Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ལྔ་བཅུ་པ།


   
   
   
   
   
   
   
   
   
   
   
གཉིས་པ། དེད་དཔོན་གྱི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉིས་པ། དེད་དཔོན་གྱི་ལེའུ། next

གཉིས་པ། དེད་དཔོན་གྱི་ལེའུ།


DKG050_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་གཉིས་པ། དེའི་ཚེ་བདུད་ཀྱི་བུ་དེད་དཔོན་ཞེས་བྱ་བ། བཅོམ་ལྡན་འདས་ལ་དད་ཅིང་དང་བ་ཆེན་པོ་ཐོབ་པར་གྱུར་པ་དེས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་སྒྲ་ཐོས་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ་མི་དགའ་ཞིང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཆེན་པོ་དང་ལྡན་པར་གྱུར། སྐྱོ་ཞིང་ཡིད་བྱུང་ལ་སྤུ་ཟིང་ཞེས་བྱེད་པར་གྱུར་ནས་མྱུར་བ་མྱུར་བར་རིངས་པའི་ཚུལ་དུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བདུད་ཀྱི་བུ་དེད་དཔོན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གསོལ་བ་འཚལ་ན་སྨན་པར་བགྱི་བའི་སླད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ། བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་བཞུགས་སུ་གསོལ། བཅོམ་ལྡན་འདས་འཇིག་རྟེན་ཧ་ཅང་མྱུར་དུ་ལོང་བ་དང་། མིག་མ་མཆིས་པ་དང་། སྟོན་པ་མ་མཆིས་པ་དང་། འདྲེན་པ་མ་མཆིས་པ་དང་། དཔུང་གཉེན་མ་མཆིས་པ་དང་། སྐྱབས་མ་མཆིས་པ་དང་། རྟེན་མ་མཆིས་པར་མི་འགྱུར་བར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་ཀྱི་བུ་དེད་དཔོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེད་དཔོན་ཁྱོད་ཀྱི་ཕ་བདུད་སྡིག་ཅན་གྱིས་ང་ལ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདར་གསོལ། བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདར་གསོལ། བཅོམ་ལྡན་འདས་ཁྱོད་དེང་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་བོ་ཞེས་གསོལ་བ་བཏབ་ནས་ཁྱོད་ཀྱི་ཕ་བདུད་སྡིག་ཅན་ལ་ངས་མྱ་ངན་ལས་འདའོ་ཞེས་སྨྲས་ཏེ། དེད་དཔོན་བདུད་སྡིག་ཅན་ལ་ངས་ཡོངས་


DKG050_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མྱ་ངན་འདའ་བར་བྱ་བའི་སྐབས་ཕྱེའོ། །དེད་དཔོན་སྡིག་ཅན་དེ་ལ་ངས་ཁས་བླངས་པ་དེ་བྱ་བའི་དུས་ལ་ཡང་བབ་བོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བདུད་ཀྱི་བུ་དེད་དཔོན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདུད་སྡིག་ཅན་དེ་ནི་བདག་གི་ཕ་མ་ལགས་ཀྱི། བཅོམ་ལྡན་འདས་དེ་ནི་བདག་གི་དགྲ་ལགས། གཤེད་པོ་སླར་རྒོལ་བ་ལགས་ཤིང་། བཅོམ་ལྡན་འདས་བདག་དང་མི་མཛའ་བ་ལགས་ཏེ། གནོད་པར་འཚལ་བ་མི་སྨན་པར་འཚལ་བ་ལགས་སོ། །བཅོམ་ལྡན་འདས་སྡིག་ཅན་དེ་ནི་བདག་ལ་གྲུབ་པ་དང་བདེ་བ་མ་ལགས་པར་འཚལ་བ་ལགས་སོ། །བཅོམ་ལྡན་འདས་གང་ཤེས་རབ་ཀྱི་སྒྲོན་མ་འདི་ལྟ་བུ་དང་། ཤེས་རབ་ཀྱི་སྣང་བ་ཆེན་པོ་དང་། ཡེ་ཤེས་སྣང་བའི་སྒྲོན་མ་ཆེན་པོ་འདི་ལྟ་བུ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་བའི་སྡིག་ཅན་དེ་ནི། སྡིག་པའི་བསམ་པ་ཅན། སྡིག་པའི་སྦྱོར་བ་ཅན་ཏེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་སུན་འབྱིན་པའི་དགྲ་ལགས་སོ། །བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་ན་སེམས་ཅན་སྡིག་པ་ཆེན་པོ་འཇིག་རྟེན་དུ་བྱུང་ངོ་ཞེས་གང་ཡང་དག་པར་སྨྲ་བས་སྨྲ་བ་དེ་ནི། བཅོམ་ལྡན་འདས་བདུད་ལགས་སོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བར་བགྱིའོ། །བཅོམ་ལྡན་འདས་གང་བདག་ལ་མི་ཕན་པར་ཞུགས་པ་དང་། གཞན་ལ་མི་ཕན་པར་ཞུགས་པ་དང་། སྐྱེ་བོ་མང་པོ་ལ་མི་ཕན་པར་ཞུགས་པ་ཞེས་གང་ཡང་དག་པར་སྨྲ་བས་སྨྲ་བ་དེ་ནི། བཅོམ་ལྡན་འདས་བདུད་ལགས་སོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བར་བགྱིའོ། །ལྷ་དང་བཅས་བདུད་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལ་གནོད་པ་དང་མི་ཕན་པ་དང་སྡུག་བསྔལ་བ་དང་། གྲུབ་པ་དང་བདེ་བ་མ་ལགས་པ་དང་། ལོག་པར་ལྟུང་བའི་ཕྱིར་ཞུགས་པ་ཞེས་བགྱི་བ་ནི་བཅོམ་ལྡན་འདས་བདུད་ལགས་སོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བར་བགྱིའོ། །ཆོས་དང་ལྡན་པའི་དམ་བཅས་པ་དང་། ཆོས་དང་མི་ལྡན་པའི་དམ་བཅས་པ་བཅོམ་ལྡན་འདས་ལས་བདག་གིས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་


