Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་ང་གཅིག་པ།


   
   
   
   
   
   
   
   
   
དགུ་པ། ཀུན་དགའ་བོ་དང་སྒྲ་གཅན་ཟིན་དང་དགེ་སློང་ཉིས་སྟོང་ལུང་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགུ་པ། ཀུན་དགའ་བོ་དང་སྒྲ་གཅན་ཟིན་དང་དགེ་སློང་ཉིས་སྟོང་ལུང་བསྟན་པའི་ལེའུ། next

དགུ་པ། ཀུན་དགའ་བོ་དང་སྒྲ་གཅན་ཟིན་དང་དགེ་སློང་ཉིས་སྟོང་ལུང་བསྟན་པའི་ལེའུ།


DKG051_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་བདག་ཀྱང་ལུང་བསྟན་པ་དེ་ལྟ་བུ་ཐོབ་པར་བྱའོ། །སྙམ་དུ་སེམས་ཏེ། དེ་འདི་སྙམ་དུ་བསམས་ཤིང་རྗེས་སུ་རྣམ་པར་བསམས་ཏེ་སྨོན་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་སོ། །ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་ཀྱང་། དེ་སྙམ་དུ་བསམས་ཏེ་རྗེས་སུ་རྣམ་པར་བསམས་ཤིང་སྨོན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ལ་ཡང་སྐབས་དབྱེ་བར་གསོལ། བདེ་བར་གཤེགས་པ་བདག་ཅག་ལ་སྐབས་དབྱེ་བར་གསོལ། བཅོམ་ལྡན་འདས་ནི་བདག་ཅག་གི་ཕ་དང་སྐྱེད་པ་དང་སྐྱབས་དང་གནས་དང་དཔུང་གཉེན་ལགས་སོ། །བཅོམ་ལྡན་འདས་བདག་ཀྱང་བཅོམ་ལྡན་འདས་ཀྱི་སྲས། བཅོམ་ལྡན་འདས་ཀྱི་ཞབས་འབྲིང་བ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་མཛོད་འཛིན་པ་ལགས་སོ། །ཞེས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་ཤིན་ཏུ་རི་མོ་བགྱིད་པར་གྱུར་ཏོ། །དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་དུ་ལུང་བསྟན་ན། བཅོམ་ལྡན་འདས་འཐུན་པ་ལགས་སོ། །གཞན་ཡང་དགེ་སློང་ཉིས་སྟོང་ལྷག་ཙམ་སློབ་པ་དང་མི་སློབ་པ་དེ་དག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན། བཅོམ་ལྡན་འདས་ལ་ལྟ་ཞིང་འདུག་ནས་བསམས་པ་འདི་ཉིད་འདི་ལྟ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་འདི་ཉིད་ལ་རྗེས་སུ་སེམས་ཏེ། བདག་ཅག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཅིག་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་


DKG051_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་མ་འོངས་པའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྒྱ་མཚོ་མཆོག་འཆང་བློ་རྣམ་པར་རོལ་པའི་མངོན་པར་ཤེས་པ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་སྟེ། སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་གཉིས་ལ་བསྟི་སྟང་དུ་བྱས། བཙུན་པར་བྱས། རི་མོར་བྱས་མཆོད་པར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དམ་པའི་ཆོས་བླངས་ཤིང་བསྟན་པ་ཡོངས་སུ་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་ཉི་ཤུའི་བྱེ་མ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་དེ་ཤིན་ཏུ་འབྱོར་ཅིང་། ས་གཞི་བཻ་དཱུཪྱ་ལས་གྲུབ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ནི་མ་བསྙལ་བའི་རྒྱལ་མཚན་ཞེས་བྱ་བར་འགྱུར་རོ། །བསྐལ་པ་དེ་ནི་ཡིད་དུ་འོང་བའི་སྒྲ་མངོན་པར་བསྒྲགས་པ་ཞེས་བྱ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོ་མཆོག་འཆང་བློ་རྣམ་པར་རོལ་པའི་མངོན་པར་ཤེས་པ་དེའི་ཚེའི་ཚད་ནི་བསྐལ་པ་དཔག་ཏུ་མེད་པར་འགྱུར་ཏེ། བཅོམ་ལྡན་འདས་དེའི་ཚེའི་ཚད་ནི་བགྲང་བས་མཐར་ཕྱིན་པར་མི་ནུས་པའི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་འགྱུར་རོ། །ཀུན་དགའ་བོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོ་མཆོག་འཆང་བློ་རྣམ་པར་རོལ་པའི་མངོན་པར་ཤེས་པ་དེའི་ཚེའི་ཚད་ཇི་ཙམ་དུ་འགྱུར་བ་དེའི་ཉིས་འགྱུར་དུ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་གནས་པར་འགྱུར་རོ། །བཅོམ་ལྡན་འདས་དེའི་དམ་པའི་ཆོས་ཅི་ཙམ་དུ་གནས་པར་འགྱུར་བ་དེའི་ཉིས་གྱུར་དུ་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་འགྱུར་རོ། །ཡང་ཀུན་དགའ་བོ་


