Nitartha Digital Library
Tibetan
 
previousབརྒྱད་པ། བུས་པ་ཆུང་ངུ་སྤྱོད་པ་ཞེས་བྱ་བའི་ལེའུ།next

བརྒྱད་པ། བུས་པ་ཆུང་ངུ་སྤྱོད་པ་ཞེས་བྱ་བའི་ལེའུ།


DKG052_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་ཇི་ལྟར་ན་བུས་པ་ཆུང་ངུའི་སྤྱོད་པ་ཞེ་ན། རིགས་ཀྱི་བུ་ལྡང་བ་དང་། འདུག་པ་དང་། འོང་བ་དང་། སོང་བ་དང་། སྨྲ་མི་ནུས་པ་ནི་བུས་པ་ཆུང་ངུ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲའོ། །ལྡང་མི་ནུས་པ་ནི་དེ་བཞིན་གཤེགས་པ་ཡང་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལས་མི་ལྡང་ངོ་། །འདུག་མི་ནུས་པ་ནི་དེ་བཞིན་གཤེགས་པ་ཡང་ཆོས་ཐམས་ཅད་ལ་མ་ཆགས་པའོ། །འོང་མི་ནུས་པ་ནི་དེ་བཞིན་གཤེགས་པའི་སྐུའི་སྤྱོད་པ་མི་གཡོ་བའོ། །འགྲོ་མི་ནུས་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མཐར་ཕྱིན་པའོ། །སྨྲ་མི་ནུས་པ་ནི་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་ཆོས་རྣམས་སྟོན་ཀྱང་ཡང་དག་པར་ན་སྟོན་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྙེད་དུ་སྟོན་པ་ཡོད་པ་ནི་འདུས་བྱས་ཀྱི་ཆོས་ཞེས་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་འདུས་བྱས་མ་ཡིན་པས་དེའི་ཕྱིར་བཤད་པ་མེད་དོ། །ཡང་མི་སྨྲ་བ་ནི་ཇི་ལྟར་བུས་པ་ཆུང་ངུ་ཚིག་གསལ་བར་མི་ཤེས་པ་སྨྲ་བ་ཡོད་དུ་ཟིན་ཀྱང་ཡང་དག་པར་ན་སྨྲ་བ་མེད་དོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། སྨྲ་བ་མི་གསལ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་ཏེ་གསུངས་པའོ། །གསུངས་པ་ཡོད་དུ་ཟིན་ཀྱང་སེམས་ཅན་གྱིས་མི་ཤེས་པས་མི་སྨྲ་བ་ཞེས་བྱའོ། །ཡང་བུས་པ་ཞེས་བྱ་བའི་ནི་ཚིག་ཡང་དག་པར་མི་ཤེས་པའི་ཕྱིར་རྫས་ལ་མིང་གཅིག་ཏུ་མ་ཆད་དོ། །ཚིག་ཡང་དག་པར་མི་ཤེས་པས་རྫས་ལ་མིང་གཅིག་ཏུ་མ་ཆད་ཀྱང་། རྒྱུ་དེ་མ་ཡིན་པའི་ལོགས་ཤིག་ན་རྫས་ཤེས་པ་འགྱུར་བ་མེད་དོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱི་རིགས་རྣམ་པ་སྣ་ཚོགས་ཐ་དད་པས་ཚིག་མི་འཐུན་ཏེ། དེ་བཞིན་གཤེགས་པས་ཐབས་ཀྱིས་ཇི་ལྟ་བ་དེ་ལྟར་སྟོན་པས་དེའི་རྒྱུས་ཐམས་ཅད་ཤེས་པར་ཡང་མཛད་དོ། །ཡང་བུས་པ་ཞེས་བྱ་བ་ནི་ཡི་གེ་ཆེན་པོ་འབའ་ཞིག་སྟོན་ནུས་ཏེ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་བར་ཡི་གེ་ཆེན་པོ་སྟོན་ཏོ། ། འདི་ལྟ་སྟེ། བ་ཧྭཱ་ཞེས་བྱའོ། །དེ་ལ་ཧྭཱ་ཞེས་བྱ་བ་ནི་འདུས་བྱས་སོ། །བ་ཞེས་བྱ་བ་ནི་འདུས་


