Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་ང་གཅིག་པ།


   
   
   
   
བཞི་པ། མོས་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཞི་པ། མོས་པའི་ལེའུ། next

བཞི་པ། མོས་པའི་ལེའུ།


DKG051_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བཞི་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། སྔོན་མ་ཐོས་པའི་ཆོས་རྣམ་པ་འདི་ལྟ་བུ་འདི་བཅོམ་ལྡན་འདས་ལས་ཐོས་ཤིང་། ཚེ་དང་ལྡན་པ་ཤཱ་རིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་སུམ་དུ་ལུང་བསྟན་པ་ཐོས་ནས། ངོ་མཚར་དུ་གྱུར། རྨད་དུ་གྱུར། ཤིན་ཏུ་དགའ་བར་གྱུར་ཏེ། དེའི་ཚེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་མངོན་དུ་ལྟ་ཞིང་། ལུས་བཏུད་ལུས་མངོན་པར་བཏུད། ལུས་རྣམ་པར་བཏུད། ལུས་ཤིན་ཏུ་བཏུད་དེ། དེའི་ཚེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྒས་གཏུགས་འཁོགས་ནས། དགེ་སློང་གི་དགེ་འདུན་འདིའི་ནང་ན་ཡང་གནས་བརྟན་དུ་འཛིན་ཏེ། རྒས་འཁོགས་ཤིང་བདག་ཅག་མྱ་ངན་ལས་འདས་པ་ཐོབ་སྙམ་ནས་བཅོམ་ལྡན་འདས་


DKG051_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་པ་མ་མཆིས་ཏེ་བདག་ཅག་ནི་བརྩོན་འགྲུས་བརྩམ་པའི་རྔོ་མི་ཐོགས་པའོ། །གང་གི་ཚེ་བཅོམ་ལྡན་འདས་ཆོས་སྟོན་ཅིང་། བཅོམ་ལྡན་འདས་རིང་དུ་ཡང་བཞུགས་པར་གྱུར་ཏེ་ཆོས་བཤད་པ་དེ་ལ་བདག་ཅག་ཀྱང་མཆིས་པར་གྱུར་པ་དེའི་ཚེ་ན་ནི། བཅོམ་ལྡན་འདས་བདག་ཅག་ཀྱང་རིང་དུ་མཆིས་ཤིང་། བཅོམ་ལྡན་འདས་ལ་རིང་དུ་བསྙེན་བཀུར་བགྱིས་པས། ཡན་ལག་དང་ཉིང་ལག་ཀྱང་བྲོ་འཚལ། ཚིགས་དང་ཚིགས་ཕྲེའུ་རྣམས་ཀྱང་བྲོ་འཚལ་ཏོ། །བཅོམ་ལྡན་འདས་དེའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ན་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཐམས་ཅད་བདག་ཅག་གིས་བརྗོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་དག་དང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་འདི་དག་དང་བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་དག་དང་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་དག་ལ་བདག་ཅིག་གིས་རེ་བ་མ་བསྐྱེད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བདག་ཅག་ཁམས་གསུམ་ནས་བྱུང་སྟེ། མྱ་ངན་ལས་འདས་པར་འདུ་ཤེས་ཤིང་། བདག་ཅག་ནི་རྒས་འཁོགས་པས། དེའི་སླད་དུ་བཅོམ་ལྡན་འདས་བདག་ཅག་གིས་བྱང་ཆུབ་སེམས་དཔའ་གཞན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཅིང་བཏམས་མོད་ཀྱི། བཅོམ་ལྡན་འདས་དེ་ལ་བདག་ཅག་གིས་རེ་བའི་སེམས་གཅིག་ཀྱང་བསྐྱེད་པར་མ་གྱུར་ཏེ། བཅོམ་ལྡན་འདས་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་དྲུང་ནས། ཉན་ཐོས་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བར་ལུང་བསྟན་པ་ཐོས་ནས། ངོ་མཚར་དང་རྨད་དུ་གྱུར་ཏོ། །བཅོམ་ལྡན་འདས་དེང་འཕྲལ་ལ། དེ་བཞིན་གཤེགས་པའི་གསུང་སྔོན་མ་ཐོས་པ་རྣམ་པ་འདི་ལྟ་བུ་འདི་ཐོས་ནས། བདག་ཅག་གིས་རྙེད་པ་ཆེན་པོ་ཐོབ་པོ། །བཅོམ་ལྡན་འདས་བདག་ཅག་གིས་རིན་པོ་ཆེ་ཆེན་པོ་ཐོབ་པོ། །བཅོམ་ལྡན་འདས་བདག་ཅག་གིས་ཚད་མ་མཆིས་པའི་རིན་པོ་ཆེ་ཆེན་པོ་ཐོབ་པོ། །བཅོམ་ལྡན་འདས་བདག་ཅག་གིས་མ་བསླངས་མ་བཙལ་མ་བསམས་མ་སྨོན་པར་རྣམ་པ་འདི་ལྟ་བུའི་རིན་པོ་ཆེ་ཆེན་པོ་འདི་ཐོབ་སྟེ། བཅོམ་ལྡན་འདས་བདག་


DKG051_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་སྤོབས་སོ། །བདེ་བར་གཤེགས་པ་སྤོབས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་འདི་ལྟར་ཕའི་གན་ནས་ལོགས་ཤིག་ཏུ་མཆིས་ལ། དེ་ལོགས་ཤིག་ཏུ་མཆིས་ནས་ཡུལ་ཕྱོགས་གཅིག་ཅིག་ཏུ་ཕྱིན་ཏེ། །དེ་དང་དེར་དགུང་ལོ་མང་དུ་ཉི་ཤུའམ། སུམ་ཅུ་འམ་བཞི་བཅུ་འམ་ལྔ་བཅུར་གནས་ཏེ། བཅོམ་ལྡན་འདས་དེ་ནས་མི་དེ་ཆེན་པོ་ཞིག་ཏུ་ལགས་ལ། དེ་ཡང་དབུལ་པོར་གྱུར་ནས་འཚོ་བ་ཚོལ་ཞིང་། འཚལ་མ་དང་རད་པའི་སླད་དུ་ཕྱོགས་དང་ཕྱོགས་མཚམས་སུ་མཆིས་ནས། ཡུལ་ཕྱོགས་གཅིག་ཅིག་ཏུ་ཕྱིན་ཏེ། དེའི་ཕ་དེ་ཡང་ཡུལ་གཞན་དུ་མཆིས་ལ། ནོར་དང་། འགྲོན་བུ་དང་། མཛོད་དང་། བང་བ་མང་པོར་གྱུར་ཏེ། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུཪྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དགོག་དང་ལྡན་པར་གྱུར་ལ། བྲན་ཕོ་དང་། བྲན་མོ་དང་། སུག་ལས་བགྱིད་པ་དང་། ཞོ་ཤས་འཚོ་བའི་མི་མང་པོར་གྱུར་ལ། གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་བ་ལང་དང་། ལུག་མང་པོ་དང་ལྡན་པར་གྱུར་ཏེ། གཡོག་མང་ཞིང་ཡུལ་ཆེན་པོའི་ནང་ན་ནོར་དང་ལྡན་པ་ལགས་ལ། འདུ་བ་དང་འཕེལ་བ་དང་རྨོ་བ་དང་ཚོལ་བ་ཡང་མང་དུ་གྱུར་ཏེ། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེ་འཚལ་མ་དང་རད་པ་ཚོལ་བའི་སླད་དུ། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དུ་མཐར་གྱིས་འཁྱམ་པ་ལས། དེ་ན་ནོར་དང་། འགྲོན་བུ་དང་། མཛོད་དང་། བང་བ་མང་པོ་མཆིས་པའི་མི་དེ་གང་ན་མཆིས་པའི་གྲོང་ཁྱེར་དེར་ཕྱིན་པར་གྱུར་ཏེ། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེའི་ཕ་ནོར་དང་འགྲོན་བུ་དང་མཛོད་དང་བང་བ་མང་པོ་ཅན་དེ་གྲོང་ཁྱེར་དེ་ན་གནས་ཤིང་། བུ་ལོ་ལྔ་བཅུའི་བར་དུ་སྟོར་བ་དེ་རྟག་པར་རྒྱུན་དུ་དྲན་ཏེ། དྲན་ཡང་བདག་གཅིག་བུ་ནང་དུ་གདུང་བ་མ་གཏོགས་པར་གཞན་སུ་ལ་ཡང་མི་སྨྲ་བར་འདི་སྙམ་དུ་ཡང་བདག་ནི་རྒས་ཤིང་འཁོགས་ཏེ་གཏུགས་ན། བདག་ལ་འགྲོན་བུ་དང་། གསེར་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་མང་དུ་ཡོད་ལ།


