Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ལྔ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཞི་པ། ལུང་བསྟན་པའི་ལེའུ།
   
   


 
previousབཞི་པ། ལུང་བསྟན་པའི་ལེའུ། next

བཞི་པ། ལུང་བསྟན་པའི་ལེའུ།


DKG050_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་རྒྱ་མཚོའི་རྡུལ་འདིས་སྲོག་ཆགས་བྱེ་བ་ཕྲག་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་ནས་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་དེ་དག་ངས་ལུང་བསྟན་པར་བྱ་ཞིང་སངས་རྒྱས་ཀྱི་ཞིང་དེ་དག་ཀྱང་བསྟན་པར་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་འཛུམ་པ་མཛད་དོ། །འཛུམ་པ་མཛད་པ་དེས་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་དག་སྣང་བ་རྒྱ་ཆེན་པོས་སྣང་བར་མཛད་ནས། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་དང་གཞན་ཡང་སྲོག་ཆགས་བྱེ་བ་ཕྲག་མང་པོ་དག་ལ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་


DKG050_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་བསྟན་ཏོ། །དེའི་ཚེ་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་ཡང་དག་པར་འདས་པ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སྣང་བ་དེ་མཐོང་ནས་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་འདིར་ལྷགས་ནས། དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཅིང་བསྙེན་བཀུར་བྱས་ནས་བྱང་ཆུབ་སེམས་དཔའི་སྨོན་ལམ་ལུང་བསྟན་པ་ཐོས་པར་འདོད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །རིགས་ཀྱི་བུ་དེ་ནས་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇེ་དང་པོར་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཟུང་ཤིག །དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་བྱང་ཆུབ་དོན་དུ་གཉེར་བ་ལགས་ཏེ། འདི་ལྟར་བདག་གིས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་དཔག་ཏུ་མ་མཆིས་པ་དག་ལ་དགུང་ཟླ་གསུམ་དུ་ཡོ་བྱད་རྣམ་པ་སྣ་ཚོགས་དག་གིས་བསྙེན་བཀུར་བགྱིས་ནས། དགེ་བའི་རྩ་བ་དེ་ཡང་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིང་། བཅོམ་ལྡན་འདས་བདག་གིས་དགུང་ལོ་བདུན་པོ་འདི་དག་ལ་ཡང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་བསམས་ལགས་ན། བཅོམ་ལྡན་འདས་བདག་སངས་རྒྱས་ཀྱི་ཞིང་གང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེར་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་འབྱུང་བར་མ་གྱུར་ཅིག །སེམས་ཅན་གང་དག་དེ་ནས་འཆི་འཕོ་བར་འགྱུར་བ་དེ་དག་ངན་འགྲོ་རྣམས་སུ་སྐྱེ་བར་མ་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་གསེར་གྱི་མདོག་ལྟ་


DKG050_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བུར་གྱུར་ཅིག །དེ་ན་ལྷ་དང་མི་ཐམས་ཅད་ཀྱང་ཁྱད་པར་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་ཚེ་རབས་དྲན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་གཞན་དག་ན་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་རྣམས་མཐོང་བར་འགྱུར་བ་དེ་ལྟ་བུའི་ལྷའི་མིག་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་དག་གིས་ཆོས་སྟོན་པ་ཐོས་པར་འགྱུར་བ་དེ་ལྟ་བུའི་ལྷའི་རྣ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་ན་གནས་པའི་སེམས་ཅན་དེ་དག་གི་སེམས་ཀྱི་སྤྱོད་པ་ཀུན་ཤེས་པར་འགྱུར་བ་དེ་ལྟ་བུའི་ཕ་རོལ་གྱི་སེམས་ཤེས་པ་ལ་མཁས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་བསྐྱེད་པ་གཅིག་གིས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་དག་ཏུ་མཆི་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་བྱ་བ་ལ་མཁས་པ་དང་ལྡན་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ཡོངས་སུ་འཛིན་པ་དང་ལྡན་པ་མ་མཆིས་ཤིང་ཐ་ན་རང་གི་ལུས་ལ་ཡིད་ཀྱི་འཛིན་པ་ཡང་མ་མཆིས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྫུས་ཏེ་སྐྱེ་བར་གྱུར་ཅིག །དེ་ན་བུད་མེད་དུ་གདགས་པ་ཡང་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་སྨོན་ལམ་གྱི་དབང་མ་གཏོགས་པར་ཚེའི་ཚད་ཀྱི་མཐའ་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ལ་མི་དགེ་བའི་མིང་ཡང་འབྱུང་བར་མ་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེར་དྲི་ང་བ་འབྱུང་བར་མ་གྱུར་ཅིག །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་ལྷའི་ལས་ཤིན་ཏུ་འདས་པའི་སྤོས་ཀྱིས་ཁྱབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྨོན་ལམ་མ་གཏོགས་པར་སྐྱེ་བ་གཅིག་གིས་ཐོགས་པར་གྱུར་ཅིག །དེ་ན་སངས་རྒྱས་ཀྱི་མཐུས་སེམས་ཅན་ཐམས་ཅད་སྔ་དྲོ་གཅིག་གིས་སངས་རྒྱས་བགྲང་བ་ལས་ཡང་དག་པར་འདས་པ་སྙེད་དག་ལ་བསྙེན་བཀུར་བགྱིད་པར་འགྱུར་ཞིང་། བྱང་ཆུབ་


DKG050_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱི་བར་དག་གིས་སངས་རྒྱས་རྣམས་ལ་མཆོད་པ་བགྱིད་པར་འཚལ་ན་ཡང་དེ་དག་ལ་དེ་བཞིན་ཏུ་འགྲུབ་པར་འགྱུར་ལ་དེ་ཉིད་ཀྱི་སྔ་དྲོས་སླར་ལྡོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྡེ་སྣོད་སྨྲ་བར་གྱུར་ཅིག། །།བམ་པོ་ལྔ་པ། སེམས་ཅན་ཐམས་ཅད་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པར་གྱུར་ཅིག །སེམས་ཅན་གང་གིས་ཀྱང་ཆེར་ན་ལྷའི་མིག་གིས་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་གྱིས་བསྔགས་པའི་མཐའ་ཚད་འཛིན་པའི་རྔོ་མི་ཐོགས་པར་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་གྲངས་མ་མཆིས་པ་དག་ཐོབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་རེ་རེའི་ལུས་ཀྱང་དཔག་ཚད་སྟོང་གི་ཚད་ཙམ་དུ་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེའི་འོད་གསལ་བར་གྱུར་ཅིག །དེའི་ཁོར་ཡུག་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བགྲང་བ་ལས་འདས་པ་དག་གདའ་བར་གྱུར་ཅིག །སེམས་ཅན་གང་དག་དེར་སྐྱེ་བར་འགྱུར་བ་རྣམས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཚངས་པར་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བའི་འོས་སུ་གྱུར་ཅིག །དབང་པོ་མ་ཚང་བར་མ་གྱུར་ཅིག །དེར་སེམས་ཅན་རྣམས་སྐྱེས་མ་ཐག་ཏུ་ལྷའི་ལས་ཤིན་ཏུ་འདས་པ་འཕགས་པའི་དགའ་བ་དང་བདེ་བ་ཐོབ་པར་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་དང་འགྲོགས་པར་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་གོས་ངུར་སྨྲིག་སར་པ་གྱོན་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་སྐྱེས་མ་ཐག་ཏུ་ཤིན་ཏུ་རྣམ་པར་འབྱེད་པ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དེ་ཐོབ་པས་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་དག་ཏུ་མཆིས་ནས་སངས་རྒྱས་རྣམས་ལ་བསྙེན་བཀུར་བགྱིད་པར་འགྱུར་ཞིང་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཐམས་ཅད་མཐོང་བར་གྱུར་ཅིག །དེར་བྱང་ཆུབ་སེམས་དཔའ་གང་དག་སྐྱེས་པར་གྱུར་པ་དེ་དག་གིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རང་


DKG050_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཇི་ལྟ་བུ་དག་འཚལ་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རང་བཞིན་དག་རིན་པོ་ཆེའི་ཤིང་ལྗོན་པ་དེ་དག་ལས་མཐོང་བར་གྱུར་ཅིག །སེམས་ཅན་རྣམས་སྐྱེས་མ་ཐག་ཏུ་ཏིང་ངེ་འཛིན་ཐོབ་པར་འགྱུར་ཞིང་། ཏིང་ངེ་འཛིན་དེ་ཐོབ་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་དག་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་རྣམས་རྟག་ཏུ་མཐོང་བར་གྱུར་ཅིག །སེམས་ཅན་གང་དག་དེར་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གོས་དང་། གཞལ་མེད་ཁང་དང་། རྒྱན་དང་། སྤུད་པ་དང་། ཁ་དོག་དང་། གཟུགས་ཅི་འདྲ་བ་དེ་ལྟ་བུར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་རྡུལ་དང་། གོར་མ་དང་། རི་ནག་པོ་རྣམས་མ་མཆིས་པ་དང་། ཁོར་ཡུག་ཀྱང་མ་མཆིས། ཁོར་ཡུག་ཆེན་པོ་ཡང་མ་མཆིས། རི་རབ་ཀྱང་མ་མཆིས། རྒྱ་མཚོ་ཆེན་པོ་ཡང་མ་མཆིས་པར་གྱུར་ཅིག །དེ་ན་སྒྲིབ་པ་དང་། ཆོད་པ་དང་། ཉོན་མོངས་པའི་སྒྲིབ་པ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་པ་དང་། དེ་ན་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྒྲ་དག་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་པ་དང་། མི་ཁོམ་པའི་སྒྲ་དང་། སྡུག་བསྔལ་བའི་སྒྲ་དང་། སྡུག་བསྔལ་ཡང་མ་ལགས་བདེ་བ་ཡང་མ་ལགས་པའི་སྒྲ་དག་ཀྱང་མ་མཆིས་པར་གྱུར་ཅིག །བཅོམ་ལྡན་འདས་བདག་ནི་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དོན་དུ་གཉེར་བ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ནི་ཇི་སྲིད་དུ་དེ་ལྟ་བུའི་ཡོན་ཏན་དག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བགྱིས་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔར་གྱུར་ཅིང་།དཀའ་བ་སྤྱོད་པར་བགྱིད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་སྐྱེས་བུའི་རྩལ་དེ་ལྟ་བུ་བགྱིས་ནས། དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་སྟེ། བདག་གིས་བྱང་ཆུབ་ཀྱི་ཤིང་ནི་དཔག་ཚད་ཁྲི་མཆིས་པར་གྱུར་ལ། བདག་དེར་མཆིས་ནས་སེམས་བསྐྱེད་པའི་སྐད་ཅིག་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བདག་གི་འོད་ནི་ཚད་མ་


DKG050_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ཤིང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་དག་སྣང་བར་བགྱིད་པར་གྱུར་ཅིག །བདག་གི་ཚེའི་ཚད་ནི་དཔག་ཏུ་མ་མཆིས་ཏེ་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཚད་མ་མཆིས་པར་གྱུར་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པ་དེ་སུས་ཀྱང་བགྲང་བར་རྔོ་མི་ཐོགས་པར་གྱུར་ཅིག །བདག་གི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཉན་ཐོས་དང་རང་སངས་རྒྱས་སྤངས་ཤིང་དཔག་ཏུ་མ་མཆིས་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པར་དེ་སུས་ཀྱང་བགྲང་བར་རྔོ་མི་ཐོགས་པར་གྱུར་ཅིག །བདག་གིས་བྱང་ཆུབ་ཐོབ་པ་ན་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་གྲངས་མ་མཆིས་པ་གཞན་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་བདག་གི་བསྔགས་པ་གསུང་བར་འགྱུར་བ་དང་། དབྱངས་རྗེས་སུ་སྒྲོགས་པར་འགྱུར་བ་དང་། སྙན་པ་རྗོད་པར་གྱུར་ཅིག །བདག་གིས་བྱང་ཆུབ་ཐོབ་པ་ན་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་གྲངས་མ་མཆིས་པ་གཞན་དག་ན་མཚམས་མ་མཆིས་པ་བགྱིད་པ་དང་། དམ་པའི་ཆོས་སྤོང་བ་རྣམས་མ་གཏོགས་པའི་སེམས་ཅན་གང་དག་གིས་བདག་གི་མིང་ཐོས་པར་གྱུར་པ་དེ་དག་ཐམས་ཅད་དགེ་བའི་རྩ་བ་སངས་རྒྱས་ཀྱི་ཞིང་དུ་ཡོངས་སུ་བསྔོ་བ་བགྱིས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །བདག་གིས་བྱང་ཆུབ་ཐོབ་པ་ན་འཇིག་རྟེན་གྱི་ཁམས་བགྲང་བ་ལས་འདས་པ་གཞན་དག་གི་བྱང་ཆུབ་སེམས་དཔའ་དག །བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འཚལ་ཞིང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ལ་དགེ་བའི་རྩ་བ་ཡང་དེར་ཡོངས་སུ་སྔོ་བར་གྱུར་ཅིག །དེ་དག་འགུམ་པའི་དུས་ཀྱི་ཚེ་ན་ཡང་བདག་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་མཆིས་ལ་དེ་དག་གིས་ཀྱང་བདག་མཐོང་ནས་བདག་ལ་དགའ་བ་དང་། དང་བ་སྐྱེ་བར་འགྱུར་ཞིང་དེ་དག་གི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ལྡོག་པར་གྱུར་ཅིག །འགུམ་པའི་དུས་བགྱིས་ནས་ཀྱང་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཞིང་དེར་ཡང་བྱང་ཆུབ་སེམས་དཔའ་དེ་དག་སྔོན་མ་ཐོས་པའི་ཆོས་བསྟན་པ་དག་བདག་ལས་ཉན་འཚལ་བར་འགྱུར་བ་དང་། དེ་དག་ཇི་ལྟ་བུ་འཚལ་བར་འགྱུར་བ་དེ་ལྟ་བུ་ཐོས་པར་གྱུར་ཅིག །བདག་


DKG050_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བྱང་ཆུབ་འཐོབ་པ་ན་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་སྙེད་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་བདག་གི་མིང་ཐོས་པར་གྱུར་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བཟོད་པ་དང་པོ་དང་། དེ་བཞིན་དུ་གཉིས་པ་ཡང་ཐོབ་པར་འགྱུར་ཞིང་ཏིང་ངེ་འཛིན་དང་། གཟུངས་ཇི་ལྟ་བུ་འཚལ་བ་དེ་ལྟ་བུའི་ཏིང་ངེ་འཛིན་དང་། གཟུངས་ཀྱང་ཐོབ་པར་གྱུར་ཅིག །བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བསྐལ་པ་བགྲང་བ་ལས་འདས་པ་སྙེད་དག་ན་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་སྙེད་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་གི་མིང་ཐོས་ནས་ཤིན་ཏུ་དགའ་བ་དང་། རབ་ཏུ་དགའ་བ་དང་། མཆོག་ཏུ་དགའ་བ་ཐོབ་པར་འགྱུར་བ་དང་། ངོ་མཚར་ཐོབ་པར་གྱུར་ནས་བདག་ཉིད་ལ་ཕྱག་འཚལ་ཞིང་སྙན་པ་དང་གྲགས་པ་རྗོད་པར་གྱུར་ཅིག །གང་གི་ཚེ་བདག་བྱང་ཆུབ་སེམས་དཔར་གྱུར་པ་ན་ཡང་སངས་རྒྱས་ཀྱི་མཛད་པ་དག་མངོན་པར་བསྒྲུབས་ནས་དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བདག་ལ་མཆོག་ཏུ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཟོད་པ་དང་པོ་དང་། གཉིས་པ་དང་། གསུམ་པ་ཐོབ་པར་འགྱུར་ཞིང་ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་ཇི་ལྟ་བུ་འཚལ་བ་དེ་ལྟ་བུ་ཐོབ་པར་གྱུར་ནས། བྱང་ཆུབ་ཀྱི་མཐའི་བར་དུ་རྗེས་སུ་མཐོང་བར་གྱུར་ཅིག །བདག་བྱང་ཆུབ་ཐོབ་པ་ན་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་དག་གི་བུད་མེད་གང་དག་གིས་བདག་གི་མིང་ཐོས་པར་གྱུར་པ་དེ་དག་ཤིན་ཏུ་དགའ་བ་དང་། མཆོག་ཏུ་དགའ་བ་དང་། དང་བ་ཐོབ་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ནས་སླན་ཆད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བུད་མེད་ཉིད་མི་འཐོབ་པར་གྱུར་ཅིག །བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བསྐལ་པ་བགྲང་བ་ལས་འདས་པ་སྙེད་དག་གི་བུད་མེད་བགྲང་བ་ལས་འདས་པ་སྙེད་དག་གིས་བདག་གི་མིང་ཐོས་པར་གྱུར་པ་དེ་དག་ཤིན་ཏུ་དགའ་བ་དང་། མཆོག་ཏུ་


DKG050_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང་། དང་བ་ཐོབ་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ནས་སླན་ཆད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བུད་མེད་ཉིད་མི་འཐོབ་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་ནི་དེ་འདྲ་བའི་སངས་རྒྱས་ཀྱི་ཞིང་དང་། དེ་འདྲ་བའི་སེམས་ཅན་བསམ་པ་ཡོངས་སུ་དག་པ་དག་འཚལ་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ནི་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོངས་སུ་བཟུང་བ་ནི་ཁྱོད་ཀྱི་སྨོན་ལམ་ཟབ་བོ། །རྒྱལ་པོ་ཆེན་པོ་ལྟོས་ཤིག་དང་། ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་འདས་པ་ན་འཇིག་རྟེན་གྱི་ཁམས་དབང་པོ་ལྟར་ཤིན་ཏུ་མཛེས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་སེམས་ཅན་ཡོངས་སུ་དག་པ་རྣམས་ལ་ཆོས་ཀྱང་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་འབྱུང་བ་གདགས་སུ་ཡང་མེད་ཅིང་དེ་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་གཏམ་བརྗོད་པ་ཡང་མེད་དོ། །དེ་ན་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་བརྗོད་དོ། །དེ་ན་སེམས་ཅན་རྣམས་ནི་ཐམས་ཅད་ཀྱང་རྫུས་ཏེ་སྐྱེས་པ་ཤ་སྟག་གོ །དེ་ན་བུད་མེད་ཀྱི་མིང་ཡང་མི་གྲག་སྟེ། སངས་རྒྱས་ཀྱི་ཞིང་དེ་ན་ཇི་ལྟར་རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་སྨོན་ལམ་དཔག་ཏུ་མེད་པ་བཏབ་ཅིང་འདུལ་བའི་སེམས་ཅན་བསམ་པ་དཔག་ཏུ་མེད་པ་དག་ཡོངས་སུ་བཟུང་བ་དེ་ལྟ་བུའི་ཡོན་ཏན་ཐམས་ཅད་ཡོད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་


DKG050_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་ཤིང་དེར་དམ་པའི་ཆོས་ནུབ་ནས་བར་གྱི་བསྐལ་པ་དྲུག་ཅུ་འདས་པ་ན་འཇིག་རྟེན་གྱི་ཁམས་དེ་ནི་ལྷུན་པོའི་འོད་ཅེས་བྱ་བར་འགྱུར་རོ། །དེར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་གྲོས་བསམ་ཡས་ཡོན་ཏན་རྒྱལ་པོ་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་དབྱངས་ཀྱི་དབང་ཕྱུག་རྒྱལ་པོའི་འཇིག་རྟེན་གྱི་ཁམས་དབང་པོ་ལྟར་ཤིན་ཏུ་མཛེས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཅི་འདྲ་བར་དེ་བཞིན་གཤེགས་པ་བློ་གྲོས་བསམ་ཡས་ཡོན་ཏན་རྒྱལ་པོའི་འཇིག་རྟེན་གྱི་ཁམས་ལྷུན་པོའི་འོད་ཀྱི་ཡོན་ཏན་བཀོད་པ་ཡང་དེ་དང་འདྲ་བར་འགྱུར་རོ། །དེ་བཞིན་གཤེགས་པ་བློ་གྲོས་བསམ་ཡས་ཡོན་ཏན་རྒྱལ་པོ་དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་དྲུག་ཅུར་འགྱུར་རོ། །གང་གི་ཚེ་དེ་བཞིན་གཤེགས་པ་བློ་གྲོས་བསམ་ཡས་ཡོན་ཏན་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་པ་ན། དེའི་དམ་པའི་ཆོས་ནི་བར་གྱི་བསྐལ་པ་བཅུ་དྲུག་ཏུ་གནས་པར་འགྱུར་ཏེ། དེའི་དམ་པའི་ཆོས་ནུབ་ནས་བར་གྱི་བསྐལ་པ་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་དེ་ནི་རྣམ་པར་དགའ་བ་ཞེས་བྱ་བར་འགྱུར་རོ། །དེར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། དེ་ཡང་སྔ་མ་དང་ཚེའི་ཚད་མཉམ་པ་དང་། འཇིག་རྟེན་གྱི་ཁམས་མཚུངས་པར་འགྱུར་བར་སྦྱར་རོ། །དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནུབ་པ་ན། འཇིག་རྟེན་གྱི་ཁམས་དེ་ནི་རྩིབས་ཞེས་བྱ་བར་འགྱུར་རོ། །དེ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དབང་ཕྱུག་དབྱངས་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ནི་མཚུངས་སོ། །དེ་ཡང་བར་གྱི་བསྐལ་པ་ལྔར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་འགྱུར་རོ། །དེ་ཡོངས་སུ་མྱ་ངན་ལས་འདས་པ་ན། དེའི་དམ་པའི་ཆོས་ནི་བར་གྱི་བསྐལ་པ་བདུན་དུ་གནས་པར་འགྱུར་རོ། །དེར་དམ་པའི་


DKG050_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ནུབ་པ་ན་སྔ་མ་བཞིན་སྦྱར་ཏེ། སངས་རྒྱས་ཀྱི་ཞིང་དེར་དེ་བཞིན་གཤེགས་པ་ཚད་མེད་དཔག་ཏུ་མེད་པ་དག་བྱུང་ཞིང་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་ཡང་འཇིག་རྟེན་གྱི་ཁམས་དེ་ནི་འཇིག་པ་ཡང་མེད་འཆགས་པ་ཡང་མེད་དོ། །དེར་མ་འོངས་པའི་དུས་ཀྱི་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་ནི་འདས། བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་ལ་བབ་པ་ན་འཇིག་རྟེན་གྱི་ཁམས་དེ་ནི་བདེ་བ་ཅན་ཞེས་བྱ་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཁྱོད་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྗོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བར་འགྱུར་རོ། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གང་དག་འཇིག་རྟེན་གྱི་ཁམས་དེར་བདག་པས་ཆེས་སྔར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གང་ནས་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད། གཞལ་དུ་མེད། དཔག་ཏུ་མེད་པ་དེ་དང་དེ་དག་ནས། ང་ལ་ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་དང་པོར་ལྷགས་ནས་གང་དག་ངའི་མདུན་ན་འཁོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ཡིན་ཏེ། རིགས་ཀྱི་བུ་འདི་དག་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །འདི་དག་ནི་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། འདི་དག་ནི་སངས་རྒྱས་ཀྱི་ཞིང་དེར་དང་པོ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་འདི་དག་ནི་རེ་རེས་ཀྱང་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་ལ་


DKG050_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་བསྒོམ་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེར་དང་པོ་ཁོ་ནར་སངས་རྒྱས་སུ་འགྱུར་བ་ནི་རིགས་ཀྱི་བུ་འདི་དག་ཡིན་ནོ། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གང་གིས་བདག་འཁོར་དང་བཅས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་བའི་བྲམ་ཟེ་རྒྱ་མཚོའི་རྡུལ་དེ་དུས་ཅི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་འདི་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ། འདིས་ཇི་ལྟར་སེང་གེའི་སྒྲ་སྒྲོགས་པར་འགྱུར་བ་ན་ཁྱོད་ཀྱིས་ཀྱང་ཐོས་པར་འགྱུར་རོ། །རྒྱལ་པོས་གསོལ་པ། གལ་ཏེ་བདག་ཅི་ནས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དང་། བདག་གི་སྨོན་ལམ་དེ་གྲུབ་པ་ལྟ་ན། དེའི་སླད་དུ་གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཡན་ལག་ལྔས་ཕྱག་བགྱིད་པ་དེའི་ཚེ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་རབ་ཏུ་འགུལ་ཞིང་རབ་ཏུ་གཡོ་བར་གྱུར་ལ་སངས་རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་གིས་ཀྱང་བདག་ལ་ལུང་སྟོན་པར་གྱུར་ཅིག །རིགས་ཀྱི་བུ་དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་གཏུགས་སོ། །གང་གི་ཚེ་རྒྱལ་པོའི་མགོ་བོ་ས་ལ་རེག་པ་དེའི་ཚེ། སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་འགུལ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས། འཁྲུགས་རབ་ཏུ་འཁྲུགས་ནས། སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་ལུང་སྟོན་པར་མཛད་དེ། བསྐལ་པ་འཛིན་པ་ཞེས་བྱ་བ་ལ་སངས་རྒྱས་ཀྱི་ཞིང་ཡང་དག་པར་སྒྲོལ་བ་ཞེས་བྱ་བར་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མེད་པ་གཉིས་པ་ལ་བབ་པ་ན། འཇིག་རྟེན་གྱི་ཁམས་


DKG050_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་ཞེས་བྱ་བ་དག་པ་དཔག་ཏུ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བར་འགྱུར་ཏེ། ཕྱོགས་བཅུ་ཁོ་ར་ཁོར་ཡུག་ཏུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་སྣང་བར་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱ་བ་ཤེས་པའི་སེམས་ཅན་མཆོག་རབ་ལོངས། །སྟོབས་བཅུ་གང་གཱ་སྙེད་ཀྱིས་ཁྱོད་ལུང་བསྟན། །རི་དང་བཅས་པའི་ས་ཡང་གཡོས་གྱུར་ཏེ། །མི་མཆོག་འདུལ་བའི་ཁ་ལོ་སྒྱུར་བར་འགྱུར། །རིགས་ཀྱི་བུ་དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་དགའ་ཞིང་མགུ་ལ། རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཕྱིར་ནུར་ཏེ་ཆོས་མཉན་པའི་ཕྱིར་ཧ་ཅང་ཡང་མི་རིང་བར་ཕྱོགས་གཅིག་ཏུ་འདུག་གོ །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་བུ་ཐུ་བོ་མིག་མི་འཛུམས་ལ་བོས་པ་དང་། མིག་མི་འཛུམས་ཀྱིས་གསོལ་པ་ཡང་སྔ་མ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་བདག་གིས་ངན་སོང་རྣམས་ལ་བལྟས་ལགས་ན། སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་ནི་སྡུག་བསྔལ་དྲག་པོ་རབ་ཏུ་མི་བཟད་པ་ཉམས་སུ་མྱོང་བར་འགྱུར་ལགས་སོ། །བདག་གིས་མཐོ་རིས་རྣམས་སུ་བལྟས་ལགས་ན། སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་ནི་ཀུན་ནས་ཉོན་མོངས་པར་འགྱུར་བའི་སེམས་ཀྱིས་སླར་ངན་སོང་རྣམས་སུ་ལྟུང་ལགས་སོ། །བདག་གིས་སེམས་ཅན་ཐམས་ཅད་ལ་ཡང་བལྟས་ལགས་ན། མི་དགེ་བའི་བཤེས་གཉེན་དང་འདྲེས་པར་གནས་ཤིང་ཆོས་ཀྱི་མུ་གེའི་མུན་པ་ན་དགེ་བའི་རྩ་བ་ཡོངས་སུ་བས་པས་ལྟ་བའི་ཆུ་སྲིན་འཛིན་ཁྲིས་ཟིན་ཅིང་ཤུལ་ངན་པ་ན་གནས་པ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་དེ་དག་ལ་ཚིག་གིས་རྒྱ་ཆེར་གོ་བར་བགྱི་ཞིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི་ལགས་སོ། །གང་གི་ཚེ་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་གང་དག་སྡུག་བསྔལ་གྱིས་གནོད་པར་གྱུར་པ་རྣམས་དང་། འཇིགས་པས་སྐྲག་པ་རྣམས་དང་། ཆོས་ཀྱི་མུ་གེའི་མུན་པར་ཞུགས་


DKG050_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང་། ཞུམ་པ་རྣམས་དང་། ཞན་པ་རྣམས་དང་། སྐྱོབ་པ་མ་མཆིས་པ་རྣམས་དང་། སྐྱབས་མ་མཆིས་པ་རྣམས་དང་། དཔུང་གཉེན་མ་མཆིས་པ་རྣམས་ཀྱིས་བདག་རྗེས་སུ་དྲན་པར་འགྱུར་ཞིང་མིང་ནས་ཀྱང་རྗོད་པར་གྱུར་ཅིག །བདག་གིས་ཀྱང་ལྷའི་རྣ་བས་ཐོས་ཤིང་། ལྷའི་མིག་གིས་མཐོང་བར་གྱུར་ཅིག །སེམས་ཅན་དེ་དག་སྡུག་བསྔལ་དག་ལས་ཡོངས་སུ་ཐར་བར་མ་བགྱིས་པར་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གང་གི་ཚེ་བདག་སྨོན་ལམ་གྱི་ཁྱད་པར་གྱིས་སེམས་ཅན་གྱི་སླད་དུ་ཡུན་རིང་པོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་བ་དེའི་ཚེ་བདག་གི་རེ་བ་ཡོངས་སུ་རྫོགས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གང་གི་ཚེ་རྒྱལ་པོ་ཆེན་པོ་རྩིབས་ཀྱི་མུ་ཁྱུད་འདི་བསྐལ་པ་གྲངས་མ་མཆིས་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་པ་ནས་གྲངས་མ་མཆིས་པ་གཉིས་པ་ལ་བབ་པ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཅེས་བགྱི་བར་གྱུར་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ན་སེམས་ཅན་ཡོངས་སུ་དག་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས་བསྐལ་པ་དཔག་ཏུ་མ་མཆིས་པ་ཇི་སྲིད་ཅིག་ཏུ་སངས་རྒྱས་ཀྱི་མཛད་པ་མཛད་ཅིང་། སངས་རྒྱས་ཀྱི་མཛད་པ་ཡོངས་སུ་མཐར་ཐུག་ནས་ཕུང་པོའི་ལྷག་མ་མ་མཆིས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་འགྱུར་ཞིང་། དེར་ཞུགས་ནས་ཀྱང་དམ་པའི་ཆོས་ཇི་སྲིད་དུ་གནས་པར་འགྱུར་བའི་ཡུན་དེ་སྲིད་དུ། བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱི་ཞིང་བདག་བྱང་ཆུབ་སེམས་དཔར་གྱུར་ནས་སངས་རྒྱས་ཀྱི་མཛད་པ་ཡང་བགྱི་ལགས་སོ། །གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་དམ་པའི་ཆོས་ནམ་གྱི་སྲོད་ལ་ནུབ་པར་གྱུར་པ་དེ་ཉིད་ཀྱི་ནམ་གྱི་ཐོ་རངས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་


DKG050_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱ་བར་བགྱི་ན། བཅོམ་ལྡན་འདས་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། དེ་བཞིན་དུ་བདག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡང་བདག་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ་ཞེས་ཚིག་གིས་གསོལ་བ་གདབ་པར་བགྱི་ལགས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་རྒྱལ་བུ་མིག་མི་འཛུམས་ལུང་བསྟན་ནས་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རིགས་ཀྱི་བུ་གང་གི་ཕྱིར་ཁྱོད་ཀྱིས་ངན་སོང་རྣམས་སུ་ཡང་བལྟས། མཐོ་རིས་རྣམས་སུ་ཡང་བལྟས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་བལྟས་ཤིང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་བར་བྱ་བ་དང་། ཉོན་མོངས་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་སྙིང་རྗེའི་སེམས་བསྐྱེད་པས་ན་རིགས་ཀྱི་བུ་དེའི་ཕྱིར་ཁྱོད་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་ཁྱོད་ནི་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་རྣམས་སྡུག་བསྔལ་ལས་ཐར་བར་བྱེད་པར་འགྱུར་ཏེ། རིགས་ཀྱི་བུ་ཁྱོད་ནི་བྱང་ཆུབ་སེམས་དཔར་གྱུར་པ་ན་ཡང་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལུས་པ་ན་ནམ་གང་གི་སྲོད་ལ་དམ་པའི་ཆོས་ནུབ་པར་གྱུར་པ་དེ་ཉིད་ཀྱི་ནམ་གྱི་ཐོ་རངས་བྱང་ཆུབ་ཀྱི་ཤིང་བཀོད་པ་དུ་མའི་དྲུང་དུ་རྡོ་རྗེའི་གདན་ལ་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །ཁྱོད་ཀྱི་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དྲུག་ཏུ་འགྱུར་རོ། །ཁྱོད་ཡོངས་སུ་མྱ་ངན་ལས་འདས་


DKG050_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་དམ་པའི་ཆོས་ནི་བསྐལ་པ་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་གསུམ་དུ་གནས་པར་འགྱུར་རོ། །སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བ་དེའི་ཚེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་གིས་བདག་ལ་ལུང་སྟོན་པར་མཛད་ཅིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་ཐམས་ཅད་ཀྱི་ས་ཡང་གཡོ་བར་གྱུར་ལ། རི་ཐམས་ཅད་ཀྱི་གོར་མ་དང་། ཤིང་ལྗོན་པའི་རྩེ་མོ་དག་ལས་ཀྱང་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་གྱི་སྒྲ་ཡང་འབྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་ཀྱང་འདོད་ཆགས་དང་བྲལ་བའི་སེམས་ཐོབ་པར་གྱུར་ཅིག །གང་གི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་པ་དེའི་ཚེ་སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་ས་ཡང་རབ་ཏུ་གཡོས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ལུང་སྟོན་པར་མཛད། རི་ཐམས་ཅད་ཀྱི་རྡོ་དང་། ཤིང་ལྗོན་པའི་རྩེ་མོ་དག་ལས་ཀྱང་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་གྱི་སྒྲ་བྱུང་བར་གྱུར། སེམས་ཅན་ཐམས་ཅད་ཀྱང་འདོད་ཆགས་དང་བྲལ་བའི་སེམས་ལ་གནས་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྙིང་རྗེ་ལྡན་པ་བསོད་ནམས་དག་ལ་ཡིད་དགའ་ལོངས། །ཕྱོགས་བཅུའི་སྐུ་མཆོག་མངའ་བ་རྣམས་ཀྱིས་ལུང་བསྟན་ཏེ། །ཞིང་དང་བཅས་པའི་ས་ཡང་རྣམ་དྲུག་རབ་ཏུ་གཡོས། །རྒྱལ་བ་གང་ཟག་གཙོ་བོ་དྲང་སྲོང་ཆེན་པོར་འགྱུར། །དེ་ནས་རྒྱལ་པོའི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་གཉིས་པ་མུ་ཁྱུད་ཅེས་བྱ་བ་ལ་སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་ཡོངས་སུ་གཏོང་བ་ཆེན་པོ་འདི་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །ཁྱོད་


DKG050_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དགེ་བ་ཉེ་བར་བསྒྲུབས་པ་གང་ཡིན་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །དེ་ནས་རྒྱལ་བུ་གཞོན་ནུ་མུ་ཁྱུད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དཔག་ཏུ་མ་མཆིས་པ་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིས་པ་གང་ལགས་པ་དང་། རྗེས་སུ་ཡི་རང་བ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི་སྟེ། སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་འདི་འབའ་ཞིག་ཏུ་བདག་གིས་བྱང་ཆུབ་ལ་རེག་པར་མི་བགྱི་བར། གཞོན་ནུ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཡང་དག་པར་བསགས་པ་ཞེས་བགྱི་བ་དེར་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེ་དུ་མས་བཀོད་པའི་དྲུང་དུ་མཆིས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་ཞེས་བགྱི་བར་འགྱུར་བ་ཆོས་འཆད་པར་བགྱི་བའི་སླད་དུ་བདག་གིས་དེ་ལ་གསོལ་བ་གདབ་པར་བགྱི་ཞིང་། ཇི་སྲིད་དུ་དེ་བཞིན་གཤེགས་པ་དེ་ཆོས་སྟོན་པར་མཛད་པ་དེ་སྲིད་དུ་བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ། །དེ་བཞིན་གཤེགས་པ་དེ་འདས་ཤིང་དམ་པའི་ཆོས་ནུབ་པ་ན་དེའི་འོག་ཏུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོའི་ཡོན་ཏན་བཀོད་པ་ཐམས་ཅད་ཇི་ལྟ་བར་བདག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡང་དེ་ལྟ་བུར་གྱུར་ཅིག །དེ་བཞིན་དུ་བདག་ཀྱང་སངས་རྒྱས་ཀྱི་མཛད་པ་བགྱིད་


DKG050_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཞིང་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དེ་བཞིན་དུ་དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ནི་གནས་པ་ཆེན་པོ་དོན་དུ་གཉེར་ཏེ།རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་རང་གིས་ཡོངས་སུ་བཟུང་བ་དེ་ལྟ་བུའི་གནས་འཐོབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱིས་ནི་སངས་རྒྱས་ཀྱི་ཞིང་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རབ་དུ་བརྟན་པ་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་གནས་ཆེན་པོ་ཡོངས་སུ་བཟུང་བ་དེའི་ཕྱིར་རིགས་ཀྱི་བུ་ཁྱོད་མཐུ་ཆེན་ཐོབ་ཅེས་བྱ་བར་གྱུར་ཅིག །དེས་གསོལ་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ལུས་ཀྱི་ཡན་ལག་ལྔས་ཕྱག་འཚལ་བ་དེའི་ཚེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གིས་བདག་ལ་ལུང་སྟོན་པར་མཛད་ཅིང་། སྣ་མའི་མེ་ཏོག་གི་ཆར་ཡང་རབ་ཏུ་འབབ་པར་གྱུར་ཅིག །རིགས་ཀྱི་བུ་གང་གི་ཚེ་སྐྱེས་བུ་དམ་པ་མཐུ་ཆེན་ཐོབ་ཀྱིས། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་པ་དེའི་ཚེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ལུང་བསྟན་ཅིང་ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སྣ་མའི་མེ་ཏོག་གི་ཆར་ཡང་བབ་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསོད་ནམས་མཐུ་ཤུགས་བརྟན་པར་གྱུར་པ་ལོངས། །ཕྱོགས་བཅུའི་འཇིག་རྟེན་མགོན་པོས་ལུང་བསྟན་ཏེ། །ས་ཆེན་གཡོས་ཤིང་སྣ་མའི་ཆར་ཡང་བབ། །ཁྱོད་ནི་ལྷ་ཡི་ཚངས་པ་ལྟ་བུར་འགྱུར། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སྔ་མ་བཞིན་དུ་སྦྱར་ཏེ། རྒྱལ་བུ་གསུམ་པ་དབང་པོའི་ཚོགས་ཞེས་བྱ་བ་ལ་སྨྲས་པ་དང་། ཐལ་མོ་སྦྱར་ནས་


DKG050_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིས་པ་གང་ལགས་པ་དང་། བདག་གི་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་གང་ལགས་པ་དང་། རྗེས་སུ་ཡི་རང་བ་འདི་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་དུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱི་ཞིང་ཤིན་ཏུ་མྱུར་བར་ཐོབ་པར་ཡང་མི་བགྱི་ལགས་སོ། །ཇི་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་དེ་སྲིད་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཅིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་གཞན་དང་གཞན་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་གྱུར་ཅིག །བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གང་དག་བདག་གིས་དང་པོར་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་བ་དང་། བདག་གིས་གང་དག་དེར་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་བཀོད་པ་དང་། གང་དག་བདག་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་འཛིན་དུ་སྩལ་ཅིང་བཙུད་དེ་རབ་ཏུ་བཀོད་པའི་སངས་རྒྱས་བཅོམ་ལྡན་འདས་གང་དག་བདག་གིས་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་བ་དེ་དག་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་དག་ན་ཆོས་སྟོན་པར་མཛད་པ་རྣམས་ཀྱང་བདག་གི་ལྷའི་མིག་གིས་མཐོང་བར་གྱུར་ཅིག །བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་ལྟར་སངས་རྒྱས་ཀྱི་མཛད་པ་བགྱིད་ཅིང་། ཇི་སྲིད་དུ་བདག་གི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་གང་དག་སྐྱེ་བར་འགྱུར་བ་དེ་དག་འདི་ལྟ་སྟེ་དཔེར་བགྱི་ན་ཚངས་རིས་ཀྱི་ལྷ་རྣམས་ལྟ་བུར་འགྱུར་བ་དེ་སྲིད་དུ་བདག་གིས་སེམས་ཅན་རྣམས་


DKG050_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསམ་པ་ཡོངས་སུ་སྦྱོང་བར་བགྱི་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ། །ཅི་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འགྱུར་བ་དེ་ལྟར་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་སྦྱང་བར་བགྱི་སྟེ། སངས་རྒྱས་ཀྱི་ཞིང་དེའི་ར་བ་དག་ཀྱང་སྲིད་པའི་རྩེ་མོའི་མཐར་ཐུག་ཅིང་རིན་པོ་ཆེ་དུ་མ་ཀུན་ནས་གནས་པ་དང་། རིན་པོ་ཆེ་སྣ་ཚོགས་དག་གིས་སྤྲས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེའི་ས་གཞི་ཐམས་ཅད་ནི་བཻ་དཱུརྱ་འབའ་ཞིག་ལས་བགྱིས་པར་གྱུར་ཅིང་རྡུལ་དང་། གོར་མ་དང་། གསེག་མ་མ་མཆིས་ཤིང་ས་གཞི་རྙོག་པ་དང་འདྲེས་པ་མ་མཆིས་པར་གྱུར་ཅིག །དེ་ན་བུད་མེད་ནི་མིང་དུ་གདགས་པ་ཡང་མ་མཆིས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནི་རྫུས་ཏེ་སྐྱེ་བར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ཟས་ཁམ་གྱིས་འཚལ་བ་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་དགའ་བའི་ཟས་དང་ཆོས་ཀྱི་ཟས་དང་ལྡན་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་གདགས་སུ་ཡང་མ་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ཐ་བ་དང་། དྲི་མ་དང་། ཞེ་སྡང་དང་། འཆབ་པ་དང་བྲལ་ཞིང་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་ཡོངས་སུ་གང་བར་གྱུར་ཅིག །དེ་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་སྐྲ་བྲེགས་ཤིང་ཆོས་གོས་ངུར་སྨྲིག་འཚལ་བ་ཤ་སྟག་འབྱུང་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་འོད་ཆེན་པོ་དང་ལྡན་པར་གྱུར་ཅིག །དེ་དག་གི་སུག་པར་རིན་པོ་ཆེའི་ལྷུང་བཟེད་རོ་བྲོ་བ་སྣ་ཚོགས་ཀྱིས་ཡོངས་སུ་གཏམས་པ་དག་འབྱུང་བར་གྱུར་ཅིག །བྱུང་མ་ཐག་ཏུ་འདི་སྙམ་དུ་གང་བདག་ཅག་ཟས་ཁམ་གྱིས་ཟ་བ་ནི་བདག་ཅག་གི་ཆ་མ་ཡིན་གྱིས། གང་བདག་ཅག་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་དོང་ལ་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་ཞིང་གཞེས་པ་དག་ལ་ཞལ་ཟས་འདི་དབུལ་བར་བྱའོ། །སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། སྐྱེ་བོ་སྡུག་


DKG050_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བ་རྣམས་ལ་ཡང་སྦྱིན་པར་བྱའོ། །ཡི་དགས་ཀྱི་གནས་རྣམས་སུ་སོང་ལ་བཀྲེས་པ་དང་། སྐོམ་པས་ལུས་རབ་ཏུ་འབར་བའི་སེམས་ཅན་རྣམས་ལ་ཡང་ཟས་འདི་སྦྱིན་པར་བྱའོ་སྙམ་པའི་དྲན་པ་ཐོབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་ལྟར་སེམས་བསྐྱེད་མ་ཐག་ཏུ་བསམ་གྱིས་མི་ཁྱབ་པའི་སྤྱོད་པ་དང་ལྡན་པའི་ཏིང་ངེ་འཛིན་ཀྱང་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དེ་ཐོབ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་གཞན་དག་ཏུ་ཐོགས་པ་མ་མཆིས་པར་མཆི་བར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་ཞིང་གཞེས་པ་དག་དང་ཉན་ཐོས་དང་། སེམས་ཅན་གཞན་དག་ལ་ཡང་ཞལ་ཟས་འབུལ་བར་གྱུར་ཅིག །དགའ་བས་ཕུལ་ནས་ཀྱང་ཆོས་བཤད་པར་བགྱིས་ནས་དེ་ཉིད་ཀྱི་སྔ་དྲོས་རང་གི་སངས་རྒྱས་ཀྱི་ཞིང་དུ་སླར་མཆི་བར་གྱུར་ཅིག །གོས་རིན་པོ་ཆེ་དག་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དེ་ཉིད་ཀྱི་སྔ་དྲོའི་བར་གྱིས་རང་གི་སངས་རྒྱས་ཀྱི་ཞིང་དུ་སླར་མཆིས་ནས་གཅིག་ལ་གཅིག་གོས་དག་སྐོན་པར་ཡང་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་ལ་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་གང་ཇི་སྙེད་མཆིས་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་རྣམས་དང་། སེམས་ཅན་གཞན་དག་དང་ཐུན་མོང་དུ་བགྱིས་ནས་སླད་ཀྱིས་བདག་ཡོངས་སུ་སྤྱོད་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་མི་ཁོམ་པ་བརྒྱད་དང་བྲལ་བར་གྱུར་ཅིག །དེ་ན་སྡུག་བསྔལ་གྱི་སྒྲ་མ་མཆིས་པར་གྱུར་ཅིག །བསླབ་པ་བླང་བའི་སྒྲ་མ་མཆིས་པར་གྱུར་ཅིག །ལྟུང་བྱེད་ལས་བསླང་བའི་སྒྲ་མ་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེར་རིན་པོ་ཆེ་འབུམ་ཕྲག་དུ་མ་དག་བསགས་པར་གྱུར་ཅིག །རིན་པོ་ཆེ་དུ་མས་སྤྲས་ཤིང་ནོར་བུ་ལྟར་ཀུན་ཏུ་སྣང་བར་གྱུར་ཅིག །ནོར་བུ་རིན་པོ་ཆེ་གང་དག་ཕྱོགས་བཅུ་རྣམས་སུ་སྔོན་མ་མཐོང་བ་དང་། སྔོན་མ་ཐོས་པའི་ནོར་བུ་རིན་པོ་ཆེ་དེ་དག་སྤྱོད་པར་གྱུར་ཅིག །ནོར་བུ་རིན་པོ་ཆེ་དེ་དག་གི་མིང་


DKG050_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ན་ལོ་བྱེ་བས་ཀྱང་མི་བས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་ཀྱི་ཞིང་གསེར་ལས་གྲུབ་པར་མཐོང་བར་འཚལ་ན་ཡང་དེ་ལ་གསེར་ལས་གྲུབ་པར་གནས་པར་འགྱུར་བ་དང་། གང་དངུལ་ལས་གྲུབ་པར་འཚལ་བ་དེས་དངུལ་ལས་གྲུབ་པར་མཐོང་ཡང་དེ་ལ་གསེར་ལས་གྲུབ་པ་ཡང་ཉམས་པར་མི་འགྱུར་བ་དང་། དེ་བཞིན་དུ་སྦྱར་ཏེ། གང་ཤེལ་ལས་གྲུབ་པ་དང་། བཻ་དཱུརྱ་ལས་གྲུབ་པ་དང་།རྡོའི་སྙིང་པོ་ལས་གྲུབ་པ་དང་། མུ་ཏིག་དམར་པོ་ལས་གྲུབ་པ་དང་། སྤུག་ལས་གྲུབ་པར་འཚལ་ན་ཡང་སངས་རྒྱས་ཀྱི་ཞིང་དེ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དག་ཏུ་མཐོང་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་དེ་ཨ་ག་རུ་ལས་གྲུབ་པ་དང་། རྒྱ་སྤོས་ལས་གྲུབ་པ་དང་། ཏ་མ་ལའི་ལོ་མ་ལས་གྲུབ་པ་དང་། ཙན་དན་སྦྲུལ་གྱི་སྙིང་པོ་ལས་གྲུབ་པ་དང་། ཙན་དན་ས་མཆོག་པ་ལས་གྲུབ་པར་མཐོང་བར་འཚལ་ན་ཡང་དེ་ལ་དེ་བཞིན་དུ་གྱུར་ཅིག །ཇི་ལྟ་ཇི་ལྟར་ཅི་འདྲ་བར་མཐོང་བར་འཚལ་བ་དེ་ལྟ་དེ་ལྟར་དེ་དང་འདྲ་བར་མཐོང་བར་གྱུར་ཅིག །གཅིག་གིས་གཉིས་པའི་སྨོན་ལམ་མཐོང་བར་མི་འགྱུར་ཞིང་། ཐམས་ཅད་ཀྱི་སྨོན་ལམ་ཡང་ཡོངས་སུ་རྫོགས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་ཉི་མ་དང་ཟླ་བར་མངོན་པ་ཡང་མ་མཆིས་ཤིང་། དེར་བྱང་ཆུབ་སེམས་དཔའ་འོད་ཅན་དག་སྐྱེ་བར་གྱུར་ཅིག །གཞན་ཡང་འོད་ཇི་ལྟ་བུ་དག་འཚལ་བ་དེ་ལྟ་བུ་དག་ཐ་ན་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཚུན་ཆད་དུ་ཡང་གཏོང་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་མེ་ཏོག་ཁ་བྱེ་བ་མ་གཏོགས་པར་མཚན་མོ་དང་། ཉིན་མོ་དག་མིང་ཡང་མ་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དགའ་ལྡན་དག་ཏུ་ཚེ་བས་པར་བགྱིས་ནས་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་མ་གཏོགས་པར་གྲང་བ་དང་། ཚ་བ་དང་། ནད་དང་། མི་བདེ་བ་དང་། རྒ་བ་དང་། འགུམ་པ་ཡང་མ་མཆིས་པར་གྱུར་ཅིག །སངས་


DKG050_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཞིང་དེ་ན་འགུམ་པ་མ་མཆིས་པར་འགྱུར་ཞིང་སྟེང་གི་བར་སྣང་ལ་དེ་བཞིན་གཤེགས་པ་ལྟར་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱང་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཇི་ལྟ་བུ་དག་འཚལ་བ་དེ་ལྟ་བུ་དག་མངོན་པར་འགྲུབ་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཀུན་ཏུ་ནམ་མཁའི་དཀྱིལ་ནས་སིལ་སྙན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་སྒྲ་འཁྲོལ་བར་གྱུར་ཅིག །སིལ་སྙན་དེ་དག་ལས་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྒྲ་འབྱུང་བ་དང་། སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྒྲ་འབྱུང་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་མོས་པ་དེ་ལྟ་བུའི་སྒྲ་ཐོས་པར་འགྱུར་བ་མ་གཏོགས་པར་འདོད་པ་དང་ལྡན་པའི་སྒྲ་དག་མི་འབྱུང་བར་གྱུར་ཅིག །བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་སྙེད་མཐོང་བ་དག་ལས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བཀོད་པ་རྣམས་དང་། སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པའི་བཀོད་པ་རྣམས་མ་གཏོགས་པར་བཀོད་པ་དེ་དག་དང་། རྒྱན་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་། གནས་དེ་དག་དང་། ངོ་མཚར་དེ་དག་དང་། སྨོན་ལམ་དེ་དག་ཐམས་ཅད་བདག་གིས་སངས་རྒྱས་ཀྱི་ཞིང་ན་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་མ་མཆིས་པར་གྱུར་ཅིག །རི་རབ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་རྣམས་དང་། གོར་མ་དང་། རྡུལ་གྱི་རི་རྣམས་ཀྱང་མ་མཆིས་པར་གྱུར་ཅིག །རྒྱ་མཚོ་ཆེན་པོ་ཡང་མ་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ལྷའི་ལས་ཤིན་ཏུ་འདས་པའི་ཤིང་ལྗོན་པ་སྣ་ཚོགས་དག་དང་། ལྷའི་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་གིས་ཀུན་ཏུ་


DKG050_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གང་བར་གྱུར་པ་མ་གཏོགས་པར་ཤིང་ལས་གྲུབ་པའི་ལྗོན་པ་གཞན་དག་མ་མཆིས་པར་གྱུར་ཅིག །དེ་ན་དྲི་ང་མ་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་སྤོས་རྒྱ་ཆེ་ཞིང་ཡངས་པ་སྣ་ཚོགས་དག་གིས་ཁྱབ་པར་གྱུར་ཅིག །དེར་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་འབྱུང་བར་གྱུར་ཅིག །དེ་ན་སེམས་ཅན་གཅིག་ཀྱང་དེ་ནས་ཤི་འཕོས་ནས་དགའ་ལྡན་མ་གཏོགས་པར་གཞན་དུ་སྐྱེ་བར་མི་འགྱུར་ཞིང་། དེ་ནས་ཤི་འཕོས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་གིས་ཇི་སྲིད་དུ་སྐྱེས་བུ་ཆེན་པོའི་རྩལ་རྣམ་པ་དེ་ལྟ་བུ་དག་མངོན་པར་མ་བསྒྲུབས་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ། །སངས་རྒྱས་ཀྱི་ཞིང་དེ་ལྟར་གཞག་པར་བགྱི་སྟེ། སངས་རྒྱས་ཀྱི་ཞིང་དེ་དེ་ལྟ་བུའི་སེམས་ཅན་བསམ་པ་དག་པ་དག་དང་། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དང་བཅས་པ་དག་གིས་ཀུན་ཏུ་བལྟམ་སྟེ་གཞག་པར་བགྱིའོ། །དེར་བྱང་ཆུབ་སེམས་དཔའ་གང་བདག་གིས་དང་པོར་བྱང་ཆུབ་ཡང་དག་པར་འཛིན་དུ་མ་སྩལ་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མ་བཙུད་པ་དག་མ་མཆིས་པར་གྱུར་ཅིག །གང་དག་བདག་གིས་དང་པོར་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བཙུད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དེར་སྐྱེ་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་འདི་ཡང་དེ་ཉིད་ཀྱི་ཁོངས་སུ་གཏོགས་པར་བགྱི་ཞིང་འདི་དག་ཐམས་ཅད་ཀྱི་སྡུག་བསྔལ་ཡང་རབ་ཏུ་ཞི་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔར་གྱུར་ཅིང་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བསྒྲུབས་ནས་དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བདག་གི་བྱང་ཆུབ་ཀྱི་ཤིང་ནི་རིན་པོ་ཆེ་སྣ་བདུན་རྣམ་པར་བཀྲ་བར་སྣང་བ་ཞེས་བགྱི་བར་འགྱུར་ཞིང་། སྦོམས་སུ་ནི་གླིང་བཞི་པ་ཁྲི་མཆིས་པར་གྱུར་ལ།


DKG050_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ར་ཁོར་ཡུག་གི་ཁྱོན་ནི་སྟོང་གསུམ་པ་བཅུ་མཆིས་པར་གྱུར་ཅིག །བྱང་ཆུབ་ཀྱི་ཤིང་དེའི་དྲི་དང་། འོད་ཀྱིས་སངས་རྒྱས་ཀྱི་ཞིང་མཐའ་དག་ཁྱབ་པར་གྱུར་ཅིག །དེའི་དྲུང་དུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་རྡོ་རྗེའི་གདན་རབ་ཏུ་ཞི་བ་བཟོད་པའི་ཡེ་ཤེས་ཤིན་ཏུ་འབྱེད་པའི་དྲི་ལ་ཡང་དག་པར་གཞོལ་བ་ཞེས་བགྱི་བ་གླིང་བཞི་པ་ལྔའི་ཁྱོན་ཙམ་མཆིས་ལ་འཕང་དུ་ནི་དཔག་ཚད་བརྒྱད་སྟོང་བཞི་བརྒྱ་མཆིས་པར་གྱུར་ཅིག །བྱང་ཆུབ་ཀྱི་ཤིང་དེའི་དྲུང་དུ་རྡོ་རྗེའི་གདན་ལ་བདག་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས་ཡུད་ཙམ་དེ་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་བར་དུ་སྐྱིལ་མོ་ཀྲུང་དེ་མི་འཇིག་མི་འགྲོལ་བར་འགྱུར་ཞིང་། བྱང་ཆུབ་ཀྱི་ཤིང་དེའི་དྲུང་ནས་མི་ལྡང་བར་གྱུར་ཅིག །བདག་བྱང་ཆུབ་ཀྱི་ཤིང་དྲུང་དུ་གནས་ཤིང་རྡོ་རྗེའི་གདན་ལ་མཆིས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲུལ་པ་དག་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་གཞན་དག་ཏུ་འགྱེད་པར་གྱུར་ཅིག །སངས་རྒྱས་རེ་རེས་ཀྱང་སྔ་དྲོ་གཅིག་ལ་སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་དེ་ཉིད་ཀྱི་སྔ་དྲོ་ལ་ཡང་སེམས་ཅན་བགྲང་བ་ལས་འདས་པ་སྙེད་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་སྩོལ་བ་དང་། རབ་ཏུ་འགོད་པ་དང་། ཕྱིར་མི་ལྡོག་པ་ལ་འགོད་པར་གྱུར་ཅིག །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྲུལ་པ་དག་ཀྱང་བྱང་ཆུབ་སེམས་དཔའི་བྱ་བ་བགྱིད་པར་གྱུར་ཅིག །བདག་གིས་བྱང་ཆུབ་ཐོབ་པ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་ཡང་དག་པར་འདས་པ་གཞན་དག་ཏུ་ཡང་བདག་གི་ལུས་གདའ་བར་གྱུར་ཅིག །སེམས་ཅན་གང་དག་གི་མིག་གི་དབང་པོས་བདག་གི་ལུས་མཚན་གྱིས་བརྒྱན་པ་མཐོང་བར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག །སེམས་ཅན་དེ་དག་བྱང་ཆུབ་ཅིང་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་ཡང་སངས་རྒྱས་


DKG050_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་འགྱུར་ཞིང་དེར་དབང་པོ་རྣམས་མ་ཚང་བར་མ་གྱུར་ཅིག །དེ་ན་བྱང་ཆུབ་སེམས་དཔའ་གང་དག་བདག་ལ་ལྟ་བར་འཚལ་བ་དེ་དག་གང་དང་གང་དུ་མཆི་བ་དང་། སླར་ལྡོག་པ་དང་། འཆག་པ་དང་། འགྲེང་བ་དང་། མཆིས་པ་ན་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཡིད་ལ་བགྱིད་པའི་སེམས་བསྐྱེད་མ་ཐག་ཏུ་བདག་བྱང་ཆུབ་ཀྱི་ཤིང་དྲུང་ན་མཆིས་པ་མཐོང་བར་གྱུར་ཅིག །མཐོང་ནས་ཀྱང་གང་དག་ཆོས་ལ་ཐེ་ཙོམ་དུ་གྱུར་པ་དེས་མཐོང་མ་ཐག་ཏུ་དེ་དང་བྲལ་བར་གྱུར་ནས།ཐེ་ཙོམ་ལས་གྲོལ་བར་གྱུར་ཅིང་ཆོས་ཀྱི་ཚིག་མ་བསྟན་པའི་དོན་ཀྱང་འཚལ་བར་གྱུར་ཅིག །བདག་གི་ཚེ་ནི་དཔག་ཏུ་མ་མཆིས་པར་གྱུར་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པར་གཞན་སུས་ཀྱང་བགྲང་བར་རྔོ་མི་ཐོགས་པར་གྱུར་ཅིག །དེ་ན་བྱང་ཆུབ་སེམས་དཔའ་དག་ཀྱང་དཔག་ཏུ་མ་མཆིས་པར་གྱུར་ཅིག །སྐད་ཅིག་གང་ལ་བདག་སངས་རྒྱས་ཀྱི་ཞིང་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་བར་གྱི་སྐད་ཅིག་དེ་ཉིད་ལ་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྐྲ་བྲེགས་ཤིང་ཆོས་གོས་ངུར་སྨྲིག་འཚལ་བ་ཤ་སྟག་འབྱུང་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གཅིག་ཀྱང་སྐྲ་རིང་ཞིང་གོས་དཀར་པོ་འཚལ་བར་མི་འགྱུར་ལ་ཐམས་ཅད་ཀྱང་དགེ་སྦྱོང་གི་ཁ་དོག་ཏུ་འགྱུར་ཞིང་དགེ་སྦྱོང་གི་ཚུལ་དུ་གནས་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཁྱོད་ཀྱང་མཁས་ཤིང་གསལ་ལ་ཡིད་གཞུངས་པ་ཡིན་ཏེ། ཁྱོད་ཀྱིས་ནི་སྨོན་ལམ་ཤིན་ཏུ་བཟང་པོར་བཏབ་བོ། །རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་ཡོན་ཏན་དང་ལྡན་ཞིང་ཤིན་ཏུ་ཡེ་ཤེས་དང་ལྡན་པས་ནི་གང་གི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དེ་ལྟར་རབ་དང་མཆོག་གི་བློ་གྲོས་བཀྲ་ཤིས་པར་བྱས་ཤིང་། སངས་རྒྱས་


DKG050_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞིང་གི་ཡོན་ཏན་བཀོད་པ་རབ་མཆོག་ཡོངས་སུ་བཟུང་བས་དེའི་ཕྱིར་རིགས་ཀྱི་བུ་ཁྱོད་འཇམ་དཔལ་ཞེས་བྱ་བར་གྱུར་ཅིག །འཇམ་དཔལ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་འདས་ནས་གྲངས་མེད་པ་གསུམ་པ་ལ་བབ་པ་ན་ལྷོ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་དག་པ་རྡུལ་བྲལ་ཡང་དག་བསགས་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེར་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱང་འདུས་ཤིང་ཁོངས་སུ་ཆུད་པར་འགྱུར་ལ། སངས་རྒྱས་ཀྱི་ཞིང་དེར་དེ་ལྟ་བུའི་ཡོན་ཏན་བཀོད་པ་འབྱུང་བར་འགྱུར་ཏེ། འཇམ་དཔལ་ཁྱོད་ནི་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་གཟིགས་ཞེས་བྱ་བར་འགྱུར་རོ། །ཁྱོད་ཀྱི་བྱང་ཆུབ་སེམས་དཔའི་འཁོར་ཀྱང་དེ་ལྟ་བུར་ཡོངས་སུ་དག་པར་འགྱུར་རོ། །ཁྱོད་བྱང་ཆུབ་སེམས་དཔར་གྱུར་པ་ན་ཇི་ལྟར་སྨོན་ལམ་བཏབ་པ་ལྟར་ཁྱོད་ཀྱི་སྨོན་ལམ་དེ་དག་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ཏེ། དེ་བས་ན་ཁྱོད་ནི་སངས་རྒྱས་བྱེ་བ་ཕྲག་མང་པོ་ལས་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །འཇམ་དཔལ་དེའི་ཕྱིར་ཁྱོད་ནི་སེམས་ཅན་རྣམས་ཀྱི་སྨན་ལྟ་བུར་འགྱུར་ཞིང་བསམ་པ་ཡོངས་སུ་སྦྱོང་བར་བྱེད་པར་འགྱུར་ལ། ཉོན་མོངས་པ་ཡོངས་སུ་འཇོམས་པར་བྱེད་པ་དང་། དགེ་བའི་ཕྱོགས་རྣམ་པར་འཕེལ་བར་བྱེད་པར་ཡང་འགྱུར་རོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བདག་གིས་ཇི་ལྟར་སྨོན་ལམ་བཏབ་པའི་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པ་རྣམས་ཀྱིས་བདག་ལུང་སྟོན་པར་མཛད་ཅིང་། དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མ་


DKG050_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་གྲངས་མ་མཆིས་པ་དག་ཀྱང་རབ་ཏུ་གཡོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་འདི་ལྟ་སྟེ་དཔེར་བགྱི་ན། བྱང་ཆུབ་སེམས་དཔའ་བསམ་གཏན་གཉིས་པ་ལ་རྩེ་བའི་བཀོད་པ་ལ་སྙོམས་པར་ཞུགས་པ་དེ་ལྟ་བུའི་བདེ་བ་དང་ལྡན་པར་གྱུར་ཅིག །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་ནས་ཀྱང་ལྷའི་མེ་ཏོག་མན་དཱ་ར་བ་དག་གི་ཆར་ཡང་རབ་ཏུ་འབབ་པར་གྱུར་ཅིག །མེ་ཏོག་མན་དཱ་ར་བ་དེ་དག་ལས་ཀྱང་འདི་ལྟ་བུའི་སྒྲ་འབྱུང་བར་གྱུར་ཅིག །འདི་ལྟ་སྟེ་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྒྲ་དང་། སྟོབས་དང་། མི་འཇིགས་པའི་སྒྲ་དག་འབྱུང་བར་གྱུར་ཅིག །གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཡན་ལག་ལྔས་ཕྱག་འཚལ་བ་དེའི་ཚེ་དེ་ལྟ་བུའི་མཚན་མ་དག་འབྱུང་བར་གྱུར་ཅིག །གང་གི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་པ་དེའི་ཚེ་སྐད་ཅིག་དེ་ཉིད་ལ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་རབ་ཏུ་གཡོས། ལྷའི་མེ་ཏོག་མན་དཱ་ར་བ་དག་གི་ཆར་ཡང་རབ་ཏུ་བབ། སེམས་ཅན་ཐམས་ཅད་ཀྱང་ཇི་ལྟར་སྨོན་ལམ་བཏབ་པ་དེ་ལྟ་བུའི་བདེ་བ་དང་ལྡན་པར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཆོས་ཉན་པ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རྒྱུ་གང་དང་རྐྱེན་གང་གིས་ན་འདི་ལྟ་བུའི་མཚན་མ་དག་བྱུང་བར་གྱུར་ཅེས་ཡོངས་སུ་ཞུས་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་མཆོག་རབ་ཡངས་པའི་བློ་དང་ལྡན་པ་ལོངས། །ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས་ཀྱིས་ཁྱོད་ལུང་བསྟན། །ས་གཡོས་སེམས་ཅན་རྣམས་ཀྱང་བདེ་བས་ཚིམ་པར་གྱུར། །མེ་ཏོག་ཆར་པ་རབ་འབབ་འཇིག་རྟེན་སངས་རྒྱས་


DKG050_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར།། །།བམ་པོ་དྲུག་པ། རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་བཞི་པ་ཉོན་མོངས་མེད་ཅེས་བྱ་བ་ལ་བོས་པ་དང་། ཇི་ལྟར་འཇམ་དཔལ་གྱིས་སྨོན་ལམ་བཏབ་པ་ལྟར་སྔ་མ་བཞིན་དུ་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔར་གྱུར་པ་ན་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གི་ཉོན་མོངས་པའི་རི་འཇོམས་པར་འགྱུར་ཞིང་། སངས་རྒྱས་ཀྱི་མཛད་པ་ཡང་བྱེད་པར་འགྱུར་ལ། དེའི་འོག་ཏུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་རིགས་ཀྱི་བུ་དེའི་ཕྱིར་ཁྱོད་རྡོ་རྗེས་གཅོད་པའི་ཤེས་རབ་སྣང་བའི་དཔལ་ཞེས་བྱ་བར་གྱུར་ཅིག །རྡོ་རྗེས་གཅོད་པ་ཤེས་རབ་སྣང་བའི་དཔལ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་མིག་མི་འཛུམས་ཞེས་བྱ་བ་ཞིག་ཡོད་དེ། རིགས་ཀྱི་བུ་ཁྱོད་དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་ཡང་སྨོན་ལམ་ཇི་ལྟར་བཏབ་པ་དེ་ལྟ་བུའི་ཡོན་ཏན་བཀོད་པ་དུ་མ་དང་ལྡན་པར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས། བྱང་ཆུབ་སེམས་དཔའ་རྡོ་རྗེས་གཅོད་པ་ཤེས་རབ་སྣང་བའི་དཔལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་མ་


