Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ང་བདུན་པ།


   
   
   
འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བའི་མདོ།
   
   
   
   
   
   
   


 
previousའཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བའི་མདོ། next

འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བའི་མདོ།


DKG057_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་མ་ཧཱ་ཡཱ་ན་པྲ་སཱ་ད་པྲ་བྷཱ་བ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བྱང་ཆུབ་སེམས་དཔའ་


DKG057_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་བདུད་དང་ཕྱིར་རྒོལ་བ་བཅོམ་པ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་ཀུན་ཏུ་རྒྱུ་བ་ལས་རིང་དུ་གྱུར་པ། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཀུན་ཏུ་སྟོན་པ་ལ་དབང་ཆེན་པོའི་ས་ཐོབ་པ། བསྐལ་པ་དཔག་ཏུ་མེད་པར་ལུས་དང་གནས་གཏོང་བའི་དབང་ཐོབ་པ། བདུད་ཀྱི་ལས་ཚད་མེད་པ་དང་བར་དུ་གཅོད་པ་ཐམས་ཅད་ཤིན་ཏུ་རབ་ཏུ་རྟོགས་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཐོབ་པར་བྱ་བའི་ཐབས་ཀྱི་ཆོ་ག་ཤེས་པ། ངེས་པར་འབྱུང་བ་ཐམས་ཅད་ཤེས་པའི་སྟོབས་ཆེན་པོ་ཐོབ་པ། མུ་སྟེགས་ཅན་གྱི་སྨྲ་བ་ཐམས་ཅད་བཟློག་པ་ལ་མཁས་པ། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེན་པོས་སྐྱེ་བོ་ཕལ་པོ་ཆེ་ཉེ་བར་བསྡུ་བ་ལ་མཁས་པ། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་བསྒོམས་པས་རྣལ་འབྱོར་ཆེན་པོ་རྣམ་པ་ཐམས་ཅད་ཐོབ་པ། ནམ་མཁའ་ལྟ་བུར་འཇིག་རྟེན་གྱི་ཆོས་ཀྱིས་སེམས་མ་གོས་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པ་གསལ་དང་། བྱང་ཆུབ་སེམས་དཔའ་དད་པ་དྲི་མ་མེད་དང་། བྱང་ཆུབ་སེམས་དཔའ་དད་པ་མི་སྒུལ་བ་དང་། བྱང་ཆུབ་སེམས་དཔའ་དད་པས་རབ་ཏུ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་དད་པ་རབ་གནས་དང་། བྱང་ཆུབ་སེམས་དཔའ་དད་པ་མ་ཉམས་དང་། བྱང་ཆུབ་སེམས་དཔའ་དད་པ་མི་གཡོ་དང་། བྱང་ཆུབ་སེམས་དཔའ་དད་པ་རབ་ཚོལ་དང་། བྱང་ཆུབ་སེམས་དཔའ་དད་པ་མཉམ་དང་། བྱང་ཆུབ་སེམས་དཔའ་དད་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་དད་པའི་རྗེས་འབྲང་དང་། བྱང་ཆུབ་སེམས་དཔའ་དད་པ་ལ་ཡང་དག་པར་ཞུགས་དང་། བྱང་ཆུབ་སེམས་དཔའ་དད་པར་འཇུག་བྱེད་དང་། བྱང་ཆུབ་སེམས་དཔའ་དད་པ་ལ་ཡིད་གཉིས་རྣམ་པར་འཇོམ་དང་། བྱང་ཆུབ་སེམས་དཔའ་དད་པ་སྟོན་དང་། བྱང་ཆུབ་སེམས་དཔའ་དད་པ་རབ་ཏུ་འཇོག་བྱེད་དང་། བྱང་ཆུབ་སེམས་དཔའ་དད་པ་རྣམ་པར་འཕེལ་བྱེད་དང་། བྱང་ཆུབ་སེམས་དཔའ་


DKG057_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་རྣམ་པར་སྦྱོང་དང་། བྱང་ཆུབ་སེམས་དཔའ་དད་པའི་སྣོད་ཡོངས་སུ་ཚོལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པ་ཐབས་ཆེན་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་། འོད་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་དང་ཐབས་ཅིག་ཏུ་བཞུགས་ཏེ། བཅོམ་ལྡན་འདས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང། མི་དང་། མི་མ་ཡིན་པ་ཚད་མེད་པ་དག་གིས་ཀུན་ནས་བསྐོར་ཅིང་མདུན་གྱིས་བྱས་ཏེ་འཁོར་བརྒྱ་སྟོང་དུ་མའི་ནང་ན་བཞུགས་པར་གྱུར་ཏོ། །དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་མོས་པ་སྤྱོད་པའི་ས་ལ་གནས་པ་མང་པོ་འདུས་ཏེ་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་མོས་པས་སྤྱོད་པའི་ས་ལ་གནས་པ་དེ་དག་ལས་བརྩམས་ཏེ་གཏམ་རྩོམ་པ་མཛད་དོ། །རིགས་ཀྱི་བུ་དག་གལ་ཏེ་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་གང་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་ན་དོན་ཆེ་ཞིང་འབྲས་བུ་ཆེ་སྟེ་ཕན་ཡོན་ཆེའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་མོས་པས་སྤྱོད་པ་ལ་ཞུགས་པས་ཐེག་པ་ཆེན་པོ་ལ་དད་པས་མང་དུ་གནས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་སངས་རྒྱས་ཀྱི་མཐུ་དང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་མཚན་ཉིད་དུ་རིག་པར་བགྱི་བ་གང་ལགས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེ་བ་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་དབྱེ་བ་རྣམ་པ་དུ་ཞིག་མཆིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་


DKG057_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་ཕན་ཡོན་རྣམ་པ་དུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་ཚད་མེད་པ་དག་གི་དོན་གྱི་ཕྱིར་ཞུགས་ནས་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་རིགས་ཀྱི་བུ་ཉོན་ཅིག་དང་དོན་དེ་བསྟན་པར་བྱའོ། །རིགས་ཀྱི་བུ་བཅུ་གཅིག་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་མཚན་ཉིད་དུ་རིག་པར་བྱའོ། །འདི་ལྟ་སྟེ། གསལ་བའི་མཚན་ཉིད་དང་། བརླན་པའི་མཚན་ཉིད་དང་། རྣམ་པའི་མཚན་ཉིད་དང་། ཡོངས་སུ་བཟུང་བའི་མཚན་ཉིད་དང་། གནས་ཀྱི་མཚན་ཉིད་དང་། ཡང་དག་པར་འདའ་བའི་མཚན་ཉིད་དང་། རྩ་བའི་མཚན་ཉིད་དང་། སྦེད་པའི་མཚན་ཉིད་དང་། རྗེས་སུ་འབྲེལ་བའི་མཚན་ཉིད་དང་། རྒྱུན་གྱི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་གསལ་བའི་མཚན་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རྙོག་པ་རྣམ་པ་བཞི་དང་བྲལ་ན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་གསལ་བའི་མཚན་ཉིད་དོ། །རྙོག་པ་རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ཁོང་ཁྲོ་བའི་རྙོག་པ་དང་། ཡིད་མི་ཆེས་པའི་རྙོག་པ་དང་། སྡང་བའི་རྙོག་པ་དང་། ཐེ་ཚོམ་གྱི་རྙོག་པའོ། །རིགས་ཀྱི་བུ་འདི་ལྟར་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིས་ཐེག་པ་ཆེན་པོ་ལ་ཁོང་ཁྲོ་བའི་སེམས་སྐྱེད་མི་སྲིད་དོ། །ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ལ་ཡིད་མི་ཆེས་པའི་སེམས་སྐྱེད་མི་སྲིད་དོ། །ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ལ་དངང་སྐྲག་ཀུན་ཏུ་དངང་བར་འགྱུར་མི་སྲིད་དོ། །ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ལ་མི་བཟོད་པ་དང་ཐེ་ཙོམ་ཟ་བར་འགྱུར་མི་སྲིད་དོ། །བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ལས་དང་


DKG057_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པོ་པའི་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པ་ལ་ཞུགས་པ། ཆོས་ཤེས་པ། རྟོག་པ་མ་མཆིས་པར་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་འདི་ལྟ་བུ་དག་ལ་ཐེ་ཚོམ་མ་མཆིས་ཤིང་ཐེ་ཚོམ་གྱི་རྙོག་པ་དང་བྲལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཉིད་མ་རྟོགས་པའི་ཤེས་པ་ཉིད་ཀྱིས་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་དག་ལ་ཐེ་ཚོམ་མེད་པ་དང་། ཐེ་ཚོམ་གྱི་རྙོག་པ་དང་བྲལ་བ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་གཞན་གྱི་དྲིང་ལས་མོས་པའི་སྟོབས་ཀྱིས་ཀྱང་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་དག་ལ་ཐེ་ཚོམ་མེད་ཅིང་ཐེ་ཚོམ་གྱི་རྙོག་པ་དང་བྲལ་བ་ཡིན་ནོ། །འདི་ལྟར་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པ་ལ་ཞུགས་པ་ནི་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་བསྟན་པ་དག་ལ་དེ་བཞིན་གཤེགས་པ་ཉིད་དབང་དུ་བྱས་ནས་ཆོས་འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པའོ་ཞེས་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པ་ལ་མོས་པ་བཞག་ནས་ཆོས་རྣམས་ལ་མ་ལོག་པར་མོས་པ་འཇོག་གོ །གཞན་གྱི་དྲིང་ལས་མོས་པའི་སྟོབས་དེས་དེ་བཞིན་གཤེགས་པས་གསུངས་པ་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེའི་ཆོས་རྣམས་ལ་ཐེ་ཚོམ་མེད་ཅིང་ཐེ་ཙོམ་དང་བྲལ་བ་ཡིན་ཏེ། རིགས་ཀྱི་བུ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་གསལ་བའི་མཚན་ཉིད་དུ་བལྟའོ། །བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པས་བརླན་པའི་མཚན་ཉིད་དུ་རིག་པར་བགྱི་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་དང་ལྡན་པའི་ཡིད་བདེ་བས་ལུས་བརླན་པ་དང་། སེམས་བརླན་པ་གང་ཡིན་པ་དེ་ནི་དེའི་བརླན་པའི་མཚན་ཉིད་དུ་རིག་པར་བྱའོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་དང་ལྡན་པའི་བདེ་བ་དང་ཡིད་བདེ་བས་ལུས་དང་སེམས་སིམ་པར་བྱེད་པ་ཡིན་གྱི། འདོད་པ་ལ་ལོངས་