DKG051_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོ་མཆོག་འཆང་བློ་རྣམ་པར་རོལ་པའི་མངོན་པར་ཤེས་པ་དེ་ལ་ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་བསྔགས་པ་བརྗོད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ངས་ནི་དགེ་སློང་དགེ་འདུན་མོས་པར་བྱ། །ཀུན་དགའ་བཟང་པོ་ང་ཡི་ཆོས་འཛིན་པ། །བདེ་གཤེགས་བྱེ་བ་དྲུག་ཅུ་མཆོད་བྱས་ནས། །མ་འོངས་དུས་ཀྱི་ཚེ་ན་རྒྱལ་བར་འགྱུར། །དེ་ཡི་མིང་ནི་རྒྱ་མཚོ་བློ་འཛིན་ཏེ། །མངོན་པར་ཤེས་ཐོབ་ཅེས་ཀྱང་དེ་ན་གྲགས། །བལྟ་ན་སྡུག་པ་ཡོངས་སུ་དག་པའི་ཞིང་། །མ་བསྙལ་རྒྱལ་མཚན་རྒྱལ་བའི་བ་དན་ནོ། །བྱང་ཆུབ་སེམས་དཔའ་གང་གཱའི་བྱེ་སྙེད་དེར། །དེ་བས་ལྷག་པར་ཡོངས་སུ་སྨིན་པར་བྱེད། །རྒྱལ་བ་དེ་ནི་རྫུ་འཕྲུལ་ཆེ་བར་འགྱུར། །ཕྱོགས་བཅུའི་འཇིག་རྟེན་དུ་ནི་སྒྲ་ཡང་གྲགས། །དེ་ཚེ་ཚེ་ཡང་དཔག་ཏུ་མེད་པར་འགྱུར། །འཇིག་རྟེན་རྣམས་ལ་ཕན་ཞིང་བརྩེ་ཕྱིར་གནས། །སྐྱོབ་པ་དེ་ནི་མྱ་ངན་འདས་འོག་ཏུ། །ཉིས་གྱུར་དེ་ཡི་དམ་ཆོས་གནས་པར་འགྱུར། །དེ་ནས་གཟུགས་བརྙན་དེ་ཡི་ཉིས་གྱུར་དུ། །གནས་ཏེ་རྒྱལ་བ་དེ་ཡི་བསྟན་པ་ལ། །དེ་ནས་སེམས་ཅན་གང་གཱའི་བྱེ་མ་སྙེད། །སངས་རྒྱས་བྱང་ཆུབ་འདི་ལ་རྒྱུ་ཡང་སྐྱེད། །དེ་ནས་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པ་བརྒྱ་སྟོང་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་ལྟ་བུར་རྒྱ་ཆེར་ལུང་བསྟན་པ། བདག་ཅག་གིས་སྔོན་མ་ཐོས་ན་ཉན་ཐོས་རྣམས་ལ་ལྟ་ཅི་སྨོས་ཏེ། འདི་ལ་རྒྱུ་གང་དང་རྐྱེན་ཅི་ཞིག་ཡོད་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ཀྱིས་ཐུགས་སུ་ཆུད་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་སྐད་ཅིག་ཡུད་ཙམ་གཅིག་ལ་མཉམ་དུ་ང་དང་ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་ནམ་མཁའ་མངོན་འཕགས་རྒྱལ་པོའི་སྤྱན་སྔར། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་


