Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
བདུན་པ། ཤ་མི་ཟ་བའི་ལེའུ།
   
   


 
previousབདུན་པ། ཤ་མི་ཟ་བའི་ལེའུ། next

བདུན་པ། ཤ་མི་ཟ་བའི་ལེའུ།


DKG049_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་དགྲ་བཅོམ་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་དང་། སེམས་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་དེ་བཞིན་གཤེགས་པར་འགྱུར་བར་ཡང་ལུང་བསྟན། དེ་བཞིན་གཤེགས་པ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ནས། གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་བར་དུ་བཅོམ་ལྡན་འདས་ཀྱིས་ཡི་གེ་གཅིག་ཀྱང་མ་གསུངས་མ་བཤད། དེ་བཞིན་གཤེགས་པ་རྣམས་ནི་རྟག་ཏུ་མཉམ་པར་བཞག་པ་ལགས་ཏེ། མི་རྟོག་མི་དཔྱོད་པར་འཕྲུལ་པ་དག་ཀྱང་སྤྲུལ་ནས། དེ་དག་གིས་དེ་བཞིན་གཤེགས་པའི་བྱ་བ་མཛད་པ། རྣམ་པར་ཤེས་པ་རྣམས་ཀྱང་སྐད་ཅིག་མ་གཅིག་ནས་གཅིག་ཏུ་ཐ་དད་པའི་མཚན་ཉིད་དུ་བཤད། ལག་ན་རྡོ་རྗེ་ཡང་ཁོར་མོར་རྟག་ཏུ་ཞབས་འབྲིང་དུ་འབྲང་། ཐོག་མའི་མཐར་མི་འདོགས་ལ། མྱ་ངན་ལས་འདས་པར་འདོགས། བདུད་དང་བདུད་ཀྱི་ལས་རྣམས་དང་། ལས་ཀྱི་རྒྱུ་རྣམས་དང་། བྲམ་ཟེའི་བུ་མོ་ཙན་ཙ་དང་། མཛེས་མ་ཀུན་ཏུ་རྒྱུ་དང་། ལྷུང་བཟེད་བཀྲུས་བཞིན་པ་ལ་སོགས་པ་ལས་ཀྱི་སྒྲིབ་པ་དག་གདའ་ན། བཅོམ་ལྡན་འདས་དེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ནོངས་པ་དག་མ་སྤངས་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །


DKG049_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ལའང་དགོངས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་ཀྱང་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར་ཏེ། བློ་གྲོས་ཆེན་པོ་སངས་རྒྱས་ཀྱི་ཞིང་འདི་དང་། གཞན་དག་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་གང་དག་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ཡོད་དེ། དེ་དག་ཉན་ཐོས་ཀྱི་ཐེག་པ་འདོད་པ་ལས་བཟློག་པར་བྱ་བ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར་སྤྲུལ་པའི་ཉན་ཐོས་རྣམས་ལ་སྤྲུལ་པའི་སྐུ་དག་གིས་ལུང་བསྟན་གྱི། ཆོས་ཉིད་ཀྱི་སངས་རྒྱས་རྣམས་ཀྱིས་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལ་དགོངས་ནས་ཉན་ཐོས་ལུང་བསྟན་ཏོ། །བློ་གྲོས་ཆེན་པོ་རྣམ་པར་གྲོལ་བ་རོ་གཅིག་པའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་བྱེ་བྲག་མེད་མོད་ཀྱི། ཤེས་བྱའི་སྒྲིབ་པ་སྤངས་པ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་ཤེས་བྱའི་སྒྲིབ་པ་ནི་ཆོས་ལ་བདག་མེད་པ་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ། །ཉོན་མོངས་པའི་སྒྲིབ་པ་ནི་གང་ཟག་ལ་བདག་མེད་པར་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ། །ཉོན་མོངས་པའི་སྒྲིབ་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའི་ཕྱིར། གང་ཟག་ལ་བདག་མེད་པ་མཐོང་བ་ལ་སྒོམ་པ་སྔོན་དུ་འགྲོ་བས་སྤང་བར་འགྱུར་རོ། །ཆོས་ཀྱི་སྒྲིབ་པ་རྣམ་པར་གྲོལ་བ་དེ་ནི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་བཟློག་པའི་ཕྱིར་རྣམ་པར་དག་པར་འགྱུར་རོ། །སྔོན་གྱི་ཆོས་ཀྱི་ལུགས་ལ་དགོངས་ཏེ། སྔོན་དང་ཕྱིས་མེད་པ་མི་འབྱུང་བའི་ཕྱིར་སྔོན་བཤད་པའི་ཡི་གེ་དེ་དག་ཉིད་ཀྱིས་དེ་བཞིན་གཤེགས་པ་མི་རྟོག་མི་དཔྱོད་པར་ཆོས་འཆད་དེ། མཁྱེན་བཞིན་དུ་མཛད་པ་དང་། དྲན་པ་ཉམས་པ་མེད་པ་དང་། བག་ཆགས་ཀྱི་ས་གཞི་སྤངས་པ་དང་། ཤི་འཕོ་གཉིས་དང་བྲལ་བ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སྤངས་པའི་ཕྱིར་མི་རྟོག་མི་དཔྱོད་དོ། །བློ་གྲོས་ཆེན་པོ་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བདུན་རྣམས་ནི་དགེ་བ་ཟག་པ་མེད་པའི་ཕྱོགས་དང་བྲལ་བ་མི་འཁོར་བ་ཡིན་ཏེ། བག་ཆགས་ཀྱི་རྒྱུ་


