Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ལྔ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅུ་གསུམ་པ། བསྟན་པའི་ལེའུ།
   
   
   
   
   
   


 
previousབཅུ་གསུམ་པ། བསྟན་པའི་ལེའུ། next

བཅུ་གསུམ་པ། བསྟན་པའི་ལེའུ།


DKG050_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་བདག་གིས་ཇི་ལྟར་བསྒྲུབས་ན་དམ་པའི་ཆོས་ཀྱི་ཚུལ་འདི་ཡུན་རིང་དུ་གནས་པ་དང་། ལྷ་དང་མི་རྣམས་ལ་ཡངས་ཤིང་རྒྱ་ཆེ་བར་འགྱུར། བཅོམ་ལྡན་འདས་ཆོས་ཀྱི་ཚུལ་འདི་བདག་གིས་ཇི་ལྟར་ཡང་དག་པར་བསྡུ་བར་བགྱི། ཇི་ལྟར་རབ་ཏུ་བསྟན་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་གནས་བརྟན་དག་འདུས་ནས་ཆོས་དང་འདུལ་བ་ཡང་དག་པར་སྡུད་པར་བྱེད་དེ། དེ་ལ་ཀུན་དགའ་བོ་གནས་བརྟན་འོད་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་གནས་བརྟན་དག་ཁྱོད་ལ་འདི་སྐད་འདྲིའོ། །ཀུན་དགའ་བོ་དེ་བཞིན་གཤེགས་པས་བསྟན་པ་ཆེན་པོ་དག་གང་དུ་གསུངས། གླེང་གཞི་ཆེན་པོའི་རྣམ་གྲངས་དག་གང་དུ། མཉམ་པར་བཞག་པ་ཆེན་པོ་གང་དུ། ལྔ་པ་དང་གསུམ་པ་གང་དུ། ལྷས་ཞུས་པ་དག་གང་དུ། བརྒྱ་བྱིན་གྱིས་ཞུས་པ་དག་གང་དུ། ལྷ་ཡུལ་ནས་བབས་པ་གང་དུ། ཚངས་པའི་དྲི་བ་གང་དུ་གསུངས་ཞེས། ཀུན་དགའ་བོ་དགེ་སློང་དེ་དག་རྣམ་གྲངས་དེ་དག་གིས་ཁྱོད་ལ་དེ་སྐད་འདྲི་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པས་མདོའི་སྡེ་དག་གང་དུ་གསུངས། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་།


DKG050_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་དབབ་པར་བསྟན་པའི་སྡེ་དག་གང་དུ་གསུངས། ཀུན་དགའ་བོ་དེ་བཞིན་གཤེགས་པས་ཉན་ཐོས་ཀྱི་སྡེ་སྣོད་གང་དུ་གསུངས། རང་སངས་རྒྱས་ཀྱི་སྡེ་སྣོད་གང་དུ་གསུངས། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གང་དུ་གསུངས་ཞེས། ཀུན་དགའ་བོ་དེ་ན་དགེ་སློང་དེ་དག་གིས་ཁྱོད་ལ་དེ་སྐད་དྲིས་པ་དང་འདི་སྐད་ལུང་སྟོན་ཅིག །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དང་པོ་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུལ་མ་ག་དྷཱ་ན་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་ག་ཡཱ་ལ་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷཱ་ན་ར་རྫིའི་ཤིང་ནྱགྲོ་དྷའི་དྲུང་ན་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་བཱ་རཱ་ཎ་སཱི་ན་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་དང་ལུས་འཕགས་རི་ཡངས་པའི་སྟེང་ན་དབང་པོའི་བྲག་ཕུག་ན་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དྲང་སྲོང་གི་རིའི་ངོས་སྲིན་བུའི་བྲག་ལ་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་ན་ཤིང་ཨ་མྲས་སྐྱོངས་མའི་ཚལ་དང་། སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་བཞུགས། དེ་བཞིན་དུ་ཡུལ་ཙམ་པ་ན་གརྒས་བརྐོས་པའི་རྫིང་གི་འགྲམ་ན་བཞུགས། དེ་བཞིན་དུ་ག་ཡཱ་ན་ག་ཡཱ་མགོའི་རི་ལ་བཞུགས། དེ་བཞིན་དུ་ཡུལ་ཀོའུ་ཤཱམ་བཱི་ན།སྒྲས་མངོན་གྱི་ཀུན་དགའ་ར་བ་ན་བཞུགས། ཡུལ་གནས་བཅས་ན་ནག་པོའི་ཀུན་དགའ་ར་བ་ན་བཞུགས། སྐྱ་སྣར་གྱི་བུ་ན་བུ་མང་པོ་པའི་མཆོད་རྟེན་གྱི་དྲུང་ན་བཞུགས། ཡུལ་བཅོམ་བརླག་ན་བྱ་གག་གི་ཀུན་དགའ་ར་བ་ན་བཞུགས། འདི་