DKG051_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བུ་ནི་གཅིག་ཀྱང་མེད་ན། བདག་ནི་འཆི་བའི་དུས་བྱེད་པར་འགྱུར་ཏེ། འདི་དག་ཐམས་ཅད་མ་སྤྱད་པར་ཆུད་ཟོས་པར་མི་འགྱུར་རམ་སྙམ་དུ་དེའི་ཕྱིར་ཞིང་བུ་དེ་དྲན་ནས། ཀྱེ་མ་གལ་ཏེ་བདག་གི་བུ་དེ་ནོར་གྱི་ཚོགས་འདི་ལ་སྤྱོད་པར་གྱུར་ན་ནི། བདག་མྱ་ངན་མེད་པར་འགྱུར་བར་སེམས་ལ། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེ་རད་པ་དང་འཚལ་མ་ཚོལ་ཞིང་མཐར་གྱིས་འགྲོན་བུ་དང་། གསེར་དང་། ནོར་དང་། འབྲུ་དང་། མཛོད་དང་བང་བ་མང་པོ་ཅན་གྱི་མི་དེའི་གནས་ག་ལ་བ་དེར་མཆིས་ཏེ། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེའི་ཕ་དེ་བདག་གི་མཆིས་བྲང་གི་ཆབ་སྒོ་ན་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཀྱི་འཁོར་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། སེང་གེའི་ཁྲི་ཆེན་པོ་སུག་རྟེན་དང་བཅས་པ་གསེར་དང་དངུལ་གྱིས་ཤིན་ཏུ་བརྒྱན་པ་ལ་མཆིས་ནས། འགྲོན་བུ་བྱེ་བ་བརྒྱ་སྟོང་གིས་སྤྱོད་པ་བགྱིད་དེ། རྔ་ཡབ་ཀྱིས་གཡོབ་ཅིང་བླ་རེ་བྲེས་པའི་སའི་ཕྱོགས། མེ་ཏོག་སིལ་མ་གཏོར་ཅིང་རིན་པོ་ཆེའི་ཕྲེང་བ་སྤྱངས་པ་ན་འབྱོར་ཅིང་ལོངས་སྤྱོད་པ་ཆེན་པོས་མཆིས་ལ་བཅོམ་ལྡན་འདས་མི་དབུལ་པོ་དེས་རང་གི་ཕ་དེ་རང་གི་མཆིས་བྲང་གི་ཆབ་སྒོ་ན་རྣམ་པ་འདི་ལྟ་བུའི་ལོངས་སྤྱོད་མཆིས་ཤིང་། སྐྱེ་བོ་ཕལ་པོ་ཆེས་ཡོངས་སུ་བསྐོར་ནས་ཁྱིམ་བདག་གི་སུག་ལས་བགྱིད་པ་མཐོང་སྟེ། མཐོང་ནས་ཀྱང་འཇིགས་ཤིང་སྐྲག་ལ་མི་དགའ་ནས་སྤུ་ཟིང་ཞེས་བགྱིད་དེ། རབ་ཏུ་ཡིད་མི་བདེ་ནས་འདི་སྙམ་དུ་སེམས་ཏེ། རྒྱལ་པོའམ། བློན་པོ་ཆེན་པོ་འདི་དང་བདག་བློ་བུར་དུ་ཕྲད་དེ། འདི་ན་བདག་གི་བྱ་བ་ཅི་ཡང་མེད་ཀྱིས་བདག་དབུལ་པོའི་གནས་ག་ལ་བ་དེར་སོང་ལ། དེར་བདག་གི་ཟས་དང་གོས་ཉོན་མི་མོངས་པར་རྙེད་ཀྱིས། བདག་འདིར་རིང་དུ་ཐོགས་སུ་ཟིན་ན་མི་རུང་ངོ་། །འདིར་བག་ཙམ་གཟུངས་སུ་ཟིན་ཏམ། ཉེས་པ་གཞན་ལ་ལ་དང་ཕྲད་པར་གྱུར་དུ་མི་འོང་ངམ་སྙམ་ནས། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེ་འཇིགས་པ་བརྒྱུད་མར་ཡིད་ལ་བགྱིད་ཅིང་སྐྲག་ནས། དེ་ན་མི་གནས་པར་རིངས་པར་བྲོས་ཏེ་མཆིས་པ་དང་། བཅོམ་ལྡན་འདས་དེ་ནས་མི་ཕྱུག་པོ་དེ། བདག་གི་མཆིས་


DKG051_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་གི་ཆབ་སྒོ་ན་སེང་གེའི་ཁྲི་ལ་མཆིས་པས། བདག་གི་བུ་དེ་མཐོང་མ་ཐག་ཏུ་ངོ་མཚར་ཏེ། མཐོང་ནས་ཀྱང་དགའ་མགུ་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་པར་གྱུར་ནས། འདི་སྙམ་དུ་འགྲོན་བུ་དང་། གསེར་དང་། ནོར་དང་། འབྲུ་དང་། མཛོད་དང་བང་བའི་ལོངས་སྤྱོད་ཆེན་པོ་འདི་ལ་སྤྱད་པ་འདི་ལྟར་རྙེད་དེ། བདག་ནི་རྒས་འཁོགས་གཏུགས་ནས་བདག་ཀྱང་འདི་ཉིད་ཕྱིར་ཞིང་དྲན་ན་འདི་ཡང་ཁོ་བདག་ཉིད་འདིར་འོངས་པ་ངོ་མཚར་ཆེའོ། །སྙམ་དུ་སེམས་སོ། །བཅོམ་ལྡན་འདས་དེ་ནས་མི་དེ་བུ་ལ་སྲེད་པས་གདུངས་པས། དེའི་ཚེ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ། མི་མགྱོགས་པ་དག་བཀྱེ་སྟེ། གྲོགས་པོ་དག་དེང་ལ་མི་དེ་མྱུར་དུ་ཁྲིད་དེ་ཤོག་ཅིག་ཅེས་བསྒོ་ནས། བཅོམ་ལྡན་འདས་དེ་ནས་མི་དེ་དག་ཐམས་ཅད་ཀྱིས་མགྱོགས་པར་བརྒྱུགས་ནས། མི་དབུལ་པོ་དེ་བཟུང་བ་དང་། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེ་དེའི་ཚེ་ན་འཇིགས་ཤིང་སྐྲག་ལ་མི་དགའ་ནས་བ་སྤུ་ཟིང་ཞེས་བགྱིད་ཅིང་རབ་ཏུ་ཡིད་མི་བདེ་སྟེ་སྔངས་པའི་སྒྲ་དྲག་པོ་ཕྱུང་ནས། ཀུ་ཅོ་འདོན་ཅིང་ཁོ་བོས་ཁྱེད་ལ་ཉེས་པ་ཅུང་ཟད་ཀྱང་མ་བྱས་ན་ཞེས་ཚིག་ཏུ་སྨྲས་ཏེ། དེ་ནས་མི་དེ་དག་གིས་ནན་གྱིས་མི་དབུལ་པོ་དེ་ཀུ་ཅོ་འདོན་བཞིན་དུ་ཁྲིད་པ་དང་། དེ་ནས་མི་དབུལ་པོ་དེ་འཇིགས་ཤིང་སྐྲག་ལ་མི་དགའ་ནས། སྤུ་ཟིང་ཞེས་བགྱིད་ཅིང་རབ་ཏུ་ཡིད་མི་བདེ་སྟེ། འདི་ལྟར་བདག་གསོད་དུ་བཅུག་ནས་མ་རུང་བར་མི་བྱའམ་སྙམ་སེམས་ཤིང་། དེ་བརྒྱལ་ཏེ་དོགས་ལ་འགྱེལ་ནས་མྱོས་པར་གྱུར་ལ། དེའི་ཕ་དེ་ཡང་ཉེ་བ་ཞིག་ན་མཆིས་ནས། དེས་མི་དེ་དག་ལ་ཁྱེད་ཀྱིས་མིའུ་ནི་ཁྲིད་དེ་མ་འོང་བར། འུ་ནི་ཆུ་གྲང་མོས་གཏོར་ཅིག་ཅེས་དེ་སྐད་སྨྲས་ནས་གཞན་མི་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། ཁྱིམ་བདག་དེ་བདག་ནི་མཐུ་ཆེན་པོ་དང་ལྡན་ལ། མི་དབུལ་པོ་འདི་ནི་དམན་པ་ལ་མོས་པར་འཚལ་ནས། ཁྱིམ་བདག་གི་བུ་ལགས་པར་ཡང་འཚལ་ན། བཅོམ་ལྡན་འདས་དེ་ནས་ཁྱིམ་བདག་དེ་ཐབས་མཁས་པའི་སླད་དུ། འདི་བདག་གི་བུ་ལགས་ཤེས་སུ་ལ་ཡང་མི་མཆི་སྟེ། བཅོམ་ལྡན་འདས་དེ་ནས་ཁྱིམ་བདག་དེས་མི་གཞན་ཞིག་ལ། ཀྱེ་མི་ཁྱོད་


