི་སྣང་བར་གྱུར་ཅིང་རང་གི་གནས་སུ་ཡང་སོང་ངོ་། །ཤ་ར་དྭ་ཏིའི་བུ་དེ་ནས་བདུད་ཀྱི་རིས་ཀྱི་ལྷ་མོ་དེ་དག་གིས་རབ་ཏུ་བྱུང་བ་དེ་མཐོང་ནས་འབྲོས་ཤིང་སྨྲས་པ། མགོ་བྲེགས་ཤིང་ཆོས་གོས་འཆང་བ་འདི་ལྟ་བུ་འདི་སུ་ཡིན་ཏེ། སྔོན་མ་བྱུང་བའི་མཚན་མ་འདི་ལྟ་བུ་སྣང་བས་བདག་ཅག་མི་རྟག་པ་ཉིད་དུ་གྱུར་ན་མི་རུང་ངོ་། །དེས་རང་གི་འཁོར་ན་འདུག་པའི་སླས་དེ་ལ་སྨྲས་པ། བཟོད་ལྡན་དག་ཁོ་བོ་དགེ་སློང་མ་ཡིན་ཏེ། ཁོ་བོ་ནི་བདུད་བརྗེད་ངས་ཡིན་ནོ། །མིག་གིས་མི་རྩོལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་དེའི་ཐད་དུ་སོང་ནས་བཅོམ་ལྡན་འདས་དེས་ཁོ་བོ་འདི་ལྟར་མི་སྡུག་པར་བསྒྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ནས་


DKG048_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་རིས་ཀྱི་ལྷ་མོ་དེ་དག་གིས་སྨྲས་པ། གོས་ངུར་སྨྲིག་གྱོན་པ་ནི་བླུན་པོ་ཡིན་ན། ཁྱོད་ཅིའི་ཕྱིར་འདི་སྐད་དུ་མི་འཐུན་པར་སྨྲ། ཁྱོད་ནི་བདུད་ཀྱི་གནས་འདི་ལས་ཉམས་སོ། །འདིར་ནི་བདུད་གཞན་ཞིག་སྐྱེས་སོ། །ཤ་ར་དྭ་ཏིའི་བུ་དེ་ནས་བདུད་བརྗེད་ངས་ཀྱིས་ཚིག་དེ་ཐོས་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ། འགྱོད་པ་དང་བཅས་པས་ཉམ་ཐག་པའི་སྐད་ཕྱུང་ངོ་། །དེ་ཡང་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཀུན་ཏུ་སྟོན་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དོ། །དེ་ནས་དེ་ན་ཡོད་པའི་སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀུན་ཏུ་འབར་བ་རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ། ཀུན་ནས་འབར་བར་གྱུར་པ། རི་རབ་ཙམ་གྱི་ལྕགས་ཀྱི་ཐུ་ལུམ་དག་ཐོགས་ཤིང་འཁར་བའི་ཐུ་ལུམ་དག་ཐོགས་ནས་རྒྱུག་ཅིང་རྗེས་སུ་དོང་ངོ་། །འདི་སྐད་ཅེས་ཀྱང་སྨྲས་སོ། །བདུད་བརྗེད་ངས་ད་གར་སོང་། སེམས་ཅན་དམྱལ་བའི་སྲུངས་མ་གཞན་དག་གིས་ཀྱང་སྨྲས་པ། དེས་ཅི་ཞིག་བྱ། དེ་དག་གིས་སྨྲས་པ། དེའི་ཁར་ལྕགས་ཀྱི་ཐུ་ལུམ་ཀུན་ཏུ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་མཆེད་ཅིང་འབར་བ། ཀུན་ནས་འབར་བར་གྱུར་པ་དེ་དག་གཞུག་པར་བྱའོ། །གཞན་དག་གིས་ཀྱང་སྨྲས་པ། གྲོགས་པོ་དག་དེ་ནི་རབ་ཏུ་བྱུང་བ་ཡིན། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་དག་ལས་གྲོལ་བ་ཡིན་གྱིས་མ་བྱེད་ཅིག །དེ་ན་ཡོད་པའི་སེམས་ཅན་དམྱལ་བའི་སྲུངས་མ་གཞན་དག་ནི་ཀུན་ཏུ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ། ཀུན་ནས་རབ་ཏུ་འབར་བར་གྱུར་པའི་རི་དག་ཐོགས་ནས་རྒྱུག་ཅིང་དོང་ངོ་། །འདི་སྐད་ཅེས་ཀྱང་སྨྲས་སོ། །བདུད་བརྗེད་ངས་ད་གར་སོང་། དེ་ནས་གཞན་དག་གིས་ཀྱང་སྨྲས་པ། དེས་ཅི་ཞིག་བྱ། དེ་དག་གིས་སྨྲས་པ། མེའི་རི་ཆེན་པོ་དེ་དག་གིས་ཐལ་བར་བརླག་པར་བྱའོ། །དེར་གཞན་དག་གིས་


DKG048_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། གྲོགས་པོ་དག་དེ་ནི་རབ་ཏུ་བྱུང་བ་ཡིན། དེ་ནི་སེམས་ཅན་དམྱལ་བ་ཆེན་པོའི་འཇིགས་པ་དག་ལས་གྲོལ་བ་ཡིན་གྱིས་མ་བྱེད་ཅིག །དེ་ནས་གཞན་དག་ཀྱང་སྤུ་གྲིའི་སོ་ལྟ་བུའི་གྲི་དག་ཐོགས་ནས་རྗེས་སུ་རྒྱུག་ཅིང་དོང་ངོ་། །འདི་སྐད་ཅེས་ཀྱང་སྨྲས་སོ། །བདུད་བརྗེད་ངས་ད་གར་སོང་། དེ་ནས་གཞན་དག་གིས་སྨྲས་པ། དེས་ཅི་ཞིག་བྱ། དེ་དག་གིས་སྨྲས་པ། འདི་དག་གིས་དེའི་ལུས་ཤ་མེད་པར་བྱའོ། །དེ་ནས་གཞན་དག་གིས་སྨྲས་པ། གྲོགས་པོ་དག་དེ་ནི་རབ་ཏུ་བྱུང་བ་ཡིན། ཞི་བ་ཡིན། དུལ་བ་ཡིན་ཏེ། དེ་ནི་སེམས་ཅན་དམྱལ་བའི་འཇིགས་པ་དག་ལས་གྲོལ་བར་གྱུར་ཏོ། །དེ་ནས་གཞན་དག་ཀྱང་ཟངས་བསྐོལ་བའི་བུམ་པ་དག་ཕྲག་པར་ཐོགས་ནས་ཕྱོགས་བཞིར་རྒྱུག་ཅིང་དོང་ངོ་། །འདི་སྐད་ཅེས་ཀྱང་སྨྲས་སོ། །བདུད་བརྗེད་ངས་ད་གར་སོང་། དེ་ནས་གཞན་ཞིག་གིས་སྨྲས་པ། དེས་ཅི་ཞིག་བྱ། དེ་དག་གིས་སྨྲས་པ། འདི་ལ་ཁའི་སྒོར་ཟངས་ཀུན་ཏུ་བསྐོལ་བའི་བུམ་པ་དག་བླུགས་པར་བྱ་སྟེ། དེ་དག་གིས་འདིའི་མཆུ་དག་ཚིག་པར་བྱེད་དོ། །རྐན་ཚིག་པར་བྱེད་དོ། །སྙིང་ཚིག་པར་བྱེད་དོ། །རྒྱུ་མ་དག་དང་། མཉེ་མ་དག་དང་། ལྟོ་ཚིག་པར་བྱེད་དོ། །གཞང་ཚིག་པར་བྱེད་དོ། །དེའི་འོག་གི་ཆར་ཡང་འབྱུང་བར་བྱེད་དོ། །དེ་དག་གིས་སྨྲས་པ། གྲོགས་པོ་དག་དེ་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ཡིན། དེ་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་དག་ལས་གྲོལ་བ་ཡིན་