DKG052_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་ཏེ། དེ་ནི་བུས་པ་ཞེས་བྱའོ། །ཧྭཱ་ཞེས་བྱ་བ་ནི་ང་མི་རྟག་པའོ། །བ་ཞེས་བྱ་བ་ཞེས་བྱ་ནི་རྟག་པའོ། །དེ་བཞིན་གཤེགས་པ་ཡང་རྟག་པ་འཆད་དེ། སེམས་ཅན་ཐོས་ནས་ང་ཆོས་རྟག་པ་འདོད་པའི་ཕྱིར་མི་རྟག་པ་གཅོད་དེ། དེ་ནི་བུས་པའི་སྤྱོད་པའོ། །ཡང་བུས་པ་ནི་སྡུག་བསྔལ་བ་དང་། བདེ་བ་དང་། ཉིན་པར་དང་། མཚན་མོ་དང་། ཕ་མ་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དེ་དང་འདྲ་སྟེ། སེམས་ཅན་གྱི་ཕྱིར་བདེ་བ་དང་སྡུག་བསྔལ་མི་མཐོང་ཉིན་པར་དང་མཚན་མོ་ཞེས་བྱ་བ་མེད། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ཕྱིར་ཕ་དང་མ་དང་གཉེན་ལ་སོགས་པའི་མཚན་ཉིད་མེད་དོ། །ཡང་བུས་པ་ནི་ལས་ཆེན་པོ་དང་ཆུང་ངུ་རྣམས་བྱེད་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དེ་དང་འདྲ་སྟེ། བྱང་ཆུབ་སེམས་དཔས་འཁོར་བའི་ལས་མི་བྱེད་པས་མི་བྱེད་པ་ཞེས་བྱའོ། །དངོས་པོ་ཆེན་པོ་ཞེས་བྱ་བ་ནི་མཚམས་མེད་པ་ལྔ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ནམས་ཀྱང་མཚམས་མེད་པ་ལྔའི་སྡིག་ལྕི་བ་མི་བྱེད་དོ། །དངོས་པོ་ཆུང་ངུ་ཞེས་བྱ་བ་ནི་ཐེག་པ་གཉིས་པའི་སེམས་ཏེ། བྱང་ཆུབ་སེམས་དཔའ་ནམས་ཀྱང་བྱང་ཆུབ་ཀྱི་སེམས་ལས་ལོག་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་མི་ལྟུང་ངོ་། །ཡང་བྱིས་པའི་སྤྱོད་པ་ནི་ཇི་ལྟར་བུས་པ་དེ་ངུ་བ་ན། ཕ་མས་ལྕང་མའི་ལོ་མ་སེར་པོ་བྱིན་ཏེ། འདི་སྐད་དུ་བུ་མ་ངུ་ཤིག་མ་ངུ་ཤིག །ངས་ཁྱོད་ལ་གསེར་སྦྱིན་ཞེས་བྱས་ནས་བུས་པས་དེ་མཐོང་བ་དང་གསེར་ཡང་དག་པའི་འདུ་ཤེས་བསྐྱེད་དེ་མི་ངུ་བར་གྱུར་ཏེ། ལྕང་མའི་ལོ་མ་དེ་ནི་ཡང་དག་པར་གསེར་མ་ཡིན་ནོ། །གལ་ཏེ་ཤིང་ལ་བྱས་པའི་གླང་དང་། རྟ་དང་། སྐྱེས་པ་དང་། བུད་མེད་ལ་བུས་པས་མཐོང་ནས་སྐྱེས་པ་དང་བུད་མེད་ལ་སོགས་པ་ཡིན་པའི་འདུ་ཤེས་བསྐྱེད་དེ་མི་ངུའོ། །དེ་སྐྱེས་པ་དང་བུད་མེད་མ་ཡིན་པར་སྐྱེས་པ་དང་བུད་མེད་ཀྱི་འདུ་ཤེས་འཇོག་པའི་ཕྱིར་བུས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། གལ་ཏེ་སེམས་ཅན་དག་མི་དགེ་བ་མང་པོ་བྱེད་ན། དེ་བཞིན་གཤེགས་པས་སུམ་ཅུ་རྩ་གསུམ་གནམ་གྱི་