DKG049_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་བའི་ཕྱིར་སྐད་ཅིག་མའོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འཁོར་ཞིང་མྱ་ངན་ལས་འདས་པ་དང་། བདེ་བ་དང་སྡུག་བསྔལ་བའི་རྒྱུ་ཡིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་སྟོང་པ་ཉིད་ཀྱིས་གཡེངས་པའི་བློ་ཅན་དག་ནི་རྣམ་པར་དག་པ་ཉིད་མི་ཤེས་སོ། །ཡང་བློ་གྲོས་ཆེན་པོ་ལག་ན་རྡོ་རྗེ་ནི་འཕྲུལ་པས་སྤྲུལ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་ན་འདུག་གི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངོ་བོ་རྣམས་ཀྱི་དྲུང་ན་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ངོ་བོ་ནི་བྱིས་པ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་ཐམས་ཅད་ཀྱི་ཚད་མ་དང་། དབང་པོ་ལས་རྣམ་པར་ལོག་པ་ཡིན་ཏེ། ཚེ་འདི་ལ་བདེ་བར་གནས་པ་དག་མཐོང་བར་རྟོགས་པའི་ཆོས་ཤེས་པའི་བཟོད་པས་དེ་རྟོགས་པར་བྱེད་དེ། དེ་བས་ན་ལག་ན་རྡོ་རྗེ་དེའི་ཞབས་འབྲིང་ན་མི་འབྲང་ངོ་། །སྤྲུལ་པའི་སངས་རྒྱས་ཐམས་ཅད་ནི་ལས་ལས་བྱུང་བ་མ་ཡིན་ཏེ། དེ་དག་ལ་ཡང་དེ་བཞིན་གཤེགས་པ་མེད། དེ་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མེད་དེ། རྫ་མཁན་གྱི་དམིགས་པ་ལ་སོགས་པའི་སྦྱོར་བ་ལྟ་བུས་བྱ་བ་ཐམས་ཅད་བྱེད་ཅིང་མཚན་དང་ལྡན་པ་ཡང་སྟོན་མོད་ཀྱི་རང་གི་ཚུལ་སོ་སོར་གཞག་པའི་གཏམ་བདག་གི་འཕགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ནི་མི་སྟོན་ཏོ། །བློ་གྲོས་ཆེན་པོ་གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་རྣམ་པར་ཤེས་པ་འདུས་པ་དྲུག་འགགས་པས་ཆད་པར་ལྟ་བ་ལ་བརྟེན་ཏོ། །ཀུན་གཞི་མ་རྟོགས་པའི་ཕྱིར་རྟག་པར་ལྟ་བར་འགྱུར་རོ། །བློ་གྲོས་ཆེན་པོ་རང་གི་བློའི་རྣམ་པར་རྟོག་པའི་ཐོག་མའི་མཐའ་ཤེས་པར་མི་རུང་སྟེ། རང་གི་བློའི་རྣམ་པར་རྟོག་པ་ཉིད་བཟློག་པས་ཐར་པར་ཡང་ཤེས་སོ། །བག་ཆགས་བཞི་སྤངས་པའི་ཕྱིར་ཉེས་པ་ཐམས་ཅད་སྤངས་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཐེག་པ་གསུམ་དང་ཐེག་མེད་དང་། །སངས་རྒྱས་མྱ་ངན་འདས་མེད་དང་། །ཐམས་ཅད་སངས་རྒྱས་ལུང་བསྟན་ཅིང་། །ཉེས་པ་དང་ཡང་བྲལ་བཤད་དང་། །མངོན་པར་རྟོགས་མཐའི་ཡེ་ཤེས་


DKG049_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་བཞིན་ལེན་མེད་རྟོགས་པ་དག །ཞུམ་པ་རྣམས་ཀྱང་སྤྲོ་བྱའི་ཕྱིར། །དེ་དག་དགོངས་ཏེ་བཤད་པའོ། །སངས་རྒྱས་དག་གིས་ཡེ་ཤེས་བསྐྱེད། །དེ་དག་ཉིད་ཀྱིས་ལམ་ཡང་བཤད། །གཞན་ནས་མ་ཡིན་དེ་ནས་འགྲོ། །དེ་ཕྱིར་མྱ་ངན་དེ་མི་འདའ། །སྲིད་པའི་འདོད་གཟུགས་ལྟ་རྣམས་ཀྱིས། །བག་ཆགས་རྣམ་པ་བཞིར་འགྱུར་ཏེ། །ཡིད་ཀྱི་རྣམ་པར་ཤེས་ལས་བྱུང་། །ཀུན་གཞི་དང་ནི་ཡིད་ལ་གནས། །ཡིད་ཀྱི་རྣམ་ཤེས་མིག་ལ་སོགས། །མི་རྟག་ཕྱིར་ནི་ཆད་པར་སྟོན། །ཐོག་མ་མེད་པས་རྟག་པ་དང་། །མྱ་ངན་འདའ་མོས་ལྟ་བར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་རྣམས་ཀྱིས་ཞུས་ནས། ཡང་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། གང་གིས་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ན། བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཀྱིས་སེམས་ཅན་ཤ་ཟ་བ་ལ་སོགས་པའི་བག་ཆགས་ཀྱིས་བསྒོས་པ། ཤའི་ཟས་ལ་ཆགས་པའི་སེམས་ཅན་རྣམས་ཀྱི་རོ་ལ་སྲེད་པ་སྤང་བའི་སླད་དུ་ཅི་ནས་ཀྱང་སེམས་ཅན་དེ་དག་རོའི་སྲེད་པ་བསལ་ཏེ། ཆོས་ཀྱི་རོའི་ཟས་ལ་མོས་པས་སེམས་ཅན་ཐམས་ཅད་ལ་བུ་གཅིག་ལྟ་བུར་སྡུག་པ་དང་ལྡན་ཞིང་ཕན་ཚུན་དུ་བྱམས་པ་ཐོབ་པ་དང་། ཐོབ་ནས་ཀྱང་བྱང་ཆུབ་སེམས་དཔའི་ས་རྣམས་སུ་བྱང་བར་བྱས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ངལ་བསོ་སྟེ། དེ་བཞིན་གཤེགས་པའི་ས་བླ་ན་མེད་པ་འཐོབ་པར་འགྱུར་བའི་ཆོས་བཤད་པར་ཤ་ཟ་བ་ཉེས་པར་ལྟ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་མུ་སྟེགས་ཅན་གཞན་ངན་པར་བཤད་པའི་ཆོས་ཅན་འཇིག་རྟེན་རྒྱང་པན་གྱི་ལྟ་བ་ལ་མངོན་པར་ཞེན་པ་དང་། ཡོད་པ་དང་མེད་པའི་ཕྱོགས་དང་། རྟག་པ་དང་ཆད་པར་སྨྲ་བ་རྣམས་ཀྱིས་ཀྱང་ཤ་འཚལ་བ་བཀག་སྟེ། བདག་ཀྱང་མི་འཚལ་ན་འཇིག་རྟེན་གྱི་མགོན་པོ་


