Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་ང་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་རྩ་དྲུག་པ། ཀུན་ཏུ་བཟང་པོས་སྤྲོ་བར་བྱ་བའི་ལེའུ།
   
   
   
   
   
   


 
previousཉི་ཤུ་རྩ་དྲུག་པ། ཀུན་ཏུ་བཟང་པོས་སྤྲོ་བར་བྱ་བའི་ལེའུ། next

ཉི་ཤུ་རྩ་དྲུག་པ། ཀུན་ཏུ་བཟང་པོས་སྤྲོ་བར་བྱ་བའི་ལེའུ།


DKG051_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དག་གིས་ཀྱང་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་ཤར་ཕྱོགས་ནས་ཞིང་དག་ནི་རབ་ཏུ་གཡོ་བར་བྱེད། པད་མའི་ཆར་ནི་རབ་ཏུ་འབེབས། སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་རབ་ཏུ་ལེན་ཅིང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ཆེ་བ་ཉིད་དང་། བྱང་ཆུབ་སེམས་དཔའི་གཟི་བརྗིད་ཆེན་པོ་འབར་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པའི་རྣམ་པར་འཕྲུལ་པ་ཆེན་པོ་དང་། དེ་ལྟར་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ནས། དེ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ག་ལ་བ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་གཟི་བརྗིད་མངོན་འཕགས་རྒྱལ་པོའི་


DKG051_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་ནས་འདིར་མཆིས་ཏེ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་དེ་མཉན་པའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དྲུང་དུ་བདག་མཆིས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་འདི་སྙེད་འདི་དག་ཀྱང་། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་སླད་དུ་མཆིས་སོ། །དེའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་རྣམས་ལ་རྒྱ་ཆེར་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་མགོ་སྨོས་པ་ཙམ་གྱིས་ཁོང་དུ་ཆུད་པ་ཤ་སྟག་གོ ། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟ་ལགས་སོ། །དེ་ནས་འཁོར་དེར་དགེ་སློང་དང་། དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་འདུས་པ་དེ་དག །དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་རབ་ཏུ་དགོད་པའི་ཕྱིར། ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཆོས་བཞི་དང་ལྡན་པའི་བུད་མེད་ཀྱིས། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ལག་ཏུ་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་བ་དང་། དགེ་བའི་རྩ་བ་བསྐྱེད་


DKG051_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་དང་། ངེས་པའི་ཕུང་པོ་ལ་གནས་པར་འགྱུར་བ་དང་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་པའི་བུད་མེད་ཀྱིས། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ལག་ཏུ་ཐོབ་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱའི་ཐ་མ་ལ། མདོ་སྡེ་འདི་ལྟ་བུ་འཛིན་པའི་དགེ་སློང་རྣམས་ལ་བསྲུང་བར་བགྱིའོ། །བདེ་ལེགས་སུ་འགྱུར་བར་བགྱིའོ། །ཆད་པ་སྤང་བར་བགྱིའོ། །དུག་གཞིལ་བར་བགྱིའོ། །ཅི་ནས་ཆོས་སྨྲ་བ་དེ་དག་ལ་གླགས་ལྟ་བ་དང་། སྐབས་ཚོལ་བ་གང་གིས་ཀྱང་གླགས་རྙེད་པར་མི་འགྱུར་བ་དང་། བདུད་སྡིག་ཅན་དང་བདུད་ཀྱི་བུ་རྣམས་དང་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་དང་བདུད་ཀྱི་བུ་མོ་རྣམས་དང་བདུད་ཀྱི་འཁོར་གླགས་ལྟ་བ་དང་། སྐབས་ཚོལ་བ་རྣམས་ཀྱིས་གླགས་མི་རྙེད་པར་འགྱུར་བས་ན། བདུད་ཀྱི་ཀུན་ནས་ལྡང་བའི་བར་དུ་འབྱུང་བར་མི་འགྱུར་བ་དང་ལྷའི་བུ་དང་གནོད་སྦྱིན་དང་ཡི་དགས་དང་སྲུལ་པོ་དང་གཤེད་བྱེད་དང་རོ་ལངས་དག་ལས་ཆོས་སྨྲ་བ་དེ་ལ་གླགས་ལྟ་བ་དང་སྐབས་ཚོལ་བ་ན་ཡང་སྐབས་རྙེད་པར་མི་འགྱུར་བར། །བཅོམ་ལྡན་འདས་བདག་གིས་ཆོས་སྨྲ་བ་དེ་ལ་རྟག་པར་རྒྱུན་དུ་དུས་ཐམས་ཅད་དུ་བསྲུང་བར་བགྱིའོ། །བསྐྱབ་པར་བགྱིའོ། །བཅོམ་ལྡན་འདས་གང་གི་ཚེ་ཆོས་སྨྲ་བ་དེ། ཆོས་ཀྱི་རྣམ་གྲངས་འདི་ལ་སེམས་ཤིང་། རྣལ་འབྱོར་ལ་བརྩོན་པ་དང་། འཆག་པ་ལ་ཞུགས་པར་གྱུར་པ་དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བའི་སླད་དུ་བདག་གླང་པོ་ཆེའི་རྒྱལ་པོ་ཐལ་ཀར་མཆེ་བ་དྲུག་པ་ལ་འཚལ་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས། ཆོས་སྨྲ་བ་དེའི་འཆག་པའི་གནས་སུ་ཆོས་སྨྲ་བ་དེའི་དྲུང་དུ་མཆི་བར་བགྱིའོ། །གང་གི་ཚེ་ཆོས་སྨྲ་བ་དེ་ཆོས་ཀྱི་རྣམ་གྲངས་འདི་ལ་