DKG051_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སེམས་བསྐྱེད་དེ། དེ་ནས་རིགས་ཀྱི་བུ་འདི་ནི་རྟག་ཏུ་རྒྱུན་མི་ཆད་པར་མང་དུ་ཐོས་པ་ལ་བརྩོན་པར་གྱུར་ཏོ། །ང་ནི་བརྩོན་འགྲུས་རྩོམ་པ་ལ་བརྩོན་ཏེ། དེའི་ཕྱིར་ང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་བཟང་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཀྱི་མཛོད་འཛིན་པར་འགྱུར་ཏེ་རིགས་ཀྱི་བུ་དག་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར། རིགས་ཀྱི་བུ་འདིའི་སྨོན་ལམ་ནི་འདི་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་བདག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས། བདག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཐོས། སྔོན་གྱི་སྨོན་ལམ་དང་སྤྱོད་པ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་པར་གྱུར་ཏེ། དེའི་ཚེ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་དམ་པའི་ཆོས་དང་བདག་གི་སྔོན་གྱི་སྨོན་ལམ་དྲན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ངོ་མཚར་གྱུར་པ་རྒྱལ་བ་དཔག་མེད་པས། །སྐྱོབ་པ་ཡོངས་སུ་མྱ་ངན་འདས་རྣམས་ཀྱི། །ཆོས་བསྟན་པ་དག་བདག་ལ་དྲན་མཛད་པས། །ཁར་སང་དེ་རིང་བཞིན་དུ་དྲན་པར་གྱུར། །ཐེ་ཙོམ་མ་མཆིས་བྱང་ཆུབ་དོན་དུ་གནས། །བདག་གི་ཐབས་ལ་མཁས་པ་འདི་འདྲ་སྟེ། །བདག་ནི་བདེ་བར་གཤེགས་པའི་ཞབས་འབྲིང་ལགས། ། བྱང་ཆུབ་དོན་དུ་དམ་པའི་ཆོས་ཀྱང་འཛིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པ། སྒྲ་གཅན་ཟིན་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་ཁམས་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལ་བསྟི་སྟང་དུ་བྱས། བཙུན་པར་བྱས། རི་མོ་བྱས། མཆོད་པར་བྱས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་


DKG051_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་པོ་ཆེ་སྣ་བདུན་གྱི་པད་མ་ལ་གོམ་པས་འགྲོ་བ་ཞེས་བྱ་བར་འགྱུར་རོ། །རྟག་ཏུ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྲས་ཐུ་བོར་འགྱུར་ཏེ་འདི་ལྟ་སྟེ་དཔེར་ན། དེ་ལྟར་ང་ཡི་བཞིན་ནོ། །སྒྲ་གཅན་ཟིན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་སྣ་བདུན་གྱི་པད་མ་ལ་གོམ་པས་འགྲོ་བ་དེའི་ཚེའི་ཚད་ཀྱང་འདི་ལྟ་བུར་འགྱུར། ཡོན་ཏན་རྣམ་པ་མང་པོ་ཐམས་ཅད་ཕུན་སུམ་ཚོགས་པ་ཡང་འདི་ལྟ་བུར་འགྱུར་ཏེ། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོ་མཆོག་འཆང་བློ་རྣམ་པར་རོལ་པའི་མངོན་པར་ཤེས་པའི་ཡོན་ཏན་རྣམ་པ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བཞིན་དུ་འགྱུར་རོ། །སྒྲ་གཅན་ཟིན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོ་མཆོག་འཆང་བློ་རྣམ་པར་རོལ་པའི་མངོན་པར་ཤེས་པ་དེ་ཡི་སྲས་ཐུ་བོར་ཡང་ཁྱོད་ཉིད་འགྱུར་ཏེ། དེ་ཡི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སྒྲ་གཅན་ཟིན་འདི་ང་ཡི་བུ་ཐུ་བོ། །གཞོན་ནུར་གྱུར་པའི་ཚེ་ན་སྙིང་གི་བུ། །བྱང་ཆུབ་ཐོབ་ཀྱང་ང་ཡི་བུ་ཡིན་ཏེ། །དྲང་སྲོང་ཆེན་པོ་ཆོས་ཀྱི་བགོ་སྐལ་འཛིན། །མ་འོངས་དུས་ན་སངས་རྒྱས་བྱེ་མང་པོ། །དེ་དག་ཚད་མེད་པ་ནི་མཐོང་བར་འགྱུར། །བྱང་ཆུབ་ཡོངས་སུ་བཙལ་བར་བྱ་བའི་ཕྱིར། །རྒྱལ་བ་དེ་དག་ཀུན་གྱི་སྲས་སུ་འགྱུར། །སྒྲ་གཅན་ཟིན་གྱིས་སྤྱོད་འདི་མི་ཤེས་ཏེ། །འདི་ཡི་སྨོན་ལམ་དག་ནི་ངས་ཤེས་སོ། །བདག་ནི་དེ་བཞིན་གཤེགས་པའི་སྲས་པོ་ཞེས། །འཇིག་རྟེན་གཉེན་ལ་ཡང་དག་སྤྱོམས་པར་བྱེད། །སྒྲ་གཅན་ཟིན་པ་ང་ཡི་བུ་འདི་ཡི། །ཡོན་ཏན་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད། །དེ་ལ་ནམ་ཡང་ཚད་གཟུང་ཡོད་མེད་དེ། །དེ་ལྟར་འདི་ནི་བྱང་ཆུབ་དོན་དུ་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་སློབ་པ་དང་མི་སློབ་པ་ཉིས་སྟོང་པོ་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་