DKG049_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་བསྟན་པ་ཐུགས་རྗེས་རོ་གཅིག་ཏུ་གྱུར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ལ་རང་ཤ་འཚལ་བ་དང་། འཚལ་བ་མི་བཟློག་པ་ལྟ་ཅིས་འབྱུང་། ཅི་ནས་ཀྱང་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཀྱིས་སེམས་ཅན་རྣམས་ལ་དེ་བཞིན་ཉིད་དུ་ཆོས་བསྟན་པར་བགྱི་བ་དེ་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ་ཐམས་ཅད་དུ་བུ་གཅིག་པ་དང་མཚུངས་པར་གཟིགས་ནས་ཐུགས་རྗེ་ཆེན་པོ་ཅན་གྱིས་ཐུགས་བརྩེ་བའི་སླད་དུ་ཤ་འཚལ་བའི་ནོངས་པ་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་ཕྱིར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་རྒྱུ་ཚད་མེད་པའི་ཕྱིར་ཤ་ཐམས་ཅད་བཟའ་བར་མི་བྱ་སྟེ། དེ་དག་ལ་ཕྱོགས་ཙམ་ཞིག་བཤད་པར་བྱའོ། །དེ་ལ་བློ་གྲོས་ཆེན་པོ་སྲོག་ཆགས་ཡུན་རིང་པོ་ནས་འཁོར་བ་རྣམས་ལ་གང་ཕའམ། མའམ། སྤུན་ནམ། སྲིང་མོའམ། བུའམ། བུ་མོའམ། གཉེན་བཤེས་སམ། གཉེན་ནམ། གཉེན་ལྟ་བུར་གང་ཡང་རུང་བར་མ་གྱུར་པའི་སེམས་ཅན་དེ་ནི་རྙེད་པར་སླ་བའི་རྣམ་པ་གང་ཡང་མེད་དོ། །གཉེན་དང་གཉེན་ལྟ་བུར་གྱུར་པ་དེ་དག་ཚེ་གཞན་དུ་ལུས་བརྗེས་པ་རི་དགས་དང་། ཕྱུགས་དང་། བྱའི་སྐྱེ་གནས་གང་ཡང་རུང་བར་གྱུར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་འདོད་པ་འབྱུང་པོ་ཐམས་ཅད་བདག་དང་འདྲ་བར་གྱུར་པར་འདོད་པས་སྐྱེ་བོ་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལས་བྱུང་བའི་ཤ་ཇི་སྐད་དུ་བཟའ་བར་བྱ། བློ་གྲོས་ཆེན་པོ་སྲིན་པོ་རྣམས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་ཆོས་ཉིད་བཟང་པོ་འདི་ཐོས་ནས་ཤ་ཟ་བ་ལས་རྣམ་པར་ལྡོག་ཅིང་སྲིན་པོའི་རང་བཞིན་དང་བྲལ་ནས་སྙིང་རྗེ་ཅན་དུ་འགྱུར་ན། ཆོས་


DKG049_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་སྐྱེ་བོ་རྣམས་ལྟ་ཅི་སྨོས། དེ་ལྟར་ན་བློ་གྲོས་ཆེན་པོ་ཚེ་རབས་འཕོས་པ་དེ་དང་དེ་དག་ཏུ་སེམས་ཅན་ཐམས་ཅད་གཉེན་བཤེས་དང་། གཉེན་དུ་གྱུར་པའི་འདུ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་གི་འདུ་ཤེས་སུ་བསྒོམ་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་སྤྱོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཤ་བཟར་མི་རུང་བ་དང་། འཁྲུལ་པའི་ཕྱིར་ཡང་ཤ་ཐམས་ཅད་མི་བཟའ་སྟེ། བློ་གྲོས་ཆེན་པོ་བོང་བུ་དང་། རྔ་མོ་དང་། ཁྱི་དང་། གླང་དང་། མིའི་ཤ་ལ་སོགས་པ་ནི་འཇིག་རྟེན་གྱིས་བཟའ་བ་མ་ཡིན་ན། འདི་ལྟར་ཤན་པ་དག་རིན་གྱི་ཕྱིར་བཟར་རུང་ངོ་ཞེས་ཟེར་ཞིང་སྲང་གི་དབུས་དག་ཏུ་འཚོང་བར་བྱེད་པས་དེའི་ཕྱིར་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་གཙང་བར་འདོད་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་ནི་ཁུ་ཆུ་དང་ཁྲག་ལས་བྱུང་བའི་ཕྱིར་ཤ་མི་བཟའོ། །འབྱུང་པོ་རྣམས་དངང་བར་བྱེད་པའི་ཕྱིར་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་བྱམས་པར་འདོད་པ་རྣལ་འབྱོར་ཅན་གྱིས་ཤ་ཐམས་ཅད་བཟའ་བར་མི་བྱའོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྨེ་ཤ་ཅན་དང་། གདོལ་པ་དང་། ཉ་པ་ལ་སོགས་པ་ཁྱིའི་ཤ་ཟ་བའི་སེམས་ཅན་རྣམས་ནི་རྒྱང་མ་ནས་མཐོང་ཡང་ཁྱི་རྣམས་འཇིགས་པས་ཟུགས་ཏེ། ལ་ལ་ནི་བདག་ཅག་ཀྱང་བསད་དུ་འོང་ངོ་ཞེས་ཤི་ལ་ཐུག་པར་འགྱུར་རོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་ནམ་མཁའ་དང་། ས་དང་ཆུ་ལ་གནས་པའི་འགྲོ་བ་ཤིན་ཏུ་ཕྲ་བ་གཞན་ཡོད་པ་དེ་དག་ཀྱང་ཤ་ཟ་བ་རྣམས་རྒྱང་མ་ནས་མཐོང་མ་ཐག་ཏུ་སྣའི་དབང་པོ་རྣོན་པོས་དྲི་ཚོར་ནས་སྲིན་པོ་ལས་མི་དག་མྱུར་དུ་འབྱོལ་བ་བཞིན་ཏེ། ལ་ལ་ནི་ཤི་དོགས་པར་ཡང་འགྱུར་རོ། །བློ་གྲོས་ཆེན་པོ་དེའི་ཕྱིར་དངང་བར་འགྱུར་བས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་གནས་པས་ཤ་མི་བཟའོ། །བློ་གྲོས་ཆེན་པོ་འཕགས་པ་མ་ཡིན་པའི་སྐྱེ་བོས་བསྙེན་ཅིང་དྲི་མི་ཞིམ་ལ་མི་སྙན་པར་བྱེད་པ་དང་། འཕགས་པའི་སྐྱེ་བོས་རྣམ་པར་སྤངས་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་བཟའོ། །བློ་གྲོས་ཆེན་པོ་འཕགས་པའི་སྐྱེ་བོ་ནི་དྲང་སྲོང་གི་ཟས་ཟ་སྟེ། ཁྲག་དང་ཤ་མི་