DKG051_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སོང་སྟེ་མི་དབུལ་པོ་ཕ་བི་ལ། ཀྱེ་མི་ཁྱོད་བཏང་གིས་གར་དགའ་བར་འགྲོ་ལ་རག་གོ་ཞེས་བསྒོ་ཤིག་ཅེས་མཆི་ནས། ལྷ་བཀའ་བཞིན་འཚལ་ཞེས་མི་དེས་དེ་ལས་མཉན་ནས། མི་དབུལ་པོ་དེ་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས། མི་དབུལ་པོ་དེ་ལ་ཀྱེ་མི་ཁྱོད་བཏང་གིས་གར་དགའ་བར་འགྲོ་ལ་རག་གོ་ཞེས་བགྱིས་ནས། དེ་ནས་མི་དབུལ་པོ་དེའི་ཚིག་དེ་ཐོས་པ་དང་། ངོ་མཚར་དང་རྨད་དུ་བྱུང་བ་ཐོབ་པར་གྱུར་ཏེ། སའི་ཕྱོགས་དེ་ལས་ལངས་ནས། དེ་མི་དབུལ་པོའི་གནས་ག་ལ་བ་དེར་འཚལ་མ་དང་རད་པ་ཚོལ་བའི་སླད་དུ་མཆིས་ཏེ། དེ་ནས་ཁྱིམ་བདག་དེས་མི་དབུལ་པོ་དེ་དགུག་པའི་སླད་དུ་ཐབས་མཁས་པ་སྦྱར་བ། དེས་དེ་ལ་མདོག་མི་སྡུག་ཅིང་མདངས་ངན་པའི་མི་གཉིས་ཤིག་མངགས་ཏེ། ཁྱེད་གཉིས་དེང་ལ་གང་འདིར་འོངས་པའི་མི་དེ་ལ་ཁྱེད་རང་གི་ཚིག་གིས་ཉི་མའི་གླ་ཐང་གིས་གླ་གྱིས་ལ། ངའི་ཁྱིམ་འདིར་ལས་བྱེད་དུ་ཆུག་ཅིག །དེ་གལ་ཏེ་འདི་སྐད་དུ་ལས་ཅི་བྱ་ཞེས་ཟེར་བ་དང་། ཁྱེད་གཉིས་ཀྱིས་དེ་ལ་འདི་སྐད་དུ། ངེད་གཉིས་དང་ལྷན་ཅིག་ཏུ་ཕྱག་དར་གྱི་ཕུང་པོ་ཕྱག་གོ ། ཞེས་སྨྲོས་ཤིག་ཅེས་བགྱིས་ནས། མི་དེ་གཉིས་ཀྱིས་མི་དབུལ་པོ་དེ་བཙལ་ཏེ་སུག་ལས་དེ་བཞིན་དུ་བསྒྲུབས་ནས། དེ་ནས་མི་དེ་གཉིས་དང་མི་དབུལ་པོ་དེས་མི་ནོར་ཆེན་པོ་དེ་ལས་གླ་བླངས་ཏེ། ཁྱིམ་དེ་ཉིད་ན་ཕྱག་དར་གྱི་ཕུང་པོ་འཕྱག་ཅིང་། མི་ནོར་པོ་ཆེ་དེ་ཉིད་ཀྱི་ཁྱིམ་དྲུང་གི་སྤྱིལ་པོ་ན་གནས་ཤིང་མཆིས་ནས། མི་ཕྱུག་པོ་དེས་མཐོངས་ཁུང་དང་སྐར་ཁུང་དག་ནས་བདག་གི་བུ་ཕྱག་དར་འཕྱག་པ་མཐོང་སྟེ། མཐོང་ནས་ངོ་མཚར་དུ་གྱུར་ཏོ། །དེ་ནས་ཁྱིམ་བདག་དེ་ཕྲེང་བ་དང་རྒྱན་བཀྲོལ་ཏེ། རད་པ་བཟང་པོ་འཇམ་པོ་ཆེན་པོ་ཕུད་ནས། རད་པ་དྲི་མ་ཅན་འཚལ་ཏེ། བདག་གི་གནས་ནས་བབས་ནས་སུག་པ་གཡོན་པ་ན་སྐོན་པ་ཐོགས་ཏེ། ཕྱག་དར་གྱིས་བདག་གི་ལུས་ལ་གོས་པར་བགྱིས་ནས། རྒྱང་རིང་པོ་ནས་སྨྲ་ཞིང་། བུ་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས། འདི་སྐད་དུ་ཁྱོད་མ་འཁོད་པར་སྐོན་པ་ཐོགས་ལ་ཕྱག་དར་སྐྱོས་ཤིག་ཅེས་མཆི་ཞིང་། ཐབས་འདིས་བུ་དེ་ལ་སྨྲས་ཏེ་ཡང་འདི་སྐད་བསྒོའོ། །ཀྱེ་མི་ཁྱོད་འདི་ཉིད་ན་ལས་བྱོས་ལ་ཕྱིར་གཞན་དུ་མ་འགྲོ་ཞིག་དང་