DKG057_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་རྣམས་ཀྱི་འདོད་པའི་ཡོན་ཏན་ལས་བྱུང་བའི་བདེ་བ་དང་ཡིད་བདེ་བས་ནི་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱི་བདེ་བ་དང་ཡིད་བདེ་བ་གང་ཡིན་པ་དེས་ནི་འདི་འདྲ་བར་དེ་དག་གི་ལུས་དང་སེམས་སིམ་པར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གི་བདེ་བ་དང་ཡིད་བདེ་བ་ནི་མ་ཞི་བའོ། །ཅིའི་ཕྱིར་མ་ཞི་བ་ཞེ་ན། གང་འདོད་པའི་ཡོན་ཏན་ལས་བྱུང་བའི་བདེ་བ་དེ་དང་ཡིད་བདེ་བ་དེ་དང་། འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་བདེ་བ་དང་ཡིད་བདེ་བ་དེ་ནི་དེ་ཙམ་དུ་འདོད་ཆགས་དང་། ཁོང་ཁྲོ་བ་དང་ལྡན་པ་མ་ཞི་བའི་མཚན་ཉིད་དོ། །མཐོན་དམན་གྱི་རྒྱུའི་ཕྱིར་མ་ཞི་བའི་མཚན་ཉིད་དོ། །བདེན་པ་རྣམས་ལ་ཡིད་གཉིས་དང་ཐེ་ཚོམ་ཟ་བའི་རྗེས་སུ་སོང་བའི་ཕྱིར་རབ་ཏུ་མ་ཞི་བའི་མཚན་ཉིད་དོ། །ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། དེའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་ཚད་མེད་པ་དང་འབྲེལ་བའི་ཕྱིར་རབ་ཏུ་མ་ཞི་བའི་མཚན་ཉིད་དོ། །ཉེ་བའི་ཉོན་མོངས་པའི་ཕྱིན་ཅི་ལོག་དང་། གཡེང་བ་དང་། རྒོད་པ་དང་། རྨུགས་པ་དང་། བག་མེད་པ་དང་། ངོ་ཚ་མེད་པའི་རྩ་བའི་ཕྱིར་རབ་ཏུ་མ་ཞི་བའོ། །འགྲོ་བ་ལྔའི་ལས་སྣ་ཚོགས་མངོན་པར་འདུ་བྱེད་པའི་རྩ་བའི་ཕྱིར་རབ་ཏུ་མ་ཞི་བའོ། །སྡུག་བསྔལ་གྱི་བདེན་པས་བསྡུས་ཤིང་འགྲོ་བའི་ཕྱིར་རབ་ཏུ་མ་ཞི་བའོ། །རིགས་ཀྱི་བུ་འདི་ལྟར་ཉོན་མོངས་པ་དང་། ལས་དང་། ཚེའི་ཀུན་ནས་ཉོན་མོངས་པའི་རྒྱུ་དང་འབྲས་བུར་བཅས་པའི་རྒྱུན་ལ་འཇུག་པ་དང་ལྡན་པས་འདོད་པའི་ཡོན་ཏན་ལྔ་ལས་བྱུང་བའི་བདེ་བ་དང་། ཡིད་བདེ་བ་དེ་ནི་རབ་ཏུ་མ་ཞི་བ་སྟེ། དེ་བས་ན་དེའི་ལུས་དང་སེམས་སིམ་པར་བྱེད་པ་མ་ཡིན་ནོ། །ཇི་ལྟར་འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་འདོད་པའི་ཡོན་ཏན་ལས་བྱུང་བའི་བདེ་བ་དང་ཡིད་བདེ་བ་མ་ཡིན་པ་དེ་བཞིན་དུ་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་སྙོམས་པར་ཞུགས་པ་ལས་བྱུང་བ་ལ་ཡང་རྣམ་པ་དེ་དག་གིས་ཅི་རིགས་པར་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་རིག་པར་བྱའོ། །རབ་ཏུ་མ་ཞི་བས་ན་འཕགས་པའི་ཆོས་འདུལ་བ་ལ་ལུས་དང་སེམས་སིམ་པར་


DKG057_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ལས་བྱུང་བའི་བདེ་བ་དང་ཡིད་བདེ་བ་གང་ཡིན་པ་དེ་ནི་འདོད་ཆགས་དང་། ཁོང་ཁྲོ་བའི་རབ་ཏུ་མ་ཞི་བ་དང་བྲལ་བ་དང་། མཐོན་དམན་གྱི་རབ་ཏུ་མ་ཞི་བ་དང་བྲལ་བ་དང་། བདེན་པ་ལ་ཡིད་གཉིས་དང་ཐེ་ཚོམ་ཟ་བའི་རབ་ཏུ་མ་ཞི་བ་དང་བྲལ་བ་དང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། དེའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་ཚད་མེད་པའི་རབ་ཏུ་མ་ཞི་བ་དང་བྲལ་བ་དང་། ཉེ་བའི་ཉོན་མོངས་པ་ཕྱིན་ཅི་ལོག་དང་། གཡེང་བ་དང་། རྒོད་པ་དང་། རྨུགས་པ་དང་། བག་མེད་པ་དང་། ངོ་ཚ་མེད་པའི་རབ་ཏུ་མ་ཞི་བ་དང་བྲལ་བ་དང་། འགྲོ་བ་ལྔའི་ལས་སྣ་ཚོགས་མངོན་པར་འདུ་བྱེད་པའི་རབ་ཏུ་མ་ཞི་བ་དང་བྲལ་བ་དང་། སྡུག་བསྔལ་གྱི་བདེན་པས་བསྡུས་པའི་རབ་ཏུ་མ་ཞི་བ་དང་བྲལ་བ་དང་། འདི་ལྟར་ཉོན་མོངས་པ་དང་། ལས་དང་། ཚེའི་ཀུན་ནས་ཉོན་མོངས་པའི་རྒྱུ་དང་འབྲས་བུར་བཅས་པའི་རྒྱུན་ལས་འཇུག་པའི་རབ་ཏུ་མ་ཞི་བ་དང་བྲལ་བའི་ཕྱིར་རབ་ཏུ་ཞི་བའོ། །རབ་ཏུ་ཞི་བའི་ཕྱིར་འཕགས་པའི་ཆོས་འདུལ་བ་ལ་ལུས་དང་སེམས་སིམ་པར་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པས་བརླན་པའི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་སླད་དུ་ཐེག་པ་ཆེན་པོ་ལ་དད་པས་བརླན་པའི་མཚན་ཉིད་དང་། བདེ་བ་དང་ཡིད་བདེ་བའི་དོན་འདི་ངོ་མཚར་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་སླད་དུ་ཐེག་པ་ཆེན་པོ་ལ་དད་པ་ལས་བྱུང་བའི་བདེ་བ་དང་ཡིད་བདེ་བའི་དོན་ལས་རབ་ཏུ་མོས་པར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་སླད་དུ་ཐེག་པ་ཆེན་པོ་ལ་དད་པའི་རྣམ་པའི་མཚན་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་གསུམ་གྱིས་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་འཇུག་སྟེ། འདི་ལྟ་སྟེ། ཡིད་


