Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་དགུ་པ།


   
   
   
   
   
   
   
   
   
   
བཅུ་པ། འཇམ་དཔལ་གྱི་ལེའུ།
   
   
   
   
   
   
   
   
   


 
previousབཅུ་པ། འཇམ་དཔལ་གྱི་ལེའུ། next

བཅུ་པ། འཇམ་དཔལ་གྱི་ལེའུ།


DKG049_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཞུ་བ་ཞུས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྐུ་ཞེས་བགྱི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་ངེས་པར་འབྱུང་བའི་གནས་གྱུར་པ་ཡང་དག་པར་གྲུབ་པ་ཡིན་ནོ། །དེ་ཡང་རྒྱུ་གཉིས་ཀྱིས་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དུ་རིག་པར་བྱ་སྟེ། དེ་ནི་སྤྲོས་པ་མེད་ཅིང་མངོན་པར་འདུ་བྱ་བ་མེད་པ་ཉིད་ཀྱི་ཕྱིར་དང་། སེམས་ཅན་རྣམས་ནི་སྤྲོས་པ་དང་མངོན་པར་འདུ་བྱ་བ་ལ་མངོན་པར་ཞེན་པ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་ཅི་ལགས། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་གནས་གྱུར་པ་གང་ལགས་པ་དེ་ཡང་ཆོས་ཀྱི་སྐུ་ལགས་པར་བརྗོད་པར་བགྱིའམ། འཇམ་དཔལ་བརྗོད་པར་མི་བྱའོ། །བཅོམ་ལྡན་འདས་འོ་ན་ཅི་ལགས་པར་བརྗོད་པར་བགྱི། འཇམ་དཔལ་རྣམ་པར་གྲོལ་བའི་ལུས་ཡིན་ཏེ། འཇམ་དཔལ་རྣམ་པར་གྲོལ་བའི་ལུས་ཀྱིས་ནི་དེ་བཞིན་གཤེགས་པ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱང་མཚུངས་ཤིང་མཉམ་མོ། །ཆོས་ཀྱི་སྐུས་ནི་ཁྱད་པར་དུ་འཕགས་ཏེ། ཆོས་ཀྱི་སྐུ་ཁྱད་པར་དུ་འཕགས་ན་ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པས་ཀྱང་ཁྱད་པར་འཕགས་པ་ཡིན་ཏེ། དེ་ལ་ནི་དཔེ་བྱ་བར་ཡང་སླ་བ་མ་ཡིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས། འཇམ་དཔལ་སྤྲུལ་པའི་སྐུའི་མཚན་ཉིད་འཇིག་རྟེན་གྱི་ཁམས་འབྱུང་བ་དང་འདྲའོ། །སྤྲུལ་པའི་སྐུའི་མཚན་ཉིད་འབྱུང་བའི་དེ་བཞིན་གཤེགས་པའི་ཡོན་ཏན་བཀོད་པའི་རྒྱན་གྱི་རྣམ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་མཚན་ཉིད་དུ་བལྟ་བར་བྱའོ། །ཆོས་ཀྱི་སྐུ་ལ་ནི་སྐྱེ་བ་འབྱུང་བ་མེད་དོ། །བཅོམ་ལྡན་འདས་སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་ནི་སྟོང་གསུམ་གྱི་


DKG049_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བདག་པོར་གྲགས་པའམ། སྦྱིན་གནས་སུ་གྲགས་པའི་ཁྱིམ་དུ་མངལ་དུ་འཇུག་པ་དང་། བཙས་པ་དང་། སྐྱེ་བ་དང་། འདོད་པ་ལ་ལོངས་སྤྱོད་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱད་པ་ཅིག་ཅར་ཀུན་ཏུ་སྟོན་པ་དང་། དེ་གཏོང་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ཀུན་ཏུ་སྟོན་པ་ཡིན་པར་བལྟ་བར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་སྐུས་གསུང་གང་དག་བརྗོད་པས་འདུལ་བའི་ཁམས་ཡོངས་སུ་མ་སྨིན་པ་ནི་ཡོངས་སུ་སྨིན་པར་མཛད་ལ། ཡོངས་སུ་སྨིན་པ་ནི་དམིགས་པ་དེ་ཉིད་ཀྱིས་རྣམ་པར་གྲོལ་བར་མཛད་པའི་གསུང་བརྗོད་པ་དུ་ཞིག་རྗོད་པར་མཛད་ལགས། འཇམ་དཔལ་དེ་བཞིན་གཤེགས་པའི་གསུང་བརྗོད་པ་ནི་གསུམ་པོ་འདི་དག་ཡིན་ཏེ། མདོ་སྡེ་རྗོད་པ་དང་། འདུལ་བ་རྗོད་པ་དང་། མ་མོ་རྗོད་པའོ། །བཅོམ་ལྡན་འདས་མདོ་སྡེ་ནི་གང་ལགས། འདུལ་བ་ནི་གང་ལགས། མ་མོ་ནི་གང་ལགས། འཇམ་དཔལ་འདི་ལྟ་སྟེ། དངོས་པོ་བཞིའམ། དགུའམ། ཉི་ཤུ་རྩ་དགུའི་དབང་དུ་བྱས་ནས་ཆོས་རྣམས་ཀྱི་དངོས་པོ་བསྡུས་པ་ཙམ་ངས་གང་དུ་བསྟན་པ་དེ་ནི་མདོ་སྡེ་ཡིན་ནོ། །དངོས་པོ་བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པའི་དངོས་པོ་དང་། སྐྱབས་སུ་འགྲོ་བའི་དངོས་པོ་དང་། བསླབ་པའི་དངོས་པོ་དང་། བྱང་ཆུབ་ཀྱི་དངོས་པོའོ། །དངོས་པོ་དགུ་གང་ཞེ་ན། སེམས་ཅན་དུ་གདགས་པའི་དངོས་པོ་དང་། དེའི་ལོངས་སྤྱོད་ཀྱི་དངོས་པོ་དང་། དེ་འབྱུང་བའི་དངོས་པོ་དང་། དེ་འབྱུང་བ་གནས་པའི་དངོས་པོ་དང་། དེའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་དང་། དེའི་སྣ་ཚོགས་ཀྱི་དངོས་པོ་དང་། སྟོན་པའི་དངོས་པོ་དང་། བསྟན་པར་བྱ་བའི་དངོས་པོ་དང་། འཁོར་གྱི་དངོས་པོའོ། །དངོས་པོ་ཉི་ཤུ་རྩ་དགུ་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་བརྩམས་ཏེ། འདུ་བྱེད་བསྡུ་བའི་དངོས་པོ་དང་། དེའི་གོ་རིམས་རྗེས་སུ་འཇུག་པའི་དངོས་པོ་དང་། དེ་དག་ཉིད་ལ་གང་ཟག་གི་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་དང་། ཆོས་ཀྱི་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་དང་། རྣམ་པར་བྱང་བའི་