DKG051_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ངས་ཁྱོད་གླ་བསྐྱེད་དེ་སྦྱིན་ནོ། །ཁྱོད་ལ་ཅི་དང་ཅི་དགོས་པ་ཡང་ན་བུམ་པའི་རིན་ནམ། ཡང་ན་རིལ་བའི་རིན་ནམ། ཡང་ན་ཕྲུ་བའི་རིན་ནམ། ཡང་ན་ཤིང་གི་རིན་ནམ། ཡང་ན་ལན་ཚྭའི་རིན་ནམ། ཡང་ན་ཟས་སམ། ཡང་ན་གོས་ཀྱང་རུང་སྟེ། དེ་དག་ང་ལ་འཛེམ་པ་མེད་པར་སློངས་ཤིག །ཀྱེ་སྐྱེས་བུ་ང་ལ་རས་རྙིང་པ་ཡང་ཡོད་དེ། དེ་སྟེ་དེ་ཡང་ཁྱོད་ལ་དགོས་ན་ཡང་སློངས་ཤིག་དང་། ངས་ཁྱེད་ལ་སྦྱིན་ནོ། །ཀྱེ་སྐྱེས་བུ་ཡོ་བྱད་ཀྱི་རྣམ་པ་དེ་ལྟ་བུ་དེ་དག་ཁྱོད་ལ་ཅི་དང་ཅི་དགོས་པ་དེ་དང་དེ་དག་ཐམས་ཅད་ངས་ཁྱོད་ལ་སྦྱིན་གྱིས། མི་ཁྱོད་མྱ་ངན་མེད་པར་བྱོས་ལ། ཁྱོད་ཀྱི་ཕ་ཅི་ལྟ་བ་དེ་བཞིན་དུ་ཁྱོད་ཀྱིས་ང་ལ་སོམས་ཤིག །དེ་ཅིའི་ཕྱིར་ཞེ་ན། ང་ནི་རྒན་ཁྱོད་ནི་གཞོན་ཏེ་ཁྱོད་ཀྱིས་ངའི་ཕྱག་དར་གྱི་ཕུང་པོ་འདི་ཕྱགས་ཤིང་ལས་མང་པོ་བྱས་ཏེ། ཀྱེ་མི་ཁྱོད་ལས་འདི་བྱེད་པའི་ཚེ། སྒྱུ་འམ། གྱ་གྱུའམ། གཡོ་འམ། ང་རྒྱལ་ལམ། འཆབ་པ་སྔོན་བྱས་པའམ། བྱེད་པ་ཡང་མེད་དེ་ཀྱེ་སྐྱེས་བུ་ཇི་ལྟར་མི་འདི་དག་གཞན་ལས་བྱེད་པའི་ཚེ། སྐྱོན་དེ་དག་ཡོད་པ། ཁྱོད་ལ་རྣམ་པ་ཐམས་ཅད་དུ་ཉེས་པ་དེ་དག་ལས་གཅིག་ཀྱང་མ་མཐོང་གིས་དེང་ཕན་ཆད་ང་ལ་ཁྱོད་ནི་ངའི་སྙིང་གི་བུ་ཅི་ལྟ་བ་དེ་དང་འདྲ་བ་ཡིན་ནོ། །བཅོམ་ལྡན་འདས་དེ་ནས་ཁྱིམ་བདག་དེས་མི་དབུལ་པོ་དེ་ལ་བུ་ཞེས་མིང་དུ་བཏགས་སོ། །མི་དབུལ་པོ་དེ་ཡང་ཁྱིམ་བདག་དེ་ལ་ཕར་འདུ་ཤེས་སྐྱེད་དེ། བཅོམ་ལྡན་འདས་རྣམ་གྲངས་འདིས་ཁྱིམ་བདག་དེ་བུ་འཚལ་བས་སྐོམ་ནས། དགུང་ལོ་ཉི་ཤུའི་བར་དུ་བུ་དེ་ཕྱག་དར་གྱི་ཕུང་པོ་འཕྱག་ཏུ་སྩལ་ཏེ། དེ་ནས་དགུང་ལོ་ཉི་ཤུ་འདས་པ་དང་། མི་དབུལ་པོ་དེ་ཁྱིམ་བདག་དེའི་མཆིས་བྲང་གི་སླད་ནང་དུ་མཆི་བ་ལ་འཛེམ་པ་མ་མཆིས་པར་གྱུར་ཏེ། སྤྱིལ་པོ་དེ་ཉིད་ན་གནས་ཤིང་མཆིས་པ་ལས། བཅོམ་ལྡན་འདས་དེ་ནས་ཁྱིམ་བདག་དེ་བྲོ་འཚལ་བར་གྱུར་ཏེ། བདག་འགུམ་པའི་དུས་ལ་བབ་པར་མཐོང་ནས། དེ་མི་དབུལ་པོ་དེ་ལ་འདི་སྐད་དུ། ཀྱེ་མི་ཁྱོད་ཚུར་ཤོག །ངའི་འགྲོན་བུ་དང་། གསེར་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཤིན་ཏུ་མང་དུ་ཡོད་པ་འདི་དག་ང་ནི་ནད་ཚབས་ཆེ་ན་དེ་དག་སུ་ལ་


DKG051_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་དང་། སུ་ལས་བླང་བ་དང་། གང་སྦ་བར་བྱ་བ་དེ་དག་ཐམས་ཅད་ཁྱོད་ཀྱིས་ཤེས་པར་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ང་ནོར་འདིའི་བདག་པོར་གྱུར་པ་ལྟར་ཁྱོད་ཀྱང་དེ་བཞིན་གྱིས་ངའི་འདི་ལས་ཁྱོད་ཀྱིས་ཅུང་ཟད་ཀྱང་ཆུད་མ་གཟན་ཅིག་ཅེས་མཆིས་ནས། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེ་རྣམ་གྲངས་འདིས། ཁྱིམ་བདག་དེའི་འགྲོན་བུ་དང་། གསེར་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་རབ་ཏུ་མང་བ་དེ་དག་མཆིས་པར་འཚལ་ལ། བདག་ཉིད་དེ་ལ་རེ་བ་མ་མཆིས་ཤིང་། །ཐ་ན་ཕྱེ་ཕུལ་གང་གི་རིན་ཐང་ཙམ་ཡང་དེ་ལ་ཅུང་ཟད་ཀྱང་སློང་བ་མ་མཆིས་ཏེ། རྩྭའི་སྤྱིལ་པོ་དེ་ན་གནས་ཤིང་མཆིས་ནས། དབུལ་པོའི་བསམ་པ་དེ་ཉིད་རྗེས་སུ་སེམས་སོ། །བཅོམ་ལྡན་འདས་དེ་ནི་ཁྱིམ་བདག་དེས་བུ་དེ་སྲུང་ནུས་ཤིང་ཡོངས་སུ་སྨིན་པར་འཚལ། སེམས་བཏུལ་ཏེ། རྒྱ་ཆེན་པོར་སེམས་ཤིང་། སྔོན་དབུལ་པོ་བསམས་ན་ཉམ་ང་ཞིང་ངོ་ཚ་སྟེ་སྨོད་པར་འཚལ་ནས་བདག་འགུམ་པའི་དུས་ལ་བབ་པ་དང་མི་དབུལ་པོ་དེ་བཀུག་སྟེ། ཉེ་དུ་འདུས་པ་མང་པོ་དང་སྤྲད་ནས། རྒྱལ་པོ་དང་བློན་པོ་དང་གྲོང་རྡལ་གྱི་མི་དང་། ཡུལ་མིའི་མདུན་དུ་མངོན་སུམ་དུ་འདི་སྐད་ཅེས་བསྒྲགས་སོ། །ཁྱོད་ཉོན་ཅིག །འདི་ནི་ཁོ་བོའི་སྙིང་གི་བུ་ཁོ་བོས་བསྐྱེད་པ་སྟེ། གྲོང་ཁྱེར་གྱི་མིང་འདི་ཞེས་བྱ་བ་ནས་འཁྱམས་ནས་ལོ་ལྔ་བཅུ་ལོན་ཏེ། འདིའི་མིང་འདི་ཞེས་བྱ། ཁོ་བོའི་མིང་ནི་འདི་ཞེས་བྱ་སྟེ། ཁོ་བོ་འདི་ཚོལ་བའི་ཕྱིར་གྲོང་ཁྱེར་དེ་ནས་འདིར་འོངས་སོ། །འདི་ནི་ཁོ་བོའི་བུ། ཁོ་བོ་ནི་འདིའི་ཕ་སྟེ། བདག་གི་སྤྱོད་པ་དང་། ལོངས་སྤྱོད་ཅི་ཡོད་པ་ཐམས་ཅད་ནི་མི་འདི་ལ་བྱིན་ནོ། །ཁོ་བོའི་ནང་གི་ནོར་ཅུང་ཟད་ཅི་ཡོད་པ་དེ་ཀུན་ཀྱང་འདི་ཉིད་ཤེས་སོ་ཞེས་བགྱིས་པ་དང་། བཅོམ་ལྡན་འདས་དེ་ནས་མི་དབུལ་པོ་དེས་དེའི་ཚེ་འདི་ལྟ་བུའི་སྒྲ་ཐོས་ནས། ངོ་མཚར་དང་རྨད་དུ་གྱུར་ཏེ། འདི་ལྟར་བདག་གིས་འཕྲལ་ལ་འགྲོན་བུ་དང་། གསེར་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་མང་པོ་རྙེད་དོ་སྙམ་དུ་སེམས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བདག་ཅག་ནི་དེ་བཞིན་གཤེགས་པའི་སྲས་དང་འདྲ་སྟེ། དེ་བཞིན་གཤེགས་


