Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་དགུ་པ།


   
   
   
   
   
   
   
བདུན་པ། དོན་དམ་ཡང་དག་འཕགས་ཀྱི་ལེའུ།
   
   
   
   
   
   
   
   
   
   
   
   


 
previousབདུན་པ། དོན་དམ་ཡང་དག་འཕགས་ཀྱི་ལེའུ། next

བདུན་པ། དོན་དམ་ཡང་དག་འཕགས་ཀྱི་ལེའུ།


DKG049_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ན་བདག་གཅིག་པུ་དབེན་པ་ཞིག་ན་མཆིས་པའི་ཚེ། སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ལགས་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། སྐྱེ་བའི་མཚན་ཉིད་དང་། འཇིག་པའི་མཚན་ཉིད་དང་། སྤང་བ་དང་ཡོངས་སུ་ཤེས་པ་ཡང་བཀའ་སྩལ། ཕུང་པོ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཟས་རྣམས་ཀྱི་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བདེན་པ་རྣམས་ཀྱི་མཚན་ཉིད་ཀྱང་བཀའ་སྩལ། ཡོངས་སུ་ཤེས་པ་དང་། སྤང་བ་དང་། མངོན་དུ་བགྱི་བ་དང་། བསྒོམ་པ་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཁམས་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཁམས་སྣ་ཚོགས་པ་ཉིད་དང་། ཁམས་དུ་མ་ཉིད་དང་། སྤང་བ་དང་། ཡོངས་སུ་ཤེས་པ་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། མི་འཐུན་པའི་ཕྱོགས་དང་། གཉེན་པོ་དང་། བསྒོམ་པ་དང་། མ་སྐྱེས་པ་རྣམས་སྐྱེ་བ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་སྩལ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་


DKG049_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། མི་འཐུན་པའི་ཕྱོགས་དང་། གཉེན་པོ་དང་། བསྒོམ་པ་དང་། མ་སྐྱེས་པ་རྣམས་སྐྱེ་བ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་སྩལ་ལ། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་སྩལ་སྙམ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་སྩལ་པའི་དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་འཕགས་ཁྱོད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ། དགེ་བ་ཚུལ་བཞིན་སྐྱེས་པ་ལེགས་སོ་ལེགས་སོ། །དོན་དམ་ཡང་དག་འཕགས་ཁྱོད་དེ་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མིར་བཅས་པའི་སྐྱེ་དགུའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་དོན་འདི་ཉིད་འདྲི་བར་སེམས་པ་ནི་ཡང་ཁྱོད་ལེགས་སོ། །དོན་དམ་ཡང་དག་འཕགས་དེའི་ཕྱིར་ཉོན་ཅིག་དང་། ངས་ཅི་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ།


DKG049_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་འཕགས་ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །དོན་དམ་ཡང་དག་འཕགས་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡར་རྣམ་པར་གཞག་པའི་མཚན་ཉིད་ཡིན་གྱི། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི། བདག་ཉིད་ཀྱིས་ནི་མ་ཡིན་པས་དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་དག་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་ཆོས་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ལ། གཞན་གྱི་དབང་གི་མཚན་ཉིད་དེ་ནི་རྣམ་པར་དག་པའི་དམིགས་པ་མ་ཡིན་པས་དེའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས་གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི། དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ། དེ་ནི་


DKG049_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པ་ཡིན་ལ། དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ། །དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ་དཔེར་ན། སྒྱུ་མ་བྱས་པ་ཇི་ལྟ་བ་དེ་ལྟ་བུར་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱང་བལྟ་བར་བྱ། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དེ་ལས་གཅིག་ཀྱང་བལྟ་བར་བྱའོ། །དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཙམ་གྱིས་རབ་ཏུ་ཕྱེ་བ་དང་། ཐམས་ཅད་དུ་སོང་བ་ཇི་ལྟ་བ་དེ་ལྟ་བུར་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་གཅིག་བལྟ་བར་བྱ་སྟེ། དོན་དམ་ཡང་དག་འཕགས་ངས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་དེ་དག་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །དོན་དམ་ཡང་དག་འཕགས་དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས། ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་འདི་ལྟར་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན། མ་སྐྱེས་པ་གང་ཡིན་པ་དེ་ནི་མ་འགགས་པ་ཡིན། མ་སྐྱེས་པ་དང་མ་འགགས་པ་གང་ཡིན་པ་དེ་ནི། གཟོད་མ་ནས་ཞི་བ་ཡིན། གཟོད་མ་ནས་ཞི་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ལ་ནི། ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བ་ཆུང་ཟད་ཀྱང་མེད་དེ། དེའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དོན་དམ་ཡང་དག་འཕགས་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་