DKG050_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ། བཅོམ་ལྡན་འདས་གང་བདུད་སྡིག་ཅན་གྱིས་དམ་བཅས་པ་དེ་ནི་ཆོས་དང་མི་ལྡན་པའི་དམ་བཅས་པ་ལགས་སོ། །བཅོམ་ལྡན་འདས་ཁྱོད་ནི་དམ་བཅས་པ་འདི་ལ་བརྟེན་ཞིང་སྙིང་པོར་འདུ་ཤེས་པ་ལགས་ན། བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་སླད་དུ་བསྐལ་པར་བཞུགས་སུ་གསོལ། བཅོམ་ལྡན་འདས་ཡུན་རིང་དུ་བཞུགས་ན་དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་མི་རྣམས་ལ་བདེ་བར་འགྱུར་ཏེ། དེའི་སླད་དུ་བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་མྱུར་དུ་ཡོངས་སུ་མྱ་ངན་ལས་མི་འདར་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་ཀྱི་བུ་དེད་དཔོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེད་དཔོན་ལེགས་སོ་ལེགས་སོ། །དེད་དཔོན་ཁྱོད་སྐྱེ་བོ་མང་པོའི་དོན་འདོད་པ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བ་དང་གྲུབ་པ་དང་བདེ་བར་འདོད་པས་དེ་ལྟར་བྱའོ། །དེད་དཔོན་གང་དག་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལ་བསྙེན་བཀུར་བྱེད་ཅིང་ཕན་པ་དང་བདེ་བས་ཁྱབ་པར་བྱེད་པ་དང་། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ཡུལ་འཁོར་དང་གྲོང་རྡལ་དང་ལྗོངས་རྣམས་དང་། གཞོན་ནུ་རྣམས་དང་། བློན་པོ་རྣམས་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྙེན་བཀུར་དང་རིམ་གྲོ་བྱེད་པ་ལ་ཞུགས་པར་གྱུར་པ་དེ་དག་ནི་དེད་དཔོན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལས་ནོར་མང་པོ་དང་ལོངས་སྤྱོད་ཆེན་པོ་འཐོབ་ཅིང་རྒྱལ་པོ་རྒྱལ་རིགས་དེ་ལན་དུ་ཕན་ཆེན་པོ་འདོགས་ཏེ། བུ་དང་ཆུང་མར་བཅས། གྲོགས་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་སུ་བཅས་པ་ལ་ཕན་པས་ཁྱབ་པར་བྱེད་དོ། །དེད་དཔོན་དེ་བཞིན་དུ་གང་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པ་ལ་སེམས་དང་བའི་དགེ་བའི་རྩ་བ་འདི་ལྟ་བུ་འདི་འབུལ་ན། དེད་དཔོན་དེ་བཞིན་གཤེགས་པ་ལ་སེམས་དང་བས་བསྙེན་བཀུར་དང་རིམ་གྲོ་


DKG050_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར་ཁྱོད་ལ་དབུགས་དབྱུང་བ་སྦྱིན་ནོ། །ཁྱོད་ལ་དགེ་བའི་རྩ་བ་རྒྱ་ཆེན་པོའི་ལོངས་སྤྱོད་ཆེན་པོ་སྦྱིན་ནོ། །དེད་དཔོན་ཁྱོད་དེ་བཞིན་གཤེགས་པ་ལ་སེམས་དད་པའི་དགེ་བའི་རྩ་བ་སྐྱེད་ན་དབུགས་དབྱུང་ངོ་། །དེད་དཔོན་ཁྱོད་དགེ་བའི་རྩ་བ་འདི་དང་དད་པ་དང་། དང་བ་འདིས་ང་མྱ་ངན་ལས་འདས་ནས་མ་འོངས་པའི་དུས་ན་རང་སངས་རྒྱས་སྙིང་རྗེ་ཅན་ཞེས་བྱ་བར་འགྱུར་བའི་དུས་དེ་ལྟ་བུ་དང་། ཚེ་དེ་ལྟ་བུ་ཡོད་ཀྱིས་ཤེས་པར་གྱིས་ཤིག། དེད་དཔོན་ང་འདས་ནས་དམ་པའི་ཆོས་ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པ་ན་བདུད་སྡིག་ཅན་རབ་ཏུ་མགུ་བར་འགྱུར་བ་དང་དགའ་བ་དང་རངས་པར་འགྱུར་བའི་དུས་དེ་ལྟ་བུ་དང་ཚེ་དེ་ལྟ་བུ་ཡོད་པར་འགྱུར་རོ། །དེ་ཤིན་ཏུ་དགའ་ཞིང་མགུ་བ་ལས་བདུད་ཀྱི་གནས་ནས་འཆི་འཕོ་བར་འགྱུར་རོ། །དེ་བདུད་ཀྱི་གནས་ནས་ཤི་འཕོས་མ་ཐག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལུས་འཐོབ་པར་འགྱུར་ཏེ། དེར་ཡང་དེ་མནར་མེད་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེད་དཔོན་འདི་ལྟར་དེ་ནི་ཤེས་རབ་ཀྱི་སྒྲོན་མ་ཆེན་པོ་ཤེས་རབ་ཀྱི་སྣང་བ་ཆེན་པོ་འདི་ལྟ་བུ་མེད་པར་འགྱུར་བ་ལ་དགའ་བའི་ཕྱིར་རོ། །དེད་དཔོན་གང་བདག་གསོད་པ་དང་། བདག་ལ་གནོད་པ་དང་། བདག་མི་སྒྲུབ་པར་ཞུགས་པ་ཞེས་ཡང་དག་པར་སྨྲ་བས་སྨྲ་བ་དེ་ནི་བདུད་ཡིན་ནོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བར་བྱའོ། །དེད་དཔོན་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བདུད་སྡིག་ཅན་བདུད་ཀྱི་གནས་ན་འདུག་གོ །དེད་དཔོན་ངའི་དམ་པའི་ཆོས་ནུབ་མ་ཐག་ཏུ་དེ་ནས་བདུད་སྡིག་ཅན་རངས་པ་ཆེན་པོ་སྐྱེ་བར་འགྱུར་ཞིང་། ཚིམ་པ་ཆེན་པོ་དང་དགའ་བ་ཆེན་པོ་དང་། མཆོག་ཏུ་དགའ་བ་ཆེན་པོ་དང་། མགུ་བ་ཆེན་པོ་དང་། ཡིད་བདེ་བ་ཆེན་པོ་སྐྱེ་བར་འགྱུར་ཏེ། དེ་སྐད་ཅིག་དེ་ཉིད་དང་། ཐང་ཅིག་དེ་ཉིད་དང་། ཡུད་ཙམ་དེ་ཉིད་ལ་བདུད་ཀྱི་གནས་ནས་ཤི་འཕོས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་མཚམས་མེད་པར་ལྟུང་བར་འགྱུར་རོ། །དེད་དཔོན་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་ཤིང་སཱ་ལ་ལྗོན་པ་མེ་ཏོག་