DKG050_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཏུ་ནམ་མཁའི་དཀྱིལ་ནས་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ལེགས་སོ་ཞེས་བྱ་བ་བྱིན་ནས་ཙན་དན་ས་མཆོག་པ་དང་། ཙན་དན་སྦྲུལ་གྱི་སྙིང་པོ་དང་། ཨ་ག་རུ་དང་། རྒྱ་སྤོས་དང་། ཏ་མ་ལའི་ཕྱེ་མའི་ཆར་ཡང་རབ་ཏུ་ཕབ་བོ། །དེས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཡན་ལག་ལྔས་ཕྱག་འཚལ་བ་དེའི་ཚེ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལྷའི་ལས་ཤིན་ཏུ་འདས་པའི་སྤོས་རྒྱ་ཆེན་པོས་ཁྱབ་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་དེར་སེམས་ཅན་དམྱལ་བ་པའམ། དུད་འགྲོའི་སྐྱེ་གནས་པའམ། གཤིན་རྗེའི་འཇིག་རྟེན་པའམ། ལྷའམ། མིའམ། སེམས་ཅན་གང་དག་སྐྱེས་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་དྲི་དེ་ཚོར་བར་འགྱུར་ཞིང་། ཇི་སྲིད་དུ་བདག་གི་མགོ་བོ་ས་ལ་རེག་པ་དེ་སྲིད་དུ་དེ་དག་གི་ལུས་ཀྱི་ནད་དང་། ལུས་ཀྱི་སྡུག་བསྔལ་བ་དང་། སེམས་ཀྱི་ནད་དང་། སེམས་ཀྱི་སྡུག་བསྔལ་བ་དག་ཀྱང་མྱུར་དུ་རབ་ཏུ་ཞི་བར་གྱུར་ཅིག །རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེས་གཅོད་པ་ཤེས་རབ་སྣང་བའི་དཔལ་གྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་པ་དང་། དེ་ནས་དེའི་མོད་ལ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་ལྷའི་ལས་ཤིན་ཏུ་འདས་པའི་སྤོས་རྒྱ་ཆེན་པོས་ཁྱབ་པར་གྱུར། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནད་དང་། སེམས་ཀྱི་ནད་དང་། ལུས་ཀྱི་སྡུག་བསྔལ་དང་། སེམས་ཀྱི་སྡུག་བསྔལ་བ་ཡང་རབ་ཏུ་ཞི་ཞིང་རྒྱུན་ཆད་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེས་འཇོམས་པར་བྱེད་པ་ལོངས། །ཞིང་མང་སྤོས་ཀྱིས་ཁྱབ་གྱུར་ཏེ། །སེམས་ཅན་བདེ་དང་དགའ་བྱེད་པ། །འཇིག་རྟེན་མཆོག་གི་ཡབ་ཏུ་འགྱུར། །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་ལྔ་པ་འཇིགས་མེད་ཅེས་བྱ་བ་ལ་ཡང་སྔ་མ་བཞིན་དུ་སྦྱར་ཏེ། བཙུན་པ་བཅོམ་


DKG050_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་བདག་ནི་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་འདི་འབའ་ཞིག་ཏུ་མ་ལགས་ཀྱི་གང་ན་སེམས་ཅན་དམྱལ་བ་མ་མཆིས་པ་དང་། དུད་འགྲོའི་སྐྱེ་གནས་མ་མཆིས་པ་དང་། གཤིན་རྗེའི་འཇིག་རྟེན་མ་མཆིས་པར་འགྱུར་བ་དང་། གང་ན་ས་གཞི་བཻ་དཱུརྱ་སྔོན་པོ་ལས་གྲུབ་པར་འགྱུར་བ་དང་། རྒྱ་ཆེར་ནི་འཇིག་རྟེན་གྱི་ཁམས་པད་མའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་དེ་ལྟར་བརྗོད་པར་བྱ་སྟེ། དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ་ཞེས་རྒྱལ་བུ་འཇིགས་མེད་ཀྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་པད་མ་བཞག་སྟེ་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱི་མཐུས་བདག་གིས་ཏིང་ངེ་འཛིན་བཀོད་པ་སྣང་བ་ཞེས་བགྱི་བ་ཐོབ་པར་འགྱུར་ཞིང་། དེས་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་པད་མ་ཤིང་རྟའི་ཕང་ལོ་ཙམ་པའི་མེ་ཏོག་གི་ཆར་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་རབ་ཏུ་འབེབས་པར་འགྱུར་ལ། བདག་གིས་ཀྱང་མཐོང་བར་གྱུར་ཅིག །ཚིག་དེ་བརྗོད་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་ཏིང་ངེ་འཛིན་སྣང་བ་བཀོད་པ་ཞེས་བྱ་བ་ཐོབ་པར་གྱུར་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་པད་མ་ཤིང་རྟའི་ཕང་ལོ་ཙམ་པའི་མེ་ཏོག་གི་ཆར་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཀྱང་རབ་ཏུ་བབ་པར་གྱུར་ཏོ། །རྒྱལ་བུ་གཞོན་ནུ་འཇིགས་མེད་ཀྱིས་དེ་མཐོང་ནས་ཤིན་ཏུ་དགའ་ཞིང་ཡིད་བདེ་བ་སྐྱེས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ནི་ཤིན་ཏུ་སྨོན་ལམ་བཟང་པོ་བཏབ་སྟེ། སངས་རྒྱས་ཀྱི་ཞིང་བཟང་པོ་ཡང་ཡོངས་སུ་བླངས། ཁྱོད་ཀྱིས་ཏིང་ངེ་འཛིན་ཀྱང་ཤིན་ཏུ་མྱུར་བར་ཐོབ། བདེན་པའི་ཚིག་གིས་པད་མའི་ཆར་ཡང་རབ་ཏུ་བབ་བོ། །དེས་གསོལ་པ། གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་


DKG050_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཏུ་རེ་བ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་པད་མ་འདི་དག་ནམ་མཁའ་ལ་གནས་པར་གྱུར་ལ། དེ་ལྟར་ནམ་མཁའ་ལ་གནས་ནས་ཆར་བཞིན་དུ་ཡང་བབ་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ནམ་མཁའ་ལ་པད་མ་དག་གིས་ཤིན་ཏུ་མྱུར་བར་རྒྱས་བཏབ་པས་ན་དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱང་ནམ་མཁའི་ཕྱག་རྒྱ་ཞེས་བྱ་བར་གྱུར་ཅིག །ནམ་མཁའི་ཕྱག་རྒྱ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་གྲངས་མེད་པ་གཉིས་པ་ལ་བབ་པ་ན་ཤར་ལྷོའི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བྱེ་བ་ཕྲག་འབུམ་གྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་པད་མ་ཞེས་བྱ་བ་ཞིག་ཡོད་དེ། ཁྱོད་དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་འབའ་ཞིག་གི་དགེ་འདུན་ཡང་ཚད་མེད་པར་འགྱུར་ལ། ཁྱོད་ཀྱི་ཚེ་ཡང་དཔག་ཏུ་མེད་པར་འགྱུར་ཏེ། ཇི་ལྟར་སྨོན་ལམ་བཏབ་པའི་ཡོན་ཏན་དེ་དག་ཐམས་ཅད་དང་ལྡན་པ་ཡང་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་ཕྱག་རྒྱས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་མགོ་བོས་གཏུགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་མོངས་རྙོག་པ་ཞི་བར་བྱེད་གྱུར་ཅིང་། །ཞིང་རྡུལ་སྙེད་ཀྱི་ཡོན་ཏན་འཆང་གྱུར་པ། །སྔོན་གྱི་རྒྱལ་བཞིན་བྱང་ཆུབ་འཐོབ་འགྱུར་ཞིང་། །འགྲོ་བ་དག་ལ་ཕན་པ་བྱེད་པར་འགྱུར། །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་དྲུག་པ་ནམ་མཁའ་ཞེས་བྱ་བ་ལ་སྨྲས་པ་དང་། སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་འདི་འབའ་ཞིག་ཏུ་མ་ལགས་ཀྱི་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་ཕྱག་རྒྱས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་ནོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་


DKG050_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ནམ་མཁའ་ཐམས་ཅད་ལས་རིན་པོ་ཆེ་སྣ་བདུན་གྱི་གདུགས་གསེར་གྱི་དྲ་བ་དག་གིས་གཡོགས་པ། རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་དག་གིས་བརྒྱན་པ་དག་བྱུང་བར་འགྱུར་ཞིང་། གདུགས་དང་། དྲིལ་བུ་དང་། དྲ་བ་དེ་དག་ལས་ཀྱང་འདི་ལྟ་བུའི་སྒྲ་འབྱུང་བར་གྱུར་ཅིག །འདི་ལྟ་སྟེ། སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། ཕ་རོལ་ཏུ་ཕྱིན་པའི་སྒྲ་དང་། སྟོབས་ཀྱི་སྒྲ་དང་། མངོན་པར་ཤེས་པའི་སྒྲ་དང་། མི་འཇིགས་པའི་སྒྲ་དག་འབྱུང་ཞིང་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཀྱང་སྒྲ་དེ་ལྟ་བུ་དག་ཐོས་པར་གྱུར་ཅིག །དེ་དག་གིས་ཐོས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཅིག །སེམས་ཅན་གང་དག་སྔོན་འདིར་སེམས་བསྐྱེད་པར་གྱུར་པ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །ཚིག་དེ་སྐད་སྨྲས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་ནམ་མཁའི་དཀྱིལ་ཐམས་ཅད་ལས་དེ་ལྟ་བུའི་སྒྲ་དག་བྱུང་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །བཅོམ་ལྡན་འདས་ཀྱི་མཐུས་བདག་ཉིད་ཀྱིས་ཀྱང་མཐོང་ནས་དེས་ཡང་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གིས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན་དེའི་སླད་དུ་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡེ་ཤེས་རྣམ་པར་སྣང་བྱེད་ཅེས་བགྱི་བའི་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་ཞིང་དེས་བདག་གི་དགེ་བའི་ཆོས་རྣམས་གྲུབ་པར་གྱུར་ཅིག །ཏིང་ངེ་འཛིན་ཐོབ་ནས་ཀྱང་བཅོམ་ལྡན་འདས་ཀྱིས་བདག་ལ་ལུང་སྟོན་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱི་མཐུས་ཡེ་ཤེས་རྣམ་པར་སྣང་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ཐོབ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ནི་སྨོན་ལམ་


DKG050_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོ་བཏབ་སྟེ། ཁྱོད་ཀྱི་བསོད་ནམས་ཀྱི་རྒྱུ་འཐུན་པ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་མང་པོ་དག་ཚད་གཅིག་ཏུ་གྱུར་ལ་ཡིད་དུ་འོང་བའི་སྒྲ་འབུམ་ཕྲག་མང་པོ་དག་གིས་བསྐུལ་བའི་སངས་རྒྱས་ཀྱི་ཞིང་དེར་རིགས་ཀྱི་བུ་ཁྱོད་རྣམ་པར་སྣང་བྱེད་ཅེས་བྱ་བར་གྱུར་ཅིག །རྣམ་པར་སྣང་བྱེད་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ནས་གྲངས་མེད་པ་གཉིས་པ་ལ་བབ་པ་ན། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཉི་ཟླ་ཞེས་བྱ་བ་ཞིག་ཡོད་དེ། དེར་ཁྱོད་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ལ་དབང་སྒྱུར་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བྱེད་ཀྱིས། བཅོམ་ལྡན་འདས་ཀྱིས་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། བརྟུལ་ཞུགས་བཟང་པོ་རབ་དགའ་སེམས་དུལ་ལོངས། །བླ་མེད་སངས་རྒྱས་བྱང་ཆུབ་མ་གཏོགས་པར། །སེམས་ཅན་དག་ལ་སྙིང་རྗེ་ཆེར་སྐྱེད་ལ། །སྡུག་བསྔལ་རྒྱ་མཚོའི་མཐར་གནས་སེམས་ཅན་སྒྲོལ། །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་བདུན་པ་ཡན་ལག་སྐྱེས་ཞེས་བྱ་བ་ལ་སྨྲས་པ་དང་། སྔ་མ་བཞིན་དུ་སྦྱར་ཏེ། བདག་ནི་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་འདི་འབའ་ཞིག་ཏུ་མ་ལགས་ཀྱི་གང་ན་སེམས་ཅན་དམྱལ་བ་མ་མཆིས་པ་དང་། དུད་འགྲོའི་སྐྱེ་གནས་མ་མཆིས་པ་དང་། གཤིན་རྗེའི་འཇིག་རྟེན་མ་མཆིས་པ་དང་། བུད་མེད་མ་མཆིས་པ་དང་། སེམས་ཅན་མངལ་ན་གནས་པ་དག་མ་མཆིས་པ་དང་། རི་རབ་མ་མཆིས་པ་དང་། ཁོར་ཡུག་མ་མཆིས་པ་དང་། ཁོར་ཡུག་ཆེན་པོ་དག་མ་མཆིས་པ་དང་། བྲག་དང་རི་དག་མ་མཆིས་པ་དང་། མཐོ་དམན་དང་། གསེག་མ་དང་།


DKG050_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གྱོ་མོ་དང་། ཚེར་མ་དང་། ཚང་ཚིང་དག་མ་མཆིས་པ་དང་། ཤིང་ལྗོན་པ་དག་མ་མཆིས་པ་དང་། རྒྱ་མཚོ་ཆེན་པོ་དག་མ་མཆིས་པ་དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །དེ་ན་ཉི་མ་དང་ཟླ་བ་དག་མ་མཆིས་པ་དང་། སྐར་མའི་གཟུགས་རྣམས་མ་མཆིས་པ་དང་། ཉིན་མོ་དང་མཚན་མོ་མ་མཆིས་པ་དང་། མུན་པ་ཐིབས་པོ་མ་མཆིས་པ་དང་། དེ་ན་སེམས་ཅན་རྣམས་ལ་བཤང་བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དག་མ་མཆིས་པ་དང་། ལུས་ཀྱི་རྔུལ་དང། དྲི་ང་བ་མ་མཆིས་པ་དང་། སེམས་ཅན་རྣམས་ལ་ལུས་ངལ་བ་མ་མཆིས་པ་དང་། སེམས་ངལ་བ་མ་མཆིས་པར་གྱུར་ཅིག །དེ་ན་འཐུལ་བ་མ་མཆིས་པར་གྱུར་ཅིག །དེ་ན་ས་གཞི་ཐམས་ཅད་རིན་པོ་ཆེའི་རྡོའི་སྙིང་པོ་ལས་གྲུབ་པར་གྱུར་ཅིག །རིན་པོ་ཆེ་འབུམ་ཕྲག་དུ་མས་བརྒྱན་ཅིང་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་བཀྲམ་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེར་རིན་པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་དག་གིས་བརྒྱན་པར་གྱུར་ཅིག །རིན་པོ་ཆེའི་ཤིང་ལྗོན་པ་དེ་དག་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བ་དག་གིས་བརྒྱན་པར་གྱུར་ཅིག །རིན་པོ་ཆེ་སྣ་ཚོགས་ཀྱི་རས་བཅོས་བུ་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་གོས་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ལྷབ་ལྷུབ་ཀྱི་རྒྱན་གྱིས་བརྒྱན་པར་གྱུར་ཅིག །རིན་པོ་ཆེའི་ཤིང་ལྗོན་པ་དེ་དག་ལ་མེ་ཏོག་ཕྲེང་སྣ་ཚོགས་དག་དང་། རོལ་མོའི་སྒྲ་སྣ་ཚོགས་དག་དང་། རིན་པོ་ཆེའི་སྣོད་སྣ་ཚོགས་དག་དང་། རིན་པོ་ཆེའི་མེ་ཏོག་སྣ་ཚོགས་དག་གིས་བརྒྱན་པར་གྱུར་ཅིག །དེ་ན་གང་གི་ཚེ་མེ་ཏོག་དག་ཁ་ཟུམས་ཤིང་རོལ་མོའི་སྒྲ་དག་མི་གྲག་པ་མ་གཏོགས་པར་མཚན་མོ་མི་མངོན་པར་གྱུར་ཅིག །མེ་ཏོག་ཁ་ཟུམས་པ་དེ་དག་ལས་བྱང་ཆུབ་སེམས་དཔའ་དག་སྐྱེ་བར་གྱུར་ཅིག །དེར་བྱང་ཆུབ་སེམས་དཔའ་སྙོམས་པར་ཞུགས་པ་ན་ཏིང་ངེ་འཛིན་སྣང་བ་བཀོད་པ་ཞེས་བགྱི་བ་ཐོབ་པར་གྱུར་ཅིག །


DKG050_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་དེ་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དག་ན་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་མཐོང་བར་གྱུར་ཅིག །སྐད་ཅིག་དེ་ཉིད་ལ་གང་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དག་གི་སངས་རྒྱས་ཀྱི་ཞིང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་དག་ཆོས་འཆད་པ་ཐོས་པར་འགྱུར་བ་དེ་ལྟ་བུའི་ལྷའི་རྣ་བ་རྣམ་པར་དག་པ་ཐོབ་པར་གྱུར་ཅིག །སེམས་ཅན་དག་སྐྱེས་མ་ཐག་ཏུ་ཐམས་ཅད་ཀྱིས་ཚེ་རབས་རྗེས་སུ་དྲན་པར་འགྱུར་ཞིང་། དེ་དག་གིས་བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་རྗེས་སུ་དྲན་པར་གྱུར་ཅིག །སེམས་ཅན་དེ་དག་སྐྱེས་མ་ཐག་ཏུ་ཐམས་ཅད་ཀྱིས་ཕྱོགས་བཅུ་ཀུན་ཏུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ། སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་མཐོང་བར་འགྱུར་བ་དེ་ལྟ་བུའི་ལྷའི་མིག་ཐོབ་པར་གྱུར་ཅིག །སེམས་ཅན་དེ་དག་སྐྱེས་མ་ཐག་ཏུ་ཐམས་ཅད་ཀྱིས་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་སེམས་ཅན་ཐམས་ཅད་སེམས་ཀྱི་སྤྱོད་པ་འཚལ་བར་འགྱུར་བ་དེ་ལྟ་བུའི་ཕ་རོལ་གྱི་སེམས་ཤེས་པ་ལ་མཁས་པ་དང་ལྡན་པར་འགྱུར་ཞིང་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་ཅིང་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་ཏིང་ངེ་འཛིན་དེ་ཆུད་མི་ཟ་བར་གྱུར་ཅིག །ནང་པར་སྔར་ཕྱོགས་བཞི་ནས་དྲི་ཤིན་ཏུ་བདའ་ཞིང་དགའ་བར་བགྱིད་ལ་འཇམ་ཞིང་རེག་ན་བདེ་བའི་བསེར་མའི་ངད་ལྡང་བར་འགྱུར་ཞིང་མེ་ཏོག་དེ་དག་ཀྱང་ཁ་འབྱེད་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཏིང་ངེ་འཛིན་དེ་དག་ལས་ལངས་ཤིང་། མེ་ཏོག་གི་ཟེ་བ་དེ་དག་ལས་ལྡང་བར་གྱུར་ཅིག །གང་གིས་སེམས་ཀྱི་སྐད་ཅིག་གཅིག་གིས་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཏུ་མཆིས་ཤིང་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ། འཚོ་ཞིང་གཞེས་པ་རྣམས་ལ་ཕྱག་བགྱིས་ནས་སླར་ལྡོག་པར་


DKG050_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་གྱི་ཡུལ་ཡང་ཐོབ་པར་གྱུར་ཅིག །དེ་ན་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོའི་ཟེ་བ་དག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་མཆི་བར་འགྱུར་ཞིང་ཆོས་ཀྱི་བདེ་བ་ཡིད་ལ་བགྱིད་པས་དེ་བཞིན་གཤེགས་པ་ལ་ལྟ་བར་གྱུར་ཅིག །གང་དང་གང་དུ་མཆིས་སམ་ལྡོག་པའི་ཕྱོགས་ཐམས་ཅད་དུ་བདག་ཀྱང་མཐོང་བར་གྱུར་ཅིག །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་རྣམས་ལ་ནེམ་ནུར་དང་ཡིད་གཉིས་དང་ཐེ་ཙོམ་ཇི་ལྟ་བུ་དག་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་བདག་ལ་བལྟས་ཤིང་མཐོང་བ་ཙམ་གྱིས་བྲལ་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཆོས་བསྟན་པ་ཇི་ལྟ་བུ་དག་འཚལ་བ་དེ་ལྟ་བུའི་ཆོས་བསྟན་པ་དག་བདག་ལ་བལྟས་པ་ཙམ་གྱིས་འཚལ་བར་གྱུར་ཅིག །དེ་ན་སེམས་ཅན་རྣམས་བདག་གི་བ་མ་མཆིས་ཤིང་། ཡོངས་སུ་འཛིན་པ་མ་མཆིས་པར་འགྱུར་ཞིང་། ཐ་ན་རང་གི་ལུས་དང་སྲོག་ལ་ཡང་དོན་དུ་གཉེར་བ་མ་མཆིས་པར་གྱུར་ཅིག །དེ་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱིར་མི་ལྡོག་པ་ཤ་སྟག་ཏུ་གྱུར་ཅིག །དེ་ན་མི་དགེ་བའི་མིང་ཡང་མ་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་བསླབ་པ་ལེན་པའི་མིང་ཡང་མ་མཆིས་ལ། ལྟུང་བྱེད་ལས་སློང་བའི་བར་གྱི་བཀའ་མཆིད་ཀྱང་མ་མཆིས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་གྱུར་ཅིག །ཐམས་ཅད་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པར་གྱུར་ཅིག །དེ་ན་བྱང་ཆུབ་ཅིང་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སེམས་ཅན་གཅིག་ཀྱང་དབང་པོ་མ་ཚང་བར་མ་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་སར་པ་དག་འཚལ་བཞིན་དུ་སྐྱེ་བར་གྱུར་ཅིག །ཤིན་ཏུ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་ཞིང་བྱང་ཆུབ་ཀྱི་མཐའི་བར་དུ་ཡང་ཆུད་མི་ཟ་བར་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་ཀྱང་དགེ་བའི་རྩ་བ་དང་འགྲོགས་པར་གྱུར་ཅིག །སངས་


DKG050_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ཐམས་ཅད་ལ་ན་བ་དང་རྒ་བའི་སྡུག་བསྔལ་མ་མཆིས་པར་གྱུར་ཅིག །སེམས་ཅན་གང་དག་ཚེ་ཡོངས་སུ་བས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་སྐྱིལ་མོ་ཀྲུང་གིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཞིང་རང་གི་ལུས་ལས་མེའི་ཁམས་བྱུང་སྟེ། དེས་རང་གི་ལུས་བསྲེགས་པར་གྱུར་ནས་ཕྱོགས་བཞི་ནས་བསེར་མ་དག་ལངས་ཤིང་དེ་དག་གིས་བྱང་ཆུབ་སེམས་དཔའི་སྐུ་གདུང་དེ་དག་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ཏུ་འཐོར་ཞིང་། འདི་ལྟ་སྟེ་དཔེར་བགྱི་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ནོར་བུ་རིན་པོ་ཆེའི་འོད་གསལ་བ་དེ་ལྟ་བུའི་ནོར་བུ་རིན་པོ་ཆེ་དག་ཀྱང་འབྱུང་བར་གྱུར་ཅིག །དེ་ན་སེམས་ཅན་གང་དག་གིས་ནོར་བུ་རིན་པོ་ཆེའི་འོད་དེ་དག་མཐོང་བར་གྱུར་ཏམ། ནོར་བུ་རིན་པོ་ཆེ་དེ་དག་མཐོང་བར་གྱུར་ཏམ། དེ་དག་ལ་རེག་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཅིང་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་མི་མྱོང་བར་གྱུར་ཅིག །དེ་དག་དེ་ནས་ཤི་འཕོས་ནས་ཀྱང་གང་ན་སངས་རྒྱས་བཅོམ་ལྡན་འདས་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པ་དེར་སྐྱེ་བར་གྱུར་ཅིག །སེམས་ཅན་དེ་དག་དེར་སྐྱེས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་པར་འགྱུར་ཞིང་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཡང་གྱུར་ཅིག །སེམས་བསྐྱེད་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པར་གྱུར་ཅིག །བདག་གི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་འགའ་ཡང་མཉམ་པར་མ་བཞག་པ་དང་། སྡུག་བསྔལ་གྱི་ཚོར་བ་དང་། གཅིག་ལ་གཅིག་འགུམས་པར་འགྱུར་བའི་གནོད་སེམས་ཀྱི་སེམས་དང་མ་བྲལ་བར་འགུམ་པའི་དུས་བགྱིད་པར་མ་གྱུར་ཅིག །དེ་སླན་ཆད་མི་ཁོམ་པ་རྣམས་སུ་སྐྱེ་བར་མ་གྱུར་ཅིག །སངས་རྒྱས་ཀྱི་ཞིང་སྟོང་པ་རྣམས་སུ་སྐྱེ་བར་མ་གྱུར་ཅིག །བྱང་ཆུབ་ཀྱི་མཐའི་བར་དུ་སངས་རྒྱས་མཐོང་བ་དང་མི་འབྲལ་བར་གྱུར་ཅིག །


DKG050_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་མི་འབྲལ་བར་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་ཐ་བ་དང་ཞེ་སྡང་བ་དང་། འཆབ་པ་དང་། ཕྲག་དོག་དང་། སེར་སྣ་དང་བྲལ་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་དང་རང་སངས་རྒྱས་རྣམ་པར་སྤངས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་ཤ་སྟག་གིས་གང་བར་གྱུར་ཅིག །སེམས་ཅན་གང་དག་དེར་སྐྱེ་བར་འགྱུར་བ་དག་འཇམ་པའི་སེམས་དང་། མཉེན་པའི་སེམས་དང་། ཁོན་མེད་པའི་སེམས་དང་། གདུག་པ་མེད་པའི་སེམས་དང་། ཞི་བའི་སེམས་དང་། མཉམ་པར་བཞག་པའི་སེམས་དང་ལྡན་པར་གྱུར་ཅིག །བདག་གི་སངས་རྒྱས་ཀྱི་ཞིང་དེ་འོད་གསལ་བར་གྱུར་ཅིག །བདག་གི་སངས་རྒྱས་ཀྱི་ཞིང་དེ་ཡོན་ཏན་ཆེན་པོ་བཀོད་པ་དང་ལྡན་པར་གྱུར་ཅིག །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་ནས་ཀྱང་བདའ་ཞིང་དྲིས་ཁྱབ་པར་གྱུར་ཅིག །དེ་ན་སེམས་ཅན་དག་རྟག་ཏུ་བདེ་བ་དང་ལྡན་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་སྡུག་བསྔལ་གྱི་སྒྲ་ཡང་མི་གྲག་པར་གྱུར་ཅིག །ཇི་སྲིད་དུ་བདག་བྱང་ཆུབ་སེམས་དཔར་གྱུར་ཅིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དེ་ལྟ་བུ་དག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཇོག་པར་འགྱུར་བ་དེ་སྲིད་དུ་བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ། །བསམ་པ་ཡོངས་སུ་དག་པའི་སེམས་ཅན་དེ་ལྟ་བུ་དག་གིས་སངས་རྒྱས་ཀྱི་ཞིང་དེ་ཁྱབ་པར་བཀོད་ལ་དེའི་འོག་ཏུ་བདག་སངས་རྒྱས་ཀྱི་ཞིང་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་བགྱིའོ། །བདག་བྱང་ཆུབ་ཐོབ་པ་ན། འོད་དཔག་ཏུ་མ་མཆིས་པར་གྱུར་ཅིག །ཕྱོགས་བཅུ་གཞན་དག་གི་སངས་རྒྱས་ཀྱི་ཞིང་སྟོང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཏུ་བདག་གི་ལུས་མཚན་གྱིས་བརྒྱན་པ་གདའ་བར་གྱུར་ཅིག །དེ་ན་སེམས་ཅན་གང་དག་གིས་བདག་མཐོང་བར་གྱུར་པའི་སེམས་ཅན་དེ་དག་གི་


DKG050_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་རབ་ཏུ་ཞི་བར་གྱུར་ཅིག །ཞེ་སྡང་དང་། གཏི་མུག་དང་། ཕྲག་དོག་དང་། ང་རྒྱལ་དང་། འཆབ་པ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཐམས་ཅད་བྱང་ཆུབ་ཏུ་སེམས་སྐྱེད་པར་གྱུར་ཅིག །ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམ་པ་ཇི་ལྟ་བུ་དག་འཚལ་བ་དེ་ལྟ་བུ་དག་ཀྱང་བདག་མཐོང་བས་ཐོབ་པར་གྱུར་ཅིག །དེ་ན་སེམས་ཅན་གང་དག་གྲང་བའི་སེམས་ཅན་དམྱལ་བར་སྐྱེས་པར་གྱུར་པ་དེ་དག་གིས་ཀྱང་བདག་མཐོང་བས་བདེ་བའི་ཚོར་བ་འབྱུང་བར་འགྱུར་ཞིང་། འདི་ལྟ་སྟེ་དཔེར་བགྱི་ན་དགེ་སློང་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་པ་དེ་ལྟ་བུའི་བདེ་བའི་ཚོར་བ་ཐོབ་པར་གྱུར་ཅིག །དེ་དག་གིས་བདག་མཐོང་ནས་ལུས་དང་སེམས་ཀྱི་བདེ་བ་མཆོག་དང་ལྡན་པར་གྱུར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་གྱུར་ཅིག །དེ་དག་དེ་ནས་ཤི་འཕོས་ནས་ཀྱང་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཞིང་། དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པར་གྱུར་ཅིག །སེམས་ཅན་གང་དག་ཡི་དགས་ཀྱི་གནས་རྣམས་སུ་སྐྱེས་པར་གྱུར་པ་དག་གིས་ཀྱང་བདག་མཐོང་བར་གྱུར་ཅིང་སྔ་མ་བཞིན་དུ་སྦྱར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པར་གྱུར་ཅིག །དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་ལ་ཡང་བརྗོད་པར་བགྱིའོ། །ལྷ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། བདག་གི་འོད་ཀྱང་ཉིས་གྱུར་དུ་སྣང་བར་གྱུར་ཅིག །བདག་གི་ཚེ་ཡང་དཔག་ཏུ་མ་མཆིས་པར་འགྱུར་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པར་སུས་ཀྱང་བགྲང་བར་རྔོ་མི་ཐོགས་པར་གྱུར་ཅིག །བདག་བྱང་ཆུབ་ཐོབ་པ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མ་མཆིས་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་གཞན་དག་གི་སངས་རྒྱས་བཅོམ་ལྡན་འདས་དག་གིས་གང་དག་བསྒྲགས་པར་འགྱུར་བ་བདག་གི་བསྔགས་པ་རྗོད་པར་གྱུར་ཅིག །དེ་ན་སེམས་ཅན་གང་དག་གིས་བདག་གི་བསྔགས་པ་ཐོས་


DKG050_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་དེ་དག་ཀྱང་བདག་གི་སངས་རྒྱས་ཀྱི་ཞིང་དེར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་གྱུར་ཅིག །དེ་དག་འགུམ་པའི་དུས་བགྱིས་ནས་ཀྱང་མཚམས་མ་མཆིས་པ་བགྱིད་པ་རྣམས་དང་། དམ་པའི་ཆོས་སྤོང་བ་རྣམས་དང་། འཕགས་པ་ལ་སྐུར་པ་འདེབས་པ་རྣམས་མ་གཏོགས་པ་དག་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །བདག་བྱང་ཆུབ་ཐོབ་པ་ན་གང་དག་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་གི་སེམས་ཅན་རྣམས་ཀྱིས་བདག་གི་མིང་ཐོས་པར་འགྱུར་ཞིང་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་འཚལ་བར་གྱུར་ཅིག །དེ་དག་འགུམ་པའི་དུས་ཀྱི་ཚེ་ན་ཡང་བདག་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང་རབ་རིབ་མ་མཆིས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གང་སེམས་ཅན་དེ་དག་གི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བ་དེ་ལྟ་བུའི་ལེགས་པ་བཤད་པས་སེམས་ཅན་དེ་དག་ཚིམ་པར་བགྱིད་པར་གྱུར་ཅིག །དད་པ་དེ་ཉིད་ཀྱིས་སེམས་མེད་པ་ཞེས་བགྱི་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག །སེམས་དགའ་བའི་ཆོས་ཀྱིས་བཟོད་པ་ཡང་ཐོབ་པར་གྱུར་ཅིག །འགུམ་པའི་དུས་བགྱིས་ནས་ཀྱང་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་གཞན་དག་ན་སེམས་ཅན་གང་དག་ནོར་བདུན་དང་བྲལ་བ་རྣམས་དང་། ཐེག་པ་གསུམ་དོན་དུ་མི་གཉེར་བ་རྣམས་དང་། ལྷ་དང་མིའི་ཕུན་སུམ་ཚོགས་པ་དག་དོན་དུ་མི་གཉེར་བ་རྣམས་དང་། དགེ་བ་ཡོངས་སུ་བཙལ་བ་དོན་དུ་མི་གཉེར་བ་རྣམས་དང་། བསོད་ནམས་བགྱི་བའི་དངོས་པོ་གསུམ་པོ་དོན་དུ་མི་གཉེར་བ་རྣམས་དང་། ཆོས་མ་ལགས་པ་དང་། འདོད་ཆགས་ལ་ཆགས་པ་རྣམས་དང་། འདོད་པ་མི་བཟད་པས་ཟིལ་གྱིས་ནོན་པ་རྣམས་དང་། ཆོས་ལོག་པས་སེམས་དཀྲིས་པ་དེ་དག་འགུམ་པའི་དུས་ཀྱི་ཚེ་ན་བདག་ཚོགས་དུ་མས་ཡོངས་སུ་བསྐོར་ཏེ་མདུན་དུ་མཆིས་ནས་འོད་དང་ཏིང་འཛིན་གྱིས་ཆོས་སྟོན་པར་གྱུར་ཅིག །དེ་དག་ལ་བདག་གི་སངས་རྒྱས་


DKG050_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞིང་ཡང་སྟོན་པར་གྱུར་ཅིག །བྱང་ཆུབ་ཡང་དག་པར་འཛིན་དུ་སྩོལ་བར་ཡང་གྱུར་ཅིག །སེམས་ཅན་དེ་དག་ཀྱང་བདག་ལ་མཆོག་ཏུ་དགའ་ཞིང་དད་པ་ཐོབ་པར་གྱུར་ནས་བྱང་ཆུབ་ཏུ་སེམས་སྐྱེད་པར་གྱུར་ཅིག །དེ་དག་གི་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །དེ་དག་གིས་ཏིང་ངེ་འཛིན་ཉི་མའི་སྒྲོན་མ་ཐོབ་པར་གྱུར་ནས་གཏི་མུག་སྤངས་པར་གྱུར་ཅིག །དེ་དག་འགུམ་པའི་དུས་བགྱིས་ནས་ཀྱང་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ནི་སྨོན་ལམ་བཟང་པོར་བཏབ་བོ། །དེས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་སྨོན་ལམ་དེ་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན་དེའི་སླད་དུ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མའི་ཆར་རབ་ཏུ་འབབ་པར་གྱུར་ཅིག །སེམས་ཅན་གང་དག་གིས་དྲི་དེ་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་གྱུར་ཅིག །བདག་གིས་ཀྱང་ཏིང་ངེ་འཛིན་གྱ་ནོམ་སྣང་ཞེས་བགྱི་བ་ཐོབ་པར་གྱུར་ཅིག །དེ་ཡང་བདག་ཉིད་ཀྱིས་མཐོང་བར་གྱུར་ཅིག །རིགས་ཀྱི་བུ་དེས་ཏིང་ངེ་འཛིན་གྱ་ནོམ་སྣང་བ་བསྐྱེད་པ་དང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མའི་ཆར་བབ་པ་དེ་ཡང་བདག་ཉིད་ཀྱིས་མཐོང་ལ་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སེམས་ཅན་བགྲང་བ་ལས་འདས་པ་གང་དག་གི་ཐལ་མོ་སྦྱར་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཀྱང་མཐོང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཤིན་ཏུ་མྱུར་བར་སྤོས་ཀྱི་ཆར་ཡང་བབ་ལ་སེམས་ཅན་བགྲང་བ་ལས་འདས་པ་དག་ཀྱང་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པས་ན་རིགས་ཀྱི་བུ་དེའི་ཕྱིར་ཁྱོད་སེང་གེ་སྤོས་ཞེས་བྱ་བར་གྱུར་ཅིག །སེང་གེ་སྤོས་ཁྱོད་ནི་བསྐལ་པ་


DKG050_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་གྲངས་མེད་པ་གཉིས་པ་ལ་བབ་པ་ན་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འདས་པ་དེར་འཇིག་རྟེན་གྱི་ཁམས་དྲི་སྔོ་སྣང་བ་རྡུལ་བྲལ་ཞེས་བྱ་བ་ཞིག་འབྱུང་སྟེ། སེང་གེ་སྤོས་ཁྱོད་ནི་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་རྡུལ་བྲལ་སྤོས་མཐོ་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སེང་གེའི་སྤོས་ཀྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་དེ་ལ་བཀའ་སྩལ་པ། ལྷ་མི་ལྷ་མིན་རྣམས་ཀྱིས་མཆོད་པར་འགྱུར་བ་ལོངས། །སྲིད་པའི་འགྲོ་བར་སེམས་ཅན་སྡུག་བསྔལ་ཁྱོད་ཀྱིས་སྒྲོལ། །སྲིད་པའི་སྡུག་བསྔལ་ཉོན་མོངས་འཆིང་བ་ཁྱོད་ཀྱིས་ཆོད། །མི་ཡི་རྒྱལ་བ་འཕགས་པའི་གང་ཟག་ཉིད་དུ་འགྱུར། །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་བརྒྱད་པ་གནོད་པ་མེད་ཅེས་བྱ་བ་ལ་སྔ་མ་བཞིན་དུ་སྦྱར་རོ། །བཙུན་པ་བཅོམ་ལྡན་འདས་བདག་ནི་ཇི་སྲིད་དུ་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་ཁྲི་སངས་རྒྱས་ཀྱི་ཞིང་དྲི་སྔོ་སྣང་བ་རྡུལ་བྲལ་ཅི་འདྲ་བར་གྱུར་པ་དེ་ལྟར་ཡོངས་སུ་དག་པར་འགོད་པར་འགྱུར་ཞིང་དེ་དེ་ལྟར་དགེ་བའི་རྩ་བ་བསྐྱེད་པ་དང་། བསམ་པ་ཡོངས་སུ་དག་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་དག་གིས་ཁྱབ་པར་གནས་པར་འགྱུར་བ་སྲིད་དུ་བྱང་ཆུབ་སེམས་དཔར་གྱུར་ཅིང་། སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ན་སླད་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་བདག་གིས་


DKG050_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་གཞན་དག་མི་སྤྱོད་པ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་གང་གི་ཚེ་བདག་ལོ་བདུན་པོ་འདི་ལ་གཅིག་པུ་དབེན་པར་མཆིས་ནས་སངས་རྒྱས་ཀྱི་ཡོན་ཏན་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཡོངས་སུ་དག་པ་ལ་སེམས་ཤིང་མཆིས་པ་ན། བདག་གིས་ཏིང་ངེ་འཛིན་སྣང་བ་བཀོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཁྲི་ཆིག་སྟོང་བསྐྱེད་ཅིང་ཐོབ་སྟེ་བསྒོམས་པ་གང་ལགས་པ་དེ་དག་ནི་བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔར་གྱུར་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མ་མཆིས་པ་དག་ན་བཞུགས་ཏེ་འཚོ་ཞིང་གཞེས་ལ་སེམས་ཅན་རྣམས་ལ་སྨན་པ་དང་བདེ་བའི་སླད་དུ་ཆོས་སྟོན་པ་དེ་དག་དང་། གང་དག་དུས་གསུམ་ལས་ཡང་དག་པར་འདས་པའི་སངས་རྒྱས་ཀྱི་ཞིང་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བགྱི་བ་རྒྱལ་བ་རྣམས་ཀྱིས་ཡོངས་སུ་གཏམས་པ་དེ་དག་མཐོང་ཞིང་དེར་འཇུག་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་ཏིང་ངེ་འཛིན་དེས་བདག་གིས་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་མཐོང་བར་གྱུར་ཅིག །ཏིང་ངེ་འཛིན་གྱི་མཐུས་བདག་གནས་མ་མཆིས་པར་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ལུས་ཀྱིས་རེ་རེ་ལ་ཡང་ཕྱག་འཚལ་བར་གྱུར་ཅིག །རེ་རེ་ལ་ཡང་བདག་གི་ལུས་རེ་རེས་རིན་པོ་ཆེ་དང་། མེ་ཏོག་སྣ་ཚོགས་བླ་ན་མ་མཆིས་པ་དག་དང་། སྤོས་དང་། མེ་ཏོག་ཕྲེང་དང་། ཕྱེ་མ་དང་། བྱུག་པ་དང་། རོལ་མོའི་སྒྲ་བླ་ན་མ་མཆིས་པ་སྣ་ཚོགས་དང་། བཀོད་པ་བླ་ན་མ་མཆིས་པ་ཐམས་ཅད་ཀྱིས་མཆོད་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་གཅིག་ཏུ་ཡང་བདག་བསྐལ་པ་རྒྱ་མཚོ་བྱེ་མ་སྙེད་དུ་སྤྱོད་པར་གྱུར་ཅིག །གང་གི་ཚེ་བདག་གིས་ལུས་ཐམས་ཅད་རྣམ་པར་འཇིག་པའི་ཏིང་ངེ་འཛིན་གྱིས་སྐད་ཅིག་གཅིག་གིས་སངས་རྒྱས་རེ་རེའི་


DKG050_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་སྤྱོད་ཡུལ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་འཚལ་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་ཏིང་ངེ་འཛིན་ཡོན་ཏན་འབྱུང་གནས་ཀྱིས་དེ་དག་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བསྟོད་པ་བླ་ན་མ་མཆིས་པ་དག་གིས་བསྟོད་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་གིས་མིག་མི་འཛུམས་པའི་ཏིང་ངེ་འཛིན་གྱིས་རྡུལ་གཅིག་གི་སྟེང་དུ་སེམས་ཀྱི་སྐད་ཅིག་གི་ཚད་ཀྱིས་རྒྱལ་བ་རྣམས་ཀྱིས་བལྟམས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་མཐོང་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་གིས་ཉོན་མོངས་པ་མ་མཆིས་པའི་ཏིང་ངེ་འཛིན་གྱིས་སེམས་ཀྱི་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དག་ན་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་མཐོང་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་སེམས་ཅན་དམྱལ་བ་རྣམས་སུ་ཞུགས་ཏེ། སེམས་ཅན་དམྱལ་བ་པའི་ལུས་སུ་སྤྲུལ་ནས། སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་ཞིང་བྱང་ཆུབ་ཡང་དག་པར་འཛིན་དུ་སྩོལ་བར་གྱུར་ཅིག །དེ་ན་སེམས་ཅན་དེ་དག་ཀྱང་བྱང་ཆུབ་ཏུ་སེམས་སྐྱེད་པར་གྱུར་ཅིག །དེ་ནས་ཤི་འཕོས་ནས་ཀྱང་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཞིང་གང་ན་སངས་རྒྱས་བཅོམ་ལྡན་འདས་དག་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཉན་པར་འགྱུར་བ་དང་། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཅིག །དུད་འགྲོ་རྣམས་ལ་ཡང་དེ་བཞིན། ཡི་དགས་རྣམས་ལ་ཡང་དེ་བཞིན། གནོད་སྦྱིན་རྣམས་ལ་ཡང་དེ་བཞིན། སྲིན་པོ་རྣམས་ལ་ཡང་དེ་བཞིན། ལྷ་མ་ཡིན་རྣམས་ལ་ཡང་དེ་བཞིན། ཀླུ་རྣམས་ལ་ཡང་དེ་བཞིན། མིའམ་ཅི་རྣམས་ལ་ཡང་དེ་བཞིན། ལྟོ་འཕྱེ་ཆེན་པོ་རྣམས་ལ་ཡང་དེ་བཞིན། ཤ་ཟ་རྣམས་ལ་ཡང་དེ་བཞིན། སྲུལ་པོ་རྣམས་ལ་ཡང་དེ་བཞིན། ལུས་སྲུལ་པོ་རྣམས་ལ་ཡང་དེ་བཞིན། མི་གདོལ་པ་རྣམས་ལ་ཡང་དེ་བཞིན། ཚོང་པ་རྣམས་དང་། སྨད་འཚོང་མ་རྣམས་ལ་ཡང་དེ་བཞིན་ཏེ། བཅོམ་ལྡན་འདས་སེམས་ཅན་རིགས་ཇི་ལྟ་བུར་སྐྱེས་


DKG050_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང་། དེ་དག་གིས་ལུས་ཇི་ལྟ་བུ་ཐོབ་པ་དང་། སེམས་ཅན་ལས་ཀྱི་རྐྱེན་ཇི་ལྟ་བུས་བདེ་བའམ། སྡུག་བསྔལ་གྱི་ཚོར་བ་མྱོང་བ་རྣམས་དང་། བཟོའི་གནས་ཇི་ལྟ་བུ་དག་དང་། ལས་ཀྱི་གནས་ཇི་ལྟ་བུ་དག་ལ་ཆགས་པ་རྣམས་ལ་དེ་ལྟ་བུའི་ལུས་སུ་སྤྲུལ་ནས། བཟོའི་གནས་དང་། ལས་ཀྱི་གནས་དེ་ལྟ་བུ་དག་ལ་བརྩོན་པ་སྟོན་པར་བགྱིད་ཅིང་། དེ་ལྟ་བུའི་ཡི་གེ་བརྗོད་པས་སེམས་ཅན་རྣམས་ཀྱི་སེམས་མགུ་བར་བགྱིད་ཅིང་ཆོས་ཀྱང་སྟོན་པར་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་ཅིང་བཙུད་པ་དང་རབ་ཏུ་འགོད་པར་ཡང་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པ་ལ་འགོད་པར་ཡང་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་པོ་ཐམས་ཅད་དག་ན་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཡང་ཅི་ནས་ཀྱང་སྔོན་གྱི་ལས་དང་།ཉོན་མོངས་པ་མ་ལུས་པར་འགྱུར་བ་དང་། སེམས་ཅན་འགའི་སེམས་ཀྱི་རྒྱུད་ཀྱི་ལམ་ཡང་བདུད་བཞིས་རྟོགས་པར་མི་འགྱུར་བ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཡོངས་སུ་སྦྱོང་བར་འགྱུར་བ་དེ་སྲིད་དུ་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་བགྱིའོ། །དེའི་སླད་དུ་བདག་གིས་སངས་རྒྱས་ཀྱི་ཁྲི་ཡང་ཇི་ལྟར་དེ་བཞིན་གཤེགས་པ་སྣང་བ་རྡུལ་བྲལ་སྤོས་མཐོ་དབང་ཕྱུག་རྒྱལ་པོ་སྐར་མའི་སངས་རྒྱས་ཀྱི་ཞིང་དྲི་སྔོ་སྣང་བ་རྡུལ་བྲལ་གྱི་ཡོན་ཏན་བཀོད་པ་ཅི་འདྲ་བ་དེ་ལྟར་ཡོངས་སུ་དག་པར་འཇོག་པར་གྱུར་ཅིག །དེ་བཞིན་དུ་བདག་གིས་བདག་གི་སངས་རྒྱས་ཀྱི་ཞིང་དང་། བདག་གི་འཁོར་ཡང་ཇི་ལྟར་བྱང་ཆུབ་སེམས་དཔའ་སེང་གེ་སྤོས་ཀྱིས་སྨོན་ལམ་བཏབ་པ་བཞིན་དུ་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན་དེའི་སླད་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་གི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཐམས་ཅད་ཀྱང་སེམས་མཉེན་པར་གྱུར་ཅིག །སེམས་ལས་སུ་རུང་བར་གྱུར་ཅིག །རང་རང་གི་གླིང་བཞི་པ་དག་ན་སངས་རྒྱས་བཞུགས་པ་དག་མཐོང་བར་གྱུར་ཅིག །སེམས་ཅན་དེ་དག་ལ་རིན་པོ་ཆེ་སྣ་ཚོགས་དག་དང་། མེ་ཏོག་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་།


DKG050_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དང་། རྒྱལ་མཚན་དང། བ་དན་དག་བདོག་པར་གྱུར་ལ། དེས་སེམས་ཅན་དེ་དག་སངས་རྒྱས་དེ་དག་ལ་ཡང་མཆོད་པ་བགྱིད་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་གྱུར་ཅིག །བཅོམ་ལྡན་འདས་བདག་གིས་ཀྱང་ཏིང་ངེ་འཛིན་སྣང་བ་བཀོད་པའི་མཐུས་བདག་ཉིད་ཀྱིས་མཐོང་བར་གྱུར་ཅིག །ཚིག་དེ་བརྗོད་མ་ཐག་ཏུ་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་བདག་ཉིད་ཀྱིས་མཐོང་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་རང་གི་སངས་རྒྱས་ཀྱི་ཞིང་ཁོ་ར་ཁོར་ཡུག་ཏུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཁྲི་འཇོག་པར་འགྱུར་རོ། །སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གི་སེམས་ཀྱི་རྒྱུད་ཡོངས་སུ་དག་པར་བྱེད་པར་ཡང་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་གྲངས་མེད་པ་དག་ལ་མཆོད་པ་དཔག་ཏུ་མེད་གྲངས་མེད་པ་དག་བྱེད་པར་སྤྲོ་བར་ཡང་འགྱུར་རོ། །རིགས་ཀྱི་བུ་དེའི་ཕྱིར་ཁྱོད་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྱུར་ཅིག །ཀུན་ཏུ་བཟང་པོ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས། བསྐལ་པ་གྲངས་མེད་པ་གཉིས་པ་ལ་བབ་པ་ན་བྱང་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་ཡེ་ཤེས་ཀྱི་ཆུ་ཤིན་ཏུ་རྣམ་པར་དག་པའི་ཡོན་ཏན་ཞེས་བྱ་བ་ཞིག་འབྱུང་སྟེ། ཀུན་ཏུ་བཟང་པོ་ཁྱོད་ནི་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་རྡོ་རྗེ་རྣམ་པར་བསྒྱིངས་པའི་དབང་ཕྱུག་ཏོག་ཅེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་མགོ་བོས་གཏུགས་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། བརྟུལ་ཞུགས་བཟང་པོ་རབ་ཏུ་དགའ་བ་སེམས་དུལ་ལོངས། །དམ་བཅས་བརྟན་པ་སེམས་ཅན་རྣམས་ཀྱི་རྒྱུད་སྦྱོངས་ལ། །ཁྱོད་ཀྱིས་སེམས་ཅན་ཉོན་མོངས་མི་བཟད་ཀླུང་ལས་སྒྲོལ། །ཁྱོད་ནི་འཇིག་རྟེན་ཡེ་ཤེས་


DKG050_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མཆོག་སངས་རྒྱས་འགྱུར། །རིགས་ཀྱི་བུ་ཡང་དེའི་ཚེ་ན་སྲོག་ཆགས་ལེ་ལོ་ཅན་ཁྲིས་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བསམ་པ་ཤིན་ཏུ་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་ཡོངས་སུ་དག་པར་འཇོག་པར་འགྱུར་བ་ན་བདག་ཅག་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་བགྱིའོ། །དེ་ལྟར་བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱིས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་གྱུར་ཅིག །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་སྲོག་ཆགས་ཁྲི་པོ་དེ་དག་ལ་འདི་སྐད་ཅེས་ལུང་བསྟན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ། ཁྱོད་ཅག་འཇིག་རྟེན་གྱི་ཁམས་དེའི་ཁོ་ར་ཁོར་ཡུག་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། སྟོང་སྟོང་ཞིང་མཚན་འཐུན་པའི་དེ་བཞིན་གཤེགས་པར་འགྱུར་རོ། །འདི་ལྟ་སྟེ་སྟོང་ནི་དེ་བཞིན་གཤེགས་པ་མེ་ལྕེ་ཐབ་ཁུང་དབང་ཕྱུག་དབྱངས་ཞེས་བྱ་བར་འགྱུར་རོ། །གཞན་ཡང་སྟོང་ནི་དེ་བཞིན་གཤེགས་པ་སྡོམ་པའི་དབང་ཕྱུག་དབྱངས་ཞེས་བྱ་བར་འགྱུར་རོ། །གཞན་ཡང་སྟོང་ནི་དེ་བཞིན་གཤེགས་པ་ཤིན་ཏུ་དྲི་མེད་དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །གཞན་ཡང་སྟོང་ནི་དེ་བཞིན་གཤེགས་པ་གྱ་ནོམ་འཇིགས་མེད་དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །གཞན་ཡང་སྟོང་ནི་དེ་བཞིན་གཤེགས་པ་དྲི་མེད་དབྱངས་ཀྱི་གཟི་བརྗིད་དབང་ཕྱུག་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །ལྔ་བརྒྱ་ཡང་མཚན་འཐུན་ཏེ། འདི་ལྟ་སྟེ་ཉི་མའི་དབྱངས་ཞེས་བྱ་བར་འགྱུར་རོ། །དེ་བཞིན་དུ་ཉིས་སྟོང་ལྔ་བརྒྱ་ནི་འཇིགས་བྲལ་གྲགས་པའི་རྒྱལ་པོ་དང་། འོད་ཟེར་བྲལ་དང་། འོད་ཟེར་བྲལ་བའི་དབྱངས་དང་། གྲགས་པའི་དབང་ཕྱུག་དབྱངས་དང་། རྣམ་གྲོལ་ཆོས་གྲགས་དབྱངས་དང་། སྙིང་པོ་གྲགས་པའི་རྒྱལ་པོ་དང་། རིན་ཆེན་རྒྱལ་མཚན་དང་།སྣང་བའི་དབང་ཕྱུག་དང་། ཐུབ་ཆེན་ཡེ་ཤེས་འབར་བའི་དབང་ཕྱུག་དང་། གནས་ཀྱི་གོས་བསྩགས་རྒྱལ་པོ་དང་། ཡེ་ཤེས་བློ་གྲོས་བསམ་ཡས་


DKG050_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་དང་། ཡེ་ཤེས་ལྷུན་པོའི་རྒྱལ་མཚན་དང་། ཡེ་ཤེས་རྒྱ་མཚོའི་རྒྱལ་པོ་དང་། བརྩོན་འགྲུས་ཆེན་པོའི་དབྱངས་ཀྱི་དབང་ཕྱུག་དང་། ལྷུན་པོའི་དཔལ་ལྟ་བུ་དང་། ཡེ་ཤེས་རྡུལ་བྲལ་ཤུགས་དང་། ཅིའི་དབང་ཕྱུག་ས་བོན་དང་། ཡེ་ཤེས་ཤིན་ཏུ་དྲི་མེད་སྒྲོགས་པའི་དབང་ཕྱུག་དང་། ཡོན་ཏན་རྒྱ་མཚོའི་ཟིལ་མནན་རྒྱལ་པོ་དང་། ཡེ་ཤེས་འབྱུང་བ་སྟོབས་ཀྱི་རྒྱལ་པོ་དང་། བྱང་ཆུབ་རྡུལ་བྲལ་རྒྱལ་པོ་དང་། ཐུབ་པ་དཔལ་བརྩེགས་ཤུགས་ཀྱི་མེ་ཏོག་དང་། ཡེ་ཤེས་དཔལ་བརྩེགས་བློ་དང་། རྡོ་རྗེ་སེང་གེ་དང་། ཚུལ་ཁྲིམས་འོད་གསལ་དང་། བཟང་མཆོག་དང་། འོད་ཟེར་མཐའ་ཡས་དང་། སེང་གེ་དགའ་དང་། ཡེ་ཤེས་མི་ཟད་བརྩེགས་དང་། རིན་ཆེན་སྣང་བ་དང་། ཡེ་ཤེས་དྲི་མེད་དང་། ཡེ་ཤེས་རྒྱས་པ་དང་། སེང་གེ་གྲགས་པ་དང་། མངོན་ཤེས་ཡོན་ཏན་རྒྱལ་པོ་དང་། ཆོས་ཀྱི་སྣ་མའི་མེ་ཏོག་ཆར་འབེབས་དང་། འོད་བྱེད་དང་། ལྷུན་པོ་མངོན་འཕགས་དང་། ཆོས་ཡང་དག་འཕགས་རྒྱལ་པོ་དྲི་མེད་དང་། སྤོས་ཀྱི་དབང་ཕྱུག་དང་། དྲི་མེད་སྤྱན་དང་། རབ་ཏུ་ཆེ་བསྩགས་དང་། ཐོགས་མེད་སྟོབས་སྤོས་ཀྱི་རྒྱལ་པོ་དང་། རང་གི་ཡེ་ཤེས་བསོད་ནམས་སྟོབས་དང་། ཡེ་ཤེས་ཆོས་གོས་དང་། དབང་སྒྱུར་དང་། ཆགས་མེད་ཕན་བཞེད་དང་། ཡེ་ཤེས་ཡང་དག་འབྱུང་དང་། ལྷུན་པོ་ཆེན་པོ་དང་། སྟོབས་ཀྱི་སྙིང་པོ་དང་། ཡོན་ཏན་འབྱུང་གནས་དང་། འཁྲི་ཤིང་མེ་ཏོག་རྒྱལ་མཚན་དང་། ཡོན་ཏན་འོད་དང་། གཏི་མུག་རྣམ་བྲལ་ཡོན་ཏན་རྒྱལ་པོ་དང་། རྡོ་རྗེ་མཆོག་དང་། ཆོས་ཀྱི་ཏོག་དང་། དབྱངས་ཀྱི་དབང་པོའི་རྒྱལ་པོ་དང་། ལེགས་སྦས་དང་། རྡོ་རྗེ་རྒྱལ་མཚན་དང་། རིན་ཆེན་དབང་ཕྱུག་དང་། མངོན་འཕགས་རྒྱལ་མཚན་དང་། རི་བོ་ལྟ་བུ་དང་། དགའ་སྤྲིན་དང་། ཆོས་བྱེད་དང་། སཱ་ལའི་རྒྱལ་པོ་དང་།ཀུན་སྦེད་དང་། རྒྱ་མཚོའི་རྒྱལ་པོ་དང་། ཡེ་ཤེས་ཡང་དག་བསྩགས་དང་། ཡེ་ཤེས་འོད་འཕྲོ་དང་། མེ་ཏོག་ཚོགས་ཅན་དང་། གླང་པོ་ཆེའི་དབང་པོའི་དབང་ཕྱུག་དང་། ཨུ་དུམ་བཱ་རའི་མེ་ཏོག་དང་། གསེར་གྱི་རྒྱལ་མཚན་དང་། ཆོས་ཀྱི་རྒྱལ་མཚན་དང་། སྒྲོགས་པའི་རྒྱལ་པོ་དང་། ཙན་དན་དང་། ཤིན་ཏུ་བརྟན་པ་དང་། མཐུས་གནོན་དང་། རྒྱལ་མཚན་གྱི་རྩེ་མོའི་སྒྲོན་མ་དང་། ཡེ་ཤེས་གོ་རིམས་དང་། རྒྱ་མཚོའི་


DKG050_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་དང་། རྣམ་རྒྱལ་ཆོས་གྲགས་དང་། ང་རྒྱལ་སྒྲོགས་དང་། ཡོན་ཏན་འོད་འཕྲོ་དང་། ཡེ་ཤེས་འོད་དང་། ཡེ་ཤེས་སྒྲོན་མ་དང་། བདེ་བའི་རྒྱལ་པོ་དང་། ཡེ་ཤེས་དབྱངས་དང་། རྒྱལ་མཚན་བསྡུས་པ་དང་། རྡོ་རྗེའི་སྒྲོན་མ་དང་། བཀོད་པའི་རྒྱལ་པོ་དང་། རྒྱལ་བའི་གྲངས་དང་། རབ་ཏུ་བརྟན་པ་དང་། བློ་གྲོས་ཟླ་བའི་རྒྱལ་པོ་དང་། རིམ་གྱིས་སྒྲོགས་པའི་རྒྱལ་པོ་དང་། སཱ་ལའི་དབང་པོ་སེང་གེའི་སྒྲ་དང་། སྲེད་མེད་ཀྱི་བུས་རྣམ་པར་རྒྱལ་བའི་སྙིང་པོ་དང་། ཡོན་ཏན་རིན་ཆེན་ཡང་དག་བསྩགས་དང་། སྐར་མའི་སྙིང་པོ་དང་། སྐར་མ་རྣམ་འཇིག་གྲགས་པ་དང་། བསོད་ནམས་སྟོབས་སཱ་ལའི་རྒྱལ་པོ་དང་། ཡིད་དུ་འོང་བའི་དབྱངས་དང་། ཚངས་མཆོག་དང་། ཡུལ་འཁོར་སྲུང་ཞེས་བྱ་བར་འགྱུར་རོ། །གཞན་ཡང་སྟོང་ནི་སྤོས་ཀྱི་པད་མ་རྣམ་རྒྱལ་གྲགས་པའི་རྒྱལ་པོ་ཞེས་བྱ་བ་དང་། འོད་ཟེར་གྱི་དཀྱིལ་འཁོར་སྣང་བ་དང་། སྣང་བའི་རྒྱལ་པོ་དང་། སྤོས་ཀྱི་པད་མ་དམ་པའི་ཤུགས་དང་། ཡོན་ཏན་རྒྱ་མཚོའི་མཐའ་ཡས་ཡེ་ཤེས་བླ་མ་དང་། འཛམ་བུའི་གྲིབ་མ་དང་། ཡོན་ཏན་རི་བོའི་རྒྱལ་མཚན་དང་། སེང་གེའི་ཏོག་དང་། ཀླུས་སྤངས་མེ་ཏོག་གཟི་བརྗིད་རྒྱལ་པོ་དང་། དྲི་ཞིམ་ས་བོན་བདག་མེད་དང་། ཡོན་ཏན་བདུད་རྩི་གཟི་བརྗིད་རྒྱལ་པོ་ཞེས་བྱ་བ་དག་ཏུ་འགྱུར་རོ། །གཞན་ཡང་སྟོང་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྦྱིན་རྒྱལ་པོ་ཀླུ་དབང་རྣམ་གྲོལ་སད་བྱེད་འཇིག་རྟེན་རྒྱ་མཚོའི་མིག་གི་རི་བོ་ཞེས་བྱ་བ་ཤ་སྟག་ཏུ་འགྱུར་ཏེ། འཇིག་རྟེན་གྱི་ཁམས་གཞན་དང་། གཞན་དག་ཏུ་ཉི་མ་གཅིག་དང་། དུས་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། དེ་དག་གི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅུར་འགྱུར་རོ། །སྲོག་ཆགས་ཁྲི་པོ་དེ་དག་གིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་མགོས་གཏུགས་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། ཀླུ་ལྟར་བརྟན་པར་སྒྲོགས་པ་དག་ནི་རེ་ཤིག་ལོངས། །དགེ་བའི་ནོར་རྣམས་དག་ནི་ཡང་དག་སྩོགས་གྱིས་ལ། །ཕ་རོལ་ཕྱིན་པ་རྣམས་ལ་མྱུར་དུ་བརྩོན་གྱིས་དང་། །ལྷ་མི་འཇིག་རྟེན་རྣམས་ཀྱི་འདྲེན་པ་དག་ཏུ་འགྱུར།། །།


DKG050_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བདུན་པ། རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་དགུ་པ་སྡིག་མེད་ཅེས་བྱ་བ་ལ་སྨྲས་པ་དང་། སྔ་མ་བཞིན་དུ་སྦྱར་ཏེ། དེས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅི་ནས་ཀྱང་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་རྣམས་བདག་གི་དཔང་ལགས་པར་འགྱུར་བ་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་གང་བདག་གིས་ཁྱོད་ཀྱི་སྤྱན་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་བར་དུ་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འགྱོད་པའི་སེམས་སྐྱེ་བར་མ་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་པ་ཉེ་བར་བཟུང་བའི་བར་དུ་དམ་བཅས་པ་བརྟན་ཞིང་ཇི་སྐད་སྨྲས་པ་དེ་བཞིན་དུ་བགྱིད་པར་གྱུར་ཅིག །སེམས་ཅན་གཞན་གྱི་སེམས་འཁྲུག་པར་མི་བགྱིད་པར་གྱུར་ཅིག །བདག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་སེམས་མི་བསྐྱེད་པར་གྱུར་ཅིག །འདོད་པའི་འདོད་ཆགས་ཀྱི་སེམས་དང་། སེམས་ལས་བྱུང་བ་སྐྱེ་བར་མ་གྱུར་ཅིག །རྨུགས་པ་དང་གཉིད་དང་ལྡན་པར་མ་གྱུར་ཅིག །རྒོད་པ་དང་ལྡན་པར་མ་གྱུར་ཅིག །འགྱོད་པ་དང་ལྡན་པར་མ་གྱུར་ཅིག །ཐེ་ཙོམ་དང་ལྡན་པར་མ་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྲོག་གཅོད་པ་མ་མཆིས་པ་དང་། མ་བྱིན་པར་ལེན་པ་མ་མཆིས་པ་དང་། མི་ཚངས་པར་སྤྱོད་པ་མ་མཆིས་པ་དང་། བརྫུན་དུ་སྨྲ་བ་མ་མཆིས་པ་དང་། ཕྲ་མ་མ་མཆིས་པ་དང་། ངག་རྩུབ་པོ་མ་མཆིས་པ་དང་། ཚིག་ཀྱལ་པ་མ་མཆིས་པ་དང་། བརྣབ་སེམས་མ་མཆིས་པ་དང་། གནོད་སེམས་མ་མཆིས་པ་དང་། ལོག་པར་ལྟ་བ་མ་མཆིས་པ་དང་། ཐེ་ཙོམ་དང་ལྡན་པ་མ་མཆིས་པ་དང་། ཆོས་ལ་མི་གུས་པའི་སེམས་མ་མཆིས་པ་དང་། སླུ་བའི་སེམས་མ་མཆིས་ཤིང་ཆོས་དེ་དག་མ་མཆིས་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་པ་ཉེ་བར་བཟུང་བའི་བར་དུ་གོམ་པ་འདོར་


DKG050_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཙམ་ལ་ཡང་རྟག་ཏུ་སངས་རྒྱས་རྗེས་སུ་དྲན་པའི་སེམས་དང་སེམས་ལས་བྱུང་བ་དག་འཇུག་པར་གྱུར་ཅིག །བདག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་མི་འབྲལ་བར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་ཡང་རབ་ཏུ་འབྱུང་བ་ཐོབ་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་ཕྱག་དར་ཁྲོད་པར་གྱུར་ཅིག །ཆོས་གོས་གསུམ་པ་དང་། ཤིང་དྲུང་པ་དང་། ཅོག་བུ་པ་དང་། དགོན་པ་པ་དང་། བསོད་སྙོམས་པ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། ཆོས་སྟོན་པ་དང་། ཚིག་བཙུན་པ་དང་སྤོབས་པ་དཔག་ཏུ་མ་མཆིས་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ལྟུང་བའི་རྩ་བ་འབྱུང་བར་མ་གྱུར་ཅིག །བརྫུན་དུ་སྨྲ་བ་དང་ལྡན་པའི་ཚིག་རྣམས་ཀྱིས་ཕས་ཀྱི་རྒོལ་བ་འདུལ་བར་མ་གྱུར་ཅིག །བུད་མེད་ལ་སྟོང་པ་ཉིད་དང་ལྡན་པའི་ཆོས་སྟོན་པར་མ་གྱུར་ཅིག །སྟོང་པ་ཉིད་ཡིད་ལ་བགྱིད་པས་བུད་མེད་ལ་ཆོས་སྟོན་པར་བགྱིད་པར་མ་གྱུར་ཅིག །ལག་པ་སྒྱུར་ཞིང་ཆོས་སྟོན་པར་མ་གྱུར་ཅིག །རྟག་ཏུ་བདག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པའི་འདུ་ཤེས་སྐྱེད་པར་གྱུར་ཅིག །བདག་ཆོས་སྨྲ་བ་གང་ལ་ཆོས་ཉན་པ་ན་དེ་ལ་སྟོན་པའི་འདུ་ཤེས་ཀྱིས་བསྙེན་བཀུར་བགྱིད་པར་གྱུར་ཅིག །བདག་ཆོས་སྨྲ་བ་དེ་ལ་དེ་བཞིན་གཤེགས་པ་ལ་ཇི་ལྟ་བ་དེ་ལྟར་རིམ་གྲོ་བགྱིད་པ་དང་། བསྙེན་བཀུར་བགྱིད་པ་དང་། བླ་མར་བགྱིད་པ་དང་། རི་མོར་བགྱིད་པ་དང་། མཆོད་པར་བགྱིད་པར་གྱུར་ཅིག །ཆོས་སྨྲ་བ་ལ་བདག་གི་ཤ་དག་གི་བར་གྱིས་ཀྱང་བསྙེན་བཀུར་བགྱིད་པར་གྱུར་ཅིག །བདག་སྣོད་དང་སྣོད་མ་ལགས་པར་མི་རྟོག་པར་སྦྱིན་པ་སྦྱིན་པར་གྱུར་ཅིག །བདག་ཆོས་ཀྱི་སྦྱིན་པ་ལ་སེར་སྣའི་སེམས་དང་སེམས་ལས་བྱུང་བ་དག་སྐྱེད་པར་མ་གྱུར་ཅིག །བདག་བྱང་ཆུབ་དོན་དུ་གཉེར་བའི་སེམས་ཅན་རྣམས་ལ་རང་གི་སྲོག་གི་སྦྱིན་པས་ཡོངས་སུ་སྐྱོབ་པར་གྱུར་ཅིག །བདག་ཉིད་ཀྱི་བརྩོན་འགྲུས་ཀྱི་སྟོབས་དང་། སྨོན་ལམ་གྱིས་ཉེ་བར་བསྒྲུབས་པའི་རྫས་ཀྱིས་སེམས་ཅན་སྡུག་བསྔལ་བར་གྱུར་པ་རྣམས་སྡུག་བསྔལ་དག་ལས་ཡོངས་སུ་ཐར་བར་བགྱིད་པར་གྱུར་ཅིག །བདག་