DKG049_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ནི་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་རྣམ་པར་གནས་པ་ཁོ་ན་ཡིན་ལ། དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དུ་འདུས་མ་བྱས་པ་ཉོན་མོངས་པ་ཐམས་ཅད་དུ་བྲལ་བ་ཡིན་ཏེ། རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་ཉིད་དེ་ཉིད་ཀྱིས་རྣམ་པར་གནས་པ་འདུས་མ་བྱས་པ་གང་ཡིན་པ་དེ་ནི་འདུས་མ་བྱས་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པ་ཡིན་ལ། དེ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དོན་དམ་ཡང་དག་འཕགས་ངས་ནི་སེམས་ཅན་གྱི་ཁམས་ན་སེམས་ཅན་རྣམས་ཀྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ཞིང་གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ན། དེའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་མི་འདོགས་ཀྱི། སེམས་ཅན་རྣམས་གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་སྒྲོ་བཏགས་ནས། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་རྗེས་སུ་ཐ་སྙད་འདོགས་ཏེ། ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་ཐ་སྙད་བཏགས་པས་ཡོངས་སུ་བསྒོས་པའི་སེམས་ཐ་སྙད་བཏགས་པ་དང་རྗེས་སུ་འབྲེལ་པ འམ། ཐ་སྙད་བཏགས་པ་བག་ལ་ཉལ་གྱིས་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་


DKG049_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མངོན་པར་ཞེན་ནོ། །ཇི་ལྟ་ཇི་ལྟར་མངོན་པར་ཞེན་པ་དེ་ལྟ་དེ་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པའི་རྒྱུ་དེ་དང་། རྐྱེན་དེས་ཕྱི་མ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་ཏུ་བསྐྱེད་དེ། གཞི་དེས་ན། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པས་ཀྱང་ཀུན་ནས་ཉོན་མོངས་པར་འགྱུར། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པས་ཀྱང་ཀུན་ནས་ཉོན་མོངས་པར་འགྱུར་ཞིང་། ཡུན་རིང་པོར་ཡང་ན་སེམས་ཅན་དམྱལ་བ་རྣམས་དང་། ཡང་ན་དུད་འགྲོ་རྣམས་སམ། ཡང་ན་ཡི་དགས་རྣམས་སམ། ཡང་ན་ལྷ་རྣམས་སམ། ཡང་ན་ལྷ་མ་ཡིན་རྣམས་སམ། ཡང་ན་མི་རྣམས་ཀྱི་ནང་དུ་ཀུན་ཏུ་རྒྱུག་ཅིང་འཁོར་བར་འགྱུར་ཏེ། འཁོར་བ་ལས་མི་འདའ་བའི་ཕྱིར་རོ། །དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང་དག་དང་པོ་ཉིད་ནས་དགེ་བའི་རྩ་བ་མ་བསྐྱེད་པ། སྒྲིབ་པ་ཡོངས་སུ་མ་དག་པ་རྒྱུད་ཡོངས་སུ་མ་སྨིན་པ་མོས་པ་མི་མང་བ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་མ་གྲུབ་པ་དེ་དག་ལ་ནི་ང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ། དེ་དག་གིས་ཆོས་དེ་ཐོས་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་འདུ་བྱེད་རྣམས་ལ་མི་རྟག་པ་ཉིད་དུ་ཤེས་ཤིང་མི་བརྟན་པ་ཉིད་དང་། ཡིད་བརྟན་དུ་མི་རུང་བ་ཉིད་དང་། འགྱུར་བའི་ཆོས་ཉིད་དུ་ཤེས་ནས། འདུ་བྱེད་ཐམས་ཅད་ལས་ཡིད་སྡང་བར་བྱེད་སྐྱོ་བར་བྱེད་དོ། །ཡིད་སྡང་བར་བྱས་སྐྱོ་བར་བྱས་ནས་སྡིག་པ་ལས་ཕྱིར་ཟློག་སྟེ། དེ་དག་སྡིག་པ་གང་ཡིན་པ་དེ་མི་བྱེད་ཅིང་དགེ་བ་ལ་སྟེན་པར་བྱེད་དོ། །དགེ་བ་ལ་བསྟེན་པའི་རྒྱུས་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་སྐྱེད་དོ། །སྒྲིབ་པ་ཡོངས་སུ་མ་བྱང་བ་རྣམས་ཀྱང་ཡོངས་སུ་སྦྱོང་ངོ་། །རྒྱུད་ཡོངས་སུ་མ་སྨིན་པ་ཡང་ཡོངས་སུ་སྨིན་པར་བྱེད་དོ། །གཞི་དེས་མོས་པ་མང་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་གྲུབ་པར་འགྱུར་རོ། །དེ་དག་དེ་ལྟར་དགེ་བའི་རྩ་བ་བསྐྱེད་པ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བར་དུ་ཡང་དག་པར་འགྲུབ་མོད་ཀྱི། འོན་ཀྱང་སྐྱེ་བ་ངོ་བོ་ཉིད་


