Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ང་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སུམ་ཅུ་རྩ་གཉིས་པ། ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   


 
previousསུམ་ཅུ་རྩ་གཉིས་པ། ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པའི་ལེའུ། next

སུམ་ཅུ་རྩ་གཉིས་པ། ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པའི་ལེའུ།


DKG055_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པར་བྱ་སྙམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་མཉན་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ། རབ་ཏུ་གདོན་པར་བྱ། ལུང་མནོད་ཅིང་ཁ་ཏོན་དུ་བྱ། ཉོན་མོངས་པ་མེད་པའི་བསྒོམ་པས་བསྒོམ་པར་བྱ། མང་དུ་བྱ། གཞན་ལ་ཡང་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ལ་འདོད་ཆགས་ལྡང་བ་མེད་ཅིང་ཞེ་སྡང་མེད། །ཁྱུ་མཆོག་ལ་ནི་ནམ་ཡང་གཏི་མུག་ལྡང་བ་མེད། །དེས་ནི་ཉོན་མོངས་མ་ལུས་ཐམས་ཅད་སྤངས་པ་ཡིན། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་བདེ་གཤེགས་ཐུགས་སྲས་བསླབས་པ་ཡོང་མི་འདོར། །དཔའ་བོ་བུད་མེད་དབང་དུ་ནམ་ཡང་མི་འགྲོ་སྟེ། །དེ་དང་དེར་ནི་བདེ་གཤེགས་བསྟན་པའི་དགའ་བ་མྱོང་། །ཆོས་ཀྱི་རང་བཞིན་ཚུལ་གྱི་རིགས་པ་གང་ཤེས་པ། །དེ་ནི་མཁས་པ་བློ་ལྡན་ཡེ་ཤེས་ཆོ་ག་ཤེས། །དེ་དང་དེ་ནི་སངས་རྒྱས་མཐའ་ཡས་མུ་མེད་མཐོང་། །དེ་ནི་གཟུགས་དང་ཡེ་ཤེས་མཐའ་ཡས་རབ་ཏུ་ཤེས། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་རིང་པོར་མི་ཐོགས་རྐང་གཉིས་གཙོ་བོར་འགྱུར། །དེ་དང་དེ་ནི་སྨན་པ་དཔྱད་ཤེས་བདེ་བ་སྦྱིན་པར་འགྱུར། །དེ་ནི་སྡུག་བསྔལ་ཟུག་རྔུ་ཐམས་ཅད་འབྱིན་པར་བྱེད། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་སེམས་ཅན་འདི་དག་སྡུག་བསྔལ་ན་རིག་ནས། །དེ་ནི་རྟག་ཏུ་བདུད་རྩི་དག་གི་རྔ་དག་རྡུང་། །དེ་དང་དེ་ནི་རིང་པོར་མི་ཐོགས་འདྲེན་པར་འགྱུར། །དེ་ནི་སྨན་གྱི་ཚུལ་ལ་མཁས་པ་སྨན་པའི་མཆོག །ཐམས་ཅད་