DKG049_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བས། དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་ཟའོ། །བློ་གྲོས་ཆེན་པོ་སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར་བསྟན་པ་ལ་སྐུར་པ་སྤང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་གྱིས་ཤ་མི་བཟའོ། །དེ་འདི་ལྟ་སྟེ། བློ་གྲོས་ཆེན་པོ་འཇིག་རྟེན་ན་བསྟན་པ་ལ་སྐུར་པར་སྨྲ་བ་དག་ཡོད་དེ། ཀྱེ་མ་འདི་དག་གི་དགེ་སྦྱོང་ཉིད་ནི་ཅི་ཞིག་ཡོད། འདི་དག་གི་ཚངས་པར་འཇུག་པའང་ག་ལ་ཡོད་དེ། དེ་ལྟར་འདི་དག་ནི་སྔོན་གྱི་དྲང་སྲོང་གི་ཟས་བོར་ནས་ཤ་ཟན་བཞིན་དུ་ཤའི་ཟས་ཀྱིས་ལྟོ་གང་ཞིང་ནམ་མཁའ་དང་། ས་དང་། ཆུ་ལ་གནས་པའི་འགྲོ་བ་ཕྲ་མོ་སྐྲག་པར་བྱེད་པ་རྣམས་འཇིག་རྟེན་འདི་དག་ཀུན་ཏུ་རྒྱུའོ། །འདི་དག་གི་དགེ་སྦྱོང་ཉིད་ནི་ཉམས་སོ། །འདི་དག་གི་སྡིག་པ་སྤངས་པ་ཉིད་ནི་ཞིག་གོ །འདི་དག་ལ་ནི་ཆོས་ཀྱང་མེད་འདུལ་བའང་མེད་དོ་ཞེས་དེ་ལྟར་སྡང་བའི་སེམས་འཆང་བ་རྣམས་རྣམ་པ་དུ་མས་བསྟན་པ་ལ་སྐུར་ཏོ། །དེའི་ཕྱིར་བློ་གྲོས་ཆེན་པོ་སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར་བསྟན་པ་ལ་སྐུར་པ་སྤང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་ཤི་བའི་རོ་དྲི་མི་ཞིམ་ཞིང་མི་འཕྲོད་པ་དང་མཚུངས་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་བཟའོ། །བློ་གྲོས་ཆེན་པོ་མི་ཤི་བའི་ཤ་བསྲེགས་པ་དང་། དེ་མ་ཡིན་པ་སྲོག་ཆགས་གཞན་གྱི་ཤ་བསྲེགས་པར་ཡང་དྲིའི་ཁྱད་པར་གང་ཡང་མེད་དེ། དེ་གཉིས་ཀ་དྲི་མི་ཞིམ་པར་མཚུངས་སོ། །དེའི་ཕྱིར་ཡང་བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་གཙང་བར་འདོད་པའི་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་དུར་ཁྲོད་པ་རྣམས་དང་། དགོན་པ་ནགས་འདབ་མི་མ་ཡིན་པ་རྒྱུ་བ་བས་མཐའི་མལ་སྟན་ལ་གནས་པའི་རྣལ་འབྱོར་པ། རྣལ་འབྱོར་ལ་སྤྱོད་པ་བྱམས་པ་ལ་གནས་པ་རྣམས་དང་། རིག་སྔགས་འཆང་བ། རིག་སྔགས་གྲུབ་པར་འདོད་པ་རྣམས་ཀྱི་རིག་སྔགས་སྒྲུབ་པ་དང་། ཐར་པ་ལ་བགེགས་བྱེད་པའི་ཕྱིར་ཐེག་པ་ཆེན་པོ་ལ་ཞུགས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ཀྱི་རྣལ་འབྱོར་


DKG049_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ཐམས་ཅད་ཀྱི་བར་ཆད་བྱེད་པར་འགྱུར་བར་རྗེས་སུ་མཐོང་ནས་བདག་དང་གཞན་གྱི་ལུས་ལ་ཕན་པར་འདོད་པའི་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། །གཟུགས་ལ་དམིགས་པ་རྣམ་པར་ཤེས་པའི་རྐྱེན་གྱིས་ཆགས་པ་སྐྱེད་པའི་ཕྱིར་ཡང་འབྱུང་པོ་ཐམས་ཅད་བདག་ཏུ་གྱུར་པ་སྙིང་བརྩེ་བའི། བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་དེ་ལ་ལྷ་རྣམས་ཀྱང་སྤོང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་ཚེ་འདི་ཉིད་ལའང་དེའི་ཁ་ཤིན་ཏུ་དྲི་མི་ཞིམ་པར་འགྱུར་བའི་ཕྱིར་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། །སྡུག་བསྔལ་ཞིང་ཉལ་བ་དང་། སྡུག་བསྔལ་ཞིང་སད་པ་དང་། སྡིག་པའི་རྨི་ལམ་སྤུ་གཡོ་བར་བྱེད་པ་མཐོང་བ་དང་། ཁྱིམ་སྟོང་པ་ན་འདུག་ཅིང་གཅིག་པུ་དབེན་པར་གནས་པའི་ཚེ་ཡང་དེ་ལ་མདངས་འཕྲོག་པའི་མི་མ་ཡིན་པ་རྣམས་མདངས་འཕྲོག་པ་དང་། བར་བར་སྔང་བ་དང་། བློ་བུར་དུ་འཇིགས་ཤིང་སྐྲག་པར་འགྱུར་བ་དང་། ཟས་ཀྱི་ཚོད་མི་ཟིན་ཏེ་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པའི་བཅུད་ལེགས་པར་འཇུ་བའི་འཚག་ཏུ་མི་འགྱུར་བ་དང་། ལྟོ་སྲིན་བུ་སྐྱེས་པ་དང་། མཛེ་མང་པོའི་གཞིར་འགྱུར་བ། ནད་མང་བར་བྱེད་པ་ཡིན། མི་འཕྲོད་པའི་འདུ་ཤེས་ཀྱང་མི་འཐོབ་སྟེ། ངས་ཁ་ཟས་ནི་བུའི་ཤ་དང་། སྨན་བཞིན་དུ་བཤད་ལ། བློ་གྲོས་ཆེན་པོ་འཕགས་པ་མ་ཡིན་པའི་སྐྱེ་བོས་བསྙེན་པ། འཕགས་པའི་སྐྱེ་བོས་རྣམ་པར་སྤངས་པ། ཉེས་པ་དུ་མ་ཐོབ་པར་བྱེད་པ། ཡོན་ཏན་དུ་མས་རྣམ་པར་སྤངས་པ། དྲང་སྲོང་མ་ཡིན་པའི་ཟས་མི་བསོད་པ་མི་རུང་བའི་ཟས། ཤ་དང་ཁྲག་རྣམས་ཇི་ལྟར་སློབ་མ་རྣམས་ལ་གནང་བར་བྱ། བློ་གྲོས་ཆེན་པོ། ངས་ནི་འཕགས་པའི་སྐྱེ་བོས་རྣམ་པར་མ་སྤངས་པ། ཡོན་ཏན་མང་པོ་འཐོབ་པར་བྱེད་པ། ཉེས་པ་མང་པོ་རྣམ་པར་སྤངས་པ། སྔོན་གྱི་དྲང་སྲོང་གི་ཁ་ཟས་བསོད་པ། འབྲས་དང་། ནས་དང་། གྲོ་དང་། སྲན་མ་སྡེའུ་དང་། བལ་སྲན་དང་།