DKG050_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲས་བུ་མང་པོ་དང་ལྡན་པ་ཆེན་པོ་ལ་འཛེགས་ནས། དེས་ཤིང་སཱ་ལ་ལྗོན་པ་དེ་ལས་མེ་ཏོག་དང་འབྲས་བུ་ཡིད་དུ་འོང་བ་ཡིད་དུ་འོང་བ་དག་སྤྱད་དེ། ཡལ་ག་གང་ལ་གནས་པའི་ཡལ་ག་དེ་ཉིད་བཅག་ན། དེད་དཔོན་དེ་ཇི་སྙམ་དུ་སེམས། མི་དེ་ཡལ་ག་ཆག་པ་དེ་ལ་གནས་སུ་རུང་ངམ། གང་ཡལ་ག་གང་ལ་འཛེགས་ཏེ་བདེ་བར་འདུག་པའི་ཡལ་ག་དེ་ཉིད་གཅོག་པའི་མི་དེ་ཡང་ཅི་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་མ་ལགས་སོ། །བདེ་བར་གཤེགས་པ་མ་ལགས་སོ། །བཀའ་སྩལ་པ། དེད་དཔོན་བདུད་སྡིག་ཅན་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ཅིང་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ནུབ་པར་དགའ་བ་ཡང་དེ་ལྟར་སྣང་བར་ངས་བསམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངའི་དམ་པའི་ཆོས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དེ་བདུད་ཀྱི་གནས་ན་འདུག་གོ །ངའི་ཆོས་ནུབ་པར་གྱུར་ན། བདུད་སྡིག་ཅན་དེ་དགའ་བ་སྐྱེད་དེ་མགུ་རངས་ཤིང་ཡིད་བདེ་བ་སྐྱེད་དེ། དེ་དེ་མ་ཐག་ཏུ་བདུད་ཀྱི་གནས་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་རབ་ཏུ་ལྟུང་བར་འགྱུར་ཏེ། དེད་དཔོན་འདི་ལྟ་སྟེ་དཔེར་ན། མི་དེ་ཤིང་སཱ་ལ་ལྗོན་པ་དེ་ལ་བདག་ལ་གནོད་པ་དང་གཞན་ལ་གནོད་པར་བྱེད་པ་ལྟར་བདུད་སྡིག་ཅན་ཡང་དེ་ལྟ་བུ་ཡིན་པར་མཐོང་ངོ་། །དེད་དཔོན་བདུད་སྡིག་ཅན་ནི་བདག་ལ་གནོད་པའི་ཕྱིར་ཞུགས་པ་ཡིན་ནོ། །དེད་དཔོན་བདུད་སྡིག་ཅན་ནི་གཞན་ལ་གནོད་པའི་ཕྱིར་ཞུགས་པ་སྟེ། དེད་དཔོན་བདུད་སྡིག་ཅན་དེ་དེའི་ཚེ་དེའི་དུས་ན་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་ནས། སྡུག་བསྔལ་གྱི་ཚོར་བ་མི་བཟད་པ་ཚ་བ་སྲོག་འཕྲོག་པ་མྱོང་ནས་འཆི་སྟེ་འཆི་ཀར་ཚོར་བ་མྱོང་ནས་ང་རྗེས་སུ་དྲན་པར་འགྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེན་པ་གསུང་བ། གཞན་དུ་མི་གསུང་བ། ལོག་པར་མི་གསུང་བ་དེས་ལུས་བསྡམས་པ་ལེགས།


DKG050_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ངག་བསྡམས་པ་ལེགས། ཡིད་བསྡམས་པ་ལེགས་ཏེ། ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ནི་སྡུག་པ་དང་འདོད་པ་དང་དགའ་བ་དང་ཡིད་དུ་འོང་བ་མངོན་པར་འགྲུབ་བོ། །ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་ནི་མི་སྡུག་པ་དང་མི་འདོད་པ་དང་མི་དགའ་བ་དང་ཡིད་དུ་མི་འོང་བ་མངོན་པར་འགྲུབ་བོ་ཞེས་གསུངས་པ་དེ་ལེགས་པར་གསུངས་པའོ། །བདག་ནི་སྔོན་ལུས་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པར་གྱུར། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པར་གྱུར་ཏེ། བདག་ལས་དེའི་རྣམ་པར་སྨིན་པས་ད་ལྟར་སེམས་ཅན་དམྱལ་བ་ཆེན་པོ་འདིར་སྐྱེས་ནས་འདི་ལྟ་བུའི་སྡུག་བསྔལ་མི་བཟད་པ་དྲག་པ་ཚ་བ་ཡིད་ཏུ་མི་འོང་བ་འཆི་བའི་མཐར་འགྱུར་བ་སྲོག་འཕྲོག་པའི་ཚོར་བ་མྱོང་བར་གྱུར་ཏོ་སྙམ་མོ། །དེ་དེའི་ཚེ་ངས་ལེགས་པར་སྨྲས་པ་ཐོས་ནས་སེམས་དང་བར་འགྱུར་ཏེ། དེ་སེམས་དང་བར་གྱུར་ནས་སེམས་ཅན་དམྱལ་བ་ཆེན་པོ་ནས་ཤི་འཕོས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེད་དཔོན་དེ་ནི་འདི་ལྟ་བུ་ཡིན་ཏེ། གང་དག་དེ་བཞིན་གཤེགས་པ་ལ་ཉེས་པའི་བར་དུ་གཅོད་པས་ཀུན་ཏུ་སྤྱོད་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་ཉེས་པའི་བར་དུ་གཅོད་པས་ཀུན་ཏུ་སྤྱད་པས་ལུས་ཞིག་ནས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ། །དེད་དཔོན་གང་དག་དེ་བཞིན་གཤེགས་པ་ལ་བྱམས་པས་ཀུན་ཏུ་སྤྱོད་ཀྱི་ཉེས་པར་མ་ཡིན་པ་དེ་དག་ནི་ལུས་ཞིག་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷའི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉམས་སུ་བླངས་ནས་དེ་ཉིད་དུ་དགེ་བའི་རྩ་བ་བསྐྱེད་དེ་རིམ་གྱིས་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའོ། །དེ་བས་ན་དེད་དཔོན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སེམས་དང་བར་བྱས་པས་