ནོ། །དེ་ནས་སེམས་ཅན་དམྱལ་བའི་སྲུངས་མ་གཞན་དག་ཀྱང་ལག་ན་མཚོན་ཆ་མི་འཐུན་པ་རྣམ་པ་སྣ་ཚོགས་ཐོགས་པ་དག་ཀུན་ཏུ་རྒྱུག་སྟེ། འདི་ལྟ་སྟེ། ལག་ན་མདུང་ཐུང་དང་། མདའ་བོ་ཆེ་དང་། མཚོན་ཆ་རྩེ་གཅིག་པ་དང་། ལྕགས་མདའ་དང་། སྟེའུ་ཁ་ཉ་རྔ་དང་། གཏུན་དང་། རལ་གྲི་དང་། དགྲ་སྟ་དང་། མདུང་དང་། དབྱུག་པ་ཐོགས་པ་དག་རྗེས་སུ་རྒྱུག་ཅིང་དོང་ལ་འདི་སྐད་ཅེས་ཀྱང་འཛེར་ཏེ། ཧི་ཧི་དང་། ཧ་ཧ་དགོད་པ་དང་། ཤུགས་འབྱིན་པ་དང་། ཆོ་ངེས་འདེབས་པ་དང་། རྔ་པ་ཊ་ཧའི་སྒྲ་དང་། རྣམ་པར་སྐྲག་པར་བྱེད་པ་ལ་མཁས་པ། སོ་དག་གིས་འོག་ཏུ་འདེབས་པར་བྱེད། ལག་པ་


DKG048_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྒྱུར་བར་བྱེད། མགོ་དག་གཅོད་པར་བྱེད། སྨིན་གཉེར་གྱིས་བཞིན་འཕུལ་བར་བྱེད་ཅིང་འདི་སྐད་ཅེས་ཀྱང་འཛེར་ཏེ། ཟུང་ཤིག་ཟུང་ཤིག །རྒྱོབ་ཤིག་རྒྱོབ་ཤིག །ཆོད་ཅིག་ཆོད་ཅིག །སོད་ཅིག་སོད་ཅིག །ཡང་སྨྲས་པ། བདུད་བརྗེད་ངས་ད་གར་སོང་། དེ་ནས་གཞན་དག་གིས་སྨྲས་པ། དེས་ཅི་ཞིག་བྱ། དེ་དག་གིས་སྨྲས་པ། དགྲའི་ཁྲག་གིས་གཅིག་ཏུ་བསྐུས་པའི་མཚོན་ཆ་དག་གིས་དེའི་ལུས་གཅད་པར་བྱའོ། །རྣམ་པར་གཞིག་པར་བྱའོ། །དུམ་བུར་བརླག་པར་བྱའོ། །ཐལ་བར་བརླག་པར་བྱའོ། །ཁོ་བོ་ཅག་ནི་དེའི་གཤིན་རྗེའི་ཕོ་ཉ་ཡིན་ནོ། །དེ་ནས་གཞན་དག་གིས་སྨྲས་པ། གྲོགས་པོ་དེ་ནི་རབ་ཏུ་བྱུང་བ་ཡིན། དེ་ནི་སེམས་ཅན་དམྱལ་བའི་འཇིགས་པ་དག་ལས་གྲོལ་བ་ཡིན་གྱིས་ཐབ་མོ་མ་བྱེད་ཅིག །བདུད་བརྗེད་ངས་ཀྱིས་བདག་ཉིད་ལ་མཐོ་འཚམ་པ་དེ་ཐོས་ཏེ། བདག་གནས་དེ་ལས་ཉམས་པ་འདི་ནི་བདེན་ནོ། །བདག་གིས་ཀྱང་རབ་ཏུ་འབྱུང་བ་བླངས་ཏེ། རབ་ཏུ་འབྱུང་བ་དེ་ཡང་དོན་ཆེན་པོ་དང་ལྡན་པ་ཡིན་ནོ། །སེམས་ཅན་དམྱལ་བའི་སྲུངས་མ་རྣམས་བདག་གི་རྗེས་སུ་འབྲང་ཡང་བདག་ལ་དུམ་བུར་རླག་པར་མ་ནུས་སོ། །གལ་ཏེ་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་ཀྱིས་བདག་རབ་ཏུ་ཕྱུང་ན་བདག་ལྷག་པའི་བསམ་པས་རབ་ཏུ་འབྱུང་བར་བྱའོ། །སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ལས་ཀྱང་ཡོངས་སུ་གྲོལ་བར་བྱའོ་སྙམ་སྟེ། དེ་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ག་ལ་བ་དེར་སོང་ནས་དོན་དེ་སྨྲས་ཏེ། གཞོན་ནུ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཁོ་བོ་ལྷག་པའི་བསམ་པས་རབ་ཏུ་འབྱུང་བར་འདོད་དོ། །ཤ་ར་དྭ་ཏིའི་བུ་དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་བདུད་བརྗེད་ངས་ལ་འདི་སྐད་ཅེས་སྨྲས་སོ། །སུ་ཞིག་ཁྱོད་ལ་རབ་ཏུ་འབྱུང་བ་སྦྱིན་པར་བྱེད། བརྗེད་ངས་ཁྱོད་ཚུར་ཤོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །བརྗེད་ངས་གོས་ངུར་སྨྲིག་བཅངས་པས་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བ་ཞེས་བྱ་བ་མ་ཡིན་ནོ། །ཡང་ལམ་གང་གིས་རབ་ཏུ་བྱུང་བ་ཞེས་བྱ་བའི་ཆོས་དེ་དག་ཡང་དག་པར་སྒྲུབས་ཤིག །བརྗེད་ངས་ལམ་དེ་ལ་ནི་སེམས་ཅན་དམྱལ་བ་དག་དམིགས་པའམ། སེམས་ཅན་དམྱལ་


DKG048_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཇིགས་པ་དག་དམིགས་པར་མི་འགྱུར་རོ། །དེ་ནས་བདུད་བརྗེད་ངས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ཆོས་ལ་སོ་སོར་རྟོག་པའི་མངོན་པར་བརྩོན་པ་དེ་ལྟ་བུ་དང་། ཆོས་ལ་མཁས་པ་དེ་ལྟ་བུས་ལྷག་པའི་བསམ་པས་མི་སྐྱེ་བའི་ཆོས་ལ་ཡང་བཟོད་པ་ཐོབ་བོ། །ཤ་ར་དྭ་ཏིའི་བུ་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་ནི་བདུད་བརྗེད་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །མི་སྐྱེ་བའི་ཆོས་ལ་ཡང་བཟོད་པ་ཐོབ་པར་བྱས་སོ། །དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རྒྱལ་པོའི་འོད་དེས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་སྒྲུབ་པར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཅེས་བྱ་བ་བྱུང་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉིའམ་ཡིད་གཉིས་ཟ་བར་གྱུར་ན། ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་འདི་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཅེས་བྱ་བར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ནས་བྱང་ཆུབ་སེམས་དཔའ་དྲན་པ་རྙེད་དེ་རང་གི་ཕ་མ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་སྨྲས་པ། ཡབ་ཡུམ་