DKG049_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལས་བརྩམས་ཏེ། དམིགས་པ་ལ་ཉེ་བར་གཏོད་པའི་དངོས་པོ་དང་། དེ་ཉིད་ལ་རྩོལ་བའི་དངོས་པོ་དང་། སེམས་ཅན་གནས་པའི་དངོས་པོ་དང་། ཚེ་འདི་ལ་བདེ་བར་གནས་པའི་དངོས་པོ་དང་། སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདའ་བའི་ཐབས་ཀྱི་དམིགས་པའི་དངོས་པོ་དང་། དེ་ཡོངས་སུ་ཤེས་པའི་དངོས་པོ་ནི་ཕྱིན་ཅི་ལོག་གི་གནས་ཡོངས་སུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་ལས་བརྩམས་ཏེ་ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པའི་གནས་ཡོངས་སུ་ཤེས་པ་དང་། ནང་ལ་མངོན་པའི་ང་རྒྱལ་མེད་པའི་གནས་ཡོངས་སུ་ཤེས་པས་དེ་ཡང་རྣམ་པ་གསུམ་དང་། བསྒོམ་པའི་གནས་ཀྱི་དངོས་པོ་དང་། མངོན་དུ་བྱ་བའི་དངོས་པོ་དང་། བསྒོམ་པའི་དངོས་པོ་དང་། དེ་སྙིང་པོར་བྱ་བའི་དངོས་པོ་དང་། དེའི་རྣམ་པའི་དངོས་པོ་དང་། དེའི་དམིགས་པའི་དངོས་པོ་དང་། སྤངས་པ་དང་། མ་སྤངས་པ་ལ་དཔྱོད་པ་ལ་མཁས་པའི་དངོས་པོ་དང་། དེ་ལས་རྣམ་པར་གཡེང་བའི་དངོས་པོ་དང་། དེ་ལས་རྣམ་པར་མི་གཡེང་བའི་དངོས་པོ་དང་། རྣམ་པར་མི་གཡེང་བ་གནས་ཀྱི་དངོས་པོ་དང་། བསྒོམ་པ་ལས་ཡོངས་སུ་སྐྱོབ་པའི་སྦྱོར་བ་གསལ་བའི་དངོས་པོ་དང་། བསྒོམ་པའི་ཕན་ཡོན་གྱི་དངོས་པོ་དང་། དེ་བརྟན་པའི་དངོས་པོ་དང་། འཕགས་པའི་དབང་ཕྱུག་བསྡུ་བའི་དངོས་པོ་དང་། འཕགས་པའི་ཕྱོགས་དང་འཁོར་བསྡུ་བའི་དངོས་པོ་དང་། དེ་ཁོ་ན་རབ་ཏུ་རྟོགས་པའི་དངོས་པོ་དང་། མྱ་ངན་ལས་འདས་པ་ཡང་དག་པར་འཐོབ་པའི་དངོས་པོ་དང་། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་འདི་ལས་ཕྱི་རོལ་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་ལས་སྤྱི་བོར་གྱུར་པ་ཉིད་ཀྱི་དངོས་པོ་དང་། དེ་མི་བསྒོམ་པས་ཡོངས་སུ་ཉམས་པས་དངོས་པོ་སྟེ། འཇམ་དཔལ་འདི་ལྟར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ནི་མི་སྒོམ་པས་ཡོངས་སུ་ཉམས་པར་འགྱུར་གྱི། ལྟ་བའི་ཉེས་པས་ནི་མ་ཡིན་ནོ། །འཇམ་དཔལ་ངས་གང་དུ་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་ཐར་པའམ། སོ་སོར་ཐར་པ་དང་ལྡན་པ་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་འདུལ་བའི་དངོས་