DKG057_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་པའི་རྣམ་པ་དང་། འགྱུར་བའི་རྣམ་པ་དང་། མངོན་པར་དགའ་བའི་རྣམ་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་སླད་དུ་ཐེག་པ་ཆེན་པོ་ལ་དད་པ་ཡིད་ཆེས་པའི་རྣམ་པས་འཇུག་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བསྟན་པ་རྣམས་ལ་ཐོག་མ་ཉིད་དུ་ཡོད་པར་མོས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་འདི་དག་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་ཡུལ་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་པར་འོས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ཏེ་རྟོག་གེ་པ་རྣམས་ཀྱི་ཡུལ་མ་ཡིན་ནོ། །འདི་ལྟར་རྟོག་གེ་པ་རྣམས་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་འདི་ལྟ་བུ་དག་ཐོས་ན་དངང་བར་གྱུར་ཏེ་རྟོགས་པར་ལྟ་བ་ག་ལ་འགྱུར། དེ་བས་ན་དེ་དག་ནི་རྟོག་གེ་པ་རྣམས་ཀྱི་ཡུལ་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཇི་ལྟར་དེ་དག་གིས་བསྟན་པའི་ཆོས་དེ་དག་ཀྱང་དེ་བཞིན་དུ་ཡོད་དེ། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་བསྟན་པ་ཟབ་ཅིང་རྒྱ་ཆེ་བ་འབྲས་བུ་དང་བཅས་པ་ལ་ཡོད་པ་ཉིད་དུ་མོས་ནས་བྱང་ཆུབ་སེམས་དཔའ་ཡིད་ཆེས་པའི་རྣམ་པས་དད་པ་སྐྱེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་སླད་དུ་ཐེག་པ་ཆེན་པོ་ལ་དད་པར་འགྱུར་བའི་རྣམ་པས་འཇུག་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཡོད་པ་ཡོན་ཏན་དང་ལྡན་པ་དག་ལ་རྣམ་པ་དུ་མར་མོས་ཤིང་ལུས་ཀྱི་འགྱུར་བ་དང་། སེམས་ཀྱི་འགྱུར་བ་དང་བཅས་པར་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ལས་བྱུང་བའི་ལུས་ཀྱི་འགྱུར་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སྤུ་ལྡང་བ་དང་། སྤུ་གཡོ་བ་དང་། མཆི་མ་འཁོར་བ་དང་། མཆི་མ་ཟག་པ་ནི་བྱང་ཆུབ་སེམས་


DKG057_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ལས་བྱུང་བའི་ལུས་ཀྱི་འགྱུར་བའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ལས་བྱུང་བའི་སེམས་ཀྱི་འགྱུར་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལུས་ལས་བྱུང་བའི་ཡིད་བདེ་བ་རྒྱ་ཆེ་བ་ཁ་ན་མ་ཐོ་བ་མེད་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ལས་བྱུང་བའི་སེམས་ཀྱི་འགྱུར་བའོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་འགྱུར་བའི་རྣམ་པས་འཇུག་གོ །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་མངོན་པར་དགའ་བའི་རྣམ་པས་འཇུག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པ་འདི་སྙམ་དུ་སེམས་ཏེ། སྔོན་སེམས་ཅན་ཚད་མེད་པ་མིར་གྱུར་པ་རྣམས་ཀྱིས་བརྩོན་འགྲུས་ཀྱི་སྟོབས་དང་། ཤེས་པའི་སྟོབས་ཀྱིས་ཟབ་ཅིང་རྒྱ་ཆེ་བའི་ཆོས་འདི་རབ་ཏུ་རྙེད་དོ། །དེ་བཞིན་དུ་མ་འོངས་པའི་དུས་ན་ཡང་རྙེད་པར་འགྱུར་རོ། །དེ་བཞིན་དུ་ད་ལྟར་བྱུང་བའི་དུས་ན་ཡང་སེམས་ཅན་ཚད་མེད་པ་མིར་གྱུར་ནས་བརྩོན་འགྲུས་ཀྱི་སྟོབས་དང་། ཤེས་པའི་སྟོབས་ཀྱིས་ཟབ་ཅིང་རྒྱ་ཆེ་བའི་ཆོས་འདི་རབ་ཏུ་རྙེད་ན། བདག་མིར་གྱུར་ལ་རྐྱེན་རྙེད་བཞིན་དུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་འདི་ཐོབ་པར་བྱ་བ་ལ་བརྩོན་འགྲུས་ཉམས་པར་ཅིའི་ཕྱིར་བྱ་ཞེས་དེ་ལྟར་ཤེས་ནས། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ན་རྟག་པར་རྒྱུན་ཏུ་ཟབ་ཅིང་རྒྱ་ཆེ་བ་དག་ལ་དད་པ་དེས་མངོན་པར་དགའ་བ་སྐྱེས་ཤིང་མོས་པ་སྐྱེས་པས་གནས་སོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་མངོན་པར་དགའ་བའི་རྣམ་པས་འཇུག་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་རྣམ་པའི་མཚན་ཉིད་དོ། །གསོལ་པ། བཅོམ་


DKG057_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡོངས་སུ་གཟུང་བའི་མཚན་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ནི་བསོད་ནམས་དང་ཡེ་ཤེས་ཚད་མེད་པ་ཡོངས་སུ་བཟུང་ནས་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་གནས་ཡིན་པའི་ཕྱིར་འཇིག་རྟེན་པའི་དགེ་བའི་རྩ་བ་ཇི་སྙེད་པ་འདི་ལྟ་སྟེ། མཐོ་བའི་རིགས་སུ་འགྱུར་བའམ། གཟུགས་བཟང་པོར་འགྱུར་བའམ། ཕྱུག་པོའི་རིགས་སུ་འགྱུར་བའམ། ཡིད་གཞུངས་པ་དང་། བློ་དང་། དྲན་པ་དང་ལྡན་པར་འགྱུར་བའམ། ཕྱོགས་དང་གཡོག་འཁོར་མང་པོར་འགྱུར་བའམ། ཚེ་རིང་པོར་འགྱུར་བའམ། དབང་ཆེ་བར་གྲགས་པར་འགྱུར་བའམ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་འགྱུར་བའམ། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་འགྱུར་བའམ། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་འགྱུར་བའམ། རྒྱལ་ཆེན་བཞིའི་རིགས་སུ་སྐྱེ་བར་འགྱུར་བའམ། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དུ་སྐྱེ་བར་འགྱུར་བའམ། འཁོར་ལོས་སྒྱུར་བ་ཉིད་དང་། འཇིག་རྟེན་སྐྱོང་བ་ཉིད་དང་། བརྒྱ་བྱིན་ཉིད་དང་། བདུད་ཉིད་དང་། ཚངས་པ་ཉིད་དུ་འགྱུར་བའམ། གཟུགས་ཀྱི་བསམ་གཏན་དུ་སྐྱེ་བར་འགྱུར་བ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་བའི་དགེ་བའི་རྩ་བ་དེ་དག་ནི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པས་བསོད་ནམས་དང་ཡེ་ཤེས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། སྟོང་གི་ཆའམ། བརྒྱ་སྟོང་གི་ཆའམ། གྲངས་སམ། ཆའམ། བགྲང་བའམ། བསྒྲུན་པའམ། ཟླའམ། དཔེར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པའི་དགེ་བའི་རྩ་བ་དེ་དག་ནི་འདོད་ཆགས་དང་། ཁོང་ཁྲོ་བ་རབ་ཏུ་མ་ཞི་བ་དང་འབྲེལ་བའོ། །


DKG057_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མཐོན་དམན་རབ་ཏུ་མ་ཞི་བ་དང་འབྲེལ་བའོ། །བདེན་པ་རྣམས་ལ་ཡིད་གཉིས་དང་ཐེ་ཚོམ་ཟ་བ་རབ་ཏུ་མ་ཞི་བ་དང་འབྲེལ་བའོ། །ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། དེའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་ཚད་མེད་པ་རབ་ཏུ་མ་ཞི་བ་དང་འབྲེལ་བའོ། །ཉེ་བའི་ཉོན་མོངས་པའི་ཕྱིན་ཅི་ལོག་དང་། གཡེང་བ་དང་། རྒོད་པ་དང་། རྨུགས་པ་དང་། བག་མེད་པ་དང་། ངོ་ཚ་མེད་པ་རབ་ཏུ་མ་ཞི་བ་དང་འབྲེལ་བའོ། །འགྲོ་བ་ལྔའི་ལས་སྣ་ཚོགས་མངོན་པར་འདུ་བྱེད་པའི་རྗེས་སུ་འབྲེལ་པ་རབ་ཏུ་མ་ཞི་བ་དང་འབྲེལ་བའོ། །སྡུག་བསྔལ་གྱི་བདེན་པས་བསྡུས་པས་རབ་ཏུ་མ་ཞི་བ་དང་འབྲེལ་བའོ། །རིགས་ཀྱི་བུ་དེ་ལྟར་འཇིག་རྟེན་པའི་དགེ་བའི་རྩ་བ་དེ་དག་ནི་ཉོན་མོངས་པ་དང་། ལས་དང་། ཚེའི་ཀུན་ནས་ཉོན་མོངས་པ་རྒྱུ་དང་འབྲས་བུར་བཅས་པའི་རྒྱུན་ལ་འཇུག་པ་རབ་ཏུ་མ་ཞི་བ་དང་འབྲེལ་བ་དག་གོ །བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་དང་འབྲེལ་པ་བསོད་ནམས་དང་ཡེ་ཤེས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་རྣམས་ནི་འདོད་ཆགས་དང་ཁོང་ཁྲོ་བ་རབ་ཏུ་མ་ཞི་བ་ལས་རྣམ་པར་གྲོལ་བའོ། །མཐོན་དམན་རབ་ཏུ་མ་ཞི་བ་ལས་རྣམ་པར་གྲོལ་བའོ། །བདེན་པ་རྣམས་ལ་ཡིད་གཉིས་དང་ཐེ་ཚོམ་ཟ་བ་རབ་ཏུ་མ་ཞི་བ་ལས་རྣམ་པར་གྲོལ་བའོ། །ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། དེའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་ཚད་མེད་པ་རབ་ཏུ་མ་ཞི་བ་ལས་རྣམ་པར་གྲོལ་བའོ། །ཉེ་བའི་ཉོན་མོངས་པ་ཕྱིན་ཅི་ལོག་དང་། གཡེང་བ་དང་། རྒོད་པ་དང་། རྨུགས་པ་དང་། བག་མེད་པ་དང་། ངོ་ཚ་མེད་པ་རབ་ཏུ་མ་ཞི་བ་ལས་རྣམ་པར་གྲོལ་བའོ། །འགྲོ་བ་ལྔའི་ལས་སྣ་ཚོགས་མངོན་པར་འདུ་བྱེད་པ་རབ་ཏུ་མ་ཞི་བ་ལས་རྣམ་པར་གྲོལ་བའོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་དང་འབྲེལ་བ་བསོད་ནམས་དང་ཡེ་ཤེས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་རྣམས་ནི་ཉོན་མོངས་པ་དང་། ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་རྒྱུ་དང་འབྲས་བུར་བཅས་པའི་རྒྱུན་ལ་འཇུག་པ་རབ་ཏུ་མ་ཞི་བ་ལས་རྣམ་པར་གྲོལ་