DKG051_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཤིང་རྣལ་འབྱོར་གྱི་རྗེས་སུ་ཞུགས་པ་དེས། ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་དང་ཡི་གེ་གཅིག་ཙམ་ཡང་ལན་འགའ་ནོར་བར་གྱུར་པ་དེའི་ཚེ། བདག་གླང་པོ་ཆེའི་རྒྱལ་པོ་ཐལ་ཀར་མཆེ་བ་དྲུག་པ་ལ་འཚལ་ནས། ཆོས་སྨྲ་བ་དེ་ལ་བདག་གི་ངོ་བསྟན་ཏེ། ཆོས་ཀྱི་རྣམ་གྲངས་འདི་མ་ཉམས་པར་ཟློས་སུ་སྩལ་ཏོ། །ཆོས་སྨྲ་བ་དེས་བདག་གི་ལུས་མཐོང་ཞིང་ཆོས་ཀྱི་རྣམ་གྲངས་འདི་མ་ཉམས་པར་བདག་ལ་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་ཆོས་ཀྱི་རྣམ་གྲངས་འདི་ལ་བརྩོན་འགྲུས་རྩོམ་མོ། །བདག་མཐོང་མ་ཐག་ཏུ་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གཟུངས་འཁྱིལ་པ་ཞེས་བགྱི་བའི་གཟུངས་ཐོབ་པར་འགྱུར་རོ། །བྱེ་བ་བརྒྱ་སྟོང་དུ་འཁྱིལ་པ་ཞེས་བགྱི་བའི་གཟུངས་ཐོབ་པར་འགྱུར་རོ། །སྒྲ་ཐམས་ཅད་ལ་མཁས་པ་ཞེས་བགྱི་བའི་གཟུངས་ཐོབ་པར་འགྱུར་རོ། ། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ། དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ནམ་དགེ་བསྙེན་མ་གང་དག་མདོ་སྡེ་འདི་ལྟ་བུ་འཛིན་པ་དང་མདོ་སྡེ་འདི་ལྟ་བུ་ཡི་གེར་འདྲི་བ་དང་མདོ་སྡེ་འདི་ལྟ་བུ་ཚོལ་བ་དང་མདོ་སྡེ་འདི་ལྟ་བུ་ཀློག་པ་དང་གང་དག་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་་་་་པ་ཐ་མ་ལ། ཆོས་ཀྱི་རྣམ་གྲངས་འདིའི་ཆེད་དུ་གདུགས་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་འཆག་ཅིང་བརྩོན་པར་གྱུར་ན། དེ་དག་ལ་བདག་གིས་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བའི་ལུས་བསྟན་པར་བགྱིའོ། །གླང་པོ་ཆེའི་རྒྱལ་པོ་ཐལ་ཀར་མཆེ་བ་དྲུག་པ་ལ་འཚལ་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས། གདུགས་ཉི་ཤུ་རྩ་གཅིག་པ་ལ་ཆོས་སྨྲ་བ་དེ་དག་འཆག་པའི་ཐད་དུ་མཆིའོ། །མཆིས་ནས་ཆོས་སྨྲ་བ་དེ་དག་ལ་ཡང་དག་པར་བསྟན་པར་བགྱིའོ། །ཡང་དག་པར་འཛིན་དུ་སྩལ་བར་བགྱིའོ། །ཡང་དག་པར་གཟེངས་བསྟོད་པར་བགྱིའོ། །ཡང་དག་པར་རབ་ཏུ་དགའ་བར་བགྱིའོ། །དེ་དག་ལ་གཟུངས་ཀྱང་སྩལ་བར་བགྱིའོ། །ཅི་ནས་ཆོས་སྨྲ་བ་དེ་དག་ལ་སུས་ཀྱང་མི་ཚུགས་པར་