DKG050_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་བའི་རྟགས་ཅན་ནམ། ཁྱིམ་པའི་རྟགས་ཅན་ལྟུང་བ་བྱུང་བའམ། ལྟུང་བ་མ་བྱུང་བ་དག་ལ་སྐུར་བར་བགྱིད་པར་མ་གྱུར་ཅིག །བདག་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དག་ལ་རྟག་ཏུ་མེ་དང་། དུག་དང་། མཚོན་ཆ་ལྟ་བུར་འདུ་ཤེས་སྐྱེད་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གིས་ཇི་ལྟར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨོན་ལམ་བཏབ་པའི་སྨོན་ལམ་འདི་དག་བྱང་ཆུབ་ཀྱི་མཐར་ཐུག་པ་ཉེ་བར་བཟུང་བའི་བར་དུ་ཡང་དག་པར་འགྲུབ་པར་འགྱུར་བ་ལྟ་ན། དེའི་སླད་དུ་བདག་གི་སུག་པ་གཉིས་སུ་ལྷའི་འཁོར་ལོ་རིན་པོ་ཆེའི་རྩིབས་སྟོང་མཆིས་པ། ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ། ཉི་མའི་ཁ་དོག་ལྟར་འོད་གསལ་བ་དག་འབྱུང་བར་གྱུར་ཅིག །རྒྱལ་བུ་སྡིག་མེད་ཀྱིས་ཚིག་དེ་སྐད་སྨྲས་མ་ཐག་ཏུ་ལག་པ་གཉིས་སུ་ཇི་ལྟར་འདོད་པ་དེ་ལྟ་བུའི་འཁོར་ལོ་དག་བྱུང་བར་གྱུར་པ་དང་། ཡང་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་འཁོར་ལོ་འདི་དག་འདི་ལྟར་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དག་སྒྲས་མངོན་པར་གོ་བར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་ལུང་སྟོན་པ་དྲན་པ་མི་བརྗེད་པའི་ཡེ་ཤེས་མཐོང་བ་དང་། སྟོང་པ་ཉིད་བསྒོམ་པ་ལ་སྤྱོད་པ་སངས་རྒྱས་ཀྱི་ཡུལ་གྱི་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་དུ་སྩལ་བའི་སླད་དུ་ཇི་ལྟར་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་གཉིས་མཆིས་པ་དེ་ལྟ་བུའི་སྒྲ་གསང་མཐོན་པོས་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་སྟོང་པ་དག་དུ་མཆི་བར་གྱུར་ཅིག །གང་དག་དེར་སྐྱེས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་རྣ་བའི་དབང་པོ་དག་ཏུ་ཡང་ཆོས་ཀྱི་རྣམ་གྲངས་འདི་གྲག་པར་གྱུར་ཅིག །གྲགས་མ་ཐག་ཏུ་ཡང་སེམས་ཅན་དེ་དག་གི་འདོད་ཆགས་རབ་ཏུ་ཞི་བར་གྱུར་ཅིག །ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་དང་། སེར་སྣ་རབ་ཏུ་ཞི་བར་གྱུར་ཅིག །ཐམས་ཅད་ཀྱང་སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བགྱིད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་གྱུར་ཅིག །རིགས་ཀྱི་བུ་རྒྱལ་བུ་སྡིག་མེད་ཀྱིས་


DKG050_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རིན་པོ་ཆེ་དེ་དག་བཏང་བ་དང་། དེ་དག་འདི་ལྟར་མགྱོགས་པར་སོང་སྟེ། འདི་ལྟ་སྟེ། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་མགྱོགས་པས་གཤེགས་པ་དེ་བཞིན་དུ་འཁོར་ལོ་རིན་པོ་ཆེ་དེ་དག་ཀྱང་སོང་སྟེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་སོང་ནས། སེམས་ཅན་རྣམས་བྱང་ཆུབ་སེམས་དཔའ་ལུང་སྟོན་པ་དྲན་པ་མི་བརྗེད་པའི་ཡེ་ཤེས་མཐོང་བ་སྟོང་པ་ཉིད་བསྒོམ་པ་ལ་སྤྱོད་པ་སངས་རྒྱས་ཀྱི་ཡུལ་གྱི་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་དུ་བཅུག་གོ །སེམས་ཅན་གང་དག་གི་རྣ་བའི་དབང་པོར་ཆོས་ཀྱི་རྣམ་གྲངས་འདི་གྲག་པར་གྱུར་པ་དེ་དག་ཐམས་ཅད་ཀྱི་འདོད་ཆགས་དང་། སེར་སྣའི་བར་གྱི་སེམས་དང་སེམས་ལས་བྱུང་བ་དག་རབ་ཏུ་ཞི་བར་གྱུར་ཅིག །ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་ཡིད་ལ་བྱེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་འཁོར་ལོ་དེ་དག་ཀྱང་ཡུད་ཙམ་གཅིག་གིས་ཕྱིར་ལོག་སྟེ་རྒྱལ་བུ་སྡིག་མེད་ཀྱི་མདུན་དུ་འདུག་གོ །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་རྒྱལ་བུ་སྡིག་མེད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ནི་སྨོན་ལམ་ཤིན་ཏུ་བཟང་པོ་བཏབ་སྟེ། ལྷའི་འཁོར་ལོ་རིན་པོ་ཆེ་འདི་དག་ཀྱང་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་སྟོང་པ་དག་ཏུ་བཏང་བས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་རྙོག་པ་མེད་པའི་སེམས་ལ་བཀོད་ཅིང་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པས་ན་རིགས་ཀྱི་བུ་དེའི་ཕྱིར་ཁྱོད་མི་འཁྲུགས་པ་ཞེས་བྱ་བར་གྱུར་ཅིག །མི་འཁྲུགས་པ་ཁྱོད་ནི་འཇིག་རྟེན་གྱི་ཡོངས་སུ་འདྲེན་པར་འགྱུར་གྱིས། མི་འཁྲུགས་པ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་དག་འདོད་པ་ལོངས་ཤིག །མི་འཁྲུགས་པས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་ནི་ཇི་ལྟར་ས་གཞི་ཐམས་ཅད་གསེར་ལས་གྲུབ་ཅིང་ལག་མཐིལ་ལྟར་མཉམ་ལ། ལྷའི་ནོར་བུ་རིན་པོ་ཆེ་རྣམ་པར་བཀྲམ་པ་གསེག་མ་དང་གྱོ་མོ་དག་མ་མཆིས། གོར་མའི་ཀ་བ་དང་། ཕ་བོང་དང་རི་དག་མ་མཆིས་ཤིང་། ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་ཞིང་འཇམ་ལ། རྐང་མཐིལ་བཞག་ན་ནི་ནེམས་ཞེས་བགྱིད། རྐང་མཐིལ་


DKG050_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཏེག་ན་ནི་པར་ཅེས་བགྱིད་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་འཚལ་ཏེ། དེ་ན་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་དག་མ་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་དྲི་ང་བ་དག་མ་མཆིས་པར་གྱུར་ལ། སངས་རྒྱས་ཀྱི་ཞིང་དེ་ལྷའི་ལས་ཤིན་ཏུ་འདས་པའི་སྤོས་ཀྱིས་ཁྱབ་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ལྷའི་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་གིས་ཀུན་ཏུ་གང་བར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ལ་རྒ་བ་དང་། ན་བ་དང་། འགུམ་པ་མ་མཆིས་པར་གྱུར་ཅིག །གཅིག་གིས་གཅིག་འཇིགས་པ་མ་མཆིས་པ་དང་། གཅིག་ལ་གཅིག་ཐོ་འཚམ་པ་མ་མཆིས་པ་དང་། སེམས་ཅན་རྣམས་ལ་དུས་མ་ལགས་པར་འགུམ་པ་མ་མཆིས་པ་དང་། འགྱོད་ཅིང་འགུམ་པ་མ་མཆིས་པ་དང་། མཉམ་པར་མ་གཞག་པར་འགུམ་པ་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བགྱིད་པར་གྱུར་ཅིག །ངན་འགྲོ་རྣམས་སུ་སྐྱེ་བར་མ་གྱུར་ཅིག །སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་སྟོང་པ་རྣམས་སུ་སྐྱེ་བར་མ་གྱུར་ཅིག། བྱང་ཆུབ་ཅིང་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་མཐོང་བ་དང་མི་འབྲལ་བར་གྱུར་ཅིག །ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་མི་འབྲལ་བར་གྱུར་ཅིག །དེ་ན་སེམས་ཅན་རྣམས་འདོད་ཆགས་ཆུང་བ་དང་། ཞེ་སྡང་ཆུང་བ་དང་། གཏི་མུག་ཆུང་བར་གྱུར་ཅིག །དེ་ན་ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་གནས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་བཟོ་བགྱིད་པར་མ་གྱུར་ཅིག །དེ་ན་ངན་སོང་གི་རྒྱུ་མཚན་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ལ་བདུད་ཀྱིས་གླགས་རྙེད་པའི་ལམ་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ལ་མདོག་ངན་པ་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ལ་འདི་ལྟ་སྟེ། རྗེ་བོ་དང་། བྲན་གྱི་རིམ་པ་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ལ་བདག་གི་བ་མ་མཆིས་ཤིང་ཡོངས་སུ་འཛིན་


DKG050_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་མཆིས་པར་གྱུར་ཅིག །དེ་ན་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཐ་ན་གཡར་ལམ་ན་ཡང་ཁུ་བ་འབྱིན་པ་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་ཆོས་འཚལ་བ་དང་། ཆོས་ཡོངས་སུ་ཚོལ་བ་ལྷུར་ལེན་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་འགའ་ཡང་ལོག་པར་ལྟ་བར་མི་འགྱུར་ཞིང་གཞན་མུ་སྟེགས་ཅན་ཡང་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ལ་ལུས་ངལ་བ་མ་མཆིས་ཤིང་སེམས་ངལ་བ་ཡང་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་དེ་དག་ཐམས་ཅད་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་ལ་བཀྲེས་པ་དང་། སྐོམ་པ་དང་། རྣམ་པར་ཐོ་འཚམ་པར་མ་མཆིས་པར་གྱུར་ཅིག །ཇི་ལྟར་འདོད་པ་ན་སྤྱོད་པའི་ལྷ་རྣམས་བཞིན་དུ་ཁ་ཟས་ཇི་ལྟ་བུ་དག་འཚལ་བར་འགྱུར་བ་དེ་ལྟ་བུ་དག་མདུན་དུ་རིན་པོ་ཆེའི་སྣོད་དག་ནས་འབྱུང་བར་གྱུར་ཅིག །བཤང་བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དང་། མཆི་མ་དང་། ལུས་ཀྱི་རྔུལ་དག་མ་མཆིས་པར་གྱུར་ཅིག །དེ་ན་གྲང་བ་མ་མཆིས་པ་དང་། ཚ་བ་མ་མཆིས་པར་གྱུར་ཅིག །དྲི་བདའ་བ་དང་། ཉམས་དགའ་བར་གྱུར་ཅིག །དེ་ན་རེག་ན་བདེ་བའི་བསེར་མ་དག་ལྡང་བར་འགྱུར་ཞིང་། དེ་དག་ལྷ་དང་མི་རྣམས་སྤོས་ཀྱི་བྱ་བ་བགྱིད་པར་གྱུར་ཅིག །གང་གི་ཚེ་འཚལ་བར་འགྱུར་བ་དང་། ཇི་ལྟ་བུ་འཚལ་བར་འགྱུར་བ་དང་། གང་གི་ཚེ་གཅིག་ནི་བསེར་མ་བསིལ་བ་འཚལ་ལ་ཅིག་ཤོས་ནི་དྲོན་པོ་འཚལ་བ་དང་། ལ་ལ་ཨུད་པ་ལའི་དྲི་བདའ་བའི་བསེར་མ་འཚལ་ལ། ལ་ལ་ནི་ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་བདའ་བའི་བསེར་མ་འཚལ་བ་དང་། ལ་ལ་ནི་དུས་ཀྱི་རྗེས་སུ་འབྲང་བའི་ཙན་དན་གྱི་དྲི་བདའ་བ་དང་། ལ་ལ་ནི་རྒྱ་སྤོས་ཀྱི་དྲི་བདའ་བ་དང་། ལ་ལ་ནི་ཨ་ག་རུའི་དྲི་བདའ་བའི་བསེར་མ་འཚལ་ལ། ལ་ལ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་བསེར་མ་ཡེ་མི་འཚལ་བ་འཚལ་བར་འགྱུར་ན་ཡང་དེ་དག་གིས་ཇི་ལྟར་སེམས་བསྐྱེད་ཅིང་དམིགས་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་སྙིགས་མ་ལྔ་དང་བྲལ་བར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ལ་རིན་


DKG050_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་སྣ་བདུན་ལས་བགྱིས་པའི་ཁང་པ་བརྩེགས་པ་དག་མཆིས་པར་འགྱུར་ལ། ཁང་པ་བརྩེགས་པ་དེ་དག་ན་གང་དུ་མི་དག་མཆིས་པར་འགྱུར་བར་རིན་པོ་ཆེ་སྣ་བདུན་གྱི་ཁྲི་ཤིང་བལ་གྱི་སྔས་འཇམ་པོ་དག་གིས་ཀུན་ཏུ་གཡོགས་ཤིང་ཀ་ཙ་ལིན་དི་ཀ་ལྟར་རེག་ན་འཇམ་པ་དག་འབྱུང་བར་གྱུར་ཅིག །ཁང་པ་བརྩེགས་པ་དེ་དག་གི་ཁོར་ཡུག་དག་ཏུ་གང་དུ་མི་དེ་དག་ཆབ་ཀྱི་བྱ་བ་བགྱིད་པར་འགྱུར་བར་ཡན་ལག་བརྒྱད་དང་ལྡན་པའི་ཆར་གྱིས་ཡོངས་སུ་བལྟམས་པའི་རྫིང་དག་འབྱུང་བར་གྱུར་ཅིག །སྣ་མའི་མེ་ཏོག་གི་ཤིང་དང་། ཤིང་ཏ་ལ་དང་། ཤིང་ལྗོན་པའི་ཕྲེང་བ་དག་གིས་བརྒྱན་པར་གྱུར་ཅིག །ཤིང་ལྗོན་པ་དེ་དག་ཀྱང་མེ་ཏོག་སྣ་ཚོགས་དང་། འབྲས་བུ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། གོས་སྣ་ཚོགས་དང་། གདུགས་སྣ་ཚོགས་དང་། མུ་ཏིག་གི་རྒྱན་ཕྲེང་སྣ་ཚོགས་དང་། རྒྱན་སྣ་ཚོགས་དག་གིས་བརྒྱན་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་གོས་དང་རྒྱན་ཇི་ལྟ་བུ་འཚལ་བ་དག་དཔག་བསམ་གྱི་ཤིང་དེ་དག་ལས་བླངས་ཏེ་གྱོན་པར་གྱུར་ཅིག །དེ་བཞིན་དུ་མེ་ཏོག་རྣམས་དང་། རྒྱན་དག་གི་བར་ཡང་བླངས་ཏེ་ཐོགས་པར་གྱུར་ཅིག །བདག་གི་བྱང་ཆུབ་ཀྱི་ཤིང་ནི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པར་གྱུར་ལ། འཕང་དུ་ནི་དཔག་ཚད་སྟོང་མཆིས། སྡོང་པོའི་སྦོམས་སུ་དཔག་ཚད་གཅིག་མཆིས། ཡལ་ག་གྱེས་པའི་ཁྱོན་དུ་ཡང་དཔག་ཚད་སྟོང་མཆིས་པར་གྱུར་ཅིག །བྱང་ཆུབ་ཀྱི་ཤིང་དེ་བསེར་མས་བསྐྱོད་པ་ལས་ཕ་རོལ་ཏུ་ཕྱིན་པ་དང་། མངོན་པར་ཤེས་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་ལྷའི་ལས་ཤིན་ཏུ་འདས་པ་འཇམ་ཞིང་ཡིད་དུ་འོང་བ་དག་འབྱུང་བར་གྱུར་ཅིག །སེམས་ཅན་གང་དག་གིས་སྒྲ་དེ་ཐོས་པར་གྱུར་པ་དེ་དག་ཀྱང་འདོད་ཆགས་དང་བྲལ་བའི་སེམས་ཀྱི་དྲན་པ་སོ་སོར་ཐོབ་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་རྣམས་ནི་འདི་ལྟ་སྟེ། དཔེར་བགྱི་ན་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་མོ་ལྟར་ཡོན་ཏན་ཐམས་ཅད་དང་ལྡན་པར་གྱུར་ཅིག །དེ་ན་བུད་མེད་རྣམས་ལ་དྲི་ང་བ་མ་མཆིས་ཤིང་། ལྕེ་གཉིས་དང་། ཕྲག་དོག་དང་། སེར་སྣས་དཀྲིས་པ་མ་མཆིས་པར་གྱུར་ཅིག །དེ་ན་མི་རྣམས་


DKG050_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་དང་ལྷན་ཅིག་ཏུ་ལུས་སྦྱོར་ཞིང་འཁྲིག་པ་སྤྱོད་པ་མ་མཆིས་པར་གྱུར་ཅིག །དེ་ན་སྐྱེས་པ་གང་དག་ཀུན་ཏུ་ཆགས་པའི་སེམས་སྐྱེས་པར་གྱུར་ན། དེ་མཆིས་ཏེ་ཀུན་ཆགས་པའི་སེམས་ཀྱིས་ཡུད་ཙམ་ཞིག་བུད་མེད་ལ་བལྟས་པས་སྐྱེས་པའི་འདོད་ཆགས་རབ་ཏུ་ཞི་བར་གྱུར་ནས་ཤིན་ཏུ་ཡིད་བྱུང་སྟེ། སླར་ལོག་ཅིང་གཙང་མ་རྡུལ་དང་བྲལ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དེས་བདུད་ཀྱི་ཞགས་པ་དག་ལས་ཡོངས་སུ་གྲོལ་ནས་སླན་ཆད་འདོད་ཆགས་ཀྱི་སེམས་མི་སྐྱེ་བར་གྱུར་ཅིག །དེ་ན་བུད་མེད་གང་ལགས་པ་དེ་དག་ཀུན་ཏུ་ཆགས་པས་སྐྱེས་པ་ལ་བརྟགས་པ་ཙམ་གྱིས་སྦྲུམ་པར་འགྱུར་ཞིང་། བརྟགས་པ་ཙམ་གྱིས་གཉི་གའི་འདོད་ཆགས་རབ་ཏུ་ཞི་བར་གྱུར་ཅིག །མངལ་ན་གནས་པའི་ཁྱེའུ་འམ། བུ་མོ་གང་ལགས་པ་དེ་དག་ཀྱང་འདི་ལྟ་སྟེ་དཔེར་བགྱི་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དགའ་བར་བགྱིད་པ་དང་། རབ་ཏུ་དགའ་བར་བགྱིད་པས་ལུས་དང་སེམས་ཀྱི་བདེ་བ་མྱོང་བ་དེ་ལྟ་བུའི་ལུས་དང་སེམས་ཀྱི་བདེ་བ་མྱོང་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་མངལ་ན་གནས་པའི་ཁྱེའུ་དང་། བུ་མོ་དག་གདུགས་མཚན་བདུན་དུ་དེ་ལྟ་བུའི་བདེ་བ་ཉམས་སུ་མྱོང་བར་གྱུར་ཅིག །བུད་མེད་སྦྲུམ་མ་དེ་དག་ཀྱང་འདི་ལྟ་སྟེ། དཔེར་བགྱི་ན་དགེ་སློང་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་པ་དེ་ལྟ་བུའི་བདེ་བ་མྱོང་བར་གྱུར་ཅིག །སེམས་ཅན་དེ་དག་ཀྱང་མངལ་གྱི་དྲི་མ་དང་། མི་གཙང་བས་གོས་པར་མི་འགྱུར་ཞིང་། དགུང་བདུན་པ་ལ་མཆོག་ཏུ་དྲི་བདའ་བ་དང་། བདེ་བའི་ཡོ་བྱད་དམ་པ་དང་ལྡན་བཞིན་དུ་བཙའ་བར་གྱུར་ཅིག །བུད་མེད་དེ་ཡང་སྡུག་བསྔལ་ཉམས་སུ་མྱོང་བར་མི་འགྱུར་ཞིང་གཉིས་ཀ་རྫིང་བུར་ཞུགས་ཏེ་ཁྲུས་བགྱིས་ནས། བུད་མེད་དེས་གང་གིས་འདོད་ཆགས་དང་བྲལ་བ་གཙང་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དེ་ལྟ་བུའི་དྲན་པ་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དེས་འདོད་ཆགས་ཀྱི་ཆོས་རྣམས་ལས་ཡོངས་སུ་གྲོལ་ཞིང་རྟག་པར་རྒྱུན་དུ་མཉམ་པར་བཞག་པར་གྱུར་ཅིག །གང་གིས་ཚེ་རབས་སྔ་མ་དག་ལ་བསྐལ་པ་བྱེ་བ་ཕྲག་མང་པོར་བུད་མེད་ཀྱི་ལུས་ཉམས་སུ་མྱོང་བར་འགྱུར་བ་དེ་ལྟ་བུའི་ལས་བགྱིས་ཤིང་བསགས་པ་


DKG050_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལགས་པས་ཀྱང་ཏིང་ངེ་འཛིན་དེ་མངོན་པར་བསྒྲུབས་པས་བུད་མེད་ཀྱི་ལུས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་བས་པར་འགྱུར་ཞིང་། ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སླན་ཆད་བུད་མེད་ཀྱི་ལུས་ཐོབ་པར་མ་གྱུར་ཅིག །སེམས་ཅན་གང་དག་གིས་གང་གི་སླད་དུ་བསྐལ་པ་བགྲང་བ་ལས་འདས་པ་དག་ཏུ་མངལ་ན་གནས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པ་དེ་ལྟ་བུའི་ལས་བགྱིས་ཤིང་བསགས་པ་དེ་དག་གིས་བདག་གིས་བྱང་ཆུབ་ཐོབ་པའི་མིང་ཐོས་ཤིང་དད་པ་ཐོབ་པར་གྱུར་ནས། དེ་དག་དེ་ནས་ཤི་འཕོས་ནས་ཀྱང་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཞིང་མངལ་ན་གནས་པར་སྐྱེ་བར་མ་གྱུར་ཅིག །དེར་སེམས་ཅན་དེ་དག་གི་ལས་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་བས་པར་གྱུར་ཅིང་། སེམས་ཅན་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སླན་ཆད་མངལ་ན་གནས་པར་སྐྱེ་བར་མ་གྱུར་ཅིག །སེམས་ཅན་གང་དག་གིས་དགེ་བའི་རྩ་བ་བསྐྱེད་པ་དེ་དག་ལས་ཡོངས་སུ་བས་ནས་མངལ་དུ་གནས་པར་སྐྱེ་བར་མ་གྱུར་ཅིག །བདག་གི་སངས་རྒྱས་ཀྱི་ཞིང་ན་བུད་མེད་དམ། མངལ་ན་གནས་པར་མངོན་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་དེར་ཤིན་ཏུ་བདེ་བ་དང་ལྡན་པར་གྱུར་ཅིག །སྣ་མའི་མེ་ཏོག་གི་ཤིང་དང་། ཤིང་ཏ་ལ་དག་བསེར་མས་བསྐྱོད་པར་གྱུར་པ་ན་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྐད་ཉམས་དགའ་བར་འགྱུར་བ་དེ་ལྟ་བུ་དག་འབྱུང་བར་གྱུར་ཅིག །སྒྲ་དེས་མི་རྣམས་ཀྱི་ཏིང་ངེ་འཛིན་སྒྲོན་མ་དང་ལྡན་པ་ཞེས་བགྱི་བ་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དེས་སེམས་ཅན་དེ་དག་གིས་སྟོང་པ་ཉིད་སྣང་བའི་ཆོས་ཟབ་མོ་དག་རྟོགས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་འདོད་པ་དང་ལྡན་པའི་སྒྲ་མ་མཆིས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་ཀྱི་ཤིང་དྲུང་དུ་མཆིས་ནས་ཡུད་ཙམ་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །བདག་བྱང་ཆུབ་ཐོབ་པ་ན་སངས་རྒྱས་ཀྱི་ཞིང་དེ་ན་མེ་ཏོག་ཁ་ཟུམས་པ་མ་གཏོགས་པར་ཉི་མ་དང་ཟླ་བ་དག་གི་འོད་ཀྱང་མི་མངོན་པར་གྱུར་ཅིག །ལྷའི་མིག་གང་གིས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མ་


DKG050_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་གྲངས་མ་མཆིས་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་དག་བཞུགས་ཏེ།འཚོ་ཞིང་གཞེས་པ་རྣམས་མཐོང་བར་འགྱུར་བ་དེ་ལྟ་བུའི་འོད་དག་བདག་གིས་གཏོང་བར་གྱུར་ཅིག །བདག་བྱང་ཆུབ་ཐོབ་པ་ན་སྒྲ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་གང་བར་འགྱུར་བ་དེ་ལྟ་བུའི་སྒྲས་ཆོས་སྟོན་པར་གྱུར་ཅིག །དེ་ན་སེམས་ཅན་གང་དག་མཆིས་པར་གྱུར་པ་དེ་དག་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་རྗེས་སུ་དྲན་པ་ཐོབ་པར་གྱུར་ཅིག །དེ་དག་གང་དང་གང་དུ་མཆི་བ་དང་། འཆབ་པ་དང་། མཆིས་པ་དང་། ལྡོག་པར་འགྱུར་བ་དང་། དེ་དག་གིས་རྟག་པར་རྒྱུན་དུ་བདག་མཐོང་བར་གྱུར་ཅིག །དེ་དག་ཆོས་རྣམས་ལ་ཇི་ལྟར་ཐེ་ཙོམ་དུ་གྱུར་པ་ན། དེ་དག་གིས་བདག་ལ་བལྟས་པ་ཙམ་དང་། བདག་མཐོང་བ་ཙམ་གྱིས་དེ་དག་གི་ཐེ་ཙོམ་མ་མཆིས་པར་གྱུར་ཅིག །བདག་བྱང་ཆུབ་ཐོབ་པ་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་ན་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བླ་ན་མེད་པའི་ཐེག་པ་པའི་སེམས་ཅན་གང་དག་མཆིས་པ་དེ་དག་གིས་བདག་གི་མིང་དང་། བསྔགས་པ་ཐོས་པར་གྱུར་ཅིག །དེ་དག་དེ་ནས་ཤི་འཕོས་ནས་ཀྱང་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །དེ་དག་གིས་དེར་བདག་ལས་ཆོས་ཐོས་ནས་ཉན་ཐོས་ཀྱི་ཐེག་པ་པ་གང་ལགས་པ་དེ་དག་ནི་རྣམ་པར་ཐར་པ་བརྒྱད་ཀྱིས་བསམ་གཏན་པའི་དགྲ་བཅོམ་པར་གྱུར་ཅིག །དེ་ན་གང་དག་ཐེག་པ་ཆེན་པོ་པའི་བྱང་ཆུབ་སེམས་དཔའ་གང་ལགས་པ་དེ་དག་གིས་ནི་བདག་ལས་ཆོས་ཐོས་ནས་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། བཟོད་པ་ཟབ་མོ་དག་ཐོབ་པར་གྱུར་ཅིག །དེ་དག་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པར་ཡང་གྱུར་ཅིག །བདག་གི་ཉན་ཐོས་ཀྱི་དགེ་འདུན་ནི་དཔག་ཏུ་མ་མཆིས་པར་གྱུར་ལ། དེ་བཞིན་གཤེགས་པ་ཉིད་མ་གཏོགས་པར་སུས་ཀྱང་བགྲང་བར་རྔོ་མི་ཐོགས་པར་གྱུར་ཅིག །བདག་གིས་བྱང་ཆུབ་ཐོབ་པ་ན་གང་དང་གང་དུ་མཆིས་ཤིང་ས་ཕྱོགས་གང་དང་གང་དུ་རྐང་མཐིལ་བཞག་པ་དེ་དང་དེར་པད་མ་འདབ་མ་སྟོང་མཆིས་ལ། གསེར་


DKG050_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མདོག་ལྟ་བུར་གདའ་བ་དག་འབྱུང་བར་གྱུར་ཅིག །པད་མ་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་སྟོང་པ་གཞན་དག་ཏུ་མཆིས་ནས་བདག་གི་བསྔགས་པ་དང་། སྒྲ་དང་། དབྱངས་རྗོད་པར་གྱུར་ཅིག །སེམས་ཅན་དེ་དག་གིས་བདག་གི་མིང་དང་། བསྔགས་པ་དང་། སྙན་པ་ཐོས་ནས་དགའ་ཞིང་རབ་ཏུ་དགའ་བ་དང། མཆོག་ཏུ་དགའ་བ་སྐྱེ་བར་གྱུར་ཅིག །དེ་དག་རབ་ཏུ་དང་བ་སྐྱེས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་འཚལ་བར་གྱུར་ཅིག །དགེ་བའི་རྩ་བ་དེ་དག་ཀྱང་དེར་ཡོངས་སུ་སྔོ་བར་གྱུར་ཅིག །དེ་དག་དེ་ནས་ཤི་འཕོས་ནས་ཀྱང་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །བདག་གི་ཉན་ཐོས་ཀྱི་དགེ་འདུན་ཡང་དགེ་སྦྱོང་གི་དྲི་མ་དང་བྲལ་བ་དང་། དགེ་སྦྱོང་གི་སྐྱོན་དང་། དགེ་སྦྱོང་གི་གྱ་གྱུ་དང་བྲལ་བ་དང་དགེ་སྦྱོང་གི་གཡོ་དང་བྲལ་བར་གྱུར་ཅིག །འཁོར་རྣམས་ཀྱང་ཆོས་ལྷུར་ལེན་ཅིང་ཡོ་བྱད་ལྷུར་ལེན་པ་མ་ལགས་པ་དང་། རྙེད་པ་དང་བཀུར་སྟི་ལྷུར་ལེན་པ་མ་ལགས་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་མངོན་པར་དགའ་བར་གྱུར་ཅིག །བདག་གི་འཁོར་རྣམས་བརྩོན་འགྲུས་བརྩམས་ཤིང་ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་གྱུར་ཅིག །དེ་ན་བྱང་ཆུབ་སེམས་དཔའ་གང་དག་ཕྱིར་མི་ལྡོག་པར་གྱུར་པ་དེ་དག་ཀྱང་མ་འོངས་པ་ལ་ཞུགས་པའི་དྲན་པ་ཐོབ་པར་གྱུར་ཅིག །དེ་དག་ཚེ་འཕོས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གཏམ་རྗོད་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐའི་བར་དུ་དེ་དག་གིས་ཆོས་དེ་དག་མི་བརྗེད་པར་གྱུར་ཅིག །བདག་བྱང་ཆུབ་ཐོབ་ནས་ཀྱང་བསྐལ་པ་ཆེན་པོ་ཁྲིའི་བར་དུ་གནས་པར་གྱུར་ཅིག །ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བདག་གི་དམ་པའི་ཆོས་བསྐལ་པ་སྟོང་དུ་གནས་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོངས་སུ་བླངས་པ་ནི་ལེགས་སོ་ལེགས་སོ། །མི་འཁྲུགས་པ་ཁྱོད་ནི་མ་འོངས་པའི་དུས་ན། བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས། གྲངས་མེད་པ་གཉིས་པ་ལ་བབ་པ་ན་ཤར་


DKG050_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལོགས་སུ་འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཇི་ལྟར་ཁྱོད་ཀྱིས་སྨོན་ལམ་བཏབ་པ་དེ་ལྟ་བུའི་ཡོན་ཏན་བཀོད་པ་དང་ལྡན་པ་ཞིག་ཡོད་དེ། དེར་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། དེ་བཞིན་གཤེགས་པའི་མཚན་ཡང་མི་འཁྲུགས་པ་ཞེས་བྱ་བ་ཉིད་དུ་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །མི་འཁྲུགས་པས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གང་དག་སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་ཡོངས་སུ་ཟིན་པ་དེ་དག་ཐམས་ཅད་བྱམས་པའི་སེམས་དང་ལྡན་པར་གྱུར་ཅིག །ཁོན་མ་མཆིས་པའི་སེམས་དང་། རྙོག་པ་མ་མཆིས་པའི་སེམས་སུ་གྱུར་ཅིག །དེ་དག་འདི་ལྟ་བུའི་ལུས་ཀྱིས་བདེ་བ་མྱོང་བར་གྱུར་ཅིག །འདི་ལྟ་སྟེ་དཔེར་བགྱི་ན་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་པད་མ་ལ་སྙོམས་པར་ཞུགས་ཤིང་དེས་བསམ་པ་ལ་སྤོང་བ་རྣམ་པར་དག་པར་གྱུར་པ་དེ་ལྟ་བུར་སེམས་ཅན་རྣམས་ཀྱང་ལུས་དང་སེམས་ཀྱི་བདེ་བ་དང་ལྡན་པར་གྱུར་ཅིག །གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཡན་ལག་ལྔས་ཕྱག་འཚལ་བ་དེའི་ཚེ་ས་གཞི་ཐམས་ཅད་གསེར་གྱི་ཁ་དོག་ལྟ་བུར་གདའ་བར་གྱུར་ཅིག །རིགས་ཀྱི་བུ་དེས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་པ་དེའི་ཚེ་དེའི་དུས་ན་སེམས་ཅན་ཐམས་ཅད་ཀྱང་ཇི་ལྟར་སྨོན་ལམ་བཏབ་པ་དེ་ལྟ་བུའི་བདེ་བ་དང་ལྡན་པར་གྱུར་པ་དེའི་ཚེ་ས་གཞི་ཐམས་ཅད་ཀྱང་གསེར་གྱི་ཁ་དོག་ལྟ་བུར་སྣང་བར་གྱུར་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། བློ་གྲོས་རབ་མཆོག་སེམས་མི་འཁྲུགས་པ་ལོངས། །ལག་པའི་མཐིལ་ན་འཁོར་ལོ་མཆོག་རབ་གནས། །མི་རྣམས་མང་པོ་སྙིང་རྗེའི་སེམས་ལ་བཀོད། །བློ་གྲོས་དགེ་ཁྱོད་འགྲོ་བའི་སྟོན་པར་འགྱུར། །རིགས་ཀྱི་བུ་དེ་ནས་


DKG050_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་བཅུ་པ་གངས་ཀྱི་ནོར་བུ་ཞེས་བྱ་བ་ལ་སྔ་མ་བཞིན་དུ་སྦྱར་རོ། །རྒྱལ་བུ་གངས་ཀྱི་ནོར་བུས་ཀྱང་ཇི་ལྟར་མི་འཁྲུགས་པས་སྨོན་ལམ་བཏབ་པ་དེ་བཞིན་དུ་སྨོན་ལམ་བཏབ་བོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན་དེའི་སླད་དུ་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ལ་དམིགས་པའི་ཡིད་ལ་བགྱིད་པ་ཐོབ་པར་གྱུར་ཅིག །ཐམས་ཅད་ཀྱི་སུག་པར་ཡང་ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་འབྱུང་བར་གྱུར་ཅིག །དེ་དག་ཐམས་ཅད་ཀྱིས་དྲི་དེ་ཡང་སངས་རྒྱས་ཀྱི་སྐུ་དག་ལ་ཡོངས་སུ་བསྔོ་བར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་ནི་ལེགས་སོ་ལེགས་སོ། །གང་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལག་ཏུ་ཙན་དན་སྦྲུལ་གྱི་སྙིང་པོ་བཞག་པ་དང་། བསམ་པ་ཐག་པས་སངས་རྒྱས་ཡིད་ལ་བྱེད་པ་སྐྱེད་པས་ན་རིགས་ཀྱི་བུ་དེའི་ཕྱིར་ཁྱོད་སྤོས་ཀྱི་གླང་པོ་ཆེ་ཞེས་བྱ་བར་གྱུར་ཅིག །སྤོས་ཀྱི་གླང་པོ་ཆེ་ཁྱོད་ནི་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཡོངས་སུ་མྱ་ངན་ལས་འདས་ཏེ། དམ་པའི་ཆོས་ནུབ་ནས་ཞག་བདུན་ལོན་པ་དང་། སྤོས་ཀྱི་གླང་པོ་ཆེ་ཁྱོད་འཇིག་རྟེན་གྱི་ཁམས་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་མེ་ཏོག་ཅེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །སྤོས་ཀྱི་གླང་པོ་ཆེས་ཡང་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན་དེའི་སླད་དུ་གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཡན་ལག་ལྔས་ཕྱག་འཚལ་བ་དེའི་ཚེ་ཀུན་དགའི་ར་བ་དེ་ཐམས་ཅད་དུ་མེ་ཏོག་ཙམ་པ་ཀའི་ཆར་རབ་ཏུ་འབབ་པར་གྱུར་ཅིག །རིགས་ཀྱི་བུ་གང་གི་ཚེ་


DKG050_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེས། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་པ་དེའི་ཚེ་ཀུན་དགའི་ར་བ་དེ་ཐམས་ཅད་དུ་མེ་ཏོག་ཙམ་པ་ཀའི་ཆར་མངོན་པར་རབ་ཏུ་བབ་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། ཤིན་ཏུ་དྲི་ཞིམ་ཚོགས་རབ་མཆོག་སེམས་ལོངས། །མེ་ཏོག་ཙམ་པ་མཆོག་གི་ཆར་འདི་བབས། །རབ་ཏུ་གྱ་ནོམ་དགེ་བའི་ལམ་སྟོན་ལ། །འགྲོ་བ་མང་པོ་འཇིགས་མེད་སྒོར་འཁོད་ཅིག །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་བཅུ་གཅིག་པ་སེང་གེ་ཞེས་བྱ་བ་ལ་སྔ་མ་བཞིན་དུ་སྦྱར་རོ། །ཇི་ལྟར་སྤོས་ཀྱི་གླང་པོ་ཆེས་སྨོན་ལམ་བཏབ་པ་བཞིན་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལ་རིན་པོ་ཆེའི་རྒྱལ་མཚན་ཕུལ་བ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཁྱོད་རིན་པོ་ཆེའི་ཏོག་ཅེས་བྱ་བར་གྱུར་ཅིག །རིན་པོ་ཆེའི་ཏོག་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་དེར་དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་དམ་པའི་ཆོས་ནུབ་ནས་བར་གྱི་བསྐལ་པ་གསུམ་འདས་པ་ན་སངས་རྒྱས་ཀྱི་ཞིང་དེ་རྒྱལ་བའི་ཟླ་བ་ཞེས་བྱ་བར་འགྱུར་རོ། །དེར་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་གླང་པོ་རྣམ་པར་བསྒྲགས་པའི་དབང་ཕྱུག་དབྱངས་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་ཡང་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཅི་འདྲ་བ་དེ་ལྟ་བུར་འགྱུར་རོ། །རིན་པོ་ཆེའི་ཏོག་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན་དེའི་སླད་དུ་གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བ་དེའི་ཚེ།


DKG050_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བྱང་ཆུབ་སེམས་དཔའ་གང་དག་བྱང་ཆུབ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙིང་རྗེ་ཞིང་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ཏེ། སླར་མི་ལྡོག་པར་འགྱུར་བ་དེ་ལྟ་བུའི་དྲན་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཏོག་གིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཕྱག་བྱས་པ་དང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་སྙིང་རྗེའི་སེམས་ལ་བཀོད་པར་གྱུར་པ་དེ་ལྟ་བུའི་དྲན་པ་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཏོག་ལ་བཀའ་སྩལ་པ། བློ་གྲོས་ལེགས་པ་གཟུགས་མཆོག་བརྟན་པ་ལོངས། །སེམས་ཅན་ཕྱིར་ནི་དམ་བཅས་རབ་བརྟན་བྱས། །སྐྱེ་བོ་མང་པོ་རྡུལ་བྲལ་སེམས་ལ་བཞག །མི་མཆོག་སངས་རྒྱས་རབ་ཀྱི་མཆོག་ཏུ་འགྱུར། །དེ་ལྟར་སྔ་མ་བཞིན་དུ་སྦྱར་ཏེ། མཉན་དེས་ལ་སོགས་པ་རྒྱལ་བུ་ལྔ་བརྒྱས་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་ནམ་མཁའི་ཕྱག་རྒྱས་སྨོན་ལམ་བཏབ་ཅིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ཡོངས་སུ་བླངས་པ་དེ་ལྟར་སྨོན་ལམ་བཏབ་ཅིང་། དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་བླངས་ནས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་དུས་གཅིག་ཏུ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་འགྱུར་རོ། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །གཞན་ཡང་རྒྱལ་བུ་བཞི་བརྒྱས་ཀྱང་རྡོ་རྗེས་གཅོད་པ་ཤེས་རབ་སྣང་བའི་དཔལ་གྱིས་ཇི་ལྟ་བུ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ཡོངས་སུ་བླངས་ནས་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །གཞན་ཡང་རྒྱལ་བུ་དགུ་བཅུས་ཀྱང་ཀུན་ཏུ་བཟང་པོས་ཇི་ལྟ་བ་དེ་ལྟ་བུའི་སྨོན་ལམ་བཏབ་ཅིང་དེ་ལྟ་


DKG050_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བླངས་སོ། །ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་པོ་ཐམས་ཅད་ཀྱིས་ཀྱང་སོ་སོ་ནས་སྨོན་ལམ་ཁྱད་པར་ཅན་དག་བཏབ་ཅིང་། སོ་སོ་ནས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ཡོངས་སུ་བླངས་ནས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་དུས་གཅིག་ཏུ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ཏུ་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་བཞིན་དུ་སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་གཉིས་ཀྱིས་ཀྱང་སོ་སོ་ནས་སྨོན་ལམ་བཏབ་ཅིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ཀྱང་ཡོངས་སུ་བླངས་ནས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་དེ་བཞིན་དུ་ཁྱོད་ཅག་ཀྱང་དུས་གཅིག་ཏུ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་བུ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་གཅེན་གཅུང་པོ་བརྒྱད་ཅུ་པོ་དེ་དག་གི་ཐུ་བོ་བྲམ་ཟེའི་ཁྱེའུ་རྒྱ་མཚོའི་དབང་ཕྱུག་ཁྱབ་བདག་ཅེས་བྱ་བ་ཞིག་ཡོད་དེ། རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་བྲམ་ཟེའི་ཁྱེའུ་རྒྱ་མཚོའི་དབང་ཕྱུག་ཁྱབ་བདག་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ཁྱེད་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་དག་པ་ཡོངས་སུ་ལོངས་ཤིག །བྲམ་ཟེའི་ཁྱེའུ་རྒྱ་མཚོའི་དབང་ཕྱུག་ཁྱབ་བདག་གིས་སྨྲས་པ། ཡབ་ཇེ་ཁྱོད་ཀྱིས་སེང་གེའི་སྒྲ་སྒྲོགས་ཤིག །རྒྱ་མཚོའི་རྡུལ་གྱིས་སྨྲས་པ། བུ་ཇེ་ཁྱོད་ཀྱིས་སྨོན་ལམ་ཐོབ་ཤིག་དང་ཁོ་བོས་ཕྱིས་སྨོན་ལམ་གདབ་པར་བྱའོ། །དེས་སྨྲས་པ། ཡབ་ཅིག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོངས་སུ་བླང་བར་བགྱི་ལགས་སམ། འོན་ཏམ་ཡོངས་སུ་མ་དག་པ་བླང་བར་བགྱི་ལགས། མདུན་ན་འདོན་གྱི་གཙོ་བོས་སྨྲས་པ། བྲམ་ཟེའི་ཁྱེའུ་གང་དག་སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་ཡོངས་སུ་ལེན་པར་བྱེད་ཅིང་སེམས་ཅན་བསམ་པ་ཉོན་མོངས་པ་ཅན་ལྟ་བ་ལོག་པར་གྱུར་པ་དག་འདུལ་བ་ཡང་ཡོངས་སུ་ལེན་པར་བྱེད་


DKG050_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཁྱོད་བདག་རང་གིས་ཤེས་པར་གྱིས་ཤིག །རིགས་ཀྱི་བུ་དེ་ནས་བྲམ་ཟེའི་ཁྱེའུ་རྒྱ་མཚོའི་དབང་ཕྱུག་ཁྱབ་བདག་དེ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ནི་སྐྱེ་དགུ་ལོ་བརྒྱད་ཁྲི་ཐུབ་པ་ན་བྱང་ཆུབ་དམ་པ་ལ་རེག་པར་གྱུར་པ་དེ་ལྟ་བུར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བཙལ་ལགས་ཏེ། བཅོམ་ལྡན་འདས་ཇི་ལྟར་ད་ལྟར་གྱི་སེམས་ཅན་རྣམས་འདོད་ཆགས་ཆུང་བ་དང་། ཞེ་སྡང་ཆུང་བ་དང་། གཏི་མུག་ཆུང་བ་དང་། སྐྱོ་བའི་བསམ་པ་ཅན་དང་། འཁོར་བ་ལ་འཇིགས་པ་དང་། སྐྱོན་དུ་ལྟ་བ་དེ་ལྟར་གང་དུ་བདག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་རྣམས་ཀྱང་དེ་ལྟ་བུར་གྱུར་ཅིག །དེ་དག་ཀྱང་བདག་ལས་རབ་ཏུ་འབྱུང་བར་འགྱུར་ཞིང་། བདག་ཀྱང་སེམས་ཅན་རྣམས་ལ་ཐེག་པ་གསུམ་པོ་དག་གིས་ཆོས་སྟོན་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་བསྐལ་པ་ཨུད་པ་ལ་ཡང་དག་རྟོག་ཅེས་བྱ་བ་ལ། སངས་རྒྱས་ཀྱི་ཞིང་འདིའི་གླིང་བཞི་པ་མཆོག་ཅེས་བྱ་བར་འགྱུར་ཞིང་སྐྱེ་དགུའི་ལོ་བརྒྱད་ཁྲི་ཐུབ་པ་ན་བྱང་ཆུབ་མངོན་པར་ཐོབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རིན་པོ་ཆེ་བརྩེགས་པ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །དེས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་


DKG050_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་ལྟ་ན་དེའི་སླད་དུ་ཀུན་དགའི་ར་བ་འདི་ཐམས་ཅད་དུ་མུ་ཏིག་དམར་པོའི་ཆར་དག་རབ་ཏུ་འབབ་པར་གྱུར་ཅིག །ཤིང་ལྗོན་པ་ཐམས་ཅད་ལས་ཀྱང་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་གྱི་སྒྲ་དག་འབྱུང་བར་གྱུར་ཅིག །རིགས་ཀྱི་བུ་གང་གི་ཚེ་བྲམ་ཟེའི་ཁྱེའུ་རྒྱ་མཚོའི་དབང་ཕྱུག་ཁྱབ་བདག་གིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་པ་དེའི་ཚེ་ཀུན་དགའི་ར་བ་དེ་ཐམས་ཅད་དུ་མུ་ཏིག་དམར་པོའི་ཆར་དག་ཀྱང་རབ་ཏུ་བབ། ཤིང་ལྗོན་པ་དེ་ཐམས་ཅད་ལས་ཀྱང་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་གྱི་སྒྲ་དག་བྱུང་བ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། མཐུ་མཆོག་མི་ཟད་ཤེས་རབ་མཛོད་ལོངས་ཤིག། སེམས་ཅན་སྙིང་བརྩེ་ཕན་འདོད་བྱམས་པའི་སེམས། །ཁྱོད་ཀྱི་བསམ་པ་དག་པ་རྫོགས་འགྱུར་ཏེ། །འཇིག་རྟེན་སེམས་ཅན་དོན་མཛད་སངས་རྒྱས་འགྱུར། །བྲམ་ཟེའི་བུ་གཉིས་པ་ཡང་དག་འབྱུང་ཞེས་བྱ་བ་དེས་ཀྱང་རྒྱ་མཚོའི་དབང་ཕྱུག་ཁྱབ་བདག་གིས་ཇི་ལྟ་བ་དེ་བཞིན་དུ་གསོལ་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་ཁྱོད་ཀྱང་བསྐལ་པ་ཨུད་པ་ལ་ཡང་དག་རྟོག་ལ་སངས་རྒྱས་ཀྱི་ཞིང་འདི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་མཆོག་ཅེས་བྱ་བར་འགྱུར་ཞིང་སྐྱེ་དགུའི་ལོ་བརྒྱད་ཁྲིར་འཕེལ་བ་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མེ་ཏོག་ཅེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། གསུམ་པས་ཀྱང་གསོལ་པ་དང་། ལོ་ཉིས་སྟོང་པ་ན་སྐར་མའི་དྲི་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་བཞིན་དུ་སྦྱར་ཏེ། འདི་ལྟར་དེ་བཞིན་གཤེགས་པ་སྣ་མའི་མེ་ཏོག་དང་། རི་བོའི་རྒྱལ་པོ་དང་། སྤྱན་བསྡམས་དང་། ཚངས་མཆོག་དང་། འཛམ་བུའི་གྲིབ་མ་དང་། གང་བ་དང་། བླ་མ་དང་། རིན་ཆེན་རི་བོ་དང་། རྒྱ་མཚོའི་སྙིང་པོ་དང་། སྲེད་མེད་ཀྱི་བུ་དང་། གཙུག་ཏོར་ཅན་དང་། གསེར་ཐུབ་དང་། ཐུབ་དབང་དང་། ཀཽཎྜི་ནྱ་དང་། སེང་གེའི་རྩལ་དང་། ཡེ་ཤེས་རྒྱལ་མཚན་དང་། སངས་


DKG050_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྒྲོགས་དང་། གཞན་གྱིས་མི་ཐུབ་པ་དང་། རྒྱས་པ་དང་། རྒྱལ་བ་དང་། ཕན་བཞེད་དང་། ཤེས་རབ་སྣང་དང་། དབང་ཆེན་དང་། ཞི་བ་དང་། ཤེས་རབ་འབྱུང་གནས་དང་། དགའ་བ་དང་། ནྱ་གྲོ་དྷ་རྒྱལ་པོ་དང་། གསེར་སྤྱན་དང་། ཕན་བཅས་དང་། གཉི་དགའ་དང་། རིན་ཆེན་གཙུག་ཏོར་ཅན་དང་། སྤྱན་བཟངས་དང་། ཚངས་པ་དང་། མཛེས་པ་དང་། ཚངས་པ་ཁྱུ་མཆོག་དང་། སྒྲ་རབ་དང་། ཆོས་ཀྱི་ཟླ་བ་དང་། དོན་མཐོང་དང་། སྙན་པ་དང་། དགའ་ཅན་དང་། གྲགས་མཆོག་དང་། གཟུགས་བཟང་དང་། དྲི་ཞིམ་དང་། གྲིམས་གཡར་དང་། རབ་མཆོག་སྤྱན་དང་། རབ་སྤོང་དང་། དོན་བཅས་བརྟུལ་ཞུགས་དང་། ཐུགས་ཀྱི་རེ་བ་བཟང་དང་། ཤེས་རབ་མཆོག་དང་། གསེར་གྱི་རྒྱལ་མཚན་དང་། སྤྱན་མཛེས་དང་། དག་པའི་ལྷ་དང་། ཟས་གཙང་དང་། ལེགས་མཐོང་ལྷ་དང་། འཕགས་སྐྱེས་རྒྱལ་མཚན་དང་། མིག་མི་བཟང་དང་། ཚངས་དབྱངས་དང་། དཔལ་འབྱུང་དང་། ང་རྒྱལ་དཔལ་དང་། རྡུལ་བྲལ་དང་། ནོར་བུ་བཟང་དང་། འོད་ཟེར་ཅན་དང་། ཤཱཀྱ་ཐུབ་པ་དང་། དབྱངས་ཀྱི་དབང་ཕྱུག་དང་། བདེ་འབྱུང་དང་། ཐུ་བོ་དང་། ཡང་དག་འབྱུང་དང་། མེ་ཏོག་དང་། ཡང་དག་མེ་ཏོག་དང་། མི་འཁྲུགས་པ་དང་། ཉི་མའི་སྙིང་པོ་དང་། དགའ་བའི་དབང་ཕྱུག་དང་། ཀླུས་བྱིན་དང་། རྡོ་རྗེའི་འོད་དང་། གྲགས་པའི་རྒྱལ་པོ་དང་། སྟག་གི་འོད་ཟེར་དང་། སྤྱོད་བཅས་དང་། ཡེ་ཤེས་འབྱུང་དང་། སྤོས་ཀྱི་དབང་ཕྱུག་དང་། སཱ་ལའི་དབང་པོ་དང་། སྲེད་མེད་ཀྱི་བུའི་སྙིང་པོ་དང་། སྐར་མའི་སྙིང་པོ་ཞེས་བྱ་བ་དག་ཏུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །རིགས་ཀྱི་བུ་དེ་ནས་མདུན་ན་འདོན་ཀྱི་བུ་ཐམས་ཅད་ཀྱི་ཐ་ཆུངས་འཇིགས་པའི་གདུང་བྲལ་ཞེས་བྱ་བ་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྲམ་ཟེའི་ཁྱེའུ་བདུན་ཅུ་རྩ་དགུ་པོ་འདི་དག་ཐམས་ཅད་བསྐལ་པ་ཨུད་པ་ལ་ཡང་དག་རྟོག་གི་ཡང་སྐྱེ་བ་གཉིས་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་


DKG050_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལགས་པས་ན་བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་སྟེ། བསྐལ་པ་ཨུད་པ་ལ་ཡང་དག་རྟོག་པས་པར་འགྱུར་བ་ན་ཐམས་ཅད་ཀྱི་ཐ་མར་བྱང་ཆུབ་མཆོག་ལ་རེག་པར་གྱུར་ཅིག །སངས་རྒྱས་བདུན་ཅུ་རྩ་དགུ་པོ་དེ་དག་གི་སྐུ་ཚེའི་ཚད་ཇི་ཙམ་པ་བདག་བྱང་ཆུབ་ཐོབ་པ་གཅིག་པུའི་ཚེའི་ཚད་ཀྱང་དེ་ཙམ་དུ་གྱུར་ཅིག །དེ་དག་གི་འདུལ་བ་ཇི་སྙེད་མཆིས་པར་གྱུར་པ་དང་། ཇི་ལྟར་དེ་དག་ཐེག་པ་གསུམ་པོ་དག་གིས་ཆོས་སྟོན་པར་འགྱུར་བ་བདག་གཅིག་པུའི་ཡང་དེ་སྙེད་དུ་གྱུར་ཅིག །ཇི་ལྟར་དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་མཆིས་པར་འགྱུར་བ་བདག་བྱང་ཆུབ་ཐོབ་པ་གཅིག་པུའི་ཉན་ཐོས་ཀྱི་དགེ་འདུན་ཡང་དེ་སྙེད་དུ་གྱུར་ཅིག །སངས་རྒྱས་བདུན་ཅུ་རྩ་དགུ་པོ་དེ་དག་བྱུང་བའི་བསྐལ་པ་ཨུད་པ་ལ་ཡང་དག་རྟོག་དེ་ལ་སེམས་ཅན་གང་དག་གིས་མིའི་ལུས་ཐོབ་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་བསྐལ་པ་བས་པར་འགྱུར་བ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཐེག་པ་གསུམ་པོ་དག་གི་ངེས་པ་ལ་དགོད་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་འཇིགས་པའི་གདུང་བྲལ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ཁྱོད་སེམས་ཅན་བགྲང་བ་ལས་འདས་པ་དག་ལ་སྙིང་རྗེ་ཞིང་ཕན་པར་བྱེད་པར་ཞུགས་པ་ནི་ལེགས་སོ་ལེགས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཅིག་འདས་ནས་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་བསྐལ་པ་ཨུད་པ་ལ་ཡང་དག་རྟོག་དེ་ཟད་ཀར་ཐམས་ཅད་ཀྱི་ཐ་མར་ཁྱོད་བླ་ན་མེད་པ་ཡང་


DKG050_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་རྡུལ་བྲལ་ཡང་དག་འཕགས་མངོན་འཕགས་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །ཇི་ལྟར་སངས་རྒྱས་བདུན་ཅུ་རྩ་དགུ་པོ་དེ་དག་གི་ཚེ་བསྐལ་པ་ཕྱེད་དུ་འགྱུར་བ་དེ་བཞིན་དུ་ཁྱོད་གཅིག་པུའི་ཡང་བསྐལ་པ་ཕྱེད་དུ་འགྱུར་ཏེ། ཇི་ལྟར་སྨོན་ལམ་བཏབ་པའི་སྨོན་ལམ་དེ་དག་ཐམས་ཅད་ཀྱི་བར་ཡང་དག་པར་འགྲུབ་པར་འགྱུར་རོ། །དེས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཡན་ལག་ལྔས་ཕྱག་འཚལ་བ་དེའི་ཚེ། སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་དུ་མེ་ཏོག་སྔོན་པོའི་ཆར་ཤིན་ཏུ་དྲི་བདའ་བ་དག་འབབ་པར་གྱུར་ཅིག །སེམས་ཅན་གང་དག་གིས་དྲི་དེ་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱི་ཁམས་རྣམས་རབ་ཏུ་དང་ཞིང་མི་འཐུན་པ་མ་མཆིས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་ནད་རྣམས་ཀྱང་རབ་ཏུ་ཞི་བར་གྱུར་ཅིག །རིགས་ཀྱི་བུ་གང་གི་ཚེ་བྲམ་ཟེའི་ཁྱེའུ་འཇིགས་པའི་གདུང་བྲལ་གྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་པ་དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་དུ་མེ་ཏོག་སྔོན་པོའི་ཆར་དག་ཀྱང་རབ་ཏུ་བབ། སེམས་ཅན་ཐམས་ཅད་ཀྱིས་ཀྱང་དྲི་དེ་ཚོར་བར་གྱུར་ནས་དེ་དག་ཐམས་ཅད་ཀྱི་ཁམས་རྣམས་ཀྱང་སྙོམས་ཤིང་མི་འཐུན་པ་མེད་པར་གནས་པར་གྱུར། དེ་ན་སེམས་ཅན་ཐམས་ཅད་ལ་ནད་མེད་ཅིང་གནོད་པ་མེད་པར་གྱུར་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། སྙིང་རྗེའི་བརྟུལ་ཞུགས་དུལ་བའི་སེམས་ལོངས་ཤིག །འཇིག་རྟེན་མགོན་པོ་མང་པོ་མཆོད་འགྱུར་ཞིང་། །ཉོན་མོངས་གཡོ་མདུད་དམ་པོ་གཅོད་འགྱུར་ཏེ། །དགེ་བ་དམ་པ་ཤེས་རབ་མཛོད་དུ་འགྱུར།། །།བམ་པོ་བརྒྱད་པ། རིགས་ཀྱི་བུ་བྲམ་ཟེའི་དེའི་སློབ་མ་བྱེ་བ་ཕྲག་གསུམ་ཀུན་དགའི་ར་བའི་སྒོ་ན་འདུག་


DKG050_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་གིས་ཀྱང་སེམས་ཅན་འོངས་པ་རྣམས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་བཀོད་ཅིང་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སློབ་མ་དེ་དག་ལ་སྨྲས་པ། ཀྱེ་བྲམ་ཟེའི་ཁྱེའུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་འདོད་པ་དག་ཀྱང་ལོང་ཤིག །སྨོན་ལམ་ཇི་ལྟ་བུ་འདོད་པ་དག་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐོབ་ཤིག །དེ་ནས་བྲམ་ཟེའི་ཁྱེའུ་སྐར་མའི་ཁྱུ་མཆོག་གིས་སྨྲས་པ། ལམ་ཇི་ལྟ་བུ་དང་། ཚོགས་ཇི་ལྟ་བུ་དང་། སྤྱོད་པ་ཇི་ལྟ་བུ་དང་། རྗེས་སུ་དྲན་པ་ཇི་ལྟ་བུས་བྱང་ཆུབ་འཐོབ་པར་འགྱུར་ལགས། མདུན་ན་འདོན་གྱིས་སྨྲས་པ། བྲམ་ཟེའི་ཁྱེའུ་བྱང་ཆུབ་ཀྱི་ལམ་ལ་ཞུགས་པའི་བྱང་ཆུབ་སེམས་དཔས་མི་ཟད་པའི་མཛོད་བཞི་པོ་འདི་དག་ཡང་དག་པར་བསྒྲུབ་པར་བྱ་སྟེ།བཞི་གང་ཞེ་ན། བསོད་ནམས་ཀྱི་ཚོགས་མི་ཟད་པ་དང་། ཡེ་ཤེས་ཀྱི་ཚོགས་མི་ཟད་པ་དང་། ཤེས་རབ་ཀྱི་ཚོགས་མི་ཟད་པ་དང་། ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཚོགས་མི་ཟད་པ་སྟེ། རིགས་ཀྱི་བུ་ལམ་དེ་ནི་དེ་ལྟ་བུ་ཡིན་ནོ། །བྲམ་ཟེའི་ཁྱེའུ་དེ་བཞིན་གཤེགས་པས་ཀྱང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་རྣམས་ནི་ཚོགས་རྣམ་པར་དག་པ་སྡུད་པ་ཞེས་བྱ་བ་ཚོགས་ཉམས་སུ་ལེན་པར་བྱེད་པ། ཆོས་ཀྱི་སྒོ་སྦྱིན་པའི་ཚོགས་ཡོངས་སུ་གཏོང་བར་བྱེད་དེ། དེས་ནི་འདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཚོགས་ནི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པའི་ཚོགས་ནི་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཚོགས་ནི་དགོས་པ་ཐམས་ཅད་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཚོགས་ནི་ཅང་ཤེས་ཀྱི་སེམས་སུ་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཚོགས་ནི་ཉོན་མོངས་


DKG050_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཡོངས་སུ་ཤེས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པའི་ཚོགས་ནི་སྤོབས་པ་ཐོགས་པ་མེད་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི་ཤེས་པ་ཐོགས་པ་མེད་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་ཀྱི་ཚོགས་ནི་སེམས་ལས་སུ་རུང་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་གི་ཚོགས་ནི་ཐེ་ཙོམ་དང་བྲལ་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པའི་ཚོགས་ནི་ཞེ་འགྲས་པ་མེད་པའི་སེམས་སུ་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་ཚོགས་ནི་འདུལ་བ་ལ་མི་སྐྱོ་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བའི་ཚོགས་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་མོས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ཀྱི་ཚོགས་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉན་པའི་ཚོགས་ནི་སྒྲིབ་པ་སྤོང་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འབྱུང་བའི་ཚོགས་ནི་ཡོངས་སུ་འཛིན་པ་ཐམས་ཅད་སྤོང་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོན་པར་གནས་པའི་ཚོགས་ནི་དགེ་བའི་ལས་བྱས་པ་ཆུད་མི་ཟ་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བ་སྤེལ་བ་སྒོམ་པའི་ཚོགས་ནི་དགེ་བའི་རྩ་བ་ཐམས་ཅད་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པའི་ཚོགས་ནི་གཟུངས་ཐོབ་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བློ་གྲོས་ཀྱི་ཚོགས་ནི་བློའི་བྱེ་བྲག་འབྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཚོགས་ནི་དོན་གྱི་རྣམ་པའི་རྗེས་སུ་རྟོགས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པའི་ཚོགས་ནི་ལུས་


DKG050_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཚོར་བ་དང་། སེམས་དང་། ཆོས་ལ་སོ་སོར་རྟོག་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་སྤོང་བའི་ཚོགས་ནི་དགེ་བའི་ཆོས་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པའི་ཚོགས་ནི་ལུས་དང་། སེམས་ཡང་བ་ཉིད་དུ་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོའི་ཚོགས་ནི་སྡོམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ཀྱི་ཚོགས་ནི་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ནི་ཆོས་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོར་བྱེད་པ་དྲུག་གི་ཚོགས་ནི་འདུལ་བའི་སེམས་ཅན་རྣམས་ཡོངས་སུ་དག་པར་བྱེད་པར་འགྱུར་རོ་ཞེས་གསུངས་ཏེ། བྲམ་ཟེའི་ཁྱེའུ་ཚོགས་རྣམ་པར་དག་པ་སྡུད་པ་ཞེས་བྱ་བ་དེ་ནི་ཚོགས་ཉམས་སུ་ལོན་པར་བྱེད་པའི་ཆོས་ཀྱི་སྒོ་ཡིན་ནོ། །དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་སྦྱིན་པའི་ཚོགས་ནི་ལོངས་སྤྱོད་ཆེན་པོ་དང་། གཡོག་འཁོར་མང་པོར་འགྱུར་བར་གསུངས་ལ། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ནི་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། ཐོས་པས་ནི་ཤེས་རབ་ཆེན་པོར་འགྱུར་བ་དང་། དད་པ་དང་། འཚོ་བ་དང་། སྒོམ་པ་ནི་འཁོར་བ་ལས་རྒལ་བར་བྱེད་པར་བསྟན་ཏོ། །མདུན་ན་འདོན་གྱིས་སྨྲས་པ་དང་། བྲམ་ཟེའི་ཁྱེའུ་གང་དག་འཁོར་བ་ལ་མངོན་པར་དགའ་བ་རྣམས་ནི་སྦྱིན་པ་སྦྱིན་པར་བྱེད་དེ། བྲམ་ཟེའི་ཁྱེའུ་དེ་ཡང་འདི་སྐད་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་བྱང་ཆུབ་ཀྱི་ལམ་ལ་ཞུགས་པ་དེ་དག་གིས་ནི་དུལ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱའོ། །ཞི་གནས་ཀྱི་སེམས་ཀྱིས་ཚུལ་ཁྲིམས་བསྲུང་བར་བྱའོ། །རྙོག་པ་མེད་པའི་སེམས་ཀྱིས་ཐོས་པ་ཡོངས་སུ་བཙལ་བར་བྱའོ། །སྙིང་རྗེ་ཆེན་པོའི་སེམས་ཀྱིས་བསྒོམ་པ་བསྒོམ་པར་བྱའོ། །ཆོས་ལྷག་མ་རྣམས་ཀྱང་ཤེས་རབ་དང་། ཡེ་ཤེས་དང་། ཐབས་ཀྱི་ཚོགས་ཡང་དག་པར་


DKG050_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་ཕྱིར་ཡོངས་སུ་བཙལ་བར་བྱའོ་ཞེས་གསུངས་པ་ལྟ་བུ་སྟེ། བྲམ་ཟེའི་ཁྱེའུ་དེ་ནི་བྱང་ཆུབ་ཀྱི་ལམ་ཡིན་ནོ། །ཚོགས་དེ་ལྟ་བུས་བྱང་ཆུབ་ཐོབ་པར་འགྱུར་ཏེ། བྲམ་ཟེའི་ཁྱེའུ་བསྒོམ་པ་ནི་དེ་ལྟ་བུ་ཡིན། དྲན་པ་ནི་དེ་ལྟ་བུ་ཡིན། བྱང་ཆུབ་ཀྱི་ལམ་གྱི་སྤྱོད་པ་ནི་དེ་ལྟ་བུ་ཡིན་གྱིས། བྲམ་ཟེའི་ཁྱེའུ་བྱང་ཆུབ་ཏུ་འདུན་པ་སྐྱེད་ཅིག །བྲམ་ཟེའི་ཁྱེའུ་བྱང་ཆུབ་ཀྱི་ལམ་ནི་ཡང་དག་པ་ཡིན་གྱིས་བསམ་པ་ཐག་པ་ནས་སྨོན་ལམ་ཐོབ་ཤིག་དང་ཡོངས་སུ་རྫོགས་པར་འགྱུར་རོ། །བྲམ་ཟེའི་ཁྱེའུ་བསམ་པ་ཐག་པས་བྱང་ཆུབ་ཀྱི་ལམ་ནི་དང་བ་ཡིན་ནོ། །བྲམ་ཟེའི་ཁྱེའུ་གཡོ་མེད་པས་རྣམ་པར་དག་པ་སྟེ། ཉོན་མོངས་པ་རབ་ཏུ་བསལ་བས་བྱང་ཆུབ་ཀྱི་ལམ་ནི་དྲང་བ་ཡིན་ནོ། །བྲམ་ཟེའི་ཁྱེའུ་བླ་ན་མེད་པའི་མྱ་ངན་ལས་འདས་པའི་མཐར་ཐུག་པས་བྱང་ཆུབ་ཀྱི་ལམ་ནི་གྲུབ་པ་དང་། བདེ་བ་ཡིན་གྱིས་སྨོན་ལམ་ཐོབ་ལ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་དག་པའམ། ཡོངས་སུ་མ་དག་པ་ཇི་ལྟ་བུ་འདོད་པ་ལོང་ཤིག །རིགས་ཀྱི་བུ་དེ་ནས་བྲམ་ཟེའི་ཁྱེའུ་སྐར་མའི་ཁྱུ་མཆོག་གིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་སྟེ། སེམས་ཅན་འདོད་ཆགས་ཆུང་བ་རྣམས་དང་། ཞེ་སྡང་ཆུང་བ་རྣམས་དང་། གཏི་མུག་ཆུང་བ་རྣམས་དང་། སེམས་འཁྲུལ་པ་མ་མཆིས་ཤིང་མ་འཁྲུལ་པ་རྣམས་དང་། འཁོན་པའི་སེམས་མ་མཆིས་པ་རྣམས་དང་། ཕྲག་དོག་དང་སེར་སྣའི་སེམས་རྣམ་པར་སྤངས་པ་རྣམས་དང་། ལོག་པར་ལྟ་བའི་སེམས་ཡོངས་སུ་སྤངས་པ་རྣམས་དང་། ཡང་དག་པའི་ལྟ་བའི་སེམས་ལ་གནས་པ་རྣམས་དང་། དགེ་བར་སེམས་པ་རྣམས་དང་། དགེ་བ་ཡོངས་སུ་ཚོལ་བར་སེམས་པ་རྣམས་དང་། ངན་སོང་གསུམ་གྱི་ལམ་རྣམ་པར་སྤོང་བར་སེམས་པ་རྣམས་དང་། མཐོ་རིས་ཀྱི་ལམ་གསུམ་ལ་བརྩོན་པར་སེམས་པ་རྣམས་དང་། བསོད་