DKG057_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ལྟ་བས་ན་དེ་དག་ནི་འཇིག་རྟེན་པའི་དགེ་བའི་རྩ་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། །གང་དག་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མི་སློབ་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཀུན་ཏུ་བཟུང་བའི་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་དེ་དག་ཀྱང་ཉོན་མོངས་པ་དང་། ལས་དང་། ཚེའི་ཀུན་ནས་ཉོན་མོངས་པ་རྒྱུ་དང་འབྲས་བུར་བཅས་པའི་རྒྱུན་ལ་འཇུག་པ་རབ་ཏུ་མ་ཞི་བ་དང་འབྲེལ་བ་མ་ཡིན་མོད་ཀྱི། འོན་ཀྱང་བདག་ལ་ཕན་པ་འབའ་ཞིག་གི་གནས་ཡིན་པས་དོན་ཆུང་བ་སྟེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཟད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་དང་འབྲེལ་བ་བསོད་ནམས་དང་ཡེ་ཤེས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བའི་གནས་ཡིན་པས་དོན་ཆེ་བ་སྟེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཟད་པར་འགྱུར་བ་མ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་དང་འབྲེལ་བ་བསོད་ནམས་དང་ཡེ་ཤེས་ཡངས་པ་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་དག་ནི་འཇིག་རྟེན་པའི་དགེ་བའི་རྩ་བ་འབའ་ཞིག་ལས་ཁྱད་པར་དུ་འཕགས་པ་མ་ཡིན་གྱི། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་དག་ལས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡོངས་སུ་གཟུང་བའི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་དང་འབྲེལ་བ་བསོད་ནམས་དང་ཡེ་ཤེས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་ནི་མཐུ་ཆེ་བ་བླ་ན་མ་མཆིས་པ་སྟེ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་ཙམ་དུ་དགེ་བའི་རྩ་བ་དོན་


DKG057_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཉེར་བའི་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་རྣམ་པ་འདི་ལྟ་བུ་དག་ཡོངས་སུ་གཟུང་བ་ལ་བརྩོན་པར་བྱའོ། །དགེ་བའི་རྩ་བ་དེ་དག་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་མནན་ནས་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ཐམས་ཅད་རྗེས་སུ་སྦྱིན་པའོ། །འབྲས་བུ་རབ་ཏུ་སྦྱིན་པ་དང་། དེའི་རྒྱུས་ཀྱང་དགོས་པ་ཡིན་ཏེ། མཐར་ཡང་མི་ཟད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་བོ། །སེམས་ཅན་ཚད་མེད་པ་དག་ཀྱང་ཐེག་པ་གསུམ་གྱིས་སྡུག་བསྔལ་ཐམས་ཅད་སྤོང་ཞིང་ངེས་པར་འབྱུང་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་གནས་ཀྱི་མཚན་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཐམས་ཅད་ཀྱི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཐེག་པ་ཆེན་པོ་བསྟན་པ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཐབས་ཀྱིས་རབ་ཏུ་ཕྱེ་བ་དེ་ལ་དམིགས་ནས་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེས་སོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་བསྟན་པ་དེ་ལ་དད་པས་གང་བསྟན་པ་ལ་དགའ་བ་གནས་པའི་རྒྱུ་དེས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བའི་གནས་སུ་རིག་པར་བྱའོ། །རིགས་ཀྱི་བུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འབྱུང་བ་དེ་ལྟར་ཕ་མ་དང་། བུ་དང་། མཛའ་བོ་དང་། རྩ་ལག་དང་། གཉེན་གྱི་ཚོགས་ནི་གཉེན་གྱི་ཚོགས་ལ་ཕན་པ་དང་བདེ་བ་འབྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཕ་མ་ལ་སོགས་པ་གཉེན་འདབ་ཀྱི་ཚོགས་དེ་ནི་གཉེན་འདབ་ཀྱི་ཚོགས་ལ་ཕན་པ་མ་ཡིན་པ་ལ་ཕན་པར་འདུ་ཤེས་ཤིང་ཕན་པ་ལ་ནི་ཕན་པ་མ་ཡིན་པར་འདུ་ཤེས་པ་ཡིན། བདེ་བ་མ་ཡིན་


DKG057_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བདེ་བར་འདུ་ཤེས་ཤིང་བདེ་བ་ལ་ནི་བདེ་བ་མ་ཡིན་པར་འདུ་ཤེས་པ་ཡིན་ནོ། །ཕན་པ་དང་བདེ་བ་དེ་གཉི་ག་ལ་ཡང་ཕྱིན་ཅི་ལོག་ཏུ་གྱུར་པས་ཕན་པ་མ་ཡིན་པ་ལ་ཕན་པར་སྒྲུབ་ཅིང་ཕན་པ་ལ་ནི་ཕན་པ་མ་ཡིན་པར་བསྒྲུབ་པ་ཡིན། བདེ་བ་མ་ཡིན་པ་ལ་བདེ་བར་སྒྲུབ་ཅིང་བདེ་བ་ལ་ནི་བདེ་བ་མ་ཡིན་པར་བསྒྲུབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ཐེག་པ་ཆེན་པོ་ལ་དད་པ་ལ་བརྟེན་ནས་གཉེན་འདབ་ལྟ་བུའི་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་སྟོན་པས་སེམས་ཅན་དེ་དག་ལ་ཕན་པ་ལ་འང་ཕན་པར་འདུ་ཤེས་ཤིང་ཕན་པ་མ་ཡིན་པ་ལའང་ཕན་པ་མ་ཡིན་པར་འདུ་ཤེས་པ་ཡིན། བདེ་བ་ལའང་བདེ་བར་འདུ་ཤེས་ཤིང་སྡུག་བསྔལ་ལ་ཡང་སྡུག་བསྔལ་དུ་འདུ་ཤེས་པ་ཡིན་ནོ། །དེ་ལྟར་ཕན་པ་དང་བདེ་བ་ལ་ཕྱིན་ཅི་མ་ལོག་པའི་བློ་དང་ལྡན་པས་ཕན་པ་གང་ཡིན་པ་དེ་ནི་སྒྲུབ་བོ། །གང་ཕན་པ་མ་ཡིན་པ་དེ་ནི་མི་སྒྲུབ་བོ། །བདེ་བ་གང་ཡིན་པ་དེ་ནི་སྒྲུབ་བོ། །སྡུག་བསྔལ་གང་ཡིན་པ་དེ་ནི་མི་སྒྲུབ་བོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བའི་གནས་ཡིན་པས་འཇིག་རྟེན་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །རིགས་ཀྱི་བུ་འཇིག་རྟེན་པ་རྣམས་ལས་ཁྱད་པར་དུ་འཕགས་པར་ཡང་མ་ཟད་དེ། འཇིག་རྟེན་ལས་འདས་པ་རྣམས་ལས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་འཇུག་ཅིང་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་བྱེད་ཀྱི། རང་གི་སྙིང་རྗེས་ནི་མ་ཡིན་ཏེ། ཤིན་ཏུ་བྱེད་པ་ཡང་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བའི་གནས་གང་ཡིན་པ་དེ་ནི་རང་གི་སྙིང་རྗེ་དང་ཤིན་ཏུ་བྱེད་པས་ཡིན་ཏེ། བྱ་དཀའ་བ་ཚད་མེད་པ་ལ་ཇི་མི་སྙམ་པས་འཇུག་གོ །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་པ་དང་བདེ་བའི་གནས་ནི་འཇིག་རྟེན་ལས་འདས་པའི་ཕན་པ་དང་བདེ་བའི་གནས་དང་།


DKG057_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པ་རྣམས་ལས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་གནས་ཀྱི་མཚན་ཉིད་དུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་ཡང་དག་པར་འདའ་བའི་མཚན་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ནི་ངན་འགྲོའི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་ས་ལ་ཞུགས་པ་ལས་རིང་དུ་གནས་པ། ལས་དང་པོ་པ་མོས་པས་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངན་འགྲོ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ས་ལ་ཞུགས་པ་རྣམས་ཉིད་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པས་ངན་འགྲོ་ལས་ཡང་དག་པར་འདའ་བར་འགྱུར་ཞིང་བདེ་འགྲོའི་རྐྱེན་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐོབ་པ་མ་ཡིན་གྱི། མ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པས་ཀྱང་ངན་འགྲོ་ལས་ཡང་དག་པར་འདའ་བར་རིག་པར་བྱའོ། །རིགས་ཀྱི་བུ་འདི་ལྟར་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་གཅིག་ནས་གཅིག་ཏུ་བརྒྱུད་པས་དུས་རིང་པོ་ན་ཚེ་རབས་ཐམས་ཅད་དུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པ་འཐོབ་བོ། །དེ་བས་ན་དམ་པའི་ཆོས་མཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའི་རྗེས་སུ་འགྲོ་བའི་ཡང་དག་པའི་ནན་ཏན་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་གང་དུ་རྟག་པར་རྒྱུན་དུ་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དེར་སྐྱེ་བར་འགྱུར་ཏེ། རིགས་ཀྱི་བུ་