DKG051_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང་། དེ་དག་ལ་མིའམ་མི་མ་ལགས་པས་གླགས་མི་རྙེད་པར་འགྱུར་བ་དང་། བུད་མེད་ཀྱིས་འཕྲོགས་པར་མི་འགྱུར་བར་དེ་དག་ལ་བསྲུང་བར་བགྱིའོ། །བདེ་ལེགས་སུ་འགྱུར་བར་བགྱིའོ། །ཆད་པ་སྤང་བར་བགྱིའོ། །དུག་གཞིལ་བར་བགྱིའོ། ། བཅོམ་ལྡན་འདས་ཆོས་སྨྲ་བ་དེ་དག་ལ་བདག་གིས་གཟུངས་སྔགས་ཀྱི་ཚིག་འདི་དག་སྩལ་བར་བགྱིའོ། །བཅོམ་ལྡན་འདས་གཟུངས་སྔགས་ཀྱི་ཚིག་འདི་དག་གསན་དུ་གསོལ། ཏདྱ་ཐཱ། སུ་་དཎ་ཌེ། དཎ་ཌ་བ་ཏི་དཎ་ཌཱ་བརྟ་ནི། དཎ་ཌ་ཀུ་ཤ་ལེ། དཎ་ཌ་སུ་དྷཱ་རི། སུ་དྷཱ་ར་པ་ཏི། བུད་དྷ་པ་ཤྱ་ནི། དྷཱ་ར་ཎི། ཨཱ་བརྟ་ནི། ཨཱ་བརྟ་ནི། སང་གྷ་པ་རཱི་ཀྵི་ཏེ། སང་གྷ་ནི་ར་གྷ་་ས་ཏེ། དྷརྨ་པ་རཱི་ཀྵི་ཏེ། སརྦ་སཏྭ་རུ་ཧེ། ཀཽ་ཤལྱཱེ། ཀཽ་ཤལྱཱ་ནུ་ག་ཏེ། སིང་ཧ་བི་་ཌི་ཏེ། ཨ་ནུ་བརྟེ། བརྟ་ནི། བརྟ་ལི་སྭཱ་ཧཱ། བཅོམ་ལྡན་འདས་གཟུངས་སྔགས་ཀྱི་ཚིག་འདི་དག་བྱང་ཆུབ་སེམས་དཔའ་གང་གི་རྣ་བའི་དབང་པོ་ལ་གྲགས་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་བྱིན་གྱིས་བརླབས་སུ་རིག་པར་བགྱིའོ། །བཅོམ་ལྡན་འདས་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་འཛམ་བུའི་གླིང་འདི་ན་སྤྱོད་པ་ན། བྱང་ཆུབ་སེམས་དཔའ་གང་དག་གི་ལག་ཏུ་ཐོབ་པར་གྱུར་པ་ན། བཅོམ་ལྡན་འདས་ཆོས་སྨྲ་བ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཐུ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་གཟི་བརྗིད་ཀྱིས། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་བདག་ཅག་གི་ལག་ཏུ་ཐོབ་བོ་སྙམ་དུ་དེ་ལྟར་རིག་པར་བགྱིའོ། །བཅོམ་ལྡན་འདས་གང་དག་མདོ་སྡེ་འདི་ཡི་གེར་འདྲི་བ་དང་འཛིན་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཐོབ་པར་འགྱུར་རོ། །སེམས་ཅན་དེ་དག་གིས་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི། དེ་བཞིན་གཤེགས་པའི་ཕྱག་གིས་སྤྱི་བོ་ལ་བྱུགས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་དག་གིས་བདག་ཀྱང་དགའ་བར་བགྱིས་པར་འགྱུར་རོ། །