DKG050_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་རྣམས་ཉེ་བར་གནས་པ་ཤིང་སཱ་ལའི་ཚལ་ན་བཞུགས་སོ་ཞེས་ཀུན་དགའ་བོ་རྣམ་གྲངས་དེ་དག་གིས་གང་དང་གང་དུ་དེ་བཞིན་གཤེགས་པས་ཆོས་བཤད་པ་དང་། འཁོར་གང་དང་གང་དང་། དུས་ཚིགས་གང་དང་གང་དུ་དང་། དོན་གང་ལ་བརྟེན་པ་དང་། གང་ཟག་གང་ལས་བརྩམས་པ་དང་། ཡེ་ཤེས་གང་དང་གང་བསྟན་པའི་ཕྱིར་རྣམ་གྲངས་གང་དང་གང་གིས་གསུངས་པ་དང་། དོན་དང་ཚིག་དང་ཡི་གེ་གང་དང་གང་དག་གིས་རྣམ་གྲངས་གང་དང་གང་གསུངས་པ་དེ་ལ་ཁྱོད་ཀྱིས་གླེང་གཞི་དང་བཅས་པ་དང་། རྒྱུ་དང་བཅས་པ་དང་། རྐྱེན་དང་བཅས་པ་དང་། དོན་བཟང་པོ་དང་། ཚིག་འབྲུ་བཟང་པོར་རྒྱས་པར་སྟོན་ཅིག །མདོ་སྡེའི་མཇུག་ཏུ་ཡང་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྲིས་ཤིག །ཀུན་དགའ་བོ་ཆོས་ཀྱི་ཚུལ་འདི་དེ་ལྟར་ཡང་དག་པར་བསྡུ་བར་བྱའོ། །དེ་ལྟར་རྣམ་པར་དབྱེ་བར་བྱའོ། །དེ་ལྟར་རབ་ཏུ་བསྟན་པར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཞེས་བྱ་བའི་ཚིག་དེ་སྐད་ཅེས་གསུངས་མ་ཐག་ཏུ། དེ་ནས་དེའི་ཚེ་འཇིགས་ཤིང་སྤུ་ཟིང་ཞེས་བྱེད་པ་དང་བཅས་པའི་ས་གཡོས་པ་ཆེན་པོ་འཇིག་རྟེན་དུ་བྱུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་དེའི་ཚེ་རྣམ་པ་དྲུག་ཏུ་གཡོ། རབ་ཏུ་གཡོ། ཀུན་ཏུ་རབ་ཏུ་གཡོ། ལྡེག་རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག །འགུལ་རབ་ཏུ་འགུལ།ཀུན་ཏུ་རབ་ཏུ་འགུལ། འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། མཐའ་དམའ་ན་དབུས་མཐོ། དབུས་དམའ་ན་མཐའ་མཐོ་བར་གྱུར་ཏོ། །དེའི་ཚེ་ལྷ་དང་། ཀླུ་དང་།