DKG049_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སྲན་ཆུང་ལ་སོགས་པ་དང་། མར་དང་། འབྲུ་མར་དང་། སྦྲང་རྩི་དང་། ཧྭགས་དང་། བུ་རམ་དང་། ཁ་འདའ་དང་། ཤ་ཁ་ར་ལ་སོགས་པའི་ཟས་རྣམས་འོས་ཤིང་བརྟགས་པ་ཡིན་ཞེས་གནང་ན། བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན། སྐྱེས་བུ་བླུན་པོ་འདུལ་བ་ལ་རྣམ་པར་རྟོག་པ། རྣམ་པ་མང་པོ་སྨྲ་བ་ཤ་ཟན་གྱི་རིགས་ཀྱི་བག་ཆགས་ཀྱིས་བསྒོས་པ་རོ་ལ་སྲེད་པ་ལ་ཤིན་ཏུ་ཆགས་པ། ཁ་ཅིག་ནི་འདི་བསོད་པའི་ཁ་ཟས་ཡིན་པར་འཛིན་ཏེ། བློ་གྲོས་ཆེན་པོ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། དད་པ་ཅན་རྣམ་པར་རྟོག་པ་མི་མངའ་བ། ཤཱཀྱའི་རིགས་ཀྱི་བུ། མིའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ལུས་དང་། སྲོག་དང་། ལོངས་སྤྱོད་ལ་མ་ཆགས་པ། རོ་ལ་མ་ཞེན་པ། རོ་ལ་མི་བརྐམ་པ། སྙིང་རྗེ་ཅན། འབྱུང་པོ་ཐམས་ཅད་བདག་བཞིན་དུ་རེད་པར་འདོད་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་བཞིན་དུ་སྡུག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དེ་སྙམ་དུ་འཛིན་པར་བཤད་དོ། །བློ་གྲོས་ཆེན་པོ་སྔོན་འདས་པའི་དུས་ན། རྒྱལ་པོ་སེང་གེ་འབངས་བཟངས་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ཟས་སུ་ཤ་ཟོས་ཞིང་མ་འོས་པར་བསྟེན་པས་རོ་ལ་སྲེད་ཅིང་ཆགས་པ་ལ་འདུན་པའི་ཕྱིར་མིའི་ཤའང་ཟོས་པར་གྱུར་ནས། དེའི་ཕྱིར་མཛའ་བོ་དང་། བློན་པོ་དང་། གཉེན་དང་། གཉེན་འདབ་ཀྱི་སྐྱེ་བོའི་ཚོགས་ཀྱིས་ཀྱང་སྤངས་པར་གྱུར་ན། གྲོང་ཁྱེར་བ་དང་། ཡུལ་གྱི་འགྲོ་བ་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། བདག་གི་སྲིད་དང་ཡུལ་ཡོངས་སུ་བཏང་བའི་ཕྱིར་རབ་ཏུ་ཉོན་མོངས་པར་གྱུར་ཏོ། །བློ་གྲོས་ཆེན་པོ་དབང་པོས་ཀྱང་སྔོན་ལྷའི་དབང་པོ་ཐོབ་པར་གྱུར་ནས་ཤ་ཟ་བའི་བག་ཆགས་ཀྱི་ཉེས་པས་ཁྲའི་གཟུགས་སུ་བྱས་ནས་ལས་ཀུན་པ་བྱ་ཐི་བའི་གཟུགས་དང་ཆ་བྱད་འཆང་བ་ཤིན་ཏུ་གཙེས་པར་གྱུར་ཏེ། རྒྱལ་པོ་ཞི་ལྡན་ཉེས་པ་མེད་པ་འབྱུང་པོ་ལ་སྙིང་བརྩེ་བ་ཅན་ཉིད་ཀྱང་སྲང་ལ་བཏབ་ཅིང་སྡུག་བསྔལ་ཆེན་པོ་ཐོབ་པར་བྱས་སོ། །བློ་གྲོས་ཆེན་པོ་དེ་ལྟར་ཚེ་དུ་མར་གོམས་ཤིང་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ཀྱང་བདག་དང་གཞན་ལ་ཉེས་པ་འཐོབ་པར་བྱེད་པར་འགྱུར་ན་