DKG049_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན་ནོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་ཐར་པ་རྣམ་པ་དུས་བསྡུས་པར་རིག་པར་བགྱི་ལགས། འཇམ་དཔལ་རྣམ་པ་བདུན་གྱིས་ཏེ། ཡང་དག་པར་བླང་བའི་ཆོ་ག་བསྟན་པ་དང་། ཕམ་པའི་གནས་ལྟ་བུའི་དངོས་པོ་བསྟན་པ་དང་། ལྟུང་བའི་གནས་ལྟ་བུའི་དངོས་པོ་བསྟན་པ་དང་། ལྟུང་བའི་ངོ་བོ་ཉིད་བསྟན་པ་དང་། ལྟུང་བ་མ་ཡིན་པའི་ངོ་བོ་ཉིད་བསྟན་པ་དང་། ལྟུང་བ་ལས་དབྱུང་བ་བསྟན་པ་དང་། སྡོམ་པ་གཏོང་བ་བསྟན་པས་སོ། །འཇམ་དཔལ་ངས་གང་དུ་མཚན་ཉིད་རྣམ་པ་བཅུ་གཅིག་བཤད་པ་དང་། རྣམ་པར་ཕྱེ་བ་དང་། བསྟན་པ་གང་ཡིན་པ་དེ་ནི་མ་མོ་ཞེས་བྱའོ། །དེ་ལ་མཚན་ཉིད་རྣམ་པ་བཅུ་གཅིག་གང་ཞེ་ན། ཀུན་རྫོབ་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་རྣམས་ཀྱི་དམིགས་པའི་མཚན་ཉིད་དང་། རྣམ་པའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་དང་། དེའི་འབྲས་བུའི་མཚན་ཉིད་དང་། དེ་མྱོང་བ་རྣམ་པར་བསྙད་པའི་མཚན་ཉིད་དང་། དེའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་དང་། དེ་དང་རྗེས་སུ་འཐུན་པའི་ཆོས་ཀྱི་མཚན་ཉིད་དང་། དེའི་ཉེས་དམིགས་ཀྱི་མཚན་ཉིད་དང་། དེའི་ཕན་ཡོན་གྱི་མཚན་ཉིད་དོ། །འཇམ་དཔལ་དེ་ལ་ཀུན་རྫོབ་ཀྱི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། གང་ཟག་བསྟན་པ་དང་། ཀུན་བརྟགས་པའི་ངོ་བོ་ཉིད་བསྟན་པ་དང་། ཆོས་རྣམས་ཀྱི་བྱེད་པ་དང་། གཡོ་བ་དང་། ལས་བྱེད་པ་བསྟན་པར་བལྟ་བར་བྱའོ། །དེ་ལ་དོན་དམ་པའི་མཚན་ཉིད་ནི་དེ་བཞིན་ཉིད་རྣམ་པ་བདུན་བསྟན་པ་ཡིན་པར་བལྟ་བར་བྱའོ། །དམིགས་པའི་མཚན་ཉིད་ནི་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་བསྟན་པ་ཡིན་པར་བལྟ་བར་བྱའོ། །རྣམ་པའི་མཚན་ཉིད་ནི་བརྟག་པ་རྣམ་པ་བརྒྱད་བསྟན་པ་ཡིན་པར་བལྟ་བར་བྱ་སྟེ། བརྟག་པ་རྣམ་པ་བརྒྱད་གང་ཞེ་ན། བདེན་པ་དང་། གནས་པ་དང་། སྐྱོན་དང་། ཡོན་ཏན་དང་། ཚུལ་དང་། འཇུག་པ་དང་། རིགས་པ་དང་། བསྡུས་པ་དང་རྒྱས་པས་སོ། །དེ་ལ་བདེན་པ་ནི་དེ་བཞིན་ཉིད་གང་ཡིན་པའོ། །གནས་པ་ནི་གང་ཟག་རྣམ་པར་གཞག་པའམ།


DKG049_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བརྟགས་པའི་ངོ་བོ་ཉིད་རྣམ་པར་གཞག་པའམ། མགོ་གཅིག་དང་། རྣམ་པར་དབྱེ་བ་དང་། དྲིས་ཏེ་ལན་གདབ་པ་རྣམ་པར་གཞག་པའམ། གཞག་པ་རྣམ་པར་གཞག་པའམ། གསང་བ་དང་རྣམ་པར་དབྱེ་བ་ལ་ལན་གདབ་པ་རྣམ་པར་གཞག་པ་གང་ཡིན་པའོ། །སྐྱོན་རྣམས་ནི་ངས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་ཉེས་དམིགས་རྣམ་གྲངས་དུ་མར་བསྟན་པ་གང་ཡིན་པ་དག་གོ །ཡོན་ཏན་རྣམས་ནི་ངས་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་ཕན་ཡོན་རྣམ་གྲངས་དུ་མར་བསྟན་པ་གང་ཡིན་པ་དག་གོ །ཚུལ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང་། འཐོབ་པའི་ཚུལ་དང་། བཤད་པའི་ཚུལ་དང་། མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་ལོ། །འཇུག་པ་ནི་དུས་གསུམ་དང་འདུས་བྱས་ཀྱི་མཚན་ཉིད་གསུམ་དང་། རྐྱེན་བཞི་པོ་དག་གོ །རིགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པས་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ། །དེ་ལ་ལྟོས་པའི་རིགས་པ་ནི་འདུ་བྱེད་རྣམས་འབྱུང་བ་དང་། རྗེས་སུ་ཐ་སྙད་གདགས་པའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་སྟེ། དེ་ནི་ལྟོས་པའི་རིགས་པ་ཡིན་ནོ། །ཆོས་རྣམས་འཐོབ་པའམ། འགྲུབ་པའམ། སྐྱེས་པ་རྣམས་ལས་བྱེད་པར་འགྱུར་བའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་ནི་བྱ་བ་བྱེད་པའི་རིགས་པ་ཡིན་ནོ། །སོ་སོའི་ཤེས་པ་དང་། བཤད་པ་དང་། སྨྲས་པའི་དོན་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ། །དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ནི་ལྔའོ། །ཡོངས་སུ་མ་དག་པའི་མཚན་ཉིད་ནི་བདུན་ནོ། །དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ལྔ་པོ་དག་གང་ཞེ་ན། དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་།