DKG050_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་མི་དང་། མི་མ་ཡིན་པ་དཔག་ཏུ་མེད་པ་དག་རབ་ཏུ་ངུ་སྟེ་མཆི་མ་བྱུང་ཞིང་ཚིག་འདི་སྐད་དུ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ཧ་ཅང་མྱུར་ཆེས་སོ། །བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ཧ་ཅང་མྱུར་ཆེས་སོ། །འཇིག་རྟེན་གྱི་མིག་མི་སྣང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །འཇིག་རྟེན་གྱི་མིག་མ་མཆིས་ཤིང་ལོང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ་ཞེས་ཟེར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་རབ་ཏུ་ངུ་ཞིང་མཆི་མ་བྱུང་ནས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ཧ་ཅང་མྱུར་ཆེས་སོ། །བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ཧ་ཅང་མྱུར་ཆེས་སོ། །འཇིག་རྟེན་གྱི་མིག་མི་སྣང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །འཇིག་རྟེན་གྱི་མིག་མ་མཆིས་ཤིང་ལོང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །འཇིག་རྟེན་ཡོངས་སུ་འདྲེན་པ་མ་མཆིས་པར་འགྱུར་བ་ཧ་ཅང་མྱུར་ཆེས་སོ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཐོང་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན། ཀུན་དགའ་བོ་གང་སྐྱེས་ཤིང་བྱུང་བ། བྱས་པ། འདུས་བྱས་པ། བསམས་པ།རྟེན་ཅིང་འབྲེལ་བར་འབྱུང་བ། རབ་ཏུ་འཇིག་པའི་ཆོས་ཅན་དེ་དག་རབ་ཏུ་མི་འཇིག་པར་ག་ལ་འགྱུར་ཏེ། དེ་ནི་གནས་མེད་དོ། །ཀུན་དགའ་བོ་ཁྱོད་ཀྱིས་ང་ལ་ཡུན་རིང་དུ་བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཕན་པ་དང་། བདེ་བ་དང་། གཉིས་སུ་མེད་པ་དང་། ཁོན་མེད་པ་དང་། ཚད་མེད་པ་དང་། གནོད་པ་མེད་པས་བསྙེན་བཀུར་བྱས་སོ། །ཀུན་དགའ་བོ་ཁྱོད་མཐུ་ཆེ་བ་དང་། གཟི་ཆེ་བ་དང་། རྒྱ་ཆེ་བ་དང་། བདུད་རྩི་ལྟ་བུ་དང་། བདུད་རྩིའི་ཀླས་པ་དང་། བདུད་རྩིའི་མཐས་གཏུགས་པར་འགྱུར་རོ། །ཀུན་དགའ་བོ་དེ་བས་ན་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱིས་གནས་པར་བྱའོ་ཞེས་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ལས་གཞན་པའི་ཚངས་པར་སྤྱོད་པ་རྣམས་ལ་ཡང་ཁྱོད་ཀྱིས་དེ་ལྟར་བསྙེན་བཀུར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ང་ཡོངས་སུ་མྱ་


DKG050_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་ནས་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་ཟད་པའི་དུས། འཇིག་པའི་དུས། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོངས་སུ་ཟད་ཅིང་ཡོངས་སུ་ཉམས་པར་འགྱུར་བའི་དུས། ཚུལ་ཁྲིམས་དང་མི་ལྡན་པའི་ཕྱོགས་མངོན་པར་འཕེལ་བའི་དུས། དམ་པའི་ཆོས་ཡོངས་སུ་ཉམས་པར་འགྱུར་བའི་དུས། ཆོས་མ་ཡིན་པའི་ཕྱོགས་ཤས་ཆེ་བར་འགྱུར་བའི་དུས། དམ་པའི་ཆོས་སྤོང་བའི་དུས། རྒྱལ་པོ་འཁྲུག་པའི་དུས། སེམས་ཅན་རྣམ་པར་འཇིག་པའི་དུས། ཆོས་དང་འབྲལ་བའི་དུས། དགེ་སློང་དང་འབྲལ་བའི་དུས། འཁྲུགས་པའི་དུས་དེ་ལྟ་བུར་གྱུར་པ་དེ་ན། ཀུན་དགའ་བོ་དགེ་སློང་ཕལ་ཆེར་ལུས་མ་བསྒོམས་པ་དང་། སེམས་དང་ཚུལ་ཁྲིམས་མ་བསྒོམས་པ་དང་། ཤེས་རབ་མ་བསྒོམས་པར་འགྱུར་ཏེ། དེ་ལུས་མ་བསྒོམས་པ་ནས་ཤེས་རབ་མ་བསྒོམས་པའི་བར་དུ་གྱུར་པས་གནས་དྲུག་ལ་ཆགས་པར་འགྱུར་ཏེ། དྲུག་གང་ཞེ་ན། འདི་ལྟ་སྟེ། ལྷུང་བཟེད་ལ་ཆགས་པ་དང་། ཆོས་གོས་ལ་ཆགས་པ་དང་། བསོད་སྙོམས་ལ་ཆགས་པ་དང་། མལ་སྟན་ལ་ཆགས་པ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ལ་ཆགས་པ་དང་། སྣོད་བཟང་པོ་ལ་ཆགས་པར་འགྱུར་རོ། །དེ་དག་ལྷུང་བཟེད་ཀྱི་ཕྱིར་འཐབ་མོར་གྱུར། ཤགས་སུ་གྱུར་ནས་གཅིག་ལ་གཅིག་ཁའི་མཚོན་མདུང་ཐུང་གིས་རྩོད་ཅིང་འགྱེད་པར་འགྱུར། གཅིག་ལ་གཅིག་མི་སྙན་པ་སྒྲོགས་པར་འགྱུར། གཅིག་ལ་གཅིག་ཞེ་སྡང་བར་འགྱུར་རོ། །དེ་བཞིན་དུ་ཆོས་གོས་དང་། བསོད་སྙོམས་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ཀྱི་ཕྱིར་གཅིག་ལ་གཅིག་ཞེ་སྡང་བའི་བར་དུ་འགྱུར་རོ། །གཅིག་ལ་གཅིག་ཀུན་ནས་མནར་སེམས་དང་ལྡན་པ་དང་། ཐ་བའི་སེམས་དང་ལྡན་པ་དང་། མ་དད་པའི་སེམས་དང་ལྡན་པ་དང་། ཞེ་འགྲས་པ་དང་། རྣམ་པར་ཀུན་ནས་མནར་སེམས་དང་། མ་དད་པའི་སེམས་དང་ལྡན་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་སྣང་བའམ། དབེན་པ་འམ། ཕྲ་བའམ། རགས་པའམ། བསམ་པའམ། སྦྱོར་བ་ན་ཡང་རུང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བྱམས་པའི་ལུས་ཀྱི་ལས་ཀྱིས་གནས་པར་བྱའོ། །བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གནས་པར་བྱའོ་ཞེས་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན།