DKG055_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཀྱི་གཞི་དང་གང་གིས་འཐར་བ་ཤེས། །དེ་ནི་ཡང་དག་ཚུལ་ལ་བསླབས་པ་བློ་གྲོས་ལྡན། །བསླབས་ནས་ཤིན་ཏུ་འཁྱམས་པའི་སེམས་ཅན་མང་པོ་འགྲོལ། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་སྟོང་པ་ཉིད་ཀྱི་ཚུལ་མཁས་བློ་གྲོས་དཔའ། །དེ་ནི་འཇིག་རྟེན་རྟག་ཏུ་མ་ཆགས་བསོད་སྙོམས་ཟ། །དེ་ནི་སེམས་ཅན་མང་པོ་བྱང་ཆུབ་མཆོག་ལ་འགོད། ། ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་མི་ཡི་ཟླ་བ་བཟོད་པའི་སྟོབས་ཀྱིས་འཕགས། །དེ་ནི་རྡོ་དང་དབྱུག་པས་བརྡེགས་ཀྱང་མི་ཁྲོ་སྟེ། །དེ་ནི་ལུས་དང་ཡན་ལག་བཅད་ཀྱང་འཁྲུག་པ་མེད། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་བཟོད་པའི་སྟོབས་ལ་གནས་པ་སྟོབས་ལྡན་ཡིན། །དེ་ནི་རབ་ཏུ་ཞི་བའི་བཟོད་པའི་དངོས་མི་གཏོང་། །དེ་ནི་བློ་དཔའ་བཟོད་པའི་སྟོབས་ལ་རློམ་སེམས་མེད། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་བདག་བཅད་སྙམ་དུ་ནམས་ཀྱང་སེམས་མི་འགྱུར། །དེ་ཡིས་སྲིད་པ་ཐམས་ཅད་རྣམ་བཤིག་རྟག་ཏུ་སྟོང་། །དེ་ཡི་འདུ་ཤེས་ཐམས་ཅད་མ་ལུས་རབ་ཏུ་སྤངས། །དེ་དང་དེ་དག་ཆོས་ཀྱི་རང་བཞིན་དམ་པ་སྟོན། །དེ་དག་རིང་པོར་མི་ཐོགས་བླ་མེད་བྱང་ཆུབ་རེག །གང་དག་ཆོས་ཀྱི་རང་བཞིན་སྤྱོད་ཡུལ་ངེས་རྟོགས་པ། །དེ་དག་གིས་ནི་སྦྱིན་པ་མཐའ་ཡས་མུ་མེད་བྱིན། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་མདོ་སྡེ་བྱེ་བ་མཐའ་ཡས་འཆད་པར་བྱེད། །དེ་ལས་ལྷག་པར་གང་གཱའི་ཀླུང་གི་བྱེ་མ་སྙེད། །བཤད་ཀྱང་དེ་ཡི་སྤོབས་པའི་རྒྱུན་ནི་འཆད་པ་མེད། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་སྟོང་དུ་ཡང་། །ཡེ་ཤེས་དག་ནི་རྟག་ཏུ་འཕགས་པ་རི་རབ་བཞིན། །ཆོས་རྣམས་སྟོན་པ་དག་ནི་ཟད་པར་ཡོང་མི་འགྱུར། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །སྤོབས་པ་ཡངས་ཤིང་རྒྱ་ཆེ་བསམ་གྱིས་མི་ཁྱབ་འགྱུར། །བྱང་ཆུབ་དམ་པ་རྟག་ཏུ་ཁོར་མོར་ཚོལ་བ་ན། །མདོ་སྡེ་དག་ཀྱང་བྱེ་བ་མཐའ་ཡས་རབ་ཏུ་འཆད། །ཆོས་འདི་ཐམས་ཅད་དངོས་པོ་མེད་པར་གང་ཤེས་པ། །རྐང་གཉིས་གཙོ་བོས་ཆོས་གང་ཇི་སྙེད་བཤད་པ་ཡང་། །དེ་དག་ཐམས་ཅད་ཐོས་ནས་