DKG049_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྲུབ་པའི་མཚན་ཉིད་དང་། ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་ཕབ་པར་བསྟན་པའི་མཚན་ཉིད་དོ། །དེ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་བདག་མེད་པ་ཉིད་འཇིག་རྟེན་ན་མངོན་སུམ་དུ་དམིགས་པ་དང་། དེ་ལྟ་བུ་དང་འཐུན་པ་གང་ཡིན་པ་དེ་ནི་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཡིན་ནོ། །འདུ་བྱེད་ཐམས་ཅད་སྐད་ཅིག་པ་ཉིད་དང་། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དང་། ལས་དགེ་བ་དང་། མི་དགེ་བ་ཆུད་མི་ཟ་བ་དེ་ལ་གནས་པའི་མི་རྟག་པར་རིགས་པ་ཉིད་མངོན་སུམ་དུ་དམིགས་པ་གང་ཡིན་པ་དང་། སེམས་ཅན་སྣ་ཚོགས་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་གང་ཡིན་པ་དང་། སེམས་ཅན་བདེ་བ་དང་སྡུག་བསྔལ་བ་ལས་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་གང་ཡིན་པ་དང་། གང་གིས་མངོན་སུམ་དུ་མ་གྱུར་པ་ལ་རྗེས་སུ་དཔག་པར་བྱ་བ་དང་། དེ་ལྟ་བུ་དང་འཐུན་པ་གང་ཡིན་པ་དེ་ནི་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཡིན་ནོ། །ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་འཆི་འཕོ་དང་སྐྱེ་བ་དམིགས་པ་ཉེ་བར་སྦྱར་བ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དམིགས་པ་ཉེ་བར་སྦྱར་བ་དང་། རང་དབང་མེད་པའི་དམིགས་པ་ཉེ་བར་སྦྱར་བ་དང་། ཕ་རོལ་དག་ན་ཡང་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་འབྱོར་པ་དང་། རྒུད་པ་དམིགས་པ་ཉེ་བར་སྦྱར་བ་དང་། དེ་ལྟ་བུ་དང་འཐུན་པ་གང་ཡིན་པ་དེ་ནི་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟར་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་གང་ཡིན་པ་དེ་ནི་གྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པའི་ཕྱིར་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །འཇམ་དཔལ་གཏན་ལ་བབ་པར་བསྟན་པ་ཐམས་ཅད་མཁྱེན་པས་གསུངས་པ་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་དང་། དེ་ལྟ་བུ་དང་འཐུན་པ་གང་ཡིན་པ་དེ་ནི་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་བབ་པར་བསྟན་པའི་མཚན་ཉིད་ཡིན་པར་རིག་པར་


DKG049_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ལྟ་བས་ན་མཚན་ཉིད་རྣམ་པ་ལྔ་པོ་དེ་དག་གིས་རིགས་པ་བརྟག་པ་ཡོངས་སུ་དག་པ་སྟེ། ཡོངས་སུ་དག་པའི་ཕྱིར་བསྟེན་པར་བྱའོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་མཚན་ཉིད་རྣམ་པ་དུས་རྟོགས་པར་བགྱི་ལགས། འཇམ་དཔལ་ལྔས་ཏེ། གང་སུ་ཡང་རུང་བ་ཞིག་བྱུང་ན། འཇིག་རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲ་རྣམ་པར་གྲགས་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དང་། སྟོབས་བཅུས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་དང་། མི་འཇིགས་པ་བཞིས་ཆོས་སྟོན་པའི་དེའི་ཚིག་ལ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་བརྒལ་ཏུ་མེད་ཅིང་བརྩད་དུ་མེད་པ་གང་ཡིན་པ་དང་། སུའི་ཆོས་འདུལ་བ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྣང་ཞིང་དགེ་སྦྱོང་བཞི་སྣང་བ་ཡིན་ཏེ། དེ་ལྟར་ན་འབྱུང་བ་དང་། མཚན་དང་། ཐེ་ཙོམ་གཅོད་པ་དང་། བརྒལ་དུ་མེད་ཅིང་བརྩད་དུ་མེད་པ་དང་། དགེ་སྦྱོང་དམིགས་པས་ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔར་རིག་པར་བྱའོ། །དེ་ལྟར་འཐད་པའི་སྒྲུབ་པའི་རིགས་པ་དེ་ནི་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་དང་། ཡིད་ཆེས་པའི་ལུང་གི་ཚད་མས་མཚན་ཉིད་ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ནོ། །ཡོངས་སུ་མ་དག་པའི་མཚན་ཉིད་རྣམ་པ་བདུན་གང་ཞེ་ན། དེ་ལས་གཞན་དང་འཐུན་པར་དམིགས་པའི་མཚན་ཉིད་དང་། དེ་ལ་གཞན་དང་མི་འཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་འཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མི་འཐུན་པར་དམིགས་པའི་མཚན་ཉིད་དང་། གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་། ཡོངས་སུ་མ་གྲུབ་པའི་མཚན་ཉིད་དང་། ལུང་ཤིན་ཏུ་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད་དོ། །དེ་ལ་ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་འཐུན་པར་དམིགས་པའི་མཚན་ཉིད་ཡིན་ནོ། །རྟགས་དང་ངོ་བོ་ཉིད་དང་། ལས་དང་ཆོས་དང་རྒྱུ་དང་འབྲས་བུ་མཚན་ཉིད་མི་འཐུན་པ་རྣམས་ཀྱི་མཚན་ཉིད་མི་འཐུན་པ་གང་ཡང་རུང་བས་ཕན་ཚུན་མཚན་ཉིད་མི་འཐུན་པར་ངེས་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མི་འཐུན་པར་