DKG050_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བོ་འདི་ལྟར་འཁྲུག་པ་ཆེན་པོའི་དུས་དེ་ལྟ་བུར་གྱུར་ཅིང་། ཚེ་སྙིགས་མ་དང་། ལྟ་བ་སྙིགས་མ་དང་། ཉོན་མོངས་པ་སྙིགས་མ་དང་། དུས་སྙིགས་མ་དང་། སེམས་ཅན་སྙིགས་མ་དང་། ཞིང་སྙིགས་མར་གྱུར་པ་དེའི་ཚེ་ཁྱིམ་པ་རྣམས་ཀྱང་སྡུག་བསྔལ་བར་གྱུར་ཏེ་སྡུག་བསྔལ་དུ་ཉེ་བར་ལྟུང་། སྡུག་བསྔལ་གྱིས་གཙེས། མུ་གེས་གཙེས། ནད་ཀྱིས་གཙེས། འཆི་བས་གཙེས། ཆོམ་རྐུན་གྱིས་གཙེས། ཆར་མི་འབབ་པ་དང་ཧ་ཅང་ཆར་ཆེས་པས་གཙེས། དུས་དང་བྱེ་བས་གཙེས་ཤིང་འཚེ་བ་རྣམ་པ་སྣ་ཚོགས་དེ་དག་དང་གཞན་དག་གིས་ཀྱང་གཙེས་པར་འགྱུར་ཏེ། ཀུན་དགའ་བོ་བྲམ་ཟེ་དང་ཁྱིམ་བདག་དེ་དག་དེ་ལྟར་སྡུག་བསྔལ་བར་གྱུར་ཅིང་སྡུག་བསྔལ་དང་ལྡན་པས་དད་པར་འགྱུར་རོ། །མངོན་པར་དད་ཅིང་རྣམ་པར་མི་རྟོག་པ་མེད་པས་སངས་རྒྱས་ལ་ཤེས་ནས་དད། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པར་འགྱུར་རོ། །དེ་དག་སངས་རྒྱས་ལ་དམིགས་པའི་སེམས་དང་། ཆོས་ལ་དམིགས་པའི་སེམས་དང་། དགེ་འདུན་ལ་དམིགས་པའི་སེམས་ཀྱིས་ཁ་ཅིག་ནི་གང་ཟག་ལ་དགའ་བས་སྦྱིན་པ་དག་སྦྱིན་པར་འགྱུར་རོ། །བསོད་ནམས་དག་བྱེད་པར་འགྱུར་རོ། །གསོ་སྦྱོང་འཛིན་པར་འགྱུར་རོ། །ཁ་ཅིག་ནི་བསླབ་པའི་གཞི་རྣམས་འཛིན་པར་འགྱུར། ལུང་ནོད་པར་འགྱུར། ཁ་ཏོན་བྱེད་པར་འགྱུར། ཆོས་ཀྱང་ཉན་པར་འགྱུར་རོ། །མཉན་ནས་ཀྱང་སྒྲུབ་པར་བྱེད་ཅིང་དགའ་བ་དང་དད་པ་དང་མཆོག་ཏུ་དགའ་བ་ཐོབ་པར་འགྱུར་ཏེ། དེ་དགེ་བའི་རྩ་བ་རྣམས་ཀྱང་སྐྱེད་པར་འགྱུར་རོ། །དེ་དག་དགེ་བའི་རྩ་བ་དང་ལྡན་པར་གྱུར་པས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་འདི་ལྟར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཡང་ངན་སོང་དུ་འགྲོ་བར་འགྱུར་བ་དང་། ཁྱིམ་པ་ཁྱིམ་ན་གནས་པ་སྡུག་བསྔལ་བར་གྱུར་ཅིང་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་སེམས་དད་པའི་དགེ་བའི་རྩ་བས་བདེ་འགྲོར་འགྲོ་བར་འགྱུར་བ་དུས་དེ་ཇི་ཙམ་དུ་ལོག་པར་གྱུར་པ་ལ་ལྟོས། ཀུན་དགའ་བོ་དེ་བས་ན་ལུས་དང་ངག་དང་ཡིད་སྡོམ་པས་བསྡམ་པར་བྱ་ཞིང་སེམས་དད་པ་དང་། དགའ་བའི་སྟོབས་སུ་འགྱུར་བ་དང་། དད་པ་དང་། དྲང་བ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་དང་། ལུས་ཀྱི་ལས་ལེགས་པར་བརྟགས་པ་དང་། ངག་གི་ལས་ལེགས་པར་བརྟགས་པ་དང་། ཡིད་ཀྱི་ལས་ལེགས་པར་བརྟགས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་