DKG049_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ལྟ་ཅི་སྨོས། བློ་གྲོས་ཆེན་པོ་མིའི་དབང་པོར་གྱུར་པ་གཞན་རྣམས་ཀྱང་རྟ་ཤུགས་ཆེན་པོས་ཁྱེར་ནས་འབྲོག་དགོན་པ་ན་འཁྱམ་འཁྱམ་པ་ལས་སྲོག་གི་རིམ་གྲོའི་ཕྱིར་སེང་གེ་མོ་དང་འཚོགས་པར་གྱུར་ཏེ། བུ་དག་ཀྱང་སྐྱེས་པར་གྱུར་ཏོ། །སེང་གེ་དང་འགྲོགས་པའི་རྒྱུས་རྒྱལ་པོའི་བུ་རྐང་བཀྲ་ལ་སོགས་པའང་སྔོན་གྱི་ཚེ་རབས་ལ་ཤ་ཟ་བའི་ཉེས་པའི་བག་ཆགས་ཀྱིས་མིའི་དབང་པོར་གྱུར་ཀྱང་ཤ་ཟ་བར་གྱུར་ཏོ། །བློ་གྲོས་ཆེན་པོ་ཚེ་འདི་ཉིད་ལའང་ཁྱིམ་བདུན་པའི་གྲོང་ན་ཤ་ལ་ཤིན་ཏུ་བརྐམ་ཞིང་མི་འོས་པར་བསྟེན་ན། མི་ཤ་ཟ་བའི་ཕྲ་མེན་ཕ་དང་། ཕྲ་མེན་མ་མ་རུངས་པ་དག་ཏུ་སྐྱེའོ། །བློ་གྲོས་ཆེན་པོ་དེ་དག་ཚེ་རྗེས་ནས་ཀྱང་ཤའི་རོ་ལ་ཆགས་པ་དེ་ཉིད་ཀྱིས་སེང་གེ་དང་། སྟག་དང་། གཟིག་དང་། སྤྱང་ཀི་དང་། ཏ་རཀྵ་དང་། བྱི་ལ་དང་། ཝ་དང་། འུག་པ་ཤ་མང་པོ་ཟ་བའི་སྐྱེ་གནས་དང་། ཤ་མང་དུ་ཟ་བའི་སྲིན་པོ་ལ་སོགས་པ་ཤིན་ཏུ་གཏུམ་པའི་སྐྱེ་གནས་སུ་ཡང་ལྟུང་བར་བྱེད་དོ། །དེར་ལྷུང་བ་རྣམས་མིའི་སྐྱེ་གནས་ཀྱང་འཐོབ་པར་དཀའ་ན་མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཏེ། བློ་གྲོས་ཆེན་པོ་ཤ་ཟ་བའི་ཉེས་པ་ཡང་དེ་དག་ལ་སོགས་པ་ཡིན་ན། ཤིན་ཏུ་བསྙེན་པ་རྣམས་ལྟ་ལ་ལོས་ཀྱང་སྐྱེ་མོད། ཕྱིར་བཟློག་པས་ན་ཡོན་ཏན་ཤིན་ཏུ་མང་ན། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་ཡོན་ཏན་དང་། ཉེས་པ་འདི་དག་དང་། གཞན་ཡང་ཁོང་དུ་མི་ཆུད་དོ། །བློ་གྲོས་ཆེན་པོ་ཡོན་ཏན་དང་ཉེས་པ་འདི་དག་ལ་སོགས་པ་མཐོང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའ་བར་བཤད་དོ། །བློ་གྲོས་ཆེན་པོ་གལ་ཏེ་ཇི་ལྟར་ཡང་སུའང་ཤ་མི་ཟ་ན་ནི་དེའི་ཕྱིར་སྲོག་ཆགས་རྣམས་ཀྱང་གསོད་པར་མི་འགྱུར་ན། བློ་གྲོས་ཆེན་པོ་སྲོག་ཆགས་ཉེས་པ་མེད་པར་རིན་གྱི་ཕྱིར་བསད་པ་ནི་ཕལ་ཆེའི་དེ་ལས་གཞན་གྱི་ཕྱིར་ནི་ཉུང་ངོ་། །བློ་གྲོས་ཆེན་པོ་རོ་ལ་སྲེད་པ་ནི་ཤིན་ཏུ་མི་བཟད་པ་ཡིན་ཏེ། དེ་ལ་ཤིན་ཏུ་བསྙེན་པས་མིའི་ཤ་དག་ཀྱང་མིས་བཟའ་བར་གྱུར་ན། རི་དགས་དང་། ཕྱུགས་དང་། བྱ་དང་། སྲོག་ཆགས་ལས་བྱུང་བའི་ཤ་དེ་དག་ལྟ་ཅི་སྨོས། །བློ་གྲོས་ཆེན་


DKG049_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཤའི་རོ་ལ་སྲེད་པས་གཟིར་བ་རྣམས་ཀྱིས་རྒྱ་དང་འཁྲུལ་འཁོར་འདི་དག་དེ་ལྟ་དེ་ལྟར་བཅའ་སྟེ་དེ་དག་གིས་ནི་བྱ་བ་དང་། ཤན་པ་དང་། ཉ་པ་ལ་སོགས་པས་ནམ་མཁའ་ལ་རྒྱུ་བ་དང་། ས་ལ་འགྲོ་བ་དང་། ཆུ་ལ་རྒྱུ་བའི་སྲོག་ཆགས་ཉེས་པ་མེད་པ་རྣམས་རྣམ་པ་དུ་མས་གསོད་པར་བྱེད་དོ། །བློ་གྲོས་ཆེན་པོ་འོན་ཀྱང་རྔོན་པར་གྱུར་པའི་སེམས་གཏུམ་པ་ཅན་སྲིན་པོ་ལྟར་སྙིང་རྗེ་མེད་པ་རྣམས་ནི་སྲོག་ཆགས་སུ་འདུ་ཤེས་པས་གསོད་ཅིང་ཟ་ཡང་སྙིང་རྗེ་ནམ་ཡང་མི་སྐྱེའོ། །བློ་གྲོས་ཆེན་པོ་གང་ཉེ་བར་བཟུང་སྟེ་ཉན་ཐོས་རྣམས་ལ་གནང་བར་བྱ་བ་མ་བྱས་པ་དང་། བྱེད་དུ་མ་བཅུག་པ་དང་། མ་བརྟགས་པ་ཞེས་བྱ་བའི་ཤ་ཡང་རུང་བ་མེད་ན། བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཤཱཀྱའི་སྲས་ཀྱི་ཡིན་ནོ་ཞེས་ཁས་ལེན་པ་ངུར་སྨྲིག་གི་རྒྱལ་མཚན་ཐོགས་པ། སྐྱེས་བུ་གླེན་པ་ལོག་པའི་རྟོག་གེས་སེམས་ཉམས་པར་གྱུར་པ། འདུལ་བ་ལ་རྣམ་པ་མང་པོར་རྣམ་པར་རྟོག་པ། སྨྲ་བའི་འཇིག་ཚོགས་ལ་ལྟ་བ་རྒྱས་པ། རོའི་སྲེད་པ་ལ་ཆགས་པ་རྣམས་ཤ་ཟ་བའི་གཏན་ཚིགས་སུ་སྣང་བ། དེ་དང་དེ་དག་སྟོན་ཏེ། ང་ལ་ཡང་ཡང་དག་པ་མ་ཡིན་པར་སྐུར་པ་འདེབས་པར་སེམས་སོ། །དོན་བྱུང་བའི་གླེང་གཞི་དེ་དང་དེ་དག་ལ་བརྟགས་ནས་སྨྲ་སྟེ། དོན་བྱུང་བ་འདི་ནི་གླེང་གཞི་ལས་བཅོམ་ལྡན་འདས་ཀྱིས་ཤའི་ཟས་གནང་སྟེ་རུང་བའང་མ་ཡིན། ཁ་ཟས་བསོད་པར་ཡང་གསུངས་ཏེ། དེ་བཞིན་གཤེགས་པ་ཉིད་ཀྱིས་ཀྱང་གསོལ་ཅེའོ་ཞེས་ཟེར་རོ། །བློ་གྲོས་ཆེན་པོ་མདོ་གང་ལས་བསྙེན་པར་གནང་བ་མེད་དེ། ཟས་བསོད་པའི་ནང་དུའང་རུང་བར་མ་བཤད་དོ། །བློ་གྲོས་ཆེན་པོ་གལ་ཏེ་ངས་གནང་བར་བྱ་བར་འདོད་དམ། ངའི་ཉན་ཐོས་རྣམས་ཀྱིས་བསྙེན་པར་རུང་བ་ཞིག་ཡིན་ན་ནི། བྱམས་པས་གནས་པའི་རྣལ་འབྱོར་ཅན་དུར་ཁྲོད་པ་རྣམས་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ལ་སེམས་ཅན་ཐམས་ཅད་བུ་གཅིག་བཞིན་དུ་འདུ་ཤེས་བསྒོམ་པའི་ཕྱིར་ཤ་ཐམས་