DKG049_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་མཚན་ཉིད་ཡིན་ནོ། །འཇམ་དཔལ་དེ་ལ་དེ་ལས་གཞན་དང་འཐུན་པར་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལ་ཐམས་ཅད་མི་འཐུན་པར་དམིགས་པའི་མཚན་ཉིད་ཡོད་པས་དེས་ན་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་དེ་ནི་ཡོངས་སུ་མ་གྲུབ་པའི་མཚན་ཉིད་ཅེས་བྱའོ། །དེ་ལས་གཞན་དང་མི་འཐུན་པར་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལ་ཡང་ཐམས་ཅད་འཐུན་པར་དམིགས་པའི་མཚན་ཉིད་ཡོད་པས་དེས་ན་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་དེ་ཡང་ཡོངས་སུ་མ་གྲུབ་པའི་མཚན་ཉིད་ཅེས་བྱའོ། །ཡོངས་སུ་མ་གྲུབ་པའི་ཕྱིར་རིགས་པས་བརྟག་པ་ཡོངས་སུ་མ་དག་པ་ཡིན་ཏེ། ཡོངས་སུ་མ་དག་པའི་ཕྱིར་བསྟན་པར་མི་བྱའོ། །དེ་ལུང་ཤིན་ཏུ་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད་ནི་རང་བཞིན་ཉིད་ཀྱིས་ཡོངས་སུ་མ་དག་པ་ཡིན་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་གནས་པར་བྱ་བའི་ཕྱིར་ཆོས་ཉིད་དབྱིངས་གནས་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ནོ། །དེ་ལ་བསྡུས་པ་དང་རྒྱས་པ་ནི་མདོར་བསྡུ་སྟེ། ཚིག་གཅིག་གིས་བསྟན་པའི་ཆོས་ཚིག་ཕྱི་མ་ཕྱི་མ་དག་གིས་རབ་ཏུ་ཕྱེ་སྟེ། མཐར་ཐུག་པར་བྱེད་པ་གང་ཡིན་པའོ། །ངས་རྣམ་པ་དང་བཅས་པའི་དམིགས་པ་འཛིན་པ་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་གང་དག་བསྟན་པ་ནི་དེ་དག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་ནོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པར་བཅས་པའི་ཉོན་མོངས་པ་སྤོང་བས་དེའི་འབྲས་བུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མངོན་པར་སྒྲུབ་པ་གང་དག་ཡིན་པ་དེ་ནི་དེའི་འབྲས་བུ་འཐོབ་པའི་མཚན་ཉིད་ཡིན་ནོ། །དེ་ཉིད་རྣམ་པར་གྲོལ་བའི་ཤེས་པའི་སོ་སོ་ཡང་དག་པར་རིག་པ་གང་ཡིན་པ་གཞན་དག་ལ་ཡང་རྒྱ་ཆེར་སྒྲོགས་པ་དང་། འཆད་པ་དང་། ཡང་དག་པར་སྟོན་པ་དེ་ནི་དེ་མྱོང་བ་རྣམ་པར་བསྙད་པའི་མཚན་ཉིད་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་དེ་དག་ཉིད་སྒོམ་པ་ལ་བར་ཆད་བྱེད་པའི་གནས་ལྟ་བུ་ཉོན་མོངས་པ་ཅན་གྱི་ཆོས་གང་དག་ཡིན་པ་དེ་ནི་དེའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ཡིན་ནོ། །དེ་དག་ཉིད་ལ་གཅེས་