DKG057_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་འདིས་ན་བྱང་ཆུབ་སེམས་དཔའ་བདེ་འགྲོ་ཐམས་ཅད་ལས་ཀྱང་ཡང་དག་པར་འདའ་བར་འགྱུར་བ་ཡིན་ན་ངན་འགྲོ་ལས་ལྟ་སྨོས་ཀྱང་ཅི་དགོས། གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་ངན་འགྲོ་ལས་ཡང་དག་པར་འདས་པ་ཉིད་ཅེས་བགྱིའི། ཅི་བདེ་འགྲོ་ལས་ཡང་དག་པར་འདས་པ་ཞེས་མི་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པ་ཁ་ཅིག་ནི་བདེ་འགྲོ་ལས་ཀྱང་ཡང་དག་པར་འདས་པར་རིག་པར་བྱའོ། །འདི་ལྟར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ལས་དང་། ཉོན་མོངས་པ་དང་། ལས་ཀྱི་རང་དབང་གིས་སྐྱེ་བ་གང་ཡིན་པ་དང་། སེམས་ཅན་གྱི་དོན་ཆུང་ངུའི་དོན་གྱིས་སྐྱེ་བ་གང་ཡིན་པ་དེ་དག་ལས་ཀྱང་རིམ་གྱིས་ཡང་དག་པར་འདའོ། །དེ་ལྟ་མོད་ཀྱིས་འོན་ཀྱང་རིགས་ཀྱི་བུ་རྣམ་གྲངས་འདིས་ན་བྱང་ཆུབ་སེམས་དཔའི་བདེ་འགྲོ་ཡང་ངན་འགྲོ་ཡིན་ལ་ངན་འགྲོ་ཡང་བདེ་འགྲོ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་གཞན་གྱི་དབང་གང་ཡིན་པ་དང་། དོན་ཆུང་ངུའི་བདེ་འགྲོའི་གང་ཡིན་པ་དེ་ནི་ངན་འགྲོ་ཡིན་ནོ། །སྨོན་ལམ་གྱི་དབང་གིས་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་སེམས་ཀྱིས་སེམས་ཅན་རྣམས་འདུལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་སུ་སྐྱེ་བ་གང་ཡིན་པ་དེ་ནི་དེའི་བདེ་འགྲོར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་སུ་སྐྱེ་བ་ཡང་དེ་བཞིན་དུ་སྡུག་བསྔལ་བའམ་རྨོངས་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ་དེ་ལྟར་མི་བལྟའོ། །བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་ངན་འགྲོ་རྣམས་སུ་སྐྱེ་བ་ནི་བསམ་གཏན་བཞིའི་ས་པའི་བདེ་བ་ལས་ཤིན་ཏུ་འདས་ནས་བདེ་བ་དང་ལྡན་པར་གནས་ཏེ། འཇིག་རྟེན་པ་ཐམས་ཅད་དང་། འཇིག་རྟེན་ལས་


DKG057_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་དམན་པའི་ཤེས་རབ་ལས་ཀྱང་ཤིན་ཏུ་འདས་ནས་ཤེས་རབ་ཀྱི་རྒྱུ་བ་ལ་འཇུག་གོ །དེ་བས་ན་དེ་དེ་ན་སེམས་ཅན་གྱི་དོན་ལ་བརྩོན་པར་རིག་པར་བྱའོ། །ངས་དེ་ལས་དགོངས་ཏེ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྒྱུད་ཀྱང་བསམ་གྱིས་མི་ཁྱབ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་ཡང་དག་པར་འདའ་བའི་མཚན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་རྩ་བའི་མཚན་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཐམས་ཅད་ཀྱི་ས་བོན་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཐམས་ཅད་ཀྱི་རྩ་བ་ཉིད་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་སྣ་ཚོགས་ཚད་མེད་པ་ཇི་སྙེད་ཐེག་པ་ཆེན་པོ་ལ་སྣང་བ་དང་། རབ་ཏུ་ཕྱེ་བ་དེ་དག་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཉན་ཏོ། །ཀུན་ཏུ་འཛིན་ཏོ། །དམིགས་པ་དེས་དད་པ་སྐྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་དེའི་དད་པ་སྐྱེ་བའི་དམིགས་པ་ཇི་སྙེད་པར་ས་བོན་ཡོངས་སུ་འཛིན་པ་དང་། ས་བོན་ལ་སོགས་པ་ཡང་དེ་སྙེད་དུ་གནས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཐམས་ཅད་ཀྱི་རྩ་བ་ཞེས་བྱ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་རྩ་བའི་མཚན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་སྦེད་པའི་མཚན་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེས་ནས་འདི་ལྟ་སྟེ། སེར་སྣའི་སེམས་ཡོངས་སུ་སྤོང་ཞིང་དང་དུ་མི་ལེན་པས་སྦེད་པ་དང་།


DKG057_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པའི་ངང་ཚུལ་གྱི་མཚན་མ་ཡོངས་སུ་སྤོང་ཞིང་དང་དུ་མི་ལེན་པས་སྦེད་པ་དང་། ཁྲོ་བའི་མཚན་མ་ཡོངས་སུ་སྤོང་ཞིང་དང་དུ་མི་ལེན་པས་སྦེད་པ་དང་། ལེ་ལོའི་མཚན་མ་ཡོངས་སུ་སྤོང་ཞིང་དང་དུ་མི་ལེན་པས་སྦེད་པ་དང་། རྣམ་པར་གཡེང་བའི་མཚན་མ་ཡོངས་སུ་སྤོང་ཞིང་དང་དུ་མི་ལེན་པས་སྦེད་པ་དང་། འཆལ་པའི་ཤེས་རབ་ཀྱི་མཚན་མ་ཡོངས་སུ་སྤོང་ཞིང་དང་དུ་མི་ལེན་པས་སྦེད་པའི་ཕྱིར་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཕྱིར་རྒོལ་བའི་ཀུན་ཏུ་རྒྱུ་བ་ཐམས་ཅད་ལས་སེམས་ཤིན་ཏུ་སྲུང་ཞིང་ཤིན་ཏུ་སྦེད་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་འདི་ལྟར་སྐྱེས་བུ་ཞིག་ལུས་མི་སྨས་པར་བྱ་བའི་ཕྱིར་གོ་ཆ་བཟང་པོ་བགོས་པ་ནི་གོ་ཆས་བསྲུངས་ཤིང་གོ་ཆས་སྦས་པའི་ཕྱིར་དགྲ་ཐམས་ཅད་ཀྱིས་མི་ཚུགས་སོ། །རིགས་ཀྱི་བུ་དེ་བཞིན་དུ་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་བྱང་ཆུབ་ཀྱི་སེམས་ཀྱི་གོ་ཆ་བགོས་ཤིང་དེས་ལེགས་པར་བསྲུངས་ཤིང་ལེགས་པར་བཅས་པ་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། སྒྲིབ་པའི་དགྲ་ཐམས་ཅད་ཀྱིས་འཇིགས་པར་མི་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་སྦེད་པའི་མཚན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་རྗེས་སུ་འབྲེལ་བའི་མཚན་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་བག་ཆགས་བྱང་ཆུབ་སེམས་དཔའི་གནས་ལ་རྗེས་སུ་འབྲང་བ་དེ་ནི་འདི་ལྟར་རྗེས་སུ་འབྲང་སྟེ། འདི་ལྟ་སྟེ། འགྲོའམ་འདུག་གམ་ཉལ་ལམ་མ་ཉལ་ལམ་གཉིད་ཀྱིས་ལོག་གམ། ར་རོའམ། སྨྱོས་ཀྱང་རུང་སྟེ། རྟག་ཏུ་ཐེག་པ་ཆེན་པོ་ལ་དད་པ་དེ་དང་ལྡན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚེ་རབས་གཞན་དུ་རྗེས་ཏེ། ཐེག་པ་ཆེན་པོ་ལ་དད་པ་དེ་བརྗེད་དུ་ཟིན་ཀྱང་དམན་པ་སྐལ་བ་མི་མཉམ་པའི་སེམས་བསྐྱེད་