DKG049_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཟ་བ་གཅོད་པར་ཡང་བྱས་སོ། །བློ་གྲོས་ཆེན་པོ་ངས་ནི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཆོས་འདོད་པ་ཐེག་པ་ཐམས་ཅད་ལ་རབ་ཏུ་ཞུགས་པ་རྣམས་དང་། དུར་ཁྲོད་པ་བྱམས་པ་ལ་གནས་པ་དགོན་པ་པ་རྣལ་འབྱོར་ལ་སྤྱོད་པ་རྣམས་ཀྱི་རྣལ་འབྱོར་ཐམས་ཅད་སྒྲུབ་པ་དང་། སེམས་ཅན་ཐམས་ཅད་བུ་བཞིན་དུ་འདུ་ཤེས་བསྒོམ་པའི་ཕྱིར། ཤ་ཐམས་ཅད་གཅོད་པར་ཡང་བྱས་སོ། །བསྟན་པ་བརྗོད་པ་དེ་དང་དེ་ལ་བསླབ་པའི་གཞི་རིམ་པས་བཅའ་བ་སྐས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་གསུམ་བཅས་ནས་དེའི་ཆེད་དུ་བྱས་པ་རྣམས་ཀྱང་བཀག་སྟེ་དེའི་ཕྱིར་རང་བཞིན་གྱིས་ཤི་བ་བཅུའི་ཤ་ནི་མ་བཀག་མོད་ཀྱི། འདིར་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་ཐབས་མེད་པར་རིལ་གྱིས་བཀག་སྟེ། དེ་ལྟར་བློ་གྲོས་ཆེན་པོ། ངས་ཤའི་ཟས་ནི་སུ་ལའང་མ་གནང་། མི་གནང་། གནང་བར་མི་འགྱུར་ཏེ། བློ་གྲོས་ཆེན་པོ་རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ། །བློ་གྲོས་ཆེན་པོ་གང་ཡང་ང་ལ་དེ་བཞིན་གཤེགས་པས་ཀྱང་གསོལ་ཏོ་ཞེས་སྐུར་པ་འདེབས་པར་སེམས་པ་དེ་ཡང་བློ་གྲོས་ཆེན་པོ་སྐྱེས་བུ་བླུན་པོ་རང་གི་ལས་ཀྱི་ཉེས་པའི་སྒྲིབ་པ་ལ་གནས་པ་དེ་དག་ལ་ཡུན་རིང་པོར་དོན་མེད་པ་དང་། གནོད་པ་དང་། མི་བདེ་བ་སྒྲུབ་པར་འགྱུར་རོ། །བློ་གྲོས་ཆེན་པོ་ངའི་འཕགས་པ་ཉན་ཐོས་རྣམས་ནི་ཁ་ཟས་ཐ་མལ་པའང་མི་ཟ་ན་ཤ་དང་ཁྲག་གི་ཟས་མི་རུང་བ་ལྟ་ཅི་སྨོས། བློ་གྲོས་ཆེན་པོ་ངའི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཀྱི་ཟས་ཟ་སྟེ། ཟང་ཟིང་གི་ཟས་ནི་མ་ཡིན་ན། དེ་བཞིན་གཤེགས་པ་རྣམས་ལྟ་ཅི་སྨོས། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུ། ཆོས་ཀྱི་ཟས་ཀྱིས་གནས་པ་ཡིན་ཏེ། ཟང་ཟིང་གི་སྐུ་མ་ཡིན། ཟང་ཟིང་གི་ཟས་ཐམས་ཅད་ཀྱིས་གནས་པ་མ་ཡིན་ཏེ། སྲིད་པ་དང་སྲིད་པའི་ཡོ་བྱད་ལ་སྲེད་པས་ཚོལ་བའི་བག་ཆགས་ཐམས་ཅད་སྤངས་ཤིང་ཉོན་མོངས་པའི་ཉེས་པའི་བག་ཆགས་ཐམས་ཅད་མེད་པ། སེམས་དང་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཐམས་ཅད་མཁྱེན་པ། ཐམས་