DKG051_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་མདོ་སྡེ་འདི་ཡི་གེར་འདྲིར་སྩོལ་བ་དང་། གང་དག་འདིའི་དོན་ཁོང་དུ་ཆུད་པར་བགྱིད་པ་དང་། བཅོམ་ལྡན་འདས་མདོ་སྡེ་འདི་ཡི་གེར་བྲིས་པ་དེ་དག །འདི་ནས་ཤི་འཕོས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། སྐྱེས་མ་ཐག་ཏུ་དེའི་དྲུང་དུ་ལྷའི་བུ་མོ་བརྒྱད་ཁྲི་བཞི་སྟོང་མཆི་བར་འགྱུར། ལྷའི་བུ་མོ་དེ་དག་རྔ་བོ་ཆེ་ཙམ་གྱི་ཅོད་པན་ཅན་ལྷའི་བུ་མོ་དེ་དག་གི་ནང་ན་གནས་པར་འགྱུར་རོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་བྲིས་པའི་བསོད་ནམས་ཀྱི་ཕུང་པོ་ཡང་འདི་འདྲ་ལགས་ན། གང་དག་ལུང་ནོད་པ་དང་ཁ་ཏོན་བགྱིད་པ་དང་སེམས་པ་དང་ཡིད་ལ་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་དེ་ལྟ་ལགས་པས། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་སེམས་ཀྱིས་ཀུན་བསམས་ཏེ་ཡི་གེར་བྲི་བར་བགྱིའོ། །གང་མི་གཡེང་བར་ཡིད་ལ་བགྱིད་པས་ཡི་གེར་བྲིས་ན། དེ་ལ་སངས་རྒྱས་བརྒྱ་སྟོང་ཕྱག་རྐྱོང་བར་འགྱུར་རོ། །འཆི་བའི་ཚེ་ཡང་སངས་རྒྱས་སྟོང་གི་ཞལ་མཐོང་བར་འགྱུར་རོ། །ངན་འགྲོ་ལོག་པར་ལྟུང་བར་མཆི་བར་མི་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། གང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པ་དེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་མདུན་གྱིས་བལྟས་ཏེ་ཆོས་འཆད་པ་དེར་སྐྱེའོ། །དེ་ལྟ་ལགས་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་མཁས་པས། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་གུས་པར་ཡི་གེར་བྲི་བར་བགྱིའོ། །གུས་པར་ལུང་ནོད་པར་བགྱིའོ། །གུས་པར་ཁ་ཏོན་དུ་བགྱིའོ། །གུས་པར་ཡིད་ལ་བགྱིའོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་བྲིས་པ་དང་ལུང་མནོས་པ་དང་ཁ་ཏོན་བགྱིས་པ་དང་བསྒོམས་པ་དང་ཡིད་ལ་བགྱིས་པ་ནི། དེ་ལྟར་ཡོན་ཏན་དཔག་ཏུ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས། རིགས་ཀྱི་བུ་


DKG051_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

འམ་རིགས་ཀྱི་བུ་མོ་མཁས་པས། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་བཟུང་བར་བགྱིས་ཏེ། དེ་དག་གི་ཡོན་ཏན་གྱི་ཕན་ཡོན་འདི་སྙེད་དུ་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས། ཅི་ནས་བདག་གི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་འདི་ན་སྤྱོད་པར་འགྱུར་བར་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ། ཀུན་ཏུ་བཟང་པོ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པ་དང་། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་ཞིང་སྙིང་རྗེ་ཆེན་པོས་ཟིན་པའི་ལྷག་པའི་བསམ་པ་དང་། བསམ་གྱིས་མི་ཁྱབ་པས་ཟིན་པའི་སེམས་བསྐྱེད་པས། ཁྱོད་ཀྱིས་ཆོས་སྨྲ་བ་དེ་དག་ལ་བྱིན་གྱིས་རློབ་པ་བྱེད་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །རིགས་ཀྱི་བུ་གང་ལ་ལ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་མིང་འཛིན་པ་དེ་དག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མཐོང་བ་དང་། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གན་ནས་ཐོས་པ་དང་། དེ་དག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཆོད་པ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཆོས་བསྟན་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་རྗེས་སུ་ཡི་རང་བ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་དེ་དག་གི་སྤྱི་བོར་ཕྱག་བཞག་པ་དང་། དེ་དག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆོས་གོས་ཀྱིས་གཡོགས་པར་རིག་པར་བྱའོ། །ཀུན་ཏུ་བཟང་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག །དེ་བཞིན་གཤེགས་པའི་བསྟན་པ་འཛིན་པར་རིག་པར་བྱའོ། །དེ་དག་འཇིག་རྟེན་རྒྱང་