DKG055_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པར་འཛིན། །དེ་ནི་ཚིག་གཅིག་ལ་ཡང་ཐེ་ཚོམ་འབྱུང་མི་འགྱུར། །ཆོས་ཀྱི་རང་བཞིན་རྟག་ཏུ་སྟོང་པར་གང་ཤེས་པ། ། དེ་ནི་རྟག་ཏུ་བྱེ་བྲག་འཕགས་ཤིང་གཏོང་ལྡན་འགྱུར། །སྡུག་བསྔལ་དག་ལ་བདེ་བ་སྦྱིན་པའི་སྦྱིན་བདག་ཡིན། །སེམས་ཅན་སྡུག་བསྔལ་མཐོང་ནས་རིན་ཆེན་ཚིམ་པར་བྱེད། །ཆོས་ཀྱི་རང་བཞིན་རྟག་ཏུ་སྟོང་པར་གང་ཤེས་པ། །དེ་ནི་རྟག་ཏུ་འཛམ་བུ་རྒྱལ་མཚན་རྒྱལ་པོར་འགྱུར། །དུས་ཀུན་དུ་ཡང་སྲོག་ཆགས་རྣམས་ལ་བྱམས་ལྡན་ཏེ། །རྟག་ཏུ་མཐའ་ཡས་པ་ཡི་བདེ་བ་བྱེད་པར་འགྱུར། །ཆོས་ཀྱི་རང་བཞིན་རྟག་ཏུ་སྟོང་པར་གང་ཤེས་པ། །དཔའ་བོ་བུ་དང་བུ་མོ་བྲན་དག་གཏོང་བར་བྱེད། །མགོ་དང་ལག་པ་དེ་བཞིན་རྒྱལ་སྲིད་ཡོངས་སུ་གཏོང་། །ཁྱུ་མཆོག་དེ་ཡི་ཡིད་ནི་ཞུམ་པར་ཡོང་མི་འགྱུར། །ཆོས་ཀྱི་རང་བཞིན་རྟག་ཏུ་སྟོང་པར་གང་ཤེས་པ། །དེ་ཡི་ལུས་དང་ཡན་ལག་གལ་ཏེ་བཅད་གྱུར་ཀྱང་། །རྨི་ལམ་ན་ཡང་དེ་ཡི་ཡིད་ལ་ཁོང་ཁྲོ་མེད། །དེས་ནི་འདྲེན་པ་རྐང་གཉིས་གཙོ་བོ་མཆོད་པ་ཡིན། །ཆོས་ཀྱི་རང་བཞིན་རྟག་ཏུ་སྟོང་པར་གང་ཤེས་པ། །དེས་ནི་འདས་པའི་འདྲེན་པ་ཐམས་ཅད་མཆོད་པ་ཡིན། །དེ་བཞིན་མ་བྱོན་པ་ཡི་རྐང་གཉིས་གཙོ་བོ་མཆོད། །དེས་ནི་འདྲེན་པ་བཞུགས་པ་ཐམས་ཅད་རི་མོར་བྱས། །གང་དག་མདོ་སྡེ་འདི་ཐོས་ཟད་པའི་དུས་ལ་འཛིན། །དེ་ནི་མཁས་པ་བདེ་བར་གཤེགས་པའི་མཛོད་འཆང་ཡིན། །དེ་ནི་གཟུངས་མཆོག་དག་ལ་རབ་ཏུ་གནས་པ་སྟེ། །དེ་ནི་རིང་པོར་མི་ཐོགས་འཇིག་རྟེན་འདྲེན་པར་འགྱུར། །གང་གིས་མདོ་སྡེ་འདི་དག་རབ་བཤད་མི་བརྗེད་པ། །མཁས་པ་དེ་ནི་ལོང་བར་ནམས་ཀྱང་མི་འགྱུར་ཏེ། །བསྐལ་པ་མང་པོར་ཡན་ལག་མ་ཚང་ཡོང་མི་འགྱུར། །དེས་ནི་མི་ཁོམ་བརྒྱད་པོ་དག་ཀྱང་རྟག་ཏུ་སྤངས། །དེ་ནི་ངན་འགྲོར་ནམ་ཡང་འགྲོ་བར་མི་འགྱུར་ཏེ། །རྟག་ཏུ་མཚན་རྣམས་འཆང་ཞིང་བྱད་བཞིན་བཟང་པོར་འགྱུར། །མངོན་ཤེས་ལྔ་པོ་དེ་དག་རྟག་པར་དེས་བསྒོམས་ཏེ། །དཔའ་བོ་དེ་ནི་རྟག་ཏུ་བདེ་གཤེགས་སྤྱན་སྔར་གནས། །ཡེ་ཤེས་ཅན་དེ་འཕྲུལ་པ་མང་པོ་སྤྲུལ་བྱས་ནས། །ཞིང་རྣམས་བྱེ་བ་མང་པོར་འདུལ་བའི་དོན་ཕྱིར་གཏོང་། །སངས་རྒྱས་སྤྲུལ་པ་མང་