DKG050_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རན་པར་མི་སྨྲ་བའི་གང་ཟག་གི་ཉེས་དམིགས་ལྔ་སྟེ། ལྔ་གང་ཞེ་ན། བརྫུན་གྱི་ཚིག་སྨྲ་བ་དང་། ངག་རྩུབ་པོ་དང་། ཕྲ་མའི་ཚིག་སྨྲ་བ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་ཅན་དུ་འགྱུར་ཞིང་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའོ། །ཀུན་དགའ་བོ་རན་པར་སྨྲ་བའི་གང་ཟག་གི་ཕན་ཡོན་ལྔ་སྟེ། ལྔ་གང་ཞེ་ན། བརྫུན་གྱི་ཚིག་མི་སྨྲ་བ་དང་། ངག་རྩུབ་པོ་མེད་པ་དང་།ཕྲ་མ་མེད་པ་དང་། ཚིག་ཀྱལ་པ་མེད་པ་དང་། བརྣབ་སེམས་མེད་པར་འགྱུར་ཞིང་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་བ་སྟེ་ལྔ་པོ་འདི་དག་གོ །ཀུན་དགའ་བོ་གང་ཟག་འཐབ་མོ་བྱེད་པ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། ཤགས་འགྱེད་པ་དང་། ཐ་བའི་སེམས་དང་། གནོད་སེམས་ཅན་དང་། སེམས་མ་དད་པ་ལ་ཉེས་དམིགས་འདི་ལྔ་འབྱུང་ངོ་། །ལྔ་གང་ཞེ་ན། འདི་ལ་གང་ཟག་འཐབ་མོ་བྱེད་པ་ནས་སེམས་མ་དད་པའི་བར་དུ་བརྫུན་གྱི་ཚིག་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་དང་བའི་སེམས་མི་སྐྱེད་པ་དང་། ཉིན་མཚན་དུ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་མྱོང་བར་འགྱུར་ཞིང་ལུས་ཞིག་ནས་ཀྱང་སེམས་ཅན་དམྱལ་བར་སྐྱེ་བ་སྟེ་ལྔ་པོ་འདི་དག་གོ །ཀུན་དགའ་བོ་གང་ཟག་བྱམས་པས་གནས་པ་ལ་ཕན་ཡོན་བཅུ་གཅིག་ཡོད་དེ། བཅུ་གཅིག་གང་ཞེ་ན། ཀུན་དགའ་བོ་འདི་ལ་གང་ཟག་བྱམས་པས་གནས་པ་ནི་བདེ་བར་གཉིད་ལོག་པ་དང་། བདེ་བར་སད་པ་དང་། རྨི་ལམ་ངན་པ་མི་རྨི་བ་དང་། མི་དང་མི་མ་ཡིན་པ་རྣམས་དགའ་བར་འགྱུར་བ་དང་། ལྷ་རྣམས་བསྲུང་བར་འགྱུར་བ་དང་། དེ་ལ་དུག་གིས་མི་ཚུགས་པ་དང་། དེ་ལ་མེས་མི་ཚུགས་པ་དང་། དེ་ལ་མཚོན་གྱིས་མི་ཚུགས་པ་དང་། ཆུས་འཆི་བའི་དུས་མི་བྱེད་པ་དང་། གོས་དང་ཟས་དང་མལ་ཆ་དང་ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་རྙེད་པ་དང་། མིའི་ཆོས་བླ་མ་མ་རྟོགས་པས་ལུས་ཞིག་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་སྟེ། ཀུན་དགའ་བོ་བྱམས་པས་གནས་པའི་གང་ཟག་གི་ཕན་ཡོན་བཅུ་གཅིག་པོ་འདི་དག་གོ །ཀུན་དགའ་བོ་དེ་བས་ན་ད་ལྟ་དང་ང་འདས་པའི་འོག་ཏུ་བདག་གླིང་དུ་གྱུར་པ་དང་། བདག་སྐྱབས་སུ་གྱུར་པ་དང་། ཆོས་གླིང་དུ་གྱུར་པ་དང་། ཆོས་སྐྱབས་སུ་གྱུར་པ་དང་། གཞན་གླིང་མ་ཡིན་པ་དང་། གཞན་སྐྱབས་མ་ཡིན་པར་གནས་