DKG052_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་དང་། བྱད་བཟང་བ་དང་། ལོངས་སྤྱོད་དང་། གཞལ་མེད་ཁང་བཟང་པོའི་ནང་ན་འདོད་པ་ལྔ་སྤྱོད་པ་དང་། དབང་པོ་དྲུག་གི་གཉེན་པོ་ཐམས་ཅད་བདེ་བ་དང་དགའ་བ་ཤ་སྟག་ཡིན་པར་བསྟན་ཏེ། སེམས་ཅན་གྱིས་དེ་ལྟ་བུའི་བདེ་བ་ཡོད་པ་ཐོས་ནས་བདེ་བ་ལ་ཆགས་པའི་སེམས་སྐྱེས་ཏེ། མི་དགེ་བ་བཏང་ནས་སུམ་ཅུ་རྩ་གསུམ་གནམ་གྱི་ལས་དགེ་བ་ལ་བརྩོན་ནོ། །དེ་ནི་ཡང་དག་པར་འཁོར་བ་ཡིན་ཏེ། མི་རྟག་པ། བདེ་བ་མེད་པ། བདག་མེད་པ། ཡོངས་སུ་དག་པ་མ་ཡིན་ཡང་སེམས་ཅན་སྒྲོལ་བའི་ཕྱིར་ཐབས་ཀྱིས་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པའོ་ཞེས་གསུངས་སོ། །ཡང་བུས་པ་ཞེས་བྱ་བ་ནི། གལ་ཏེ་སེམས་ཅན་གང་འཁོར་བ་ལ་རབ་ཏུ་སྐྱོ་བ་ན་དེ་བཞིན་གཤེགས་པས་ཐེག་པ་གཉིས་སྟོན་ཏེ། དེ་ལ་ཡང་དག་པར་ཐེག་པ་གཉིས་པོའི་བདེན་པ་མེད་ཀྱང་ཐེག་པ་གཉིས་ཀྱི་ཕྱིར་འཁོར་བའི་སྐྱོན་ཤེས་ཤིང་མྱ་ངན་ལས་འདས་པའི་བདེ་བ་མཐོང་ངོ་། །དེ་ལྟར་མཐོང་བའི་ཕྱིར་རང་གིས་གཅོད་པ་དང་། མི་གཅོད་པ་དང་། བདེན་པ་དང་མི་བདེན་པ་དང་། སྤྱོད་པ་དང་མི་སྤྱོད་པ་དང་། ཐོབ་པ་དང་མི་ཐོབ་པའི་དངོས་པོ་རིག་པར་འགྱུར་རོ། །རིགས་ཀྱི་བུ་ཇི་ལྟར་བུས་པ་དེ་གསེར་མ་ཡིན་པ་ལ་གསེར་གྱི་འདུ་ཤེས་བསྐྱེད་པ་ལྟར་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་བར་ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པའོ་ཞེས་འཆད་དེ། དེ་བཞིན་གཤེགས་པས་དོན་དམ་པ་ཐོབ་པའི་ཕྱིར་ཡང་དག་པ་མ་ཡིན་པ་མེད་དོ། །ཇི་ལྟར་བུས་པ་དེ་བ་ལང་དང་རྟ་མ་ཡིན་པ་ལ་བ་ལང་དང་རྟར་འདུ་ཤེས་པ་ལྟར། གལ་ཏེ་སེམས་ཅན་གང་ལམ་མ་ཡིན་པ་ལ་ལམ་ཡང་དག་པར་འདུ་ཤེས་འཇོག་ན། དེ་བཞིན་གཤེགས་པས་ཀྱང་ལམ་མ་ཡིན་པ་ལ་ལམ་དུ་འཆད་དེ། ལམ་མ་ཡིན་པ་ལ་ཡང་དག་པར་ལམ་མེད་མོད་ཀྱི། ལམ་གྱི་རྒྱུ་ཅུང་ཟད་བསྐྱེད་ནུས་པའི་ཕྱིར་ལམ་མ་ཡིན་པ་ལམ་དུ་འཆད་དོ། །ཇི་ལྟར་བུས་པ་དེ་ཤིང་གི་ཁྱེའུ་དང་བུ་མོ་ལ་ཁྱེའུ་དང་བུ་མོར་འདུ་ཤེས་པ་ལྟར། དེ་བཞིན་