DKG049_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་བྱེད་པའི་ཆོས་གང་དག་ཡིན་པ་དེ་ནི་དེ་དང་རྗེས་སུ་འཐུན་པའི་ཆོས་ཀྱི་མཚན་ཉིད་ཡིན་ནོ། །བར་དུ་གཅོད་པ་རྣམས་ཀྱི་སྐྱོན་གང་ཡིན་པ་དེ་ནི་དེའི་ཉེས་དམིགས་ཀྱི་མཚན་ཉིད་ཡིན་ནོ། །འཇམ་དཔལ་རྗེས་སུ་འཐུན་པ་རྣམས་ཀྱི་ཡོན་ཏན་གང་ཡིན་པ་དེ་ནི་དེའི་ཕན་ཡོན་གྱི་མཚན་ཉིད་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་ཀྱི་དོན་གང་གིས་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་མོ་རྣམས་ཀྱི་ལྡེམ་པོར་དགོངས་པའི་རྗེས་སུ་འཇུག་པར་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདོ་སྡེ་དང་། འདུལ་བ་དང་། མ་མོ་དེ་དག་གི་གཟུངས་ཀྱི་དོན་མ་ལུས་པ་འདི་ལས་སླད་རོལ་པ་རྣམས་དང་། ཐུན་མོང་མ་ལགས་པ་བཤད་དུ་གསོལ། འཇམ་དཔལ་དེའི་ཕྱིར་ཉོན་ཅིག་དང་། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ངའི་ལྡེམ་པོ་ངག་ལ་འཇུག་པར་བྱ་བའི་ཕྱིར་གཟུངས་ཀྱི་དོན་མ་ལུས་པ་ཁྱོད་ལ་བཤད་པར་བྱའོ། །འཇམ་དཔལ་ཀུན་ནས་ཉོན་མོངས་པའི་ཆོས་གང་དག་ཡིན་པ་དང་། རྣམ་པར་བྱང་བའི་ཆོས་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་གཡོ་བ་མེད་པ་གང་ཟག་མེད་པ་ཡིན་ཏེ། དེའི་ཕྱིར་ངས་ཆོས་རྣམས་རྣམ་པ་ཐམས་ཅད་དུ་བྱེད་པ་མེད་པར་བསྟན་ཏོ། །ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ལ་ཕྱིས་རྣམ་པར་བྱང་བར་འགྱུར་བ་མ་ཡིན། རྣམ་པར་བྱང་བའི་ཆོས་རྣམས་ཀྱང་ཕྱིས་རྣམ་པར་བྱང་བ་ལ་སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་མ་ཡིན་ན། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གནས་ངན་ལེན་གྱི་ལུས་ལ་ཆོས་དང་གང་ཟག་གི་ངོ་བོ་ཉིད་དུ་མངོན་པར་ཞེན་པའི་བག་ལ་ཉལ་བའི་ལྟ་བ་ལ་བརྟེན་ནས་བདག་གམ་བདག་གིར་འཛིན་ཅིང་། དེས་ན་མཐོང་ངོ་། །ཐོས་སོ། །སྣོམ་མོ། །མྱོང་ངོ་། །རེག་གོ །རྣམ་པར་ཤེས་སོ། །ཟའོ། །བྱེད་དོ། །ཀུན་ནས་ཉོན་མོངས་སོ། །རྣམ་པར་བྱང་ངོ་། །ཞེས་ལོག་པར་མངོན་པར་འདུ་བྱེད་པ་འབྱུང་ངོ་། །གང་ལ་ལ་དེ་ལྟར་ཡང་


DKG049_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་གནས་ངན་ལེན་གྱི་ལུས་རབ་ཏུ་སྤོང་ཞིང་། ཉོན་མོངས་པ་ཐམས་ཅད་ཀྱི་གནས་མ་ཡིན་པ། ཤིན་ཏུ་རྣམ་པར་དག་པ། སྤྲོས་པ་མེད་པ་། འདུས་མ་བྱས་པ། མངོན་པར་འདུ་བྱ་བ་མེད་པའི་ལུས་འཐོབ་པར་འགྱུར་ཏེ། འཇམ་དཔལ་དེ་ནི་གཟུངས་ཀྱི་དོན་མ་ལུས་པ་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཀུན་ནས་ཉོན་མོངས་ཆོས་དང་རྣམ་པར་བྱང་བའི་ཆོས། །ཐམས་ཅད་བྱེད་པ་མེད་ཅིང་གང་ཟག་མེད་པ་ཡིན། །དེ་ཕྱིར་དེ་དག་བྱེད་པ་མེད་པར་ངས་བཤད་དོ། །དེ་དག་སྔ་ཕྱིར་རྣམ་པར་དག་དང་ཉོན་མོངས་མིན། །གནས་ངན་ལེན་གྱི་ལུས་ལ་བག་ལ་ཉལ་བ་ཡི། །ལྟ་ལ་བརྟེན་ནས་བདག་དང་བདག་གིར་འཛིན་བྱེད་དེ། །དེས་ན་མཐོང་ངོ་ཟའོ་བྱེད་ཅེས་བྱ་བ་དང་། །ཉོན་མོངས་རྣམ་པར་བྱང་བར་འགྱུར་རོ་སྙམ་པའང་འབྱུང་། །གང་གིས་ད་ལྟར་ཡང་དག་ཇི་བཞིན་རབ་ཤེས་པ། །དེ་ནི་གནས་ངན་ལེན་ལུས་རབ་ཏུ་སྤོང་བྱེད་ཅིང་། །ཉོན་མོངས་གནས་མིན་ཤིན་ཏུ་དག་པའི་ལུས། །སྤྲོས་པ་མེད་ཅིང་འདུས་མ་བྱས་པ་འཐོབ་པར་འགྱུར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སེམས་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས། འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ནི། སེམས་དང་། ཡིད་དང་། རྣམ་པར་ཤེས་པས་རབ་ཏུ་ཕྱེ་བ་མ་ཡིན་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པའི་སེམས་ནི། མངོན་པར་འདུ་བྱེད་པ་མེད་པར་འབྱུང་སྟེ། སྤྲུལ་པ་ལྟ་བུར་རིག་པར་བྱའོ། །བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ། མངོན་པར་འདུ་བགྱི་བ་ཐམས་ཅད་དང་བྲལ་བ་ལགས་ན། འོ་ན་ཇི་ལྟར་མངོན་པར་འདུ་བགྱི་བ་མ་མཆིས་པར་སེམས་འབྱུང་བར་འགྱུར་ལགས། འཇམ་དཔལ་སྔོན་ཐབས་དང་། ཤེས་རབ་བསྒོམ་པ་མངོན་པར་འདུས་བྱས་པའི་ཕྱིར་ཏེ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། གཉིད་ལོག་པ་སེམས་མེད་པ་ལ་ཕྱིར་སད་པར་མངོན་པར་འདུ་བྱ་བ་