DKG051_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ན། བཅོམ་ལྡན་འདས་ལ་ལྟ་ཞིང་སེམས་དང་བ་དང་སེམས་མཉེན་པ་དང་སེམས་འཇམ་པར་བཅོམ་ལྡན་འདས་ཀྱིས་གཟིགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཉན་ཐོས་སློབ་པ་དང་མི་སློབ་པ་ཉིས་སྟོང་པོ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་ཉིས་སྟོང་པོ་དེ་དག་ཐམས་ཅད་མཉམ་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་སྒྲུབ་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལ་བསྟི་སྟང་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པ་བྱས། དམ་པའི་ཆོས་བཟུང་ནས། ལུས་ཐ་མ་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་མེ་ཏོག་གི་རྒྱལ་པོ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་སྟེ། དེ་དག་གི་ཚེའི་ཚད་ནི་བསྐལ་པ་ཚང་བར་འགྱུར། དེ་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡང་མཚུངས་པར་འགྱུར་རོ། །དེ་དག་གི་ཉན་ཐོས་ཀྱི་ཚོགས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱང་མཉམ་པར་འགྱུར་རོ། །དེ་དག་མཉམ་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་དག་གི་དམ་པའི་ཆོས་ཀྱང་མཉམ་པར་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཀུན་དགའ་གང་དག་ང་ཡི་མདུན་འཁོད་པ། །ཉན་ཐོས་ཉིས་སྟོང་འདི་དག་ཐམས་ཅད་ནི། །མ་འོངས་དུས་ན་དེ་བཞིན་གཤེགས་འགྱུར་ཞེས། །ངས་ནི་མཁས་རྣམས་དེ་རིང་ལུང་བསྟན་ཏོ། །དཔེ་བསྟན་པ་ནི་མཐའ་ཡས་རྣམ་དག་གིས། །སངས་རྒྱས་རྣམས་ལ་མཆོད་པ་མཆོག་བྱས་ནས། །ཐ་མའི་ལུས་དེ་ལ་ནི་གནས་ནས་སུ། །དེ་ཡི་བྱང་ཆུབ་


DKG051_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འདི་ཐོབ་པར་འགྱུར། །ཕྱོགས་བཅུ་རྣམས་སུ་མིང་ནི་གཅིག་འགྱུར་ཏེ། །སྐད་ཅིག་དེ་བཞིན་ཡུད་ཙམ་གཅིག་ལ་ནི། །ཤིང་མཆོག་རྣམས་ཀྱི་དྲུང་དུ་འཁོད་ནས་སུ། །ཡེ་ཤེས་ཐོབ་སྟེ་སངས་རྒྱས་རྣམས་སུ་འགྱུར། །དེ་དག་རྣམས་ཀྱི་མིང་ནི་གཅིག་གྱུར་ཏེ། །རིན་ཆེན་ཏོག་ཅེས་བྱ་བར་འཇིག་རྟེན་གྲགས། །དེ་དག་རྣམས་ཀྱི་ཞིང་མཆོག་མཚུངས་པར་འགྱུར། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་ཀྱང་མཉམ། །རྫུ་འཕྲུལ་གྱུར་པའང་འཇིག་རྟེན་འདི་ཀུན་ན། །མཉམ་ཞིང་དེ་དག་ཕྱོགས་བཅུ་རྣམས་སུ་ཡང་། །ཆོས་བཤད་ནས་ནི་མཉམ་དུ་མྱ་ངན་འདའ། །དེ་དག་དམ་ཆོས་མཉམ་དུ་གནས་པར་འགྱུར། །དེ་ནས་སློབ་པ་དང་མི་སློབ་པའི་ཉན་ཐོས་དེ་དག །བཅོམ་ལྡན་འདས་ལས་མངོན་སུམ་དུ་རང་རང་གི་ལུང་བསྟན་པ་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ལུང་བསྟན་པ་འདི་ཐོས་པས་ན། །འཇིག་རྟེན་སྒྲོན་མ་བདག་ཅག་ངོམས། །བདུད་རྩི་ཇི་ལྟར་གཏོར་བ་བཞིན། །དེ་བཞིན་གཤེགས་པ་བདག་ཅག་བདེ། །བདག་ཅག་མི་མཆོག་མི་འགྱུར་ཞེས། །བདག་ཅག་ཡིད་གཉིས་དོགས་མ་མཆིས། །ལུང་བསྟན་པ་ནི་འདི་ཐོས་པས། །དེ་རིང་བདག་ཅག་བདེ་བ་ཐོབ། །དམ་པའི་ཆོས་པད་མ་དཀར་པོ་ལས། ཀུན་དགའ་བོ་དང་སྒྲ་གཅན་ཟིན་དང་དགེ་སློང་ཉིས་སྟོང་ལུང་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་དགུ་པའོ།། །།


previousདགུ་པ། ཀུན་དགའ་བོ་དང་སྒྲ་གཅན་ཟིན་དང་དགེ་སློང་ཉིས་སྟོང་ལུང་བསྟན་པའི་ལེའུ། next