DKG050_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་བྱ་བའི་དངོས་པོ་གསུམ་པོ་དག་གིས་དགེ་བའི་རྩ་བ་ཡང་དག་པར་སྡུད་པ་རྣམས་དང་། ཐེག་པ་གསུམ་པོ་དག་ལ་བརྩོན་པར་སེམས་པ་རྣམས་ཀྱི་སླད་དུ་བདག་ཀྱང་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན་དེའི་སླད་དུ་བདག་གི་སུག་པ་ལག་པ་གཉིས་སུ་གླང་པོ་ཆེའི་གཙོ་བོ་དག་འབྱུང་བར་གྱུར་ཅིག །ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་མཐུས་དེའི་ལག་པ་གཉིས་སུ་གླང་པོ་ཆེའི་གཙོ་བོ་ཐལ་ཀར་ཡན་ལག་བདུན་ཤིན་ཏུ་གནས་པ་དག་བྱུང་བར་གྱུར་པ་མཐོང་ནས། དེས་སྨྲས་པ། ཁྱེད་ཅག་ཆུང་ཟད་ཙམ་ཞིག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་འདིའི་སྟེང་གི་ནམ་མཁའ་ལ་དེང་ལ་ཡན་ལག་བརྒྱད་དང་ལྡན་པའི་ཆར་ཤིན་ཏུ་དྲི་ཞིམ་པ་དག་གིས་སངས་རྒྱས་ཀྱི་ཞིང་འདི་ནས་སེམས་ཅན་ཐམས་ཅད་སད་པར་གྱིས་ཤིག །དེའི་ཐིགས་པས་སེམས་ཅན་གང་དག་གི་ལུས་ལ་ཕོག་གམ། གང་དག་གིས་དྲི་ཚོར་བར་གྱུར་པ་དེ་དག་གི་སྒྲིབ་པ་ལྔ་སྤངས་པར་གྱུར་ཅིག །འདི་ལྟ་སྟེ། འདོད་པ་ལ་འདུན་པའི་སྒྲིབ་པ་སྤངས་པར་གྱུར་ཅིག །གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཙོམ་གྱི་སྒྲིབ་པ་སྤངས་པར་གྱུར་ཅིག །ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་གླང་པོ་ཆེ་དེ་དག་སྟེང་གི་བར་སྣང་ལ་འདི་ལྟར་མགྱོགས་པར་དོང་སྟེ། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ལག་པ་བརྐྱང་བ་ལས་སྐུམ་པའམ། བསྐུམ་པ་ལས་རྐྱོང་བ་དེ་བཞིན་དུ་དེ་ལྟར་མགྱོགས་པར་དོང་ནས། གླང་པོ་ཆེའི་གཙོ་བོ་དེ་དག་གིས་ཇི་སྐད་སྔར་སྨྲས་པའི་བྱ་བ་དག་བྱས་ནས་ཕྱིར་ལོག་སྟེ་དེའི་མདུན་དུ་འཁོད་དོ། །རིགས་ཀྱི་བུ་དེ་ནས་བྲམ་ཟེའི་ཁྱེའུ་སྐར་མའི་ཁྱུ་མཆོག་ཤིན་ཏུ་ཡིད་དགའ་བར་གྱུར་པ་དང་། དེ་ལ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་


DKG050_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབ་པ་ན་བསྐལ་པ་སྒྲ་སྣང་ཞེས་བྱ་བ་ལ་གླིང་བཞི་པ་འདིར་སངས་རྒྱས་ཀྱི་ཞིང་སྒྲ་ཡང་དག་པར་བསྩགས་པ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་བར་དེ་བཞིན་གཤེགས་པ་རིན་པོ་ཆེ་ཆེན་པོའི་གདུགས་མངོན་པར་འཕགས་པའི་འོད་ཟེར་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བར་དུ་འགྱུར་རོ། །རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སྐར་མའི་ཁྱུ་མཆོག་གིས། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་གཏུགས་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། རྡུལ་དང་རྣམ་བྲལ་སེམས་ཅན་རྣམ་དག་ལོངས། །ཁྱོད་ཀྱིས་སེམས་ཅན་བྱེ་མང་ལུང་བསྟན་ཏོ། །བྱང་ཆུབ་ཕྱིར་ནི་རབ་དག་ལམ་སྦྱོང་ཞིང་། །རྒྱལ་མཆོག་སེམས་ཅན་རྣམས་ཀྱི་འདྲེན་པར་འགྱུར། །དེ་བཞིན་དུ་སྦྱར་ཏེ། བྲམ་ཟེའི་ཁྱེའུ་སྟོང་དང་། བྲམ་ཟེའི་ཁྱེའུ་བྱེ་བ་ཕྲག་གསུམ་པོ་གང་དག་གིས་སངས་རྒྱས་ཀྱི་ཞིང་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་ལུང་བསྟན་ཏེ། ཐ་མ་ནི་སངས་རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་ཀྱི་བར་དག་ཏུ་འགྱུར་རོ། །བྲམ་ཟེའི་ཁྱེའུ་ལུང་བསྟན་པ་དེ་དག་ཐམས་ཅད་ལས་གང་དག་རིག་བྱེད་ཀློག་པའི་བྲམ་ཟེ་སྟོང་ཞིག་ཡོད་པའི་ཐུ་བོ་མང་པོས་བླ་མར་བཀུར་བ་ཁྱབ་འཇུག་རླུང་ཞེས་བྱ་བ་དེས་གསོལ་པ། བདག་ནི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་གྱུར་ཅིག །འདོད་ཆགས་བདོ་བ་དང་། ཞེ་སྡང་བདོ་བ་དང་། གཏི་མུག་བདོ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་གྱུར་ཅིག །བྲམ་ཟེའི་ཁྱེའུ་སྐར་མ་སྐྱོང་ཞེས་བྱ་བ་དེས་སྨྲས་པ། ཀྱེ་མཁན་པོ་ཁྱབ་འཇུག་རླུང་འདིས་དོན་གྱི་དབང་ཇི་ཞིག་མཐོང་ན་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པར་སྨོན་ལམ་འདེབས་པར་བགྱིད་ལགས། མདུན་ན་འདོན་གྱིས་སྨྲས་པ། སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཞིང་


DKG050_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མ་ལྔ་དང་ལྡན་པར་བྱང་ཆུབ་ཐོབ་པར་བྱེད་ཅིང་། སེམས་ཅན་སྐྱབས་མེད་པ་རྣམས་དང་། དཔུང་གཉེན་མེད་པ་རྣམས་དང་། ཉོན་མོངས་པ་དག་གིས་གཙེས་པ་རྣམས་དང་། ལྟ་བས་ཉོན་མོངས་པར་གྱུར་པ་རྣམས་ཀྱི་དོན་བྱེད་ཅིང་སྐྱབས་དང་དཔུང་གཉེན་དུ་འགྱུར་བ་དང་། སེམས་ཅན་རྣམས་སྐྱེ་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པ་དང་། ཡང་དག་པའི་ལྟ་བ་ལ་རབ་ཏུ་འགོད་པར་བྱེད་ཅིང་སེམས་ཅན་རྣམས་མྱ་ངན་ལས་འདས་པའི་བདུད་རྩིའི་རོས་ཚིམ་པར་བྱེད་དོ་ཞེས་གྲག་སྟེ། གང་གི་ཕྱིར་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པར་སྨོན་ལམ་འདེབས་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ཡིན་པར་སྣང་ངོ་། །དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། ཁྱབ་འཇུག་རླུང་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་ངུར་སྨྲིག་གི་རྒྱལ་མཚན་ཞེས་བྱ་བ་ཞིག་ཡོད་དེ། སྐྱེས་བུ་དམ་པ་ཁྱོད་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །ཁྱབ་འཇུག་རླུང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཡན་ལག་ལྔས་ཕྱག་འཚལ་བ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་ཞབས་བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པ་གཉིས་བདག་གི་སྤྱི་བོར་འཇོག་པར་གྱུར་ཅིག །རིགས་ཀྱི་བུ་གང་གི་ཚེ་བྲམ་ཟེ་ཁྱབ་འཇུག་རླུང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་པ་དེའི་ཚེ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བྱང་ཆུབ་སེམས་དཔའ་ཁྱབ་འཇུག་རླུང་གི་སྤྱི་བོར་ཞབས་གཉིས་བཞག་སྟེ་བཀའ་སྩལ་པ། སྙིང་རྗེའི་བསམ་པ་ཤེས་


DKG050_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྣོན་པོ་ལོངས། །བྱང་ཆུབ་མཆོག་ཕྱིར་སྤྱད་པ་སྤྱོད་གྱིས་ལ། །བརྟན་པ་ཉོན་མོངས་འཆིང་བ་དམ་ཆོད་ཅིག །ཁྱོད་ནི་ཕན་པས་སྙིང་བརྩེ་སངས་རྒྱས་འགྱུར། །རིགས་ཀྱི་བུ་དེ་ནས་བྲམ་ཟེའི་ཁྱེའུ་སྐར་མ་སྐྱོང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་སྟེ། སངས་རྒྱས་ཀྱི་ཞིང་འདིར་སེམས་ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་སེམས་ཆ་མཉམ་པ་རྣམས་དང་། དགེ་བ་དང་མི་དགེ་བའི་བསམ་པ་ལ་མི་གནས་པའི་སྐྱེ་དགུ་ཚེ་ལོ་བཞི་ཁྲི་ཐུབ་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མེད་གཉིས་པ་ལ་བབ་པ་ན་འཇིག་རྟེན་གྱི་ཁམས་འདི་ནི་མི་མཇེད་ཅེས་བྱ་བར་འགྱུར་ཏེ། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ནི་མི་མཇེད་ཅེས་བྱ་ཞེ་ན། སེམས་ཅན་དེ་དག་འདོད་ཆགས་ལ་མི་མཇེད་པ་དང་། དེ་དག་ཞེ་སྡང་ལ་མི་མཇེད་པ་དང་། གཏི་མུག་ལ་མི་མཇེད་པ་དང་། ཉོན་མོངས་པའི་འཆིང་བ་རྣམས་ལ་མི་མཇེད་པས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ནི་མི་མཇེད་ཅེས་བྱའོ། །འཇིག་རྟེན་གྱི་ཁམས་མི་མཇེད་དེར་བསྐལ་པ་ཆེན་པོ་བཟང་པོ་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། ཅིའི་ཕྱིར་བཟང་པོ་ཞེས་བྱ་ཞེ་ན། བསྐལ་པ་ཆེན་པོ་བཟང་པོ་དེ་ལ་སེམས་ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤྱོད་པ་རྣམས་ཀྱི་ནང་དུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟོང་འབྱུང་བར་འགྱུར་བའི་ཕྱིར་ཏེ། སྐྱེས་བུ་དམ་པ་ཁྱོད་ཀྱང་བསྐལ་པ་ཆེན་པོ་བཟང་པོ་བྱུང་ཞིང་། སྐྱེ་དགུ་ལོ་བཞི་ཁྲི་ཐུབ་པ་ན་ཐམས་ཅད་ཀྱི་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་འཁོར་བ་


DKG050_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་ཅེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་ཞིང་། ཐེག་པ་གསུམ་པོ་དག་གིས་ཆོས་སྟོན་པར་འགྱུར་ཏེ། འཁོར་བའི་ཆུ་བོས་བདས་པའི་སེམས་ཅན་བགྲང་བ་ལས་འདས་པ་དག་ཀྱང་སྒྲོལ་བར་འགྱུར་ཞིང་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་འགོད་པར་ཡང་འགྱུར་རོ། །རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སྐར་མ་སྐྱོང་གིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་མགོ་བོས་ཕྱག་བྱས་ནས་ལངས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །རིགས་ཀྱི་བུ་དེ་ནས་བྲམ་ཟེའི་ཁྱེའུ་གཉིས་པ་ཏམ་བུ་རུ་ཞེས་བྱ་བ་ཡང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་འདུག་སྟེ་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་ཀྱང་དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་རྗེས་སུ་མཚམས་སྦྱོར་ཞིང་འཇིག་རྟེན་གྱི་སྐྱེ་དགུ་ཚེ་ལོ་སུམ་ཁྲི་ཐུབ་པ་ན་སངས་རྒྱས་སུ་འབྱུང་བར་གྱུར་ཅིག །དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་ཁྱོད་ནི་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་བསྐལ་པ་བཟང་པོ་བྱུང་བའི་ཚེ། དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་རྗེས་སུ་མཚམས་སྦྱོར་ཞིང་སྐྱེ་དགུའི་ཚེ་ལོ་སུམ་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཅེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ། །དེས་བཅོམ་ལྡན་འདས་ལས་ལུང་བསྟན་པ་ཐོས་ནས། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བསྐོར་བ་བྱས་ནས། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་འདུག་སྟེ། མེ་ཏོག་དག་གིས་བཅོམ་ལྡན་འདས་ཀྱི་སྐུ་ལ་འཐོར་ཞིང་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། ཤིན་ཏུ་འབྲེལ་བ་ལེགས་བསྒྲགས་རབ་སྙན་གསུང་བ་པོ། །མ་འཁྲུལ་མ་འདྲེས་མ་རྙོགས་དྲི་མ་མི་མངའ་བ། །ཁྱད་འཕགས་ཤིན་ཏུ་སྡོམ་བརྩོན་


DKG050_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བློ་རབ་བློ་གྲོས་ལྡན། །དྲང་སྲོང་དམ་པ་ཁྱོད་མཛེས་ཐུབ་གཙོ་ཁྱུ་མཆོག་ལགས། །ཡོན་ཏན་བརྒྱས་བལྟམ་ཡོན་ཏན་མང་པོ་སྩོལ་བ་ཁྱོད། །ཐུབ་མཆོག་བདེ་བ་མཛད་པ་མི་ཡི་དམ་པས་བཏུད། །སྲིད་པ་གསུམ་ན་ཁྱོད་འདྲའི་སེམས་ཅན་གཞན་མ་མཆིས། །དེང་ཁྱོད་སེམས་ཅན་མང་པོ་བྱང་ཆུབ་ལམ་ལུང་བསྟན། །རིགས་ཀྱི་བུ་དེ་ནས་བྲམ་ཟེའི་ཁྱེའུ་ཀུན་གྱིས་བསྲུངས་ཞེས་བྱ་བས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་རིན་པོ་ཆེ་སྣ་བདུན་གྱི་ཁྲིའུ་བཞག་སྟེ། རིན་ཐང་འབུམ་གྱི་བཤམ་པས་བཤམས་ནས་ཁྲིའུ་དེ་ལ་གསེར་གྱི་ལྷུང་བཟེད་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བ་དང་། གསེར་གྱི་རིལ་བ་བྷྲིང་ག་ར་དང་། རིན་པོ་ཆེ་སྣ་བདུན་གྱི་མཆོད་སྡོང་དག་བཞག་སྟེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ནས་དེས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་ཀྱང་མ་འོངས་པའི་དུས་ན་བསྐལ་པ་གྲངས་མ་མཆིས་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མ་མཆིས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་བསྐལ་པ་བཟང་པོ་དེ་ལ་ཚེ་འགྲིབ་པ་དང་། རྩོད་པའི་དུས་ཀྱི་མཚན་མ་བྱུང་བ་དང་། སེམས་ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བདོ་ཞིང་། ང་རྒྱལ་དང་། ཕྲག་དོག་དང་། སེར་སྣས་ཀུན་ནས་དཀྲིས་པ་རྣམས་དང་། སེམས་ཅན་ལོག་པར་ལྟ་བ་དང་། མི་དགེ་བའི་བཤེས་གཉེན་ལ་རྟེན་པ་དང་། མི་དགེ་བའི་རྩ་བའི་སེམས་ཀུན་ནས་ལངས་པ་དང་། དགེ་བའི་རྩ་བའི་སེམས་ཡོངས་སུ་ཉམས་པ་དང་། ཡང་དག་པའི་ལྟ་བའི་སེམས་རྣམ་པར་སྤངས་པ་དང་། ལོག་པས་འཚོ་ཞིང་མི་དགེ་བའི་སེམས་དང་ལྡན་པ་རྣམས་ཀྱི་ནང་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པར་འགྱུར་ཞིང་། དེ་བཞིན་གཤེགས་པ་གསེར་ཐུབ་ཡོངས་སུ་མྱ་ངན་ལས་འདས་ཏེ། དམ་པའི་ཆོས་ནུབ་ནས་འཇིག་རྟེན་ལོང་བར་གྱུར་ཅིང་། འདྲེན་པ་མ་མཆིས་པ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་བདག་བླ་ན་མེད་པ་ཡང་


DKG050_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བྲམ་ཟེ་ཀུན་གྱིས་བསྲུངས་ལ་བཀའ་སྩལ་པ། བྲམ་ཟེ་ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་ཁྱོད་ཀྱིས་རྩོད་པའི་དུས་ཀྱི་མཚན་མ་བྱུང་ཞིང་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པའི་བར་དང་། འཇིག་རྟེན་ལོང་བར་གྱུར་ཅིང་འདྲེན་པ་མེད་པའི་ནང་དུ་སྨོན་ལམ་བཏབ་པ་ནི་རྟོགས་པ་ཆེ་ཞིང་ཡེ་ཤེས་དང་ལྡན་པ་ཡིན་པས་རིགས་ཀྱི་བུ་དེའི་ཕྱིར་ཁྱོད་མཁས་མཛོད་སྙིང་རྗེ་རྟེན་ཅེས་བྱ་བར་གྱུར་ཅིག །མཁས་མཛོད་སྙིང་རྗེ་རྟེན་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མེད་པ་གཉིས་པ་ལ་བབ་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་དུ་བསྐལ་པ་བཟང་པོ་བྱུང་ཞིང་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་འོད་སྲུང་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་མཁས་མཛོད་སྙིང་རྗེ་རྟེན་གྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལ་མེ་ཏོག་དང་། མེ་ཏོག་ཕྲེང་དང་། སྤོས་དང་། ཕྱེ་མ་དག་གིས་གཏོར་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །མི་མཆོག་ཕན་པ་མཛད་པ་དགའ་བར་བགྱིད་པ་སྐྱེད་པ་པོ། །ཞལ་འཛུམ་རབ་ཏུ་དགྱེས་པ་ཤིན་ཏུ་སྙན་པའི་གསུང་མངའ་བ། །གནས་མཁྱེན་མཁས་པ་ཕན་པ་མཛད་པ་སྟོབས་བཅུ་རབ་མཆོག་ལྡན། །ཡེ་ཤེས་བསམ་གཏན་རྣམ་པར་མཐར་ཕྱིན་བདེ་གཤེགས་ཁྱོད་ལ་འདུད། །སྤྱོད་པ་མང་པོ་སྤྱད་པ་ཞལ་ནི་རྣམ་རྒྱས་པ། །ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་མང་པོ། །གཞལ་ཡས་བྱང་ཆུབ་སླད་དུ་ལུང་ཡང་བསྟན་པ་མཛད། །མི་མཆོག་བདེ་བར་གཤེགས་པ་ཁྱོད་ལ་ཕྱག་འཚལ་ལོ། །རིགས་ཀྱི་བུ། དེ་ནས་བྲམ་


DKG050_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཟེ་རྒྱ་མཚོའི་རྡུལ་གྱིས་བྲམ་ཟེའི་ཁྱེའུ་བཞི་པ་བགྲོད་བྱའི་བུ་དྲི་མ་མེད་ཅེས་བྱ་བ་ལ་ཡང་དག་པར་བསྐུལ་ཏོ། །རིགས་ཀྱི་བུ་དེ་ནས་བྲམ་ཟེའི་ཁྱེའུ་བགྲོད་བྱའི་བུ་དྲི་མ་མེད་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་འདུག་སྟེ་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་ཀྱང་དེ་བཞིན་དུ་བསྐལ་པ་བཟང་པོ་དེ་ལ་བྱང་ཆུབ་པར་འཚལ་མོད་ཀྱི་རྩོད་པའི་དུས་དེ་ལྟ་བུ་འབའ་ཞིག་མི་འཚལ་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་འོད་སྲུང་ཡོངས་སུ་མྱ་ངན་ལས་འདས་ནས་སྐྱེ་དགུ་ཚེ་ལོ་ཁྲི་ཐུབ་པ་ན་སེམས་ཅན་སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པའི་བསམ་པ་བས་པ་རྣམས་དང་། ནོར་བདུན་དང་བྲལ་བ་རྣམས་དང་། མི་དགེ་བའི་བཤེས་གཉེན་ལ་སྟོན་པར་འདུ་ཤེས་པར་སེམས་པ་ལ་ཞུགས་པ་རྣམས་དང་། བསོད་ནམས་བྱ་བའི་དངོས་པོ་གསུམ་པོ་དག་དོན་དུ་མི་གཉེར་བ་རྣམས་དང་། ལེགས་པར་སྤྱོད་པ་གསུམ་དང་བྲལ་བ་རྣམས་དང་། ཉེས་པར་སྤྱོད་པ་གསུམ་པོ་དག་ལ་བརྩོན་པ་རྣམས་དང་། ཉོན་མོངས་པའི་མུན་པས་སེམས་རྣམ་པར་དཀྲུགས་པ་རྣམས་དང་། ཐེག་པ་གསུམ་པོ་དག་དོན་དུ་མི་གཉེར་བ་དེའི་དུས་སུ་ནི་སུས་ཀྱང་བྱང་ཆུབ་ཀྱི་སྤྱད་པ་བསྒྲུབ་པར་རྔོ་མི་ཐོགས་ལགས་ན། སྐྱེ་དགུ་ཚེ་ལོ་སྟོང་ཐུབ་པ་ན་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སེམས་ཅན་དེ་དག་ཀྱང་ཚེ་ལོ་བརྒྱ་པའི་བར་དུ་འགྱུར་ཏེ། དེའི་དུས་ན་ནི་སེམས་ཅན་རྣམས་ལ་དགེ་བའི་རྩ་བ་མིང་ཡང་མ་མཆིས་ན་དགེ་བའི་རྩ་བ་སྤྱོད་པ་རྣམས་ཀྱང་ཅི་འཚལ། རེ་ཞིག་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་ཚེ་འབྲི་ཞིང་ལོ་བརྒྱ་པར་གྱུར་ནས། མཚོན་གྱི་བསྐལ་པ་བར་མ་ཉེ་བར་གནས་པར་གྱུར་པ་དེའི་དུས་ན་བདག་ལྷ་རྣམས་ཀྱི་ནང་ནས་བབས་ཤིང་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པར་གྱུར་ཅིག །མི་དགེ་བ་སྤངས་ནས་དགེ་བ་ལ་སྤྱོད་པར་གྱུར་ཅིག །སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་གྱི་བར་དག་ལ་རབ་ཏུ་འགོད་པར་གྱུར་ཅིག །སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དག་ཀྱང་དགེ་བའི་ལས་ཀྱི་ལམ་རྣམས་ཀྱིས་ཡོངས་སུ་སྦྱོང་བར་གྱུར་ཅིག །ཐེག་པ་གསུམ་པོ་དག་ལ་ཡང་སྦྱོར་བར་གྱུར་ཅིག །སྙིགས་མ་ལྔ་དག་ཡོངས་སུ་སྤོང་བར་གྱུར་ཅིག །སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་བདག་བླ་ན་མེད་པ་ཡང་


DKG050_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། མ་རིག་པ་དང་། ཕྲག་དོག་དང་། སེར་སྣ་ཆུང་བའི་སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་ཐེག་པ་གསུམ་པོ་དག་ལ་ཡང་དག་པར་སྦྱོར་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་བླ་ན་མེད་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། བཙུན་པ་བཅོམ་ལྡན་འདས་གང་གི་ཚེ་བདག་དེ་ལྟར་ལུང་བསྟན་པ་ཐོབ་ནས་ཐེག་པ་གང་གིས་མྱུར་དུ་འཁོར་བ་ལས་འགྲོལ་བར་འགྱུར་བའི་ཉན་ཐོས་ཀྱི་ས་ཡང་དོན་དུ་མི་གཉེར་ལ། རང་སངས་རྒྱས་ཀྱི་ས་ཡང་དོན་དུ་མི་གཉེར་ལགས་སོ། །དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་རྣམས་ཀྱི་དངོས་པོ་ནི་བཞི་པོ་འདི་དག་ཡིན་ཏེ། ལེ་ལོའི་དངོས་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་ཡུན་རིང་པོར་འཁོར་བར་འདོད་དེ། ལྟ་བའི་གཡང་ས་དང་། འཁོར་བའི་བཙོན་རར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་འཐོབ་པར་མི་འགྱུར་རོ། །བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལ་ལ་ཆོ་ག་དམན་པ་དང་། གྲོགས་དམན་པ་དང་། ཡོངས་སུ་གཏོང་བ་དམན་པ་དང་། སྨོན་ལམ་དམན་པ་ཡིན་ཏེ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོ་ག་དམན་པ་ཡིན་ཞེ་ན། འདི་ལ་ལུས་དང་། ངག་དང་ཡིད་ཀྱི་སྤྱོད་པ་མ་བསྡམས་ཤིང་ཚུལ་ཁྲིམས་འཆལ་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་རྣམས་དང་ལྷན་ཅིག་འགྲོགས་ཤིང་རྒྱུ་བ་དང་། ཐམས་ཅད་ཡོངས་སུ་མི་གཏོང་ཞིང་ཀུན་ལ་ཡང་ཡོངས་སུ་མི་གཏོང་ལ་ལྷ་དང་མིའི་དཔལ་དང་བདེ་བ་འདོད་པའི་ཕྱིར་སྦྱིན་པ་སྦྱིན་པར་བྱེད་པ་དང་། ལྷག་པའི་བསམ་པས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡང་ཡོངས་སུ་མི་ལེན་ཅིང་འདུལ་བ་ལ་རྟོག་པའི་


DKG050_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་ཡང་ཡོངས་སུ་མི་ལེན་པ་ཡིན་ཏེ། ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ནི་ཡུན་རིང་པོར་འཁོར་བའི་བཙོན་རར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་ཐོབ་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བཞི་གང་ཞེ་ན། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་བསྡམས་ཤིང་ཚུལ་ཁྲིམས་དང་ལྡན་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་དང་། ལྷན་ཅིག་འགྲོགས་ཤིང་རྒྱུ་བ་དང་། ཐམས་ཅད་ཡོངས་སུ་གཏོང་ཞིང་ཀུན་ལ་ཡང་ཡོངས་སུ་གཏོང་ལ་སེམས་ཅན་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་སྙིང་རྗེའི་སེམས་བསྐྱེད་ཅིང་སྦྱིན་པར་བྱེད་པ་དང་། ལྷག་པའི་བསམ་པས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དང་། འདུལ་བ་ལ་རྟོག་པའི་སྨོན་ལམ་ཡོངས་སུ་འཛིན་པར་བྱེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཉེ་བར་རྟོན་པར་བྱེད་པ་ཡིན་ཏེ། བཞི་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མངོན་པར་བརྩོན་པ་དང་། སེམས་ཅན་རྣམས་ལ་བསྡུ་བའི་དངོས་པོ་གཏོང་བ་དང་། ཚངས་པའི་གནས་པ་མངོན་པར་སྒྲུབ་པ་དང་། མངོན་པར་ཤེས་པ་རྣམས་ཀྱིས་རྣམ་པར་རྩེ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆོས་བཞིས་ངོམས་མི་མྱོང་བར་གནས་པར་བྱ་སྟེ། བཞི་གང་ཞེ་ན། སྦྱིན་པས་ངོམས་མི་མྱོང་བ་དང་། ཆོས་ཉན་པས་ངོམས་མི་མྱོང་བ་དང་། བསྒོམ་པས་ངོམས་མི་མྱོང་བ་དང་།སེམས་ཅན་རྣམས་ལ་བསྡུ་བའི་དངོས་པོས་ངོམས་མི་མྱོང་བར་གནས་པར་བྱ་བ་དག་གོ །བྱང་ཆུབ་སེམས་དཔས་མི་ཟད་པའི་གཏེར་བཞི་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔས་དད་པ་མི་ཟད་


DKG050_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏེར་ཡོངས་སུ་རྫོགས་པར་བྱ་བ་དང་། ཆོས་བསྟན་པ་དང་། ཡོངས་སུ་བསྔོ་བ་དང་། སེམས་ཅན་དབུལ་པོ་ཡོངས་སུ་གཟུང་བ་མི་ཟད་པའི་གཏེར་ཡོངས་སུ་རྫོགས་པར་བྱ་བ་དག་གོ །བཞི་པོ་འདི་དག་ནི་བདག་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཡོངས་སུ་དག་པ་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་མེད་པའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། སྲོག་མེད་པའི་ཕྱིར་ཏིང་ངེ་འཛིན་ཡོངས་སུ་དག་པ་དང་། གང་ཟག་མེད་པའི་ཕྱིར་ཤེས་རབ་ཡོངས་སུ་དག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕྱིར་རྣམ་པར་གྲོལ་བ་ཡོངས་སུ་དག་པ་སྟེ། བྱང་ཆུབ་སེམས་དཔས་ཆོས་བཞི་པོ་དེ་དག་ཡོངས་སུ་རྫོགས་པར་བྱའོ། །དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ནམ་མཁའི་འཁོར་ལོ་ཡང་སྐོར་བར་བྱེད། མི་རྟག་པའི་འཁོར་ལོ་དང་། མི་མཉམ་པའི་འཁོར་ལོ་དང་། བརྗོད་དུ་མེད་པའི་འཁོར་ལོ་དང་། ངེས་པར་འབྱིན་པའི་འཁོར་ལོ་དང་། ངེས་པར་འབྱེད་པའི་འཁོར་ལོ་དང་། བསྐོར་དུ་མེད་པའི་འཁོར་ལོ་ཡང་སྐོར་བར་བྱེད་དོ། །བགྲོད་བྱའི་བུ་དྲི་མ་མེད་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ཏེ། བསྐལ་པ་བཟང་པོ་ལ་བབ་ནས་རིང་པོ་མ་ལོན་ཞིང་སྙིགས་མ་ལྔ་རབ་ཏུ་ཞི་བའི་དུས་ལ་བབ་པ་ན་སྐྱེ་དགུ་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་བྱམས་པ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །བྲམ་ཟེའི་ཁྱེའུ་བགྲོད་བྱའི་བུ་དྲི་མ་མེད་ཀྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་མེ་ཏོག་དང་། མེ་ཏོག་ཕྲེང་དང་། ཕྱེ་མ་དག་གིས་མཆོད་པ་བྱེད་པ་ལ་བརྩོན་ཞིང་ཚིགས་སུ་བཅད་པས་མངོན་པར་བསྟོད་པ། མགོན་པོ་ཁྱོད་ནི་འཕྲལ་བའི་དབྱེས་ཆེ་མཛོད་སྤུ་


DKG050_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གངས་མདོག་མཛེས། ཁྱོད་ནི་གསེར་གྱི་རི་བོ་བརྩེགས་པ་འདྲ་ཞིང་ཡིད་དུ་མཆི། །ཡོན་ཏན་བརྒྱས་བལྟམས་བདག་དུས་འདི་གསུངས་འགྲོ་ནའང་བདག་འཚང་རྒྱ། །ཐུབ་པ་ཁྱུ་མཆོག་འཇིག་རྟེན་སྒྲོན་ཁྱོད་ལ་ནི་སུ་མི་འདུད། །བྲམ་ཟེ་མདུན་ན་འདོན་རྒྱ་མཚོའི་རྡུལ་གྱིས། བྲམ་ཟེའི་ཁྱེའུ་རིག་བྱེད་ཀློག་པ་སྟོང་པོ་ཐམས་ཅད་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ནས། ཇི་ལྟར་འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུང་དང་། བྱམས་པ་ལུང་བསྟན་པ་དེ་བཞིན་དུ། བྲམ་ཟེའི་ཁྱེའུ་རིག་བྱེད་ཀློག་པ་སེང་གེ་དང་། མཆོག་ཏུ་དགའ་བ་དང་། དགུ་བརྒྱ་དགུ་བཅུ་རྩ་དགུའི་བར་དུ་ཐམས་ཅད་ཀྱིས་ཀྱང་བསྐལ་པ་བཟང་པོ་འདི་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །དེ་དག་ཐམས་ཅད་ཀྱི་ནུ་བོ་ཐ་ཆུངས་གང་ཡིན་པ་དེ་ལ་ཡང་མདུན་ན་འདོན་གྱིས་འདི་སྐད་དུ་ཀྱེ་བྲམ་ཟེའི་ཁྱེའུ་སྟོབས་ཆེན་ཤུགས་འཆང་རིང་དུ་བརྟག་ཏུ་ཅི་ཡོད། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་ཅིག་ཅེས་ཡང་དག་པར་བསྐུལ་ནས་ཚིགས་སུ་བཅད་པ་འདི་དག་གིས་ཀྱང་མངོན་པར་གོ་བར་བྱས་སོ། །སེམས་ཅན་གང་དག་རྒ་དང་ནད་དང་འཆི་འཕོའི་འཇིགས་པ་སྲེད་པའི་ཀླུང་དུ་ལྷུང་བ་དང་། །ཕུང་པོ་རྣམས་ལ་ཞེན་པའི་མི་དག་སྲིད་པའི་བཙོན་ར་རབ་ཏུ་འཇིགས་པར་ཆུད་པ་རྣམས། །ཕན་ཚུན་གསོད་པར་བྱེད་པའི་ཉོན་མོངས་དུག་འཐུངས་ནས་ནི་སྡུག་བསྔལ་རྒྱ་མཚོར་རབ་ཏུ་གནས། །གཏི་མུག་གིས་ནི་ལམ་སྟོར་ལོང་བ་བཞིན་དུ་མི་གཙང་འཁྲུལ་འཁོར་དག་ན་འཁྱམ་པར་འགྱུར། །ལོག་པར་ལྟ་ལ་གནས་པས་འབྱུང་པོ་ཐམས་ཅད་སྲིད་པ་གསུམ་ན་སྡུག་བསྔལ་རྣམས་ཀྱིས་འབར། །སྲོག་ཆགས་ཐམས་ཅད་འགྲོ་བ་ལྔ་པོ་དག་ན་ཇི་ལྟར་འཁོར་ལོ་འཁོར་བ་བཞིན་དུ་འཁོར། །འགྲོ་བ་ལྔ་པོ་དག་ན་ཆོས་ཀྱི་མིག་ཉམས་སྐྱབས་མེད་སེམས་ཅན་རྣམས་ནི་དྲན་གྱིས་ལ། །ཡང་དག་ཤེས་རབ་ཀྱིས་ནི་ནེམ་ནུར་ཡིད་


DKG050_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྤོངས་ལ་བྱང་ཆུབ་དོན་དུ་འདུན་པ་སྐྱེད། །འགྲོ་བ་རྣམས་ཀྱི་སྲེད་པའི་མྱ་ངན་སོལ་ལ་སེམས་ཅན་རྣམས་ཀྱི་གཉེན་དུ་གྱུར་པར་གྱིས། །འགྲོ་བའི་ཉོན་མོངས་འཆིང་བ་དགྲལ་བར་བྱ་ཕྱིར་བྱང་ཆུབ་དོན་དུ་སེམས་ཀྱང་གཞོལ་གྱིས་ཤིག །གཏི་མུག་བྲལ་བ་ཆོས་མིག་རྣམ་པར་ཉམས་པ་རྣམས་ལ་ལམ་གྱི་དམ་པ་སྦྱིན་པར་གྱིས། །འཁོར་བའི་སྲིད་པའི་བཙོན་ར་དག་ན་འབར་བ་རྣམས་ལ་ཆོས་ཀྱི་བཅུད་ཀྱིས་ཚིམ་གྱིས་ཤིག །ཕན་པར་བྱེད་པ་ཁྱོད་ནི་མྱུར་དུ་ཉེ་བར་སོང་ལ་ཐུབ་པའི་ཞབས་ལ་གཏུགས་པ་གྱིས། །རེ་བ་ཐམས་ཅད་གྲུབ་སྨོན་བཀྲ་ཤིས་ལྡན་པ་རབ་བརྟན་འདྲེན་པས་སངས་རྒྱས་འགྱུར་བར་བྱོས། །འཇིག་རྟེན་དག་ན་སེམས་ཅན་རྣམས་ཀྱི་དབུགས་འབྱིན་གྱིས་ལ་སྲིད་པའི་མཚོ་ལས་སེམས་ཅན་ཐོན། །གྱ་ནོམ་ཐར་པའི་ལམ་དང་དབང་པོའི་སྟོབས་དང་བྱང་ཆུབ་ཡན་ལག་སྦྱིན་བྱེད་འགྱུར་བར་གྱིས། །ཆོས་སྤྲིན་ཆོས་ཀྱི་ཆར་པ་རབ་ཏུ་ཕོབ་སྟེ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་གྱིས། །རིགས་ཀྱི་བུ་དེ་ནས་བྲམ་ཟེའི་ཁྱེའུ་སྟོབས་ཆེན་ཤུགས་འཆང་དེས་ཀྱང་སྨྲས་པ། མཁན་པོ་བདག་ནི་འཁོར་བ་ལས་མངོན་པར་དགའ་བའི་དཔལ་མི་འཚལ་ལ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཡང་མི་འཚལ་ཏེ། བླ་ན་མེད་པའི་ཐེག་པ་འཚལ་བ་ལགས་ཀྱིས། ཀྱེ་མཁན་པོ་ཡུད་ཙམ་ཞིག་གཞེས་ལ་བདག་སེང་གེའི་སྒྲ་སྒྲོགས་པ་ལ་གསོན་ཅིག །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་དེ་ནས་ཕྱིར་བྱུང་སྟེ། རང་གི་བསྙེན་བཀུར་བ་བྲམ་ཟེའི་ཁྱེའུ་ལྔ་པོ་དག་ལ་བོས་ཏེ་སྨྲས་པ།ཀྱེ་ཁྱེའུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །དེ་དག་གིས་ཀྱང་སྨྲས་པ། བདག་ཅག་ལ་གང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་དབུལ་བར་བགྱི་བ་ཆུང་ཟད་ཀྱང་མ་མཆིས་ལགས་ན་དགེ་བའི་རྩ་བ་མ་བསྲུངས་པ་བདག་ཅག་གིས་ཇི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི། རིགས་ཀྱི་བུ་དེ་ནས་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་བསྙེན་བཀུར་བ་དང་པོ་ལོ་ཐང་སྤྱོད་ཅེས་བྱ་བ་དེ་ལ་ནི་རིན་པོ་ཆེ་སྣ་བདུན་གྱི་ཁ་


DKG050_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དོག་གི་རྒྱན་དག་བྱིན། བསྙེན་བཀུར་བ་གཉིས་པ་ཐང་ལ་སྤྱོད་ཅེས་བྱ་བ་དེ་ལ་ནི་རིན་པོ་ཆེ་སྣ་བདུན་གྱི་རྣ་ཆ་བྱིན། བསྙེན་བཀུར་བ་གསུམ་པ་ཆུ་ལ་སྤྱོད་ཅེས་བྱ་བ་དེ་ལ་ནི་རིན་པོ་ཆེ་སྣ་བདུན་གྱི་ཁྲི་བྱིན། བསྙེན་བཀུར་བ་བཞི་པ་ཤུགས་ཀྱིས་སྤྱོད་ཅེས་བྱ་བ་དེ་ལ་ནི་རིན་པོ་ཆེ་སྣ་བདུན་གྱི་ཁར་བ་བྱིན། བསྙེན་བཀུར་བ་ལྔ་པ་སྙིང་པོ་སྤྱོད་ཅེས་བྱ་བ་དེ་ལ་ནི་གསེར་གྱི་རིལ་བ་བྷྲིང་ག་ར་བྱིན་ནས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཁྱེད་ཅག་དེང་ལ་དངོས་པོ་འདི་དག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །དེ་ནས་བསྙེན་བཀུར་བ་ལྔ་པོ་དེ་དག་བཅོམ་ལྡན་འདས་ཀྱི་དྲུང་དུ་དོང་སྟེ་དེ་ལྟར་བཀུར་བའི་དངོས་པོ་དེ་དག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁྱོད་ཀྱིས་བདག་ཅག་བསྐལ་པ་བཟང་པོ་དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། རིགས་ཀྱི་བུ་སྔ་མ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བྲམ་ཟེའི་ཁྱེའུ་ལོ་ཐང་སྤྱོད་ནི་བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་པ་བརྟན་དབྱངས་ཞེས་བྱ་བར་འགྱུར་རོ། །ཞེས་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཐང་ལ་སྤྱོད་ནི་དེའི་འོག་ཏུ་དེ་བཞིན་གཤེགས་པ་བདེ་དབང་བློ་གྲོས་ཞེས་བྱ་བར་འགྱུར་རོ། །ཆུ་ལ་སྤྱོད་ནི་དེའི་འོག་ཏུ་དེ་བཞིན་གཤེགས་པ་དོན་བཅས་གསུང་ཞེས་བྱ་བར་འགྱུར་རོ། །ཤུགས་ཀྱིས་སྤྱོད་ནི་དེའི་འོག་ཏུ་དེ་བཞིན་གཤེགས་པ་དགའ་བ་དང་བ་ཞེས་བྱ་བར་འགྱུར་རོ། །བྲམ་ཟེའི་ཁྱེའུ་སྙིང་པོ་སྤྱོད་ནི་དེའི་འོག་ཏུ་དེ་བཞིན་གཤེགས་པ་སེང་གེའི་བཤེས་གཉེན་གཙུག་ཕུད་ཅེས་བྱ་བར་འགྱུར་རོ། །ཞེས་བྱང་ཆུབ་ཏུ་ལུང་བསྟན་ཏོ། །བྲམ་ཟེའི་ཁྱེའུ་ལྔ་པོ་དེ་དག་བསྐལ་པ་བཟང་པོར་ལུང་བསྟན་མ་ཐག་ཏུ་མདུན་ན་འདོན་གྱིས་ཡང་བྲམ་ཟེའི་ཁྱེའུ་སྟོབས་ཆེན་ཤུགས་འཆང་ལ་སྨྲས་པ། སྟོབས་ཆེན་ཤུགས་འཆང་སངས་རྒྱས་ཀྱི་ཞིང་


DKG050_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡོན་ཏན་བཀོད་པ་དག་ལོང་ཤིག །སྨོན་ལམ་ཇི་ལྟ་བུ་འདོད་པ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐོབ་ཤིག །སེམས་ཅན་ཐམས་ཅད་ཀྱང་ཆོས་ཀྱི་བཅུད་ཀྱིས་འགྲོན་དུ་གཉེར་ཅིག །བརྩོན་འགྲུས་བརྟན་པོས་རང་གི་བྱང་ཆུབ་ཀྱི་སྤྱད་པ་ཡང་སྤྱོད་ལ། ཡང་དང་ཡང་དུ་རིང་དུ་མ་རྟོག་ཤིག་ཅེས་ལག་པ་ནས་བཟུང་སྟེ་བཅོམ་ལྡན་འདས་ལ་ཕུལ་ལོ། །རིགས་ཀྱི་བུ་དེ་ནས་བྲམ་ཟེའི་ཁྱེའུ་སྟོབས་ཆེན་ཤུགས་འཆང་དེ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་གསོལ་པ། བཅོམ་ལྡན་འདས་མ་འོངས་པའི་དུས་ན་བསྐལ་པ་བཟང་པོ་དེ་ལ་ཐུབ་པ་ཉི་མ་མང་ཉུང་ཇི་སྙེད་ཅིག་འབྱུང་བར་འགྱུར་ལགས། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་བསྐལ་པ་བཟང་པོ་དེ་ལ་ནི་ཐུབ་པ་ཉི་མ་སྟོང་རྩ་བཞི་འབྱུང་བར་འགྱུར་རོ། །བྲམ་ཟེའི་ཁྱེའུས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བསྐལ་པ་ཆེན་པོ་བཟང་པོ་དེ་ལ་རྒྱལ་བ་ཉི་མ་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་ཐ་མར་བྲམ་ཟེའི་ཁྱེའུ་གཅེས་ལག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་དེ་བཞིན་གཤེགས་པ་སེང་གེའི་བཤེས་གཉེན་གཙུག་ཕུད་ཅེས་བགྱི་བར་འགྱུར་བ་དེ་སྲིད་དུ་ཡུན་རིང་པོར་བདག་གིས་བརྟུལ་ཞུགས་དང་།དཀའ་ཐུབ་དང་། སྤྱོད་པ་དང་། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། ཐོས་པ་དང་། བརྩོན་འགྲུས་དང་། བཟོད་པ་དང་། དེས་པ་དང་། བསོད་ནམས་དང་། ཤེས་རབ་ཀྱི་ཚོགས་སྣ་ཚོགས་དག་ཡང་དག་པར་བསྡུ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་བགྱིའོ། །བསྐལ་པ་བཟང་པོ་པ་དེ་དག་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་དང་པོར་བསོད་སྙོམས་ཀྱང་དབུལ་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཀྱི་སྐུ་གདུང་དག་ལ་ཡང་མཆོད་པར་བགྱིའོ། །དེ་དག་གིས་དམ་པའི་ཆོས་ཡོངས་སུ་འཛིན་པར་ཡང་གྱུར་ཅིག །སེམས་ཅན་ཚུལ་ཁྲིམས་དང་བྲལ་བ་རྣམས་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་པ་དང་འཛུད་ཅིང་


DKG050_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འགོད་པར་གྱུར་ཅིག །སེམས་ཅན་ལྟ་བ་དང་བྲལ་ཞིང་ཉམ་ང་བ་ཐོབ་པར་གྱུར་པ་རྣམས་ནི་ཡང་དག་པའི་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། འཛུད་ཅིང་རབ་ཏུ་འགོད་པར་གྱུར་ཅིག །དེ་བཞིན་དུ་བསམ་པ་དང་བྲལ་བ་རྣམས་ནི་ཡང་དག་པའི་བསམ་པ་ལ་རབ་ཏུ་འགོད་པར་གྱུར་ཅིག །དེ་བཞིན་དུ་ཆོ་ག་དང་བྲལ་བ་རྣམས་ནི་ཆོ་ག་ལ་རབ་ཏུ་འགོད་པར་གྱུར་ཅིག །སེམས་ཅན་རྣམས་ཀྱི་དགེ་བའི་སྤྱོད་པ་རྣམ་པ་སྣ་ཚོགས་དག་ཀྱང་ངེས་པར་སྟོན་པར་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དམ་པའི་ཆོས་ནུབ་ནས་རིང་པོ་མ་ལོན་པར་བདག་གིས་འཇིག་རྟེན་དུ་དམ་པའི་ཆོས་ཀྱི་ཚུལ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། དམ་པའི་ཆོས་འབྱུང་བ་དང་། དམ་པའི་ཆོས་ཀྱི་སྒྲོན་མ་འབར་བར་བགྱིད་པར་གྱུར་ཅིག །མཚོན་གྱི་བསྐལ་པ་བར་མའི་དུས་ཀྱི་ཚེ་ན་སེམས་ཅན་རྣམས་སྲོག་གཅོད་པ་སྤོང་བ་དང་། ཡང་དག་པའི་ལྟ་བའི་བར་ལ་རབ་ཏུ་འགོད་པར་གྱུར་ཅིག །སེམས་ཅན་རྣམས་མི་དགེ་བ་བཅུའི་ལས་ཀྱི་ལམ་དང་། ལམ་ངན་པ་དག་ནས་བཏོན་ཅིང་ཡང་དག་པའི་ལམ་དུ་འགོད་པར་གྱུར་ཅིག །ཉེས་པར་སྤྱོད་པའི་མུན་པ་འཇིག་པར་བགྱིད་པར་གྱུར་ཅིག །ལེགས་པར་སྤྱོད་པའི་སྣང་བ་སྟོན་པར་གྱུར་ཅིག །འཇིག་རྟེན་ན་དུས་ཀྱི་སྙིགས་མ་དང་། ཚེ་དང་། ལྟ་བ་དང་། ཉོན་མོངས་པའི་སྙིགས་མའི་བར་དག་འཇིག་པར་བགྱིད་པར་གྱུར་ཅིག །མུ་གེའི་བསྐལ་པ་བར་མའི་དུས་ཀྱི་ཚེ་ན་བདག་སེམས་ཅན་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་གྱུར་ཅིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ཀྱང་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་པར་གྱུར་ཅིག །བདག་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྦྱོར་བར་བགྱིད་པ་ན་ཐམས་ཅད་དུ་མུ་གེའི་མུན་པ་དང་། འཐབ་པ་དང་། རྙོག་པ་དང་། གཡུལ་ཤོམ་པ་དང་། ཁོན་དང་། རྩོད་པ་དང་། འགྱེད་པ་དག་རབ་ཏུ་ཞི་བར་གྱུར་ཅིག །སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་ཉོན་མོངས་པའི་མེའི་གདུང་བ་དག་ཞི་བར་གྱུར་ཅིག །ནད་ཀྱི་


DKG050_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བར་མའི་དུས་ཀྱི་ཚེ་ན་བདག་གིས་སེམས་ཅན་རྣམས་སྙིང་པོར་འགྱུར་བ་དང་། འཐུན་པའི་ཆོས་དྲུག་ཡང་དག་པར་འཛིན་དུ་འཇུག་པར་གྱུར་ཅིག །བསྡུ་བའི་དངོས་པོ་བཞི་པོ་དག་ལ་སྦྱོར་བར་བགྱིད་ཅིང་རབ་ཏུ་འགོད་པར་གྱུར་ཅིག །སེམས་ཅན་རྣམས་ཀྱི་ནད་ཀྱི་མུན་པར་རྣམ་པར་འཇིག་པར་བགྱིད་པར་གྱུར་ཅིག །སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་རབ་ཏུ་ཞི་བར་བགྱིད་པའི་བར་དུ་གྱུར་ཅིག །བསྐལ་པ་བཟང་པོ་ལ་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་དེ་ལྟར་སེམས་ཅན་རྣམས་སྡུག་བསྔལ་དག་ལས་ཡོངས་སུ་ཐར་བར་བགྱིད་པར་གྱུར་ཅིག །གང་གི་ཚེ་བསྐལ་པ་བཟང་པོ་ལ་སངས་རྒྱས་བཅོམ་ལྡན་འདས་སྟོང་རྩ་བཞི་འབྱུང་བ་དག་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ནས་དམ་པའི་ཆོས་ཀྱི་ཚུལ་ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པར་གྱུར་པ་ན་དེའི་འོག་ཏུ་གདོད་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་སྟོང་རྩ་བཞི་པོ་དག་གི་སྐུ་ཚེའི་ཚད་ཇི་ཙམ་པར་བདག་གིས་བྱང་ཆུབ་ཐོབ་པའི་ཚེའི་ཚད་ཀྱང་དེ་ཙམ་དུ་རིང་བར་གྱུར་ཅིག །དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་པར་བདག་གཅིག་པུའི་ཉན་ཐོས་ཀྱི་དགེ་འདུན་ཡང་དེ་སྙེད་དུ་གྱུར་ཅིག །བསྐལ་པ་བཟང་པོ་དེ་ལ་སངས་རྒྱས་སྟོང་རྩ་བཞི་པོ་དེ་དག་གིས་སེམས་ཅན་ཇི་སྙེད་བཏུལ་བར་གྱུར་པའི་སེམས་ཅན་དེ་སྙེད་ཅིག་བདག་གིས་ཀྱང་བཏུལ་བར་གྱུར་ཅིག །སེམས་ཅན་གང་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་ཀྱི་བསླབ་པ་ལ་འཁྲུལ་བར་གྱུར་པ་དང་། ལྟ་བའི་གཡང་སར་ལྷུང་བར་གྱུར་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མ་གུས་པའི་སེམས་དང་། རབ་ཏུ་སྡང་བའི་སེམས་སུ་གྱུར་པ་དང་། ཆོས་དང་དགེ་འདུན་ལ་འཁྲུལ་པའི་སེམས་སུ་གྱུར་པ་དང་། འདོད་ཆགས་ཀྱི་སེམས་དག་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། མཚམས་མེད་པ་བགྱིད་པར་གྱུར་པ་དག་ཀྱང་བདག་གིས་བྱང་ཆུབ་ཐོབ་ནས་འཁོར་བའི་འདམ་ནས་འབྱིན་


DKG050_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མི་འཇིགས་པའི་ཁྱིམ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཛུད་པར་གྱུར་ཅིག །ཇི་སྲིད་དུ་བདག་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་བས་པར་མ་གྱུར་པ་དེ་སྲིད་དུ་བསྐལ་པ་ཆེན་པོ་བཟང་པོ་ཡང་བས་པར་མ་གྱུར་ཅིག །བདག་གི་དམ་པའི་ཆོས་བས་པར་གྱུར་པ་ན་བསྐལ་པ་བཟང་པོ་ཡང་བས་པར་གྱུར་ཅིག །བདག་སྐྱེས་པའི་སྐུ་གདུང་གང་ལགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་ཅིང་མཚན་རེ་རེ་ཡང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པ་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་ཏུ་གྱུར་ཏེ་གནས་པར་གྱུར་ཅིག །དེ་བཞིན་གཤེགས་པའི་སྐུ་དེ་དག་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྟོང་པ་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་གཞན་དག་ཏུ་བཞུད་ནས། སངས་རྒྱས་ཀྱི་སྐུ་རེ་རེས་ཀྱང་སེམས་ཅན་དཔག་ཏུ་མ་མཆིས། གྲངས་མ་མཆིས་པ་རྣམས་ཐེག་པ་གསུམ་པོ་དག་ལ་ཡང་དག་པར་འཛིན་དུ་འཇུག་པ་དང་། འཛུད་ཅིང་རབ་ཏུ་འགོད་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་གང་ན་བར་གྱི་བསྐལ་པ་ཞིག་པར་མ་གྱུར་པ་དེར་དེ་བཞིན་གཤེགས་པའི་སྐུ་དེ་དག་བཞུད་ནས་ཇི་ལྟར་སྔར་བརྗོད་པ་དེ་ལྟར་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པར་འགྱུར་ཞིང་སླད་ཀྱིས་ཡིད་བཞིན་གྱི་ནོར་བུར་གྱུར་ནས་སངས་རྒྱས་ཀྱི་ཞིང་གང་དག་ན་སེམས་ཅན་རྣམས་རིན་པོ་ཆེ་དང་བྲལ་བར་གྱུར་པའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་མཆིས་ཤིང་རིན་པོ་ཆེའི་ཆར་རབ་ཏུ་འབེབས་པ་དང་། གཏེར་དག་ཀྱང་རབ་ཏུ་སྟོན་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་གང་དག་ན་སེམས་ཅན་རྣམས་དགེ་བའི་སྤྱོད་པ་དང་བྲལ་ཞིང་ནད་ཀྱིས་ཉོན་མོངས་པ་ཅན་དུ་གྱུར་པའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་ཡང་ཙན་དན་ས་མཆོག་པ་དང་། སྦྲུལ་གྱི་སྙིང་པོ་དང་། དུས་ཀྱི་རྗེས་སུ་འབྲང་བ་དག་གི་སྤོས་ཀྱི་ཆར་རབ་ཏུ་འབེབས་པར་གྱུར་ཅིག །སྤོས་ཀྱི་ཆར་དེ་དག་གིས་ཀྱང་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ནད་རྣམས་དང་། ལྟ་བའི་ནད་རྣམས་དང་། ལུས་ཀྱི་ནད་རྣམས་ཀྱང་རབ་ཏུ་ཞི་བར་བགྱིད་པར་


DKG050_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །དེ་ནས་སེམས་ཅན་དེ་དག་ཀྱང་བསོད་ནམས་བགྱི་བའི་དངོས་པོ་དག་ལ་མངོན་པར་བརྩོན་པར་འགྱུར་ཞིང་མཐོ་རིས་ལ་གཞོལ་བར་ཡང་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་དེ་ལྟར་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པར་གྱུར་ཅིག །བདག་བྱང་ཆུབ་ཐོབ་ནས་ཀྱང་དེ་ལྟར་སངས་རྒྱས་ཀྱི་མཛད་པ་བགྱིད་པར་གྱུར་ཅིག །བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དེ་ལྟར་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མ་མཆིས་པ་དག་གི་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་མི་འགྱུར་ཞིང་། སེམས་ཅན་རྣམས་ཀྱི་སྨན་དུ་ཡང་མི་འགྱུར་བ་ལྟ་ན་བདག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མ་མཆིས་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པ་དེ་དག་བསླུས་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་ཡང་མ་གྱུར་ཅིག །བཅོམ་ལྡན་འདས་སྲོག་ཆགས་བྱེ་བ་ཕྲག་མང་པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ཤིང་ལུང་བསྟན་པའི་སེམས་ཅན་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་པ།དེ་དག་ཀྱང་བདག་གིས་ཐུགས་བྱུང་བར་བགྱིས་པར་གྱུར་ཅིག །བདག་བྱང་ཆུབ་ཀྱི་སླད་དུ་ཡང་དང་ཡང་དུ་འཁོར་བར་འཁོར་བ་ན་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། དགེ་བའི་སྒྲ་དང་། དགེ་བའི་ཆོས་བགྱིད་པའི་སྒྲ་དག་རྣ་ལམ་དུ་གྲག་པར་མ་གྱུར་ཅིག །གལ་ཏེ་བདག་གི་རེ་བ་འདི་ལྟ་བུར་ཡོངས་སུ་རྫོགས་པར་མི་འགྱུར་ཞིང་སེམས་ཅན་རྣམས་ཀྱི་སྨན་དུ་ཡང་མི་འགྱུར་བ་ལྟ་ན་བདག་རྟག་ཏུ་མནར་མེད་པར་རྟོགས་པར་གྱུར་ཅིག །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བྲམ་ཟེའི་ཁྱེའུ་སྟོབས་ཆེན་ཤུགས་འཆང་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་


DKG050_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ་ལེགས་སོ། །ཁྱོད་ནི་སེམས་ཅན་རྣམས་ཀྱི་སྨན་དུ་འགྱུར་ཞིང་སྡུག་བསྔལ་དག་ལས་ཡོངས་སུ་ཐར་བར་བྱེད་པར་ཡང་འགྱུར་ཏེ། སྐྱེས་བུ་དམ་པ་དེའི་ཕྱིར་ཁྱོད་སྨན་གྱི་རྒྱལ་པོ་སྐར་མ་དྲི་མ་མེད་ཅེས་བྱ་བར་གྱུར་ཅིག །སྨན་གྱི་རྒྱལ་པོ་སྐར་མ་དྲི་མ་མེད་པ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་བསྐལ་པ་བཟང་པོ་ལ་སངས་རྒྱས་སྟོང་རྩ་བཞི་པོ་དག་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པར་རང་གི་སྨོན་ལམ་ཇི་ལྟར་བཏབ་པའི་བར་དག་བཞིན་དུ་བསོད་སྙོམས་འབུལ་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་སེང་གེའི་བཤེས་གཉེན་གཙུག་ཕུད་བཟང་པོ་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ནུབ་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་གསལ་མཛད་ཅེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །ཁྱོད་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་དུ་འགྱུར་རོ། །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་བཞི་པོ་དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་དུ་འགྱུར་བ་ཁྱོད་གཅིག་པུའི་ཉན་ཐོས་ཀྱི་དགེ་འདུན་ཡང་དེ་སྙེད་དུ་འགྱུར་ལ། སེམས་ཅན་དེ་སྙེད་ཀྱང་འདུལ་བར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཇི་སྲིད་དུ་བསྐལ་པ་ཆེན་པོ་བཟང་པོའི་བསྐལ་པ་ཟད་པར་མ་གྱུར་པ་དེ་སྲིད་དུ་དམ་པའི་ཆོས་ནུབ་པར་མི་འགྱུར་ལ། དེ་སྲིད་དུ་སངས་རྒྱས་ཀྱི་སྐུ་དག་ཀྱང་འབྱུང་བར་འགྱུར་ཞིང་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་སྤོས་ཀྱི་ཆར་པས་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ནད་རྣམས་དང་། ལྟ་བའི་ནད་རྣམས་དང་། ལུས་ཀྱི་ནད་རྣམས་ཀྱི་བར་དག་ཀྱང་རབ་ཏུ་ཞི་བར་བྱེད་པར་འགྱུར་ལ། སེམས་ཅན་རྣམས་ཀྱང་བསོད་ནམས་བྱ་བའི་དངོས་པོ་གསུམ་པོ་དག་ལ་རབ་ཏུ་འགོད་ཅིང་མཐོ་རིས་ལ་གཞོལ་བར་བྱེད་པར་ཡང་འགྱུར་རོ།། །།བམ་པོ་དགུ་པ། རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སྨན་


DKG050_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱལ་པོ་སྐར་མ་དྲི་མ་མེད་པས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན་དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་བསོད་ནམས་ཀྱི་མཚན་གྱིས་བརྒྱན་པའི་ཕྱག་གིས་བདག་གི་སྤྱི་བོ་ལ་བྱུག་པར་གསོལ། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་སྐར་མ་དྲི་མ་མེད་པའི་སྤྱི་བོ་ལ་བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པའི་ཕྱག་གིས་ཡོངས་སུ་བྱུག་པ་མཛད་ནས་དེ་ན་བཞུགས་སོ། །རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་སྐར་མ་དྲི་མ་མེད་པ་སེམས་དགའ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་བར་གྱུར་ཏེ། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་མགོ་བོས་ཕྱག་བྱས་ནས་ལངས་ཏེ་ཕྱོགས་གཅིག་ཏུ་འདུག་པ་དང་། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ལྷའི་ཀ་ཤི་ཀའི་གོས་བསྐོན་ཏེ་སྨྲས་པ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་སྨོན་ལམ་བཟང་པོ་བཏབ་སྟེ། ད་ཕྱིན་ཆད་ཁྱོད་ཀྱིས་ཁོ་བོའི་བསྙེན་བཀུར་བྱ་མི་དགོས་ཀྱི་ཇི་ལྟར་བདེ་བ་ཉིད་དུ་སྤྱོད་ཅིག །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་འདི་སྙམ་དུ་སེམས་ཏེ། ཇི་ལྟར་ཐམས་ཅད་དང་ལྡན་པའི་འཁོར་འདི་ན་སྣང་བ་ལྟར་བདག་གིས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ །སེམས་ཅན་ཆེན་པོ་འདི་དག་ཐམས་ཅད་ཀྱིས་ནི་སྨོན་ལམ་རྒྱ་ཆེ་བ་དགུ་བཏབ་ཅིང་སངས་རྒྱས་ཀྱི་ཞིང་རབ་ཏུ་དང་བ་ཤ་སྟག་ཡོངས་སུ་བླངས་ཏེ། ཁྱབ་འཇུག་རླུང་མ་གཏོགས་པ་བྱང་ཆུབ་སེམས་དཔའ་གཞན་དག་གིས་རྩོད་པའི་དུས་ཡོངས་སུ་སྤངས་པས་བདག་གིས་ནི་རྩོད་པའི་དུས་ལ་བབ་པར་གྱུར་པ་ན། སེམས་ཅན་རྣམས་ཆོས་ཀྱི་བཅུད་ཀྱིས་འགྲོན་དུ་གཉེར་བར་བྱ་ཞིང་བརྩོན་འགྲུས་བརྟན་པོར་བྱ་སྟེ། བདག་གིས་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་འཁོར་འདི་དག་ཐམས་ཅད་ངོ་མཚར་ཐོབ་པར་འགྱུར་བ་དང་། ཐམས་ཅད་དང་ལྡན་པའི་འཁོར་འདི་དང་། ལྷ་དང་། དྲི་ཟ་


DKG050_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་འདི་ཡང་བདག་ལ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་མཆོད་པ་བྱེད་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་འདི་ཡང་བདག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཞིང་ལུང་སྟོན་པར་འགྱུར་བ་དང་། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་གང་དག་ཕྱོགས་བཅུ་ན་བཞུགས་ཏེ་འཚོ་ཞིང་གཞེས་ལ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་བདག་གིས་སེང་གེའི་སྒྲ་བསྒྲགས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པ་ཡང་མཛད་ལ་ཕོ་ཉ་དག་ཀྱང་གཏོང་བར་འགྱུར་བ་དང་། ཐམས་ཅད་དང་ལྡན་པའི་འཁོར་འདིས་ཀྱང་དེ་ཐོས་ཤིང་ཕོ་ཉ་དེ་དག་ཀྱང་མཐོང་བར་འགྱུར་བ་དང་། གང་ཡང་ཕྱི་མའི་དུས་ན་སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དག་འབྱུང་བར་འགྱུར་བ་དེ་དག་ཀྱང་དེ་ལྟ་བུའི་རྩོད་པ་ཆེན་པོའི་དུས་ཀྱི་ཚེ་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་དུ་སྨོན་ལམ་གྱིས་བྱང་ཆུབ་ཡོངས་སུ་འཛིན་པར་འགྱུར་ཞིང་ཆོས་ཀྱི་མུ་གེའི་དགོན་པ་དང་། ཉོན་མོངས་པ་དང་། ནད་དག་གིས་བདས་པར་གྱུར་པའི་སེམས་ཅན་རྣམས་ལ་ཡོངས་སུ་སྐྱོབ་པར་འགྱུར་ཞིང་སངས་རྒྱས་ཀྱི་མཛད་པ་ཡང་མཛད་པར་འགྱུར་ལ་སེམས་ཅན་རྣམས་ལ་ཡང་ཆོས་སྟོན་པར་འགྱུར་བ་དང་། བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་དག་འདས་ཀྱི་བར་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞལ་དུ་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མ་མཆིས་པ་དག་བདག་ཡོངས་སུ་མྱ་ངན་ལས་འདས་པའི་བསྔགས་པ་རྗོད་ཅིང་སྙན་པ་དང་དབྱངས་ཀྱང་སྒྲོགས་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་བདག་གི་སྨོན་ལམ་གྱི་ཚུལ་ཡང་རྗོད་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་ཤིང་བྱིན་གྱིས་བརླབས་པའི་སྨོན་ལམ་ཐོས་ནས་མཆོག་ཏུ་ངོ་མཚར་དུ་འཛིན་


DKG050_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཞིང་། དེ་དག་ཀྱང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེ་བར་འགྱུར་བ་དང་། དེ་ནས་དེ་དག་ཀྱང་སྨོན་ལམ་དེ་ལྟ་བུ་དག་ཉིད་ཡོངས་སུ་འཛིན་པར་འགྱུར་ཞིང་ཇི་ལྟར་ད་ལྟར་བདག་གིས་ཡོངས་སུ་བཟུང་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་དག་ཏུ་དེ་དག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། ཆུ་བོ་བཞིས་བདས་པར་གྱུར་པའི་སེམས་ཅན་རྣམས་སྒྲོལ་བར་འགྱུར་ཞིང་ཐེག་པ་གསུམ་པོ་དག་གིས་འདུལ་བར་འགྱུར་བ་དང་། མྱ་ངན་ལས་འདས་པའི་ལམ་གྱི་བར་དག་ལ་འགོད་པར་འགྱུར་བ་དེ་ལྟ་བུའི་སྨོན་ལམ་གྱིས་སེང་གེའི་སྒྲ་བསྒྲག་པར་བྱའོ་སྙམ་མོ། །རིགས་ཀྱི་བུ་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་སྨོན་ལམ་དེ་ལྟ་བུ་དག་ཡང་དག་པར་བསྐྱེད་ནས་ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ག་ལ་བ་དེར་སོང་ངོ་། །ཡང་དེའི་ཚེ་ན་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་ནམ་མཁའི་དཀྱིལ་ནས་ལྷའི་སིལ་སྙན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གསིལ་དཀྲོལ་ཞིང་། མེ་ཏོག་གི་ཆར་རབ་ཏུ་ཕབ་ནས་ཚིག་འཐུན་པར་སྨྲས་པ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཁྱོད་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ལ་སྨོན་ལམ་རབ་མཆོག་དག་ཤོད་ལ་ཟུང་ཤིག་དང་། ཁྱོད་ནི་ཉོན་མོངས་པས་དཀྲུགས་པའི་འཇིག་རྟེན་དུ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཡེ་ཤེས་ཀྱི་ཆུས་རབ་ཏུ་ཞི་བར་བྱེད་པར་འགྱུར་རོ། །ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཀྱང་ཐལ་མོ་སྦྱར་ཏེ་མངོན་དུ་ཕྱོགས་ནས་ཚིག་འཐུན་པར་སྨྲས་པ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །མཁས་པ་རབ་མཆོག་བདག་ཅག་ལ་ཕན་པར་མཛད་པ་བློ་མཆོག་མངའ་བ་སྨོན་ལམ་བརྟན་པོར་ཐོབ་ཤིག་དང་། བདག་ཅག་ཀྱང་ཉན་པར་འཚལ་ལོ། །གང་གི་ཚེ་མདུན་ན་འདོན་སོང་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མདུན་ན་འདོན་གྱིས་པུས་མོའི་ལྷ་ང་བཙུགས་པ་དང་དེའི་མོད་ལ་སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་གི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་