DKG050_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས་ཤིག །ཀུན་དགའ་བོ་ཇི་ལྟར་ན་དགེ་སློང་བདག་གླིང་དུ་གྱུར་པ་ནས་གཞན་གླིང་མ་ཡིན་པ་དང་། གཞན་སྐྱབས་མ་ཡིན་པའི་བར་དུ་གནས་ཤེ་ན། ཀུན་དགའ་བོ་འདི་ལ་དགེ་སློང་བརྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །བརྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ཚོར་བ་རྣམས་དང་སེམས་དང་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཀུན་དགའ་བོ་དེ་ལྟར་ན་དགེ་སློང་བདག་གླིང་དང་བདག་སྐྱབས་ཡིན་པར་གནས་ཀྱི། གཞན་གླིང་དང་གཞན་སྐྱབས་མ་ཡིན་པར་གནས་པའོ། །ཀུན་དགའ་བོ་དེ་བས་ན་སྟོན་པས་ཉན་ཐོས་རྣམས་ལ་བྱ་བ་གང་ཡིན་པ་དེ་ངས་བྱས་ཟིན་གྱིས་ད་ཁྱོད་ཀྱིས་གྱིས་ཤིག །ཀུན་དགའ་བོ་དགོན་པ་དང་། ཤིང་དྲུང་དང་། ཁང་སྟོང་དང་། བླ་གབ་མེད་པ་འདི་དག་ཏུ་བསམ་གཏན་གྱིས་ཤིག །ཀུན་དགའ་བོ་བག་མེད་པར་མ་བྱེད་ཅིག །ཕྱིས་འགྱོད་པར་གྱུར་ཏ་རེ། འདི་ནི་ངས་རྗེས་སུ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཀུན་ཤེས་ཟུག་རྔུ་འབྱིན་པ་ཡི། །ལམ་ནི་ང་ཡིས་ཡང་དག་བསྟན། །དེ་བཞིན་གཤེགས་རྣམས་སྟོན་པ་སྟེ། །དེ་ནི་ཁྱེད་ཀྱིས་བརྩམ་པར་བྱ། །ལྟ་བ་རྣམ་དག་འགྱུར་བ་ཡི། །ལམ་གཞན་མེད་དེ་མཆོག་འདི་ཡིན། །བསྒྲུབས་ན་བདུད་ཀྱིས་བཅིངས་པ་དག །བཅད་ནས་རབ་ཏུ་ཐར་བར་འགྱུར། །སངས་རྒྱས་ཀྱིས་ནི་བཤད་པ་བཞིན། །གང་དག་གིས་ནི་འདི་རིག་པ། །སྟོན་པའི་བསྟན་པ་བྱེད་པ་དག །སྡུག་བསྔལ་མཐའ་མར་འབྱིན་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སྙིང་རྗེ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། །།སྙིང་རྗེ་ཆེན་པོའི་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


previousབཅུ་གསུམ་པ། བསྟན་པའི་ལེའུ། next