DKG050_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དེད་དཔོན་ཁྱོད་དགེ་བའི་རྩ་བ་དེ་དང་རྒྱུ་དེ་དང་རྐྱེན་དེས་གང་གི་ཚེ་བྱམས་པ་འཇིག་རྟེན་དུ་འབྱུང་བ་དེའི་ཚེ་དེད་དཔོན་ཁྱོད་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབ་དེ་ལ་རབ་ཏུ་འབྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་སེམས་ཅན་གཉིད་ཀྱིས་ལོག་པ་དང་། མྱོས་པ་དང་རབ་ཏུ་མྱོས་པ་རྣམས་ལ་ཀྱེ་སེམས་ཅན་ཁྱེད་ལོངས་ལ་སྦྱོར་བར་གྱིས། འབད་པར་གྱིས། རྩོལ་བར་གྱིས་ཤིག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་རྙེད་པར་དཀའ་སྟེ། འདི་ལྟ་སྟེ་དཔེར་ན། ཤིང་ཨུ་དུམ་བཱ་རའི་མེ་ཏོག་བརྒྱ་ལ་བརྒྱ་ལམ་ན་འབྱུང་བར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གནས་མེད་པ་ཞི་བར་འགྱུར་བ། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི་ཆོས་སྟོན་པ་ཡང་བརྒྱ་ལ་བརྒྱ་ལམ་ནའོ། །མིའི་ལུས་འཐོབ་ཅིང་འཕགས་པའི་གནས་ན་ཚུལ་བཞིན་དུ་གནས་པ་ཡང་བརྒྱ་ལ་བརྒྱ་ལམ་ན་སྣང་ངོ་། །མི་ཁོམ་པ་བརྒྱད་སྤངས་ནས་དེ་ལྟ་བུའི་དལ་བ་ཕུན་སུམ་ཚོགས་པ་རྙེད་པ་ཡང་བརྒྱ་ལ་བརྒྱ་ལམ་ན་སྟེ། བག་ཡོད་པས་ལེགས་པར་བརྩོན་པར་གྱིས་ཤིག །ཕྱིས་འགྱོད་པར་མ་གྱུར་ཅིག་ཅེས་སྐུལ་བར་འགྱུར་རོ། །དེད་དཔོན་ཁྱོད་དེ་ལྟར་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབ་དང་། དེ་བཞིན་གཤེགས་པ་བྱམས་པ་ཆོས་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་དེའི་གསུང་གི་ཚིག་རྗེས་སུ་འཛིན་ཅིང་རྗེས་སུ་སྐྱོང་བར་འགྱུར་རོ། །བྱམས་པའི་སེམས་ཁོན་མེད་པ་དང་འགྲན་ཟླ་མེད་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་ཕན་པ་དང་བདེ་བས་ཁྱབ་པར་བྱེད་པར་འགྱུར་རོ། །དེད་དཔོན་ཁྱོད་དགེ་བའི་རྩ་བ་དེས་བདུད་སྡིག་ཅན་འདས་པའི་འོག་ཏུ་བདུད་ཀྱི་གནས་ན་དབང་ཕྱུག་ཆེན་པོའི་བདག་པོ་བདུད་བྱེད་པར་འགྱུར་རོ། །དེད་དཔོན་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ལ་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་གྱི་དགེ་བའི་རྩ་བ་སྐྱེད་པར་འགྱུར་བ་དེ་དག་ཐམས་ཅད་ནི་དེད་དཔོན་དགེ་བའི་རྩ་བ་དེས་མི་འཆི་བར་ཉེ་བར་འགྲོ་མི་