DKG050_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ཙམ་པ་དེ་ཐམས་ཅད་གཡོས། རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། འཁྲུགས། རབ་ཏུ་འཁྲུགས། ལྡེག །རབ་ཏུ་ལྡེག་གོ །སིལ་སྙན་དག་ཀྱང་མ་དཀྲོལ་བར་སྒྲ་འཁྲོལ་ལོ། །རི་དགས་དང་། བྱ་གག་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་འཇམ་ཞིང་ཡིད་དུ་འོང་བའི་སྒྲ་སྒྲོགས་སོ། །ཤིང་ལྗོན་པ་དག་ལས་ཀྱང་མེ་ཏོག་དག་འབྲུལ་ལོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམྱལ་བ་པ་རྣམས་དང་། གཤིན་རྗེའི་འཇིག་རྟེན་པ་རྣམས་མ་གཏོགས་པར་གང་སུ་དག་ས་ལ་རྟེན་ཅིང་གནས་པའི་འབྱུང་པོ་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པ་གང་ཡིན་པ་དང་། བྱང་ཆུབ་ཡང་དག་པར་འཛིན་དུ་མ་བཅུག་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཕན་པའི་སེམས་དང་། དགེ་བའི་སེམས་དང་། ཁོན་མེད་པའི་སེམས་དང་། རྙོག་པ་མེད་པའི་སེམས་དང་། བྱམས་པའི་སེམས་དང་། ངོ་མཚར་གྱི་སེམས་དག་ཏུ་གྱུར་ཏོ། །སེམས་ཅན་གང་དག་ནམ་མཁའ་ལ་རྒྱུ་བ་དེ་དག་ཀྱང་བྲམ་ཟེའི་སྨོན་ལམ་སྒྲ་འཇམ་ཞིང་ཡིད་དུ་འོང་བ་མཉན་པའི་ཕྱིར་ནམ་མཁའ་ལ་འཁོད་ནས་འདི་ལྟར་མཆོག་ཏུ་དགའ་བའི་ཡིད་ཀྱིས་མེ་ཏོག་དང་། མེ་ཏོག་ཕྲེང་དང་། སྤོས་དང་། རོལ་མོའི་སྒྲ་དང་། རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་། རས་བཅོས་བུ་དག་གིས་མཆོད་པའི་ལས་ལ་བརྩོན་པར་གྱུར་ཏོ། །དེ་བཞིན་དུ་འོག་མིན་གྱི་གནས་མན་ཆད་ཀྱི་ལྷ་གང་ཇི་སྙེད་པ་རྣམས་ཀྱང་། བྲམ་ཟེའི་སྨོན་ལམ་མཉན་པའི་ཕྱིར་འཛམ་བུའི་གླིང་དུ་བབས་ཏེ། ནམ་མཁའི་དཀྱིལ་ན་འཁོད་ཅིང་། ལྷའི་སྤོས་དང་། རས་བཅོས་བུའི་བར་དག་གིས་མཆོད་པའི་ལས་ལ་བརྩོན་པར་གྱུར་ཏོ། །བྲམ་ཟེས་ཀྱང་ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །བསམ་གཏན་དག་གིས་རྣམ་གྲོལ་ཚངས་པ་བཞིན། །གཟུགས་ཀྱིས་འོད་གསལ་བརྒྱ་བྱིན་འདྲ་བ་སྟེ། །རྒྱལ་པོ་བཞིན་དུ་ནོར་འབྲུ་རབ་གཏོང་ཞིང་། །རིན་ཆེན་མཆོག་མངའ་ཐུབ་པ་ཚོང་དཔོན་བཞིན། །ཞི་བ་སྒྲོགས་མཛད་རི་ལ་


DKG050_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ་འདྲ། །མི་འགུལ་བརྟན་པ་ལྷུན་པོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་འཁྲུག་པ་མི་མངའ་ཞིང་། །ཡོན་ཏན་སྐྱོན་ལ་ས་བཞིན་མཚུངས་པར་སྤྱོད། །དྲི་མ་ཐམས་ཅད་དེད་པ་ཆུ་བཞིན་ཏེ། །ཐུབ་པ་མེ་ལྟར་ཉོན་མོངས་ནགས་རྣམས་སྲེག །རླུང་ལྟར་གང་ལའང་ཆགས་པ་མི་མངའ་ཞིང་། །ཐུབ་པ་ལྷ་ལྟར་ཡང་དག་ཉིད་ཀྱང་སྟོན། །ཀླུ་ལྟར་ཐུབ་པ་ཆོས་ཀྱི་ཆར་འབེབས་ཤིང་། །ཆར་པ་བཞིན་དུ་འགྲོ་ཀུན་ངོམས་པར་མཛད། །ཕ་རོལ་མུ་སྟེགས་འཇོམས་པ་སེང་གེ་འདྲ། །མེ་ཏོག་བཞིན་དུ་ཡོན་ཏན་དྲི་ཡང་གཏོང་། །ཚངས་པ་བཞིན་དུ་སྙན་པའི་ཚིག་གསུང་ཞིང་། །འགྲོ་བ་སྡུག་བསྔལ་གྲོལ་མཛད་སྨན་པ་བཞིན། །སེམས་མཉམ་ཉེ་བར་གནས་པ་མ་བཞིན་ཏེ། །འགྲོ་བ་རྟག་ཏུ་རྗེས་འཛིན་མཛའ་བཤེས་འདྲ། །ང་རྒྱལ་དགྲ་འཇོམས་རྡོ་རྗེ་བརྟན་བཞིན་ཏེ། །ཐུབ་པ་མཚོན་བཞིན་སྲིད་པའི་འཁྲི་ཤིང་གཅོད། །ཟམ་པའི་ཤིང་བཞིན་འགྲོ་བ་སྒྲོལ་མཛད་ཅིང་། །ཀླུ་ལྟར་ཐུབ་པ་མི་ཤེས་རྩྭ་རྣམས་བསྲེག །ཐུབ་པ་ཟླ་ལྟར་འོད་བསིལ་གཏོང་མཛད་ཅིང་། །མི་ཡི་པད་མ་ཁ་འབྱེད་ཉི་མ་བཞིན། །འབྲས་བུ་མཆོག་བཞི་སྦྱིན་མཛད་ལྗོན་ཤིང་འདྲ། །ཐུབ་པ་བྱ་བཞིན་དྲང་སྲོང་ཚོགས་ཀྱིས་བསྐོར། །རྒྱལ་བའི་བློ་ཡངས་རྒྱ་མཚོ་འདྲ་བ་སྟེ། །འགྲོ་བ་དག་ལ་སེམས་སྙོམས་རྩྭ་ཤིང་བཞིན། །རྨི་ལམ་བཞིན་དུ་ཆོས་རྣམས་སྟོང་རྟོག་ཅིང་། །འཇིག་རྟེན་རྗེས་སུ་འཐུན་འཇུག་ཆུ་དང་འདྲ། །ཐུབ་པ་མཚན་མཆོག་མངའ་བ་ཐུགས་རྗེ་ཅན། །ཁྱོད་ཀྱིས་སེམས་ཅན་བྱང་ཆུབ་ལུང་ཡང་བསྟན། །སེམས་ཅན་མང་པོ་མཐའ་ཡས་ཁྱོད་ཀྱིས་བཏུལ། །བྱང་ཆུབ་མཆོག་རབ་ཏུ་ནི་བདག་ལུང་སྟོན། །དྲང་སྲོང་ཆེན་པོ་བདེན་བཞེད་ཤེས་རབ་མཆོག །བདག་ནི་འགྲོ་བའི་ཉོན་མོངས་འཐབ་རྩོད་ཆེ། །སངས་རྒྱས་བྱང་ཆུབ་ལུང་སྟོན་དོགས་ཆོད་ལ། །སེམས་ཅན་བརྒྱ་དག་ཞི་བདེའི་ལམ་དུ་འཁོད། །རིགས་ཀྱི་བུ་གང་གི་ཚེ་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་དེ། དེ་ན་འདུག་


DKG050_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེའི་མོད་ལ་ལྷ་དང་། དྲི་ཟ་དང་། མི་དང་། ཐམས་ཅད་དང་ལྡན་པའི་འཁོར་དེས་ལེགས་སོ་ཞེས་བྱ་བ་བྱིན་ནོ། །མདུན་ན་འདོན་གྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་གིས་སྲོག་ཆགས་བྱེ་བ་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་ཏེ། དེ་དག་གིས་ཀྱང་རང་རང་གི་སངས་རྒྱས་ཀྱི་ཞིང་རྒྱ་ཆེ་དགུ་དག་ཡོངས་སུ་བཟུང་ཞིང་འདུལ་བའི་སེམས་ཅན་ཡང་བསམ་པ་ཡོངས་སུ་དག་པ་དང་། དགེ་བའི་རྩ་བ་བསྲུངས་པ་དང་། གདུལ་སླ་བ་དག་ཡོངས་སུ་བཟུང་ལགས་སོ། །གང་དག་སྐར་མ་སྐྱོང་ལ་སོགས་པ་བྲམ་ཟེའི་ཁྱེའུ་རིག་བྱེད་ཀློག་པ་སྟོང་རྩ་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པས་བསྐལ་པ་བཟང་པོར་ལུང་བསྟན་ཏེ། སྐྱེས་བུ་དམ་པ་དེ་དག་གིས་ཀྱང་འདོད་ཆགས་དང་། ཞེ་སྡང་དང་། ང་རྒྱལ་སྤྱོད་པ་དག་ཐེག་པ་གསུམ་པོ་དག་གིས་འདུལ་བར་བགྱིད་ལགས་མོད་ཀྱི། འོན་ཀྱང་དེ་དག་གིས་ཉོན་མོངས་པའི་སྒྲིབ་པ་ཤས་ཆེ་བ་དང་། རྩོད་པའི་དུས་ཀྱི་སྙིགས་མ་དག་ཡོངས་སུ་སྤངས་པས། བཙུན་པ་བཅོམ་ལྡན་འདས་དེ་དག་གིས་ཀྱང་མཚམས་མ་མཆིས་པ་བགྱིད་པ་རྣམས་དང་། དམ་པའི་ཆོས་སྤོང་བ་རྣམས་དང་། འཕགས་པ་ལ་སྐུར་པ་འདེབས་པ་རྣམས་དང་། ལོག་པར་ལྟ་བ་རྣམས་དང་། འཕགས་པའི་ནོར་བདུན་དང་བྲལ་བ་རྣམས་དང་། ཕར་མི་འཛིན་པ་རྣམས་དང་། མར་མི་འཛིན་པ་རྣམས་དང་། དགེ་སྦྱོང་དུ་མི་འཛིན་པ་རྣམས་དང་། བྲམ་ཟེར་མི་འཛིན་པ་རྣམས་དང་། བགྱི་བ་མ་ལགས་པ་བགྱིད་པ་རྣམས་དང་། བསོད་ནམས་མ་ལགས་པ་བགྱིད་པ་རྣམས་དང་། འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ་རྣམས་དང་། ལེགས་པར་སྤྱོད་པ་གསུམ་པོ་དག་དོན་དུ་མི་གཉེར་བ་རྣམས་དང་། དེ་བཞིན་དུ་ལྷ་དང་། མི་རྣམས་ཀྱི་དཔལ་དང་། འབྱོར་པ་དག་ལ་བརྩོན་པ་རྣམས་ཉེས་པར་སྤྱོད་པ་གསུམ་པོ་དག་ལ་ཡང་དག་པར་ཞུགས་པ་རྣམས་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་བྲལ་བ་རྣམས་དང་། དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་སྤངས་པ་རྣམས་དང་། མཁས་


DKG050_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱིས་བོར་བ་རྣམས་དང་། སྲིད་པའི་བཙོན་རར་ཆུད་པ་རྣམས་དང་། རྒྱུན་ཕྱོགས་སུ་འདས་པ་རྣམས་དང་། འགྱུར་བྱེད་ཀྱི་ཆུ་ཀླུང་དུ་ནུབ་པ་རྣམས་དང་། འཁོར་བའི་འདམ་དུ་བྱིང་བ་རྣམས་དང་། གཏི་མུག་གི་མུན་པ་དང་མ་བྲལ་བ་རྣམས་དང་། མི་དགེ་བའི་བགྱི་བ་ཐམས་ཅད་མ་བཏང་བ་རྣམས་དང་། སངས་རྒྱས་ཀྱི་ཞིང་སྟོང་པ་ཐམས་ཅད་དུ་བོར་བ་རྣམས་དང་། མི་དགེ་བའི་རྩ་བ་ཐམས་ཅད་དང་འགྲོགས་པར་གྱུར་པ་རྣམས་དང་། ལམ་ངན་པས་བཅོམ་པར་གྱུར་པ་རྣམས་དང་། ཉམ་ང་བ་ཆེན་པོ་ཐོབ་པར་གྱུར་པ་རྣམས་སྤངས་ལགས་ཏེ། དེའི་ཚེ་ན་བསྐལ་པ་བཟང་པོ་ལ་སངས་རྒྱས་ཀྱི་ཞིང་མི་མཇེད་ན་མིའི་ཚེ་ལོ་བཅུ་ཐུབ་པར་འགྱུར་བ་ཐམས་ཅད་སྐྱེས་བུ་དམ་པ་མཁས་པ་འདི་དག་གིས་སྤངས་ཤིང་བོར་བས་དེའི་ཚེ་སྲིད་པའི་དབའ་གློང་དང་། འཁོར་བའི་འཁྲུལ་འཁོར་ན་སྐྱོབ་པ་མ་མཆིས་པ་དང་། སྐྱབས་མ་མཆིས་པ་དང་། དཔུང་གཉེན་མ་མཆིས་པ་དང་། སྡུག་བསྔལ་གྱི་སྣོད་དུ་གྱུར་པའི་སེམས་ཅན་དེ་དག་སྤངས་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་བཟང་དགུ་ཡོངས་སུ་བཟུང་ཞིང་ཤིན་ཏུ་དུལ་བ་དང་། བསམ་པ་ཡོངས་སུ་དག་པ་དང་། དགེ་བའི་རྩ་བ་བསྐྲུན་པ་དང་། བརྩོན་འགྲུས་བརྩམས་པ་དང་། སངས་རྒྱས་མང་པོ་ལ་ལྷག་པར་བགྱི་བ་བགྱིས་པའི་འདུལ་བ་རྣམས་ཡོངས་སུ་བཟུང་བ་དེ་ལྟ་བུ་མ་ལགས་སམ། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། བྲམ་ཟེ་དེ་བཞིན་ཏེ། སེམས་ཅན་བསམ་པ་ཇི་ལྟ་བ་བཞིན་དུ་སྨོན་ལམ་འདེབས་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡང་ཡོངས་སུ་བཟུང་བ་རྣམས་ངས་ཀྱང་དེ་ཉིད་དུ་ལུང་བསྟན་ཏོ། །བྲམ་ཟེས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་ནི་དཔེར་ན་ཤིང་ཀང་ཀུ་ཤའི་འདབ་མ་བཞིན་དུ་སྙིང་འདར་ཞིང་བདག་གི་ཡིད་ནི་ཤིན་ཏུ་སྐྱོ་ལ་བདག་གི་ལུས་ཐམས་ཅད་ནི་ཤ་ཐང་བར་གྱུར་ཅིང་མཆིས་ན། བཙུན་པ་བཅོམ་ལྡན་འདས་གལ་ཏེ་དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤངས་ཤིང་རྩོད་པ་ཆེན་པོའི་དུས་ཀྱི་མུན་པར་འཕངས་ཏེ། ཐམས་ཅད་ཀྱིས་ཡོངས་སུ་


DKG050_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པའི་སེམས་ཅན་རྣམས་བདག་གི་སྙིང་རྗེའི་གནས་སུ་འགྱུར་བ་ལྟ་ན། བཙུན་པ་བཅོམ་ལྡན་འདས་བདག་ཀྱང་མ་འོངས་པའི་དུས་ན་བསྐལ་པ་གྲངས་མ་མཆིས་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མ་མཆིས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་བསྐལ་པ་བཟང་པོ་དེ་ལ་སྐྱེ་དགུའི་ཚེ་ལོ་སྟོང་ཐུབ་པ་ན་སྡོད་ཅིང་བདག་ཡུན་རིང་པོ་དེ་སྲིད་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་འཁོར་བས་ཡོངས་སུ་མི་སྐྱོ་བར་གྱུར་ཅིག །བདག་གིས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡུན་རིང་པོས་སྨིན་པར་བགྱི་འཚལ་བའི་འདུལ་བ་རྣམས་ཡོངས་སུ་འཛིན་པ་ལ་སྤྲོ་བར་བགྱི་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ན་འདུལ་བ་རྣམས་ཡོངས་སུ་གཟུང་བར་བགྱི་སྟེ། བདག་གིས་བཅོམ་ལྡན་འདས་ལས་དངོས་པོའི་མཚན་མ་ཡོངས་སུ་བཏང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །ཞེས་ཐོས་པས་བདག་གིས་དེ་ལྟ་བུའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱད་པར་བགྱི་སྟེ། ཇི་ལྟར་ཚེ་རབས་གཞན་དག་ན་སློངས་མོ་པའི་སེམས་ཅན་དཔག་ཏུ་མ་མཆིས་པ་དག་མཆིས་པར་འགྱུར་ན་ཡང་དེ་དག་ལ་ཡོངས་སུ་གཏོང་བ་འདི་ལྟ་བུ་དག་ཡོངས་སུ་གཏོང་བར་གྱུར་ཅིག །འདི་ལྟ་སྟེ། ཟས་དང་། སྐོམ་དང་། བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། བལྡག་པ་དང་། གོས་དང་། མལ་ཆ་དང་། སྟན་དང་། གནས་དང་། མེ་ཏོག་ཕྲེང་དང་། སྤོས་དང་། བྱུག་པ་དང་། ན་བའི་གསོས་སྨན་གྱི་སྦྱིན་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ནོར་དང་། འབྲུ་དང་། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། གསེར་དང་། དངུལ་དང་། འགྲོན་བུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། མན་ཤེལ་དང་། བྱི་རུ་དང་། རྡུལ་ཆེན་དང་། ས་ལེ་སྦྲམ་གྱི་སྦྱིན་པ་ཐམས་ཅད་ཡང་དང་ཡང་དུ་ཡོངས་སུ་གཏོང་བ་ན་བདག་ཀྱང་འདི་ལྟར་མཆོག་ཏུ་དགའ་ཞིང་སྙིང་རྗེའི་ཡིད་ཀྱིས་འབྲས་བུ་མི་འཚལ་བར་སེམས་ཅན་རྣམས་ལ་སྩལ་ནས་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་དོན་དང་། འདུལ་བའི་སེམས་ཅན་རྣམས་ལ་ཕན་


DKG050_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་པའི་སླད་དུ་བཏང་བའི་ཚོགས་རྣམས་ཡོངས་སུ་གཏོང་བར་གྱུར་ཅིག །གལ་ཏེ་ཡང་གཏང་བར་དཀའ་བ་སློང་བའི་སེམས་ཅན་དག་མཆིས་ནས་འདི་ལྟ་སྟེ། བྲན་དང་། བྲན་མོ་དང་། གྲོང་དང་། གྲོང་ཁྱེར་དང་། རྒྱལ་སྲིད་དང་། མཆིས་བྲང་དང་། བུ་དང་། བུ་མོ་དང་། ལག་པ་ཡོངས་སུ་བཏང་བ་དང་། རྐང་པ་ཡོངས་སུ་བཏང་བ་དང་། རྣ་བ་དང་། སྣ་དང་། མིག་དང་། ལྕེ་དང་། པགས་པ་དང་། ཁྲག་དང་། རུས་པ་དང་། ལུས་དང་། སྲོག་དང་། མགོ་ཡོངས་སུ་བཏང་བ་དེ་ལྟ་བུའི་ཡོངས་སུ་གཏོང་བ་དག་སློང་བར་བགྱིད་ན་ཡང་མཆོག་ཏུ་དགའ་ཞིང་སྙིང་རྗེའི་ཡིད་ཀྱིས་འབྲས་བུ་མི་འཚལ་བར་འདུལ་བ་རྣམས་ལ་ཕན་གདགས་པའི་སླད་དུ་སེམས་ཅན་རྣམས་ལ་སྦྱིན་པ་སྦྱིན་པར་གྱུར་ཅིག །བདག་གིས་འདི་ལྟ་བུའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྤྱད་པར་བགྱི་སྟེ། གང་སྔོན་ཆད་ནམ་ཡང་སེམས་ཅན་གང་གིས་ཀྱང་དེ་ལྟ་བུའི་ཡོངས་སུ་གཏོང་བ་ཡོངས་སུ་བཏང་བར་མ་གྱུར་པ་དང་། སླན་ཆད་ཀྱང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་སྤྱད་པ་སྤྱོད་པ་གང་ཡང་དེ་ལྟ་བུའི་ཡོངས་སུ་གཏོང་བ་ཡོངས་སུ་གཏོང་བར་མི་འགྱུར་བ་དེ་ལྟ་བུ་ཡོངས་སུ་གཏོང་བ་དག་ཡོངས་སུ་གཏོང་བར་གྱུར་ཅིག །གང་དག་ཚེ་རབས་གཞན་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མ་མཆིས་པ་དེ་དང་དེ་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་སྤྱད་པ་སྤྱོད་པ་ན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་གྱུར་ཅིག །བདག་གིས་སླད་མའི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་གང་ལགས་པ་རྣམས་ཀྱང་ཡོངས་སུ་གཏོང་བའི་ཚུལ་གྱི་ཡོན་ཏན་ལ་འགོད་པར་གྱུར་ཅིག །ཉོན་མོངས་པའི་གཡུལ་རབ་ཏུ་ཞི་བ་གང་ལགས་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་ཏེ། དེ་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་སྤྱད་པ་སྤྱོད་པ་ན་རྟག་པར་ཚུལ་ཁྲིམས་དང་བརྟུལ་ཞུགས་སྣ་ཚོགས་ཀྱི་དཀའ་བ་སྤྱད་པ་སྤྱོད་པར་གྱུར་ཅིག །ཇི་ལྟར་སྔར་སྨོས་པ་བཞིན་དུ་ཡུལ་རྣམས་ལ་མི་བཟོད་པ་མ་མཆིས་པ་དང་། བདག་


DKG050_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོ་སོར་རྟོག་པའི་བར་གང་ལགས་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལགས་ཏེ། བདག་དེ་ལྟ་བུའི་བཟོད་པ་སྒོམ་པར་གྱུར་ཅིག །ཇི་ལྟར་སྔར་སྨོས་པ་བཞིན་དུ་འདུས་བྱས་ཐམས་ཅད་དབེན་པ་ཉིད་དང་། འདུས་མ་བྱས་ཐམས་ཅད་ཞི་བར་སྒོམ་པ་ལ་བརྩོན་ཞིང་བླ་ན་མེད་པའི་སྤྱོད་པ་ལས་སླར་མི་ལྡོག་པ་གང་ལགས་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །འདུ་བྱེད་ཐམས་ཅད་ལ་ཕྱིན་ཅི་ལོག་སྤང་བའི་སླད་དུ་སྟོང་པ་ཉིད་ལ་སྤྱོད་པ་གང་ལགས་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །རང་བཞིན་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་གང་ལགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་ཏེ། གང་དག་བསྐལ་པ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་ཏུ་སྤྲོ་བ་བརྟན་པོའི་སྟོབས་ཀྱི་ཤུགས་ཀྱིས་སྤྱོད་པ་ལ། ཇི་ལྟར་སྔན་ཅད་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་སྤྱད་པ་སྤྱོད་པ་འགས་ཀྱང་དེ་ལྟར་སྤྲོ་བ་བརྟན་པོའི་སྟོབས་ཀྱི་ཤུགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་ཅིང་། སླད་ཀྱིས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་སྤྱད་པ་སྤྱོད་པར་འགྱུར་བ་དག་ཀྱང་དེ་ལྟར་སྤྲོ་བ་བརྟན་པོའི་སྟོབས་ཀྱི་ཤུགས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་འགྱུར་བ་དེ་ལྟ་བུ་ལ་བདག་སྤྱོད་པར་གྱུར་ཅིག །སླད་མའི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་གང་ལགས་པ་རྣམས་ཀྱང་ཚུལ་གྱི་ཡོན་ཏན་ལ་འགོད་པར་གྱུར་ཅིག །བདག་གིས་སེམས་དང་པོ་བསྐྱེད་པས་ཀྱང་སླད་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་འགྲུབ་པར་གྱུར་ཅིག །བླ་ན་མེད་པ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ་འཛིན་པར་བགྱི་བའི་སླད་དུ་བདག་སྦྱིན་པ་ལ་རློམ་སེམས་མ་མཆིས་པར་སྤྱོད་པར་གྱུར་ཅིག །ཚུལ་ཁྲིམས་ལ་གནས་པ་མ་མཆིས་པ་དང་། བཟོད་པ་ལ་རློམ་སེམས་མ་མཆིས་པ་དང་། བརྩོན་འགྲུས་ལ་བླང་བ་མ་མཆིས་པ་དང་། བསམ་གཏན་རྣམས་ལ་གནས་པ་མ་མཆིས་པ་དང་། ཤེས་རབ་ལ་


DKG050_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མ་མཆིས་པར་སྤྱོད་པར་གྱུར་ཅིག །སེམས་ཅན་འཕགས་པའི་ནོར་བདུན་དང་བྲལ་བ་རྣམས་དང་། སངས་རྒྱས་ཀྱི་ཞིང་སྟོང་པ་ཐམས་ཅད་དུ་བོར་བ་རྣམས་དང་། དམ་པའི་ཆོས་སྤོང་བ་རྣམས་དང་། འཕགས་པ་ལ་སྐུར་བ་འདེབས་པ་རྣམས་དང་། ལོག་པར་ལྟ་བ་རྣམས་དང་། མི་དགེ་བའི་རྩ་བ་དང་འགྲོགས་ཤིང་ཉམ་ང་བ་ཐོབ་པ་རྣམས་དང་། ལམ་ངན་པས་བཅོམ་པར་གྱུར་པའི་སེམས་ཅན་རྣམས་ཀྱི་དོན་དུ་བདག་འབྲས་བུ་མི་འཚལ་བར་སྤྲོ་བ་བརྟན་པོའི་སྟོབས་ཀྱི་ཤུགས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པར་གྱུར་ཅིག །བདག་གིས་སེམས་ཅན་རེ་རེའི་དོན་དུ་ཡང་སེམས་ཀྱི་རྒྱུད་ལ་དགེ་བའི་རྩ་བའི་ས་བོན་བཞག་པའི་སླད་དུ་བསྐལ་པ་ཆེན་པོ་བཅུར་ཡང་སེམས་ཅན་དམྱལ་བ་མནར་མེད་པའི་སྡུག་བསྔལ་གྱི་ཚོར་བ་ལ་སྤྲོ་བར་གྱུར་ཅིག །དེ་བཞིན་དུ་དུད་འགྲོ་རྣམས་དང་། ཡི་དགས་རྣམས་དང་། གནོད་སྦྱིན་དབུལ་པོ་རྣམས་དང་། མི་དབུལ་པོ་རྣམས་ཀྱི་སྡུག་བསྔལ་གྱི་ཚོར་བ་ལ་ཡང་སྤྲོ་བར་གྱུར་ཅིག །ཇི་ལྟར་སེམས་ཅན་གཅིག་གི་སེམས་ཀྱི་རྒྱུད་ལ་དགེ་བའི་རྩ་བའི་ས་བོན་འཇོག་པ་ལྟར་སེམས་ཅན་ཐམས་ཅད་ལ་ཡང་དེ་བཞིན་དུ་གྱུར་ཅིག །ཆད་པ་སྟོང་བ་ལྟ་བུ་དང་། སེམས་ཀྱི་རྒྱུད་ཚིག་པའི་འདུལ་བ་དེ་ལྟ་བུ་དག་ཡོངས་སུ་འཛིན་པར་གྱུར་ཅིག །བདག་གིས་སྲིད་པ་ཐ་མ་པ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་སླད་དུ་སྐྱེ་བ་གཅིག་གིས་ཐོགས་ཤིང་དགའ་ལྡན་གྱི་གནས་ན་དུས་ལ་སྡོད་ཅིང་མཆིས་པ་མ་གཏོགས་པར་བསྐལ་པའི་མཐའི་བར་དུ་ཡང་ལྷའི་བདེ་བ་སྐྱེ་བ་དག་དོན་དུ་མི་གཉེར་བར་བདག་གིས་ཡུན་རིང་པོ་དེ་སྲིད་དུ་འཁོར་བར་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ལ་བསྙེན་བཀུར་བགྱིས་ནས་བདག་སངས་རྒྱས་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་མཆོད་པ་རྣམ་པ་སྣ་ཚོགས་དག་བགྱིད་པར་གྱུར་ཅིག །སངས་རྒྱས་རེ་རེ་ལས་ཀྱང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཡོན་ཏན་དག་རྟོགས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་


DKG050_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་སྙེད་ཀྱི་སེམས་ཅན་རྣམས་ཀྱང་བྱང་ཆུབ་ཡང་དག་པར་འཛིན་དུ་སྩོལ་བར་གྱུར་ཅིག །དེ་བཞིན་དུ་བདག་གིས་རང་སངས་རྒྱས་ཀྱི་ཐེག་པ་དང་། དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་པའི་སེམས་ཅན་རྣམས་ཀྱང་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་འཛིན་དུ་སྩོལ་བར་གྱུར་ཅིག །འཇིག་རྟེན་ན་སངས་རྒྱས་འབྱུང་བ་མ་མཆིས་ན་ཡང་བདག་གི་དྲང་སྲོང་གི་བརྟུལ་ཞུགས་ཀྱིས་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྦྱོར་བར་གྱུར་ཅིག །ཏིང་ངེ་འཛིན་རྣམས་དང་། མངོན་པར་ཤེས་པ་དག་ལ་ཡང་སྦྱོར་བར་གྱུར་ཅིག །བདག་གིས་སེམས་ཅན་ལྟ་བ་ལ་ཆགས་ཤིང་དབང་ཕྱུག་ཆེན་པོ་ལ་དད་པ་རྣམས་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་དགེ་བ་རྣམས་ལ་སྦྱོར་བར་གྱུར་ཅིག །བདག་གིས་སེམས་ཅན་སྲེད་མེད་ཀྱི་བུ་དང་། ཟླ་བ་དང་།ཉི་མ་དང་། ཚངས་པའི་བར་དག་ལ་དད་པ་རྣམས་ཀྱང་ཚངས་པའི་གཟུགས་ཀྱིས་དགེ་བའི་ཆོས་རྣམས་ལ་སྦྱོར་བར་གྱུར་ཅིག །དེ་བཞིན་དུ་ནམ་མཁའ་ལྡིང་རྣམས་ལ་ཡང་ནམ་མཁའ་ལྡིང་གི་གཟུགས་དང་། བརྒྱ་བྱིན་གྱི་བར་ལ་ཡང་བརྒྱ་བྱིན་གྱི་གཟུགས་ཀྱིས་དགེ་བའི་སྤྱོད་པ་དག་ལ་ཡང་སྦྱོར་བར་གྱུར་ཅིག །སེམས་ཅན་ལྟོགས་པ་རྣམས་ལ་ཡང་རང་གི་ཤ་དང་། ཁྲག་གིས་ཚིམ་པར་བགྱིད་པར་གྱུར་ཅིག །སེམས་ཅན་སྡུག་བསྔལ་བར་གྱུར་པ་རྣམས་ལ་ཡང་རང་གི་ལུས་དང་སྲོག་གིས་ཡོངས་སུ་སྐྱོབ་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་ཡུན་རིང་པོ་དེ་སྲིད་དུ་སེམས་ཀྱི་རྒྱུད་ཚིག་ཅིང་དགེ་བའི་རྩ་བ་ཡོངས་སུ་ཉམས་པ་རྣམས་ཀྱི་དོན་དུ་སྟོབས་པོ་ཆེའི་ཤུགས་ཀྱིས་སྤྱད་པ་སྤྱོད་པ་ན་བདག་གིས་ཡུན་རིང་པོ་དེ་སྲིད་དུ་འཁོར་བར་སེམས་ཅན་རྣམས་ཀྱི་སླད་དུ་གཏུམ་པ་དང་། བརླང་བ་དང་། མི་བཟད་པ་སྣ་ཚོགས་ཀྱི་སྡུག་བསྔལ་དག་ནོད་པར་གྱུར་ཅིག །བསྐལ་པ་གྲངས་མ་མཆིས་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་ཀྱི་བར་དག་འདས་ནས་ལྷག་མ་བསྐལ་པ་གྲངས་མ་མཆིས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་སྟེ། བསྐལ་པ་བཟང་པོ་ལ་ཐུག་པ་ན། གང་གི་ཚེ་བྲམ་ཟེའི་


DKG050_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེའུ་སྐར་མ་སྐྱོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པ་འཁོར་བ་འཇིག་ཅེས་བགྱི་བར་འགྱུར་བ་དེའི་ཚེ་དེའི་དུས་ན་བདག་གིས་འཕགས་པའི་ཤེས་རབ་ཀྱི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་དག་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་བཞུགས་ཏེ་འཚོ་ཞིང་གཞེས་པ་དག་མཐོང་བར་གྱུར་ཅིག །བདག་གིས་སེམས་ཅན་སེམས་ཀྱི་རྒྱུད་ཚིག་པ་རྣམས་དང་། མི་དགེ་བའི་རྩ་བ་དང་འགྲོགས་པ་རྣམས་དང་། ནོར་བདུན་དང་བྲལ་བ་རྣམས་དང་། སངས་རྒྱས་ཀྱི་ཞིང་སྟོངས་པར་བོར་བ་རྣམས་དང་། མཚམས་མ་མཆིས་པ་བགྱིད་པ་རྣམས་དང་། དམ་པའི་ཆོས་སྤོངས་པ་རྣམས་དང་།ལམ་ངན་པའི་བར་གྱིས་བཅོམ་པ་རྣམས་དང་། ཉམ་ང་བ་ཐོབ་པ་གང་དག་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་ཅིང་བཙུད་དེ་རབ་ཏུ་བཀོད་པའི་སེམས་ཅན་དེ་དག་བདག་གིས་དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་སྩོལ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ཀྱང་ཡང་དག་པར་འཛིན་དུ་སྩོལ་ལ་འདུལ་ཞིང་འཛུད་དེ་རབ་ཏུ་འགོད་པར་གྱུར་ཅིག །བདག་གིས་སེམས་ཅན་དེ་དག་གི་དགེ་བའི་རྩ་བའི་ས་བོན་དེ་ཡང་བླ་ན་མེད་པའི་མྱ་ངན་ལས་འདས་པ་ལ་འཇོག་ཅིང་ངན་སོང་རྣམས་ལས་ཡོངས་སུ་ཐར་བར་བགྱིད་པར་གྱུར་ཅིག །ཤེས་རབ་དང་བསོད་ནམས་ཀྱི་ཚོགས་ལ་སྦྱོར་བར་ཡང་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་དག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འབུལ་བར་ཡང་གྱུར་ཅིག །དེའི་ཚེ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡང་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་དག་ཀྱང་ཐོབ་པར་གྱུར་ཅིག །ས་ནོན་པར་ཡང་གྱུར་ཅིག །བདག་གིས་སེམས་ཅན་དེ་དག་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་སྨོན་ལམ་ཡང་དག་པར་འཛིན་དུ་སྩོལ་


DKG050_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སློབ་ཏུ་སྩོལ་བར་ཡང་གྱུར་ཅིག །དེ་དག་ཀྱང་ཇི་ལྟར་འཚལ་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ཀྱང་འཛིན་པར་གྱུར་ཅིག །གང་གི་ཚེ་བསྐལ་པ་བཟང་པོ་ལ་བབ་སྟེ། རྒྱལ་བ་ཉི་མ་འཁོར་བ་འཇིག་ཤར་བ་དེའི་ཚེ་བདག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པ་དག་ཀྱང་མཐོང་བར་གྱུར་ཅིག །དེའི་ཚེ་ན་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལགས་པའི་དྲུང་དུ་མཆི་བར་གྱུར་ཅིག །མཆིས་ནས་ཀྱང་མཆོད་པ་སྣ་ཚོགས་བགྱིད་པར་གྱུར་ཅིག །ཞུ་བ་ཡོངས་སུ་ཞུ་བར་ཡང་གྱུར་ཅིག །རབ་ཏུ་འབྱུང་བར་ཡང་གྱུར་ཅིག །ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་དག་ལ་མངོན་པར་བརྩོན་པར་ཡང་གྱུར་ཅིག །ཆོས་ཀྱི་མཆོག་སྟོན་པར་ཡང་གྱུར་ཅིག །དེའི་ཚེ་ན་སེམས་ཅན་གང་དག་སེམས་ཀྱི་རྒྱུད་ཚིག་པ་རྣམས་དང་། མི་དགེ་བའི་རྩ་བ་དང་འགྲོགས་པར་གྱུར་པ་རྣམས་དང་། ལྟ་བའི་ལམ་དུ་ཞུགས་པ་རྣམས་དང་། མཚམས་མ་མཆིས་པ་བགྱིད་པ་རྣམས་དང་། ལམ་ངན་པས་བཅོམ་པར་གྱུར་པ་རྣམས་དང་། ཉམ་ང་བ་ཆེན་པོ་ཐོབ་པར་གྱུར་པའི་སེམས་ཅན་དེ་དག་ལ་ཡང་ཆོས་སྟོན་པར་གྱུར་ཅིག །བདག་འདུལ་བ་དེ་དག་ཀྱང་རབ་ཏུ་འཛིན་པར་གྱུར་ཅིག །རྒྱལ་བའི་ཉི་མ་ནུབ་པ་དེའི་ཚེ་ན་བདག་ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་ཞིང་། སྐྱེ་དགུ་རྣམས་ཚེ་ལོ་བརྒྱ་པར་གྱུར་གྱི་བར་དུ་སེམས་ཅན་རྣམས་བསོད་ནམས་བགྱི་བའི་དངོས་པོ་གསུམ་པོ་དག་ལ་སྦྱོར་བར་གྱུར་ཅིག །དུས་དེ་ལ་བབ་པ་ན་ལྷའི་འཇིག་རྟེན་དུ་མཆིས་ནས་ལྷ་རྣམས་ལ་ཆོས་སྟོན་པར་འགྱུར་ཞིང་འདུལ་བ་རྣམས་ཀྱང་རབ་ཏུ་འཛིན་པར་གྱུར་ཅིག །སེམས་ཅན་རྣམས་ཀྱི་ཚེ་ལོ་བརྒྱ་ཉི་ཤུ་པའི་བར་དུ་གྱུར་པ་ན་བདེ་བ་དང་། དབང་ཕྱུག་དང་། རིགས་དང་གཟུགས་ཀྱི་དྲེགས་པས་མྱོས་ཤིང་སེར་


DKG050_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཅན་དུ་གྱུར་ཏེ། སྙིགས་མ་ལྔའི་མུན་པར་ཆུད་པའི་སེམས་ཅན་འདོད་ཆགས་བདོ་བ། ཞེ་སྡང་བདོ་བ། གཏི་མུག་བདོ་བ། ང་རྒྱལ་བདོ་བ། སྡིག་པ་དང་། ཕྲག་དོག་དང་། སེར་སྣ་བདོ་བ། ཆོས་མ་ལགས་པ་ལ་འདོད་ཆགས་ཀྱིས་ཆགས་པ། ཆོས་མ་ལགས་པའི་ལོངས་སྤྱོད་ཚོལ་བ། ལོག་པར་ལྟ་བ། ཕྱིན་ཅི་ལོག་ཏུ་མཐོང་བ། འཕགས་པའི་ནོར་བདུན་དང་བྲལ་བ། ཕར་མི་འཛིན་པ། མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། བགྱི་བ་མ་ལགས་པ་བགྱིད་པ།བསོད་ནམས་མ་ལགས་པ་བགྱིད་པ། འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་བལྟ་བ། བསོད་ནམས་བགྱི་བའི་དངོས་པོ་གསུམ་པོ་དག་ལ་མི་བརྩོན་པ། ཐེག་པ་གསུམ་དོན་དུ་མི་གཉེར་བ། ལེགས་པར་སྤྱོད་པ་གསུམ་ལ་མི་བརྩོན་པ། ཉེས་པར་སྤྱོད་པ་གསུམ་ལ་བརྩོན་པ། དགེ་བ་བཅུའི་ལས་ཀྱི་ལམ་ལ་མི་བརྩོན་པ། མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་བརྩོན་པ། ཕྱིན་ཅི་ལོག་བཞིས་ཉམས་པ། རྒུད་པ་བཞི་ལ་གནས་པ། བདུད་བཞིའི་དབང་དུ་མཆིས་པ། ཆུ་བོ་བཞིས་དེད་པ། སྒྲིབ་པ་ལྔའི་དབང་དུ་མཆིས་པའི་སེམས་ཅན་དག་འབྱུང་བར་འགྱུར་ལགས་སོ། །དབང་པོ་དྲུག་གི་དྲེགས་པས་མྱོས་པ། ལོག་པ་བརྒྱད་ལ་ཞུགས་པ། འདོད་པའི་ཉམ་ང་བ་ཐོབ་པ། བག་ལ་ཉལ་ཀུན་ནས་སློང་བ། ལྷ་དང་མིའི་དཔལ་དང་། འབྱོར་པ་དོན་དུ་མི་གཉེར་བ་ཕྱིན་ཅི་ལོག་གི་ལྟ་བ་ཅན། ལམ་ངན་པས་བཅོམ་པ། མཚམས་མ་མཆིས་པ་བགྱིད་པ། དམ་པའི་ཆོས་སྤོང་བ། འཕགས་པ་ལ་སྐུར་པ་འདེབས་པ། དགེ་བའི་རྩ་བ་ཐམས་ཅད་ལས་ཡོངས་སུ་ཉམས་པ། ཁྭ་ལྟར་མུ་ཅོར་སྨྲ་བ། བྱས་པ་མི་གཟོ་བ། དྲན་པ་ཉམས་པ། དགེ་བ་ལ་སྨོད་པ། ཤེས་རབ་འཆལ་པ། ཐོས་པ་ཉུང་བ། ཚུལ་ཁྲིམས་འཆལ་པ། ཚུལ་འཆོས་པ། སེར་སྣ་ཅན། ཕན་ཚུན་མི་སྙན་པ་བརྗོད་པ། གཅིག་ལ་གཅིག་མི་གུས་པ། ལེ་ལོ་ཅན། དབང་པོ་མ་ཚང་བ། ཉམ་ཆུང་བ། གོས་མ་མཆིས་པ། མི་དགེ་བའི་བཤེས་གཉེན་གྱིས་ཟིན་པ། བསམ་པ་དང་དྲན་


DKG050_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙིང་པོ་ཉམས་པ། ནད་སྣ་ཚོགས་ཀྱིས་ཉེན་པ། ཉོན་མོངས་པར་གྱུར་པ། མདོག་ངན་པ་མི་སྡུག་པ། ངོ་ཚ་མ་མཆིས་པ། ཁྲེལ་མ་མཆིས་པ། གཅིག་གིས་གཅིག་འཇིགས་པ། གང་དག་སྔ་དྲོ་གཅིག་ལ་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་མང་དུ་སྤྱོད་པ་དེ་དག་ལ་སྟོད་ཅིང་ཐེར་ཟུག་ཏུ་ལྟ་བའི་སེམས་ཅན་དག་ཀྱང་འབྱུང་བར་འགྱུར་ལགས་སོ། །ཕུང་པོ་ལྔ་ལ་མངོན་པར་ཞེན་པའི་སེམས་དང། འདོད་པའི་ཡོན་ཏན་ལྔ་ལ་འཆུམས་པའི་སེམས་དང་། སྡང་བའི་སེམས་དང་། གནོད་སེམས་ཀྱི་སེམས་དང་། ཁོན་དུ་འཛིན་པའི་སེམས་དང་། རྣམ་པར་འཚེ་བའི་སེམས་དང་། རྙོག་པའི་སེམས་དང་། རྩུབ་པའི་སེམས་དང་། འཁྲུགས་པའི་སེམས་དང་། མ་དུལ་བའི་སེམས་དང་། གནོད་པའི་སེམས་དང་། རྒོད་པའི་སེམས་དང་། ཆོས་མ་ལགས་པ་ལ་མངོན་པར་ཞེན་པའི་སེམས་དང་། ཁྱད་པར་ལ་མི་གནས་པའི་སེམས་དང་། ཕན་ཚུན་ནོངས་པ་རྩོམ་པའི་སེམས་དང་། འཛིངས་པའི་སེམས་དང་། གཅིག་ལ་གཅིག་གསོད་པའི་སེམས་དང་། ཆོས་ཡོངས་སུ་སྤངས་པའི་སེམས་དང་། མི་བརྩོན་པའི་སེམས་དང་། ཆོས་རྣམས་ལ་ནོངས་པར་བརྩོན་པའི་སེམས་དང་། མི་དགེ་བ་སྐྱེད་པའི་སེམས་དང་། མྱ་ངན་ལས་འདས་པ་ཞི་བ་མི་འཚོལ་བའི་སེམས་དང་། སྦྱིན་གནས་མ་ལགས་པའི་སེམས་དང་། ཀུན་ཏུ་སྦྱོར་བ་དང་། འཆིང་བ་ཐམས་ཅད་ཡང་དག་པར་སྒྲུབ་པའི་སེམས་དང་། ནད་དང་། རྒ་བ་དང་། འཆི་བ་ལ་ཡིད་རྟོན་པའི་སེམས་དང་། ཀུན་ཏུ་སྦྱོར་བ་ཐམས་ཅད་ཀྱིས་གནས་པའི་སེམས་དང་། སྒྲིབ་པ་ཐམས་ཅད་ཡོངས་སུ་འཛིན་པའི་སེམས་དང་། ཆོས་ཀྱི་རྒྱལ་མཚན་བསྒྱེལ་བར་བགྱི་བའི་སེམས་དང་། ལྟ་བའི་རྒྱལ་མཚན་བསྒྲེང་བར་བགྱི་བའི་སེམས་དང་། ཕན་ཚུན་མི་སྙན་པ་བརྗོད་པའི་སེམས་དང་། གཅིག་གིས་གཅིག་བཟའ་བའི་སེམས་དང་། ཕན་ཚུན་འཚེ་བ་ལ་དབང་བགྱིད་པའི་སེམས་དང་། ཞེ་སྡང་ཡང་དག་པར་འཛིན་པའི་སེམས་དང་། གཅིག་ལ་གཅིག་ཀུན་ནས་མནར་སེམས་ཀྱི་སེམས་དང་། འདོད་པ་དག་གིས་ངོམས་མི་མྱོང་བའི་སེམས་


DKG050_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཐམས་ཅད་ཡོངས་སུ་འཛིན་ཅིང་འཇུངས་པའི་སེམས་དང་། བྱས་པ་མི་གཟོ་བའི་སེམས་དང་། གཞན་གྱི་ཆུང་མ་ལ་བརྣབ་པའི་སེམས་དང་། གནོད་སེམས་ཀྱིས་འཚེ་བའི་སེམས་དང་། སྨོན་ལམ་མ་མཆིས་པའི་སེམས་དང་ལྡན་པའི་སེམས་ཅན་དག་ཀྱང་དེའི་ཚེ་ན་འབྱུང་བར་འགྱུར་ལགས་སོ། །དེར་སྒྲ་འདི་ལྟ་བུ་དག་ཕན་ཚུན་ཐོས་པར་ཡང་བགྱིད་དེ་སེམས་ཅན་དམྱལ་བའི་སྒྲ་དང་། དུད་འགྲོའི་སྐྱེ་གནས་པའི་སྒྲ་དང་། གཤིན་རྗེའི་འཇིག་རྟེན་གྱི་སྒྲ་དང་། ནད་ཀྱི་སྒྲ་དང་། རྒ་བའི་སྒྲ་དང་། འཆི་བའི་སྒྲ་དང་། གསོད་པའི་སྒྲ་དང་། མི་ཁོམ་པའི་སྒྲ་དང་། རྟག་ཏུ་དགྲ་བགྱིད་པའི་སྒྲ་དང་། ཁུང་སྒོ་དང་། ཁོང་སྒྲིལ་དང་། འཆིང་བ་དང་། བཙོན་རའི་སྒྲ་དང་། ཆད་པའི་སྒྲ་དང་། གནོད་པའི་སྒྲ་དང་། མི་སྙན་པ་དང་། གཤེ་བ་དང་། སྤྱོ་བའི་སྒྲ་དང་། ཁྱིམ་འབུགས་པའི་སྒྲ་དང་། ཚོགས་འབྱེད་པའི་སྒྲ་དང་། ཆོམ་རྐུན་གྱི་སྒྲ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་སྒྲ་དང་། མུ་གེའི་སྒྲ་དང་། འདོད་པ་ལ་ལོག་པར་གཡེམ་པའི་སྒྲ་དང་། བརྫུན་དུ་སྨྲ་བའི་སྒྲ་དང་། ལྟས་ངན་གྱི་སྒྲ་དང་། ཕྲ་མའི་སྒྲ་དང་། ཚིག་རྩུབ་པོའི་སྒྲ་དང་། ཚིག་ཀྱལ་པའི་སྒྲ་དང་། ཕྲག་དོག་དང་སེར་སྣའི་སྒྲ་དང་། ཀུན་ཏུ་འཛིན་པ་དང་ཡོངས་སུ་འཛིན་པའི་སྒྲ་དང་། ངར་འཛིན་པ་དང་བདག་གིར་འཛིན་པའི་སྒྲ་དང་། སྡུག་པ་དང་། མི་སྡུག་པའི་སྒྲ་དང་། འདོད་པ་དང་མི་འདོད་པའི་སྒྲ་དང་། སྡུག་པ་དང་བྲལ་བའི་སྒྲ་དང་། ཉོ་ཚོང་གི་སྒྲ་དང་། གཅིག་གིས་གཅིག་འཁོལ་ཞིང་འཚེ་བའི་སྒྲ་དང་། མངལ་ན་གནས་པའི་སྒྲ་དང་། དྲི་ང་བའི་སྒྲ་དང་། གྲང་བའི་སྒྲ་དང་། ཚ་བའི་སྒྲ་དང་། བཀྲེས་པ་དང་སྐོམ་པའི་སྒྲ་དང་། ངལ་བ་དང་ཆད་པ་ཚོལ་བའི་སྒྲ་དང་། ཞིང་ལས་ཀྱི་སྒྲ་དང་། བཟོའི་ལས་སྣ་ཚོགས་ཀྱིས་ཡོངས་སུ་སྐྱོ་བའི་སྒྲ་དང་། ནད་སྣ་ཚོགས་ཀྱིས་ཉེན་པའི་སྒྲ་དག་སྟེ། སེམས་ཅན་དེ་དག་གཅིག་ལ་གཅིག་སྒྲ་དེ་ལྟ་བུ་དག་ཐོས་པར་ཡང་བགྱིད་ལགས་སོ། །དེའི་ཚེ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ནི་སེམས་ཅན་དགེ་བའི་རྩ་བ་ཡོངས་སུ་ཉམས་པ། དགེ་བའི་བཤེས་གཉེན་ཡོངས་སུ་ཉམས་པ། སྡང་བའི་སེམས་དང་ལྡན་པ་དེ་ལྟ་བུ་དག་གིས་ཀུན་ཏུ་བལྟམ་པར་འགྱུར་ཏེ།


DKG050_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དེ་དག་ནི་ཐམས་ཅད་མཁྱེན་པ་དག་གིས་སྟོང་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་བོར་བར་འགྱུར་ཏེ། ཇི་ལྟར་བཟའ་བ་དང་། བཏུང་བ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། དགེ་བའི་ལས་ཀྱི་བྱ་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་བྲལ་ཞིང་མི་དགེ་བ་དང་འགྲོགས་ལ། མུན་ཁྲོད་ནས་མུན་ཁྲོད་དུ་མཆི་བའི་སེམས་ཅན་དེ་དག་ནི་དེའི་ཚེ་ན་ལས་ཀྱི་རྐྱེན་རབ་ཏུ་དམ་པོས་བསྐལ་པ་བཟང་པོ་ལ་ལོ་བརྒྱ་ཉི་ཤུ་པ་རྣམས་སུ་སྐྱེ་བར་འགྱུར་ལགས་སོ། །སེམས་ཅན་དེ་དག་གི་ལས་ཀྱི་རྐྱེན་གྱིས་སངས་རྒྱས་ཀྱི་ཞིང་མི་མཇེད་ཀྱང་དགེ་བའི་རྩ་བ་བསྐྱེད་པའི་སེམས་ཅན་ཐམས་ཅད་ཀྱིས་ཡོངས་སུ་སྤངས་ཤིང་དམན་པར་འགྱུར་ཏེ། ས་གཞི་བ་ཚྭ་ཅན་དུ་འགྱུར། ས་གཞི་གོར་མ་དང་། གསེག་མ་དང་། རྡུལ་དང་། རི་རད་རོད་ཅན་དུ་འགྱུར། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། སྦྲུལ་དང་། གཅན་གཟན་ཁྲོ་བོ་དང་། བྱ་གདུག་པ་དག་གིས་ཀུན་ཏུ་བལྟམ་པར་འགྱུར། དུས་མ་ལགས་པར་རྡུལ་གྱིས་འཁྲིགས་པའི་བསེར་མ་ལྡང་བར་འགྱུར། དུས་མ་ལགས་པར་རོ་མ་མཆིས་པ་དང་། ལན་ཚྭ་དང་འདྲེས་པ་དང་། མི་བསིལ་བའི་ཆར་པ་འབབ་པར་འགྱུར་ཞིང་། དེ་ལྟར་ས་ལ་ལོ་ཐོག་དང་། སྨན་དང་། རྩྭ་དང་། ཤིང་ལྗོན་པ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། ནོར་རྣམས་དང་། སེམས་ཅན་རྣམས་ཀྱི་བཟའ་བ་དང་། བཏུང་བ་དང་། ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་རྣམས་ཀྱང་ངན་པ་དང་། རྙོག་པ་ཅན་དང་། རུད་རུད་པོ་དང་། རྩུབ་པ་དང་། དུག་དང་འདྲེས་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་འཚལ་ནས་ཀྱང་སླར་ཞིང་རྒྱ་ཆེར་རྩུབ་པ་དང་། གདུག་པ་དང་། ཁྲོ་བ་དང་། གཏུམ་པ་དང་། བརླང་བ་དང་། འཇུངས་པ་དང་། གཤེ་བ་དང་། གཅིག་ལ་གཅིག་མི་གུས་པ་དང་། འཇིགས་པའི་སེམས་ཀྱིས་ཀུན་ནས་མནར་སེམས་ཀྱི་སེམས་དང་། གསོད་པའི་སེམས་དང་ལྡན་པར་འགྱུར་ཞིང་ཤ་འཚལ་བ་དང་། ཁྲག་འཚལ་བ་དང་། རི་དགས་ཀྱི་པགས་པ་འཚལ་བ་དང་། མཚོན་ཆ་ཐོགས་པ་དང་། སྲོག་ཆགས་འགུམས་པ་ལ་བརྩོན་པ་དང་། བྱད་གཟུགས་དང་། རིགས་


DKG050_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྒྱུད་དང་། དབང་ཕྱུག་དང་། བསྟན་བཅོས་དང་། ཡི་གེ་དང་། རྟ་རྩལ་དང་། མདའ་གཞུ་དང་། མཚོན་ཆ་ཐོགས་པ་དང་། འཁོར་དང་། སྲེར་སྣ་དང་། དྲེགས་ངས་པར་འགྱུར་ཏེ། འཇིག་རྟེན་གྱི་དཀའ་ཐུབ་དང་། བརྟུལ་ཞུགས་ངན་པ་རྣམ་པ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་པ་དེའི་ཚེ་ན། བདག་འདུལ་བའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ། དགའ་ལྡན་གྱི་གནས་ནས་བབས་ཏེ་འཁོར་ལོས་སྒྱུར་བའི་རིགས་རྒྱུད་ཁྱད་པར་དུ་འཕགས་པའི་དབང་ཕྱུག་རྒྱལ་པོའི་རིགས་སུ་བཙུན་མོ་དམ་པའི་ཁོང་དུ་མངལ་ན་གནས་པ་ཉེ་བར་འཛིན་པར་གྱུར་ཅིག །དེའི་ཚེ་བདག་གིས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་མི་མཇེད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་བགྱིད་པར་འགྱུར་ཞིང་། སྟེང་དུ་ནི་འོག་མིན་གྱི་གནས་ཀྱི་བར་གྱི་མཐར་ཐུག་པའི་བར་དང་། འོག་ཏུ་ནི་གསེར་གྱི་འཁོར་ལོའི་མཐར་ཐུག་པའི་བར་དག་ཀྱང་སྣང་བ་རྒྱ་ཆེན་པོས་ཁྱབ་པར་བགྱིད་པར་གྱུར་ཅིག །དེའི་ཚེ་ན་སངས་རྒྱས་ཀྱི་ཞིང་མི་མཇེད་ན་སེམས་ཅན་གང་དག་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་མི་རྣམས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ཀྱིས་ཀྱང་སྣང་བ་དེ་མཐོང་ཞིང་རེག་པ་དང་། ཀུན་ཏུ་འཚལ་བར་གྱུར་ཅིག །འཁོར་བ་ལ་རྟོག་ཅིང་སྡུག་བསྔལ་གྱིས་ཡིད་བྱུང་བ་དེ་དག་ཀྱང་མྱ་ངན་ལས་འདས་པར་འཚལ་ཞིང་ཐ་ན་ཉོན་མོངས་པ་ཞི་བར་བགྱི་བ་དེའི་སེམས་སྐྱེད་པར་ཡང་གྱུར་ཅིག །དང་པོར་ལམ་མཆོག་གི་ས་བོན་འདི་ཡང་སྐྱེད་པར་གྱུར་ཅིག །གང་གི་ཚེ་བདག་ཆོས་ཐམས་ཅད་ཀྱི་ཚུལ་ལ་མཁས་པའི་ཏིང་ངེ་འཛིན་ཐམས་ཅད་སྟོན་པའི་ཆོས་ཀྱི་སྒོ་གཅིག་གིས་བསྐལ་པ་ཕྱི་མའི་མཐར་སྟོན་ཅིང་སེམས་མཉམ་པར་བཞག་ནས་ཟླ་བ་བཅུར་མའི་མངལ་ན་གནས་པར་གྱུར་ཅིག །བདག་གིས་སངས་རྒྱས་ཉིད་ཐོབ་ནས་ཡོངས་སུ་སྐྱོ་བའི་སེམས་ཅན་གང་དག་འཁོར་བ་ལས་ཡོངས་སུ་ཐར་བར་བགྱིད་པར་འགྱུར་བའི་སེམས་དེ་དག་གིས། བདག་ཟླ་བ་བཅུར་མའི་མངལ་ན་ནོར་བུའི་སྙིང་པོ་ཡང་དག་པར་སྟོན་པ་ལ་སེམས་མཉམ་པར་བཞག་ནས་སྐྱིལ་མོ་ཀྲུང་


DKG050_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མཆིས་པ་མཐོང་བར་གྱུར་ཅིག །ཟླ་བ་བཅུ་པོ་འདས་ནས་བདག་གིས་བསོད་ནམས་ཐམས་ཅད་ཡང་དག་པར་བསྩགས་པའི་ཏིང་ངེ་འཛིན་གྱིས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་མི་མཇེད་ཀྱི་ས་རྣམ་པ་དྲུག་ཏུ་གཡོ་བར་བགྱིད་པར་འགྱུར་ཞིང་། སྟེང་དུ་ནི་འོག་མིན་གྱི་གནས་ཀྱི་མཐར་ཐུག་པའི་བར་དང་། འོག་ཏུ་ནི་གསེར་གྱི་འཁོར་ལོའི་མཐར་ཐུག་པའི་བར་དག་ཀྱང་རྣམ་པ་དྲུག་ཏུ་གཡོ་བར་བགྱིད་པར་གྱུར་ཅིག །དེའི་ཚེ་ན་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་སེམས་ཅན་གང་དག་སེམས་ཅན་དམྱལ་བ་རྣམས་དང་མི་རྣམས་སུ་སྐྱེས་པར་གྱུར་པ་དེ་དག་ཀྱང་རབ་ཏུ་སད་པར་བགྱིད་པར་གྱུར་ཅིག། །།བམ་པོ་བཅུ་པ། བདག་མའི་མཆན་ཁུང་གཡས་པ་ནས་མངོན་པར་འབྱུང་བའི་ཚེ་ཡང་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་མི་མཇེད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཅིག །དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་ཡང་ཡང་དག་པར་སྐུལ་བར་གྱུར་ཅིག །དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་མྱ་ངན་ལས་འདས་པའི་ས་བོན་འདེབས་པར་གྱུར་ཅིག །མྱ་ངན་ལས་འདས་པའི་ས་བོན་བསྐྱེད་པའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཏིང་ངེ་འཛིན་གྱི་མྱུ་གུ་སྐྱེད་པར་གྱུར་ཅིག །གང་གི་ཚེ་བདག་གི་རྐང་པའི་མཐིལ་གྱིས་ས་ལ་རེག་པར་འགྱུར་བ་དེའི་ཚེ་ན་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་མི་མཇེད་ཀྱི་ས་གཞི་གསེར་གྱི་འཁོར་ལོའི་མཐར་ཐུག་པའི་བར་དག་རྣམ་པ་དྲུག་ཏུ་གཡོས་པ་དང་། རབ་ཏུ་འགུལ་བ་དང་། འཁྲུག་པར་གྱུར་ཅིག །དེའི་ཚེ་ན་བདག་གིས་གང་དག་སྐྱེ་གནས་བཞིར་གཏོགས་ཤིང་འགྲོ་བ་ལྔ་ལ་རྟེན་པའི་སེམས་ཅན་ཆུ་ལ་རྟེན་པ་རྣམས་དང་། ས་ལ་རྟེན་པ་རྣམས་དང་། ནམ་མཁའ་ལ་རྟེན་པ་དེ་དག་ཐམས་ཅད་རབ་ཏུ་སད་པར་བགྱིད་པར་གྱུར་ཅིག །སེམས་ཅན་གང་དག་གི་རྒྱུད་ལ་ཏིང་ངེ་འཛིན་གྱི་མྱུ་གུ་མ་སྐྱེས་པ་རྣམས་ཀྱང་སྐྱེད་པར་གྱུར་ཅིག །ཏིང་ངེ་འཛིན་གྱི་མྱུ་གུ་བརྟན་པར་གྱུར་པ་རྣམས་ནི་ཐེག་པ་གསུམ་པོ་དག་གིས་ཕྱིར་མི་ལྡོག་པ་ལ་འགོད་པར་གྱུར་ཅིག །བདག་བཙས་མ་ཐག་ཏུ་དེའི་མོད་


DKG050_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སངས་རྒྱས་ཀྱི་ཞིང་མི་མཇེད་དེའི་ཚངས་པ་ཆེན་པོ་རྣམས་དང་། བདུད་རྣམས་དང་། བརྒྱ་བྱིན་རྣམས་དང་། ཟླ་བ་རྣམས་དང་། ཉི་མ་རྣམས་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། ཀླུའི་རྒྱལ་པོ་ཆེན་པོ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། རྫུས་ཏེ་སྐྱེས་པ་རྣམས་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཀླུ་དང་། ལྷ་མ་ཡིན་རྫུ་འཕྲུལ་ཆེན་པོ་ཐམས་ཅད་ཀྱང་བདག་ལ་མཆོད་པ་བགྱི་བའི་སླད་དུ་ཉེ་བར་མཆིས་པར་གྱུར་ཅིག །བདག་བཙས་མ་ཐག་ཏུ་གོམ་པ་བདུན་འདོར་བར་གྱུར་ཅིག །བདག་གིས་བསོད་ནམས་ཐམས་ཅད་ཡང་དག་པར་བསྩགས་པའི་ཏིང་ངེ་འཛིན་གྱིས་ཐམས་ཅད་དང་ལྡན་པའི་འཁོར་གང་ལགས་པ་དེ་ཐེག་པ་གསུམ་པོ་དག་གིས་རབ་ཏུ་དང་བ་ཐོབ་པར་འགྱུར་བ་དེ་ལྟར་ཆོས་སྟོན་པར་གྱུར་ཅིག །འཁོར་དེ་ན་ཉན་ཐོས་ཀྱི་ཐེག་པ་པའི་སེམས་ཅན་སྲིད་པ་ཐ་མ་པར་གྱུར་པ་གང་ལགས་པ་དེ་དག་བདག་གིས་འདུལ་བར་གྱུར་ཅིག །དེ་ན་གང་དག་རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པའི་སེམས་ཅན་དེ་དག་གིས་རྣམ་པར་སྣང་བྱེད་མེ་ཏོག་གི་བཟོད་པ་ཐོབ་པར་གྱུར་ཅིག །དེ་ནས་གང་དག་བླ་ན་མེད་པའི་ཐེག་པ་ཆེན་པོ་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་རྡོ་རྗེའི་ཏིང་ངེ་འཛིན་རྒྱ་མཚོ་འཁྲུགས་ཀྱི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དེས་ས་གསུམ་པོ་དག་ལས་ཡང་དག་པར་འདས་པར་གྱུར་ཅིག །གང་གི་ཚེ་བདག་ཁྲུས་བགྱིད་པར་འཚལ་བ་ན་དེ་ན་ཀླུའི་རྒྱལ་པོ་ཆེན་པོ་ཁྱད་པར་དུ་འཕགས་པ་གང་དག་མཆིས་པར་གྱུར་པ་དེ་དག་བདག་ལ་ཁྲུས་བགྱིད་པར་གྱུར་ཅིག །སེམས་ཅན་གང་དག་གིས་བདག་འཁྲུ་བར་མཐོང་བར་གྱུར་པ་དེ་དག་ཐམས་ཅད་ཀྱིས་ཐེག་པ་གསུམ་པོ་དག་གིས་ཇི་སྐད་སྨོས་པའི་ཡོན་ཏན་དེ་ལྟ་བུ་དག་མངོན་པར་རྟོགས་པར་གྱུར་ཅིག །སེམས་ཅན་གང་དག་གིས་བདག་ཤིང་རྟ་ལ་འཚལ་བ་མཐོང་བར་གྱུར་པ་དང་། རྒྱ་ཆེར་བགྱིད་ན་སེམས་ཅན་གང་དག་གིས་བདག་གཞོན་ནུ་རྩེ་བ་དག་དང་། བཟོའི་གནས་དང་། ལས་ཀྱི་གནས་དང་། སྐད་སྣ་ཚོགས་སྟོན་པ་དག་དང་། བསླབ་ཏུ་རུང་བ་དང་། བུད་མེད་རྣམས་ཀྱི་གནས་སུ་འདོད་པའི་ཡོན་ཏན་ལྔའི་དགའ་བ་དང་། རྩེད་མོས་ཡིད་


DKG050_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ནས་དགུང་ཕྱེད་ན་མངོན་པར་བྱུང་སྟེ། རྒྱན་དང་ལྷབ་ལྷུབ་སྤངས་ནས་ཡང་དང་ཡང་དུ་གོས་དམར་པོ་དང་། ཆོས་གོས་ངུར་སྨྲིག་ཡོངས་སུ་ཚོལ་བ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་བགྲོད་པའི་སླད་དུ་མཆི་བ་མཐོང་བར་གྱུར་པའི་སེམས་ཅན་དེ་དག་ལ་ཡང་བདག་གིས་བསོད་ནམས་ཐམས་ཅད་ཡང་དག་པར་བསྩགས་པའི་ཏིང་ངེ་འཛིན་གྱིས། ཅི་ནས་ཀྱང་ཐེག་པ་གསུམ་པོ་དག་གིས་སེམས་ཅན་དེ་དག་འདུན་པ་དྲག་ཅིང་བརྩོན་པར་གྱུར་པ་དེ་ལྟར་ཆོས་སྟོན་པར་གྱུར་ཅིག །དེ་ན་གང་དག་རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་རྣམ་པར་སྣང་བྱེད་མེ་ཏོག་གི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག །གང་དག་གིས་ཐེག་པ་ཆེན་པོའི་ས་བོན་བཏབ་པར་གྱུར་པ་དེ་དག་ཐམས་ཅད་ཀྱིས་རྡོ་རྗེའི་ཏིང་ངེ་འཛིན་རྒྱ་མཚོ་འཁྲུགས་ཀྱི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དེས་ས་གསུམ་པོ་དག་ལས་ཡང་དག་པར་འདས་པར་གྱུར་ཅིག །བདག་ཉིད་ཀྱིས་སྟན་བཏིང་བ་བསྡུས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྡོ་རྗེའི་གདན་བཤམས་པ་ལ་སྐྱིལ་མོ་ཀྲུང་བཅས་ནས་ལུས་དྲང་པོར་བསྲང་སྟེ། མཆིས་ནས་བདག་དབུགས་འབྱུང་བ་དང་། དབུགས་རྔུབ་པ་ཉེ་བར་ཞི་བ་དེ་ལྟ་བུའི་མཁའ་ཁྱབ་ཀྱི་བསམ་གཏན་སྒོམ་པར་གྱུར་ཅིག །བདག་གདུགས་ལ་ལན་ཅིག་བསམ་གཏན་ལས་ལྡང་བར་གྱུར་ཅིག །ལངས་ནས་ཀྱང་ཟས་སུ་ཏིལ་གྱི་འབྲས་བུ་ཕྱེད་ཅིག་འཚལ་བར་གྱུར་ཅིག །ཕྱེད་ནི་སློངས་མོ་པ་ལ་སྩོལ་བར་གྱུར་ཅིག །གང་དག་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་གཏོགས་པའི་འོག་མིན་གྱི་གནས་ཀྱི་མཐར་ཐུག་པའི་བར་གྱི་ལྷ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་བདག་ལ་མཆོད་པ་བགྱི་བའི་སླད་དུ་ཉེ་བར་མཆི་བར་འགྱུར་ཞིང་། དེ་དག་ཐམས་ཅད་ཀྱང་བདག་དཀའ་བ་སྤྱོད་པའི་དབང་དུ་འགྱུར་བ་དེ་སྲིད་དུ་ཡུན་རིང་པོར་བདག་དེ་ལྟ་བུའི་དཀའ་བ་སྤྱད་པ་སྤྱོད་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་དེ་ན་གང་དག་གིས་ཉན་ཐོས་ཀྱི་ཐེག་པ་པར་ས་བོན་བཏབ་པར་གྱུར་པ་དེ་དག་གི་རྒྱུད་ལ་ཉོན་མོངས་པ་རབ་ཏུ་ཞི་བར་བགྱིད་པར་གྱུར་ཅིག །ཇི་ལྟར་སྔར་སྨོས་པ་བཞིན་དུ་རང་སངས་རྒྱས་ཀྱི་ཐེག་པ་པ་གང་ལགས་པ་དག་ཀྱང་བདག་གིས་འདུལ་