DKG051_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདག་ཅག་ལ་ཁྱེད་ནི་ངའི་བུའོ་ཞེས་བཀའ་སྩལ་ཏེ། ཁྱིམ་བདག་དེ་ཅི་ལྟ་བ་བཞིན་ནོ། །བཅོམ་ལྡན་འདས་བདག་ཅག་ནི་སྡུག་བསྔལ་གསུམ་གྱིས་གཟིར་ཏོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དོ། །འཁོར་བ་ན་དམན་པ་ལ་མོས་པས་བདག་ཅག་བཅོམ་ལྡན་འདས་ཆོས་ངན་པ་མང་པོ་ཕྱག་དར་གྱི་ཕུང་པོ་དང་འདྲ་བ་ལ་སེམས་སུ་སྩལ་ཏེ། དེ་རྣམས་ལ་བདག་ཅག་ཞུགས་ནས་འབད་ཅིང་བཙལ་ནས། བཅོམ་ལྡན་འདས་བདག་ཅག་མྱ་ངན་ལས་འདའ་བ་ཙམ་ཞིག་གདུགས་ཀྱི་གླ་བཞིན་དུ་ཚོལ་ཞིང་གསོལ་ཏེ། བཅོམ་ལྡན་འདས་བདག་ཅག་ནི་མྱ་ངན་ལས་འདའ་བ་དེ་རྙེད་པས་ན་དགའ་བར་གྱུར་ཏེ། དེ་བཞིན་གཤེགས་པ་ལས་ཆོས་འདི་དག་ལ་ཞུགས་ཏེ། འབད་ཅིང་བཙལ་བས། མང་པོ་རྙེད་པར་སེམས་སོ། །དེ་བཞིན་གཤེགས་པས་བདག་ཅག་དམན་པ་ལ་མོས་པར་མཁྱེན་ཏོ། །དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ཅག་ཡལ་བར་བཞག་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མཛོད་དུ་ཁྱེད་འགྱུར་རོ་ཞེས་མ་བརྟོལ་མ་བསྟན་ཏེ། བཅོམ་ལྡན་འདས་ཐབས་མཁས་པས་བདག་ཅག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མཛོད་ལ་བགོ་སྐལ་སྤྱོད་པར་བཀོད་ན། བཅོམ་ལྡན་འདས་བདག་ཅག་དེ་ལ་རེ་བ་མ་མཆིས་ཏེ། འདི་ལྟར་བདག་ཅག་གིས་དེ་བཞིན་གཤེགས་པ་ལས་མྱ་ངན་ལས་འདའ་བ་གདུགས་ཀྱི་གླ་ཐང་བཞིན་དུ་བགྱིས་པ་ནི། དེ་ཉིད་བདག་ཅག་གིས་མང་དུ་བགྱིས་པར་འཚལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བརྩམས་ནས། ཆོས་རྒྱ་ཆེན་པོ་བཤད་དེ། དེ་བཞིན་གཤེགས་པའི་ཡེ་ཤེས་འབྱེད་ཅིང་སྟོན་ཏེ། ཉེ་བར་སྟོན་དུ་ལགས་ཀྱང་། བཅོམ་ལྡན་འདས་བདག་ཅག་དེ་ལ་རེ་བ་མ་མཆིས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐབས་མཁས་པས་བདག་ཅག་གི་མོས་པ་རབ་ཏུ་མཁྱེན་ན་དེ་བདག་ཅག་གིས་ནི་མ་འཚལ་མ་རྟོགས་སོ། །བཅོམ་ལྡན་འདས་ཀྱིས་འདི་ལྟར་བདག་ཅག་ལ་


DKG051_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱི་སྲས་ཡང་དག་པ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བདག་ཅག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བསྒོ་སྐལ་ལ་སྤྱོད་པ་དྲན་པར་མཛད་དོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བདག་ཅག་དེ་བཞིན་གཤེགས་པའི་སྲས་ཡང་དག་པ་ལགས་མོད་ཀྱི། བདག་ཅག་དམན་པ་ལ་མོས་པའི་སླད་དུའོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ཅག་གི་མོས་པའི་སྟོབས་གཟིགས་ནས། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བར་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ཅག་བགྱི་བ་རྣམ་གཉིས་བགྱིད་དུ་སྩལ་ཏེ། དེ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་ནི་དམན་པ་ལ་མོས་པ་ཞེས་བཀའ་སྩལ་ཏེ་དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་རྒྱ་ཆེན་པོ་ལ་ཡང་དག་པར་བཙུད་དོ། །བཅོམ་ལྡན་འདས་ཀྱིས་བདག་ཅག་གི་མོས་པའི་སྟོབས་མཁྱེན་ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་རྣམ་གྲངས་འདིས་བདག་ཅག་འདི་སྐད་ཅེས་བདག་ཅག་རེ་བ་མ་མཆིས་མི་འཚལ་མ་བསླངས་མ་བཙལ་མ་བསམས་མ་གསོལ་བར་འཕྲལ་ལ། དེ་བཞིན་གཤེགས་པའི་སྲས་འདི་དག་བཞིན་དུ་ཐམས་ཅད་མཁྱེན་པའི་རིན་པོ་ཆེ་ཐོབ་པོ་ཞེས་མཆིའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །དེ་ལྟར་འཕྲལ་ལ་དེ་རིང་བདག་ཅག་གིས། །འདྲེན་པའི་གསུང་སྒྲ་ཡིད་དུ་འོང་བ་ཐོས། །གསུང་ཐོས་པས་ན་བདག་ཅག་དགའ་བ་ཐོབ། །བདག་ཅག་ངོ་མཚར་དེ་བཞིན་རྨད་དུ་གྱུར། །རིན་ཆེན་ཆེན་པོ་མཆོག་གི་ཕུང་པོ་རྣམས། །བསམས་པ་མ་མཆིས་ནམ་ཡང་མ་གསོལ་བར། །དེ་དག་ཡུད་ཙམ་གྱིས་ནི་དེང་རྙེད་དེ། །བདག་ཅག་ཐམས་ཅད་དེང་ཐོས་ངོ་མཚར་གྱུར། །ཇི་ལྟར་བྱིས་པར་གྱུར་པའི་མི་ཞིག་ནི། །སྐྱེ་བོ་བྱིས་པ་རྣམས་ཀྱིས་བསླུས་ནས་སུ། །ཕ་ཡི་གན་ནས་གར་ཏེ་མཆིས་པ་ནི། །གཞན་གྱི་ཡུལ་ཡང་ཤིན་ཏུ་མང་བར་མཆིས། །བདག་གི་བུ་ནི་འཁྱམས་པར་བཙལ་བས་ན། །དེ་ཚེ་ཕ་ཡང་དེ་ཡི་མྱ་ངན་བགྱིད། །དགུང་ལོ་ལྔ་བཅུ་ལས་ཀྱང་མི་ཉུང་བར། །མྱ་ངན་དེ་བགྱིད་ཕྱོགས་དང་ཕྱོགས་མཚམས་ཚོལ། །དེ་ནི་དེ་ལྟར་བུ་དེ་ཚོལ་བ་ན། །