DKG057_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་ཅན་མ་ཡིན་པས། བཤེས་གཉེན་ངན་པ་ཉན་ཐོས་དང་རང་སངས་རྒྱས་དང་འདྲེ་བས་ཀྱང་འཕྲོག་པར་མི་འགྱུར་ན། གཞན་མུ་སྟེགས་ཅན་གྱི་ལྟ་འཕྲོགས་པར་ག་ལ་འགྱུར། ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་རྐྱེན་ཆུང་ངུ་ཞིག་རྙེད་པས་ཀྱང་མྱུར་བ་དང་། ཤས་ཆེ་བ་དང་། རྒྱུན་གྱིས་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེད་དོ། །དེའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་བག་ཆགས་རྗེས་སུ་འབྲེལ་བ་དེ་ཡང་ཚེ་རབས་ཚེ་རབས་སུ་རྣམ་པར་འཕེལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འགྱུར་རོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་རྗེས་སུ་འབྲེལ་བའི་མཚན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་རྒྱུན་གྱི་མཚན་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པ་ནི་དད་པའི་ཤུགས་དེ་དག་གིས་རྩེ་ཞིང་དུས་དུས་སུ་ཐེག་པ་ཆེན་པོའི་ཆོས་ཀློག་གོ །ཉན་ཏོ། །འདོན་ཏོ། །ཁ་ཏོན་བྱེད་དོ། །གཞན་དག་ལ་ཡང་རབ་ཏུ་སྟོན་ཏོ། །ཚུལ་བཞིན་སེམས་སོ། །བསྒོམ་པའི་རྣམ་པས་སྦྱོར་རོ། །རིགས་ཀྱི་བུ་ཐོས་པ་དང་། སེམས་པ་དང་། བསྒོམ་པ་དེ་དང་དེ་ལ་དེ་ལྟར་སྦྱོར་བའི་བྱང་ཆུབ་སེམས་དཔའ་ནི་འབྲས་བུ་ཡོད་པར་འཆི་བའི་དུས་བྱ་བའི་ཕྱིར་ཀུན་ཏུ་སྦྱོར་བའི་ཚུལ་གྱིས་ཐེག་པ་ཆེན་པོ་ལ་དད་པའི་རྒྱུན་རབ་ཏུ་འཇུག་གོ །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་རྒྱུན་གྱི་མཚན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ལགས། བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡོངས་སུ་གྲུབ་པའི་རྣམ་པ་བཞིར་རིག་པར་བྱ་སྟེ།


DKG057_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མཆོག་དང་། ཚད་མེད་མཆོག་དང་། ཕན་པ་མཆོག་དང་། འགྱོད་པ་མེད་པ་མཆོག་གོ །རིགས་ཀྱི་བུ་འདི་ལྟར་འདི་ལས་ཕྱི་རོལ་པ་འཇིག་རྟེན་པ་རྣམས་ཀྱི་རང་གི་གཙུག་ལག་ལ་དད་པ་གང་ཡིན་པ་དེ་ཡང་དད་པ་ཉིད་དུ་རིག་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་གང་ཡིན་པ་དེ་ནི་བདག་ལ་ཕན་པ་གཙོ་བོར་བྱས་པས་ཆུང་ཞིང་ཡོངས་སུ་མ་རྫོགས་པའི་ཕྱིར་བྱང་ཆུབ་སེམས་དཔའི་དད་པའི་མཚན་ཉིད་དང་བྲལ་བའོ། །འདི་ལྟར་ཉན་ཐོས་རྣམས་ནི་ཇི་ལྟར་བཅོམ་ལྡན་འདས་དེ་ནི་བདག་ལ་ཕན་པ་མཛད་ཅིང་གཅེས་སྤྲས་མཛད་པ་སྟེ། བཅོམ་ལྡན་འདས་དེ་ནི་བདག་གི་སྡུག་བསྔལ་གྱི་ཆོས་མང་པོ་རྣམས་སེལ་བ། བཅོམ་ལྡན་འདས་དེ་ནི་བདག་ལ་བདེ་བའི་ཆོས་མང་པོ་སྒྲུབ་པ། བཅོམ་ལྡན་འདས་དེ་ནི་བདག་གི་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སེལ་བ། བཅོམ་ལྡན་འདས་དེ་ནི་བདག་ལ་དགེ་བའི་ཆོས་རྣམ་པ་དུ་མ་སྒྲུབ་པའོ་ཞེས་བདག་ལ་ཕན་པ་མང་པོ་གཙོ་བོར་བྱེད་པས་སངས་རྒྱས་ལ་དད་པ་སྐྱེད་པ་དེ་ལྟར་བདག་ལ་ཕན་པ་གཙོ་བོར་བྱེད་པས་སངས་རྒྱས་ལ་དད་པ་སྐྱེད་དོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟར་དད་པ་སྐྱེད་པ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་གཙོ་བོར་བྱས་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་དད་པ་སྐྱེད་དོ། །དེ་ལྟ་བས་ན་རིགས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ནི་རྒྱ་ཆེ་བའོ། །རྒྱ་ཆེ་བའི་ཕྱིར་མཆོག་གོ །མཆོག་གི་ཕྱིར་ཡོངས་སུ་གྲུབ་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཆུང་ངུས་ནི་དད་པ་འབྲིང་སྐྱེད་དོ། །དད་པ་འབྲིང་གིས་ནི་དད་པ་མཆོག་སྐྱེད་དེ། དད་པ་མཆོག་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡོངས་སུ་གྲུབ་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་པ་ཡིན་ཏེ། དེ་ལྟ་བས་ན་ཡང་ཡོངས་སུ་གྲུབ་པའོ། །གཞན་ཡང་


DKG057_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ནི་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཟད་མི་ཤེས་པ་ཡང་དག་པར་འགྲུབ་པར་འགྱུར་ཏེ། དེ་ལྟ་བས་ན་ཡང་ཡོངས་སུ་གྲུབ་པར་རིག་པར་བྱའོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་མཚན་ཉིད་རྣམ་པ་བཅུ་གཅིག་པོ་ཐམས་ཅད་བསྡུས་པའི་མཚན་ཉིད་དུ་རིག་པར་བྱའོ། །མཚན་ཉིད་རབ་ཏུ་དབྱེ་བའི་ལེའུ་ཞེས་བྱ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེ་བ་དེ་ཡང་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱའོ། །འདི་ལྟ་སྟེ། རྒྱུ་ལས་སྐྱེ་བ་དང་། གྲོགས་ལས་སྐྱེ་བ་དང་། ཡིད་ལ་བྱེད་པ་ལས་སྐྱེ་བ་དང་། སྤྱོད་པ་ལས་སྐྱེ་བ་དང་། འདྲིས་པ་ལས་སྐྱེ་བ་དང་། ཡོངས་སུ་མི་སྐྱོ་བ་ལས་སྐྱེ་བ་དང་། ཡོངས་སུ་བསྐང་བ་ལས་སྐྱེ་བ་དང་། ཏིང་ངེ་འཛིན་ལས་སྐྱེ་བ་དང་། ཆོག་མི་ཤེས་པ་ལས་སྐྱེ་བ་དང་། རབ་ཏུ་དབེན་པ་ལས་སྐྱེ་བ་དང་། སྟོན་པ་ཚད་མར་བྱས་པ་ལས་སྐྱེ་བའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་རྒྱུ་ལས་སྐྱེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མའི་གནས་ཉིད་ནས་ཐེག་པ་ཆེན་པོའི་ཆོས་དཀར་པོའི་ས་བོན་དང་ལྡན་པ་ཡིན་ཏེ། དེ་ཐོག་མ་ནས་ཆོས་དཀར་པོ་ལ་འདྲིས་པའི་སྟོབས་ཀྱིས་རང་བཞིན་ཉིད་ཀྱིས་སྙིང་རྗེ་དང་རབ་ཏུ་ལྡན་པའི་ཐེག་པ་ཆེན་པོའི་ཆོས་བསྟན་པ་ལ་འདོད་པ་ཡང་དག་པར་གནས་སོ། །


DKG057_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདོད་པ་སྔོན་དུ་འགྲོ་བས་དད་པ་སྐྱེའོ། །རང་བཞིན་གྱིས་ཟབ་ཅིང་རྒྱ་ཆེ་བ་དང་རབ་ཏུ་ལྡན་པའི་ཐེག་པ་ཆེན་པོའི་ཆོས་བསྟན་པ་ལ་མོས་པས་འདོད་པ་ཡང་དག་པར་གནས་ཏེ་དེ་ལས་དེའི་དད་པ་སྐྱེའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རང་བཞིན་ཉིད་ཀྱིས་དཀའ་བ་སྤྱོད་པ་དང་རབ་ཏུ་ལྡན་པའི་ཐེག་པ་ཆེན་པོའི་ཆོས་བསྟན་པ་ལ་བཟོད་པ་ཡང་དག་པར་གནས་ཏེ་དེས་དེའི་དད་པ་སྐྱེའོ། །རང་བཞིན་ཉིད་ཀྱིས་སྦྱིན་པ་དང་རབ་ཏུ་ལྡན་པའི་ཐེག་པ་ཆེན་པོའི་ཆོས་བསྟན་པ་ལ་མོས་པ་ཡང་དག་པར་གནས་ཏེ་དེས་དེའི་དད་པ་སྐྱེའོ། །རང་བཞིན་ཉིད་ཀྱིས་ཚུལ་ཁྲིམས་དང་རབ་ཏུ་ལྡན་པ་དང་། བཟོད་པ་དང་རབ་ཏུ་ལྡན་པ་དང་། བརྩོན་འགྲུས་དང་རབ་ཏུ་ལྡན་པ་དང་། བསམ་གཏན་དང་རབ་ཏུ་ལྡན་པ་དང་། ཤེས་རབ་དང་རབ་ཏུ་ལྡན་པའི་ཐེག་པ་ཆེན་པོའི་ཆོས་བསྟན་པ་ལ་མོས་པ་ཡང་དག་པར་གནས་ཏེ་དེས་དེའི་དད་པ་སྐྱེའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་རྒྱུ་ལས་བྱུང་བ་ནི་དེ་ལྟ་བུའི་ཚུལ་ཅན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་གྲོགས་ལས་སྐྱེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ནི་བྱང་ཆུབ་སེམས་དཔའ་ཉིད་འདི་ལྟ་སྟེ། ལུང་དང་ཐོས་པ་ཕུན་སུམ་ཚོགས་པ། རབ་ཏུ་ཞི་བ་དང་། ཚུལ་ཁྲིམས་དང་། བསླབ་པ་དང་། སྤྱོད་ལམ་དང་། སྤྱོད་པ་ཕུན་སུམ་ཚོགས་པ། ངག་རྣམ་པར་དག་པ་ཕུན་སུམ་ཚོགས་པ། ཟང་ཟིང་མེད་པའི་སེམས་དང་། ཡོངས་སུ་མི་སྐྱོ་བ་ཕུན་སུམ་ཚོགས་པ་རྙེད་ནས་མཐུ་ཀུན་ཏུ་བསྟན་པའམ། ཐེག་པ་ཆེན་པོའི་ཆོས་མ་ནོར་བར་རིག་པས་ཡང་དག་པར་བསྟན་པའམ། རྟག་པར་རྒྱུན་དུ་འགྲོ་ཞིང་སྙན་པར་བརྗོད་པས་ཐབས་ཀྱིས་སྟོབས་བསྐྱེད་པ་འདྲིས་པས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེད་དེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་