DKG052_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཡང་དེ་དང་འདྲ་བར་སེམས་ཅན་མ་ཡིན་པར་མཁྱེན་བཞིན་དུ་སེམས་ཅན་གྱི་མཚན་ཉིད་འཆད་དེ། ཡང་དག་པར་ན་སེམས་ཅན་གྱི་མཚན་ཉིད་མེད་དོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་མེད་པར་འཆད་ན་སེམས་ཅན་ཐམས་ཅད་ངན་པར་ལྟ་བར་ལྟུང་སྟེ། དེ་བས་ན་དེ་བཞིན་གཤེགས་པས་སེམས་ཅན་ཡོད་པར་གསུངས་སོ། །སེམས་ཅན་ལས་སེམས་ཅན་དུ་འདུ་ཤེས་འཇོག་པ་ནི་སེམས་ཅན་གྱི་མཚན་ཉིད་འཇིག་མི་ནུས་སོ། །གང་སེམས་ཅན་ལས་སེམས་ཅན་གྱི་མཚན་ཉིད་འཇིག་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ལྟར་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པའི་ཕྱིར་མི་ངུ་བར་འགྱུར་ཏེ་དེ་ནི་བུས་པའི་སྤྱོད་པ་ཞེས་བྱའོ། །རིགས་ཀྱི་བུ་གལ་ཏེ་སྐྱེས་པའམ་བུད་མེད་གང་སྤྱོད་པ་ལྔ་པོ་འདི་གཟུངས་སུ་འཛིན་ཅིང་འཆང་ངམ། ཀློག་གམ་ཡི་གེར་བྲིས་སམ། དགྲོལ་ཞིང་འཆད་ན་གང་ཟག་དེས་གདོན་མི་ཟ་བར་སྤྱོད་པ་ལྔ་པོ་དེ་དག་ཐོབ་པར་རིག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བདག་ཀྱང་གདོན་མི་འཚལ་བར་སྤྱོད་པ་ལྔ་པོ་དེ་དག་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་འབའ་ཞིག་གིས་སྤྱོད་པ་ལྔ་པོ་དེ་དག་ཐོབ་པ་མ་ཡིན་གྱི། ད་ལྟར་འཁོར་འདིའི་ནང་ན་མི་ཁྲི་ཕྲག་དགུ་བཅུ་རྩ་གསུམ་ཡང་ཁྱོད་དང་འདྲ་བར་སྤྱོད་པ་ལྔ་པོ་དེ་དག་ཐོབ་པར་གྱུར་ཏོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། བུས་པ་ཆུང་ངུ་སྤྱོད་པ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།


previousབརྒྱད་པ། བུས་པ་ཆུང་ངུ་སྤྱོད་པ་ཞེས་བྱ་བའི་ལེའུ།next