DKG050_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་ལ་གཞོལ་མི་འཆི་བའི་མཐར་འགྱུར་རོ། །དེད་དཔོན་ཁྱོད་ནི་དགེ་བའི་རྩ་བ་དེས་ལྷ་དང་མིའི་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་མྱོང་ནས། བསྐལ་པ་བརྒྱད་ཅུའི་སྲིད་པ་ཐ་མ་ལ་ལུས་ཐ་མ་འཐོབ་པ་ན། རང་སངས་རྒྱས་སྙིང་རྗེ་ཅན་ཞེས་བྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེད་དཔོན་ཁྱོད་ཀྱིས་ང་ཡོངས་སུ་མྱ་ངན་ལས་འདས་པའི་སྒྲ་ཐོས་ནས་ང་ལ་སེམས་དང་བ་ཆེན་པོ་བསྐྱེད་དེ། སེམས་ཅན་རྣམས་ལ་ཡང་སྙིང་རྗེའི་སེམས་བསྐྱེད་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ང་ལ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་ཞེས་གསོལ་བ་འདེབས་པ་དང་། དེ་བཞིན་གཤེགས་པ་བྱམས་པའི་བསྟན་པ་ལ་ཡང་སེམས་ཅན་དེ་དག་ལ་སྙིང་རྗེ་བསྐྱེད་ནས་གཉིད་ཀྱིས་ལོག་པ་དང་མྱོས་པ་དང་རབ་ཏུ་མྱོས་པའི་སྐྱེ་བོ་རྣམས་ལ་སྒོ་ཞིང་སྐུལ་མ་འདེབས། དགེ་བའི་ཆོས་ཚད་མེད་པ་ལ་ཡང་སྐུལ་བར་འགྱུར་ཏེ། དེད་དཔོན་ཁྱོད་རང་སངས་རྒྱས་སུ་འགྱུར་བའི་རྒྱུ་འདི་ཡིན་རྐྱེན་འདི་ཡིན་ནོ། །དེད་དཔོན་དགེ་བའི་རྩ་བའི་ལོངས་སྤྱོད་ཆེན་པོ་འདི་ལྟ་བུ་སྦྱིན་གྱིས་དེད་དཔོན་དགའ་ཞིང་མགུ་བ་དང་རངས་ཤིང་ཡིད་དགའ་བར་གྱིས་ཤིག །དེད་དཔོན་ཁྱོད་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པ་དང་། དེ་བཞིན་གཤེགས་པ་ལ་སེམས་དང་བའི་ཕྱིར་དེ་བཞིན་གཤེགས་པས་ཆོས་ཀྱི་དགའ་བ་དང་ཆོས་ཀྱི་ལོངས་སྤྱོད་འདི་བྱིན་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བདུད་ཀྱི་བུ་དེད་དཔོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དེ་སྐད་དུ་གསོལ་ཀྱང་དེ་སྟེ་བཞུགས་སུ་མི་གནང་ན། བཅོམ་ལྡན་འདས་བདག་དེང་སླན་ཅད་འདི་ལྟར་ཡི་དམ་འཆའ་ཞིང་སྨོན་ལམ་འདེབས་ཏེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བཅོམ་ལྡན་འདས་བདག་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་རྣམས་ལ་སྙེན་པར་མི་བགྱིད་དོ། །འདོད་པའི་ཡོན་ཏན་ལྔ་ལ་ཡང་ཆགས་པ་དང་རྩེ་བ་དང་ཡོངས་སུ་སྤྱོད་པར་མི་བགྱིད་དོ། །གོས་གཞན་ཡང་མི་འཚལ། མེ་ཏོག་དང་སྤོས་དང་ཕྲེང་བ་དང་བྱུག་པ་ཡང་མི་སྙེན་ནོ། །