DKG049_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཉིད་དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས། འདུ་བྱེད་ཐམས་ཅད་ལས་ཡང་དག་པར་སྐྱོ་བར་མི་འགྱུར། ཡང་དག་པར་འདོད་ཆགས་དང་བྲལ་བར་མི་འགྱུར། ཡང་དག་པར་རྣམ་པར་གྲོལ་བར་མི་འགྱུར་ཞིང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར་བས། ཡང་དེ་བཞིན་གཤེགས་པ་དེ་དག་ལ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་འདི་ལྟར་འདུ་བྱེད་ཐམས་ཅད་ལས་ཡང་དག་པར་སྐྱོ་བར་བྱ་བ་དང་། འདོད་ཆགས་དང་བྲལ་བར་བྱ་བ་དང་། རྣམ་པར་གྲོལ་བར་བྱ་བ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས་ཡང་དག་པར་བཟླ་བ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་ཡང་དག་པར་བཟླ་བ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ཡང་དག་པར་བཟླ་བའི་ཕྱིར་ཆོས་སྟོན་ཏོ། །དེ་དག་གིས་ཆོས་དེ་ཐོས་ནས་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དེ། དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དུ་མོས་པར་བྱེད། རབ་ཏུ་རྣམ་པར་འབྱེད་པར་བྱེད། ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་ཅིང་འདི་ལྟ་སྟེ། ཐ་སྙད་བཏགས་པས་ཡོངས་སུ་མ་བསྒོས་པའི་ཤེས་པ་ཐ་སྙད་བཏགས་པ་དང་རྗེས་སུ་འབྲེལ་པ་མེད་ཅིང་ཐ་སྙད་བག་ལ་ཉལ་མེད་པའི་ཤེས་པས་གཞན་གྱི་དབང་གི་མཚན་ཉིད་དེ། ཚེ་འདི་ལ་ཤེས་པའི་སྟོབས་བསྐྱེད་པ་དང་། ཕྱི་མ་ལ་རྒྱུད་ཡང་དག་པར་ཆད་པས་འགོག་པར་བྱེད་དེ། གཞི་དེས་འདུ་བྱེད་ཐམས་ཅད་ལས་ཡང་དག་པར་སྐྱོ་བ་དང་། ཡང་དག་པར་འདོད་ཆགས་དང་བྲལ་བ་དང་། ཡང་དག་པར་རྣམ་པར་གྲོལ་བར་འགྱུར་ཞིང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་


DKG049_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བར་འགྱུར་རོ། །དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་ཉན་ཐོས་ཀྱི་ཐེག་པའི་རིགས་ཅན་རྣམས་ཀྱིས་ཀྱང་ལམ་འདི་ཉིད་དང་སྒྲུབ་པ་འདི་ཉིད་ཀྱིས་གྲུབ་པ་དང་། བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ལ། སེམས་ཅན་རང་སངས་རྒྱས་ཀྱི་ཐེག་པའི་རིགས་ཅན་རྣམས་དང་། དེ་བཞིན་གཤེགས་པའི་རིགས་ཅན་རྣམས་ཀྱིས་ཀྱང་ལམ་འདི་ཉིད་དང་སྒྲུབ་པ་འདི་ཉིད་ཀྱིས་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བས་འདི་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པའི་ལམ་གཅིག་པ་ཡིན་ལ། རྣམ་པར་དག་པ་གཅིག་སྟེ། གཉིས་པ་གང་ཡང་མེད་པས་ངས་དེ་ལས་དགོངས་ནས་ཐེག་པ་གཅིག་པུ་བསྟན་ཏེ། སེམས་ཅན་གྱི་ཁམས་ན་སེམས་ཅན་རང་བཞིན་གྱིས་དབང་པོ་རྟུལ་པོ་རྣམས་དང་། དབང་པོ་འབྲིང་རྣམས་དང་། དབང་པོ་རྣོན་པོ་རྣམས་ཀྱི་སེམས་ཅན་གྱི་རིགས་སྣ་ཚོགས་དག་ཀྱང་མེད་པ་མ་ཡིན་ནོ། །དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་རིགས་ཅན་གང་ཟག་ཞི་བའི་བགྲོད་པ་གཅིག་པུ་པ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྙིང་རྗེ་ཤིན་ཏུ་ཆུང་བ་དང་། སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པའི་ཕྱིར་རང་བཞིན་གྱིས་རིགས་དམན་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ཇི་ལྟར་སྙིང་རྗེ་ཤིན་ཏུ་ཆུང་བ་དེ་བཞིན་དུ་སེམས་ཅན་གྱི་དོན་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་རོ། །ཇི་ལྟར་སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པ་དེ་བཞིན་དུ་འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་རོ། །སེམས་ཅན་གྱི་དོན་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་དང་། འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་མ་བསྟན་ནོ། །དེའི་ཕྱིར་ཞི་བའི་བགྲོད་པ་གཅིག་པུ་པ་ཞེས་བྱའོ། །ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་གང་ཡིན་པ་དེ་ནི་ངས་རྣམ་