DKG055_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གང་གིས་མཐོང་གྱུར་པ། །དེ་ཡིས་སེམས་ཅན་མང་པོ་བྱང་ཆུབ་མཆོག་ཏུ་བཙུད། །གང་དག་མདོ་སྡེ་འདི་ཐོས་ཟད་པའི་དུས་ལ་འཛིན། །དེ་ནི་དྲན་ལྡན་བློ་གྲོས་ལྡན་ཞིང་ཤེས་རབ་ཅན། །དེ་ནི་རྟག་ཏུ་མཐུ་དང་བརྩོན་འགྲུས་སྟོབས་ཀྱིས་བརྟན། །གཟི་བརྗིད་ཆེན་པོ་ཆོས་ཀྱི་ཕ་རོལ་ཕྱིན་པར་འགྱུར། །ཟད་པའི་དུས་ལ་ཏིང་འཛིན་ཞི་བ་འཛིན་པ་ནི། །དཔའ་བོ་དེ་ཡང་ཚངས་པའི་གནས་ལ་ཤིན་ཏུ་གནས། །དེ་ནི་མྱུར་དུ་ས་ཡང་བརྒྱད་དང་གཉིས་དག་འཐོབ། །དེ་ནི་མྱུར་ཞིང་མགྱོགས་པར་བདུད་རྣམས་ཤིན་ཏུ་འདུལ། །གང་གིས་མདོ་སྡེ་ཞི་བ་འདི་ནི་རྟག་བསྒོམས་པ། །དབང་དང་ལྡན་ཞིང་མངོན་པར་འཕགས་པ་སྟོབས་དང་ལྡན། །དེ་ནི་སེམས་ཅན་དམ་པ་སེམས་ཅན་དོན་ཕྱིར་བརྩོན། །དེ་ནི་བྱང་ཆུབ་ཤིང་དྲུང་བྱང་ཆུབ་མཆོག་རྟོགས་འགྱུར། །གང་གིས་ཆོས་འདི་རྣམས་ནི་སྟོང་པར་གོམས་བྱས་པ། །དེ་དག་འོད་ཟེར་བྱེ་བ་སྟོང་རྣམས་རྟག་ཏུ་འགྱེད། །ཉི་མའི་དཀྱིལ་འཁོར་དག་ཀྱང་ཐམས་ཅད་གཟི་མེད་བྱས། །དཔའ་བོ་དེ་དག་མི་རིང་འཇིག་རྟེན་འདྲེན་པར་འགྱུར། །ངས་སྔོན་སྤྱོད་ཡུལ་ཞི་བ་འདི་ནི་རབ་ཏུ་བསྒོམས། །བསྐལ་པ་མང་པོ་བྱེ་བ་ཁྲག་ཁྲིག་སྟོང་དུ་ཡང་། །ལམ་འདིར་ངས་ནི་ནམ་ཡང་བརྩོན་འགྲུས་རྒྱུན་མ་བཅད། །དེ་ཚེ་མར་མེ་མཛད་ཀྱིས་རྒྱལ་བར་ལུང་ཡང་བསྟན། །མདོ་སྡེ་འདི་ལ་ཁྱེད་ཀྱང་ང་ཡི་རྗེས་སུ་སློབས། །ཚུལ་འདི་ཟབ་ཅིང་དམ་པའི་དོན་རྣམས་བསྟན་པ་སྟེ། །འདི་ལ་མུ་སྟེགས་ལོག་པ་མང་པོ་འདི་དག་འཁྱམས། །བྱང་ཆུབ་ལ་ནི་སྨད་བྱས་ངན་སོང་འཇིགས་པར་ལྟུང་། །བསྐལ་པ་མང་པོ་བྱེ་བ་ཁྲག་ཁྲིག་སྟོང་དུ་ཡང་། །དེ་དག་སྡུག་བསྔལ་མི་བཟད་ཚ་བ་དེར་མྱོང་ནས། །བསྐལ་པ་ཁྲག་ཁྲིག་མང་པོ་དག་ནི་འདས་ནས་ཀྱང་། །དེ་ནི་དེ་དག་མི་འཆི་འཐོབ་པའི་རྒྱུར་འགྱུར་རོ། །གང་དག་ཕྱི་དུས་འཇིག་ལ་བདེ་བར་གཤེགས་པ་ཡི། །མདོ་སྡེ་རབ་ཏུ་ཞི་བ་འདི་ནི་སྲུང་བྱེད་པ། །དེ་དག་བྱང་ཆུབ་མཆོག་རབ་འདི་ནི་རྙེད་མི་དཀའ། །དེ་དང་དེ་དག་ཕྱི་དུས་ཆོས་འཛིན་ལུང་བསྟན་ཡིན། །ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།


previousསུམ་ཅུ་རྩ་གཉིས་པ། ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པའི་ལེའུ། next