DKG051_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པན་པ་ལ་དགའ་བར་མི་འགྱུར་རོ། །དེ་དག་སྙན་དངགས་ལ་ཞུགས་པའི་སེམས་ཅན་རྣམས་ལ་དགའ་བར་མི་འགྱུར་རོ། །དེ་དག་གར་བྱེད་པ་དང་རོལ་མོ་བྱེད་པ་དང་། གྱད་དང་ཤ་འཚོང་བ་དང་ཤན་པ་དང་བྱ་གག་འཚོང་བ་དང་ཕག་འཚོང་བ་དང་བུད་མེད་དག་གསོ་བའི་སེམས་ཅན་རྣམས་ལ་དགའ་བར་མི་འགྱུར་རོ། །མདོ་སྡེ་འདི་ལྟ་བུ་ཐོས་པ་དང་ཡི་གེར་བྲིས་པ་དང་། འཛིན་པ་དང་བཀླགས་པ་དེ་དག་གཞན་ལ་སྲེད་པར་མི་འགྱུར་རོ། སེམས་ཅན་དེ་དག་ཆོས་ཀྱི་ངོ་བོ་ཉིད་དང་ལྡན་པར་འགྱུར་རོ། །དེ་དག་སོ་སོའི་བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པར་འགྱུར་རོ། །རང་གི་བསོད་ནམས་ཀྱི་སྟོབས་བསྐྱེད་པར་འགྱུར་རོ། །དེ་དག་སེམས་ཅན་རྣམས་ཀྱིས་མཐོང་ན་དགའ་བར་འགྱུར་རོ། །དགེ་སློང་གང་དག་མདོ་སྡེ་འདི་ལྟ་བུ་འཛིན་པ་དེ་དག་འདོད་ཆགས་ཀྱིས་གཟིར་བར་མི་འགྱུར་རོ། །ཞེ་སྡང་མེད་པ་དང་གཏི་མུག་མེད་པ་དང་སེར་སྣ་མེད་པ་དང་འཆབ་པ་མེད་པ་དང་། ང་རྒྱལ་མེད་པ་དང་ཆེ་བའི་ང་རྒྱལ་མེད་པ་དང་ལོག་པའི་ང་རྒྱལ་མེད་པར་འགྱུར་རོ། །ཀུན་ཏུ་བཟང་པོ་ཆོས་སྨྲ་བ་དེ་དག་བདག་གི་རྙེད་པས་ཆོག་ཤེས་པར་འགྱུར་རོ། །ཀུན་ཏུ་བཟང་པོ་གང་གིས་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའི་དགེ་སློང་མཐོང་ན། འདི་སྙམ་དུ་རིགས་ཀྱི་བུ་འདི་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར་རོ། །རིགས་ཀྱི་བུ་འདི་ནི་བདུད་ཀྱི་ཐབ་མོའི་ཚོགས་ལས་རྒྱལ་བར་འགྱུར་རོ། །རིགས་ཀྱི་བུ་འདི་ནི་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་རོ། །འདི་ནི་ཆོས་ཀྱི་རྔ་རྡུང་བར་འགྱུར་རོ། །འདི་ནི་ཆོས་ཀྱི་དུང་འབུད་པར་འགྱུར་རོ། །འདི་ནི་ཆོས་ཀྱི་ཆར་རབ་ཏུ་འབེབས་པར་འགྱུར་རོ། །འདི་ནི་ཆོས་ཀྱི་སེང་གེའི་ཁྲི་ལ་འདུག་པར་འགྱུར་རོ། །སྙམ་དུ་སེམས་བསྐྱེད་པར་བྱའོ། །གང་དག་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ། ཆོས་ཀྱི་རྣམ་གྲངས་འདི་འཛིན་པའི་དགེ་སློང་དེ་དག་བརྐམ་པར་མི་འགྱུར་རོ། །ཆོས་གོས་