DKG049_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཀྱིས་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ། འདི་ལྟར་དེ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ན། ཤེས་བྱའི་སྒྲིབ་པ་ལས་སེམས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་རོ། །དེ་ནི་དང་པོར་བདག་གི་དོན་ལ་སྦྱོར་བའི་རྣམ་པས་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པས་དེ་ཉན་ཐོས་ཀྱི་རིགས་སུ་འདོགས་སོ། །དོན་དམ་ཡང་དག་འཕགས་འདི་ལྟར་ངའི་ཆོས་འདུལ་བ་ལེགས་པར་གསུངས་པ་ཤིན་ཏུ་གྱ་ནོམ་པ་བསམ་པ་ཤིན་ཏུ་རྣམ་པར་དག་པ་སྟོན་པ། ཆོས་ལེགས་པར་བསྟན་པ་ལ་ནི་སེམས་ཅན་རྣམས་ཀྱི་མོས་པའི་རིམ་པ་ཡང་སྣང་སྟེ། དོན་དམ་ཡང་དག་འཕགས་འདི་ལ་དེ་བཞིན་གཤེགས་པ་ནི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་དེ་དག་ཉིད་ལས་དགོངས་ནས་དྲང་བའི་དོན་གྱི་མདོ་བརྗོད་པའི་རྣམ་པས་འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་ཆོས་སྟོན་ཏོ། །དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་དང་། སྒྲིབ་པ་ཡོངས་སུ་དག་པ། རྒྱུད་ཡོངས་སུ་སྨིན་པ། མོས་པ་མང་བ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་གྲུབ་པ་དེ་དག་གིས་ནི་ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་། ཆོས་དེ་ལ་ཡང་ཆོས་ཤེས་པར་འགྱུར་ལ། དོན་དེ་ཡང་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་ཞིང་། དེ་རྟོགས་པ་གོམས་པས་ཀྱང་མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་མཐར་ཐུག་པ་ཉིད་རྗེས་སུ་འཐོབ་པར་འགྱུར་ཏེ། དེ་ལ་ཡང་ཨ་ལ་ལ་བཅོམ་ལྡན་འདས་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། དེས་ནི་ཆོས་ཐམས་ཅད་ལེགས་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དད་པ་ཐོབ་པར་འགྱུར་རོ། །དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་མ་བསྐྱེད་པ་དང་། སྒྲིབ་པ་ཡོངས་སུ་མ་དག་པ་དང་། རྒྱུད་ཡོངས་སུ་མ་སྨིན་པ་དང་། མོས་པ་ཆེན་པོ་མ་ཡིན་པ། བསོད་


DKG049_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་མ་གྲུབ་པ། དྲང་པོ་དང་དྲང་པོའི་རང་བཞིན་ཅན། རྟོག་པ་དང་སེལ་མི་ནུས་པ། རང་གི་ལྟ་བ་མཆོག་ཏུ་འཛིན་པར་མི་གནས་པ་དེ་དག་གིས་ནི་ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་མོད་ཀྱི། འོན་ཀྱང་ཆོས་དེ་ལ་མོས་པར་བྱེད་ཅིང་དད་པ་ཡང་འཐོབ་སྟེ། མདོ་སྡེ་འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པ་ཟབ་པ་ཟབ་པར་སྣང་བ། སྟོང་པ་ཉིད་དང་ལྡན་པ་མཐོང་བར་དཀའ་བ། རྟོགས་པར་དཀའ་བ། བརྟག་མི་ནུས་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཞིབ་མོ་བརྟགས་པའི་མཁས་པ་མཛངས་པས་རིག་པ་ཡིན་ནོ་ཞེས་མོས་པར་བྱེད་དོ། །མདོ་སྡེ་དེ་དག་གི་དོན་བསྟན་པ་དག་གི་དོན་བསྟན་པ་དག་ལ་བདག་མི་ཤེས་སོ་སྙམ་ནས་འདུག་སྟེ། འདི་སྐད་ཅེས་སངས་རྒྱས་ཀྱི་བྱང་ཆུབ་ནི་ཟབ་ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་ཟབ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་གྱི་བདག་ཅག་གིས་ནི་མི་ཤེས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ནི་སེམས་ཅན་རྣམས་ལ་མོས་པ་སྣ་ཚོགས་ཀྱིས་འཇུག་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་མཁྱེན་པ་དང་གཟིགས་པ་མཐའ་ཡས་པ་ཡིན་གྱི། བདག་ཅག་གི་ཤེས་པ་དང་མཐོང་བ་ནི་བ་ལང་གི་རྗེས་ཙམ་མོ་སྙམ་ནས། དེ་དག་མདོ་སྡེ་དེ་རྣམས་ལ་གུས་པར་བྱས་ཏེ་ཡི་གེར་འདྲི་བར་ཡང་བྱེད། ཡི་གེར་བྲིས་ནས་འཆང་བར་ཡང་བྱེད། ཀློག་པར་ཡང་བྱེད། ཡང་དག་པར་འགེད་པར་ཡང་བྱེད། མཆོད་པར་ཡང་བྱེད། ལུང་ནོད་པར་ཡང་བྱེད། འདོན་པར་ཡང་བྱེད། ཁ་ཏོན་དུ་ཡང་བྱེད་མོད་ཀྱི། འདི་ལྟར་ངའི་དགོངས་ཏེ་བཤད་པ་ཟབ་མོ་འདི་མ་རྟོགས་པའི་ཕྱིར་བསྒོམ་པའི་རྣམ་པས་སྦྱོར་བར་མི་ནུས་སོ། །དེ་དག་གཞི་དེས་ན་བསོད་ནམས་ཀྱི་ཚོགས་ཀྱིས་ཀྱང་འཕེལ་བར་འགྱུར། ཡེ་ཤེས་ཀྱི་ཚོགས་ཀྱིས་ཀྱང་འཕེལ་བར་འགྱུར་ལ། གོང་དུ་ཡང་རྒྱུད་ཡོངས་སུ་མ་སྨིན་པ་དག་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །ཅི་སྟེ་སེམས་ཅན་དེ་དག་ལས་སེམས་ཅན་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བར་དུ་ཡང་དག་པར་གྲུབ་པ་མ་ཡིན་