DKG049_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་སྔོན་མངོན་པར་འདུས་བྱས་པའི་དབང་གིས་སད་པར་འགྱུར་བ་དང་། འགོག་པ་ལ་སྙོམས་པར་ཞུགས་པ་ལ་ལྡང་བར་མངོན་པར་འདུ་བྱ་བ་མེད་ཀྱང་། སྔོན་མངོན་པར་འདུས་བྱས་པའི་དབང་ཁོ་ནས་ལྡང་བར་འགྱུར་ཏེ། གཉིད་ལོག་པ་དང་། འགོག་པ་ལ་སྙོམས་པར་ཞུགས་པ་དག་གི་སེམས་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སེམས་འབྱུང་བ་ཡང་སྔོན་ཐབས་དང་། ཤེས་རབ་བསྒོམ་པ་མངོན་པར་འདུ་བྱས་པ་ལས་རིག་པར་བྱའོ། །བཅོམ་ལྡན་འདས་ཅི་ལགས། དེ་བཞིན་གཤེགས་པས་སྤྲུལ་པའི་སེམས་མཆིས་སམ། མ་མཆིས་ཞེས་བགྱི། འཇམ་དཔལ་སེམས་ཡོད་པ་ཡང་མ་ཡིན། སེམས་མེད་པ་ཡང་མ་ཡིན་ཏེ། སེམས་རང་དབང་མེད་པ་ཉིད་དང་། སེམས་ཀྱི་དབང་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གང་ལགས་པ་དང་། དེ་བཞིན་གཤེགས་པའི་ཡུལ་གང་ལགས་པ་དེ་གཉིས་ལ་ཐ་དད་དུ་བགྱི་བ་ཅི་མཆིས་ལགས། འཇམ་དཔལ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཐུན་མོང་བ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། ཚད་མེད་པའི་རྒྱན་བཀོད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གང་ཡིན་པའོ། །དེ་བཞིན་གཤེགས་པའི་ཡུལ་ནི་ཁམས་ལྔ་པོ་སེམས་ཅན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་དང་། ཆོས་ཀྱི་ཁམས་དང་། འདུལ་བའི་ཁམས་དང་། འདུལ་བའི་ཐབས་ཀྱི་ཁམས་རྣམ་པ་ཐམས་ཅད་དེ། དེ་གཉིས་ལ་ཐ་དད་དུ་བྱ་བ་ནི་དེ་ཡོད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ལགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ལགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གང་ལགས་པ་དེ་དག་གི་མཚན་ཉིད་ནི། ཇི་ལྟ་བུར་རིག་པར་བགྱི་ལགས། འཇམ་དཔལ་གཉིས་སུ་མེད་པའི་མཚན་ཉིད་ཡིན་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མ་ཡིན། མངོན་པར་རྫོགས་པར་བྱང་


DKG049_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆུབ་པ་ཡང་མ་ཡིན། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མ་ཡིན། ཆོས་ཀྱི་འཁོར་ལོ་མི་བསྐོར་བ་ཡང་མ་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་མ་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མེད་པ་ཡང་མ་ཡིན་ཏེ། ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དང་། སྤྲུལ་པའི་སྐུ་ཀུན་ཏུ་སྟོན་པ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་སྤྲུལ་པའི་སྐུ་ལ་བལྟ་བ་དང་། ཉན་པ་དང་། བསྙེན་བཀུར་བགྱིད་པ་དག་གིས་སེམས་ཅན་རྣམས་བསོད་ནམས་སྐྱེད་པ་དེ་ཅིའི་སླད་དུ་དེ་བཞིན་གཤེགས་པ་ལས་བྱུང་བར་རིག་པར་བགྱི་ལགས། འཇམ་དཔལ་དེ་བཞིན་གཤེགས་པ་ལ་ལྷག་པར་དམིགས་པའི་བྱ་བ་ཉིད་ཡིན་པའི་ཕྱིར་དང་། སྤྲུལ་པའི་སྐུ་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་མངོན་པར་འདུ་བགྱི་བ་མ་མཆིས་པར་འདྲ་བ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཁོ་ན་ལས། སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་འདི་འབྱུང་ཞིང་། སྤྲུལ་པའི་གཟུགས་བརྙན་དཔག་ཏུ་མ་མཆིས་པ་དག་ཀྱང་འབྱུང་ལ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ལུས་ལས་ནི་མི་འབྱུང་ལགས། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། མངོན་པར་འདུ་བྱེད་པ་མེད་པར་འདྲ་ཡང་འདི་ལྟ་སྟེ། སེམས་ཅན་མཐུ་ཆེན་པོའི་བྱིན་གྱི་རླབས་ཉིད་དང་། སེམས་ཅན་གྱི་ལས་ཀྱི་དབང་ཉིད་ཀྱི་ཕྱིར་ཟླ་བ་དང་། ཉི་མའི་དཀྱིལ་འཁོར་གྱི་ཆུ་ཤེལ་དང་། མེ་ཤེལ་ཁོ་ན་ལས་སེམས་ཅན་རྣམས་ལ་སྣང་བ་ཆེན་པོ་འབྱུང་ལ། དེ་ལས་གཞན་པའི་ཆུ་ཤེལ་དང་། མེ་ཤེལ་དག་ལས་ནི་མི་འབྱུང་བ་དང་། ནོར་བུ་རིན་པོ་ཆེ་རིགས་དང་ལྡན་པ་དང་། ལས་ཀྱི་བྱི་དོར་ལེགས་པར་བྱས་པ་ལས་རྒྱའི་གཟུགས་བརྙན་འབྱུང་ལ། དེ་ལས་གཞན་པའི་བྱི་དོར་མ་བྱས་པ་དག་ལས་ནི་མི་འབྱུང་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡང་། ཆོས་ཀྱི་དབྱིངས་དཔག་ཏུ་མེད་པ་ལ་དམིགས་པའི་ཐབས་དང་། ཤེས་རབ་བསྒོམས་པས་ཤིན་ཏུ་སྦྱངས་པ་བྱས་པ་ལས་ཡང་དག་པར་གྲུབ་པ་ཡིན་