DKG051_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆགས་པ་དང་། ལྷུང་བཟེད་ལ་ཆགས་པར་མི་འགྱུར་རོ། །ཆོས་སྨྲ་བ་དེ་དག་དྲང་པོར་འགྱུར་རོ། །ཆོས་སྨྲ་བ་དེ་དག་རྣམ་པར་ཐར་པ་གསུམ་ཐོབ་པར་འགྱུར་རོ། །དེ་དག་གི་ཚེ་འདི་པ་བཟློག་པར་འགྱུར་རོ། །གང་དག་མདོ་སྡེ་འདི་ལྟ་བུ་འཛིན་པ་ཆོས་སྨྲ་བའི་དགེ་སློང་རྣམས་སྨོད་པར་བྱེད་པའི་སེམས་ཅན་དེ་དག་དམུས་ལོང་དུ་འགྱུར་རོ། །གང་དག་གིས་མདོ་སྡེ་འདི་ལྟ་བུ་འཛིན་པའི་དགེ་སློང་རྣམས་ལ་མི་སྙན་པ་བསྒྲགས་ན། དེ་དག་ཚེ་འདི་ཉིད་ལ་ལུས་ལ་ཤ་བཀྲ་འབྱུང་བར་འགྱུར་རོ། །གང་དག་མདོ་སྡེ་འདི་ལྟ་བུ་ཡི་གེར་འདྲི་བ་རྣམས་ལ་འཕྱ་བ་དང་བསྟིང་བ་དེ་དག་སོ་ཆག་པར་འགྱུར་རོ། །སོ་ཐགས་ངན་པར་འགྱུར་རོ། །མཆུ་མི་སྡུག་པར་འགྱུར་རོ། །སྣ་ལེབ་པར་འགྱུར་རོ། །ལག་པ་དང་རྐང་པ་ལོག་པར་འགྱུར་རོ། །མིག་ལོག་པར་འགྱུར་རོ། །ལུས་དྲི་མི་ཞིམ་པར་འགྱུར་རོ། །ལུས་ལ་འབྲས་དང་འབྲུམ་བུ་ཕྲ་མོ་དང་རྐང་ཤུ་དང་ཤུ་བ་དང་གཡན་པས་གང་བར་འགྱུར་རོ། །གང་དག་མདོ་སྡེ་འདི་ལྟ་བུ་འཛིན་པ་དང་། མདོ་སྡེ་འདི་ལྟ་བུ་ཡི་གེར་འདྲི་བ་དང་། མདོ་སྡེ་འདི་ལྟ་བུ་ཀློག་པ་དང་མདོ་སྡེ་འདི་ལྟ་བུ་འཆད་པ་རྣམས་ལ་མི་སྙན་པའི་ཚིག་བདེན་པའམ། མི་བདེན་པ་བསྒྲགས་ན་སྡིག་པའི་ལས་ཤིན་ཏུ་ལྕི་བར་རིག་པར་བྱའོ། །ཀུན་ཏུ་བཟང་པོ་དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའི་དགེ་སློང་ལ་རྒྱང་མ་ནས་ཀྱང་ལྡང་བར་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པ་ལ་གུས་པར་བྱ་བ་དེ་བཞིན་དུ་མདོ་སྡེ་འདི་ལྟ་བུ་འཛིན་པའི་དགེ་སློང་དེ་དག་ལ་ཡང་གུས་པར་བྱའོ་ཀུན་ཏུ་བཟང་པོ་སྤྲོ་བར་བྱ་བའི་ལེའུ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བྱེ་བ་བརྒྱ་སྟོང་དུ་འཁྱིལ་པ་ཞེས་བྱ་བའི་གཟུངས་ཐོབ་པར་འགྱུར་རོ། །དམ་པའི་ཆོས་པད་མ་དཀར་པོ་ལས་ཀུན་ཏུ་བཟང་པོས་སྤྲོ་བར་བྱ་བའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།


previousཉི་ཤུ་རྩ་དྲུག་པ། ཀུན་ཏུ་བཟང་པོས་སྤྲོ་བར་བྱ་བའི་ལེའུ། next