DKG049_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ། རྟོག་པ་དང་སེལ་ནུས་ལ། རང་གི་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་དེ་དག་གིས་ནི་ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་ཏེ། ཆོས་དེ་ལ་མོས་ཀྱང་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ། །ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ནའོ། །མ་འགགས་པ་ཁོ་ནའོ། །གཟོད་མ་ནས་ཞི་བ་ཁོ་ནའོ། །རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཁོ་ནའོ་ཞེས་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་དེ། དེ་དག་གཞི་དེས་ན་ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང་། མཚན་ཉིད་མེད་པར་ལྟ་བ་འཐོབ་པར་འགྱུར་ཏེ། མེད་པར་ལྟ་བ་དང་། མཚན་ཉིད་མེད་པར་ལྟ་བ་ཐོབ་ནས་ཀྱང་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་ཀྱིས་སྐུར་པ་འདེབས་ཏེ། ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་ལ་སྐུར་པ་འདེབས། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཡང་སྐུར་པ་འདེབས་སོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་འདི་ལྟར་གཞན་གྱི་དབང་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་ན་ནི། ཀུན་བརྟགས་པའི་མཚན་ཉིད་ཀྱང་རབ་ཏུ་ཤེས་པར་གྱུར་ན། དེ་ལ་གང་དག་གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མཚན་ཉིད་མེད་པར་མཐོང་བ་དེ་དག་གིས་ནི་ཀུན་བརྟགས་པའི་མཚན་ཉིད་ལ་ཡང་སྐུར་པ་བཏབ་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་དག་ནི་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་པ་འདེབས་པ་ཞེས་བྱའོ། །དེ་དག་ནི་ངའི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང་དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པ་ཡིན་ཏེ། ངའི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང་། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པ་དེ་དག་ཆོས་ལ་ཡང་ཆོས་སུ་འཛིན། དོན་མ་ཡིན་པ་ལ་ཡང་དོན་དུ་འཛིན་ཏོ། །དེ་དག་ཆོས་ལ་མོས་པས་དགེ་བའི་ཆོས་རྣམས་ཀྱིས་འཕེལ་མོད་ཀྱི། འོན་ཀྱང་དོན་མ་ཡིན་པ་ལ་མངོན་པར་ཞེན་པས་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། ཤེས་རབ་ལས་ཡོངས་སུ་ཉམས་ན་དགེ་བའི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང་། ཤིན་ཏུ་