DKG050_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྲིད་པ་ཐ་མར་གྱུར་ཅིག །དེ་བཞིན་དུ་ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་རྣམས་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་རྣམས་ཀྱང་བདག་ལ་མཆོད་པ་བགྱི་བའི་སླད་དུ་མཆི་བར་འགྱུར་ཞིང་དེ་དག་ཐམས་ཅད་བདག་དཀའ་བ་སྤྱོད་པའི་དབང་དུ་གྱུར་ཅིག །གང་དག་ཉན་ཐོས་ཀྱི་ཐེག་པ་པ་དག་གི་བར་དུ་ཇི་ལྟར་སྔར་སྨོས་པ་བཞིན་དུ་གྱུར་ཅིག །གླིང་བཞི་པ་དེ་ན་གཞན་མུ་སྟེགས་ཅན་བརྟུལ་ཞུགས་དང་དཀའ་ཐུབ་ངན་པའི་དཀའ་བ་སྤྱད་པ་སྤྱོད་པ་གང་ལགས་པ་དེ་དག་ལ་ཡང་མི་མ་ལགས་པ་དག་གིས་ཁྱེད་ཅག་དཀའ་བ་བྱེད་པ་མ་ཡིན་ཏེ། ཇི་ལྟར་ཕྱོགས་འདི་ན་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་དཀའ་བ་སྤྱད་པ་སྤྱོད་པ་དང་། སྙིང་ལ་ཡིད་ལ་བྱེད་པ་འདོགས་ཤིང་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་པ་དང་། ངག་གི་འདུ་བྱེད་ཤིན་ཏུ་སྦྱངས་པ་དང་། དེའི་དབུགས་དབྱུང་བ་དང་། དབུགས་རྔུབ་པ་དག་རབ་ཏུ་ཞི་བ་དང་། ཉིན་གཅིག་བཞིན་དུ་ལན་རེ་བསམ་གཏན་ལས་ལངས་ནས། ཟས་སུ་ཏིལ་གྱི་འབྲས་བུ་ཕྱེད་ཟ་ཞིང་དེ་ལྟར་བསམ་གཏན་སྒོམ་པའི་དཀའ་བ་སྤྱད་པ་དེ་ནི་མཐུ་ཆེ་བ་ཡིན། དེ་ནི་འབྲས་བུ་ཆེ་བ་ཡིན་ཏེ། དེ་ནི་རྒྱ་ཆེ་བ་ཡིན་ཏེ། དེ་ནི་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གལ་ཏེ་ཡིད་མི་ཆེས་ན་དེང་ལ་ཉིད་ཀྱིས་ལྟོས་ཤིག་ཅེས་བསྒོ་བར་གྱུར་ཅིག །དེ་དག་གིས་ཀྱང་དཀའ་བ་སྤྱོད་པ་དེ་བཏང་སྟེ་བདག་དཀའ་བ་སྤྱོད་པ་མཐོང་ནས་གང་དག་གིས་སེམས་ཀྱི་རྒྱུད་ལ་ཉན་ཐོས་ཀྱི་ཐེག་པ་པའི་ས་བོན་གྱི་མྱུ་གུ་གནས་པར་འགྱུར་བའི་བར་དུ་ཇི་ལྟར་སྔར་སྨོས་པ་བཞིན་དུ་གྱུར་ཅིག །མིའི་རྒྱལ་པོ་རྣམས་དང་། བཀྲབས་པ་རྣམས་དང་། གྲོང་མི་རྣམས་དང་། ལྗོངས་ཀྱི་མི་རྣམས་དང་། ཁྱིམ་ན་གནས་པ་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། གྲོང་ཁྱིམ་དང་བཅས་པ་གང་ལགས་པ་དེ་དག་ཀྱང་བདག་དཀའ་བ་སྤྱོད་པའི་དྲུང་དུ་མཆི་བར་འགྱུར་ཞིང་ཉན་ཐོས་ཀྱི་ཐེག་པ་པའི་བར་དུ་ཇི་ལྟར་སྔར་སྨོས་པ་བཞིན་དུ་གྱུར་ཅིག །བུད་མེད་གང་བདག་བལྟ་བའི་


DKG050_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུ་མཆི་བར་འགྱུར་བ་དེ་ཡང་དེའི་བུད་མེད་ཀྱི་ལུས་ཀྱི་ཐ་མ་ཐོབ་པར་འགྱུར་ཞིང་། གང་དག་ཉན་ཐོས་ཀྱི་ཐེག་པ་པའི་བར་དུ་ཇི་ལྟར་སྔརསྨོས་པ་བཞིན་དུ་གྱུར་ཅིག །རི་དགས་དང་། བྱ་གང་དག་གིས་བདག་དཀའ་བ་སྤྱོད་ཅིང་མཆིས་པ་མཐོང་བར་གྱུར་པ་དེ་དག་ཀྱང་དེ་དག་གི་དུད་འགྲོའི་སྐྱེ་གནས་ཀྱི་ལུས་ཀྱི་ཐ་མ་ཐོབ་པར་གྱུར་ཅིག །རི་དགས་དང་བྱ་གང་དག་ཉན་ཐོས་ཀྱི་ཐེག་པ་པར་ས་བོན་བཏབ་པར་གྱུར་པ་དག་ཀྱང་བདག་གིས་འདུལ་བ་སྐྱེ་བ་གཅིག་གིས་ཐོགས་པར་འགྱུར་ཞིང་། གང་དག་རང་སངས་རྒྱས་ཀྱི་ཐེག་པ་པ་དག་གི་བར་དུ་ཇི་ལྟར་སྔར་སྨོས་པ་བཞིན་དུ་གྱུར་ཅིག །ཚུལ་དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་ཕྲ་མོ་དག་ལ་ཡང་བརྗོད་པར་བགྱིའོ། །དེ་བཞིན་དུ་ཡི་དགས་རྣམས་ལ་ཡང་བརྗོད་པར་བགྱིའོ། །ཇི་སྲིད་དུ་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་བདག་དཀའ་བ་སྤྱོད་པའི་དབང་དུ་འགྱུར་ཞིང་ངོ་མཚར་དུ་འཛིན་པར་འགྱུར་བ་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དེ་དག་གིས་སེམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་སྐྱེད་པར་འགྱུར་བའི་ཡུན་རིང་པོ་དེ་སྲིད་དུ་བདག་སྐྱིལ་མོ་ཀྲུང་གཅིག་གིས་དེ་ལྟ་བུའི་དཀའ་བ་སྤྱད་པ་སྤྱོད་པར་གྱུར་ཅིག །ཇི་ལྟར་སྔོན་ཆད་སེམས་ཅན་དུ་བགྲང་བ་གཞན་མུ་སྟེགས་ཅན་དང་། ཉན་ཐོས་ཀྱི་ཐེག་པ་པ་དང་།རང་སངས་རྒྱས་ཀྱི་ཐེག་པ་པ་དང་། བླ་ན་མེད་པའི་ཐེག་པ་ཆེན་པོ་པ་སུས་ཀྱང་སྔོན་དེ་ལྟ་བུའི་དཀའ་བ་མ་སྤྱད་ལ། སླན་ཆད་ཀྱང་སེམས་ཅན་དུ་བགྲང་བ་དང་། གཞན་མུ་སྟེགས་ཅན་སུ་ཡང་ཇི་ལྟར་བདག་སྤྱོད་པར་འགྱུར་བ་དེ་ལྟ་བུའི་དཀའ་བ་སྤྱད་པ་སྤྱོད་པར་རྔོ་མི་ཐོགས་པ་དེ་ལྟ་བུའི་དཀའ་བ་སྤྱོད་པ་བདག་སྤྱོད་པར་གྱུར་ཅིག །བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་པ་དེའི་ཚེ་སྐྱེས་བུའི་རྩལ་བགྱིད་ཅིང་བདུད་དཔུང་གི་ཚོགས་དང་བཅས་པ་ཕམ་པར་བགྱིད་པར་གྱུར་ཅིག །ལས་ཀྱི་འབྲས་བུའི་ལྷག་མ་དང་བཅས་པ་ལ་གནས་པའི་ཉོན་མོངས་པའི་བདུད་ལས་རྒྱལ་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཅི་ནས་ཀྱང་བདག་སེམས་ཅན་གཅིག་གི་


DKG050_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རྒྱུད་ལ་དགྲ་བཅོམ་པ་ཉིད་འཇོག་པར་འགྱུར་བ་དང་། དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་ལ་ཡང་ཆོས་སྟོན་པར་འགྱུར་ཞིང་། སེམས་ཀྱི་རྒྱུད་ལ་ཡང་དགྲ་བཅོམ་པ་ཉིད་འཇོག་པར་གྱུར་ཅིག །སེམས་ཅན་གཅིག་གི་དོན་གྱི་སླད་དུ་ཡང་བདག་ཆོ་འཕྲུལ་འབུམ་ཕྲག་དུ་མ་སྟོན་པར་འགྱུར་ཞིང་དེའི་སེམས་ཀྱི་རྒྱུད་ལ་ཡང་དག་པའི་ལྟ་བ་འཇོག་པར་གྱུར་ཅིག །ཆོས་ཀྱི་དོན་དང་། ཚིག་འབྲུ་སྟོང་ཕྲག་མང་པོ་དག་ཀྱང་རྗོད་པར་གྱུར་ཅིག །ཇི་ལྟར་རྔོ་ཐོགས་པའི་འབྲས་བུ་ལ་ཡང་འཇོག་པར་གྱུར་ཅིག །སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ཀྱི་ཉོན་མོངས་པའི་རི་བོ་དག་ཡེ་ཤེས་ཀྱི་རྡོ་རྗེས་འཇོམས་པར་གྱུར་ཅིག །ཐེག་པ་རྣམ་གསུམ་རྣམ་པར་དགོད་པས་ཆོས་སྟོན་པར་གྱུར་ཅིག །སེམས་ཅན་གཅིག་གི་དོན་དུ་ཆོས་སྟོན་ཅིང་མི་འཇིགས་པའི་གོ་འཕང་ལ་རབ་ཏུ་དགོད་པའི་སླད་དུ་ཡང་བདག་དཔག་ཚད་བརྒྱ་ཕྲག་མང་པོ་དག་ཏུ་སུག་པས་མཆི་བར་གྱུར་ཅིག །བདག་གི་བསྟན་པ་ལ་རབ་ཏུ་འབྱུང་བ་དག་དགག་པ་མ་མཆིས་པར་འགྱུར་ཞིང་ཉམ་ཆུང་བ་དང་། དྲན་པ་ཉམས་པ་དང་། སེམས་རྣམ་པར་འཁྲུལ་བ་དང་། མུ་ཅོར་སྨྲ་བ་དང་། སྤྱི་བརྟོལ་ཅན་གྱི་སེམས་དང་།ཤེས་རབ་འཆལ་པའི་སེམས་དང་། ཉོན་མོངས་པ་མང་པོས་དཀྲུགས་པའི་སེམས་དང་ལྡན་པ་རྣམས་དང་། བུད་མེད་ཀྱང་བདག་གིས་བསྟན་པ་ལ་རབ་ཏུ་འབྱུང་བ་ཕུན་སུམ་ཚོགས་པར་གྱུར་ཅིག །བདག་ལ་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་མཆིས་པར་གྱུར་ཅིག །སྐྱེ་བོ་མང་པོ་དག་གིས་བདག་གི་བསྟན་པ་རྒྱས་པར་གྱུར་ཅིག །ལྷ་རྣམས་ཀྱིས་བདེན་པ་མཐོང་བ་དང་། གནོད་སྦྱིན་རྣམས་དང་། ཀླུ་རྣམས་དང་། ལྷ་མ་ཡིན་རྣམས་ཀྱང་འཕགས་པའི་གསོ་སྦྱོང་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་བར་དག་ཀྱང་ཚངས་པར་སྤྱོད་པ་ལ་གནས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་ཐོབ་པ་ན་སེམས་ཅན་གང་དག་རབ་ཏུ་སྡང་བའི་སེམས་ཀྱིས་བདག་ལ་མཚོན་ཆའམ། ཞུགས་སམ། མདུང་ངམ།


DKG050_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཆ་རྣམ་པ་སྣ་ཚོགས་དག་གིས་འདེབས་སུ་མཆི་བ་དང་། ཚིག་རྩུབ་པོ་དང་། བརླང་པོ་དག་གིས་གཤེ་ཞིང་སྤྱོ་བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་དག་ཏུ་ཡང་མི་སྙན་པའི་སྒྲ་སྒྲོགས་པར་འགྱུར་བ་དང་། དུག་དང་འདྲེས་པའི་བཟའ་བ་དང་། བཏུང་བ་དག་སྟོབས་པར་འགྱུར་བ་དེ་ལྟ་བུའི་ལས་ཀྱི་འབྲས་བུ་ཡོངས་སུ་མ་བས་པ་ལ་གནས་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བདག་བྱང་ཆུབ་ཐོབ་པ་ན་སེམས་ཅན་དག་སྔོན་གྱི་འཁོན་གྱིས་འགུམ་པའི་ཡོ་བྱད་ཀྱི་སྦྱོར་བས་བདག་ལ་ཚིག་རྩུབ་པོ་དང་། མཚོན་ཆ་སྣ་ཚོགས་དང་། དུག་དང་འདྲེས་པའི་བཏུང་བ་དག་སྩོལ་བར་འགྱུར་ཞིང་། ཁྲག་ཀྱང་འབྱིན་པར་འགྱུར་བའི་སེམས་ཅན་དེ་དག་ལ་བདག་གིས་ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོ་བསྒོམས་པའི་ཚངས་པའི་སྒྲ་དབྱངས་ཀྱི་རྔ་སྒྲ་བསྒྲགས་པས་དེ་དག་གི་སེམས་རབ་ཏུ་དང་བར་འགྱུར་བ་དེ་ལྟར་ཆོས་སྟོན་པར་འགྱུར་ཞིང་དགེ་བ་ལ་སྦྱོར་བར་ཡང་གྱུར་ཅིག །དེ་ལྟར་སེམས་ཅན་དག་ཀྱང་ལས་ཀྱི་སྒྲིབ་པ་འཆགས་པར་འགྱུར་ཞིང་སླན་ཆད་ཀྱང་སྡོམ་པ་ལེན་པར་གྱུར་ཅིག །སེམས་ཅན་དེ་དག་གི་མཐོ་རིས་དང་ཐར་པའི་འབྲས་བུ་དང་། འདོད་ཆགས་དང་བྲལ་བ་དང་། ཟག་པ་ཟད་པ་ལ་སྒྲིབ་པའི་ཆོས་སུ་ཡང་མ་གྱུར་ཅིག །དེར་བདག་གི་ལས་ཀྱི་འབྲས་བུ་ཡང་ཡོངས་སུ་བས་པ་དང་། མཐར་ཐུག་པ་དང་། བྱང་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་ཐོབ་ནས་ཀྱང་གདུགས་གཅིག་བཞིན་དུ་བདག་གི་སྤུའི་ཁུང་བུ་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པ་དག་སྤྲུལ་ཞིང་། སངས་རྒྱས་ཀྱི་སྐུ་དེ་དག་ཀྱང་བདག་གིས་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ཏུ་འགྱེད་པར་གྱུར་ཅིག །སྟོང་པ་མ་ལགས་པ་དག་ཏུ་ཡང་འགྱེད་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་དག་ཏུ་ཡང་འགྱེད་པར་གྱུར་ཅིག །སངས་རྒྱས་ཀྱི་སྐུ་གཅིག་གིས་ཀྱང་གདུགས་


DKG050_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ཡང་སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་གང་དག་མཚམས་མ་མཆིས་པ་བགྱིད་པ་རྣམས་དང་། དམ་པའི་ཆོས་སྤོང་བ་རྣམས་དང་། འཕགས་པ་ལ་སྐུར་པ་འདེབས་པ་རྣམས་དང་། མི་དགེ་བ་དང་འགྲོགས་པའི་བར་དག་དང་། དེ་ན་སེམས་ཅན་གང་དག་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དག་བསླབ་པ་དག་ལ་འདྲེན་མར་བགྱིད་པ་རྣམས་དང་། ཞིག་རལ་ཏུ་སྤྱོད་པ་རྣམས་དང་། ལྟུང་བའི་རྩ་བ་བྱུང་བ་རྣམས་དང་། སེམས་ཀྱི་རྒྱུད་ཚིག་པ་རྣམས་དང་། དགེ་བའི་ལམ་རབ་ཏུ་ཉམས་པ་རྣམས་དང་། འཁོར་བའི་འབྲོག་དགོན་པར་ཞུགས་པ་རྣམས་དང་། ལམ་ངན་པས་རྣམ་པར་བཅོམ་ཞིང་ཉམ་ང་བ་ཆེན་པོ་ཐོབ་པར་གྱུར་པ་དེ་ལྟ་བུའི་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་ལ་ཆོས་སྟོན་པར་གྱུར་ཅིག །སེམས་ཅན་གང་དག་དབང་ཕྱུག་ཆེན་པོ་ལ་དད་པའི་སེམས་ཅན་དེ་དག་ལ་ཡང་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་ཆོས་སྟོན་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་མི་མཇེད་དུ་དེ་བདག་གི་བསྔགས་པ་རྗོད་པར་ཡང་གྱུར་ཅིག །དེར་སེམས་ཅན་རྣམས་སྨོན་ལམ་འདེབས་པ་ལ་བརྩོན་པར་ཡང་གྱུར་ཅིག །སེམས་ཅན་དེ་དག་གིས་བདག་གི་བསྔགས་པ་ཐོས་ནས། བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འཚལ་ཞིང་སྨོན་ལམ་ཡང་འདེབས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་སེམས་ཅན་དེ་དག་འགུམ་པའི་དུས་ཀྱི་ཚེ་མདུན་དུ་མ་མཆིས་སམ། ཆོས་མ་བསྟན་ཏམ། སེམས་རབ་ཏུ་དང་བར་མ་བགྱིས་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །གལ་ཏེ་སེམས་ཅན་དེ་དག་གུམ་ནས་ངན་འགྲོ་རྣམས་སུ་སྐྱེ་བར་འགྱུར་རམ། བདག་གི་སངས་རྒྱས་ཀྱི་ཞིང་དུ་མིའི་ལུས་ཐོབ་པར་མ་གྱུར་ན་བདག་གི་ཆོས་ཐམས་ཅད་ཉམས་པར་གྱུར་ཅིང་། བདག་སླར་ཡང་སྣང་བར་མ་གྱུར་ཅིག །བདག་གིས་སངས་རྒྱས་ཀྱི་མཛད་པ་མཐའ་དག་སྒྲུབ་པར་ཡང་རྔོ་མི་ཐོགས་


DKG050_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག །གལ་ཏེ་སེམས་ཅན་གང་དག་སྲེད་མེད་ཀྱི་བུ་ལ་དད་པ་རྣམས་དང་། སེམས་ཅན་དེ་དག་གུམ་ནས་ངན་འགྲོར་ལྟུང་བའི་བར་དུ་གྱུར་ན། བདག་གི་སངས་རྒྱས་ཀྱི་མཛད་པ་མཐའ་དག་སྒྲུབ་པར་རྔོ་མི་ཐོགས་པར་གྱུར་ཅིག །བདག་བྱང་ཆུབ་ཐོབ་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དག་ན་སེམས་ཅན་མཚམས་མ་མཆིས་པ་བགྱིད་པ་དང་། ལམ་ངན་པས་བཅོམ་ཞིང་ཉམ་ང་བ་ཆེན་པོ་ཐོབ་པར་གྱུར་པའི་སེམས་ཅན་དག་གུམ་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་བ་དེ་དག་གི་མཚན་མ་ནི་འདི་དག་ལགས་ཏེ། སེམས་ཅན་དེ་དག་གི་ཁ་དོག་ས་རྡུལ་ལྟ་བུར་འགྱུར་བ་དང་། ཤ་ཟའི་གདོང་འདྲ་བ་དང་། བསྐྱུད་ངས་པ་དང་། དྲི་མི་བདའ་བ་དང་། ཚུལ་ཁྲིམས་འཆལ་བ་དང་། ཚེ་ཐུང་བ་དང་། ནད་རྣམ་པ་སྣ་ཚོགས་ཀྱིས་ཉེན་པ་དང་། སེམས་ཅན་དེ་དག་གི་ཡོ་བྱད་རྣམས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་སྟེ། སེམས་ཅན་དེ་དག་གི་དོན་དུ་བདག་དེའི་ཚེ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་གླིང་བཞི་པ་ཇི་སྙེད་མཆིས་པར་གྱུར་པའི་གླིང་བཞི་པ་ཐམས་ཅད་དུ་ཡོངས་སུ་དགའ་ལྡན་གྱི་གནས་ནས་འབབ་ཅིང་མའི་མངལ་དུ་སྐྱེ་བ་སྟོན་པར་གྱུར་ཅིག །རྒྱ་ཆེར་བགྱི་ན་གཞོན་ནུ་རྩེ་བ་དང་། བཟོ་དང་ལས་ཀྱི་གནས་དང་། དཀའ་བ་སྤྱོད་པ་དང་། བདུད་འདུལ་བ་དང་། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་གླིང་བཞི་པ་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་མཐའ་དག་ཉེ་བར་སྟོན་པར་ཡང་གྱུར་ཅིག །ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐུ་གདུང་འགོད་པའི་བར་དག་ཉེ་བར་སྟོན་པར་ཡང་གྱུར་ཅིག །བདག་བྱང་ཆུབ་ཐོབ་ནས་ཀྱང་ཚིག་གཅིག་བརྗོད་པས་ཆོས་སྟོན་པར་འགྱུར་ཞིང་ཉན་ཐོས་ཀྱི་ཐེག་པ་པའི་སེམས་ཅན་གང་ལགས་པ་དེ་དག་གིས་ནི་ཉན་ཐོས་ཀྱི་ཐེག་པ་པའི་གཏམ་གྱི་སྡེ་སྣོད་ཀྱི་ཆོས་བསྟན་པར་འཚལ་བར་གྱུར་ཅིག །རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གང་ལགས་པ་དེ་དག་གིས་ནི་རང་སངས་རྒྱས་ཀྱི་ཐེག་པ་པའི་གཏམ་གྱི་ཆོས་བསྟན་པར་འཚལ་བར་གྱུར་ཅིག །བླ་ན་མེད་པའི་ཐེག་པ་ཆེན་པོའི་སེམས་ཅན་གང་ལགས་པ་དེ་དག་གིས་ནི་ཐེག་པ་ཆེན་པོའི་གཏམ་གྱི་ཆོས་བསྟན་པར་འཚལ་བར་གྱུར་ཅིག །ཚོགས་དང་བྲལ་བའི་སེམས་ཅན་


DKG050_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལགས་པ་དེ་དག་ནི་སྦྱིན་པའི་གཏམ་གྱི་ཆོས་བསྟན་པར་འཚལ་བར་གྱུར་ཅིག །བསོད་ནམས་དང་བྲལ་ཞིང་མཐོ་རིས་ཀྱི་བདེ་བ་འཚལ་བའི་སེམས་ཅན་གང་ལགས་པ་དེ་དག་གིས་ནི་ཚུལ་ཁྲིམས་ཀྱི་གཏམ་གྱི་ཆོས་བསྟན་པར་འཚལ་བར་གྱུར་ཅིག །གཅིག་ལ་གཅིག་འཇིགས་པ་དང་། རྙོག་པའི་སེམས་དང་། རབ་ཏུ་སྡང་བའི་སེམས་དང་ལྡན་པ་གང་ལགས་པ་དེ་དག་གིས་ནི་བྱམས་པ་བརྗོད་པའི་གཏམ་གྱི་ཆོས་བསྟན་པར་འཚལ་བར་གྱུར་ཅིག །སྲོག་གཅོད་པ་རྣམས་ཀྱིས་ནི་སྙིང་རྗེ་བསྟན་པར་འཚལ་བར་གྱུར་ཅིག །ཕྲག་དོག་དང་། སེར་སྣས་ཟིལ་གྱིས་ནོན་པ་རྣམས་ཀྱིས་ནི་དགའ་བ་བརྗོད་པའི་གཏམ་གྱི་ཆོས་བསྟན་པར་འཚལ་བར་གྱུར་ཅིག །གཟུགས་དང་གཟུགས་མ་མཆིས་པའི་དྲེགས་པས་མྱོས་པའི་སེམས་དང་ལྡན་པ་རྣམས་ཀྱིས་ནི་བཏང་སྙོམས་བརྗོད་པའི་གཏམ་གྱི་ཆོས་བསྟན་པར་འཚལ་བར་གྱུར་ཅིག །འདོད་པ་ལ་འདོད་ཆགས་ཀྱི་དྲེགས་པས་མྱོས་པའི་སེམས་དང་ལྡན་པ་རྣམས་ཀྱིས་ནི་ཡང་དག་པར་མ་ལགས་པ་བརྗོད་པས་ཆོས་བསྟན་པར་འཚལ་བར་གྱུར་ཅིག །ཐེག་པ་ཆེན་པོ་པའི་སེམས་ཅན་རྒོད་པས་རྣམ་པར་དཀྲུགས་པའི་སེམས་དང་ལྡན་པ་གང་ལགས་པ་དེ་དག་གིས་ནི་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་བརྗོད་པས་ཆོས་བསྟན་པར་འཚལ་བར་གྱུར་ཅིག །ཤེས་རབ་འཆལ་བ་རྣམས་ཀྱིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བརྗོད་པས་ཆོས་སྟོན་པར་འཚལ་བར་གྱུར་ཅིག །ཐོས་པ་ཉུང་བ་རྣམས་ཀྱིས་ནི་བསྐྱུད་པ་མ་མཆིས་ཤིང་ཐོས་པ་འཛིན་པ་ཆུད་མི་ཟ་བ་བརྗོད་པས་ཆོས་བསྟན་པར་འཚལ་བར་གྱུར་ཅིག །ལྟ་བ་ངན་པ་ཉམ་ང་བར་གྱུར་པ་རྣམས་ཀྱིས་ནི་སྟོང་པ་ཉིད་བརྗོད་པས་ཆོས་བསྟན་པར་འཚལ་བར་གྱུར་ཅིག །རྣམ་པར་རྟོག་པ་ཀུན་ཏུ་སྤྱོད་པས་ཉམས་པ་རྣམས་ཀྱིས་ནི་མཚན་མ་མ་མཆིས་པ་བརྗོད་པས་ཆོས་བསྟན་པར་འཚལ་བར་གྱུར་ཅིག །སྨོན་པ་མ་མཆིས་པའི་ཡོངས་སུ་དག་པ་ཉམས་པ་རྣམས་ཀྱིས་ནི་སྨོན་པ་མ་མཆིས་པ་བརྗོད་པས་ཆོས་བསྟན་པར་འཚལ་བར་གྱུར་ཅིག །བསམ་པ་ཡོངས་སུ་མ་དག་པ་རྣམས་ཀྱིས་ནི་བསམ་པ་ཡོངས་སུ་དག་པ་བརྗོད་པས་ཆོས་བསྟན་པར་འཚལ་བར་གྱུར་ཅིག །རྣམ་པར་འདྲེས་པར་སྤྱོད་པས་ཉམས་པ་རྣམས་ཀྱིས་ནི་བྱང་ཆུབ་ཀྱི་སེམས་


DKG050_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མི་བརྗེད་པ་བརྗོད་པས་ཆོས་བསྟན་པར་འཚལ་བར་གྱུར་ཅིག །ཟད་པའི་སྦྱོར་བ་དྲོད་ཉམས་པ་རྣམས་ཀྱིས་ནི་བཅོས་མ་མ་ལགས་པ་བརྗོད་པའི་ཆོས་བསྟན་པར་འཚལ་བར་གྱུར་ཅིག །ལྷག་པའི་བསམ་པ་ཤིན་ཏུ་སྦྱངས་པ་ཉམས་པ་རྣམས་ཀྱིས་ནི་རྟེན་པ་མ་མཆིས་པ་བརྗོད་པས་ཆོས་བསྟན་པར་འཚལ་བར་གྱུར་ཅིག །དེ་བཞིན་དུ་སྦྱར་ཏེ། ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པ་རྣམས་ཀྱིས་ནི་དགེ་བའི་སེམས་བརྗོད་པ་དང་། དགེ་བ་མི་བསྐྱུད་པ་རྣམས་ཀྱིས་ནི་རྣམ་པར་སྣང་བྱེད་བརྗོད་པ་དང་། བདུད་ཀྱི་ལས་ལ་བརྩོན་པ་རྣམས་ཀྱིས་ནི་སྟོང་པ་ཉིད་བརྗོད་པ་དང་། དོན་དམ་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ནི་མངོན་པར་འཕགས་པ་བརྗོད་པ་དང་། ཉོན་མོངས་པ་སྣ་ཚོགས་ཀྱིས་སེམས་ཉམས་པར་གྱུར་པ་རྣམས་ཀྱིས་ནི་བྲལ་བ་བརྗོད་པ་དང་། ལམ་མི་མཉམ་པར་ཡང་དག་པར་ཞུགས་པ་རྣམས་ཀྱིས་ནི་རྣམ་པར་ལྡོག་པར་བརྗོད་པ་དང་། ཐེག་པ་ཆེན་པོ་ལ་ངོ་མཚར་དུ་རྟོགས་པའི་སེམས་དང་ལྡན་པ་རྣམས་ཀྱིས་ནི་ལྡོག་པ་བརྗོད་པ་དང་། འཁོར་བས་སྐྱོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་དགའ་བ་བརྗོད་པ་དང་། དགེ་བ་དང་། ས་དང་། ཡེ་ཤེས་མ་རྟོགས་པ་རྣམས་ཀྱིས་ནི་མ་རྨོངས་པ་བརྗོད་པ་དང་། དགེ་བའི་རྩ་བ་གཞན་དང་གཞན་དག་གིས་ཆོག་པར་འཛིན་པ་རྣམས་ཀྱིས་ནི་ཐོས་པ་བརྗོད་པ་དང་། གཅིག་ལ་གཅིག་སེམས་མི་མཉམ་པ་རྣམས་ཀྱིས་ནི་འོད་ཟེར་ཐོགས་པ་མེད་པ་བརྗོད་པ་དང་། ལས་དཀའ་བ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ནི་བྱ་བ་ལ་འཇུག་པ་བརྗོད་པ་དང་། འཁོར་གྱིས་འཇིགས་པར་གྱུར་པ་རྣམས་ཀྱིས་ནི་སེང་གེའི་རྟོགས་པ་བརྗོད་པ་དང་། བདུད་བཞིས་ཟིལ་གྱིས་ནོན་པའི་སེམས་དང་ལྡན་པ་རྣམས་ཀྱིས་ནི་དཔའ་བ་བརྗོད་པ་དང་། སངས་རྒྱས་ཀྱི་ཞིང་སྣང་བར་མ་གྱུར་པའི་སེམས་ཅན་རྣམས་ཀྱིས་ནི་འོད་བཀོད་པ་བརྗོད་པ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་རྣམས་ཀྱིས་ནི་རི་བོའི་ཕུང་པོ་བརྗོད་པ་དང་། སངས་རྒྱས་ཀྱི་ཆོས་སྣང་བས་ཟིལ་གྱིས་ནོན་པ་རྣམས་ཀྱིས་ནི་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་བརྗོད་པ་དང་། ཤེས་རབ་ཆེན་པོ་དང་བྲལ་བ་རྣམས་ཀྱིས་ནི་སྒྲོན་མ་དང་ལྡན་པ་བརྗོད་པ་དང་། གཏི་མུག་


DKG050_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གི་མུན་པར་མཆིས་པ་རྣམས་ཀྱིས་ནི་ཉི་མའི་སྒྲོན་མ་བརྗོད་པ་དང་། ཟད་པའི་ངེས་པའི་ཚིག་ལ་བརྩོན་པ་རྣམས་ཀྱིས་ནི་ཡོན་ཏན་འབྱུང་གནས་བརྗོད་པ་དང་། བདག་ལ་དབུ་བ་རྡོས་པ་ལྟ་བུར་མངོན་པར་འཚལ་བ་རྣམས་ཀྱིས་ནི་སྲེད་མེད་ཀྱི་བུ་བརྗོད་པ་དང་། བློ་གཡོ་ཞིང་འགྱུར་བ་རྣམས་ཀྱིས་ནི་སྙིང་པོ་དང་ལྡན་པ་བརྗོད་པ་དང་། སྤྱི་གཙུག་བལྟར་གདའ་བ་རྣམས་ཀྱིས་ནི་ལྷུན་པོའི་རྒྱལ་མཚན་བརྗོད་པ་དང་།སྔོན་གྱི་དམ་བཅས་པ་བོར་བ་རྣམས་ཀྱིས་ནི་སྙིང་པོ་ཅན་བརྗོད་པ་དང་། མངོན་པར་ཤེས་པ་ཉམས་པ་རྣམས་ཀྱིས་ནི་རྡོ་རྗེའི་ཚིག་བརྗོད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་མངོན་པར་འཚལ་བ་རྣམས་ཀྱིས་ནི་རྡོ་རྗེའི་སྙིང་པོ་བརྗོད་པ་དང་། ཆོས་ཐམས་ཅད་ལ་སྨོན་པ་རྣམས་ཀྱིས་ནི་རྡོ་རྗེ་ལྟ་བུ་བརྗོད་པ་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་རབ་ཏུ་འཚལ་བ་རྣམས་ཀྱིས་ནི་སྤྱོད་པ་དང་ལྡན་པ་བརྗོད་པ་དང་། དབང་པོ་མཆོག་དང་མཆོག་མ་ལགས་པར་འཚལ་བ་རྣམས་ཀྱིས་ནི་ཤེས་རབ་སྒྲོན་མ་བརྗོད་པ་དང་། ཕན་ཚུན་དུ་ཚིག་བརྗོད་པ་མ་འཚལ་བ་རྣམས་ཀྱིས་ནི་སྒྲ་ལ་འཇུག་པ་བརྗོད་པ་དང་། ཆོས་ཀྱི་སྐུ་ཐོབ་པ་རྣམས་ཀྱིས་ནི་དམ་པའི་ཆོས་ཀྱི་ཚོགས་བསྒོམ་པ་བརྗོད་པ་དང་། དེ་བཞིན་གཤེགས་པ་མཐོང་བ་དང་བྲལ་བ་རྣམས་ཀྱིས་ནི་མིག་མི་འཛུམས་པ་བརྗོད་པ་དང་། དམིགས་པ་ཐམས་ཅད་ཀྱིས་རྣམ་པར་འཁྲུགས་པ་རྣམས་ཀྱིས་ནི་དགོན་པ་བརྗོད་པ་དང་། ཆོས་ཀྱི་འཁོར་ལོ་མངོན་པར་བསྐོར་བར་འཚལ་བ་རྣམས་ཀྱིས་ནི་འཁོར་ལོ་དྲི་མ་མེད་པ་བརྗོད་པ་དང་། རྒྱུ་མ་མཆིས་པའི་རིག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ནི་རིག་པ་ལ་བརྟེན་པའི་རྗེས་སུ་འཐུན་པ་བརྗོད་པ་དང་། སངས་རྒྱས་ཀྱི་ཞིང་གཅིག་པུ་ཐེར་ཟུག་ཏུ་བལྟ་བ་རྣམས་ཀྱིས་ནི་ལེགས་པར་བགྱིད་པ་རྣམ་པར་འབྱེད་པ་བརྗོད་པ་དང་། མཚན་དང་དཔེ་བྱད་ཀྱི་ས་བོན་བསྐྲུན་པ་རྣམས་ཀྱིས་ནི་རྒྱན་དང་ལྡན་པ་བརྗོད་པ་དང་། ཚིག་དང་སྒྲ་རབ་ཏུ་འབྱེད་པར་རྔོ་མི་ཐོགས་པ་རྣམས་ཀྱིས་ནི་སོ་སོར་བསྒྲུབ་པ་བརྗོད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་འཚལ་བ་རྣམས་ཀྱིས་ནི་ཆོས་ཀྱི་དབྱིངས་རྣམ་པར་འཁྲུགས་པ་མ་མཆིས་པ་བརྗོད་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལ་ཡང་དང་ཡང་དུ་


DKG050_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་རྣམས་ཀྱིས་ནི་བརྟན་པ་བརྗོད་པ་དང་། ཆོས་ཀྱི་དབྱིངས་རབ་ཏུ་འཚལ་བ་རྣམས་ཀྱིས་ནི་མངོན་པར་ཤེས་པ་བརྗོད་པ་དང་། ཤེས་རབ་སྤངས་པ་རྣམས་ཀྱིས་ནི་ཉམས་པ་མ་མཆིས་པ་བརྗོད་པ་དང་། ལམ་རྣམ་པར་འཁྲུགས་པ་རྣམས་ཀྱིས་ནི་འགྱུར་བ་མ་མཆིས་པ་བརྗོད་པ་དང་། ནམ་མཁའ་ལྟ་བུའི་ཡེ་ཤེས་མངོན་པར་འཚལ་བ་རྣམས་ཀྱིས་ནི་ཅི་ཡང་མ་མཆིས་པ་བརྗོད་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་རྣམས་ཀྱིས་ནི་ཡོངས་སུ་དག་པ་ལ་རབ་ཏུ་འགོད་པ་བརྗོད་པ་དང་། བསྡུ་བའི་དངོས་པོ་ཡོངས་སུ་མ་རྫོགས་པ་རྣམས་ཀྱིས་ནི་ཤིན་ཏུ་ཡང་དག་པར་གཟུང་བ་བརྗོད་པ་དང་། ཚངས་པའི་གནས་པ་ཚོལ་བ་རྣམས་ཀྱིས་ནི་སྦྱོར་བ་མཉམ་པ་བརྗོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་རིན་པོ་ཆེ་ཡོངས་སུ་མ་རྫོགས་པ་རྣམས་ཀྱིས་ནི་རྣམ་པར་གནས་པས་ངེས་པར་འབྱུང་བ་བརྗོད་པ་དང་། ཤེས་པ་མ་བསྒོམས་ཤིང་རབ་ཏུ་སྡང་བའི་སེམས་དང་ལྡན་པ་རྣམས་ཀྱིས་ནི་རྒྱ་མཚོའི་ཕྱག་རྒྱ་བརྗོད་པ་དང་། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་ངོ་མཚར་དུ་སེམས་པ་རྣམས་ཀྱིས་ནི་སེམས་མ་མཆིས་པ་བརྗོད་པ་དང་། ཇི་ལྟར་ཐོས་པའི་ཆོས་རབ་ཏུ་ཉམས་པའི་སེམས་དང་ལྡན་པ་རྣམས་ཀྱིས་ནི་བསྐྱུད་པ་མ་མཆིས་པ་བརྗོད་པ་དང་། ཕན་ཚུན་ལེགས་པར་སྨྲས་པ་ལ་མི་དགའ་བ་རྣམས་ཀྱིས་ནི་རབ་རིབ་མ་མཆིས་པ་བརྗོད་པ་དང་། དཀོན་མཆོག་གསུམ་ལ་རབ་ཏུ་དང་བ་ཐོབ་པ་རྣམས་ཀྱིས་ནི་བསོད་ནམས་ཆེ་བ་བརྗོད་པ་དང་། ཆོས་ཀྱི་སྒོའི་ཆར་རབ་ཏུ་འབབ་པས་ཆོག་མ་འཚལ་བ་རྣམས་ཀྱིས་ནི་ཆོས་ཀྱི་སྤྲིན་བརྗོད་པ་དང་། དཀོན་མཆོག་གསུམ་རྒྱུན་ཆད་པར་ལྟ་བ་རྣམས་ཀྱིས་ནི་རིན་ཆེན་བཀོད་པ་བརྗོད་པ་དང་། ཤེས་པ་ཉམས་པའི་ལས་ལ་མངོན་པར་བརྩོན་པ་རྣམས་ཀྱིས་ནི་དཔེ་མ་མཆིས་པ་བརྗོད་པ་དང་། ཀུན་ཏུ་སྦྱོར་བ་དང་འཆིང་བ་ཅན་ཐམས་ཅད་ཀྱིས་ནི་ནམ་མཁའི་སྒོ་བརྗོད་པ་དང་། ཆོས་ཐམས་ཅད་གཞན་མ་ལགས་པར་སེམས་པ་རྣམས་ཀྱིས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་བརྗོད་པ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་ཡོངས་སུ་མ་རྫོགས་པ་རྣམས་ཀྱིས་ནི་འཇིག་རྟེན་གྱི་རིག་པ་མངོན་སུམ་དུ་བགྱི་བའི་དངོས་པོ་བརྗོད་པ་དང་། སྔོན་གྱི་སངས་རྒྱས་ལ་ལྷག་པར་བགྱི་བ་བགྱིས་


DKG050_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་ནི་རྣམ་པར་ངེས་པའི་ཆོ་འཕྲུལ་བརྗོད་པ་དང་། ཕྱི་མའི་མཐའི་བསྐལ་པར་ཆོས་ཀྱི་སྒོ་གཅིག་སྟོན་པ་རྣམས་ཀྱིས་ནི་ཆོས་ཐམས་ཅད་ཀྱི་ཚུལ་བརྗོད་པ་དང་། མདོ་སྡེ་ཐམས་ཅད་ལ་རྣམ་པར་ངེས་པ་རྣམས་ཀྱིས་ནི་ཆོས་ཀྱི་རང་བཞིན་མཉམ་པ་ཉིད་དུ་རྣམ་པར་ངེས་པ་བརྗོད་པ་དང་། རྙིང་པར་འགྱུར་བ་དང་། འཐུན་པའི་ཆོས་དྲུག་ཡོངས་སུ་སྤངས་པ་རྣམས་ཀྱིས་ནི་ཆོས་ཐམས་ཅད་ཀྱི་ཚུལ་བརྗོད་པ་དང་། རྣམ་པར་ཐར་པའི་སེམས་ཀྱི་ཐེག་པ་ལ་མངོན་པར་བརྩོན་པ་རྣམས་ཀྱིས་ནི་མངོན་པར་ཤེས་པས་རྣམ་པར་རྩེ་བ་བརྗོད་པ་དང་། དེ་བཞིན་གཤེགས་པའི་གསང་བའི་རྗེས་སུ་འཇུག་པ་ལ་རྣམ་པར་རྟོག་པ་རྣམས་ཀྱིས་ནི་གཞན་གྱི་དྲིང་མི་འཇོག་པ་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་མི་བརྩོན་པ་རྣམས་ཀྱིས་ནི་ཡེ་ཤེས་ཐོབ་པར་བརྗོད་པ་དང་། ཉེ་དུ་ལ་ཡང་དག་པར་རྟོན་པ་རྣམས་ཀྱིས་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷག་མ་དང་བཅས་པ་རྣམས་ཀྱིས་ནི་དབང་བསྐུར་བ་བརྗོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས་པ་རྣམས་ཀྱིས་ནི་མི་ཆོམས་པ་བརྗོད་པ་དང་། མི་འཇིགས་པ་བཞི་མ་ཐོབ་པ་རྣམས་ཀྱིས་ནི་མི་ཟད་པ་བརྗོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མ་ཐོབ་པ་རྣམས་ཀྱིས་ནི་མི་འཕྲོགས་པ་བརྗོད་པ་དང་། མཉན་པ་དང་ལྟ་བ་དོན་མ་མཆིས་པ་རྣམས་ཀྱིས་ནི་སྨོན་ལམ་བརྗོད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་རྗེས་སུ་རྟོགས་པར་བགྱི་བའི་སླད་དུ་རྒྱུན་འཁྲུགས་པ་རྣམས་ཀྱིས་ནི་རྒྱ་མཚོ་དྲི་མ་མེད་པ་བརྗོད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྷག་མ་དང་བཅས་པ་རྣམས་ཀྱིས་ནི་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་བརྗོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་མ་ཐོབ་པ་རྣམས་ཀྱིས་ནི་མཐའ་མ་མཆིས་པ་དང་། ཐུག་པ་མ་མཆིས་པ་བརྗོད་པས་ཆོས་བསྟན་པར་འཚལ་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་གང་དག་གཡོ་མ་མཆིས་པ། སྒྱུ་མ་མཆིས་པ། དྲང་བ་དྲང་བའི་རང་བཞིན་ཅན་ཏེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དེ་དག་


DKG050_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་ཀྱི་རྒྱུད་ལ་ཚིག་གཅིག་གིས་བརྗོད་པས་ཀྱང་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་དང་། ཏིང་ངེ་འཛིན་གྱི་སྒོ་བརྒྱད་ཁྲི་བཞི་སྟོང་དང་། གཟུངས་བདུན་ཁྲི་ལྔ་སྟོང་པོའི་ཡོན་ཏན་དེ་དག་རབ་ཏུ་འགོད་པར་གྱུར་ཅིག །དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གོ་ཆ་ཆེན་པོ་འཚལ་བར་གྱུར་ཅིག །སྨོན་ལམ་གྱི་ཁྱད་པར་བསམ་གྱིས་མི་ཁྱབ་པས་མངོན་པར་འཕགས་པར་གྱུར་ཅིག །བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མཐོང་བ་དང་། བྱང་ཆུབ་ཀྱི་ཡོན་ཏན་དམ་པས་བརྒྱན་པར་གྱུར་ཅིག །འདི་ལྟ་སྟེ། ལུས་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པར་གྱུར་ཅིག །ངག་ལེགས་པར་སྨྲས་པས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་མགུ་བར་བགྱིད་པས་བརྒྱན་པར་གྱུར་ཅིག །ཏིང་ངེ་འཛིན་ཚིག་མ་མཆིས་པའི་སླད་དུ་ཐོས་པས་བརྒྱན་པ་དང་། གཟུངས་བསྐྱུད་པ་མ་མཆིས་པའི་སླད་དུ་དྲན་པས་བརྒྱན་པ་དང་། འགྲོ་བ་ངན་པ་ཁོང་དུ་ཆུད་པའི་སླད་དུ་ཡིད་ཀྱིས་བརྒྱན་ཅིང་མྱ་ངན་ལས་འདས་པས་བརྒྱན་པ་དང་། དམ་བཅས་པ་ལ་བརྟན་པའི་སླད་དུ་བསམ་པས་བརྒྱན་པ་དང་། དམ་བཅས་པ་ཉམས་སུ་ལོན་པའི་སླད་དུ་སྦྱོར་བས་བརྒྱན་པ་དང་། ས་ནས་སར་འཕར་བའི་སླད་དུ་ལྷག་པའི་བསམ་པས་བརྒྱན་པ་དང་། དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་སླད་དུ་སྦྱིན་པས་བརྒྱན་པ་དང་། ལེགས་པར་ཐོས་པ་ཁོང་དུ་ཆུད་པ་དྲི་མ་མ་མཆིས་པའི་སླད་དུ་ཚུལ་ཁྲིམས་ཀྱིས་བརྒྱན་པ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པའི་སེམས་མ་མཆིས་པའི་སླད་དུ་བཟོད་པས་བརྒྱན་པ་དང་། ཚོགས་ཐམས་ཅད་ཉེ་བར་བསྩགས་པའི་སླད་དུ་བརྩོན་འགྲུས་ཀྱིས་བརྒྱན་པ་དང་། སྙོམས་པར་འཇུག་པ་ཐམས་ཅད་དང་། མངོན་པར་ཤེས་པས་རྣམ་པར་རྩེ་བའི་སླད་དུ། བསམ་གཏན་གྱིས་བརྒྱན་པ་དང་། ཉོན་མོངས་པའི་བག་ཆགས་ཡོངས་སུ་འཚལ་བའི་སླད་དུ་ཤེས་རབ་ཀྱིས་བརྒྱན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡང་དག་པར་སྐྱོབ་པའི་རྗེས་སུ་མཆིས་པའི་སླད་དུ་བྱམས་པས་བརྒྱན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ལ་གནས་པའི་སླད་དུ་སྙིང་རྗེས་བརྒྱན་པ་དང་། ཆོས་ཐམས་ཅད་ལ་ཐེ་


DKG050_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཙོམ་མ་མཆིས་པར་འགྱུར་བའི་སླད་དུ་དགའ་བས་བརྒྱན་པ་དང་། མཐོན་དམན་གཉིས་དང་བྲལ་བའི་སླད་དུ་བཏང་སྙོམས་ཀྱིས་བརྒྱན་པ་དང་། མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་རྩེ་བའི་སླད་དུ་མངོན་པར་ཤེས་པས་བརྒྱན་པ་དང་། ལོངས་སྤྱོད་མི་བས་པའི་རིན་པོ་ཆེའི་ལག་པ་ཐོབ་པའི་སླད་དུ་བསོད་ནམས་ཀྱིས་བརྒྱན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མངོན་པར་འཚལ་བའི་སླད་དུ་ཡེ་ཤེས་ཀྱིས་བརྒྱན་པ་དང་། སེམས་ཅན་ཐམས་ཅད་ཀྱིས་ཆོས་རྟོགས་པར་བགྱི་བ་ལ་མཁས་པའི་སླད་དུ་བློས་བརྒྱན་པ་དང་། ཤེས་རབ་ཀྱི་མིག་གི་སྣང་བ་ཐོབ་པའི་སླད་དུ་སྣང་བས་བརྒྱན་པར་གྱུར་ཅིག །དོན་དང་། ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་སླད་དུ་སོ་སོ་ཡང་དག་པར་རིག་པས་བརྒྱན་པར་གྱུར་ཅིག །བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པའི་སླད་དུ་མི་འཇིགས་པས་བརྒྱན་པ་དང་། སངས་རྒྱས་རྣམས་ཀྱི་ཡོན་ཏན་རྗེས་སུ་ཐོབ་པའི་སླད་དུ་ཡོན་ཏན་གྱིས་བརྒྱན་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་ཐོགས་པ་མ་མཆིས་པའི་སྤོབས་པས་སེམས་ཅན་རྣམས་ལ་ཆོས་སྟོན་པའི་སླད་དུ་ཆོས་ཀྱིས་བརྒྱན་པར་གྱུར་ཅིག །སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣང་བར་གྱུར་པའི་སླད་དུ་སྣང་བས་བརྒྱན་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་གྱུར་པའི་སླད་དུ་འོད་ཀྱིས་བརྒྱན་པ་དང་། ཕྱད་པར་ལུང་སྟོན་པའི་སླད་དུ་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་བརྒྱན་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་སྟོན་པ་སྩོལ་བའི་སླད་དུ་རྗེས་སུ་སྟོན་པའི་ཆོ་འཕྲུལ་གྱིས་བརྒྱན་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞིའི་དམ་པའི་ཕ་རོལ་ཏུ་སོན་པའི་སླད་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བརྒྱན་པ་དང་། དེ་བཞིན་གཤེགས་པའི་གསང་བའི་རྗེས་སུ་ཞུགས་པའི་སླད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བརྒྱན་པ་དང་། གཞན་ལ་རག་མ་ལས་པའི་ཡེ་ཤེས་ཐོབ་པའི་སླད་དུ་ཆོས་ཀྱི་དབང་ཕྱུག་གིས་བརྒྱན་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བགྱིད་ཅིང་ཐམས་ཅད་ཀྱིས་མི་ཆོམས་པའི་སླད་དུ་དགེ་བའི་ཆོས་ཐམས་ཅད་ལ་ནན་ཏན་སྙིང་པོར་བགྱིད་པས་བརྒྱན་པར་གྱུར་ཅིག །ཐེག་པ་ཆེན་པོ་


DKG050_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་དག་པར་ཞུགས་པའི་སེམས་ཅན་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་ལ་ཡང་བདག་གིས་ཚིག་གཅིག་བརྗོད་པས་དགེ་བ་རྣམ་པར་སྦྱོང་བ་ཡང་དག་པར་བསྩགས་པ་ཆེན་པོས་ཡང་དག་པར་ཚིམ་པར་གྱུར་ཅིག །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཆོས་ཀྱི་སྣང་བ་ཆེན་པོ་དང་ཡང་ལྡན་པར་གྱུར་ཅིག །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གཞན་དག་ན་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བླ་ན་མེད་པའི་ཐེག་པ་ཆེན་པོ་པའི་སེམས་ཅན་གང་དག་མཚམས་མ་མཆིས་པ་བགྱིད་པ་དང་། ལྟུང་བའི་རྩ་བའི་བར་གྱི་ནོངས་པ་དང་བཅས་པ་དང་སེམས་ཀྱི་རྒྱུད་ཚིག་པར་གྱུར་པ་དེ་དག་ཀྱང་སྨོན་ལམ་གྱི་དབང་གིས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །སེམས་ཅན་མི་དགེ་བའི་རྩ་བ་དང་འགྲོགས་པ། རྩུབ་པ། སྡིག་པ་འཚལ་བ། ཁྲ་ཁྲོ་དང་། རྨུ་རྒོད་ཀྱི་རྒྱུད་ཅན། བློ་ལྡོག་པ་ཀུན་འཛིན་པའི་རྒྱུད་ཅན་དེ་དག་ལ་ཡང་བདག་གི་སེམས་དང་སྐད་བརྒྱད་ཁྲི་བཞི་སྟོང་དག་སྟོན་པར་གྱུར་ཅིག །སེམས་ཅན་ལེ་ལོ་ཅན་གྱི་བར་དག་ལ་ཡང་བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དག་རྒྱ་ཆེར་སྟོན་པར་གྱུར་ཅིག །དེ་ན་སེམས་ཅན་གང་དག་བླ་ན་མེད་པའི་ཐེག་པ་ཆེན་པོར་གྱུར་པ་དེ་དག་ལ་ཡང་བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་རྣམས་རྒྱ་ཆེར་སྟོན་པར་འགྱུར་ཞིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེར་སྟོན་པར་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་རྒྱ་ཆེར་སྟོན་པར་གྱུར་ཅིག །ཡང་དེ་ན་སེམས་ཅན་གང་དག་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པའམ། དགེ་བའི་རྩ་བ་མ་བསྐྲུན་ཅིང་བསྟན་བཅོས་ལ་མངོན་པར་དགའ་བར་མ་གྱུར་པ་དེ་དག་ཀྱང་བདག་གིས་གསུམ་ལ་སྐྱབས་སུ་མཆི་བ་ལ་འགོད་པར་འགྱུར་ཞིང་། སླད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་ཡང་སྦྱོར་བར་གྱུར་ཅིག །རྣམ་པར་འཚེ་བ་ལ་དགའ་བ་


DKG050_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་སྲོག་གཅོད་པ་སྤོང་བ་ལ་འགོད་པར་གྱུར་ཅིག །འདོད་པ་མི་བཟད་པས་ཟིལ་གྱིས་ནོན་པ་རྣམས་ནི་མ་བྱིན་པར་ལེན་པ་སྤོང་བ་ལ་འགོད་པར་གྱུར་ཅིག །ཆོས་མ་ལགས་པ་ལ་འདོད་པས་ཆགས་པ་རྣམས་ནི་འདོད་པ་ལ་ལོག་པར་གཡེམ་པ་སྤོང་བ་ལ་འགོད་པར་གྱུར་ཅིག །ཕན་ཚུན་བརྫུན་གྱི་ཚིག་སྨྲ་བ་རྣམས་ནི་བརྫུན་དུ་སྨྲ་བ་སྤོང་བ་ལ་འགོད་པར་གྱུར་ཅིག །མྱོས་པར་འགྱུར་བ་ལ་མངོན་པར་དགའ་བ་རྣམས་ནི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པ་སྤོང་བ་ལ་འགོད་པར་གྱུར་ཅིག །སེམས་ཅན་གང་དག་ནོངས་པ་ལྔ་པོ་ཐམས་ཅད་བགྱིད་པར་འགྱུར་བ་དེ་དག་ནི་ནོངས་པ་ལྔ་པོ་སྤོང་ཞིང་དགེ་བསྙེན་གྱི་སྡོམ་པ་ལ་འགོད་པར་གྱུར་ཅིག །སེམས་ཅན་གང་དག་དགེ་བའི་ཆོས་རྣམས་ལ་མངོན་པར་མི་དགའ་བ་དེ་དག་ནི་བདག་གིས་ཉིན་ཞག་གཅིག་ཙམ་ཡང་ཡན་ལག་བརྒྱད་དང་ལྡན་པའི་ཚུལ་ཁྲིམས་ལ་རབ་ཏུ་འགོད་པར་གྱུར་ཅིག །སེམས་ཅན་གང་དག་དགེ་བའི་རྩ་བ་ཆུང་ངུ་ལ་མངོན་པར་དགའ་བའི་སེམས་དང་ལྡན་པ་དེ་དག་ནི་བདག་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཉེ་བར་སྦྱར་བར་བགྱི་ཞིང་། རབ་ཏུ་བྱུང་བའི་སྡོམ་པ་བསླབ་པའི་གཞི་བཅུའི་ཚངས་པར་སྤྱོད་པ་ལ་འགོད་པར་གྱུར་ཅིག །སེམས་ཅན་གང་དག་དགེ་བའི་ཆོས་རྣམས་ཡོངས་སུ་ཚོལ་བར་འཚལ་བ་དེ་དག་ནི་བདག་གིས་དགེ་བའི་ཆོས་རྣམས་ལ་ཉེ་བར་བསྒྲུབས་ནས་ཚངས་པར་སྦྱོར་བ་ཐམས་ཅད་ལ་རབ་ཏུ་འགོད་པར་གྱུར་ཅིག །སེམས་ཅན་མཚམས་མ་མཆིས་པ་བགྱིད་པ་དང་།ཀུན་ནས་འཛིན་པའི་རྒྱུད་ཅན་གྱི་བར་དེ་ལྟ་བུ་དག་གི་དོན་དུ་བདག་གིས་དོན་དང་། ཚིག་དང་། ཡི་གེ་རྣམ་པ་སྣ་ཚོགས་མང་པོ་དག་གི་ཆོ་འཕྲུལ་རྣམས་ཀྱིས་ཆོས་སྟོན་པར་གྱུར་ཅིག །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མ་མཆིས་པ་དང་། སྟོང་པར་སྟོན་པར་འགྱུར་ཞིང་བདེ་བ་དང་། དགེ་བ་དང་། ཞི་བ་དང་། ཤིས་པ་དང་། འཇིགས་པ་མ་མཆིས་པའི་གྲོང་ཁྱེར་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་པར་གྱུར་ཅིག །དེ་ལྟར་བདག་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་


DKG050_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་དང་། དགེ་བསྙེན་མ་དག་ལ་ཆོས་སྟོན་པར་གྱུར་ཅིག །གང་དག་རྩོད་པ་འཚལ་བར་འགྱུར་བ་དེ་དག་ལ་བདག་གིས་ཆོས་ཀྱིས་བརྩད་པའི་བསྟན་བཅོས་རབ་ཏུ་སྟོན་པར་གྱུར་ཅིག །གང་དག་དགེ་བའི་ཆོས་རྣམས་ལ་མངོན་པར་མི་དགའ་བ་དེ་དག་ལ་བདག་གིས་ཞལ་ཏ་བགྱིད་པའི་ལས་སྟོན་པར་གྱུར་ཅིག །ཁ་ཏོན་ལ་མངོན་པར་དགའ་བ་རྣམས་ལ་ནི་སྟོང་པ་ཉིད་ཀྱིས་བསམ་གཏན་གྱི་ཆ་གཅིག་གིས་རྣམ་པར་གྲོལ་བའི་ལམ་སྟོན་པར་གྱུར་ཅིག །སེམས་ཅན་རེ་རེའི་དོན་གྱི་སླད་དུ་ཡང་བདག་དཔག་ཚད་འབུམ་ཕྲག་མང་པོ་དག་ཏུ་སུག་པས་མཆི་བར་འགྱུར་ཞིང་། དོན་དང་། ཚིག་དང་། ཡི་གེ་དང་། ཐབས་དང་། ཆོ་འཕྲུལ་རྣམ་པ་སྣ་ཚོགས་མང་པོ་དག་གིས་སྐྱོ་བ་མ་མཆིས་ཤིང་སྤྲོ་བར་བགྱིད་པར་འགྱུར་བ་དང་། མྱ་ངན་ལས་འདས་པའི་བར་ལ་འགོད་པར་གྱུར་ཅིག །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བདག་གི་ཚེའི་འདུ་བྱེད་ཇི་ཙམ་པའི་ལྔ་ཆ་འདོར་བར་གྱུར་ཅིག །བདག་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་ན་རང་གི་སྐུ་གདུང་བདག་ཉིད་ཀྱིས་ཡུངས་འབྲུའི་ཚད་ཙམ་དུ་གཅོག་པར་འགྱུར་ཞིང་། སེམས་ཅན་རྣམས་ལ་སྙིང་རྗེའི་སླད་དུ་བདག་ནི་སླད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག །བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཅིག །ཡང་ལོ་ལྔ་བརྒྱར་ནི་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག །སེམས་ཅན་གང་དག་བདག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་ལས་རིན་པོ་ཆེ་རྣམས་དང་། རོལ་མོའི་སྒྲ་དག་གི་བར་གྱིས་མཆོད་པ་བགྱིད་པར་སྤྲོ་བ་སྐྱེ་བར་འགྱུར་བ་དང་། ཐ་ན་སངས་རྒྱས་ཀྱི་མཚན་གཅིག་ཙམ་དང་། ཕྱག་གཅིག་ཙམ་དང་། བསྐོར་བ་གཅིག་ཙམ་དང་། ཐལ་མོ་སྦྱོར་བ་གཅིག་ཙམ་དང་། མེ་ཏོག་གཅིག་ཙམ་གྱི་རྒྱུས་མཆོད་པ་བགྱིད་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་པོ་དག་གིས་སླར་མི་ལྡོག་པར་གྱུར་ཅིག །སེམས་ཅན་གང་དག་བདག་ཡོངས་སུ་མྱ་ངན་ལས་འདས་པའི་བསྟན་པ་ལ་ཐ་ན་བསླབ་པའི་གཞི་གཅིག་ཙམ་འཛིན་པར་འགྱུར་རམ། ཅི་སྐད་བསྟན་པ་


DKG050_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཡང་དག་པར་བླངས་ནས་གནས་སམ། ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་གྱི་བར་དག་ཀུན་ཆུབ་པར་བགྱིད་དམ། ཀློག་གམ། གཞན་དག་ལ་ཡང་སྟོན་པར་འགྱུར་བ་དང་། གང་དག་གིས་ཐོས་ནས་སེམས་རབ་ཏུ་དང་བར་འགྱུར་ཞིང་། ཐ་ན་དམ་པའི་ཆོས་སྨྲ་བ་ལ་མེ་ཏོག་གཅིག་ཙམ་དང་། ཕྱག་གཅིག་ཙམ་གྱིས་མཆོད་པ་བགྱིད་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་པོ་དག་གིས་སླར་མི་ལྡོག་པར་གྱུར་ཅིག །ཇི་ཙམ་ན་དམ་པའི་ཆོས་ནུབ་སྟེ། ཆོས་ཀྱི་སྒྲོན་མ་ནི་གུམ། ཆོས་ཀྱི་རྒྱལ་མཚན་ནི་འགྱེལ་བར་གྱུར་པ་ན་བདག་སྐྱེས་པའི་སྐུ་གདུང་དེ་དག་ཀྱང་གསེར་གྱི་འཁོར་ལོའི་མཐར་ཐུག་པའི་དོག་ས་ལ་ལྷགས་པར་འགྱུར་ཞིང་། གང་གི་ཚེ་སངས་རྒྱས་ཀྱི་ཞིང་མི་མཇེད་ན་རིན་པོ་ཆེས་ཕོངས་པར་གྱུར་པ་དེའི་ཚེ་ན། དེ་དག་ནོར་བུ་བཻ་དཱུརྱ་ཏོག་གི་བློ་གྲོས་ཞེས་བགྱི་བར་གྱུར་ཏེ་ཞུགས་ལྟར་གདའ་ཞིང་ཀུན་ཏུ་གནས་པར་གྱུར་ཅིག །དེ་ཡང་དེ་ནས་མངོན་པར་འཕགས་ཏེ། གོང་དུ་འོག་མིན་གྱི་གནས་ཀྱི་མཐར་ཐུག་པའི་བར་དུ་གནས་ནས་མེ་ཏོག་སྣ་ཚོགས་ཀྱི་ཆར་རབ་ཏུ་འབེབས་པར་འགྱུར་ཞིང་། མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། པ་རི་ཡ་ཏྲ་ཀ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། མ་ན་པརྞ་དང་། ཟླ་བ་དྲི་མེད་དང་། འདབ་བརྒྱ་པ་དང་། འདབ་སྟོང་པ་དང་། ཀུན་ཏུ་འོད་དང་། ཀུན་ཏུ་དྲི་དང་། ཤིན་ཏུ་མཛེས་པ་དང་། རྟག་ཏུ་འབྲས་བུ་རྒྱས་དང་། སྙིང་དང་མིག་མངོན་པར་དགའ་བ་དང་། སྐར་འོད་དང་། སྐར་མདོག་དང་། ཁ་དོག་མཐའ་ཡས་དང་། དྲི་མཐའ་ཡས་དང་། མེ་ཏོག་དེ་ལྟ་བུ་དག་གི་མེ་ཏོག་གི་ཆར་ཆེན་པོ་མངོན་པར་རབ་ཏུ་འབེབས་པར་གྱུར་ཅིག །མེ་ཏོག་གི་ཆར་དེ་དག་ལས་ཀྱང་སྒྲ་སྣ་ཚོགས་དག་འབྱུང་བར་འགྱུར་ཞིང་། འདི་ལྟ་སྟེ། སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། དགེ་བསྙེན་གྱི་སྡོམ་པའི་སྒྲ་དང་། འཕགས་པའི་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པའི་སྒྲ་དང་། རབ་ཏུ་བྱུང་བའི་བསླབ་


DKG050_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི་བཅུའི་སྡོམ་པ་སྦྱིན་པའི་སྒྲ་དང་། ཚུལ་ཁྲིམས་ཀྱི་སྒྲ་དང་། ཚངས་པར་སྤྱོད་པ་མཐའ་དག་ཡོངས་སུ་རྫོགས་པ་བསྙེན་པར་རྫོགས་པའི་སྒྲ་དང་། ཞལ་ཏ་བགྱིད་པའི་སྒྲ་དང་། ཀློག་པའི་སྒྲ་དང་། ནང་དུ་ཡང་དག་འཇོག་གི་སྒྲ་དང་། ཚུལ་བཞིན་ཡིད་ལ་བགྱིད་པའི་སྒྲ་དང་། མི་སྡུག་པའི་སྒྲ་དང་། དབུགས་རྒྱུ་བ་དང་། རྔུབ་པའི་སྒྲ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྒྲ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྒྲ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྒྲ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྒྲ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི་སྒྲ་དང་། ཟད་པར་གྱི་སྐྱེ་མཆེད་ཀྱི་སྒྲ་དང་། ཞི་གནས་དང་ལྷག་མཐོང་གི་སྒྲ་དང་། སྟོང་པ་ཉིད་དང་མཚན་མ་མ་མཆིས་པའི་སྒྲ་དང་། སྨོན་པ་མ་མཆིས་པའི་སྒྲ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་དང་། ཉན་ཐོས་ཀྱི་སྡེ་སྣོད་མཐའ་དག་གི་སྒྲ་འབྱུང་བ་དང་། རང་སངས་རྒྱས་ཀྱི་ཐེག་པའི་སྡེ་སྣོད་མཐའ་དག་གི་སྒྲ་འབྱུང་བ་དང་། ཐེག་པ་ཆེན་པོའི་གཏམ་ཕ་རོལ་ཏུ་ཕྱིན་པ་མཐའ་དག་གི་སྒྲ་དག་མེ་ཏོག་དེ་དག་ལས་འབྱུང་བར་འགྱུར་ཞིང་། གཟུགས་ན་སྤྱོད་པའི་ལྷ་ཐམས་ཅད་ཀྱིས་ཐོས་པར་གྱུར་ནས། རང་རང་གིས་སྔོན་ཆད་བགྱིས་པའི་དགེ་བའི་རྩ་བ་དག་ཀྱང་རྗེས་སུ་དྲན་པར་འགྱུར་ཞིང་། སེམས་ཅན་ཆེན་པོ་དག་དགེ་བའི་ཆོས་ཐམས་ཅད་ལ་སྨོན་པ་མ་མཆིས་པར་གྱུར་ནས། དེ་དག་དེ་ནས་བབས་ཏེ་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་མི་ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྦྱོར་ཞིང་རབ་ཏུ་འགོད་པར་གྱུར་ཅིག །དེ་བཞིན་དུ་འདོད་པ་ན་སྤྱོད་པའི་ལྷ་ཐམས་ཅད་ཀྱིས་ཀྱང་ཐོས་པར་འགྱུར་ཞིང་། དེ་དག་ཀྱང་སྲེད་པའི་ཀུན་ཏུ་སྦྱོར་བ་དང་། དགའ་བ་དང་། རྩེད་མོ་དང་། ཡིད་བདེ་བ་ལ་མངོན་པར་དགའ་བའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །དེ་དག་ཐམས་ཅད་ཀྱིས་ཀྱང་རང་རང་གིས་སྔོན་ཆད་བགྱིས་པའི་དགེ་བའི་རྩ་བ་དག་རྗེས་སུ་དྲན་པར་འགྱུར་ཞིང་། དེ་དག་ལྷའི་འཇིག་རྟེན་ནས་བབས་ནས་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་མི་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་ཅིང་རབ་ཏུ་