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རྒྱལ་པོའི་འོད་དེའི་ཐད་དུ་རབ་ཏུ་འབྱུང་བར་འཚལ་ལོ། ། དེ་སྐད་ཅེས་སྨྲས་ནས་རང་གི་ཕ་མ་ལ་ཚིགས་སུ་བཅད་པ་དག་གིས་སྨྲས་པ། འདོད་པ་དེ་ནི་རྒྱལ་བས་མི་རྟག་གསུངས། །རྒྱལ་བའི་ཐད་དུ་རབ་ཏུ་འབྱུང་བར་བགྱི། །དེ་ལས་བདེ་བ་དེ་དག་ཐམས་ཅད་འབྱུང་། །ཁྱེད་ནི་བདག་ལ་བར་ཆད་མ་མཛད་ཅིག །


DKG048_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་དང་ནི་བདེ་བ་དོན་གཉེར་དང་། །ལོངས་སྤྱོད་དག་དང་མཐོ་རིས་དོན་གཉེར་དང་། །ཡོན་ཏན་ཡེ་ཤེས་ཀྱང་ནི་དོན་གཉེར་ཏེ། འཇིག་རྟེན་མཁས་པའི་བསྟན་ལ་རབ་བྱུང་ཤིག །དེར་ནི་སྦྱིན་དང་ཚུལ་ཁྲིམས་རྣམ་པར་སྨིན། །དེ་དང་དེར་ནི་བསྔགས་ཤིང་སྐྱེ་བ་ལགས། །དེར་ནི་བསྟེན་པའི་རྩ་བ་དེ་རབ་བགྱི། །དེ་སླད་བདག་ནི་ཆོས་ཀྱི་རྒྱལ་པོར་འགྱུར། །འདི་ནི་སྔོན་ཆད་སུག་ལས་བགྱིས་པ་དང་། །སྦྱིན་པ་སྩལ་དང་དུལ་བའི་འབྲས་བུ་ལགས། །དེ་ཡི་འབྲས་བུ་ད་ལྟར་སྤྱོད་དོ་ཡབ། །ལྷག་མ་མཆིས་པར་མཛོད་ལ་རབ་བྱུང་མཛོད། །ལྷག་མ་མེད་བགྱིས་ངན་འགྲོ་ངན་སོང་གསུམ། །དེ་ནི་མི་ཁོམ་རྣམས་སུ་མཆི་བར་འགྱུར། །སྡིག་པའི་ལས་རྣམས་ཀུན་ཏུ་སྤྱད་པས་ནི། །སངས་རྒྱས་རྣམས་དང་ཕྲད་པར་འགྱུར་མ་ལགས། །ལྷག་མར་བཅས་བགྱིས་གང་དག་རབ་འབྱུང་བ། །དེར་ཡང་ཆོས་ལ་རབ་ཏུ་སྤྱོད་པར་འགྱུར། །མི་ཁོམ་བརྒྱད་པོ་ཐམས་ཅད་རྣམ་སྤངས་པས། །སངས་རྒྱས་བསྟན་ལ་དལ་བ་འདི་འཐོབ་བོ། །དེ་ཡིས་སངས་རྒྱས་མཐོང་ནས་མྱུར་དད་ཅིང་། །སེམས་དད་ནས་ཀྱང་གུས་པར་བགྱིད་པ་དང་། །གུས་བཅས་ཆོས་ལ་ཀུན་ཏུ་སྤྱོད་བགྱིད་པ། །ཆོས་རྗེས་འཐུན་སྤྱོད་བྱང་ཆུབ་རྙེད་མི་དཀའ། །གང་ཞིག་མི་ཁོམ་ཐམས་ཅད་སྤོང་འཚལ་ཞིང་། །སྡིག་པའི་གྲོགས་པོ་རྣམ་པར་སྤོང་བགྱིད་པ། །དེས་ནི་དེ་རིང་བདག་གི་རྗེས་བསླབས་ནས། །དགེ་བའི་རྩ་བ་རབ་འབྱུང་བླང་བར་བགྱི། །ལྷ་དང་གནོད་སྦྱིན་མིའམ་ཅི་མ་མཆིས། །དྲི་ཟ་ཀླུ་ཡི་བགྱི་བ་མཆིས་མ་ལགས། །རབ་ཏུ་མ་འབྱུང་ཁྱིམ་འདིར་གནས་བྱོས་ཤེས། །གང་ཞིག་དེ་རིང་བདག་ལ་བར་ཆད་བགྱིད། །གཞན་དུ་སྡིག་པའི་ལས་རྣམས་འདིར་སློང་སྟེ། །བདག་ནི་བཟློག་པར་ནུས་པ་མ་ལགས་སོ། །དཔེར་ན་གླང་པོས་བཅིངས་པ་དམ་བཅད་ནས། །ཇི་ལྟར་འདོད་དགུར་འདོད་བཞིན་དེ་མཆི་ལྟར། །དེ་བཞིན་འདོད་པའི་འཆིང་བ་དམ་རྣམས་དང་། །སྲེད་པའི་ལྕུག་མ་རྟེན་པའི་འཆིང་བ་དག །དེ་དག་དེ་རིང་བཅད་ནས་འདིར་རབ་འབྱུང་། །བདག་ནི་སྟོབས་ཀྱིས་བཟློག་པ་ཡོང་མི་འགྱུར། །དེ་ཚེ་དེ་སྨྲས་མྱུར་བར་ཕ་མ་ཡི། །རྐང་ལ་ཕྱག་འཚལ་ཀུན་ཏུ་དགའ་བ་སྐྱེས། །གུས་དང་བཅས་


DKG048_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཟློག་པར་མ་ནུས་ཏེ། །རྒྱལ་བའི་བསྟན་ལ་རབ་ཏུ་འབྱུང་སོང་ཤིག །རྒྱལ་བ་དེ་ཡི་ཐད་དུ་དེ་རབ་བྱུང་། །དེར་ནི་སྲོག་ཆགས་བྱེ་བ་མང་པོས་ཐོས། །དེ་ལ་ཡ་མཚན་གྱུར་ནས་དད་སྐྱེད་དེ། །རྗེས་སུ་སློབ་ཅིང་མང་པོ་རབ་ཏུ་བྱུང་། །དེར་ཡང་དེ་ཡི་གྲོགས་པོ་གང་དག་བྱུང་། །སྐལ་བ་མཉམ་པ་ཚོང་དཔོན་བུ་གཞོན་དག །ཨ་ལ་སངས་རྒྱས་བསྟན་དེ་རྒྱ་ཆེ་ཞེས། །སྲོག་ཆགས་སྟོང་ཕྲག་མང་པོ་རབ་ཏུ་བྱུང་། །དེ་ཚེ་རྒྱལ་པོ་དེ་ཡང་རབ་ཏུ་བྱུང་། དེ་ཚེ་རྒྱལ་སྲིད་འདོད་པའི་ལོངས་སྤྱོད་སྤངས། །དེ་ཚེ་བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་བདུན། །མཐོང་བའི་རྗེས་འབྲང་དེ་དག་རབ་ཏུ་བྱུང་། །དེ་ཚེ་རྒྱལ་པོ་རབ་ཏུ་བྱུང་རིག་ནས། །དེ་ཚེ་རྒྱལ་པོའི་བཙུན་མོའང་རབ་ཏུ་བྱུང་། །དེ་ཚེ་བུད་མེད་སྟོང་ཕྲག་བརྒྱད་ཅུ་དག །རྒྱལ་པོ་མཆོག་དད་དེ་དག་རབ་ཏུ་བྱུང་། །དཔའ་བོ་དྲན་པ་རྙེད་ཀྱིས་རྗེས་སློབ་ཅིང་། །དེ་དག་ཀུན་ཀྱང་ཐེག་པ་མཆོག་ལ་ཞུགས། །གང་གི་ཡོན་ཏན་བསྔགས་ཕྲེང་འདི་འདྲ་བ། །དཔའ་བོ་དེ་ལ་སུ་ཞིག་སློབ་མི་བྱེད། །ཤ་ར་དྭ་ཏིའི་བུ་ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྷག་པར་བྱ་བ་བྱས་པ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་ང་ནི་རྒྱལ་པོ་ལྷག་པར་བྱ་བ་བྱས་པ་ཞེས་བྱ་བ་དེར་གྱུར་ཏོ། །རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་དེ་ནི་ངའི་བུར་གྱུར་ཏོ། །དེ་ཚེ་ལོ་ནི་ཉི་ཁྲི་ཆིག་སྟོང་དུ། །བུད་མེད་གཞོན་ནུ་གྲོང་མི་དག་དང་བཅས། །རྒྱལ་པོས་དེ་ཚེ་ཚངས་པར་སྤྱོད་པ་སྤྱད། །ཚེ་ཟད་ནས་ནི་དེ་ཚེ་འཆི་དུས་བྱས། །དེ་ཚེ་སྟོན་པས་དགེ་སློང་དགེ་འདུན་གསུངས། །རྐང་གཉིས་རྣམས་ཀྱི་དམ་པ་འཛུམ་པ་མཛད། །དེར་ནི་སྨོན་ལམ་རྒྱལ་པོ་གང་བྱུང་བ། །སངས་རྒྱས་ཡོན་ཏན་རྒྱལ་པོས་ལུང་བསྟན་ཏོ། །རྒྱལ་པོ་དེ་ནི་ཚངས་པར་སྤྱོད་པ་སྤྱད། །ཐེག་མཆོག་དམ་པ་ལ་ནི་ཡང་དག་ཞུགས། །ཕྱིར་ཞིང་འདི་ནི་མི་ཁོམ་འགྲོ་མི་འགྱུར། །དེ་ཚེ་དལ་བ་ཕུན་སུམ་ཚོགས་པར་འཛིན། །དེ་ཚེ་བསྐལ་པ་མང་པོར་སྤྱད་བྱས་ཤིང་། །སངས་རྒྱས་གྲངས་མེད་རྣམས་ལ་མཆོད་བྱས་ཏེ། །ཤཱཀྱ་བཙུན་པའི་རྒྱལ་པོ་རྐང་གཉིས་མཆོག །


DKG048_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་དེ་ཚེ་བསྐལ་པ་བཟང་པོར་འབྱུང་། །རྒྱལ་པོའི་གཞོན་ནུ་དགེ་སློང་དྲན་པ་རྙེད། །དེ་ཡི་འཁོར་ནི་དེ་ཚེ་གང་བྱུང་བ། །ཤཱཀྱ་བཙུན་པའི་རྒྱལ་པོ་ནམ་སངས་རྒྱས། །དེ་ཚེ་དེ་ཡི་དུས་སུ་རབ་ཏུ་བྱུང་། །དེ་ཚེ་དེ་ཡི་ཚངས་པར་སྤྱོད་པ་སྤྱད། །ཕྱི་ནས་དེར་ནི་འཆི་བའི་དུས་བྱས་ཤིང་། །དེ་ཚེ་མི་ཡི་དངོས་པོའང་ཐོབ་ནས་སུ། །དེ་ཚེ་མྱ་ངན་ཡོངས་འདས་རིང་བསྲེལ་རྒྱས། །དེ་ཚེ་ཐ་མའི་དུས་ལ་གནས་པ་ན། །ཚུལ་འདི་ཉིད་ཀྱི་ཆོས་ནི་ཉན་བྱེད་ཅིང་། །གང་དག་ང་ཡིས་ད་ལྟར་མདོ་བཤད་པ། །ང་ཡི་བསྟན་པ་འདིར་ནི་རྒྱས་བྱས་ཏེ། །ཐོགས་མེད་སངས་རྒྱས་ཡེ་ཤེས་རྣམ་པར་དག །དེ་ཚེ་ཐེག་མཆོག་ཅན་དེ་ཚིག་སྨྲ་བ། །དེ་བཞིན་འགྱུར་གྱི་གཞན་དུ་འགྱུར་མ་ཡིན། །ཕྱི་མའི་དུས་ན་དེ་ནི་དེ་ལྟར་འགྱུར། །གང་གིས་ཆོས་འདི་འདྲ་བ་དེ་ཐོས་ན། །མཆོག་ཏུ་དགའ་བ་དང་ནི་དད་འགྱུར་བ། །ལུང་སྟོན་སངས་རྒྱས་བདག་གིས་འདིར་མཐོང་བར། །དེ་དག་རྣམས་ཀྱིས་དོགས་པར་གཞར་མི་བྱ། །ཆོས་ཀྱི་རྒྱལ་པོ་དམ་པ་བདག་གིས་མཐོང་། །འདི་ནི་ཆོས་སྟོན་པ་ཡང་ཐོས་པར་གྱུར། །གང་དག་འཇིགས་པ་ཆེན་པོ་ཕྱི་དུས་ན། །ཆོས་ཟབ་བཟོད་པ་མངོན་པར་ཐོབ་པར་འགྱུར། །དགེ་སློང་དགེ་སློང་མ་དང་དགེ་བསྙེན་དང་། །དགེ་བསྙེན་མ་དང་གང་དག་ཤེས་རབ་རྣོ། །གང་དག་ཆོས་འདི་འདྲ་བ་དེ་འདོད་པ། །དེ་དག་ཐེག་པ་མཆོག་ཏུ་ངས་ལུང་བསྟན། །ཆོས་འདི་རབ་ཏུ་བསྟན་པའི་ཚེ་ན་ནི། །བྱེ་བ་ཁྲག་ཁྲིག་ཕྲག་ནི་བདུན་ཅུ་ཡིས། །མིག་མཆོག་དམ་པ་དེ་དག་ཐོབ་པར་གྱུར། །རྒྱལ་བས་སྲས་འཁོད་པ་དག་ལུང་བསྟན་ཏོ། །ལྷག་པའི་བསམ་པ་ཡང་དག་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།


previousབདུན་པ། བལྟམས་པའི་ལེའུ། next