DKG049_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་རྣམས་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །དེ་དག་ལས་གཞན་དག་གིས་ཆོས་ལ་ཆོས་སུ་དང་། དོན་མ་ཡིན་པ་ལ་དོན་དུ་ཐོས་ནས་གང་དག་ལྟ་བ་ལ་དགའ་བར་བྱེད་པ་དེ་དག་ནི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང་། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པས་ཆོས་ལ་ཆོས་སུ་དང་། དོན་མ་ཡིན་པ་ལ་དོན་དུ་མངོན་པར་ཞེན་པར་འགྱུར་ཏེ། དེ་དག་གཞི་དེས་ན་དེ་བཞིན་དུ་དགེ་བའི་ཆོས་ལས་ཉམས་པར་རིག་པར་བྱའོ། །གང་དག་ལྟ་བ་ལ་དགའ་བར་མི་བྱེད་པ་དེ་དག་ནི་དེ་དག་ལས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཐོས་ཤིང་ཆོས་རྣམས་ཀྱི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཐོས་ནས་སྐྲག་ཅིང་དངང་ལ་ཀུན་ཏུ་དངང་བར་འགྱུར་ཞིང་འདི་སྐད་ཅེས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་གྱི། འདི་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་ཀྱང་ཟེར་ཞིང་དེ་ལྟར་རིག་ནས་མདོ་སྡེ་དེ་དག་ལ་སྐུར་པ་འདེབས་པར་བྱེད། སྤོང་བར་བྱེད། མི་བསྔགས་པ་རྗོད་པར་བྱེད། ངན་དུ་རྗོད་པར་བྱེད། གཞི་དེས་ན་ཕོངས་པ་ཆེན་པོ་འཐོབ་པར་འགྱུར་ཞིང་ལས་ཀྱི་སྒྲིབ་པ་ཆེན་པོས་ཀྱང་རེག་པར་འགྱུར་རོ། །གཞི་དེས་ཀྱང་གང་དག་སྐྱེ་བོ་ཕལ་པོ་ཆེ་ལ་ལས་ཀྱི་སྒྲིབ་པ་ཆེན་པོ་འཐོབ་པས་སླུ་བར་བྱེད་པ། མཚན་ཉིད་ཐམས་ཅད་མེད་པར་ལྟ་ཞིང་དོན་མ་ཡིན་པ་དོན་དུ་སྟོན་པར་བྱེད་པ་དེ་དག་ནི་ལས་ཀྱི་སྒྲིབ་པ་ཆེན་པོ་དང་ལྡན་པར་ང་སྨྲའོ། །དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་མ་བསྐྱེད། སྒྲིབ་པ་ཡོངས་སུ་མ་དག །རྒྱུད་ཡོངས་སུ་མ་སྨིན། མོས་པ་མི་མང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་མ་གྲུབ་ཅིང་། དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ་རྟོག་པ་དང་སེལ་མི་ནུས་ལ། རང་གི་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་དེ་དག་གིས་ནི་ཆོས་དེ་ཐོས་ན། ངའི་དགོངས་ཏེ་བཤད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཤིང་ཆོས་དེ་ལ་མོས་པར་ཡང་མི་འགྱུར་ལ། དེ་དག་ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ཤིང་། དོན་ལ་དོན་མ་ཡིན་པར་འདུ་ཤེས་ལ། ཆོས་ལ་ཡང་ཆོས་མ་ཡིན་པ་དང་། དོན་ལ་ཡང་དོན་མ་ཡིན་པར་མངོན་པར་ཞེན་ནས་འདི་སྐད་ཅེས་འདི་ནི་སངས་རྒྱས་ཀྱི་


DKG049_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་མ་ཡིན་གྱི། འདི་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་ཀྱང་ཟེར་ཞིང་དེ་ལྟར་རིག་ནས་མདོ་སྡེ་དག་ལ་སྐུར་པ་འདེབས་པར་བྱེད། སྤོང་བར་བྱེད། མི་བསྔགས་པ་རྗོད་པར་བྱེད། ངན་དུ་རྗོད་པར་བྱེད་ཅིང་ལྷད་ཀྱང་འཇུག་པར་བྱེད་དེ། རྣམ་གྲངས་དུ་མར་མདོ་སྡེ་དེ་དག་སྤང་བ་དང་། ཆུད་གཟན་པ་དང་། རྣམ་པར་གཞིག་པའི་ཕྱིར་ཞུགས་ཤིང་དེ་ལ་མོས་པའི་གང་ཟག་རྣམས་ལ་ཡང་དགྲར་འདུ་ཤེས་པར་འགྱུར་རོ། །དེ་དག་ནི་དང་པོ་ཉིད་ནས་ཀྱང་ལས་ཀྱི་སྒྲིབ་པས་བསྒྲིབས་པ་ཡིན་ལ། གཞི་དེས་ཀྱང་ཡང་ལས་ཀྱི་སྒྲིབ་པ་དེ་ལྟ་བུས་སྒྲིབ་པར་བྱེད་དེ། ལས་ཀྱི་སྒྲིབ་པ་དེའི་དང་པོ་ནི་གདགས་པར་སླའི། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་འདི་སྙེད་ཀྱི་བར་གྱིས་འབྱུང་བར་འགྱུར་རོ་ཞེས་གདགས་པར་ནི་དཀའོ། །དོན་དམ་ཡང་དག་འཕགས་དེ་ལྟར་ན་ངའི་ཆོས་འདུལ་བ་ལེགས་པར་གསུངས་པ། ཤིན་ཏུ་གྱ་ནོམ་པ། བསམ་པ་ཤིན་ཏུ་རྣམ་པར་དག་པ་སྟོན་པ་ཆོས་ལེགས་པར་བསྟན་པ་ལ་སེམས་ཅན་རྣམས་ཀྱི་མོས་པའི་རིམ་པ་དེ་ལྟ་བུ་དག་ཀྱང་སྣང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང་། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང་། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་མེད། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དེ། །འདི་ལ་མཁས་པ་གང་ཞིག་དགོངས་པ་ཤེས་པ་ནི། །རབ་ཏུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ ། ཀུན་གྱི་རྣམ་དག་ལམ་ནི་གཅིག་པུ་འདི་ཡིན་ཏེ། །རྣམ་པར་དག་པའང་གཅིག་སྟེ་གཉིས་པ་གང་ཡང་མེད། །དེ་ཕྱིར་ཐེག་པ་གཅིག་པ་འདི་ནི་འདོགས་བྱེད་ཀྱང་། །སེམས་ཅན་རིགས་ནི་རྣམ་པ་སྣ་ཚོགས་མེད་མ་ཡིན། །སེམས་ཅན་ཁམས་འདི་ན་ནི་གང་བདག་གཅིག་པུ་པ། །མྱ་ངན་འདའ་བར་བྱེད་པའི་སེམས་ཅན་དཔག་ཏུ་མེད། །གང་དག་མྱ་ངན་འདས་ཀྱང་སེམས་ཅན་མི་གཏོང་བའི། །བརྟན་པ་སྙིང་རྗེ་ལྡན་པ་དེ་