DKG050_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་མེ་ཏོག་དེ་དག་ཀྱང་ནམ་མཁའ་ལ་རིན་པོ་ཆེ་སྣ་ཚོགས་དག་ཏུ་འགྱུར་ཞིང་། འདི་ལྟ་སྟེ། དངུལ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། རྡུལ་ཅན་དང་། ས་ལེ་སྦྲམ་དང་། རྡོའི་སྙིང་པོ་དང་། གཡས་སུ་འཁྱིལ་པ་དང་། དེ་ལྟ་བུའི་རིན་པོ་ཆེའི་ཆར་དག་སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དུ་མངོན་པར་རབ་ཏུ་འབབ་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་ན་ཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མུ་གེ་དང་། ནད་དང་། ཕ་རོལ་གྱི་དམག་ཚོགས་དང་། ཚིག་རྩུབ་ཅིང་བརླང་བ་དང་། དུག་རྣམས་ཐམས་ཅད་ཀྱི་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དུ་བདེ་བ་དང་། ནད་མ་མཆིས་པ་དང་། ཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འཆིང་བ་དག་མ་མཆིས་པ་དང་། ལོ་ལེགས་པ་དག་ཀུན་ཏུ་གནས་པར་གྱུར་ཅིག །སེམས་ཅན་གང་དག་གིས་རིན་པོ་ཆེ་དེ་དག་མཐོང་བ་དང་། རེག་པ་དང་། ལོངས་སྤྱོད་པ་དང་། ཡོངས་སུ་སྤྱོད་པའི་ལས་བགྱིད་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ཐེག་པ་གསུམ་པོ་དག་གིས་སླར་མི་ལྡོག་པར་གྱུར་ཅིག །སྐུ་གདུང་དེ་དག་ཀྱང་སླར་གསེར་གྱི་འཁོར་ལོའི་མཐར་ཐུག་པའི་བར་དུ་གནས་པར་གྱུར་ཅིག། །།བམ་པོ་བཅུ་གཅིག་པ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་མཚོན་གྱི་བསྐལ་པ་བར་མའི་དུས་ཀྱི་ཚེ་ན་ཡང་དེ་དག་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་དག་ཏུ་ཀུན་ནས་གནས་པར་འགྱུར་ཞིང་། དེ་དག་སྟེང་དུ་འོག་མིན་གྱི་གནས་ཀྱི་མཐར་ཐུག་པའི་བར་དུ་གནས་ནས། འདི་ལྟ་སྟེ། མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། པ་རི་ཡ་ཏྲ་ཀ་དང་། མེ་ཏོག་འོད་མཐའ་ཡས་ཀྱི་བར་གྱི་མེ་ཏོག་སྣ་ཚོགས་ཀྱི་ཆར་དག་མངོན་པར་རབ་ཏུ་འབེབས་པར་གྱུར་ཅིག །མེ་ཏོག་གི་ཆར་དེ་དག་ལས་ཀྱང་ཇི་ལྟར་སྔར་སྨོས་པ་བཞིན་དུ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། སྒྲ་ཡིད་དུ་འོང་བ་རྣམ་པ་སྣ་ཚོགས་དག་འབྱུང་བར་


DKG050_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཡང་སྐུ་གདུང་དེ་དག་ཀྱང་སླར་འོག་ཏུ་གསེར་གྱི་འཁོར་ལོའི་མཐར་ཐུག་པའི་བར་དུ་ཀུན་ཏུ་གནས་པར་གྱུར་ཅིག །དེ་བཞིན་དུ་གང་གི་ཚེ་མུ་གེའི་བསྐལ་པ་བར་མའི་དུས་ཀྱི་ཚེ་ན་ཡང་སྐུ་གདུང་དེ་དག་སྟེང་དུ་འོག་མིན་གྱི་གནས་ཀྱི་མཐར་ཐུག་པའི་བར་དུ་གྱེན་དུ་འཕགས་ནས་མེ་ཏོག་གི་ཆར་གྱི་བར་དུ་སྔར་སྨོས་པ་བཞིན་དུ་གྱུར་ཅིག །ནད་ཀྱི་བསྐལ་པ་བར་མའི་བར་དུ་ཡང་ཇི་ལྟར་སྔར་སྨོས་པ་བཞིན་དུ་གྱུར་ཅིག །ཇི་ལྟར་བསྐལ་པ་ཆེན་པོ་བཟང་པོ་ལ་བདག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་སྟོན་པའི་མཛད་པ་བགྱིད་པར་འགྱུར་ཞིང་། འདུལ་བ་བགྲང་བ་ལས་ཡང་དག་པར་འདས་པ་དག་ཀྱང་ཐེག་པ་གསུམ་པོ་དག་གིས་སླར་མི་ལྡོག་པ་ལ་འགོད་པར་གྱུར་ཅིག །དེ་བཞིན་དུ་བསྐལ་པ་ཆེན་པོ་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་བྱུང་གི་བར་དུ་ཡང་། བདག་གི་སྐུ་གདུང་རྣམས་ཀྱིས་འདུལ་བའི་སེམས་ཅན་རྣམས་ཐེག་པ་གསུམ་པོ་དག་གིས་སླར་མི་ལྡོག་པ་ལ་འགོད་པར་གྱུར་ཅིག །བདག་བྱང་ཆུབ་སེམས་དཔར་གྱུར་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་སྤྱད་པ་སྤྱོད་པ་ན་གང་དག་བདག་གིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་ཅིང་རབ་ཏུ་བཀོད་པ་རྣམས་དང་། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཡང་དག་པར་འཛིན་དུ་སྩལ་ཅིང་བཙུད་དེ་རབ་ཏུ་བཀོད་པ་དེ་དག་སླད་ཀྱིས་གང་གི་ཚེ་བསྐལ་པ་གྲངས་མ་མཆིས་པ་གང་གཱའི་ཀླུང་སྟོང་གི་བྱེ་མ་སྙེད་འདས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་གཞན་དང་གཞན་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཤ་སྟག་ཏུ་གྱུར་ཏེ་འབྱུང་བར་གྱུར་ཅིག །བདག་བྱང་ཆུབ་ཐོབ་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་ཅིང་བཙུད་དེ་རབ་ཏུ་བཀོད་པའི་སེམས་ཅན་རྣམས་དང་། གང་དག་བདག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གི་རྣམ་པར་འཕྲུལ་པས་བླ་ན་མེད་པ་ཡང་དག་པར་རྫོགས་


DKG050_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སླད་ཀྱིས་བསྐལ་པ་གྲངས་མ་མཆིས་པ་གང་གཱའི་ཀླུང་སྟོང་གི་བྱེ་མ་སྙེད་བྱུང་ཞིང་འདས་པར་གྱུར་པ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་སྐད་དུ་གང་ཡུན་རིང་པོ་ན་བསྐལ་པ་བཟང་པོ་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏེ། བསྐལ་པ་བཟང་པོ་དེ་ལ་བབ་པ་ན། རྒྱལ་བ་ཉི་མ་བཞི་པ་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་ཞིག་བྱུང་བར་གྱུར་པ་དེས་བདག་ཅག་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །བདག་ཅག་ནི་སེམས་ཀྱི་རྒྱུད་ཚིག་པ། མི་དགེ་བ་དང་འགྲོགས་པར་གྱུར་པ་མཚམས་མེད་པ་བྱེད་པ། ལོག་པར་ལྟ་བའི་བར་དུ་གྱུར་པ་ཡིན་ན། དེས་བདག་ཅག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་པས་ན་དེའི་ཕྱིར་བདག་ཅག་ད་ལྟར་ཐམས་ཅད་མཁྱེན་པར་གྱུར་ཅིང་། རྣམ་པ་ཐམས་ཅད་དུ་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་སྐོར་ལ། འགྲོ་བའི་འཁོར་ལོ་ཟློག་ཅིང་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་མཐོ་རིས་དང་ཐར་པའི་འབྲས་བུ་ལ་རབ་ཏུ་འགོད་པར་བྱེད་པ་ཡིན་ནོ། །ཞེས་བདག་གི་བསྔགས་པ་རྗོད་ཅིང་སྒྲོགས་ལ་དབྱངས་ཀྱང་རྗོད་པར་གྱུར་ཅིག །གང་དག་བྱང་ཆུབ་དོན་དུ་གཉེར་བའི་སེམས་ཅན་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་དེ་དག་ལས་བདག་གི་བསྔགས་པ་དང་། གྲགས་པ་དང་། སྙན་པ་ཐོས་པར་གྱུར་ནས་དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེས་དོན་གྱི་དབང་ཅི་ཞིག་གཟིགས་ན་དེ་ལྟར་རྩོད་པའི་དུས་ལ་བབ་ཅིང་སྙིགས་མ་ལྔ་བྱུང་བར་གྱུར་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག་ཅེས་ཡོངས་སུ་ཞུ་བར་གྱུར་ཅིག །དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་བྱང་ཆུབ་དོན་དུ་གཉེར་


DKG050_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་བདག་གི་སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་དང་པོ་བསྐྱེད་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དང་། སྔོན་གྱི་སྨོན་ལམ་གྱི་ཚུལ་འདི་ཡང་སྟོན་པར་གྱུར་ཅིག །བྱང་ཆུབ་དོན་དུ་གཉེར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཀྱང་ངོ་མཚར་དུ་འཛིན་པར་འགྱུར་ཞིང་། དེ་དག་ཀྱང་རྒྱ་ཆེན་པོ་ལ་མོས་པར་གྱུར་ཅིག །དེ་དག་ཀྱང་དེ་བཞིན་དུ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་པར་འགྱུར་ཞིང་། དེ་ལྟར་རྩོད་པའི་དུས་སུ་སྙིགས་མ་ལྔ་དང་། ཉོན་མོངས་པའི་སྙིགས་མ་བདོ་བའི་སངས་རྒྱས་ཀྱི་ཞིང་ན་མཚམས་མ་མཆིས་པ་བགྱིད་པ་དང་། མི་དགེ་བའི་བར་དག་དང་འགྲོགས་པའི་འདུལ་བ་རབ་ཏུ་འཛིན་པར་གྱུར་པ་དེ་ལྟ་བུའི་སྨོན་ལམ་ཡང་འདེབས་པར་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་བྱང་ཆུབ་དོན་དུ་གཉེར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་སྙིགས་མ་ལྔ་དང་། ཉོན་མོངས་པ་བདོ་བའི་རྩོད་པའི་དུས་སུ་སྨོན་ལམ་བཏབ་པ་བཞིན་བྱང་ཆུབ་དོན་དུ་གཉེར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་དག་གི་བསམ་པ་ཇི་ལྟ་བ་བཞིན་དུ་དེ་ལྟ་བུའི་ལུང་བསྟན་པས་ལུང་སྟོན་པར་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་གཞན་དག་ཀྱང་སེམས་ཅན་བྱང་ཆུབ་དོན་དུ་གཉེར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་འདི་སྐད་དུ་ཡུན་རིང་པོ་འདི་སྲིད་ཅིག་ན་རྒྱལ་བ་ཉི་མ་མཚན་འདི་ཞེས་བྱ་བ་ཞིག་བྱུང་བར་གྱུར་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་ཀྱིས་དེ་ལྟར་སྡུག་བསྔལ་བའི་སེམས་ཅན་རྣམས་ཀྱི་དོན་དེ་ལྟ་བུའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག་དང་། རྣམ་པར་འཕྲུལ་བ་རྣམ་པ་སྣ་ཚོགས་དག་མཛད་དེ། དེའི་སྐུ་གདུང་གི་རྣམ་པར་འཕྲུལ་པ་དག་གིས་ངེད་ཅག་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྐུལ་ནས། ངེད་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དགེ་བའི་རྩ་བ་དང་འགྲོགས་པས་དང་པོ་སེམས་བསྐྱེད་ཅིང་། ཕ་རོལ་ཏུ་ཕྱིན་པ་འདི་དག་ལ་བརྩོན་པར་བྱས་སོ་


DKG050_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བདག་གི་སྐུ་གདུང་གི་རྣམ་པར་འགྱུར་བའི་སྔོན་གྱི་ཚུལ་དག་རྒྱ་ཆེར་ཇི་ལྟར་སྔར་སྨོས་པའི་བར་དུ་རྒྱ་ཆེར་སྟོན་པར་གྱུར་ཅིག །དེ་ནས་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་ལྷ་དང་། དྲི་ཟ་དང་། མི་དང་བཅས་པའི་སྐྱེ་དགུ་ཐམས་ཅད་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྨོན་ལམ་ཆེན་པོ་ལྔ་བརྒྱ་པོ་དེ་དག་བཏབ་ནས་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བདག་གིས་མ་འོངས་པའི་དུས་ན་བསྐལ་པ་བཟང་པོ་ལ་ཉོན་མོངས་པ་དང་། ཐབ་མོ་དང་། སྙིགས་མ་བདོ་ཞིང་རྩོད་པའི་དུས་ལ་བབ་པ་ན་འཇིག་རྟེན་ལྡོངས་ཤིང་འདྲེན་པ་མ་མཆིས་པ་དང་། ཡོངས་སུ་འདྲེན་པ་མ་མཆིས་པ་དང་། ལྟ་བའི་སྡུག་བསྔལ་གྱི་མུན་པར་ཆུད་པའི་འཇིག་རྟེན་ན་མཚམས་མ་མཆིས་པ་བགྱིད་པ་རྣམས་དང་། སྔར་སྨོས་པ་ལྟ་བུའི་བར་དག་ལ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་ཞིང་། གལ་ཏེ་བདག་གིས་ཇི་ལྟར་སྨོན་ལམ་བཏབ་པ་དེ་ལྟ་བུའི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སྒྲུབ་པར་རྔོ་ཐོགས་པ་ལྟ་ན་བྱང་ཆུབ་ཀྱི་སླད་དུ་སྨོན་པ་སྤང་བར་མི་བགྱི་ཞིང་། དགེ་བའི་རྩ་བ་ཡང་ཞིང་གཞན་དུ་ཡོངས་སུ་བསྔོ་བར་མི་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་དེ་ནི་བདག་གི་ངེས་པ་ལགས་སོ། །ཡང་བདག་ནི་དགེ་བའི་རྩ་བ་དེས་རང་སངས་རྒྱས་ཀྱི་ཐེག་པ་མི་འཚལ། ཉན་ཐོས་ཀྱི་ཐེག་པ་ཡང་མི་འཚལ། ལྷ་དང་མིའི་འཇིག་རྟེན་གྱི་རྒྱལ་སྲིད་ཀྱང་མི་འཚལ། ལྷ་དང་མིའི་འཇིག་རྟེན་གྱི་དབང་ཕྱུག་ཀྱང་མི་འཚལ། འདོད་པ་ལྔའི་ཡོན་ཏན་གྱི་ལོངས་སྤྱོད་ཀྱང་མི་འཚལ། ལྷར་སྐྱེ་བ་ཡང་མི་འཚལ། དྲི་ཟ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཀླུ་དང་། ནམ་མཁའ་ལྡིང་དུ་སྐྱེ་བ་ཡང་མི་འཚལ་ལ་དགེ་བའི་རྩ་བ་གཞན་དུ་ཡོངས་སུ་བསྔོ་བར་ཡང་མི་བགྱིད་དེ། གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་སྦྱིན་པས་ནི་ལོངས་སྤྱོད་ཆེན་པོར་འགྱུར། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་སུ་སྐྱེ། ཐོས་པས་ནི་ཤེས་རབ་ཆེན་པོར་འགྱུར། བསྒོམ་པས་ནི་འབྲལ་བར་


DKG050_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཞེས་ཀྱང་གསུངས་ལ། ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་སེམས་ཅན་བསོད་ནམས་དང་ལྡན་པའི་དགེ་བའི་རྩ་བ་ཡོངས་སུ་བསྔོས་པས་ནི་རེ་བའི་བསམ་པ་འགྲུབ་པར་འགྱུར་རོ་ཞེས་ཀྱང་གསུངས་ན། བཙུན་པ་བཅོམ་ལྡན་འདས་གང་བདག་གིས་ཀྱང་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། ཐོས་པ་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་དག་བསྒྲུབས་པས་ན། གལ་ཏེ་བདག་གིས་སྨོན་ལམ་ཇི་ལྟར་བཏབ་པ་དེ་ལྟར་རེ་བ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་བདག་གིས་དགེ་བའི་རྩ་བ་དེ་དག་ཐམས་ཅད་སེམས་ཅན་གང་དག་གིས་སེམས་ཅན་དམྱལ་བ་མནར་མེད་པར་རབ་ཏུ་རྩུབ་ཅིང་དྲག་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་སླད་དུ་ཡོངས་སུ་བསྔོ་བར་བགྱིའོ། །དགེ་བའི་རྩ་བ་དེས་དེ་དག་དེ་ནས་ལྡང་བར་འགྱུར་ཞིང་སངས་རྒྱས་ཀྱི་ཞིང་འདིར་མི་འཐོབ་པ་ཐོབ་པར་གྱུར་ཅིག །དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་བསྒྲུབ་པར་བགྱིད་པར་འགྱུར་ཞིང་མཆོག་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་གྱུར་ཅིག །སེམས་ཅན་དེ་དག་གི་ལས་ཀྱི་འབྲས་བུ་ཡོངས་སུ་མ་བས་པར་གྱུར་ན་ཡང་དེའི་སླད་དུ་བདག་གུམ་ནས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་ཞིང་། བདག་གི་ལུས་ཀྱང་སངས་རྒྱས་གྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཏིང་ངེ་འཛིན་གྱིས་ཀྱང་མི་སྩོལ་བ་དག་འབྱུང་བར་གྱུར་ཅིག །བདག་གི་ལུས་རེ་རེའི་ཚད་ཀྱང་རིའི་རྒྱལ་པོ་རི་རབ་ཙམ་དུ་ཆེ་བ་དག་འབྱུང་བར་གྱུར་ཅིག །བདག་གི་ལུས་རེ་རེས་ཀྱང་ཇི་ལྟར་ད་ལྟར་གྱི་ལུས་གཅིག་པུ་འདིས་བདེ་བ་དང་། སྡུག་བསྔལ་གྱི་ཚོར་བ་དག་ཡང་དག་པར་འཚལ་བ་དེ་ལྟ་བུའི་བདེ་བ་དང་། སྡུག་བསྔལ་གྱི་ཚོར་བ་དག་ཡང་དག་པར་འཚལ་བར་གྱུར་ཅིག །བདག་གི་ལུས་རེ་རེས་ཀྱང་སེམས་ཅན་དམྱལ་བ་པའི་སྡུག་བསྔལ་དྲག་པ་རྩུབ་པ་མི་བཟད་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་མྱོང་བར་གྱུར་ཅིག །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་


DKG050_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ན་སེམས་ཅན་གང་དག་མཚམས་མ་མཆིས་པ་བགྱིད་པ་དང་། མནར་མེད་པའི་བར་དག་ལ་གཞོལ་བའི་ལས་ཡང་དག་པར་སྩོགས་པར་འགྱུར་བ་རྣམས་དང་། སེམས་ཅན་གང་དག་བསྐལ་པ་ཆེན་པོ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བར་དག་འདས་ནས་སངས་རྒྱས་ཀྱི་ཞིང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་པོ་གཞན་དག་ཏུ་མཚམས་མ་མཆིས་པའི་ལས་ཀྱིས་འཕེན་པར་འགྱུར་བའམ། ཀུན་ནས་སློང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱི་དོན་དུ་བདག་ལས་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གནས་པ་ཉམས་སུ་མྱོང་བར་འགྱུར་ཞིང་བདག་གི་སེམས་ཅན་དག་ནི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མ་གྱུར་ཅིག །སེམས་ཅན་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་འགྱུར་བ་དང་། འཁོར་བ་ལས་རྒལ་བར་འགྱུར་བ་དང་། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་འགྱུར་བའི་ཡུན་རིང་པོ་དེ་སྲིད་ཀྱིས་བདག་སེམས་ཅན་དམྱལ་བ་ལས་ཡོངས་སུ་ཐར་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བར་གཞན་དག་ན་སེམས་ཅན་རྣམས་ཀྱིས་དེ་ལྟ་བུའི་ལས་ཀུན་ནས་བསླང་བ་དང་། འཕངས་པ་དང་། མྱོང་བར་འགྱུར་བར་ངེས་པས་སེམས་ཅན་དམྱལ་བ་རབ་ཏུ་ཚ་བར་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་གཞོམ་དང་། ཐིག་ནག་དང་། ཡང་སོས་ཀྱི་བར་དག་ལ་ཡང་ཇི་ལྟར་སྔར་སྨོས་པ་བཞིན་དུ་བརྗོད་པར་བགྱིའོ། །དེ་བཞིན་དུ་དུད་འགྲོ་སྣ་ཚོགས་དག་ལ་ཡང་བརྗོད་པར་བགྱིའོ། །དེ་བཞིན་དུ་གཤིན་རྗེའི་འཇིག་རྟེན་ལ་ཡང་བརྗོད་པར་བགྱིའོ། །དེ་བཞིན་དུ་གནོད་སྦྱིན་དབུལ་པོ་ལ་ཡང་བརྗོད་པར་བགྱིའོ། །དེ་བཞིན་དུ་གྲུལ་བུམ་དང་། ཤ་ཟ་དང་། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དག་ལ་ཡང་བརྗོད་པར་བགྱིའོ། །གང་གི་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་པོ་


DKG050_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ཏུ་སེམས་ཅན་རྣམས་སྔོན་གྱི་ལས་དེ་ལྟ་བུ་དག་གིས་འཕངས་པར་གྱུར་པ་དང་། དེ་བཞིན་དུ་སྦྱར་ཏེ། གང་དག་མི་རྣམས་ཀྱི་ནང་དུ་འོན་པ་དང་། ལོང་བ་དང་། ལྕེ་མ་མཆིས་པ་དང་། ལག་པ་མ་མཆིས་པ་དང་། རྐང་པ་མ་མཆིས་པ་དང་། དྲན་པ་རབ་ཏུ་ཉམས་པའི་སེམས་དང་ལྡན་པ་དག་ཏུ་སྐྱེ་བར་འགྱུར་བ་དང་། མི་གཙང་བ་ཟ་བ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ཇི་ལྟར་སྔར་སྨོས་པ་བཞིན་དུ་ཡང་བདག་སེམས་ཅན་དམྱལ་བ་མནར་མེད་པ་དག་ཏུ་སྐྱེ་བར་གྱུར་ཅིག །གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རེ་བ་དེ་ལྟ་བུ་ཡོངས་སུ་རྫོགས་པར་མི་འགྱུར་བ་ལྟ་ན། འཁོར་བར་སེམས་ཅན་རྣམས་ཡུན་རིང་པོ་ཇི་སྲིད་དུ་ཁམས་དང་། སྐྱེ་མཆེད་དང་། ཕུང་པོ་ཡོངས་སུ་འཛིན་པར་འགྱུར་བའི་ཡུན་རིང་པོ་དེ་སྲིད་དུ་བདག་ཇི་ལྟར་སྔར་སྨོས་པ་བཞིན་དུ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། སྲིན་པོ་རྣམས་སུ་མིའི་བར་གྱི་སྡུག་བསྔལ་སྐྱེ་བ་རྣམ་པ་སྣ་ཚོགས་དེ་ལྟ་བུ་དག་གིས་དེ་ལྟར་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཅིག །ཇི་སྟེ་བདག་གིས་སྔར་སྨོས་པའི་བར་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རེ་བ་འདི་དག་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བདག་གི་དཔང་དུ་གྱུར་ཅིག །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་དག་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་བདག་གི་དཔང་དུ་འགྱུར་ཞིང་ཡེ་ཤེས་སུ་འགྱུར་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་གིས་ཇི་ལྟར་དམ་བཅས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་མཛད་པ་དག་སྒྲུབ་པར་རྔོ་ཐོགས་ཤིང་བདག་བསྐལ་པ་བཟང་པོ་ལ་སྐྱེ་དགུའི་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་བ་ལྟ་ན་བདག་བླ་ན་མེད་པ་ཡང་དག་པར་


DKG050_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། དེ་ནས་དེའི་མོད་ལ་དེ་བཞིན་གཤེགས་པ་མ་གཏོགས་པར་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ས་དང་ནམ་མཁའི་ངོས་ལ་གནས་པ་དེ་དག་ཐམས་ཅད་མཆི་མ་རབ་ཏུ་འཛག་བཞིན་དུ་ཡན་ལག་ལྔས་རྐང་པ་ལ་ཕྱག་བྱས་ཏེ་སྨྲས་པ། སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་དྲན་པ་ཟབ་མོ་ཐོབ་པ་དང་། སེམས་ཅན་ཟབ་མོ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་དང་། སྨོན་ལམ་ཆེན་པོ་ཟབ་མོ་བཏབ་པ་ནི་ལེགས་སོ་ལེགས་སོ། །ལྷག་པའི་བསམ་པ་དེས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཡང་དག་པར་བཀབ་ཅིང་མཚམས་མེད་པ་བྱེད་པ་དང་། མི་དགེ་བའི་རྩ་བའི་བར་དང་འགྲོགས་པའི་འདུལ་བ་རྣམས་ཀྱང་ཕལ་ཆེར་ཡོངས་སུ་བཟུང་བ་ཡིན་ནོ། །ཇི་ལྟར་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྨོན་ལམ་དེས་ན་སེམས་ཅན་རྣམས་ཀྱི་སྨན་དང་། སྐྱབས་དང་། དཔུང་གཉེན་དུ་གྱུར་པར་ཤེས་སོ། །སེམས་ཅན་རྣམས་སྡུག་བསྔལ་ལས་རབ་ཏུ་ཐར་བར་བྱ་བའི་སྨོན་ལམ་བཏབ་པ་དེ་བཞིན་དུ་ཁྱོད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་ཡང་གྱུར་ཅིག །རྒྱལ་པོ་བདུད་རྩི་དག་པ་ཉིད་ཀྱང་ངུ་ཞིང་བྲམ་ཟེའི་རྐང་པ་ལ་ཡན་ལག་ལྔས་ཕྱག་བྱས་ཏེ་སྨྲས་པ། ཨེ་མའོ་མཆོག་ཏུ་ཟབ་པ་པོ། །ཁྱོད་ནི་བདེ་ལ་མི་གནས་ཏེ། །ཁྱོད་ནི་སེམས་ཅན་སྙིང་རྗེ་ལྡན། །ཁྱོད་ནི་བདག་གི་མཚོན་མ་ཡིན། །དེ་བཞིན་དུ་སྦྱར་ཏེ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། སེམས་ཅན་ཆགས་པ་དག་ལ་ཁྱོད་མ་ཆགས། །དབང་པོ་རྟ་ཐུལ་རྣམས་ལས་དབང་རྟ་ཐུལ། །དབང་པོ་འདི་རྣམས་ལ་ནི་དབང་མཛད་དེ། །གཟུངས་དང་ཡེ་ཤེས་ཀྱི་ནི་མཛོད་དུ་འགྱུར། །དེ་བཞིན་དུ་སྦྱར་ཏེ་མཐུ་ཆེན་ཐོབ་ཀྱིས་སྨྲས་པ། སེམས་ཅན་བྱེ་བ་སྟོང་ཕྲག་མང་པོ་རྣམས། །དགེ་བའི་དོན་དུ་ཀུན་ནས་འདུས་པ་དག །མཆོག་ཏུ་དཀའ་བའི་སྡུག་བསྔལ་ཆེན་པོ་ཡི། །


DKG050_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ནི་སྙིང་རྗེ་ལ་ནི་ངུ་བར་བྱེད། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་སྨྲས་པ། བརྩོན་འགྲུས་ཏིང་འཛིན་བརྟན་པ་དང་། །མཁས་པ་དང་ནི་ཤེས་རབ་མཆོག །ཕྲེང་བ་དྲི་དང་བྱུག་པ་ཡིས། །དེ་ཕྱིར་ཁྱོད་ལ་མཆོད་པར་འོས། །བྱང་ཆུབ་སེམས་དཔའ་ནམ་མཁའི་ཕྱག་རྒྱས་སྨྲས་པ། སྙིང་རྗེ་ཆེན་པོས་སེམས་ཅན་ལ། །དེ་ལྟར་ཁྱོད་ཀྱིས་སྦྱིན་པ་བྱིན། །ཁྱོད་ནི་དུས་འདི་ཟད་ནས་ཀྱང་། །མགོན་པོ་མཚན་གྱི་མཆོག་ཏུ་འགྱུར། །བྱང་ཆུབ་སེམས་དཔའ་རྡོ་རྗེས་གཅོད་པ་ཤེས་རབ་སྣང་བའི་དཔལ་གྱིས་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་ནམ་མཁའ་རྒྱ་ཆེ་བ། །དེ་ལྟར་ཁྱོད་ཀྱི་སྙིང་རྗེའི་གནས། །ཁྱོད་ཀྱིས་སེམས་ཅན་འཇིགས་མེད་ལ། །བྱང་ཆུབ་སྤྱོད་པ་དག་ཀྱང་བསྟན། །བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བྱེད་ཤུགས་ཀྱིས་སྨྲས་པ། དེ་བཞིན་གཤེགས་པ་མ་གཏོགས་པར། །སེམས་ཅན་ལ་བརྩེ་གཞན་མེད་དེ། །གང་ཕྱིར་ཤེས་རབ་མཁས་པའི་མཆོག །ཁྱོད་ནི་ཡོན་ཏན་ཀུན་དང་ལྡན། །སྤོས་ཀྱི་སེང་གེས་སྨྲས་པ། ཁྱོད་ནི་མ་འོངས་དུས་ན་ནི། །བཟང་ལ་ཉོན་མོངས་བདུད་ཀྱི་ཚེ། །སེམས་ཅན་སྡུག་བསྔལ་སྒྲོལ་བྱེད་ཅིང་། །ཁྱོད་ཀྱི་གྲགས་དང་སྙན་པ་འཐོབ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། སྐྱེ་བའི་དགོན་པར་བརྩོན་གྱུར་ཅིང་། །ལོག་སྒྱུས་ཤིན་ཏུ་ཉམ་ང་བ། །ཤ་ཟ་བ་དང་ཁྲག་འཐུང་བའི། །སེམས་རྒྱུད་ཚིག་རྣམས་བཟུང་བར་གྱུར། །མི་འཁྲུགས་པས་སྨྲས་པ། མ་རིག་སྒོ་ངའི་སྦུབས་ཆུད་ཅིང་། །ཉོན་མོངས་འདམ་དུ་བྱིང་གྱུར་ལ། །མཚམས་མེད་པ་དག་བྱེད་པ་པོ། །སེམས་རྒྱུད་ཚིག་རྣམས་བཟུང་བར་གྱུར། །སྤོས་ཀྱི་གླང་པོས་སྨྲས་པ། ཁྱོད་ཀྱིས་མ་འོངས་འཇིགས་མཐོང་བ། །ཇི་ལྟར་མེ་ལོང་དཀྱིལ་འཁོར་བཞིན། །དམ་པའི་ཆོས་ནི་སྤོང་བྱེད་པའི། །སེམས་རྒྱུད་ཚིག་རྣམས་བཟུང་བར་གྱུར། །རིན་པོ་ཆེ་ཏོག་གིས་སྨྲས་པ། ཡེ་ཤེས་ཚུལ་ཁྲིམས་ཏིང་འཛིན་དང་། །སྙིང་རྗེའི་རྒྱན་གྱིས་བརྒྱན་པ་པོ། །འཕགས་ལ་སྐུར་པ་འདེབས་བྱེད་པ། །སེམས་རྒྱུད་ཚིག་རྣམས་བཟུང་བར་གྱུར། །འཇིགས་དང་གདུང་བྲལ་གྱིས་སྨྲས་པ། །ཁྱོད་ཀྱིས་ངན་སོང་གསུམ་ལམ་དུ། །


DKG050_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་སྡུག་བསྔལ་རྣམས་མཐོང་བ། །ཆང་པ་སྟོང་འདྲར་གནས་གྱུར་པ། །སེམས་རྒྱུད་ཚིག་རྣམས་བཟུང་བར་གྱུར། །ལག་ན་ཨུད་པ་ལས་སྨྲས་པ། ཁྱོད་ཀྱི་སྙིང་རྗེ་ཡེ་ཤེས་དང་། །བརྩོན་འགྲུས་ཀྱིས་ནི་འཁོར་བ་བཅོམ། །སྐྱེ་དང་འཆི་བས་གཟིར་གྱུར་པ། །སེམས་རྒྱུད་ཚིག་རྣམས་བཟུང་བར་གྱུར། །ཡེ་ཤེས་གྲགས་པས་སྨྲས་པ། ནད་མང་དག་གིས་ཉེན་པ་དང་། །ཉོན་མོངས་རླུང་གིས་དེད་པ་དག །ཡེ་ཤེས་ཆུ་ཡིས་ཞི་བྱས་ཏེ། །བདུད་ཀྱི་སྡེ་རྣམས་རབ་ཏུ་བཅོམ། །གཟུངས་ཀྱི་ཕྱག་རྒྱས་ཀྱང་སྨྲས་པ། །ཇི་ལྟར་ཁྱོད་ནི་ཉི་མ་བཞིན། །ཉོན་མོངས་དྲ་བ་རབ་བཅོམ་སྟེ། །ཉོན་མོངས་ཟད་ཅིང་རྣམ་ཐར་པའི། །བརྩོན་འགྲུས་བརྟན་པ་ངེད་ལ་མེད། །ཨུད་པ་ལ་ཟླ་བས་ཀྱང་སྨྲས་པ། ཇི་ལྟར་ཡོན་ཏན་སྙིང་རྗེའི་གནས། །བརྩོན་འགྲུས་བརྟན་པ་ཡང་དག་མོས། །སྲིད་པའི་འཆིང་བས་རབ་བསྡམས་པ། །ཁམས་གསུམ་པོ་དག་གྲོལ་བར་བྱེད། །དྲི་མེད་དབང་པོས་སྨྲས་པ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི། །སྙིང་རྗེ་ཆེན་པོ་དག་བསྟན་པ། །སྙིང་རྗེའི་རྒྱུ་ལས་བྱུང་བ་པོ། །ཁྱོད་ལ་བདག་ཅག་ཕྱག་འཚལ་ལོ། །སྟོབས་ཆེན་ཤུགས་འཆང་གིས་ཀྱང་སྨྲས་པ། ཉོན་མོངས་ལྡན་པའི་རྩོད་དུས་ཚེ། །བྱང་ཆུབ་གང་དག་ཁྱོད་ལ་རྟེན། །ཁྱོད་ཀྱིས་ཉོན་མོངས་རྩད་ནས་བཅད། །སྨོན་ལམ་བརྟན་པ་འགྲུབ་པར་འགྱུར། །སྐར་མ་སྐྱོང་གིས་ཀྱང་སྨྲས་པ། ཡེ་ཤེས་མཛོད་དང་མཚུངས་འདྲ་བ། །དྲི་མེད་སྨོན་ལམ་བཏབ་པ་ཡིས། །བྱང་ཆུབ་སྤྱོད་ཕྱིར་སེམས་ཅན་གྱི། །སྨན་དང་རྟེན་དུ་ཁྱོད་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་ཡང་དག་པར་སྟོན་པ་ངུ་ཞིང་བྲམ་ཟེའི་རྐང་པ་ལ་ཡན་ལག་ལྔས་ཕྱག་བྱས་ཏེ་ཐལ་མོ་སྦྱར་ནས་སྨྲས་པ། ཀྱེ་མ་ཤེས་སྒྲོན་སེམས་ཅན་རྣམས། །ཉོན་མོངས་ནད་རྣམས་རྣམ་པར་བཅོམ། །ཁྱོད་ནི་རབ་འབར་སྙིང་རྗེ་ཅན། །སེམས་ཅན་སྡུག་བསྔལ་གྲོལ་བར་མཛད། །རིགས་ཀྱི་བུ་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། དྲི་ཟ་དང་། མི་དང་བཅས་པ་དག་གིས་ཀྱང་བྲམ་ཟེའི་རྐང་པ་ལ་ཡན་ལག་ལྔས་ཕྱག་བྱས་ནས་ཐལ་


DKG050_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྦྱར་ཏེ་དོན་དང་། ཚིག་སྣ་ཚོགས་དང་ལྡན་པའི་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་ནས་འཁོད་དོ། །རིགས་ཀྱི་བུ་གང་གི་ཚེ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པ་དང་། དེ་ནས་དེའི་མོད་ལ་ས་ཆེར་གཡོས་པར་གྱུར་ཅིང་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གི་ས་ཡང་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། ལྡེག །རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག་ཅིང་། ཀུན་ཏུ་རབ་ཏུ་འུར་འུར་གྱི་བར་དུ་གྱུར་ནས་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་གང་དག་ན་སངས་རྒྱས་བཅོམ་ལྡན་འདས་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པ་དག་ཏུ་ཡང་སྣང་བ་ཆེན་པོ་བྱུང་བར་གྱུར་ཅིང་མེ་ཏོག་སྣ་ཚོགས་ཀྱི་ཆར་དག་ཀྱང་རབ་ཏུ་བབ་པར་གྱུར་ཏེ། འདི་ལྟ་སྟེ། མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། འོད་མཐའ་ཡས་ཀྱི་བར་གྱི་མེ་ཏོག་གི་ཆར་དེ་ལྟ་བུ་དག་ཀྱང་རབ་ཏུ་བབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཆོས་ཉན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྤྱན་སྔ་ན་འདུག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ས་གཡོས་པ་དེ་མཐོང་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་བཅོམ་ལྡན་འདས་འཇིག་རྟེན་དུ་ས་ཆེར་གཡོས་ཤིང་། མེ་ཏོག་གི་ཆར་ཆེན་པོ་ཡང་མངོན་པར་རབ་ཏུ་བབ་པར་གྱུར་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས་ཞེས་ཡོངས་སུ་ཞུས་སོ། །ཡང་དེའི་ཚེ་ན་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བསྩགས་པ་ཞེས་བྱ་བ་ཞིག་ཡོད་དེ། སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་བསྩགས་པ་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་


DKG050_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཟླ་བ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་གྲངས་མེད་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་གིས་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་ཏོག་དང་། ཟླ་བའི་ཏོག་ཅེས་བྱ་བའི་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་དུ་ས་ཆེན་པོ་གཡོས་ཤིང་མེ་ཏོག་གི་ཆར་ཆེན་པོ་དག་རབ་ཏུ་བབ་པར་གྱུར་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། དེ་བཞིན་གཤེགས་པ་རིན་ཆེན་ཟླ་བས་བཀའ་སྩལ་པ། རིགས་ཀྱི་བུ་དག་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་ཡང་དག་རྟོག་ཅེས་བྱ་བ་ཞིག་ཡོད་དེ། སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་དེ་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་ཞིག་བཞུགས་ཏེ་འཚོ་ཞིང་གཞེས་ལ་བྱང་ཆུབ་སེམས་དཔའི་ཡུལ་ཡང་དག་པར་སྟོན་པའི་སྨོན་ལམ་བཀོད་པའི་ཏིང་ངེ་འཛིན་གྱི་ཡུལ་དང་། གཟུངས་ཀྱི་སྒོ་བཀོད་པའི་ཆོས་ཀྱི་རྣམ་གྲངས་འཆད་ཅིང་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་གཅིག་ཅིག་ཡོད་པ་དེས་སྨོན་ལམ་འདི་ལྟ་བུ་བཏབ་ཅིང་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམས་པའི་ཚིག་བརྗོད་དེ། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པ་བཤད་པ་དང་། སྲོག་ཆགས་བྱེ་བ་ཕྲག་མང་པོ་དག་གིས་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཅིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ཀྱང་ཡོངས་སུ་བཟུང་བ་དང་། འདུལ་བའི་སེམས་ཅན་རྣམས་ཀྱང་ཡོངས་སུ་འདུལ་


DKG050_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བར་གྱི་སྨོན་ལམ་དེ་ལྟ་བུ་དག་ཀྱང་བརྗོད་པས་ན་གང་གིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ཟིལ་གྱིས་མནན་ཅིང་རྩོད་པའི་དུས་ཀྱི་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་ཞིང་ཉོན་མོངས་པའི་སྒྲིབ་པ་ཅན་དང་། མཚམས་མེད་པ་བྱེད་ཅིང་མི་དགེ་བའི་རྩ་བའི་བར་དག་དང་འགྲོགས་ལ་སེམས་ཀྱི་རྒྱུད་ཚིག་པའི་འདུལ་བ་ཐམས་ཅད་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཅིག་པུ་རྣམ་པ་ཐམས་ཅད་དུ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་གྱིས་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་དེ་སྤངས་ནས་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱི་མ་དེ་ལ་མཆོད་པ་བྱ་བའི་ཕྱིར་བརྩོན་ཞིང་ཡན་ལག་ལྔས་ཕྱག་བྱས་ཏེ་ཐལ་མོ་སྦྱར་ཞིང་འདུག་ནས་དེའི་བསྔགས་པ་ཡང་རྗོད་པར་བྱེད་དོ། །སེམས་ཅན་ཆེན་པོ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་འདུག་ཅིང་ལུང་བསྟན་པ་ཉན་ཏོ། །གང་གི་ཚེ་སེམས་ཅན་ཆེན་པོ་དེས་བཅོམ་ལྡན་འདས་དེའི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པར་གྱུར་པ་དེའི་ཚེ་བཅོམ་ལྡན་འདས་དེས་འདི་ལྟ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གཡོས་ཤིང་མེ་ཏོག་གི་ཆར་དག་ཀྱང་མངོན་པར་རབ་ཏུ་བབ་པར་གྱུར་པ་དེ་ལྟ་བུའི་འཛུམ་པ་མཛད་དོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རབ་ཏུ་སད་པར་བྱ་བ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྤྱོད་པ་ངེས་པ་བསྟན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་ཞིང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གི་ཕྱོགས་ནས་བསྡུ་བར་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཏིང་ངེ་འཛིན་གྱི་སྒོ་བསྟན་པའི་སྤྱོད་པ་འཇིགས་པ་མེད་པའི་ཆོས་ཀྱི་རྣམ་གྲངས་བཤད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེས་


DKG050_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་ཆོ་འཕྲུལ་དག་བསྟན་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་ལ་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་ཡོངས་སུ་ཞུས་པ། བཙུན་པ་བཅོམ་ལྡན་འདས་གང་གིས་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་དུ་ཉོན་མོངས་པ་དང་། འཁྲུག་པ་བདོ་ཞིང་རྩོད་པའི་དུས་ལ་བབ་པའི་དུས་ཡོངས་སུ་བཟུང་སྟེ། མཚམས་མ་མཆིས་པ་བགྱིད་པ་དང་། མི་དགེ་བའི་རྩ་བའི་བར་དང་འགྲོགས་པར་གྱུར་ཅིང་། སེམས་ཀྱི་རྒྱུད་ཚིག་པའི་འདུལ་བའི་སེམས་ཅན་རྣམས་ཀྱང་ཡོངས་སུ་བཟུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་ཡུན་རིང་པོ་ཇི་སྲིད་ཅིག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། ཡུན་རིང་པོ་ཇི་སྲིད་ཅིག་ཏུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ལགས། དེ་བཞིན་གཤེགས་པ་རིན་ཆེན་ཟླ་བས་བཀའ་སྩལ་པ། རིགས་ཀྱི་བུ་དག་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་ནི་ད་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་དོ། །རིགས་ཀྱི་བུ་དག་ཁྱེད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་དེར་དེང་ལ། ཏིང་ངེ་འཛིན་གྱི་སྒོ་བསྟན་པའི་སྤྱོད་པ་འཇིགས་པ་མེད་པའི་ཆོས་ཀྱི་རྣམ་གྲངས་དེ་ཡང་ཉོན་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་ལ་ངའི་ཚིག་གིས་དྲིས་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་སྐྱེས་བུ་དམ་པ་ཁྱོད་ལ་འདྲི་བ་མཛད་དེ། མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་འདི་ཡང་བསྐུར་ཞིང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ཁྱོད་ཀྱིས་དེ་ལྟར་སེམས་དང་པོ་བསྐྱེད་པ་ནས་སྙིང་རྗེ་ཆེན་པོ་བརྗོད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྒྲས་གང་བར་གྱུར་ཏེ། དེས་ན་ཁྱོད་ཀྱིས་ཐམས་ཅད་དུ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བའི་མིང་རབ་ཏུ་ཐོབ་པ་ཡིན་ནོ། །སྐྱེས་བུ་དམ་པ་དེའི་ཕྱིར་ཁྱོད་ནི་བྱང་ཆུབ་སེམས་དཔའ་སེམས་


DKG050_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཕྱི་མ་རྣམས་ལ་ཡང་སྙིང་རྗེ་ཆེན་པོ་བརྗོད་པའི་སྨོན་ལམ་གྱིས་ཡང་དང་ཡང་དུ་བྱམས་པའི་རྒྱལ་མཚན་ལེགས་པར་འཛུགས་པར་འགྱུར་ཏེ། སྐྱེས་བུ་དམ་པ་དེའི་ཕྱིར་མ་འོངས་པའི་བསྐལ་པ་གྲངས་མེད་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཏུ་ཡང་། ཡང་དང་ཡང་དུ་ཁྱོད་ཀྱི་སྙན་པ་དང་གྲགས་པའི་སྒྲས་ཀུན་ཏུ་གང་བར་འགྱུར་རོ། །གང་ཁྱོད་ཀྱིས་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་ནས་བཅོམ་ལྡན་འདས་ལ་ཕུལ་བ་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་པར་གྱུར་ཏེ། དེ་ལ་ཁ་ཅིག་སྨོན་ལམ་གྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ཡོངས་སུ་འཛིན་པར་འགྱུར་བ་གང་ཡིན་པ་དག་ནི་ཕྱིས་ལུང་བསྟན་པ་ཐོབ་པར་འགྱུར་རོ། །གང་དག་ཁྱོད་ཀྱིས་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པ་དེ་དག་ཐམས་ཅད་ཀྱང་ཕྱིས་བསྐལ་པ་གྲངས་མེད་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བར་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་པོ་གཞན་དག་ཏུ་སངས་རྒྱས་ཉིད་ཐོབ་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་ནས། དེ་དག་ཁྱོད་ལས་བརྩམས་ནས་བསྔགས་པ་བརྗོད་པར་འགྱུར་ཏེ། རྒྱུ་གསུམ་པོ་དེས་ན་སྐྱེས་བུ་དམ་པ་ཁྱོད་ལེགས་སོ་ཞེས་ཀྱང་སྨྲོས་ཤིག །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་གཉིས་ཀྱིས་ཚིག་འཐུན་པར་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བགྱི་བ་དང་། དེ་བཞིན་གཤེགས་པས་གང་ལ་ཡན་ལག་གསུམ་གྱིས་ལེགས་སོ་ཞེས་བགྱི་བ་སྤྲིང་ཞིང་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་འདི་བསྐུར་བའི་སྐྱེས་བུ་དམ་པ་དེ་


DKG050_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བལྟ་བའི་སླད་དུ་སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་དེར་མཆི་ལགས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་དུས་ལ་ད་བབ་པར་ཤེས་ན་དེང་ལ། དེར་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལས་ཏིང་ངེ་འཛིན་གྱི་སྒོ་བསྟན་པའི་སྤྱོད་པ་འཇིགས་པ་མེད་པའི་ཆོས་ཀྱི་རྣམ་གྲངས་དེ་ཡང་ཉོན་ཅིག །རིགས་ཀྱི་བུ་དེ་ནས་རིན་པོ་ཆེའི་ཏོག་དང་། ཟླ་བའི་ཏོག་གཉིས་ཀྱིས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་ལས་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་བླངས་ཏེ་བྱང་ཆུབ་སེམས་དཔའ་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་གཉིས་པོ་དག་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་རིན་ཆེན་བསྩགས་པ་ནས་འཕགས་ནས། འདི་ལྟ་སྟེ་དཔེར་ན་གློག་བཞིན་དུ་བྱང་ཆུབ་སེམས་དཔའི་འཁོར་དེ་དང་། སངས་རྒྱས་ཀྱི་ཞིང་རིན་ཆེན་བསྩགས་པ་དེ་ནས་མི་སྣང་བར་གྱུར་ཏེ་སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་གི་འཛམ་བུའི་ཚལ་གྱི་སྐྱེད་མོས་ཚལ་འདིར་ལྷགས་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་དག་གིས་མཆོད་པ་བྱས་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔ་ན་བྲམ་ཟེ་ལ་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ཀྱིས་ཐལ་མོ་སྦྱར་ཅིང་བསྔགས་པ་བརྗོད་པ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་དེ་གཉིས་འདི་སྙམ་དུ་སེམས་ཏེ་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བས་གང་ལ་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་འདི་དག་བསྐུར་བའི་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་ནི་འདི་ཡིན་པ་བལྟ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་གཉིས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིར་ཕྱོགས་ཏེ། བྲམ་ཟེ་ལ་མེ་ཏོག་ཕུལ་ནས་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བས་ཁྱོད་ལ་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་འདི་དག་ཀྱང་བསྐུར་ཏེ། སྐྱེས་བུ་དམ་པ་ཁྱོད་ལ་ལེགས་སོ་ཞེས་བྱ་བ་ཡང་སྤྲིང་


DKG050_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཞེས་བྱ་བའི་བར་དུ་ཇི་ལྟར་སྔར་སྨོས་པ་བཞིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་གྲངས་མེད་པ་དག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་དག་ཐོགས་ཏེ་སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་ཏུ་ལྷགས་པ་དང་། བྲམ་ཟེ་ལ་མེ་ཏོག་བསྐུར་བ་དང་། ཡན་ལག་གསུམ་གྱིས་ལེགས་སོ་ཞེས་བྱ་བ་སྤྲིང་བ་ཡང་ཇི་ལྟར་སྔར་སྨོས་པ་བཞིན་ནོ། །དེ་བཞིན་དུ་ལྷོ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་བདུན་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་བ་གམ་གྱིས་བསྒྱིངས་པ་ཞེས་བྱ་བ་ཞིག་ཡོད་དེ། སངས་རྒྱས་ཀྱི་ཞིང་བ་གམ་གྱིས་བསྒྱིངས་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེ་ལྟར་བསྒྱིངས་པའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཞིག་དག་ལ་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་གི་ཆོས་སྟོན་ཏོ། །འཁོར་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཉིས་ལ་གཅིག་ནི་ཡེ་ཤེས་རྡོ་རྗེའི་ཏོག་ཅེས་བྱ། ཅིག་ཤོས་ནི་སེང་གེ་རྡོ་རྗེའི་ཏོག་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་སེང་གེ་ལྟར་བསྒྱིངས་པའི་དབང་ཕྱུག་རྒྱལ་པོ་ལ་ཡོངས་སུ་ཞུས་པ། བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་དུ་ས་ཆེར་གཡོས་ཤིང་མེ་ཏོག་གི་ཆར་ཆེན་པོ་བབ་པར་གྱུར་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས་ཞེས་བྱ་བའི་བར་དུ་ཇི་ལྟར་སྔར་སྨོས་པ་བཞིན་ནོ། །དེ་བཞིན་དུ་སྦྱར་ཏེ་ལྷོ་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་གྲངས་མེད་པ་གཞན་དང་གཞན་དག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་ཏུ་ལྷགས་པའི་བར་དུ་ཡང་ཇི་ལྟར་སྔར་སྨོས་པ་བཞིན་ནོ། །ཡང་དེའི་ཚེ་ན་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་


DKG050_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་གཅིག་འདས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སངས་རྒྱས་ཀྱི་ཞིང་རྒྱལ་བ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དབང་པོ་ཐུལ་བ་ཡངས་པའི་སྤྱན་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་འཁོར་བཞི་པོ་དག་ལ་ཐེག་པ་གསུམ་གྱིས་ཆོས་སྟོན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་སྣང་བྱེད་བཟང་པོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཉིས་པ་སེང་གེ་ལྟར་བསྒྱིངས་པ་ཞེས་བྱ་བ་ཞིག་ཡོད་དེ། སྐྱེས་བུ་དམ་པ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་དབང་པོ་ཐུལ་བ་ཡངས་པའི་སྤྱན་ལ་ས་ཆེར་གཡོས་ཤིང་མེ་ཏོག་གི་ཆར་ཆེན་པོ་བབ་པ་ཅི་ལས་གྱུར་ཅེས་དོན་དེ་ཡོངས་སུ་ཞུས་པའི་བར་དུ་ཡང་ཇི་ལྟར་སྔར་སྨོས་པ་བཞིན་ནོ། །ཡང་དེའི་ཚེ་ན་བྱང་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་ངུར་སྨྲིག་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་ཞིག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་དག་ལ་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་གི་ཆོས་སྟོན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཉིས་ལ་གཅིག་ནི་མི་གཡོ་བརྟན་པ་ཞེས་བྱ། ཅིག་ཤོས་ནི་ཤེས་རབ་འཛིན་ཅེས་བྱ་སྟེ། དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ལ་བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་དུ་ས་ཆེར་གཡོས་ཤིང་མེ་ཏོག་གི་ཆར་ཆེན་པོ་བབ་པར་གྱུར་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས་ཞེས་ཡོངས་སུ་ཞུས་པའི་བར་དུ་ཡང་ཇི་ལྟར་སྔར་སྨོས་པ་བཞིན་ནོ། །ཡང་དེའི་ཚེ་ན་འོག་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་བརྒྱད་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་གཏི་མུག་མུན་བྲལ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཀུན་ནས་ལྡང་བའི་འཇིགས་པ་དང་བྲལ་བའི་དབྱངས་ཞེས་བྱ་བ་


DKG050_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཏེ་འཚོ་ཞིང་གཞེས་ལ་འཁོར་བཞི་པོ་དག་ལ་ཐེག་པ་གསུམ་གྱིས་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་གཉིས་ལ་གཅིག་ནི་རྣམ་པར་སྣང་བྱེད་རྡུལ་བྲལ་ཞེས་བྱ། ཅིག་ཤོས་ནི་རྣམ་པར་སྣང་བྱེད་ཉི་མ་ཞེས་བྱ་བའི་བར་དུ་ཇི་ལྟར་སྔར་སྨོས་པ་བཞིན་ནོ། །ཡང་དེའི་ཚེ་ན་སྟེང་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ཉི་འབུམ་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་ཞིག་ཡོད་དེ། སངས་རྒྱས་ཀྱི་ཞིང་མེ་ཏོག་ཀུན་ཏུ་རྒྱས་པ་དེ་ན། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མེ་ཏོག་རབ་རྒྱས་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་ཞིག་བཞུགས་ཏེ་འཚོ་ཞིང་གཞེས་ལ་འཁོར་བཞི་པོ་དག་ལ་ཐེག་པ་གསུམ་གྱིས་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཉིས་ཤིག་འཁོད་པ་ལ་གཅིག་ནི་རང་གིས་རྣམ་པར་འབྱེད་པས་ཡུལ་ཡང་དག་པར་འཁྲུག་པ་ཞེས་བྱ། ཅིག་ཤོས་ནི་བྱང་ཆུབ་སེམས་དཔའ་གཟུངས་ཀྱིས་ཡང་དག་པར་རབ་ཏུ་དགའ་བ་རྣམ་པར་འཁྲུགས་པ་ཞེས་བྱ་སྟེ། སྐྱེས་བུ་དམ་པ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མེ་ཏོག་རབ་རྒྱས་ལ་བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་དུ་ས་ཆེར་གཡོས་ཤིང་མེ་ཏོག་གི་ཆར་ཆེན་པོ་བབ་པར་གྱུར་པའི་རྒྱུ་གང་ལགས། རྐྱེན་ནི་གང་ལགས་ཞེས་ཞུས་པ་དང་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མེ་ཏོག་རབ་རྒྱས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནས་འོག་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ཉི་འབུམ་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་ཡང་དག་རྟོག་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་ཞིག་བཞུགས་ཏེ་འཚོ་ཞིང་གཞེས་ལ། བྱང་ཆུབ་སེམས་དཔའི་ཡུལ་དང་ཞིང་ཡང་དག་པར་སྟོན་པའི་སྨོན་ལམ་གྱི་ཡུལ་བཀོད་པའི་ཏིང་ངེ་འཛིན་གྱི་ཡུལ་དང་། གཟུངས་ཀྱི་སྒོ་བཀོད་པའི་ཆོས་ཀྱི་རྣམ་གྲངས་འཆད་ཅིང་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་


DKG050_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་གཅིག་ཅིག་ཡོད་པ་དེས་སྨོན་ལམ་འདི་ལྟ་བུ་བཏབ་ཅིང་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམས་པའི་ཚིག་བརྗོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་བཤད་པ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་དག་གིས་སངས་རྒྱས་ཀྱི་ཞིང་གི་སྨོན་ལམ་བཏབ་ཅིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དང་། འདུལ་བའི་སེམས་ཅན་རྣམས་ཀྱང་ཡོངས་སུ་བཟུང་བའི་སྨོན་ལམ་དེ་ལྟ་བུ་དག་ཀྱང་བརྗོད་པས་ན། གང་གིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ཟིལ་གྱིས་མནན་ཅིང་རྩོད་པའི་དུས་ཀྱི་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་ཞིང་ཉོན་མོངས་པའི་སྒྲིབ་པ་ཅན་དང་། མཚམས་མེད་པ་བྱེད་ཅིང་མི་དགེ་བའི་རྩ་བའི་བར་དང་འགྲོགས་ལ་སེམས་ཀྱི་རྒྱུད་ཚིག་པའི་འདུལ་བ་ཐམས་ཅད་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཅིག་པུ་རྣམ་པ་ཐམས་ཅད་དུ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་གྱིས་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལ་མཆོད་པ་བྱ་བ་སྤངས་ནས་སྙིང་རྗེ་ཆེན་པོ་དང་ལྡན་པ་ཕྱི་མ་དེ་ལ་མཆོད་པ་བྱ་བའི་ཕྱིར་བརྩོན་ཞིང་ཡན་ལག་ལྔས་ཕྱག་བྱས་ཏེ་ཐལ་མོ་སྦྱར་ཅིང་འདུག་ནས་དེའི་བསྔགས་པ་ཡང་རྗོད་པར་བྱེད་དོ། །སེམས་ཅན་ཆེན་པོ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔ་ན་འདུག་ཅིང་ལུང་བསྟན་པ་ཉན་ཏོ། །གང་གི་ཚེ་སེམས་ཅན་ཆེན་པོ་དེས་བཅོམ་ལྡན་འདས་དེའི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པར་གྱུར་པ་དེའི་ཚེ་བཅོམ་ལྡན་འདས་དེས་འདི་ལྟ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གི་ས་ཆེན་པོ་དག་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་ཤིང་འགུལ་བ་དང་། མེ་ཏོག་གི་ཆར་དག་ཀྱང་མངོན་པར་རབ་


DKG050_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བབ་པར་གྱུར་པ་དེ་ལྟ་བུའི་འཛུམ་པ་མཛད་དོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རབ་ཏུ་སད་པར་བྱ་བ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྤྱོད་པ་ངེས་པར་བསྟན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གི་ཕྱོགས་ནས་བསྡུ་བར་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཏིང་ངེ་འཛིན་གྱི་སྒོ་བསྟན་པའི་སྤྱོད་པ་འཇིགས་པ་མེད་པའི་ཆོས་ཀྱི་རྣམ་གྲངས་བཤད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེས་དེ་ལྟ་བུའི་ཆོ་འཕྲུལ་བསྟན་ཏོ།། །།བམ་པོ་བཅུ་གཉིས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མེ་ཏོག་རབ་རྒྱས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་རྣམ་པར་འབྱེད་པས་ཡུལ་ཡང་དག་པར་འཁྲུགས་པ་དང་། གཟུངས་ཀྱིས་ཡང་དག་པར་རབ་ཏུ་དགའ་བ་རྣམ་པར་འཁྲུགས་པ་ཞེས་བྱ་བའི་རིགས་ཀྱི་བུ་དེ་གཉིས་ཀྱིས་ཡོངས་སུ་ཞུས་པ། བཙུན་པ་བཅོམ་ལྡན་འདས་གང་གིས་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་དུ་ཉོན་མོངས་པ་དང་འཁྲུག་པ་བདོ་ཞིང་རྩོད་པའི་དུས་ལ་བབ་པའི་དུས་ཡོངས་སུ་བཟུང་ཞིང་མཚམས་མ་མཆིས་པ་བགྱིད་པ་དང་། མི་དགེ་བའི་རྩ་བའི་བར་དང་འགྲོགས་པར་གྱུར་ཅིང་། སེམས་ཀྱི་རྒྱུད་ཚིག་པའི་འདུལ་བའི་སེམས་ཅན་རྣམས་ཀྱང་ཡོངས་སུ་བཟུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་ཡུན་རིང་པོ་ཇི་སྲིད་ཅིག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། ཡུན་རིང་པོ་ཇི་སྲིད་ཅིག་ཏུ་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་ལགས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མེ་ཏོག་རབ་རྒྱས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་ནི་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རིགས་ཀྱི་བུ་དག་ཁྱེད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་


DKG050_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཏིང་ངེ་འཛིན་གྱི་སྒོ་བསྟན་པའི་སྤྱོད་པ་འཇིགས་པ་མེད་པའི་ཆོས་ཀྱི་རྣམ་གྲངས་དེ་ཡང་མཉན་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཡང་དག་རྟོག་དེར་དོང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་ལ་ངའི་ཚིག་གིས་དྲིས་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མེ་ཏོག་རབ་རྒྱས་སྐྱེས་བུ་དམ་པ་ཁྱོད་ལ་དྲི་བར་མཛད་དེ། མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་འདི་དག་ཀྱང་བསྐུར་ཞིང་ལེགས་སོ་ཞེས་བྱ་བ་ཡང་བྱིན་ཏེ།སྐྱེས་བུ་དམ་པ་ཁྱོད་ཀྱིས་དེ་ལྟར་སེམས་དང་པོ་བསྐྱེད་པ་ནས་སྙིང་རྗེ་ཆེན་པོ་བརྗོད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཏུ་སྒྲས་གང་བར་གྱུར་ཅིང་། སྙིང་རྗེ་ཆེན་པོའི་སྒྲ་ཡང་རབ་ཏུ་ཐོབ་པ་ཡིན་ནོ། །སྐྱེས་བུ་དམ་པ་དེའི་ཕྱིར་ན་ཁྱོད་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱི་མ་རྣམས་ལ་ཡང་སྙིང་རྗེ་ཆེན་པོ་བརྗོད་པའི་སྨོན་ལམ་གྱིས་ཡང་དང་ཡང་དུ་བྱམས་པའི་རྒྱལ་མཚན་ལེགས་པར་འཛུགས་པར་འགྱུར་ཏེ། སྐྱེས་བུ་དམ་པ་དེའི་ཕྱིར་མ་འོངས་པའི་བསྐལ་པ་གྲངས་མེད་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཏུ་ཡང་དང་ཡང་དུ་ཁྱོད་ཀྱི་སྙན་པ་དང་། གྲགས་པའི་སྒྲས་ཀུན་ཏུ་གང་བར་འགྱུར་རོ། །སྐྱེས་བུ་དམ་པ་དེའི་ཕྱིར་ཁྱོད་ཀྱིས་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་ནས། བཅོམ་ལྡན་འདས་ལ་ཕུལ་བ་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ས་ལ་བཀོད་པར་གྱུར་ཏེ་དེ་ལ་ཁ་ཅིག་གིས་བཅོམ་ལྡན་འདས་ཀྱི་ཐད་ནས་སྨོན་ལམ་གྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ཡོངས་སུ་བཟུང་བ་དག་དང་། འདུལ་བའི་སེམས་ཅན་རྣམས་ཀྱང་སྙིང་


DKG050_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་འོད་ཟེར་དག་གིས་ཀུན་ཏུ་བཀབ་པར་གྱུར་ཏོ། །གང་དག་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ནས་ལུང་བསྟན་པ་མ་ཐོབ་པ་དེ་དག་ཀྱང་ཕྱིས་ལུང་བསྟན་པ་ཐོབ་པར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་ཕྱིས་བསྐལ་པ་གྲངས་མེད་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བར་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་པོ་གཞན་དག་ཏུ་སངས་རྒྱས་ཉིད་ཐོབ་ཅིང་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཁྱོད་ཉིད་ལས་བརྩམས་ཤིང་བསྔགས་པ་རྗོད་པར་འགྱུར་ཏེ། རྒྱུ་གསུམ་པོ་དེས་ན་སྐྱེས་བུ་དམ་པ་ཁྱོད་ལེགས་སོ་ཞེས་ཀྱང་སྨྲོས་ཤིག །ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་དག་གིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། དེ་བཞིན་གཤེགས་པས་གང་ལ་ཡན་ལག་གསུམ་གྱིས་ལེགས་སོ་ཞེས་བགྱི་བ་སྤྲིང་ཞིང་། མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་འདི་དག་བསྐུར་བའི་སྐྱེས་བུ་དམ་པ་དེ་ཡང་བལྟ་བའི་སླད་དུ་སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་དེར་མཆི་ལགས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མེ་ཏོག་རབ་རྒྱས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་དུས་ལ་ད་བབ་པར་ཤེས་ན་ཁྱེད་ཅག་དེང་ལ་དེར་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལས་ཏིང་ངེ་འཛིན་གྱི་སྒོ་བསྟན་པའི་སྤྱོད་པ་འཇིགས་པ་མེད་པའི་ཆོས་ཀྱི་རྣམ་གྲངས་དེ་ཡང་ཉོན་ཅིག །རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་རང་གིས་རྣམ་པར་འབྱེད་པས་ཡུལ་ཡང་དག་པར་འཁྲུགས་པ་དང་། གཟུངས་ཀྱིས་ཡང་དག་པར་རབ་ཏུ་དགའ་བ་རྣམ་པར་འཁྲུགས་པ་ཞེས་བྱ་བ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མེ་ཏོག་རབ་རྒྱས་དེ་ལས་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་དག་བླངས་ནས་བྱང་ཆུབ་སེམས་དཔའ་བྱེ་


DKG050_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྲག་མང་པོ་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་གི་མེ་ཏོག་ཀུན་ཏུ་རྒྱས་པ་ནས་འཕགས་ཏེ་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་འདིའི་འཛམ་བུའི་ཚལ་གྱི་སྐྱེད་མོས་ཚལ་དུ་ལྷགས་ཏེ་ཕྱིན་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ག་ལ་བ་དེར་དོང་ངོ་། །ཡང་དེའི་ཚེ་ན་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་ཐེག་པ་ཆེན་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དག་དང་། སྙིང་པོ་ལྷ་རྣམས་དང་། ལྟོ་འཕྱེ་ཆེན་པོའི་བར་དག་གིས་འདི་ལྟར་ཡོངས་སུ་གང་བར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན། བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་ཚལ་ལམ། ཏིལ་གྱི་ཞིང་ངམ། འབྲས་ཀྱི་ཞིང་རྒྱས་པས་ཀུན་ཏུ་ཁྱབ་པར་གྱུར་པ་དེ་བཞིན་དུ། དེའི་ཚེ་ན་སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་ཀྱང་ཐེག་པ་ཆེན་པོའི་རིགས་ཀྱི་བུ་རྣམས་དང་། ལྟོ་འཕྱེ་ཆེན་པོའི་བར་དག་གིས་ཡོངས་སུ་གང་ཞིང་ཁྱབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཏིང་ངེ་འཛིན་གྱི་སྟོབས་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་དག་གིས་མཆོད་པ་བྱས་ནས། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔ་ན་བྲམ་ཟེ་ལ་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཐལ་མོ་སྦྱར་ཏེ་བསྔགས་པ་བརྗོད་ཅིང་འཁོད་པ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མེ་ཏོག་རབ་རྒྱས་ཀྱིས་གང་ལ་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་འདི་དག་བསྐུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་ནི་འདི་ཡིན་པ་ལྟ་སྙམ་ནས། བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ཀྱི་དྲུང་ནས་ཕྱིར་ཕྱོགས་ཏེ། བྲམ་ཟེ་དེ་ལ་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་དེ་དག་ཕུལ་ནས་སྨྲས་པ། སྐྱེས་བུ་དམ་པ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མེ་ཏོག་རབ་རྒྱས་ཀྱིས་ཁྱོད་ལ་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་འདི་


DKG050_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཞིང་སྐྱེས་བུ་དམ་པ་ཁྱོད་ལ་ལེགས་སོ་ཞེས་བྱ་བ་ཡང་བྱིན་ཏེ། ཡན་ལག་གསུམ་གྱིས་ལེགས་སོ་ཞེས་བྱ་བ་བརྗོད་པའི་བར་དུ་ཡང་ཇི་ལྟར་སྔར་སྨོས་པ་བཞིན་ནོ། །མེ་ཏོག་གང་ཡིན་པ་དེ་དག་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ཏུ་ཆར་བཞིན་དུ་རབ་ཏུ་འབབ་པ་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་དགེ་བའི་སྒྲ་རྣམ་པ་སྣ་ཚོགས་དག་གིས་ཀྱང་ཀུན་གྱིས་གང་བར་གྱུར་ཏེ། འདི་ལྟ་སྟེ་སངས་རྒྱས་ཀྱི་སྒྲ་དང་།ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། སྣང་བའི་སྒྲ་དང་། ཕ་རོལ་ཏུ་ཕྱིན་པའི་སྒྲ་དང་། སྟོབས་ཀྱི་སྒྲ་དང་། མི་འཇིགས་པའི་སྒྲ་དང་། མངོན་པར་ཤེས་པའི་སྒྲ་དང་། མངོན་པར་འདུ་བྱ་བ་མེད་པའི་སྒྲ་དང་། སྐྱེ་བ་མེད་པའི་སྒྲ་དང་། འགག་པ་མེད་པའི་སྒྲ་དང་། ཞི་བའི་སྒྲ་དང་། ཉེ་བར་ཞི་བའི་སྒྲ་དང་། རབ་ཏུ་ཞི་བའི་སྒྲ་དང་། བྱམས་པ་ཆེན་པོའི་སྒྲ་དང་། སྙིང་རྗེ་ཆེན་པོའི་སྒྲ་དང་། མི་སྐྱེ་བའི་ཆོས་ཀྱི་སྒྲ་དང་། དབང་བསྐུར་བའི་ས་ཐོབ་པའི་སྒྲ་དང་། ཐེག་པ་ཆེན་པོའི་གཏམ་འབའ་ཞིག་གི་སྒྲ་སྟེ། མེ་ཏོག་གི་ཆར་ཆེན་པོ་དེ་དག་གིས་དགེ་བའི་སྒྲ་དེ་ལྟ་བུས་སངས་རྒྱས་ཀྱི་ཞིང་དེ་དག་བཀང་སྟེ་གནས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། ཆོས་ཟབ་མོ་ལ་དབང་ཐོབ་པ། གང་དག་འདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་སྟོང་པ་དེ་དག་ཏུ་ལྷགས་པ་དེ་དག་གིས་སྒྲ་དེ་ཐོས་ནས་སངས་རྒྱས་ཀྱི་མཐུ་དང་། སྨོན་ལམ་གྱི་དབང་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས། དེ་དག་དེ་ནས་རྫུ་འཕྲུལ་གྱིས་འདི་ལྟར་མགྱོགས་པར་དོང་སྟེ། འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པ་ལག་པ་བརྐྱང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་། སངས་རྒྱས་ཀྱི་ཞིང་སྟོང་པ་དེ་དག་ནས་དོང་སྟེ། སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་འདིར་ལྷགས་ནས། བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་དག་གིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལ་མཆོད་པ་བྱས་ཤིང་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་ཡང་


DKG050_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བྱས་ནས་ཆོས་ཉན་པའི་ཕྱིར་གནས་ཇི་ལྟ་བུ་ཐོབ་པར་འཁོད་དོ། །རིགས་ཀྱི་བུ་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་དེས་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་དེ་ལ་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་དེ་དག་གིས་མཆོད་པ་བྱས་ཏེ་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ཏིང་ངེ་འཛིན་གློག་གི་སྒྲོན་མ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་གནས་པར་གྱུར་ནས་རི་དང་། ཤིང་ལྗོན་པ་རྣམས་དང་། རྩྭ་དང་། ཤིང་དང་། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་ཀུན་ཏུ་སྣང་ངོ་། །སེམས་ཅན་གང་དག་ཆོས་མཉན་པའི་ཕྱིར་དེ་ན་འཁོད་པ་དེ་དག་ཀྱང་དགེ་བའི་ཕྱོགས་ཇི་ལྟ་བུ་ཡིད་ལ་བྱེད་པ་དེ་ལྟ་བུའི་ལུས་སུ་ཁ་ཅིག་ནི་སེར་པོ། ཁ་ཅིག་ནི་དཀར་པོ། ཁ་ཅིག་ནི་བཙོད་ཁ། ཁ་ཅིག་ནི་དམར་པོ། ཁ་ཅིག་ནི་ནག་པོ། ཁ་ཅིག་ནི་སྐྱ་བོར་གནས་ཏེ། ཁ་ཅིག་གི་ནི་ལུས་ནི་རླུང་ལྟ་བུར་ཀུན་ཏུ་སྣང་། ཁ་ཅིག་ནི་མེ་ལྟ་བུར། ཁ་ཅིག་ནི་ནམ་མཁའ་ལྟ་བུར། ཁ་ཅིག་ནི་སྨིག་རྒྱུ་ལྟ་བུར། ཁ་ཅིག་ནི་ཆུ་ལྟ་བུར། ཁ་ཅིག་ནི་རི་ལྟ་བུར། ཁ་ཅིག་ནི་ཚངས་པ་ལྟ་བུར། ཁ་ཅིག་ནི་བརྒྱ་བྱིན་ལྟ་བུར། ཁ་ཅིག་ནི་མེ་ཏོག་ལྟ་བུར། ཁ་ཅིག་ནི་ནམ་མཁའ་ལྡིང་ལྟ་བུར། ཁ་ཅིག་ནི་སེང་གེ་ལྟ་བུར། ཁ་ཅིག་ནི་ཉི་མ་ལྟ་བུར། ཁ་ཅིག་ནི་ཟླ་བ་ལྟ་བུར། ཁ་ཅིག་ནི་སྐར་མ་ལྟ་བུར། ཁ་ཅིག་ནི་བྱ་རྒོད་ལྟ་བུ་དང་། ཁ་ཅིག་ནི་ཝ་ལྟ་བུ་དག་ཏུ་ཀུན་ཏུ་སྣང་སྟེ། ཆོས་མཉན་པའི་ཕྱིར་དེ་ན་འཁོད་པའི་སེམས་ཅན་དེ་དག་དགེ་བའི་ཕྱོགས་ཇི་ལྟ་བུ་ཡིད་ལ་བྱེད་པ་དེ་ལྟ་བུའི་ལུས་སུ་ཀུན་ཏུ་སྣང་ངོ་། །རིགས་ཀྱི་བུ་དེ་ན་སེམས་ཅན་གང་དག་གིས་རང་རང་གི་ལུས་ཇི་ལྟ་བུར་མཐོང་བ་དེ་ལྟ་བུར་སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྐུ་ཡང་མཐོང་ངོ་། །རིགས་ཀྱི་བུ་མདུན་ན་འདོན་གྱི་གཙོ་བོ་


DKG050_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་རྒྱ་མཚོའི་རྡུལ་དེས་ཀྱང་མདུན་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་རིན་པོ་ཆེ་སྣ་བདུན་གྱིས་པད་མ་འདབ་མ་སྟོང་དང་ལྡན་པའི་ཟེ་བ་ལ་བཞུགས་པར་མཐོང་ངོ་། །རིགས་ཀྱི་བུ་དེ་ན་སེམས་ཅན་གང་དག་ས་དང་ནམ་མཁའ་ལ་འདུག་པའམ། འགྲེང་བའི་སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྐུ་ཡང་དེ་ལྟར་མཐོང་སྟེ། བདག་ནི་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔ་ན་འདུག་སྟེ། ཐུགས་ཐམས་ཅད་ཀྱིས་དགོངས་ཤིང་བདག་གཅིག་པུ་ལས་བརྩམས་ཏེ་ཆོས་སྟོན་ཏོ་སྙམ་མོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོས་བྲམ་ཟེ་རྒྱ་མཚོའི་རྡུལ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྲམ་ཟེ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་སེམས་ཅན་བགྲང་བ་ལས་ཡང་དག་པར་འདས་པ་རྣམས་ལ་ཕན་པ་བྱེད་པ་དང་། འཇིག་རྟེན་ལ་སྣང་བ་བྱེད་པར་གྱུར་པ་ནི་སྙིང་རྗེ་དང་ལྡན་པ་ཡིན་ཏེ་ལེགས་སོ་ལེགས་སོ། །བྲམ་ཟེ་འདི་ལྟ་སྟེ་དཔེར་ན་མེ་ཏོག་གི་ཞིང་ཕུན་སུམ་ཚོགས་པ་ཞིག་ལ་ཁ་དོག་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རེག་པ་སྣ་ཚོགས་དང་། འདབ་མ་སྣ་ཚོགས་དང་། སྡོང་བུ་སྣ་ཚོགས་དང་། རྩ་བ་སྣ་ཚོགས་དང་། སྨན་གྱི་ཡོ་བྱད་ཀྱི་གནས་སྣ་ཚོགས་ཡོད་དོ། །དེ་ལ་མེ་ཏོག་ཁ་ཅིག་གི་ཁ་དོག་དང་དྲིས་ནི་དཔག་ཚད་བརྒྱར། ཁ་ཅིག་གིས་ནི་དཔག་ཚད་ཉིས་བརྒྱར། ཁ་ཅིག་གིས་ནི་དཔག་ཚད་སུམ་བརྒྱར་ལྷང་ངེ་ལྷན་ནེར་བྱེད་ཅིང་དེ་བཞིན་དུ་སྦྱར་ཏེ། དེ་ན་མེ་ཏོག་ཁ་ཅིག་གི་ཁ་དོག་དང་དྲིས་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལྷང་ངེ་ལྷན་ནེར་བྱེད་ལ། དེ་ན་སེམས་ཅན་གང་དག་མིག་མེད་པ་དེ་དག་གིས་མེ་ཏོག་དེའི་དྲི་བསྣམས་ན་ནི་མིག་དག་ཐོབ་པར་འགྱུར། འོན་པ་རྣམས་ཀྱིས་ནི་རྣ་བ་དག་ཐོབ་པར་འགྱུར། ཡན་ལག་ཐམས་ཅད་ཀྱི་བར་དག་ཉམས་པ་རྣམས་ཀྱིས་ནི་ཡན་ལག་ཐམས་ཅད་འཐོབ་པར་འགྱུར་བ་དང་། དེ་ན་སེམས་ཅན་གང་དག་ནད་བཞི་བརྒྱ་རྩ་བཞི་པོ་དག་གིས་གཙེས་པར་གྱུར་པ་དེ་དག་གིས་དྲི་བསྣམས་ན་ནི་ནད་ཐམས་ཅད་ལས་


DKG050_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཐར་བར་འགྱུར་བ་དང་དེ་ན་སེམས་ཅན་གང་དག་མྱོས་པ་དང་། བརྒྱལ་བ་དང་། སྨྱོས་པ་དང་། རེངས་པ་དང་། སེམས་རྨུགས་པ་དང་། སེམས་རྣམ་པར་གཡེངས་པ་དང་། དྲན་པ་རབ་ཏུ་ཉམས་པ་རྣམས་ཀྱིས་མེ་ཏོག་དེ་དག་གི་དྲི་བསྣམས་ན་ནི་དྲན་པ་ཐམས་ཅད་ཐོབ་པར་འགྱུར་བ་ཞིག་ཡོད་ལ། མེ་ཏོག་གི་ཤིང་དེའི་ནང་ནས་པད་མ་དཀར་པོ་མཁྲང་བ་སྲ་བ་རྡོ་རྗེ་ལས་གྲུབ་པ་འཇམ་པ་སྡོང་བུ་ནི་བཻ་དཱུརྱ། འདབ་མ་ནི་གསེར། ཟེ་འབྲུ་ནི་རྡོའི་སྙིང་པོ། ཟེ་བ་ནི་མུ་ཏིག་དམར་པོ། འཕང་དུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་། རྒྱར་ནི་དཔག་ཚད་འབུམ་ཡོད་པ་གཅིག་ཅིག་སྐྱེས་པར་གྱུར་ལ། པད་མ་དཀར་པོ་དེའི་ཁ་དོག་དང་དྲིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ ཕྲ་རབ་ཀྱི་རྡུལ་སྙེད་དག་ཏུ་ཁྱབ་ཅིང་ལྷང་ངེ་ལྷན་ནེར་འགྱུར་ལ། བྲམ་ཟེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་པོ་དེ་དག་ན་སེམས་ཅན་གྱི་ཁམས་གང་དག་ལུས་མི་འཐུན་པ་དང་། ནད་ཀྱིས་ཉེན་པ་དང་། ཡན་ལག་ཉམས་པ་དང་། མྱོས་པ་དང་། བརྒྱལ་བ་དང་། སྨྱོས་པ་དང་། གཉིད་ལོག་པ་དང་། དྲན་པ་རབ་ཏུ་ཉམས་པ་དང་། སེམས་རྣམ་པར་གཡེངས་པའི་སེམས་ཅན་དེ་དག་གིས་པད་མ་དཀར་པོ་དེའི་འོད་མཐོང་ཞིང་དྲི་བསྣམས་ན་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང་དྲན་པ་ཡང་ཐོབ་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་གང་དག་ཤི་ནས་ཡུན་རིང་པོ་མ་ལོན་ཞིང་ལུས་མ་ཞིག་པ་དེ་དག་གི་རོ་ལ་པད་མ་དཀར་པོ་དེའི་འོད་ཟེར་དག་གིས་ཕོག་གམ། དྲིས་རེག་ན་རོ་དེ་དག་ཀྱང་སྲོག་གི་དབང་པོ་འཐོབ་པར་འགྱུར་ཞིང་ཡང་ཕྱིས་ལངས་ཏེ་མཛའ་བཤེས་དང་། སྣག་གི་གཉེན་མཚམས་དག་མཐོང་ནས་དེ་དག་ཐམས་ཅད་སྐྱེད་མོས་ཚལ་དུ་ཞུགས་ཏེ། འདོད་པའི་ཡོན་ཏན་ལྔ་པོ་དག་འབྱོར་ཅིང་ལྡན་པར་འགྱུར་ལ་གནས་པར་འགྱུར་བ་དང་། གང་དག་ཡང་དེ་ནས་ཤི་འཕོས་པར་འགྱུར་བ་དེ་དག་ཀྱང་ཚངས་པའི་གནས་དག་པར་སྐྱེ་བར་འགྱུར་ལ། དེ་དག་དེར་ཚེ་དཔག་ཏུ་མེད་པར་འགྱུར་ཞིང་ཡུན་རིང་པོར་གནས་པར་འགྱུར་


DKG050_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། དེ་ནས་ཤི་འཕོས་ནས་ཀྱང་གཞན་དུ་སྐྱེ་བར་མི་འགྱུར་བ་ཞིག་ཡོད་ན། བྲམ་ཟེ་མེ་ཏོག་གི་ཤིང་དེ་ཇི་ལྟ་བར་ཐེག་པ་ཆེན་པོའི་འདུས་པ་འདི་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཇི་ལྟར་ཉི་མ་འཆར་བ་ཉེ་བར་གནས་པའི་དུས་ན་མེ་ཏོག་དེ་དག་ཁ་བྱེ་ཞིང་རབ་ཏུ་རྒྱས་པར་གྱུར་ནས་ལྷང་ངེ་ལྷན་ནེ། ཤིང་ཁ་ཅིག་གི་འཕང་དུ་ནི་དཔག་ཚད་བརྒྱ། ཁ་ཅིག་གི་འཕང་དུ་ནི་དཔག་ཚད་སྟོང་གི་བར་དུ་གྱུར་ནས་སེམས་ཅན་མང་པོ་དེ་དག་གི་ནད་སྣ་ཚོགས་རབ་ཏུ་ཞི་བར་བྱེད་པ་དེ་ལྟར་ནི་འཇིག་རྟེན་དུ་སངས་རྒྱས་ཉི་མ་དེ་བཞིན་གཤེགས་པ་སྐྱེས་བུ་དམ་པ་བྱུང་བ་ཡིན་ནོ། །ཇི་ལྟར་ཉི་མ་ཤར་བའི་འོད་ཟེར་དག་གིས་མེ་ཏོག་དེ་དག་ཁ་ཕྱེ་ཞིང་ལམ་མེ་ལྷང་ངེ་ལྷན་ནེར་གྱུར་ནས། ནད་སྣ་ཚོགས་ཀྱིས་ཉེན་པའི་སེམས་ཅན་རྣམས་ཀྱི་ནད་ཉེ་བར་ཞི་བར་འགྱུར་བ་དེ་ལྟར་ནི་སྐྱེས་བུ་དམ་པ་ང་འཇིག་རྟེན་དུ་བྱུང་སྟེ། ཐུགས་རྗེའི་འོད་ཟེར་དག་གིས། སེམས་ཅན་རྣམས་ལ་ཁྱབ་པར་མཛད་ཅིང་ཁ་ཕྱེ་ནས་ཡང་དང་ཡང་དུ་སེམས་ཅན་རྣམས་ཀྱིས་བསོད་ནམས་བྱ་བའི་དངོས་པོ་གསུམ་པོ་དག་ལ་མངོན་པར་སྦྱོར་བར་མཛད་པ་དང་། ཁྱོད་ཀྱིས་ཀྱང་སེམས་ཅན་ཚད་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་ནས་ང་ལ་ཕུལ་བ་དེ་དག་ཐམས་ཅད་ཀྱིས་ངའི་དྲུང་དུ་སངས་རྒྱས་ཀྱི་ཞིང་དག་ཡོངས་སུ་བཟུང་སྟེ། ཁ་ཅིག་གིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཡོངས་སུ་བཟུང་། ཁ་ཅིག་གིས་ནི་ཡོངས་སུ་མ་དག་པ་དག་ཡོངས་སུ་བཟུང་ཞིང་རང་རང་གི་སྨོན་ལམ་ཇི་ལྟར་བཏབ་པ་དེ་ལྟར་ངས་ཀྱང་ལུང་བསྟན་པ་ཡིན་ནོ། །སྐྱེས་བུ་དམ་པ་གང་དག་གིས་ངའི་ཐད་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཡོངས་སུ་བཟུང་བ་དེ་དག་གིས་ནི་འདུལ་བའི་སེམས་ཅན་བསམ་པ་དག་པ། གདུལ་སླ་བ། དགེ་བའི་རྩ་བ་བསྐྱེད་པ་དག་ཡོངས་སུ་བཟུང་བས་ན་དེའི་ཕྱིར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་མི་བྱ་སྟེ། དེ་དག་ནི་སྐྱེས་བུ་དམ་པ་ཆེན་པོའི་བྱ་བ་བྱེད་པ་མ་ཡིན་ནོ། །དེ་དག་ནི་སྙིང་རྗེ་ཆེན་པོས་སེམས་དང་སེམས་ལས་བྱུང་བ་དག་ལ་


DKG050_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་དག་ནི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་ཚོལ་བ་མ་ཡིན་ཏེ། གང་དག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེ་དག་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་ནི་སྙིང་བརྩེ་བ་སྤངས་པ་ཡིན་ནོ། །གང་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དག་ཡོངས་སུ་སྤངས་པའི་སངས་རྒྱས་ཀྱི་ཞིང་འདོད་པའི་བྱང་ཆུབ་སེམས་དཔའ་དག་ནི་ཡེ་ཤེས་དང་། བསམ་པ་ལ་མཁས་པར་གྱུར་པ་མ་ཡིན་ནོ། །གང་དག་ཇི་ལྟར་བདག་ཉན་ཐོས་དང་། རང་སངས་རྒྱས་སྤངས་པ། དགེ་བའི་རྩ་བ་དང་འགྲོགས་པར་གྱུར་པ། བུད་མེད་རྣམ་པར་སྤངས་པ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྣམ་པར་སྤངས་པའི་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཡོངས་སུ་སྤངས་པ་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་གིས་ཆོས་སྟོན་པར་གྱུར་ཅིག །བདག་གིས་བྱང་ཆུབ་ཐོབ་ནས་ཀྱང་ཚེ་རིང་པོར་གྱུར་ཏེ། ཡུན་རིང་དུ་གནས་ཤིང་བསྐལ་པ་མང་པོར་བསམ་པ་དག་པ་དང་། གདུལ་སླ་བ་དང་། དགེ་བའི་རྩ་བ་དང་འགྲོགས་པར་གྱུར་པ་རྣམས་ལ་ཆོས་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟ་བུ་འདེབས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་དེས་ན་ཡེ་ཤེས་དང་། བསམ་པ་ལ་མཁས་པར་གྱུར་པ་ཡང་མ་ཡིན་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་ཀྱང་མི་བྱའོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་དེས་ཕྱག་བརྐྱང་སྟེ། སོར་མོ་ལྔ་ལས་འོད་ཟེར་ཁ་དོག་སྣ་ཚོགས། ཁ་དོག་དུ་མ། ཁ་དོག་འབུམ་ཕྲག་དུ་མ་དང་ལྡན་པ་དག་རབ་ཏུ་བཀྱེའོ། །འོད་ཟེར་དེ་དག་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་ཕྱོགས་སུ་དོང་སྟེ། སངས་རྒྱས་ཀྱི་ཞིང་རྣམས་སྣང་བར་བྱས་ནས། དེ་ནས་འཇིག་རྟེན་གྱི་ཁམས་མཐེ་བོ་ཅན་ཞེས་བྱ་བ་ཡོད་དེ། འཇིག་རྟེན་གྱི་ཁམས་མཐེ་བོ་ཅན་དེ་ན་མི་རྣམས་ནི་ཚེ་ལོ་བཅུ་པ་མདོག་ངན་པ། མི་སྡུག་པ། མི་དགེ་བའི་


DKG050_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་དང་ལྡན་པ་སྟེ། ཁྲུན་ནི་མཐེ་བོའི་ཚད་ཙམ་མོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་མ་ལ་དགའ་བ་ཞེས་བྱ་བ་བཞུགས་ཏེ། དེ་བཞིན་གཤེགས་པ་དེའི་སྐུའི་ཁྲུན་ཡང་རྩོད་པའི་དུས་ཀྱི་ཚད་ཀྱི་མི་རྣམས་ཀྱི་ཁྲུ་གང་དང་། མཐེ་བོ་ཙམ་གྱི་མི་རྣམས་ཀྱི་ཁྲུ་གང་དང་། སོར་བདུན་གྱི་ཚད་ཙམ་སྟེ། དེ་བཞིན་གཤེགས་པ་དེ་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་འཁོར་བཞི་པོ་རྣམས་ལ་ཐེག་པ་གསུམ་པོ་དག་གིས་ཆོས་སྟོན་ཏོ། །རིགས་ཀྱི་བུ་དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་སངས་རྒྱས་ཀྱི་ཞིང་དེ་དང་། མི་དེ་དག་དང་། དེ་བཞིན་གཤེགས་པ་དེ་མཐོང་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོས་བཀའ་སྩལ་པ། དེ་བཞིན་གཤེགས་པ་སྐར་མ་ལ་དགའ་བ་དེས་ནི་བསྐལ་པ་དཔག་ཏུ་མེད་གྲངས་མེད་པ་འདས་པ་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་གདུགས་མངོན་པར་འཕགས་པར་སྣང་བའི་སྤྱན་སྔར་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །སེམས་ཅན་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་གདུགས་མངོན་པར་འཕགས་པར་སྣང་བའི་སྤྱན་སྔར་བསམ་པ་ཇི་ལྟ་བ་བཞིན་དུ་སྨོན་ལམ་བཏབ་སྟེ། ཁ་ཅིག་གིས་ནི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་དག་པ་དག་ཡོངས་སུ་བཟུང་ངོ་། །ཁ་ཅིག་གིས་ནི་ཡོངས་སུ་མ་དག་པ་སྙིགས་མ་ལྔ་དང་ལྡན་པ་དག་ཡོངས་སུ་བཟུང་ངོ་། །དེ་ན་སེམས་ཅན་ཆེན་པོ་དེས་ང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཞག་སྟེ་རབ་ཏུ་གནས་པར་བྱས་ནས། དེར་ངས་དེ་བཞིན་གཤེགས་པ་རིན་པོ་ཆེའི་གདུགས་མངོན་པར་འཕགས་པར་སྣང་བའི་སྤྱན་སྔར་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་


DKG050_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་བཏབ་བོ། །དེ་བཞིན་གཤེགས་པ་དེས་ཀྱང་ང་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ན་གང་གིས་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པའི་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་དེས་སྙིགས་མ་ལྔ་ཤིན་ཏུ་བདོ་ཞིང་ཉོན་མོངས་པ་དང་རྩོད་པའི་དུས་ལ་བབ་པའི་ཚེ་ཤིན་ཏུ་ཉོན་མོངས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་ཞིང་འདུལ་བའི་སེམས་ཅན་མཚམས་མེད་པ་བྱེད་པ་དང་། མི་དགེ་བའི་རྩ་བ་དང་ལྡན་པ་དང་། སེམས་ཀྱི་རྒྱུད་ཚིག་པ་དང་། འཁོར་བའི་འབྲོག་དགོན་པ་ཉམ་ང་བར་ཞུགས་པ་དག་སྨོན་ལམ་གྱིས་ཡོངས་སུ་བཟུང་ནས་སྐྱེས་བུ་དམ་པ་དེ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་གཞན་དང་གཞན་དག་ན་བཞུགས་ཏེ། འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ལེགས་སོ་ཞེས་ཕོ་ཉ་བཏང་སྟེ། སྙིང་རྗེ་ཆེན་པོ་རྣམ་པར་སྣང་བྱེད་ཞི་བ་ཞེས་བྱ་བར་མིང་བཏགས་སོ། །ངའི་དགེ་བའི་བཤེས་གཉེན་ཕན་པར་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་རྣམ་པར་སྣང་བྱེད་ཞི་བ་དེ་ད་ལྟར་འཇིག་རྟེན་གྱི་ཁམས་མཐེ་བོ་ཅན་དུ་མཐེ་བོའི་ཚད་ཙམ་གྱི་མི་རྣམས་ཀྱི་ནང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་ཏེ། དེ་བཞིན་གཤེགས་པ་ཁྲུ་གང་ཙམ་པོ་དེས་མཐེ་བོའི་ཚད་ཙམ་གྱི་མི་དེ་དག་ཉིད་ཀྱི་ཁྲུ་གསུམ་གྱི་ཚད་ཙམ་གྱིས་སྐྱེ་དགུ་ཚེ་ལོ་བཅུ་པ་རྣམས་ལ་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །དེས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་པའི་སངས་རྒྱས་བཅོམ་ལྡན་འདས་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པ་དེ་ལ་མཆོད་པ་བྱ་བའི་ཕྱིར་ཕོ་ཉ་དག་བཏང་ངོ་། །དེས་དང་པོ་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་པའི་སངས་རྒྱས་བཅོམ་ལྡན་འདས་སྔོན་གྱི་བྱས་པ་གཟོ་ཞིང་རྗེས་སུ་དགོངས་པ་དེ་


DKG050_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་ལ་མེ་ཏོག་དག་བསྐུར་རོ། །བྲམ་ཟེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཇི་ལྟར་སངས་རྒྱས་ཀྱི་ཞིང་རབ་ཏུ་དང་བ་དག་ན་སེམས་ཅན་ཚེ་རིང་བ། བསམ་པ་ཡོངས་སུ་དག་པ། བདེ་བར་གནས་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་རྣམས་དང་། དེ་བཞིན་གཤེགས་པ་སྐར་མ་ལ་དགའ་བ་དེ་དེ་ལྟར་སངས་རྒྱས་ཀྱི་ཞིང་རབ་ཏུ་ངན་པ་སྙིགས་མ་ལྔ་དང་ལྡན་པ་དེ་ལྟ་བུར་སངས་རྒྱས་ཉིད་ཐོབ་ནས་སེམས་ཅན་མཚམས་མེད་པ་བྱེད་པ་དང་། མི་དགེ་བའི་རྩ་བ་དང་ལྡན་པར་གྱུར་པའི་བར་དག་ལ་ཚེ་ཐུང་ངུས་སངས་རྒྱས་ཀྱི་མཛད་པ་མང་པོ་ལྷག་པར་མཛད་ཅིང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་མ་སྤངས་པར་ཆོས་སྟོན་པ་ལ་ལྟོས། སྐྱེས་བུ་དམ་པ་ཁྱོད་ཀྱིས་ཀྱང་དེ་ལྟར་སངས་རྒྱས་ཀྱི་ཞིང་ཤིན་ཏུ་ངན་ཅིང་སྙིགས་མ་ལྔ་དང་ལྡན་པར་མཚམས་མེད་པ་བྱེད་པ་དང་། མི་དགེ་བའི་རྩ་བ་དང་ལྡན་པའི་བར་གྱི་འདུལ་བའི་སེམས་ཅན་རྣམས་ཡོངས་སུ་བཟུང་ཞིང་སྨོན་ལམ་ཁྱད་པར་ཅན་བཏབ་པས་ན། བྱང་ཆུབ་སེམས་དཔའི་འཁོར་འདི་དག་ཐམས་ཅད་ཟིལ་གྱིས་མནན་ཏོ། །བྱང་ཆུབ་སེམས་དཔའ་གང་དག་གིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་ཡོངས་སུ་སྤངས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཡོངས་སུ་སྤངས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ཡོངས་སུ་བཟུང་ཞིང་འདུལ་བའི་སེམས་ཅན་བསམ་པ་དག་པ་ཤིན་ཏུ་དུལ་བ། དགེ་བའི་རྩ་བ་བསྐྱེད་པ་དག་ཡོངས་སུ་བཟུང་བའི་སེམས་ཅན་དེ་དག་ནི་མེ་ཏོག་ལྟ་བུ་ཞེས་བྱ་སྟེ། གང་དག་ཤིན་ཏུ་དུལ་བ་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱི་ནང་དུ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་བ་དེ་དག་ནི་པད་མ་དཀར་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མ་ཡིན་ནོ། །བྲམ་ཟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལེ་ལོའི་དངོས་པོ་ནི་བཞི་སྟེ། བཞི་གང་ཞེ་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྨོན་པ་དང་། སེམས་ཅན་བསམ་པ་ཡོངས་སུ་དག་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་སྨོན་པ་དང་། བྱང་ཆུབ་ཐོབ་


DKG050_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་གཏམ་མི་སྟོན་པར་སྨོན་པ་དང་། བྱང་ཆུབ་ཐོབ་ནས་ཚེ་རིང་བར་སྨོན་པ་སྟེ། བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལེ་ལོའི་དངོས་པོ་ཡིན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་མེ་ཏོག་ལྟ་བུ་རྣམས་ཞེས་བྱའི། པད་མ་དཀར་པོ་ལྟ་བུ་ཡང་མ་ཡིན་ལ་སེམས་དཔའ་ཆེན་པོ་ཞེས་ཀྱང་མི་བྱ་སྟེ། བྲམ་ཟེ་འདི་ལྟ་སྟེ་དཔེར་ན་བྱང་ཆུབ་སེམས་དཔའི་འཁོར་འདི་མ་གཏོགས་པར་ཁྱབ་འཇུག་རླུང་གིས་གང་གི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པ་ཡོངས་སུ་བཟུང་ཞིང་འདུལ་བའི་སེམས་ཅན་ཉོན་མོངས་པས་དཀྲུགས་པ་རྣམས་དང་། བསྐལ་པ་བཟང་པོའི་རིགས་ཀྱི་བུ་ཁ་ཅིག་ཀྱང་ཡོངས་སུ་བཟུང་བ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་བརྩམས་པའི་དངོས་པོ་ནི་བཞི་པོ་འདི་དག་ཡིན་ཏེ། བཞི་གང་ཞེ་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པར་སྨོན་པ་དང་། སེམས་ཅན་བསམ་པ་ཡོངས་སུ་མ་དག་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་སྨོན་པ་དང་། བྱང་ཆུབ་ཐོབ་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་གཏམ་སྟོན་པར་སྨོན་པ་དང་། བྱང་ཆུབ་ཐོབ་ནས་ཚེ་ཧ་ཅང་ཡང་མི་རིང་ཧ་ཅང་ཡང་མི་ཐུང་བ་ཞིག་བར་མར་སྒྲུབ་པར་སྨོན་པ་སྟེ། བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བརྩོན་འགྲུས་བརྩམས་པའི་དངོས་པོ་ཡིན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་པད་མ་དཀར་པོ་ལྟ་བུ་རྣམས་ཞེས་བྱའི་མེ་ཏོག་ལྟ་བུ་རྣམས་ཞེས་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ནི་སེམས་དཔའ་ཆེན་པོ་རྣམས་ཞེས་ཀྱང་བྱའོ། །བྲམ་ཟེ་འདི་ལྟ་སྟེ་དཔེར་ན་ཁྱོད་ནི་ད་ལྟར་སྨོན་ལམ་གྱི་དབང་གིས་དེ་བཞིན་གཤེགས་པའི་སྤྱན་སྔར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་ནང་དུ་དགེ་བ་ལུང་བསྟན་པའི་ཞིང་དུ་སྙིང་རྗེ་པད་མ་དཀར་པོ་ལྟ་བུར་སྐྱེས་པ་ཡིན་ནོ། །གང་གི་ཚེ་ཁྱོད་ཀྱིས་སྙིང་རྗེ་ཆེན་པོ་བརྗོད་པས་མཚམས་མེད་པ་བྱེད་པ་དང་། མི་དགེ་བའི་རྩ་བ་དང་ལྡན་པར་གྱུར་པའི་བར་གྱི་འདུལ་བ་རྣམས་ཡོངས་སུ་བཟུང་ཞིང་སྙིགས་མ་ལྔ་བདོ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བའི་


DKG050_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་ཀྱང་སྐྱེས་བུ་དམ་པ་ཁྱོད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཕོ་ཉ་དག་ཀྱང་བཏང་ནས་ཁྱོད་ཀྱི་མིང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བར་བཏགས་སོ། །འཁོར་འདི་དག་ཐམས་ཅད་ཀྱང་ཁྱོད་ལ་མཆོད་པའི་ལས་བྱ་བའི་ཕྱིར་བརྩོན་པར་གྱུར་ཏོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཅིག་འདས་ནས་ལྷག་མ་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་བསྐལ་པ་བཟང་པོ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་སྐྱེ་དགུའི་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་ཅིང་། རྒ་བ་དང་། འཆི་བ་མང་བའི་སངས་རྒྱས་ཀྱི་ཞིང་ན་འཇིག་རྟེན་ལྡོངས་པ། འདྲེན་པ་མེད་པ། མི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིང་། སེམས་ཅན་ལམ་ངན་པས་བཅོམ་པ། ཉམ་ང་བ་ཆེན་པོ་ཐོབ་པ། མཚམས་མེད་པ་བྱེད་པ། འཕགས་པ་ལ་སྐུར་པ་འདེབས་པ། དམ་པའི་ཆོས་སྤོང་བ། ལྟུང་བའི་རྩ་བ་འབྱུང་བ་ནས་ཇི་སྐད་སྔར་སྨོས་པའི་བར་དག་ལྟ་བུས་གང་བའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་རིག་པ་དང་ཞབས་སུ་ལྡན་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་ཏེ། འགྲོ་བའི་འཁོར་ལོ་ནི་བཟློག །ཆོས་ཀྱི་འཁོར་ལོ་ནི་བསྐོར། དབང་སྒྱུར་བའི་བདུད་དང་། ཉོན་མོངས་པའི་བདུད་ནི་བཅིལ་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་དག་ཏུ་སྒྲས་ཁྱབ་པར་བྱས་ནས། ཁྱོད་ཀྱི་ཉན་ཐོས་འདུས་པ་ཆེན་པོ་དག་འབྱུང་བར་འགྱུར་བ་འདི་ལྟ་སྟེ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་དང་ལྷན་ཅིག་སྨོན་ལམ་ཇི་ལྟར་བཏབ་པ་དེ་བཞིན་དུ། ལོ་བཞི་བཅུ་རྩ་ལྔར་རིམ་གྱིས་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་མཐའ་དག་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེའི་ཚེ་ན་ཇི་ལྟར་རྒྱལ་པོ་ཆེན་པོ་བདུད་རྩི་དག་པ་འདི་འོད་དཔག་མེད་ཅེས་བྱ་བར་འགྱུར་ཞིང་བསྐལ་པ་ཚད་མེད་པ་དག་གིས་སངས་རྒྱས་ཀྱི་མཛད་པ་མཐའ་དག་བྱེད་པར་འགྱུར་བ་དེ་བཞིན་དུ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱང་བསྐལ་པ་


DKG050_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བཟང་པོ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་སྐྱེ་དགུ་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་ཏེ། ལོ་བཞི་བཅུ་རྩ་ལྔས་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་མང་པོ་དག་བྱེད་པར་འགྱུར་རོ། །སྐྱེས་བུ་དམ་པ་ཁྱོད་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་སྟོང་ལྷག་པར་གནས་པར་གྱུར་ཏོ། །སྐྱེས་བུ་དམ་པ་ཁྱོད་ཀྱི་དམ་པའི་ཆོས་ནུབ་ནས་ཀྱང་ལུས་ལས་སྐྱེས་པའི་སྐུ་གདུང་རྣམས་ཀྱང་རང་གིས་སྨོན་ལམ་ཇི་ལྟར་བཏབ་པ་དེ་ལྟར་སངས་རྒྱས་ཀྱི་མཛད་པ་མང་པོ་མཐའ་དག་བྱེད་པར་འགྱུར་ཏེ། སྔར་ཇི་སྐད་སྨོས་པ་དེ་བཞིན་དུ་ཡུན་རིང་པོར་སེམས་ཅན་རྣམས་འདུལ་བར་འགྱུར་རོ། །རིགས་ཀྱི་བུ་དེའི་ཚེ་ན་གནས་གྲོང་ཞེས་བྱ་བ་ན་བྲམ་ཟེ་ཞིག་ཡོད་པ་དེས་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་ཁྱོད་བསྐལ་པ་གྲངས་མེད་པ་དེ་དང་དེ་དག་ཏུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། བདག་ཀྱང་རྟག་ཏུ་བསྙེན་བཀུར་བར་འགྱུར་ཞིང་། བྱམས་པ་དང་འཐུན་པའི་ཡོ་བྱད་སྦྱོར་བ་དང་། གྲོགས་བྱེད་པར་གྱུར་ནས་ཁྱོད་ལ་བསྙེན་བཀུར་བྱེད་པར་གྱུར་ཅིག །ཁྱོད་སྲིད་པ་ཐ་མ་པར་གྱུར་པ་ན་བདག་ཁྱོད་ཀྱི་ཕར་གྱུར་ཅིག །སྐྱེས་བུ་དམ་པ་བདག་ཁྱོད་ཀྱིས་བྱང་ཆུབ་ཐོབ་པའི་སྦྱིན་བདག་གི་མཆོག་ཏུ་འགྱུར་ཞིང་ཁྱོད་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག །གཞན་ཡང་དེ་ན་རྒྱ་མཚོའི་ལྷ་མོ་ཤིན་ཏུ་དུལ་བའི་བློ་ཞེས་བྱ་བ་དེས་ཀྱང་སྨྲས་པ། བསྐལ་པ་གྲངས་མེད་པ་དེ་དང་དེ་དག་ཅེས་བྱ་བ་ནས་ཁྱོད་སྲིད་པ་ཐ་མ་པའི་བར་དུ་གྱུར་པ་ན་བདག་ཁྱོད་སྐྱེད་པའི་མར་གྱུར་ཅིག །སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་བྱང་ཆུབ་ཐོབ་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག །རྒྱུ་སྐར་གྱི་ལྷ་མོ་ཆུ་ལྷ་སྤྱོད་ཅེས་བྱ་བ་དེས་ཀྱང་སྨྲས་པ། དེ་དང་དེ་དག་ཅེས་བྱ་བ་ནས་ཁྱོད་སྲིད་པ་ཐ་མ་པའི་བར་དུ་གྱུར་པ་ན་བདག་ཁྱོད་ལ་བསྣུན་པའི་མ་མ་བྱེད་པའི་མར་གྱུར་ཅིག །ཁྱོད་ཀྱིས་བྱང་ཆུབ་ཐོབ་ནས་བདག་བླ་ན་མེད་


DKG050_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག །བརྒྱ་བྱིན་མུ་ཁྱུད་ཅན་ཞེས་བྱ་བ་དང་། གཞན་ཡང་བརྒྱ་བྱིན་ཕ་རོལ་སེམས་ཤེས་བྱ་བ་དེ་གཉིས་ཀྱིས་ཀྱང་སྨྲས་པ། ཀྱེ་སྙིང་རྗེ་ཆེན་པོ་དང་ལྡན་པ་བདག་ཅག་ཀྱང་དེ་དག་ཅེས་བྱ་བ་ནས། ཁྱོད་ཀྱིས་བྱང་ཆུབ་ཐོབ་པ་ཞེས་བྱ་བའི་བར་དུ་སྟེ། བདག་ཅག་ཤེས་རབ་དང་ལྡན་པ་དང་། རྫུ་འཕྲུལ་དང་ལྡན་པའི་ཉན་ཐོས་ཟུང་དུ་གྱུར་ཅིག །གཞན་ཡང་བརྒྱ་བྱིན་སྤྱད་སྤྱོད་ལྟ་མཛེས་ཚོགས་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་བདག་ཀྱང་ཁྱོད་དེ་དང་དེ་དག་ཅེས་བྱ་བ་ནས་སྲིད་པ་ཐ་མའི་བར་དུ་གྱུར་པའི་བུར་གྱུར་ཅིག །གཞན་ཡང་རི་རྩེའི་ལྷ་མོ་དེས་པ་ཀིང་ཤུ་ཀ་ཞེས་བྱ་བ་དེས་ཀྱང་སྨྲས་པ། སྙིང་རྗེ་ཆེན་པོ་དང་ལྡན་པ་བདག་ཀྱང་ཚེ་རབས་དེ་དང་དེ་དག་ཏུ་ཁྱོད་ཀྱི་བཙུན་མོར་གྱུར་ཅིང་། ཁྱོད་ཀྱིས་བྱང་ཆུབ་ཐོབ་ནས་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག །ལྷ་མ་ཡིན་གྱི་དབང་པོ་མཛེས་སྤྱོད་ཅེས་བྱ་བ་དེས་ཀྱང་སྨྲས་པ། སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་བསྐལ་པ་གྲངས་མེད་པ་དེ་དང་དེ་དག་ཏུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་བདག་ཀྱང་སྐྱེས་བུ་དམ་པ་ཁྱོད་ལ་བྱམས་པ་དང་འཐུན་པའི་ཡོ་བྱད་ཀྱིས་གྲོགས་བྱེད་པའི་བྲན་ཉིད་དུ་གྱུར་ཏེ། ཁྱོད་ལ་བསྙེན་བཀུར་བྱེད་པར་གྱུར་ཅིག །ཁྱོད་སྲིད་པ་ཐ་མ་པར་གྱུར་པ་ལ་ཡང་བདག་བསྙེན་བཀུར་བྱེད་པར་གྱུར་ཅིག །སྐྱེས་བུ་དམ་པ་ཁྱོད་ཀྱིས་བྱང་ཆུབ་ཐོབ་ནས་ཀྱང་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་གསོལ་བ་འདེབས་པར་གྱུར་ཅིག །ཁྱོད་ཀྱིས་ཆོས་བསྟན་པ་བདག་གིས་དང་པོར་འབྲས་བུ་དང་བཅས་པར་བྱེད་པར་གྱུར་ཅིག །ཆོས་ཀྱི་བཅུད་ཀྱང་འཐུང་བར་གྱུར་ཅིག །འཆི་བ་མེད་པ་ཡང་རྟོགས་པར་གྱུར་ཅིག །ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་དགྲ་བཅོམ་པ་ཉིད་ཀྱི་བར་ཡང་ཐོབ་པར་གྱུར་ཅིག །དེ་བཞིན་དུ་སྦྱར་ཏེ། དེ་ན་ལྷ་དང་། ཀླུ་དང་། ལྷ་མ་ཡིན་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གིས་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་པ་དེའི་སྤྱོད་པའི་རྗེས་སུ་འཇུག་པའི་ཕྱིར་སྨོན་


DKG050_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བཏབ་སྟེ་འདུལ་བ་དག་ཀྱང་ཉེ་བར་བཀོད་དོ། །དེ་ན་འཚོ་བ་པ་མི་འགྱུར་འཇིགས་བྱེད་ཅེས་བྱ་བ་གཅིག་ཅིག་འདུག་པ་དེས་སྨྲས་པ། ཀྱེ་བྲམ་ཟེ་ཆེན་པོ་བདག་ཀྱང་ཁྱོད་ལ་ཡོ་བྱད་མང་པོ་དག་གིས་གྲོགས་བྱེད་པར་གྱུར་ཅིག །བདག་བསྐལ་པ་དཔག་ཏུ་མེད་པ་དག་ཏུ་ཁྱོད་ལ་འབྲས་བུ་དང་བཅས་པར་སྤྱོད་ཅིང་ཉེ་བར་འཚོ་བའི་ཉེ་དུར་གྱུར་ཅིག །རྟག་ཏུ་དངོས་པོ་བསླང་བའི་དོན་དུ་ཁྱོད་ཀྱི་དྲུང་དུ་ཉེ་བར་འགྲོ་བར་གྱུར་ཅིག །མལ་ཆ་དང་། སྟན་དང་། བགོ་བ་དང་། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཁྱིམ་དང་། བུ་དང་། བུ་མོ་དང་། ཤ་དང་། ཁྲག་དང་། པགས་པ་དང་། རུས་པ་དང་། ལག་པ་དང་། རྐང་པ་དང་། ལྕེ་དང་། རྣ་བ་དང་། སྣ་དང་། མིག་དང་། མགོ་དག་སློང་བར་གྱུར་ཅིག །བྲམ་ཟེ་ཆེན་པོ་བདག་དེ་ལྟར་ཁྱོད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་ཅིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་གྲོགས་སུ་ཡང་གྱུར་ཅིག །བྲམ་ཟེ་ཆེན་པོ་བདག་དེ་ལྟར་ཁྱོད་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲོགས་སུ་གྱུར་ཅིག །ནམ་ཁྱོད་ཀྱིས་བྱང་ཆུབ་ཐོབ་པ་ན་བདག་ཀྱང་ཁྱོད་ཀྱི་ཉན་ཐོས་ཀྱི་གནས་ཐོབ་པར་གྱུར་ཅིག །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་འཛིན་པར་གྱུར་ཅིག །རྗེས་སུ་ཆོས་སྟོན་པར་གྱུར་ཅིག །ཁྱོད་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག །རིགས་ཀྱི་བུ་བྲམ་ཟེ་སྙིང་རྗེ་ཆེན་པོ་དང་ལྡན་པས་དེ་ཐོས་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་ནས་འཚོ་བ་མི་འགྱུར་འཇིགས་བྱེད་ལ་བོས་ཏེ་སྨྲས་པ། སྐྱེས་བུ་དམ་པ་ཁྱོད་ངའི་བླ་ན་མེད་པའི་སྤྱོད་པའི་གྲོགས་སུ་འགྱུར་བ་ནི་ལེགས་སོ་ལེགས་སོ། །ཁྱོད་ཚེ་རབས་ཁྲག་ཁྲིག་འབུམ་ཕྲག་ཚད་མེད་གྲངས་མེད་པའི་བར་དུ་ང་ལ་དངོས་པོ་སློང་བའི་ཕྱིར་ནམ་འོངས་པ་དེའི་ཚེ་ངས་ཀྱང་སེམས་རབ་ཏུ་དང་བས་སྦྱིན་པར་བྱ་སྟེ། ཁྱོད་ལ་ཡང་བསོད་ནམས་མ་ཡིན་པའི་ཆ་དང་འཐུན་པར་མ་གྱུར་ཅིག །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་


DKG050_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་ཡང་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དེ་དང་དེ་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་སྤྱད་པ་སྤྱོད་པའི་ཚེ། གལ་ཏེ་བདག་གི་མདུན་དུ་སློངས་མོ་པ་གང་དག་མཆིས་ནས་ཟས་སློང་བར་བགྱིད་ཅིང་ཚིག་འཇམ་པོའམ། ཚིག་རྩུབ་པོའམ། བརྙས་པའི་ཚིག་གམ། ཚིག་གསལ་བས་སློང་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གིས་སློངས་མོ་པ་ལ་སེམས་ཀྱི་སྐད་ཅིག་གཅིག་ཙམ་ཞིག་ཁྲོ་བ་བསྐྱེད་པར་གྱུར་ཏམ། མ་དད་པའི་སེམས་བསྐྱེད་པར་གྱུར་ཏམ། སྦྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འཚལ་བས་སྦྱིན་པ་སྩོལ་བར་གྱུར་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་གཞན་དག་ན་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བདག་གིས་བསླུས་པར་གྱུར་ཅིག །བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གིས་སློངས་མོ་པ་ལ་སེམས་མ་དད་པས་སྦྱིན་པ་སྩོལ་ཏམ། སྦྱིན་པ་དེ་ཡང་ལེན་པ་པོ་ལ་མ་དད་པས་བྱིན་པར་འགྱུར་ཞིང་ཆུད་ཟ་བར་འགྱུར་རམ། གལ་ཏེ་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་ཀྱི་ཚད་ཙམ་ཞིག་དགེ་བའི་ཆོས་རྣམས་ལ་བར་ཆད་བགྱིད་པར་གྱུར་ན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་གྱུར་ཅིག །གལ་ཏེ་སྐྲའི་རྩེ་མོའི་ཆ་ཤས་ཀྱི་ཚད་ཙམ་ཞིག་ལེན་པ་པོའི་དགེ་བའི་ཆོས་རྣམས་ལ་བར་ཆད་བགྱིད་པར་གྱུར་ན་བདག་ཀྱང་མནར་མེད་པར་མཆི་བར་གྱུར་ཅིག །ཟས་ལ་ཇི་ལྟ་བ་དེ་བཞིན་དུ་སློངས་མོ་པ་གང་དག་བདག་ལ་གོས་དང་། མགོའི་བར་དག་སློང་བར་འགྱུར་ཞིང་ཚིག་འཇམ་པོའམ། ཚིག་རྩུབ་པོའམ། བརྙས་ཚིག་གམ། ཚིག་གསལ་བས་མགོའི་བར་དག་སློང་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་གལ་ཏེ་


DKG050_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སློངས་མོ་པ་ལ་སེམས་ཀྱི་སྐད་ཅིག་གཅིག་ཙམ་ཞིག་ཁྲོ་བའི་སེམས་བསྐྱེད་པར་གྱུར་ཏམ། མ་དད་པའི་སེམས་བསྐྱེད་པར་གྱུར་ཏམ། སྦྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འཚལ་བས། མགོ་བོའི་བར་དག་ཡོངས་སུ་གཏོང་བར་གྱུར་ན། བདག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་འགྱུར་བ་ནས། བདག་མནར་མེད་པར་མཆི་བའི་བར་དུ་གྱུར་ཅིག །སྦྱིན་པ་ལ་ཇི་ལྟ་བ་དེ་བཞིན་དུ། ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དག་ཡོངས་སུ་གཏོང་བ་ལ་ཡང་བརྗོད་པར་བགྱིའོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ཁྱོད་ཀྱིས་སྙིང་རྗེ་ཆེན་པོ་ལ་གནས་པའི་སེམས་ཀྱིས་སྨོན་ལམ་དེ་ལྟ་བུ་བཏབ་པ་ནི། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། དྲི་ཟ་དང་། མི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་ཐལ་མོ་སྦྱར་ཏེ་འཁོད་ནས་དེ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ཁྱོད་ཀྱིས་སྙིང་རྗེ་ཆེན་པོ་ལ་གནས་པའི་ཡིད་ཀྱིས་སྨོན་ལམ་དེ་ལྟ་བུ་བཏབ་པ་ནི་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཁྱོད་ནི་སྙིང་པོར་འགྱུར་བ་དང་འཐུན་པའི་ཆོས་དྲུག་གིས་སེམས་ཅན་རྣམས་ཡང་དག་པར་ཚིམ་པར་བྱེད་པར་འགྱུར་རོ། །རིགས་ཀྱི་བུ་ཇི་ལྟར་སྦྱིན་པ་ལེན་པའི་བྱང་ཆུབ་སེམས་དཔའ་འཚོ་བ་པ་མི་འགྱུར། འཇིགས་བྱེད་དེས་སྨོན་ལམ་བཏབ་པ་དེ་བཞིན་དུ། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་ཀྱང་སྨོན་ལམ་བཏབ་བོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་ཇི་ལྟར་འཚོ་བ་པ་མི་འགྱུར་འཇིགས་བྱེད་ཀྱིས་སྨོན་ལམ་བཏབ་པ་དེ་བཞིན་དུ། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་ཀྱང་སྨོན་ལམ་དེ་ལྟ་བུ་དག་བཏབ་པ་ཐོས་པ་དང་། དེ་ནས་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་མཆོག་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཐལ་མོ་སྦྱར་ཏེ་འདུག་ནས། ཐམས་ཅད་དང་ལྡན་པའི་


DKG050_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་བལྟས་ཏེ་མཆོག་ཏུ་དགའ་བའི་ཡིད་ཀྱིས་སྨྲས་པ། ཨ་ལ་ལ་བདག་ཆོས་ཀྱི་མུ་གེ་དང་། ཟད་པའི་དུས་དང་། ཉོན་མོངས་པ་ཆེན་པོས་དཀྲུགས་ཤིང་རྩོད་པའི་དུས་ན་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གྱི་མགོན་མེད་པའི་དེད་དཔོན་དང་། སྣང་བ་བྱེད་པ་དང་། སྒྲོན་མ་བྱེད་པ་དང་། བྱིས་པ་སྐྱབས་མེད་པ་དང་། ལྡོངས་པ་རྣམས་ཀྱི་ལམ་སྟོན་པར་འགྱུར་བ་དང་། འདི་ལྟར་བདག་གིས་སེམས་དང་པོ་བསྐྱེད་པས་ཚེ་རབས་གཞན་དག་ཏུ་གང་དག་བདག་གི་མགོ་ལེན་པར་འགྱུར་བ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལག་པ་དང་། རྐང་པ་དང་། པགས་པ་དང་། རུས་པ་དང་། ཁྲག་དང་། ཁ་ཟས་ཀྱི་བར་དག་ལེན་པར་འགྱུར་ཞིང་། བླ་ན་མེད་པའི་བྱང་ཆུབ་ཀྱིས་སྤྱོད་པའི་གྲོགས་བྱེད་པ་དེ་ལྟ་བུ་དག་རྙེད་པ་ནི་ངོ་མཚར་ཏོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་འདུག་སྟེ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཚེ་རབས་གཞན་གྱི་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དེ་དང་དེ་དག་ནས་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་བདག་གི་དྲུང་དུ་སློངས་མོ་པ་གང་དག་ཉེ་བར་མཆི་བར་འགྱུར་ཞིང་ཡུན་རིང་པོ་དེ་སྲིད་ཀྱི་བར་དུ་ཟས་སམ། སྐོམ་དག་བླངས་པར་གྱུར་པ་དང་། བདག་གིས་སུག་པ་ནས་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་ཀྱི་ཚད་ཙམ་གྱི་སྦྱིན་པ་བླངས་པར་གྱུར་པའི་སེམས་ཅན་དེ་དག་བཙུན་པ་བཅོམ་ལྡན་འདས་བདག་མངོན་པར་རྫོགས་པར་སངས་རྒྱས་ནས། གལ་ཏེ་འཁོར་བ་ལས་ཡོངས་སུ་ཐར་བར་མི་བགྱིད་དམ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོས་ལུང་སྟོན་པར་མི་བགྱིད་ན། བདག་གིས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་འགྱུར་བ་ནས་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་


DKG050_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བའི་བར་དུ་གྱུར་ཅིག །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ཁྱོད་ཀྱིས་ཇི་ལྟར་སྔོན་དེ་བཞིན་གཤེགས་པ་ལྷུན་པོ་རྩེ་འཛིན་གྱིས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་འོད་ཟེར་གྱི་སྤྱན་སྔར་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྨོན་ལམ་འདི་ལྟ་བུ་བཏབ་སྟེ། སྐྱེས་བུ་དམ་པ་དེས་སྨོན་ལམ་ཇི་ལྟར་བཏབ་པ་དེ་བཞིན་དུ་བསྐལ་པ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་ཤིན་ཏུ་ལྷག་པ་དེ་སྙེད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས། འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་འདས་པ་ན་འཇིག་རྟེན་གྱི་ཁམས་འོད་ཟེར་སོ་སོར་རྟོག་པ་ཞེས་བྱ་བར་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པའི་ནང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་མེ་ཏོག་རྡུལ་བྲལ་བྱང་ཆུབ་དབང་ཕྱུག་ཡང་དག་མཐོ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་གྱུར་ཅིང་། ལོ་བཞི་བཅུ་རྩ་ལྔར་སངས་རྒྱས་ཀྱི་མཛད་པ་མཛད་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་བཞིན་གཤེགས་པ་ཡེ་ཤེས་མེ་ཏོག་རྡུལ་བྲལ་བྱང་ཆུབ་དབང་ཕྱུག་ཡང་དག་མཐོ་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་དམ་པའི་ཆོས་ཀྱི་ཚུལ་ནི་ལོ་སྟོང་དུ་གནས་པར་གྱུར་ཏོ། །དམ་པའི་ཆོས་ནུབ་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ཡང་ལོ་སྟོང་དུ་གནས་པར་གྱུར་ཏོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་བཞིན་གཤེགས་པ་ཡེ་ཤེས་མེ་ཏོག་རྡུལ་བྲལ་བྱང་ཆུབ་དབང་ཕྱུག་ཡང་དག་མཐོ་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ཀྱི་ཚུལ་དང་། དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པ་ན་དགེ་སློང་དང་། དགེ་སློང་མ་གང་དག་ཚུལ་ཁྲིམས་འཆལ་པ། སྡིག་པའི་ཆོས་དང་ལྡན་པ། མི་


DKG050_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འཐུན་པར་སྤྱོད་པ། མཆོད་རྟེན་གྱི་ནོར་འཕྲོག་པ། ངོ་ཚ་མེད་པ་རྣམས་དང་། ཆོས་ཀྱི་མཆོད་པ་གཅོད་པར་བྱེད་པ། ངོ་ཚ་མེད་པ་དང་འདྲེས་པ་རྣམས་དང་། ཕྱོགས་བཞིའི་དགེ་འདུན་དང་། མངོན་དུ་གྱུར་པའི་དགེ་འདུན་རྣམས་ཀྱི་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་གཅོད་ཅིང་གང་ཟག་གིར་ཡོངས་སུ་བཟུང་སྟེ། བདག་སྤྱོད་པར་བྱེད་པའམ། ཁྱིམ་པ་ལ་སྦྱིན་པར་བྱེད་པ་ཐམས་ཅད་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་བཞིན་གཤེགས་པ་ཡེ་ཤེས་མེ་ཏོག་རྡུལ་བྲལ་བྱང་ཆུབ་དབང་ཕྱུག་ཡང་དག་མཐོ་དེས་ཐེག་པ་གསུམ་པོ་དག་གིས་རིམ་གྱིས་ལུང་བསྟན་ཏོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་གང་སུ་དག་བཅོམ་ལྡན་འདས་དེའི་བསྟན་པ་ལ་ངུར་སྨྲིག་དམར་པོ་བགོས་པ་ཐམས་ཅད་ཀྱང་ཐེག་པ་གསུམ་པོ་དག་གིས་ཕྱིར་མི་ལྡོག་པར་ལུང་བསྟན་ཏོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་སུ་དག་སྔ་མ་ཁོ་ན་བཞིན་དུ་ལྟུང་བའི་རྩ་བ་བྱུང་བར་གྱུར་པ་དེ་དག་ཀྱང་སྟོན་པར་འདུ་ཤེས་པའི་དགེ་བའི་རྩ་བའི་རྣམ་པར་སྨིན་པ་ཡོད་པས་དེ་བཞིན་གཤེགས་པ་དེས་ཐེག་པ་གསུམ་པོ་དག་གིས་ཕྱིར་མི་ལྡོག་པར་ལུང་བསྟན་པ་དེ་བཞིན་དུ་སྐྱེས་བུ་དམ་པ་ཁྱོད་ཀྱིས་ཀྱང་བྱང་ཆུབ་ཀྱི་སྤྱོད་པའི་སྨོན་ལམ་བཏབ་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་གི་སྨོན་ལམ་ནི་འདི་ལྟ་བུ་ལགས་ཏེ། ཇི་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ནས། བྱང་ཆུབ་ཀྱི་མཐར་ཐུག་པའི་སྤྱད་པ་སྤྱོད་པའི་བར་དུ་བདག་གིས་སེམས་ཅན་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྦྱོར་བར་འགྱུར་བ་དང་། ཡང་དག་པར་འཛིན་དུ་སྩོལ་བར་འགྱུར་བ་དང་། རབ་ཏུ་འགོད་པར་འགྱུར་བའམ། ཐ་ན་དགེ་བའི་རྩ་བ་སྐྲའི་རྩེ་མོའི་ཆ་ཤས་ཀྱི་ཚད་ཙམ་ལ་སྦྱོར་བར་འགྱུར་བའི་སེམས་ཅན་


DKG050_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ལས་སེམས་ཅན་འགའ་ཙམ་ཞིག་བདག་གིས་ཐེག་པ་གསུམ་པོ་དག་གིས་ཕྱིར་མི་ལྡོག་པའི་ས་ལ་བཀོད་པར་མ་གྱུར་ན། བདག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་ན་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་གྱུར་ཅིག །བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་གིས་བླ་ན་མེད་པའི་ཡེ་ཤེས་ཐོབ་ནས་ཀྱང་སེམས་ཅན་གང་དག་བདག་གིས་བསྟན་པ་ལ་ཆོས་གོས་ངུར་སྨྲིག་བགོས་པར་གྱུར་པ་ལས་ལྟུང་བའི་རྩ་བ་བྱུང་བར་གྱུར་པའམ། ཉོན་མོངས་པ་ཅན་གྱི་ལྟ་བ་ལ་ཞུགས་པར་གྱུར་པའམ། དཀོན་མཆོག་གསུམ་ལ་འཁྲུལ་པར་གྱུར་ཅིང་། ནོངས་པ་དང་བཅས་པར་གྱུར་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་དག་སྐད་ཅིག་གཅིག་ཙམ་བདག་ལ་སྟོན་པའི་འདུ་ཤེས་སམ། གུས་པའི་སེམས་བསྐྱེད་པར་གྱུར་པའི་སེམས་ཅན་དེ་དག་ལས་བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གིས་ཐ་ན་སེམས་ཅན་འགའ་ཙམ་ཞིག་སྤངས་ཤིང་ཐེག་པ་གསུམ་པོ་དག་གིས་ཕྱིར་མི་ལྡོག་པར་ལུང་བསྟན་པར་མ་གྱུར་ན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་འགྱུར་བ་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བའི་བར་དུ་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་ཐོབ་པའི་ཆོས་གོས་ངུར་སྨྲིག་དམར་པོ་ལྷ་དང་མི་རྣམས་ཀྱིས་གུས་པར་བགྱིས་པ་དང་། བླ་མར་བགྱིས་པ་དང་། རི་མོར་བགྱིས་པ་དང་། མཆོད་པར་བགྱིས་པར་འགྱུར་བ་མཐོང་མ་ཐག་ཏུ་ངུར་སྨྲིག་མགུལ་ན་ཐོགས་པར་འགྱུར་བའི་སེམས་ཅན་རྣམས་ཀྱང་ཐེག་པ་གསུམ་པོ་དག་གིས་ཕྱིར་མི་ལྡོག་པར་གྱུར་ཅིག །སེམས་ཅན་གང་དག་བཟའ་བ་དང་། བཏུང་བ་དང་བྲལ་ཞིང་བཀྲེས་པ་དང་། སྐོམ་པས་གནོད་པར་གྱུར་པ་རྣམས་དང་། ཐ་ན་གནོད་


DKG050_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་དབུལ་པོ་རྣམས་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་གང་དག་ཐ་ན་ཆོས་གོས་ངུར་སྨྲིག་སོར་བཞི་ཙམ་འཚལ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བཟའ་བ་དང་། བཏུང་བ་ཕུན་སུམ་ཚོགས་པར་འགྱུར་ཞིང་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །ལྷའམ། གནོད་སྦྱིན་ནམ། སྲིན་པོའམ། ཀླུའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མིའམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། གྲུལ་བུམ་འམ། ཤ་ཟའམ། མིའམ། སེམས་ཅན་གང་དག་ཕན་ཚུན་ཞེ་འགྲས་ཤིང་འཁོན་གཅུགས་མང་པོར་གྱུར་པ་རྣམས་དང་། ཕན་ཚུན་འགྱེད་ཅིང་གཡུལ་ངོར་ཞུགས་ཏེ། གཡུལ་སྤྲོད་པར་གྱུར་པ་རྣམས་ཀྱིས་ཀྱང་བདག་གི་ཆོས་གོས་ངུར་སྨྲིག་རྗེས་སུ་དྲན་པར་གྱུར་ན། སེམས་ཅན་དེ་དག་སྙིང་རྗེའི་སེམས་དང་། འཇམ་པའི་སེམས་དང་། ཁོན་མེད་པའི་སེམས་དང་ལས་སུ་རུང་བའི་སེམས་སུ་གྱུར་ཅིག །སེམས་ཅན་གང་དག་གཡུལ་ངོའམ། འགྱེད་པའམ། འཐབ་པའམ། རྩོད་པའི་ནང་དུ་བསྲུང་བ་དང་། མཆོད་པར་བགྱི་བ་དང་། གུས་པར་བགྱི་བའི་སླད་དུ་ངུར་སྨྲིག་གི་དུམ་བུ་འཆང་བར་འགྱུར་བའི་སེམས་ཅན་དེ་དག་ཀྱང་རྟག་ཏུ་རྒྱལ་བར་འགྱུར་བ་དང་། འཁྲུལ་པ་མ་མཆིས་པ་དང་། རྣམ་པར་འཚེ་བ་མ་མཆིས་པར་གྱུར་ཅིག །གཡུལ་ངོ་དང་། འགྱེད་པ་དང་། ཐབ་མོ་དང་། རྩོད་པ་དེ་དག་ལས་ཀྱང་ལེགས་པར་ཡོངས་སུ་ཐར་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་ཆོས་གོས་ངུར་སྨྲིག་དམར་པོ་འཕགས་པའི་ཡོན་ཏན་ལྔ་པོ་དེ་དག་དང་ལྡན་པར་མ་གྱུར་ན། བདག་གིས་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་འགྱུར་བ་ནས། བདག་གིས་སངས་རྒྱས་ཀྱི་མཛད་པ་མཐའ་དག་ཡོངས་སུ་རྫོགས་པར་བགྱིད་པར་རྔོ་མི་ཐོགས་པ་དང་། བདག་གིས་ཆོས་རྣམས་བསྐྱུད་པར་འགྱུར་བ་དང་། བདག་གིས་གཞན་མུ་སྟེགས་ཅན་རྣམས་ཚར་གཅོད་པར་རྔོ་མི་ཐོགས་པའི་བར་དུ་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གང་དག་བདག་མངོན་པར་རྫོགས་པར་སངས་རྒྱས་ནས་ཡོངས་སུ་མྱ་


DKG050_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་ཀྱི་བར་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་ཚིག་ཏུ་བརྗོད་ཅིང་ཕྱག་འཚལ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ལས་ཀྱི་སྒྲིབ་པ་བས་པར་འགྱུར་ཞིང་། མཐར་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་མྱ་ངན་ལས་འདའ་བ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ལགས་སོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་དེས་ཕྱག་གཡས་པ་བརྐྱང་སྟེ། ཕྱག་གི་མཐིལ་གྱིས་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པའི་མགོ་ལ་བྱུགས་ནས་བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱོད་ཀྱི་སྨོན་ལམ་ནི་དགེ་བ། བཟང་བ། རབ་ཏུ་གཏན་ལ་བབ་པ་ཡིན་ཏེ་ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་ཁྱོད་ནི་དེ་བཞིན་དུ་འཕགས་པའི་ཡོན་ཏན་ལྔ་དང་ལྡན་པའི་ངུར་སྨྲིག་དམར་པོས་སེམས་ཅན་རྣམས་ཉེ་བར་འཚོ་བར་བྱེད་པར་འགྱུར་རོ། །ཀྱེ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་དེ་བཞིན་གཤེགས་པས་བསོད་ནམས་ཀྱི་ཕྱག་སོར་རིང་པོས་ཡོངས་སུ་བཀབ་ཅིང་ཕྱག་གཡས་པ་འཇམ་ཞིང་གཞོན་པའི་མཐིལ་གྱིས་བྱུགས་པ་དང་། ལུང་བསྟན་ཅིང་ལེགས་སོ་ཞེས་བྱ་བ་བྱིན་པ་དེས་མཆོག་ཏུ་དགའ་ཞིང་རབ་ཏུ་དད་པ་སྐྱེས་ནས། ཚེ་ལོ་ཉི་ཤུ་ལོན་པ་ལྟ་བུའི་ཚད་ཙམ་དུ་གཞོན་ནུར་རེད་དོ། །རིགས་ཀྱི་བུ་གཞན་ཡང་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། དྲི་ཟ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པ་རྣམས་དང་། སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་བརྩོན་པར་གྱུར་ཅིང་། མེ་ཏོག་དང་རོལ་མོའི་སྒྲ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་མཆོད་པ་བྱས་ཏེ། བསྔགས་པ་དང་། ཚིགས་སུ་བཅད་པ་སྣ་ཚོགས་ཀྱིས་བསྟོད་ནས་ཐལ་མོ་སྦྱར་ཏེ་འཁོད་དོ། །ཐེག་པ་ཆེན་པོའི་མདོ་སྙིང་རྗེ་པད་མ་དཀར་པོ་ལས་ལུང་བསྟན་པའི་ལེའུ་ཞེས་བྱ་སྟེ་བཞི་པའོ།། །།


previousབཞི་པ། ལུང་བསྟན་པའི་ལེའུ། next