DKG057_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་གྲོགས་ལས་སྐྱེ་བར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡིད་ལ་བགྱིད་པ་ལས་སྐྱེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་ཐེག་པ་ཆེན་པོ་ལ་དད་པ་སྐྱེ་བའི་གནས་མ་ཡིན་ནོ། །སྒྲ་ཇི་བཞིན་དུ་མ་ཡིན་གྱི་དགོངས་པ་ལས་བྱུང་བའི་དོན་ཚུལ་བཞིན་ཡིད་ལ་བྱེད་པ་ནི་ཐེག་པ་ཆེན་པོ་ལ་དད་པ་སྐྱེ་བའི་གནས་ཡིན་ནོ། །རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་ཡང་དག་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་འབྱུང་ངོ་། །འདི་ལྟ་སྟེ། མཚན་མར་ལྟ་བ་དང་། ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་དང་། ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་དང་། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ་དང་། སྦྱོར་བ་སེལ་བའི་ལྟ་བ་དང་། ཡོངས་སུ་འཛིན་པའི་ལྟ་བ་དང་། སྒྱུར་བའི་ལྟ་བ་དང་། ངེས་པར་འབྱུང་བ་མ་ཡིན་པའི་ལྟ་བ་དང་། ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང་། འབྱུང་བར་ལྟ་བ་དང་། སྒྲིབ་པ་སོགས་པའི་ལྟ་བ་དང་། བརྙས་པའི་ལྟ་བ་དང་། རབ་ཏུ་འཁྲུགས་པའི་ལྟ་བ་དང་། བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་དང་། ལོག་པར་ལྟ་བ་དང་། ངལ་བ་འབྲས་བུ་མེད་པའི་ལྟ་བ་དང་། འཕེལ་བར་ལྟ་བ་དང་། བསླུ་བའི་ལྟ་བ་དང་། ཁས་མི་ལེན་པར་ལྟ་བ་དང་། གཡོའི་ལྟ་བ་དང་། ཆད་པས་བཅད་པའི་ལྟ་བ་དང་། བཀུར་སྟི་བྱེད་པར་ལྟ་བ་དང་། སྐུར་པའི་ལྟ་བ་དང་། རྨོངས་པ་བརྟན་པའི་ལྟ་བ་དང་། མི་སྨྲ་བའི་ལྟ་བ་དང་། ལྟ་བ་ཆེན་པོ་དང་། མངོན་པའི་ང་རྒྱལ་གྱི་ལྟ་བའོ། །རིགས་ཀྱི་བུ་མཚན་མར་ལྟ་བ་གང་ཞེ་ན། གང་ངས་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་ལས་དགོངས་ཏེ་ཆོས་རྣམས་མེད་དོ་ཞེས་བསྟན་པ་དེ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་ཀུན་ནས་ཉོན་མོངས་པ་ལས་བྱུང་བའི་ཆོས་རྣམས་དང་། རྣམ་པར་བྱང་བ་ལས་བྱུང་བའི་ཆོས་རྣམས་ལ་


DKG057_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད་པ་ཉིད་དུ་མངོན་པར་ཞེན་ཅིང་མེད་པ་ཉིད་མཚན་མར་འཛིན་ཏེ། དེ་མཚན་མར་བཟུང་བས་མེད་པར་ལྟ་བར་འགྱུར་ཏེ། དེའི་ཕྱིར་མཚན་མར་ལྟ་བ་ཞེས་བྱའོ། །དེ་ལ་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ནི་མེད་པར་ལྟ་བ་དེ་ལ་བྱང་ཆུབ་སེམས་དཔའ་དེ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པས་ལྟ་བ་མ་ཡིན་པར་འདུ་ཤེས་པར་འགྱུར་རོ། །གང་མེད་པར་ལྟ་བ་དེ་ནི་དེའི་ལྟ་བ་ཆེན་པོ་སྟེ། དེའི་ཕྱིར་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ཞེས་བྱའོ། །དེ་ལ་ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་དང་། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ་ནི་མཚན་མར་ལྟ་བ་དེས་ཐམས་ཅད་ལ་སྐུར་པ་བཏབ་པས་ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་ལ་ཡང་མངོན་པར་ཞེན། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་ལ་ཡང་མངོན་པར་ཞེན། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ་ལ་ཡང་མངོན་པར་ཞེན་ཏེ། དེའི་ཕྱིར་ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་ཞེས་ཀྱང་བྱ། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་ཞེས་ཀྱང་བྱ། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ་ཞེས་ཀྱང་བྱའོ། །དེ་ལ་སྦྱོར་བ་སེལ་བའི་ལྟ་བ་ནི་སྐུར་པ་འདེབས་པའི་ལྟ་བ་ཅན་དེ་ཉིད་གོང་དུ་རབ་ཏུ་རྣམ་པར་འབྱེད་པ་ལ་སྦྱོར་བ་སེལ་བར་བྱེད་པ་སྟེ། དེས་ན་ཁྱད་པར་དུ་འགྲོ་བ་ལས་ཡོངས་སུ་འཛིན་པ་ཉམས་སོ། །དེ་ལ་ཡོངས་སུ་འཛིན་པའི་ལྟ་བ་ནི་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་དང་། སྐུར་པ་འདེབས་པའི་ལྟ་བ་དང་། སྦྱོར་བ་སེལ་བའི་ལྟ་བ་ཅན་དེ་ཉིད་གཞན་དག་དང་། ཆོས་ཀྱི་མཚན་ཉིད་རྣམ་པར་གདོན་མི་ཟ་བར་བྱེད་པ་ན་མེད་པའི་ཕྱོགས་ཉིད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་ཡོངས་སུ་འཛིན་པའི་ལྟ་བ་ཞེས་བྱའོ། །དེ་ལ་སྒྱུར་བའི་ལྟ་བ་ནི་གལ་ཏེ་ཐེག་པ་ཆེན་པོའི་མདོ་སྡེའི་དོན་རྗོད་ཅིང་ཆོས་འདི་དག་ཐམས་ཅད་ནི་མེད་པའི་དོན་དུ་མངོན་པར་སྨྲའོ་ཞེས་དོན་དེ་དག་མེད་པར་ལྟ་བ་དེ་ཉིད་ལ་སྒྱུར་བ་སྟེ། དེའི་ཕྱིར་སྒྱུར་བའི་ལྟ་བ་ཞེས་བྱའོ། །དེ་ལ་ངེས་པར་འབྱུང་བ་མ་ཡིན་པའི་ལྟ་བ་ནི། རིགས་ཀྱི་བུ་བདག་དང་གཞན་ཡོངས་སུ་འཛིན་པའི་ལྟ་བ་གང་ཡིན་པ་དང་། སྒྱུར་བའི་ལྟ་བ་གང་ཡིན་