DKG051_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་ཆེན་པོ་གཞན་དུ་མཆིས་པ་དང་། །འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་ནི། །ཁྱིམ་རྣམས་རྩིགས་ཤིང་དེ་ན་རབ་ཏུ་གནས། །དེ་ལ་གསེར་རྣམས་དང་ནི་འགྲོན་བུ་དང་། །ནོར་དང་འབྲུ་དང་མན་ཤེལ་བྱི་རུ་དང་། །གླང་པོ་ཆེ་དང་རྟ་དང་དཔུང་བུ་ཆུང་། །དེ་བཞིན་ཕྱུགས་དང་བ་ལང་ལུག་མང་སྟེ། །འཕེལ་ཞིང་འདུ་བ་དང་ནི་དེ་བཞིན་ཤིང་། །བྲན་ཕོ་བྲན་མོ་མངག་པའི་ཚོགས་མང་སྟེ། །སྲོག་ཆགས་བྱེ་བ་སྟོང་གིས་རི་མོ་བགྱིས། །རྒྱལ་པོ་ལ་ཡང་དེ་ནི་རྟག་ཏུ་གནང་། །གྲོང་ན་སུ་གནས་པ་ཡི་གྲོང་པ་དང་། །གྲོང་ཁྱེར་བས་ནི་དེ་ལ་ཐལ་སྦྱར་གྱུར། །དགོས་པ་མང་ལ་ཤིན་ཏུ་དབང་བས་ན། །ཚོང་པ་མང་པོ་དེ་ཡི་དྲུང་དུ་མཆི། །དེ་ལྟར་མི་དེ་འབྱོར་པར་ལྡན་པ་སྟེ། །རྒས་ཤིང་འཁོགས་ལ་ཤིན་ཏུ་གཏུགས་པར་གྱུར། །དེ་ནི་བུ་ཡི་མྱ་ངན་བགྱིད་སེམས་པས། །ཉིན་དང་མཚན་མོ་རྟག་ཏུ་བས་པར་གྱུར། །བདག་གི་བུ་ནི་དེ་འདྲ་བློ་གྲོས་ལོག །དེ་ནི་འཁྱམས་ནས་ལོ་ཡང་ལྔ་བཅུ་ལོན། །འདི་ལྟར་བདག་ལ་མཛོད་ནི་མང་དུ་ཡོད། །བདག་ནི་འཆི་བའི་དུས་ལ་ཉེ་བར་གྱུར། །དེའི་བུ་བྱིས་པ་དེ་ནི་དེ་ཡི་ཚེ། །དབུལ་ཞིང་རྟག་ཏུ་ཕོངས་པར་གྱུར་པས་ན། །ཟས་དང་དེ་བཞིན་གོས་རྣམས་ཚོལ་བའི་ཕྱིར། །གྲོང་དང་གྲོང་རྣམས་སུ་ཡང་རྗེས་སུ་རྒྱུ། །ཅུང་ཟད་ཙམ་ནི་རེས་འགའ་ཚོལ་བ་ན། །ཅུང་ཟད་རྙེད་ཅིང་རེས་འགའ་ཅི་མི་རྙེད། །བྱིས་པ་དེ་ནི་གཞན་གྱི་ཁྱིམ་ན་རྐེ། །གཡན་པ་དང་ནི་རྐོམ་པོས་ལུས་ཀྱང་ཡོག །གང་ན་ཕ་མཆིས་གྲོང་ཁྱེར་དེར་མཆི་ཞིང་། །འཚལ་མ་དང་ནི་རད་པ་ཚོལ་བ་ན། །རང་གི་ཕ་ཡི་ཁྱིམ་དེ་ག་ལ་བར། །དེ་ནི་མཐར་གྱིས་དེ་རུ་ཕྱིན་པར་གྱུར། །སྐྱེས་བུ་དེ་ནི་ཕྱུག་ཅིང་ནོར་མང་སྟེ། །སྒོ་ན་སེང་གེའི་ཁྲི་ཡི་སྟེང་ན་མཆིས། །སྲོག་ཆགས་བརྒྱ་ཕྲག་དུ་མས་འཁོར་བར་བསྐོར། །དེ་སྟེང་བར་སྣང་ལ་ཡང་བླ་རེ་བྲེས། །སྐྱེ་བོ་ཡིད་བརྟན་དེ་ཡི་གམ་ཡོ་འཁོད། །ལ་ལ་དག་ནི་ནོར་དང་འགྲོན་བུ་འགྲང་། །ལ་ལ་དག་ནི་དེ་ལ་སྤྲིང་བ་འདྲི། །ལ་ལ་སྐྱེད་དང་སྤོགས་སུ་རབ་ཏུ་གཏོང་། །ཁྱིམ་བདག་དེ་ཁྱིམ་རབ་ཏུ་བརྒྱན་པ་དག །དབུལ་པོ་དེས་ནི་ཁྱིམ་དེ་མཐོང་ནས་སུ། །བདག་ནི་


DKG051_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དེང་འདིར་ག་ལས་ཅི་ལྟར་འོངས། །འདི་ནི་རྒྱལ་པོའམ་ཡང་ན་བློན་པོ་ཡིན། །འདི་ན་ཉེས་པར་གྱུར་ན་མི་རུང་ཞེས། །ཚམ་གཟུངས་སུ་ཡང་བཟུང་བར་མི་འགྱུར་གྲང་། །མི་དེ་དེ་སྙམ་སེམས་ཤིང་འབྲོས་བགྱིད་ལ། །དབུལ་པོ་རྣམས་ཀྱི་ཤུལ་སྲང་ཀུན་ཏུ་འདྲི། །ཕྱུག་པོ་དེས་ནི་བདག་གི་བུ་མཐོང་ནས། །སེང་གེའི་ཁྲི་ལ་མཆིས་ཤིང་དགའ་བར་གྱུར། །དེས་ནི་དེ་ཡི་གན་དུ་འཛིན་པར་བཏང་། །སྐྱེས་བུ་དབུལ་པོ་དེ་ནི་ཁྲིད་དེ་ཤོག །དེ་ཡི་མོད་ལ་མི་དེ་བཟུང་བ་དང་། །བཟུང་མ་ཐག་ཏུ་དེ་ནི་བརྒྱལ་བར་གྱུར། །གོར་མ་ཆག་པར་བདག་གསོད་ཉེ་བར་ལྷགས། །བདག་ལ་ཟས་དང་གོས་ཀྱིས་ཅི་ཞིག་བྱ། །ནོར་མང་མཁས་པ་དེ་ཡིས་དེ་མཐོང་ནས། །བྱིས་པ་ལོག་ཡིད་འདི་ནི་དམན་ལ་མོས། །ང་ཡི་འབྱོར་པ་འདི་ལ་དད་མི་བྱེད། །འདི་ནི་བདག་གི་ཕ་ཞེས་ཡིད་མི་ཆེས། །དེ་ཡིས་སེམས་ཅན་དམན་ཞིང་གོས་ངན་ལ། །ཡོན་པོ་ཞར་བ་ཐེང་འགྲུམས་གྱུར་པ་ཡི། །དེ་འདྲའི་མི་དག་ཁ་ཅིག་བཏང་ནས་སུ། །ལས་བྱེད་པ་ཡི་མི་དེ་རབ་ཚོལ་ཅིག །ང་ཡི་འདི་ན་ཕྱག་དར་རུལ་པ་དང་། །གཅིན་དང་བཤང་བས་མ་རུང་གྱུར་པ་རྣམས། །དེ་དག་འཕྱག་པའི་ཕྱིར་ནི་ལས་བྱོས་ཤིག །ཁྱོད་ནི་གླ་ཡང་ཉིས་གྱུར་སྦྱིན་པར་བྱ། །མི་དེས་འདི་ལྟ་བུ་ཡི་སྒྲ་ཐོས་ནས། །འོངས་ཏེ་ས་ཕྱོགས་དེ་དག་དེ་ཡིས་ཕྱགས། །ཁྱིམ་གྱི་དྲུང་དུ་རྩྭ་ཡི་སྤྱིལ་པོ་ན། །དེར་ཡང་གནས་བཅས་ནས་ནི་འདུག་པར་བྱེད། །སྐར་ཁུང་སྣང་བ་ནས་ནི་རྟག་པར་ཡང་། །ཕྱུག་པོ་དེས་ཀྱང་སྐྱེས་བུ་དེ་བལྟས་ཏེ། །དམན་ལ་མོས་པ་བདག་གི་བུ་འདི་ནི། །ཕྱག་དར་ཕུང་པོ་རྣམས་ནི་འཕྱག་པར་བྱེད། །དེ་ནི་བབས་ཏེ་སྐོན་བུ་ཐོགས་འགྱིད་ཅིང་། །དྲི་མ་ཅན་གྱི་གོས་དག་འཚལ་ནས་སུ། །དེ་ཡི་གན་དུ་ཉེ་བར་མཆིས་ནས་ནི། །ལས་རྣམས་མི་བྱེད་ཅེས་ནི་རབ་ཏུ་སྤྱོས། །ཁྱོད་ལས་གླ་ཡང་ཉིས་གྱུར་སྦྱིན་པར་བྱ། །དེ་བཞིན་རྐང་པ་བསྐུ་བའང་ཉིས་གྱུར་དུ། །ལན་ཚྭ་ཅན་གྱི་ཟས་ནི་ཁྱོད་ལ་སྦྱིན། །རས་དང་ཚོད་མ་དག་ཀྱང་སྦྱིན་པར་བྱ། །དེ་ཚེ་དེ་ལྟར་དེ་ལ་སྤྱོས་ནས་ནི། །མཁས་པས་དེ་ནི་སླར་ཡང་རབ་ཏུ་བཀྲིས། །ཁྱོད་ཀྱིས་འདིར་