DKG050_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཇི་སྲིད་དུ་ནུབ་པར་མ་གྱུར་གྱི་བར་དུ་དེ་ལས་གཞན་པའི་ལྷའི་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་དག་ཀྱང་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བདག་སང་ནང་པར་འདི་ལྟ་བུའི་སྐྱེས་བུ་རིན་པོ་ཆེ་དང་འབྲལ་བར་འགྱུར་ཞིང་ལྷན་ཅིག་མི་གནས་པ་དང་། དབྱེ་བ་དང་འགྱེས་པ་དང་ཤིན་ཏུ་མི་སྣང་བར་འགྱུར་ན། བཅོམ་ལྡན་འདས་བདག་དགའ་བ་དང་རྩེ་བས་ཅི་ཞིག་བགྱི། བདེ་བས་ཅི་ཞིག་བགྱི། ཡིད་བདེ་བས་ཅི་ཞིག་བགྱི། ཤེས་རབ་ཀྱི་སྒྲོན་མ་ཆེན་པོ་འདི་ལྟ་བུ་དང་ཤེས་རབ་ཀྱི་མར་མེ་ཆེན་པོ་འདི་ལྟ་བུ་དང་། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་ནས་བཅོམ་ལྡན་འདས་བདག་མགུ་བའམ། ཡིད་བདེ་བའམ་དགའ་བའམ་རངས་པའམ་རབ་ཏུ་དགའ་བ་མྱོང་བར་ག་ལ་འགྱུར། ཡེ་ཤེས་ཆེན་པོའི་ཉི་མ་འོད་ཟེར་བརྒྱ་སྟོང་དུ་མས་བསྐོར་བ། མ་རིག་པའི་མུན་པ་སེལ་བ་འདི་ལྟ་བུ་དང་། འོད་སྣང་བར་མཛད་པ་འདི་ལྟ་བུ་ནུབ་པར་གྱུར་ན། བཅོམ་ལྡན་འདས་བདག་དགའ་བའམ་བདེ་བ་ག་ལས་མཆི། བདག་སེམས་ཅན་རིན་པོ་ཆེ་འདི་ལྟ་བུ་དང་བྲལ་ན་དགའ་བ་དང་རྩེ་བ་ག་ལས་མཆི། སེམས་ཅན་སྣང་བ། སེམས་ཅན་རྟོགས་པ། སེམས་ཅན་མ་སྨད་པ། སེམས་ཅན་ཁ་ན་མ་ཐོ་བ་མེད་པ། སེམས་ཅན་མ་རྨོངས་པ། སེམས་ཅན་མཆོག །སེམས་ཅན་བླ་ན་མེད་པ། སེམས་ཅན་གོང་ན་མེད་པ། སེམས་ཅན་མཚུངས་པ་མེད་པ། སེམས་ཅན་མཉམ་པ་མེད་པ། སེམས་ཅན་མི་མཉམ་པ་དང་མཉམ་པ། སེམས་ཅན་ཐམས་ཅད་ཐར་བར་མཛད་པའི་སེམས་ཅན། སེམས་ཅན་རབ། སེམས་ཅན་མཆོད་པ། སེམས་ཅན་ཁ་ལོ་སྒྱུར་བ། སེམས་ཅན་འདུལ་བ། སེམས་ཅན་ཕན་པར་དགྱེས་པ། ཡང་དག་པར་གསུང་བ། དུས་སུ་གསུང་བ། ཚིགས་སུ་གསུང་བ། ཕྱིན་ཅི་མ་ལོག་པ་གསུང་བ། ཇི་སྐད་གསུང་བ་དེ་བཞིན་མཛད་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ། བྱམས་པ་ཆེན་པོ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མི་མངའ་བ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་རབ་ཏུ་མ་སྤྲོས་