DKG049_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཤིན་ཏུ་དཀོན། །གང་གྲོལ་དེ་དག་རྣམས་ཀྱི་ཟག་པ་མེད་པའི་དབྱིངས། །ཕྲ་ཞིང་བསམ་གྱིས་མི་ཁྱབ་མཉམ་ཞིང་བྱེ་བྲག་མེད། །ཐམས་ཅད་དོན་གྲུབ་སྡུག་བསྔལ་ཉོན་མོངས་སྤངས་པ་སྟེ། །གཉིས་སུ་བརྗོད་པ་མ་ཡིན་བདེ་ཞིང་བརྟན་པ་ཡིན། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་ཏེ་གསུངས་པ་ཕྲ་བ། མཆོག་ཏུ་ཕྲ་བ་ཟབ་པ། མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ་ནི་ངོ་མཚར་རྨད་དུ་བྱུང་བ་ལགས་སོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ། གཟུགས་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་དང་། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེའམ། འགག་གོ་ཞེའམ། གཟུགས་ཀྱི་ཕུང་པོ་སྤང་བ་དང་། ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ཉིད་ལས་གཅིག་ཀྱང་འདོགས་པར་མཛད་ལགས་སོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད། དེ་


DKG049_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ཉིད་མ་མཆིས་པ་དེ་ཉིད་ལས་གཅིག་འདོགས་པར་མཛད་ལགས་སོ། །གཟུགས་ཀྱི་ཕུང་པོ་ལ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བགྱི་ལགས་སོ། །ཕུང་པོ་རྣམས་ལ་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་པོ་དག་གི་སྐྱེ་མཆེད་རེ་རེ་ལ་ཡང་དེ་བཞིན་ལགས་སོ། །སྲིད་པའི་ཡན་ལག་བཅུ་གཉིས་པོ་དེ་དག་གི་སྲིད་པའི་ཡན་ལག་རེ་རེ་ལ་ཡང་དེ་བཞིན་བགྱི་ལགས་སོ། །ཟས་བཞི་པོ་དག་གི་ཟས་རེ་རེ་ལ་ཡང་དེ་བཞིན་ལགས་སོ། །ཁམས་དྲུག་དང་ཁམས་བཅྭ་བརྒྱད་པོ་དག་གི་ཁམས་རེ་རེ་ཡང་དེ་བཞིན་ལགས་སོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་སྡུག་བསྔལ་གྱི་བདེན་པ་དང་། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ལས་གཅིག་ཀྱང་འདོགས་པར་མཛད་ལགས་སོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་


DKG049_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་དེ་ལས་གཅིག་འདོགས་པར་མཛད་ལགས་སོ། །སྡུག་བསྔལ་འཕགས་པའི་བདེན་པ་ལ་ཇི་ལྟ་བ་དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བགྱི་ལགས་སོ། །བདེན་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་གྱི་ཡན་ལག་རྣམས་ཀྱི་ཡན་ལག་རེ་རེ་ལ་ཡང་དེ་བཞིན་དུ་སྦྱར་བར་བགྱི་ལགས་སོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་ཡང་དག་པའི་ཏིང་ངེ་འཛིན་ཞེའམ། ཏིང་ངེ་འཛིན་གྱི་མི་འཐུན་པའི་ཕྱོགས་དང་གཉེན་པོ་ཞེའམ། ཏིང་ངེ་འཛིན་བསྒོམ་པ་ཞེའམ། མ་སྐྱེས་པ་སྐྱེ་བ་ཞེའམ། སྐྱེས་པ་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་རྒྱས་པ་ཉིད་ཅེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ལས་གཅིག་ཀྱང་འདོགས་པར་མཛད་ལགས་སོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་