DKG049_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། དེ་ལ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་དང་། སྤྲུལ་པའི་གཟུགས་བརྙན་དཔག་ཏུ་མེད་པ་དག་འབྱུང་གི ། རྣམ་པར་གྲོལ་བའི་ལུས་འབའ་ཞིག་དག་ལས་ནི་མི་འབྱུང་ངོ་། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱི་མཐུས། འདོད་པའི་ཁམས་ཀྱི་མིའི་ལུས་ཕུན་སུམ་ཚོགས་པ་རྒྱལ་རིགས་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། འདོད་པ་ན་སྤྱོད་པའི་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཟུགས་ན་སྤྱོད་པའི་ལྷའི་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཟུགས་མ་མཆིས་པ་ན་སྤྱོད་པའི་ལྷའི་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་གདའོ་ཞེས་བགྱི་བ་དེ་ལ་བཅོམ་ལྡན་འདས་དགོངས་པ་གང་ལགས། འཇམ་དཔལ་འདི་ལ་དེ་བཞིན་གཤེགས་པ་རྣམས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ནས། ལམ་གང་དང་སྒྲུབ་པ་གང་གིས་ཐམས་ཅད་དུ་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་བའི་ལམ་དེ་དང་། སྒྲུབ་པ་དེ་ཇི་ལྟ་བ་བཞིན་དུ་སྟོན་ཏེ། གང་དག་ལམ་དེ་དང་། སྒྲུབ་པ་དེ་སྒྲུབ་པར་བྱེད་པ་དེ་དག་ནི། ཐམས་ཅད་དུ་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་ལ། གང་དག་ལམ་དེ་དང་། སྒྲུབ་པ་དེའི་ཕྱིར་སྤོང་ཞིང་མི་སྙན་པར་བརྗོད་ལ། དེ་ལ་ཡང་ཀུན་ནས་མནར་སེམས་ཀྱི་སེམས་དང་ཁོང་ཁྲོ་བའི་སེམས་དང་ལྡན་ཞིང་འཆི་བས་དུས་བྱེད་པ་དེ་དག་ནི་ཐམས་ཅད་དུ་ལུས་ངན་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། འཇམ་དཔལ་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་ལུས་ཕུན་སུམ་ཚོགས་པ་འབའ་ཞིག་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་མཐུ་ལས་འབྱུང་བ་མ་ཡིན་གྱི། ལུས་ངན་པར་སྐྱེ་བ་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་མཐུ་ལས་འབྱུང་བར་རིག་པར་བྱའོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ཡོངས་སུ་མ་དག་པ་དག་ན་གང་ནི་མོད་པ་ལགས། གང་ནི་དཀོན་པ་ལགས། ཡོངས་སུ་དག་པ་དག་ན་གང་ནི་མོད་པ་ལགས། གང་ནི་དཀོན་པ་ལགས། འཇམ་དཔལ་འཇིག་རྟེན་གྱི་ཁམས་ཡོངས་སུ་


DKG049_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག་པ་དག་ན་དངོས་པོ་བརྒྱད་ནི་མོད་ལ། གཉིས་ནི་དཀོན་ཏེ། འདི་ལྟ་སྟེ་མུ་སྟེགས་ཅན་གཞན་དང་། སེམས་ཅན་སྡུག་བསྔལ་བ་རྣམས་དང་། རིགས་དང་། རུས་དང་། ཆོ་རིགས་དང་། འབྱོར་པ་དང་། རྒུད་པ་ཐ་དད་པ་རྣམས་དང་། ཉེས་པར་སྤྱད་པ་སྤྱོད་པ་རྣམས་དང་། ཚུལ་ཁྲིམས་རལ་བ་རྣམས་དང་། ངན་སོང་རྣམས་དང་། ཐེག་པ་དམན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་བསམ་པ་དང་སྦྱོར་བ་དམན་པ་རྣམས་ནི་མོད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་བསམ་པ་དང་སྦྱོར་བ་མཆོག་དང་ལྡན་པ་རྣམས་ཀྱི་སྤྱོད་པ་དང་། དེ་བཞིན་གཤེགས་པ་རྣམས་འབྱུང་བ་ནི་དཀོན་པ་ཡིན་ནོ། །འཇམ་དཔལ་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་དག་ན་ནི་དེ་ལས་བཟློག་པས། དངོས་པོ་བརྒྱད་ནི་དཀོན་ལ། གཉིས་ནི་མོད་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགོངས་པ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། འཇམ་དཔལ་འདི་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་བསྟན་པ་འདི་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུང་ཤིག །དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་ཡོན་ཏན་གྱི་ཚོགས་རྣམ་པར་ངེས་པའི་ལེའུ་ཞེས་བྱ་བ་རྫོགས་སོ། ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ཏེ་གཏན་ལ་ཕབ་པ།།


previousབཅུ་པ། འཇམ་དཔལ་གྱི་ལེའུ། next