DKG051_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཤིན་ཏུ་ལས་བྱོས་ཤིག །ང་ཡི་བུ་ཡིན་ཡང་དག་ཐེ་ཙོམ་མེད། །དེ་ནི་བགས་ཀྱིས་བགས་ཀྱིས་ཁྱིམ་བཞག་སྟེ། །ལོ་གྲངས་ཉི་ཤུ་བར་དུ་ཚང་བར་ཡང་། །མི་དེ་ལས་རྣམས་ལེགས་པར་བགྱིད་དུ་སྩལ། །བགས་ཀྱིས་མི་དེ་རྣམ་པར་ཡིད་ཕབ་ནས། །དེས་ནི་ཤེལ་དང་འགྲོན་བུ་མུ་ཏིག་ཀྱང་། །ཁྱིམ་དེ་ཉིད་དུ་རབ་ཏུ་སྦེད་པར་བྱེད། །དེ་ནི་ཐམས་ཅད་བགྲང་ཞིང་རྩི་བར་བགྱིད། །དོན་དང་ནོར་རྣམས་ཀུན་ལའང་དེ་སེམས་སོ། །དེ་ཡི་མཆིས་བྲང་གི་ནི་སླད་རོལ་ན། །བྱིས་པ་དེ་ནི་གཅིག་པུ་སྤྱིལ་བུར་གནས། །བདག་ལ་ལོངས་སྤྱོད་འདི་དག་ཡོད་མེད་ཅེས། །དབུལ་པོའི་བསམ་པ་དག་ནི་རྗེས་སུ་སེམས། །བུ་དེ་འདུ་ཤེས་རྒྱ་ཆེར་གྱུར་པ་ནི། །དེ་ཡི་རྣམ་པ་དེ་འདྲ་དེས་འཚལ་ནས། །མཛའ་བོ་གཉེན་བཤེས་མང་པོ་ཀུན་བསགས་ཏེ། །ནོར་འདི་ཐམས་ཅད་འདི་ལ་གཏད་པར་བྱ། །དེ་ཡིས་རྒྱལ་པོའི་གྲོང་དང་གྲོང་ཁྱེར་མི། །ཚོང་པ་མང་པོ་དག་ཀྱང་བསགས་ནས་སུ། །འཁོར་གྱི་དབུས་སུ་འདི་སྐད་ཚིག་སྨྲས་པ། །བདག་གི་བུ་འདི་སྟོར་ནས་ཡུན་རིང་སྟེ། །སྔར་ནི་ལོ་གྲངས་ལྔ་བཅུ་ཚང་བར་ལོན། །གཞན་ཡང་བདག་གིས་མཐོང་ནས་ཉི་ཤུ་ལགས། །གྲོང་ཁྱེར་འདི་ཞེས་བགྱི་བར་བདག་གི་སྟོར། །དེ་ཚོལ་སླད་དུ་བདག་ནི་འདིར་མཆིས་སོ། །བདག་གི་ནོར་འདི་ཀུན་གྱི་བདག་པོ་སྟེ། །འདི་དག་ཐམས་ཅད་མ་ལུས་འདི་ལ་གཏད། །ཕ་ཡི་ནོར་གྱིས་དགོས་དགུར་སྤྱད་པར་གྱིས། །བྲན་བཟའ་འདི་དག་ཀུན་ཀྱང་རབ་ཏུ་སྦྱིན། །དམན་ལ་མོས་དང་ཕ་ཡི་ཡོན་ཏན་དང་། །སྔོན་གྱི་དབུལ་ཞིང་ཕོངས་པ་དྲན་ནས་ནི། །མི་དེ་ཤིན་ཏུ་ངོ་མཚར་ཐོབ་པར་གྱུར། །བྲན་བཟའ་རྙེད་པས་དེ་རིང་ཤིན་ཏུ་བདེ། །དེ་བཞིན་བདག་ཅག་རྣམ་པར་འདྲེན་པ་ཡིས། །དམན་པ་ལ་ནི་མོས་པར་མཁྱེན་པས་ན། །སངས་རྒྱས་སུ་ཡང་འགྱུར་ཞེས་མ་བསྟན་ཏེ། །ཁྱོད་ནི་ཉན་ཐོས་ང་ཡི་བུ་ཡིན་ནོ། །བདག་ལ་འཇིག་རྟེན་མགོན་པོས་བཀའ་སྩལ་པ། །མཆོག་རབ་བྱང་ཆུབ་ལ་ནི་སུ་ཞུགས་རྣམས། །ལམ་གང་བསྒོམས་པས་སངས་རྒྱས་འགྱུར་བ་ཡི། །བླ་མེད་ལམ་ནི་དེ་ལ་འོད་སྲུང་ཤོད། །དེ་ཕྱིར་བདེ་བར་གཤེགས་


DKG051_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཀའ་སྩལ་ནས། །བྱང་ཆུབ་སེམས་དཔའ་སྟོབས་ཆེན་མང་པོ་ལ། །རྒྱུ་དང་དཔེ་ཡང་བྱེ་བ་ཁྲག་ཁྲིག་གིས། །བདག་ཅག་གིས་ཀྱང་བླ་མེད་ལམ་བསྟན་ཏོ། །རྒྱལ་བའི་སྲས་ཀྱིས་བདག་ལས་ཐོས་ནས་ནི། །བྱང་ཆུབ་མཆོག་ལམ་དེ་ནི་གོམས་པར་བགྱིད། །སངས་རྒྱས་སུ་ནི་འཇིག་རྟེན་འདི་འགྱུར་ཞེས། །དེ་མ་ཐག་ཏུ་དེ་དག་ལུང་ཡང་བསྟན། །ཆོས་མཛོད་འདི་ནི་ཡང་དག་སྲུང་བགྱིད་ཅིང་། །རྒྱལ་བའི་སྲས་རྣམས་ལ་ནི་བསྟན་པ་ཡང་། །ཇི་ལྟར་མི་དེའི་ཡིད་བརྟན་དེ་བཞིན་དུ། །རྣམ་པར་འདྲེན་པ་དེ་འདྲའི་ལས་བགྱིད་དོ། །དབུལ་པོ་དག་གི་བསམ་པ་རྣམ་པར་སེམས། །སངས་རྒྱས་མཛོད་འདི་རྣམས་ནི་རབ་སྦྱིན་ཞིང་། །རྒྱལ་བའི་ཡེ་ཤེས་རབ་ཏུ་བཤད་མོད་ཀྱི། །རྒྱལ་བའི་ཡེ་ཤེས་འདི་ནི་དོན་མི་གཉེར། །བདག་ཉིད་མྱ་ངན་ལས་ཀྱང་འདའ་བར་རྟོག །ཡེ་ཤེས་འདི་ཙམ་ལས་ནི་གཞན་མི་འབྱུང་། །སངས་རྒྱས་རྣམས་ཀྱི་ཞིང་གི་བཀོད་ཐོས་ནས། །བདག་ཅག་ནམ་ཡང་དགའ་བར་མ་གྱུར་ཏོ། །ཆོས་འདི་ཐམས་ཅད་ཟག་མེད་ཞི་བ་སྟེ། །འགོག་པ་དང་ནི་སྐྱེ་བ་རྣམ་པར་སྤངས། །འདི་ནི་ཆོས་རྣམས་གང་ཡང་མ་མཆིས་ཤེས། །དེ་ལྟར་བསམས་ན་དད་པར་མ་གྱུར་ཏོ། ། སངས་རྒྱས་ཡེ་ཤེས་བླ་ན་མེད་པ་ལ། །བདག་ཅག་ཡུན་རིང་དུས་ནས་མི་རེ་ཞིང་། །བདག་ཅག་ནམ་ཡང་འདི་ལ་མ་སྨོན་ཏེ། །རྒྱལ་བས་འདི་ནི་དམ་པའི་མཐར་གསུངས་སོ། །མྱ་ངན་འདས་པའི་མཐར་ཐུག་ལུས་འདི་ལ། །སྟོང་པ་ཉིད་དུ་ཡུན་རིང་ཡོངས་སུ་བསྒོམས། །ཁམས་གསུམ་སྡུག་བསྔལ་གཟིར་ལས་ཡོངས་སུ་ཐར། །བདག་ཅག་གིས་ནི་རྒྱལ་བའི་བསྟན་པ་བགྱིས། །རྒྱལ་བའི་སྲས་ལ་གང་ཚེ་རབ་བསྟན་ཏེ། །བྱང་ཆུབ་མཆོག་ལ་ཡང་དག་སུ་ཞུགས་པ། །དེ་དག་ལ་ནི་ཆོས་གང་ཅི་བཤད་པ། །དེ་ལ་བདག་ཅག་ནམ་ཡང་རེ་མ་མཆིས། །བདག་ཅག་འཇིག་རྟེན་སློབ་དཔོན་རང་བྱུང་གིས། །དུས་ལ་བཞེས་པ་མཛད་ནས་ཡལ་བར་བཞག །བདག་ཅག་རྣམས་ཀྱི་དད་པ་རབ་བརྟགས་ནས། །ཡང་དག་ལྡེམ་དགོངས་ཚིག་དོན་དེ་མ་བཤད། །དེ་ཡི་ཐབས་མཁས་པ་ནི་ཇི་ལྟ་བུར། །དུས་སུ་ནོར་མང་པོ་ཡི་སྐྱེས་