DKG050_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ། ང་རྒྱལ་མི་མངའ་བ། ལེན་པ་མི་མངའ་བ། གཞི་མི་མངའ་བ། གནས་མི་མངའ་བ། མི་སྐྱོ་བ་དྲི་མ་མི་མངའ་བ། སྐྱོབ་པ་འདྲེན་པ་རྣམ་པར་འདྲེན་པ། ཡོངས་སུ་འདྲེན་པ། ཡོངས་སུ་ཐར་བར་མཛད་པ། ཡོངས་སུ་སྐྱོང་བ། དྲན་པར་མཛད་པ། རྟོགས་པར་མཛད་པ། སྐུལ་མ་འདེབས་པ། མྱ་ངན་སྤང་བ། ཟུག་རྔུ་འབྱིན་པ། སྨན་པའི་རྒྱལ་པོ་སེམས་ཀྱི་གསོ་བ་མཛད་པ། སྨན་ཆེན་པོ་སྦྱིན་པ། ཤིན་ཏུ་སྡུག་བསྔལ་བ་ལས་ཡོངས་སུ་ཐར་བར་མཛད་པ། སྟོན་པ་པོ། དེད་དཔོན་ཁྲིད་པ། འབབ་སྟེགས་མཛད་པ། གདོས་པ་འཛིན་པ། སྒྲོན་མ་འཛིན་པ། སྣང་བ་མཛད་པ། འོད་མཛད་པ། གསལ་བར་མཛད་པ། མིག་སྦྱིན་པ། ལམ་སྟོན་པ། ཡུལ་བདེ་བར་ཕྱིན་པར་མཛད་པ། དྲི་མ་དང་ཐ་བ་དང་མདུད་པ་ཐམས་ཅད་སྤངས་པ། སྲེད་པ་མི་མངའ་བ། བག་ལ་ཉལ་མི་མངའ་བ། མདུད་པ་དང་ཀུན་དུ་སྦྱོར་བ། ཐམས་ཅད་རབ་ཏུ་བཤིག་པ། འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། ཉོན་མོངས་པ་དང་བྲལ་བ། ཀུན་ཏུ་སྦྱོར་བ་དང་བྲལ་བ། ང་རྒྱལ་དང་དྲེགས་པ་དང་རྩོད་པ་དང་བྲལ་བ། དེ་ལྟ་བུའི་སྐྱེས་བུ་ཆེན་པོ། སྐྱེས་བུ་དམ་པ། སྐྱེས་བུ་མཆོག །སྐྱེས་བུ་དཔའ་བོ། སྐྱེས་བུ་རྟུལ་ཕོད་པ། སྐྱེས་བུ་པད་མ། སྐྱེས་བུ་པད་མ་དཀར་པོ། སྐྱེས་བུ་གླང་པོ། སྐྱེས་བུ་སེང་གེ། སྐྱེས་བུ་གཙོ་བོ། སྐྱེས་བུ་བརྟན་པ། སྐྱེས་བུ་མཆོག །སྐྱེས་བུ་ཅང་ཤེས་པ། བླ་ན་མེད་པ། ཡིད་ཡོངས་སུ་མི་སྐྱོ་བ། བསམ་གཏན་ཆེན་པོ་ལ་བསམ་གཏན་པ། བསམ་གཏན་ཐམས་ཅད་ལ་བསམ་གཏན་པ། བསམ་གཏན་དང་སྙོམས་པར་འཇུག་པ་ཐམས་ཅད་སྤྱོད་ཡུལ་བ། ཤེས་རབ་ཆགས་པ་མེད་པ། ཤེས་རབ་སྒྲིབ་པ་མེད་པ། ཤེས་རབ་ཀྱི་སྤྱོད་ཡུལ་མཉམ་པ་མེད་པ། རྒྱལ་མཚན་བསྙལ་བ། འདམ་ལས་རྒལ་བ། ཐང་ལ་གནས་པ། ཕ་རོལ་ཏུ་ཕྱིན་པ། མི་འཇིགས་པའི་གནས་སུ་ཕྱིན་པ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ། འཇིག་རྟེན་ཐམས་ཅད་དབུགས་འབྱིན་པ་འདིར་དོ་མོད་ཀྱི་ཐུན་ཐ་མ་ལ་འབྲལ་ཞིང་འབྱེ་བར་འགྱུར་ཏེ། བདག་གིས་


DKG050_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་སེང་གེའི་སྒྲ་སྒྲོགས་པ་ཕྱིན་ཅད་མི་མཐོང་ཞིང་དེ་བཞིན་གཤེགས་པའི་སེང་གེའི་སྒྲ་ཐོས་པར་མི་འགྱུར་ན། བཅོམ་ལྡན་འདས་བདག་དགའ་བའམ་ཡིད་བདེ་བ་ག་ལས་མཆི། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་འཆི་བའི་དུས་བགྱིས་པ་ན་སེམས་ཅན་བྱས་པ་གཟོ་ཞིང་བྱས་པ་རིག་པ། བྱས་པ་རྗེས་སུ་སྐྱོང་བ། སྡུག་བསྔལ་གྱིས་གདུངས་པ་ཁ་ཅིག་མཆིས་པ་དེ་དག་དེ་ན་དགུང་གཅིག་གམ། གཉིས་སམ། གསུམ་མམ། བཞིའམ། ལྔའམ། དྲུག་གམ། བདུན་ནམ། ཟླ་བ་ཕྱེད་དམ་ཟླ་བ་གཅིག་ཏུ་མྱ་ངན་བགྱིད་དེ་མཆི་མ་འབྱུང་ཞིང་གནས་པ་དེ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ན་དམ་པའི་ཆོས་འདི་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བདག་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་མི་སྙེན་ཏོ། །འདོད་པའི་ཡོན་ཏན་ལྔ་ལ་ཡང་ཆགས་པར་མི་བགྱིད་མི་རྩེ་ཡོངས་སུ་མི་སྤྱོད་དོ། །གོས་གཞན་ཡང་མི་འཚལ་ཞིང་མེ་ཏོག་དང་ཕྲེང་བ་དང་སྤོས་དང་བྱུག་པ་ཡང་མི་སྙེན་ཡོངས་སུ་མི་སྤྱོད་དོ། །བཅོམ་ལྡན་འདས་དམ་པའི་ཆོས་ནུབ་པར་མ་གྱུར་གྱི་བར་དུ་དེ་ལས་གཞན་པའི་ལོངས་སྤྱོད་རྣམས་ཀྱང་མི་སྙེན་ཏོ། །དེད་དཔོན་གྱི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།


previousགཉིས་པ། དེད་དཔོན་གྱི་ལེའུ། next