DKG049_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཟིགས་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་མཚུངས་པར་གཟིགས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པའོ། །དེ་ལྟར་བློ་གྲོས་ཆེན་པོ་ང་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་བཞིན་གྱི་འདུ་ཤེས་དང་ལྡན་པ་ཡིན་ན། ཇི་ལྟར་བདག་གི་བུའི་ཤ་བཟའ་བར་ཉན་ཐོས་རྣམས་ལ་གནང་བར་བྱ། རང་གིས་བཟའ་བ་ལྟ་ཅི་སྨོས་ཏེ། ངས་ཉན་ཐོས་རྣམས་ལ་གནང་བ་དང་། བདག་ཉིད་ཀྱིས་ཟོས་སོ་ཞེས་བྱ་བ་འདི་ནི་བློ་གྲོས་ཆེན་པོ་གནས་མེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཆེན་གྱིས། །ཆང་དང་ཤ་དང་སྒོག་བཙོང་དག །བཟའ་ཞིང་བཏུང་བར་མི་བགྱི་བ། །རྒྱལ་བ་ཁྱུ་མཆོག་བཤད་དུ་གསོལ། །དྲི་ང་འཕགས་པ་མིན་པས་བསྙེན། །མི་སྙན་པར་ཡང་བྱེད་པ་སྟེ། །ཤ་ནི་གཅན་གཟན་རྣམས་ཀྱི་ཟས། །བཟར་མི་རུང་བར་ཐུབ་ཆེན་གསུངས། །ཟོས་ན་ཉེས་པ་གང་ཡིན་དང་། །མ་ཟོས་པ་ཡི་ཡོན་ཏན་དག །ཤ་ཟ་དེ་ལ་གང་ཡོད་པ། །བློ་གྲོས་ཆེན་པོས་ཤེས་པར་གྱིས། །འཁྲུལ་བ་དང་ནི་གཉེན་བཤེས་དང་། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངང་འགྱུར་བས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ཤ་རྣམས་དང་ནི་སྒོག་བཙོང་དག །ཆང་དག་རྣམ་པ་སྣ་ཚོགས་དང་། །ཀེའུ་དང་སྒོག་སྐྱ་དེ་བཞིན་ཏེ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་སྤང་། །འབྲུ་མར་གྱིས་ཀྱང་བྱུག་པ་སྤང་། །ཁྲི་ལ་རྟེན་འཆའི་སེམས་ཅན་རྣམས། །བུ་ག་བུ་གར་འཇིག་འགྱུར་ཕྱིར། །ཁྲི་ལ་ཉལ་བར་མི་བྱའོ། །ཟས་ལས་དྲེགས་པ་སྐྱེ་བར་འགྱུར། །རྟོག་པ་དྲེགས་ལས་བྱུང་བ་སྟེ། །རྟོག་པས་འདོད་ཆགས་རབ་ཏུ་བསྐྱེད། །དེ་ཡི་ཕྱིར་ན་བཟར་མི་བྱ། །རྟོག་པ་ལས་ནི་འདོད་ཆགས་བསྐྱེད། །འདོད་ཆགས་ཀྱིས་ནི་སེམས་རྨོངས་བྱེད། །རྨོངས་པས་འདུ་བར་རབ་ཏུ་འགྱུར། །སྐྱེ་སྟེ་འགྲོལ་བར་མི་འགྱུར་རོ། །ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ལས་ཅན། །འོ་དོད་འབོད་ལ་སོགས་


DKG049_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཙོ། །གང་གིས་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པ་ཤ་ཟ་ན། །འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར། །ཤཱཀྱའི་བསྟན་ལས་བརྟུལ་ཞུགས་བླངས། །ཤིན་ཏུ་མི་བཟད་དམྱལ་བར་ཡང་། །སྡིག་གི་ལས་ཅན་དེ་དག་འདོང་། །མ་རུངས་འོ་དོད་འབོད་སོགས་སུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླངས་དང་། །མ་བསྐུལ་བ་ཡང་ཡོད་མེད་པས། །དེ་བས་ཤ་ནི་མི་བཟའོ། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ང་དང་སངས་རྒྱས་དག་གིས་བཤད། །སེམས་ཅན་གཅིག་ལ་གཅིག་ཟ་བ། །ཤ་ཟན་དག་གི་རིགས་སུ་སྐྱེ། །དྲི་མི་ཞིམ་ཞིང་སྨད་པ་དང་། །སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། །གདོལ་པ་སྨེ་ཤ་ཅན་རིགས་དང་། །བཙོ་བླག་མཁན་དུ་ཡང་ཡང་སྐྱེ། །ཕྲ་མེན་རིགས་ཀྱི་སྐྱེ་གནས་དང་། །ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། །མི་ཡི་ཐ་མ་དེ་དག་ནི། །སྲིན་དང་བྱི་ལའི་མངལ་དུ་སྐྱེ། །གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རྣམས་ཀྱིས་སྨད་པ་ལ། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཤ་ལ་སོགས་པ་སྤངས་པའི་ཕྱིར། །བྲམ་ཟེའི་རིགས་སམ་རྣལ་འབྱོར་ཅན། །ཤེས་རབ་ཅན་དང་ནོར་ལྡན་པར། །དེ་དག་རྣམས་ནི་སྐྱེ་བར་འགྱུར། །མཐོང་དང་ཐོས་དང་དོགས་པ་ཡིས། །ཤ་རྣམས་ཐམས་ཅད་རྣམ་པར་སྨད། །ཤ་ཟན་རིགས་སུ་སྐྱེས་པ་ཡི། །རྟོག་གེ་པ་རྣམས་མི་ཤེས་སོ། །ཇི་ལྟར་འདོད་ཆགས་ཐར་པ་ལས། །བར་ཆད་བྱེད་པར་འགྱུར་བ་བཞིན། །དེ་ལྟར་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་བའོ། །མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བའོ་ཞེས། །སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། །ཟས་ལ་སྨན་དང་འདྲ་བ་དང་། །བུ་ཡི་ཤ་དང་མཚུངས་པ་ཡང་། །རན་པ་དང་ནི་མི་འཕྲོད་པར། །རྣལ་འབྱོར་


DKG049_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་ཟས་ལ་སྤྱོད། །སེང་གེ་དག་དང་སྟག་རྣམས་དང་། །ཝ་ལ་སོགས་དང་འགྲོགས་བྱ་བ། །ངས་ནི་བྱམས་པས་གནས་པ་ལ། །རྟག་པར་རྣམ་པ་ཀུན་ཏུ་སྨད། །ཐར་པའི་ཆོས་དང་འགལ་བའི་ཕྱིར། །མི་རྣམས་དངང་བར་འགྱུར་བའི་ཤ། །དེ་ཕྱིར་བཟའ་བར་མི་བྱ་སྟེ། །འདི་ནི་འཕགས་པའི་རྒྱལ་མཚན་ནོ། །ལང་ཀར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ཀྱི་སྙིང་པོ་ལས་ཤ་མི་ཟ་བའི་ལེའུ་སྟེ་བདུན་པའོ།། །།


previousབདུན་པ། ཤ་མི་ཟ་བའི་ལེའུ། next