DKG051_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལྟར། །དམན་པར་དད་པ་བུ་དེ་ལེགས་པར་བཏུལ། །བཏུལ་ནས་དེ་ལ་ནོར་ཡང་རབ་ཏུ་སྩལ། །ཐབས་ལ་མཁས་པས་རབ་ཏུ་སྟོན་མཛད་དེ། །དམན་ལ་མོས་པའི་སྲས་རྣམས་འདུལ་མཛད་ཅིང་། །བཏུལ་ནས་སངས་རྒྱས་ཡེ་ཤེས་འདི་སྩོལ་བ། །འཇིག་རྟེན་མགོན་པོ་ཤིན་ཏུ་དཀའ་བ་མཛད། །སངས་རྒྱས་བསྟན་པ་འདི་ལ་བདག་ཅག་རྣམས། །ཐོག་མའི་འབྲས་བུ་ཟག་མེད་དམ་པ་ཐོབ། །ཇི་ལྟར་དབུལ་པོས་ནོར་རྣམས་རྙེད་པ་བཞིན། །དེ་རིང་འཕྲལ་ལ་བདག་ཅག་ངོ་མཚར་ཐོབ། །བདག་ཅག་ཚུལ་ཁྲིམས་གང་རྣམས་ཡུན་རིང་དུ། །འཇིག་རྟེན་མཁྱེན་པའི་བསྟན་ལ་ལེགས་གསུངས་པ། །མགོན་པོ་སྔོན་ཆད་ཚུལ་ཁྲིམས་སྤྱད་པ་ཡི། །དེ་ཡི་འབྲས་བུ་དེ་རིང་བདག་ཅག་ཐོབ། །ཚངས་པར་སྤྱོད་པ་མཆོག་རབ་རྣམ་དག་གང་། །འདྲེན་པའི་བསྟན་ལ་ཤིན་ཏུ་བསྙེན་བགྱིད་པ། །དེ་ཡི་འབྲས་བུ་ཞི་བ་ཁྱད་པར་ཅན། །རྒྱ་ཆེན་ཟག་པ་མ་མཆིས་དེ་རིང་ཐོབ། །མགོན་པོ་དེ་རིང་བདག་ཅག་སྒྲོགས་གྱུར་ཏེ། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་སྒྲོགས་པ་མི་བཟད་འདྲ། །མགོན་པོ་དེང་ནི་བདག་ཅག་འོས་གྱུར་ཏེ། །ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས། །ཚངས་པར་བཅས་པའི་སེམས་ཅན་ཐམས་ཅད་ཀྱིས། །བདག་ཅག་ཤིན་ཏུ་མཆོད་པར་འོས་པ་ལགས། །མི་ཡི་འཇིག་རྟེན་འདི་ན་གང་དཀའ་བ། །དཀའ་བ་འདི་འདྲ་བདག་ཅག་མཛད་པས་ན། །བསྐལ་པ་བྱེ་བ་མང་པོར་འབད་པས་ཀྱང་། །ཁྱོད་ལ་ལན་གློན་རྔོ་ཐོགས་ག་ལ་མཆིས། །མགོ་དང་ལག་པ་དང་ནི་རྐང་པས་ཀྱང་། །ལན་དུ་ཕན་པར་བགྱི་བ་ཤིན་ཏུ་དཀའ། །གང་གཱའི་བྱེ་སྙེད་བསྐལ་པ་རྫོགས་པར་ཡང་། །མགོ་དང་ཕྲག་ལ་གང་གིས་ཁྱེར་བ་དང་། །བཅའ་དང་བཟའ་དང་སྐོམ་དང་གོས་རྣམས་དང་། །མལ་ཆ་སྟན་དང་སྟེང་གཡོགས་ཆེན་པོ་ཕུལ། །ཙན་དན་དག་ལས་གཙུག་ལག་ཁང་བགྱིས་ཏེ། །བཅོས་བུའི་རས་ཕྲུགས་རབ་ཏུ་བཏིང་བ་དང་། །ན་བའི་གསོས་སྨན་རྣམ་པ་མང་པོ་ཡང་། །བདེ་བར་གཤེགས་པ་མཆོད་ཕྱིར་རྟག་ཕུལ་ཏེ། །


DKG051_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

གང་གཱའི་བྱེ་སྙེད་བསྐལ་པར་ཕུལ་ཡང་ནི། །དེ་ལ་ནམ་ཡང་ལན་གློན་རྔོ་མི་ཐོགས། །མཚུངས་མེད་མཐུ་མངའ་ཆེ་བའི་ཆོས་ལྡན་པ། །བཟོད་པའི་སྟོབས་གནས་རྫུ་འཕྲུལ་ཆེ་རྣམས་དང་། །སངས་རྒྱས་རྒྱལ་ཆེན་ཟག་མེད་རྒྱལ་བ་ནི། །བྱིས་པ་དག་གི་འདི་འདྲ་ཤིན་ཏུ་བཟོད། །དེ་བཞིན་རྟག་ཏུ་རྗེས་སུ་འཐུན་འཇུག་ཅིང་། །མཚན་མ་སྤྱོད་པ་རྣམས་ལ་ཆོས་སྟོན་ཏེ། །ཆོས་ཀྱི་དབང་ཕྱུག་འཇིག་རྟེན་ཀུན་ལ་དབང་། །དབང་ཕྱུག་ཆེན་པོ་འཇིག་རྟེན་འདྲེན་དབང་པོ། །སེམས་ཅན་གནས་རྣམས་རབ་ཏུ་མཁྱེན་པས་ན། །སོ་སོར་བསྒྲུབ་པ་རྣམ་པ་མང་པོར་སྟོན། །དེ་དག་མོས་པ་སྣ་ཚོགས་མཁྱེན་ནས་སུ། །བརྒྱ་ཕྲག་སྟོང་གིས་རབ་ཏུ་ཆོས་འཆད་དོ། ། སེམས་ཅན་ཐམས་ཅད་དང་ནི་གང་ཟག་གི། ། དེ་བཞིན་གཤེགས་ཀྱི་སྤྱོད་པ་རབ་མཁྱེན་པས། ། བྱང་ཆུབ་དམ་པ་འདི་ནི་རབ་སྟོན་ཅིང་། ། ཆོས་རྣམས་རྣམ་པ་མང་པོ་ཤིན་ཏུ་གསུང་། །དམ་པའི་ཆོས་པད་མ་དཀར་པོ་ལས་མོས་པའི་ལེའུ་ཞེས་བྱ་བ་སྟེ་བཞི་པའོ་།། །།


previousབཞི་པ། མོས་པའི་ལེའུ། next