DKG049_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ལས་གཅིག་འདོགས་པར་མཛད་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་བཅའ་སྒ་ནི་ཕྱེ་མའི་སྨན་སྦྱར་བ་དང་། བཅུད་ཀྱིས་ལེན་སྦྱར་བ་ཐམས་ཅད་དུ་སྩལ་བར་བགྱི་བ་ལགས་སོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། བཅོམ་ལྡན་འདས་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་སྩལ་བར་བགྱི་བ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་རི་མོ་བྲི་བའི་གཞི་ནི་སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། རི་མོར་བགྱི་བ་ཐམས་ཅད་ལ་རོ་གཅིག་པ་ལགས་ཤིང་རི་མོར་བྲིས་པ་དེ་ཡང་ཤིན་ཏུ་གསལ་བར་བགྱིད་པ་ལགས་སོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས་བཅོམ་ལྡན་འདས་ཀྱི་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང་དྲང་བའི་དོན་དེ་དག་ཤིན་ཏུ་གསལ་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། ཆབ་མར་ནི་སྣོད་དུ་བསྒྲལ་བ་དང་། ཤ་གཡོས་དང་། བག་ཆོས་ཀྱི་རྣམ་པ་ཐམས་ཅད་དུ་སྩལ་ན་ཤིན་ཏུ་བདའ་བར་འགྱུར་ལགས་སོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས་བཅོམ་ལྡན་


DKG049_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་སྩལ་ན་དགའ་བ་དང་། མཆོག་ཏུ་དགའ་བ་ཆེན་པོར་འགྱུར་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། ནམ་མཁའ་ནི་ཐམས་ཅད་ལ་རོ་གཅིག་པ་དང་། བརྩམ་པ་ཐམས་ཅད་ལ་སྒྲིབ་པར་མི་འགྱུར་བ་ལགས་སོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས་བཅོམ་ལྡན་འདས་ཀྱི་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོར་བརྩམ་པ་ཐམས་ཅད་ལ་སྒྲིབ་པར་མི་འགྱུར་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། དོན་དམ་ཡང་དག་འཕགས་ལེགས་སོ་ལེགས་སོ། །དོན་དམ་ཡང་དག་འཕགས་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་དགོངས་ཏེ་བཤད་པ་ཤེས་ཏེ། དོན་དེ་ལ་འདི་ལྟ་སྟེ། བཅའ་སྒ་དང་། རི་མོ་འདྲི་བའི་གཞི་དང་། མར་གྱིས་གདབ་པ་དང་། ནམ་མཁའི་དཔེ་ལེགས་པར་བྱས་པ་དེ་ནི་དོན་དམ་ཡང་དག་འཕགས་དེ་བཞིན་ཏེ། གཞན་དུ་མ་ཡིན་གྱིས་དེ་ནི་དེ་བཞིན་དུ་ཟུང་ཤིག །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་འཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་ཏུ་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་།


DKG049_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཐོས་ནས་མོས་པར་བགྱིད་པ་དང་། ཡི་གེར་འདྲིར་སྩོལ་བ་དང་། ཡི་གེར་བྲིས་ནས་ཀྱང་འཆང་བ་དང་། ཀློག་པ་དང་། མཆོད་པ་དང་། ཡང་དག་པར་འགྱེད་པ་དང་། ལུང་ནོད་པ་དང་། ཁ་ཏོན་བགྱིད་པ་དང་། སེམས་པ་དང་། བསྒོམ་པའི་རྣམ་པས་སྦྱོར་བར་བགྱིད་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་འཕགས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད་


DKG049_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་པ་བསྐྱེད་དེ། དེའི་དཔེ་བྱ་བར་སླ་བ་མ་ཡིན་མོད་ཀྱི། འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་འཕགས་འདི་ལྟ་སྟེ་དཔེར་ན། སེན་མོའི་རྩེ་མོ་ལ་གནས་པའི་སའི་རྡུལ་གང་དག་ཡིན་པ་དེ་ནི། ས་ལ་གནས་པའི་རྡུལ་རྣམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང་སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །བ་ལང་གི་རྗེས་ཀྱི་ཆུ་ནི་མཚོ་ཆེན་པོ་བཞིའི་ཆུ་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དོན་དམ་ཡང་དག་འཕགས་དེ་བཞིན་དུ་ངས་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས་བསྒོམ་པའི་རྣམ་པར་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་གང་བཤད་པ་དེ་ནི་ངེས་པའི་དོན་བསྟན་པ་ལ་མོས་པ་ལས་ཡང་དག་པར་གྲུབ་པ་ནས། བསྒོམ་པའི་རྣམ་པས་སྦྱོར་བ་ལས་ཡང་དག་པར་གྲུབ་པའི་བར་གྱི་བསོད་ནམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགོངས་པ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། དོན་དམ་ཡང་དག་འཕགས་འདི་ནི་དོན་དམ་པའི་ངེས་པའི་དོན་བསྟན་པ་ཡིན་ཏེ། འདི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུང་ཤིག །དོན་དམ་པ་ངེས་པའི་དོན་བསྟན་པ་འདི་བཤད་པ་ན་སྲོག་ཆགས་དྲུག་འབུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཉན་ཐོས་སུམ་འབུམ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །ཉན་ཐོས་འབུམ་ལྔ་ཁྲི་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དོན་དམ་ཡང་དག་འཕགས་ཀྱི་ལེའུ་སྟེ་བདུན་པའོ།། །།


previousབདུན་པ། དོན་དམ་ཡང་དག་འཕགས་ཀྱི་ལེའུ། next