DKG057_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་རྟེན་པས་དེ་ཐེག་པ་དམན་པས་ཀྱང་བྱང་ཆུབ་ཏུ་ངེས་པར་མི་འབྱུང་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྟ་ཅི་སྨོས། དེའི་ཕྱིར་ངེས་པར་འབྱུང་བ་མ་ཡིན་པའི་ལྟ་བ་ཞེས་བྱའོ། །དེ་ལ་ཁ་ན་མ་ཐོ་བ་མེད་པར་ལྟ་བ་ནི་དེ་མེད་པའི་མཚན་མ་ལ་ལྟ་བར་གྱུར་ནས་འདི་ལྟར་གང་ལྟ་བ་འདི་དང་ལྡན་ན་དེ་གང་ཅུང་ཟད་འཁྲུལ་པའི་ཉེས་བྱས་ལ་སྤྱོད་ཀྱང་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ་སྙམ་དུ་ལྟ་བར་འགྱུར་ཏེ། དེའི་ཕྱིར་ཁ་ན་མ་ཐོ་བ་མེད་པར་ལྟ་བ་ཞེས་བྱའོ། །དེ་ལ་འབྱུང་བར་ལྟ་བ་ནི་གང་མེད་པའི་མཚན་མར་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། མེད་པའི་མཚན་མར་ལྟ་བ་འདི་ནི་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་འབྱུང་བའོ་སྙམ་དུ་སེམས་ལ་དེ་ནི་འབྱུང་བ་མ་ཡིན་ཏེ། དེའི་ཕྱིར་འབྱུང་བར་ལྟ་བ་ཞེས་བྱའོ། །དེ་ལ་སྒྲིབ་པ་སོགས་པའི་ལྟ་བ་ནི་ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང་འབྱུང་བར་ལྟ་བ་ཉིད་དེ། སྒྲིབ་པའི་རྒྱུ་ལ་དེའི་གཉེན་པོ་ཡིན་པའི་བློ་འབྱུང་བའི་ཕྱིར་རོ། །དེ་ལ་བརྙས་པའི་ལྟ་བ་ནི་གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཉན་ཐོས་ཀྱི་ཐེག་པ་ལ་བརྙས་པའི་སེམས་སྐྱེད་དེ། ཆོས་འདི་དག་ནི་ཆུང་བའི་ཕྱིར་བྱང་ཆུབ་སེམས་དཔས་ཆོས་དེ་དག་གོམས་པར་མི་བྱ། བྱང་ཆུབ་སེམས་དཔས་ཆོས་དེ་དག་ལ་མཁས་པར་མི་བྱའི། བྱང་ཆུབ་སེམས་དཔས་ཆོས་དེ་དག་རིང་དུ་ཡོངས་སུ་སྤང་བར་བྱའོ་སྙམ་སྟེ། དེའི་ཕྱིར་བརྙས་པའི་ལྟ་བ་ཞེས་བྱའོ། །དེ་ལ་རབ་ཏུ་འཁྲུགས་པའི་ལྟ་བ་ནི་གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཉན་ཐོས་ཀྱི་ཐེག་པའི་གང་ཟག་དེ་དག་ལ་ཁོང་ཁྲོ་བའི་སེམས་སྐྱེད་དེ། འདི་དག་དང་ལྷན་ཅིག་གནས་པར་མི་བྱ། སྨྲ་བ་དང་། ཀུན་དུ་སྨྲ་བ་དང་། ཀུན་བརྗོད་པ་དང་། ཆོས་གོས་ལ་སོགས་པ་ཡོངས་སུ་སྤྱད་པ་ཀུན་སྤྱད་པར་མི་བྱའོ་སྙམ་སྟེ། དེའི་ཕྱིར་རབ་ཏུ་འཁྲུགས་པའི་ལྟ་བ་ཞེས་བྱའོ། །དེ་ལ་བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་ནི་བརྙས་པའི་ལྟ་བ་དང་། རབ་ཏུ་འཁྲུགས་པའི་ལྟ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་དེ་ཉིད་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་དེ།


DKG057_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་ཞེས་བྱའོ། །དེ་ལ་ལོག་པར་ལྟ་བ་ནི་གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་སྟོང་པ་ཉིད་ལ་སྟོང་པ་ཉིད་དུ་མི་རྟོག །མཚན་མ་མེད་པ་ལ་མཚན་མ་མེད་པར་མི་རྟོག །སྨོན་པ་མེད་པ་ལ་སྨོན་པ་མེད་པར་མི་རྟོག་སྟེ། དེས་ན་དེ་སྒོམ་པའི་ཏིང་ངེ་འཛིན་རྣམ་པ་གསུམ་པོ་འདི་མི་སྒྲུབ་སྟེ། དེའི་ཕྱིར་ལོག་པར་ལྟ་བ་ཞེས་བྱའོ། །དེ་ལ་ངལ་བ་འབྲས་བུ་མེད་པའི་ལྟ་བ་ནི་གང་ལོག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཏིང་ངེ་འཛིན་བསྒོམ་པའི་ངལ་བ་འབྲས་བུ་མེད་པར་འགྱུར་ཏེ། དེའི་ཕྱིར་ངལ་བ་འབྲས་བུ་མེད་པའི་ལྟ་བ་ཞེས་བྱའོ། །དེ་ལ་འཕེལ་བར་ལྟ་བ་ནི་གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་འདི་ལྟར་བྱང་ཆུབ་སེམས་དཔའ་གང་སྐྱེ་བོའི་ཚོགས་ཆེན་པོ་ལྟ་བ་འདི་ལ་འཛུད་ཅིང་སྐྱེ་བོའི་ཚོགས་ཆེན་པོ་དད་པར་བྱེད་པ་དེ་བསོད་ནམས་མང་དུ་སྐྱེད་དོ་སྙམ་དུ་ལྟ་བར་འགྱུར་ཏེ། དེའི་ཕྱིར་འཕེལ་བར་ལྟ་བ་ཞེས་བྱའོ། །དེ་ལ་སླུ་བའི་ལྟ་བ་ནི་གང་འཕེལ་བར་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་བདག་དང་གཞན་ལ་བསོད་ནམས་ཀྱི་བསམ་པས་བསོད་ནམས་བསླུས་པར་འགྱུར་ཏེ། དེའི་ཕྱིར་སླུ་བའི་ལྟ་བ་ཞེས་བྱའོ། ། དེ་ལ་ཁས་མི་ལེན་པར་ལྟ་བ་ནི་གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་མེད་པ་ཉིད་འདི་ལ་གཞན་དང་རྩོད་པར་གྱུར་ན། བདག་གི་ཕྱོགས་གང་ཡང་ཁས་མི་བླང་སྟེ། བདག་གིས་མི་གཟུགས་པ་འབའ་ཞིག་ཏུ་བྱའོ་སྙམ་མོ། །དེའི་ཕྱིར་ཁས་མི་ལེན་པར་ལྟ་བ་ཞེས་བྱའོ། །དེ་ལ་གཡོའི་ལྟ་བ་ནི་གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཉིད་ཕྱོགས་ཁས་མི་ལེན་ཏེ། སྒྲ་ཇི་བཞིན་དུ་མེད་པ་དེ་རྣམ་པར་འཇོག་པ་ན་མགབ་ཟུངས་དང་ལྟག་ཅོད་ཀྱི་སྦྱོར་བར་བྱེད་དེ། མགབ་ཟུངས་དང་ལྟག་ཅོད་ཀྱི་སྦྱོར་བ་ནི་གཡོ་སྨྲ་བ་ཞེས་བྱ་སྟེ། དེའི་ཕྱིར་གཡོའི་ལྟ་བ་ཞེས་བྱའོ། །དེ་ལ་ཆད་པས་བཅད་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་གང་ཁས་མི་ལེན་པར་ལྟ་བ་དང་། གཡོའི་ལྟ་བ་སྨྲ་བ་དེ་ཉིད་སྨྲ་བ་སྙིང་པོ་མེད་པའི་ཕྱིར་མཁས་པ་རྣམས་ཀྱིས་


DKG057_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཐམས་ཅད་དུ་ཆད་པས་བཅད་པར་འགྱུར་ཏེ། དེའི་ཕྱིར་ཆད་པས་བཅད་པའི་ལྟ་བ་ཞེས་བྱའོ། །དེ་ལ་བཀུར་སྟི་བྱེད་པར་ལྟ་བ་ནི་གང་མེད་པའི་མཚན་མ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཉིད་འདི་ལྟར་གང་དེ་བཞིན་གཤེགས་པས་གསུངས་པའི་ལྟ་བ་དེ་ལྟ་བུ་འདི་དག་ལ་སྟེན་པ་དེ་ནི་སྟོན་པ་ལ་བསྟི་སྟང་བྱེད། བླ་མར་བྱེད། རི་མོར་བྱེད་པ་ཡིན་པར་ལྟ་བ་དེ་ནི་རིམ་གྲོ་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་བཀུར་སྟི་བྱེད་པར་ལྟ་བ་ཞེས་བྱའོ། །དེ་ལ་སྐུར་པའི་ལྟ་བ་ནི་གང་བཀུར་སྟི་བྱེད་པར་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཉིད་དེ་བཞིན་གཤེགས་པ་ལ་སྐུར་པར་བྱེད་དེ། བསྟི་སྟང་མི་བྱེད་པ་འབའ་ཞིག་ནི་མ་ཡིན་ནོ། །དེའི་ཕྱིར་སྐུར་པའི་ལྟ་བ་ཞེས་བྱའོ། །དེ་ལ་རྨོངས་པ་བརྟན་པའི་ལྟ་བ་ནི་གང་མེད་པའི་མཚན་མ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་སྒྲ་ཇི་བཞིན་དུ་མངོན་པར་མ་ཞེན་པ་ཕྱིན་ཅི་མ་ལོག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་གཞན་དག་གིས་རིགས་པར་བསྟན་ཅིང་རྣམ་པ་དུ་མར་བཟློག་པ་བྱས་ཀྱང་ལྟ་བ་དེ་ལས་བསྐྱོད་པར་མི་ནུས་ཏེ། དེའི་ཕྱིར་རྨོངས་པ་བརྟན་པའི་ལྟ་བ་ཞེས་བྱའོ། །དེ་ལ་མི་སྨྲ་བའི་ལྟ་བ་ནི་ཉོན་མོངས་པ་བརྟན་པའི་ལྟ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་དེ་ཉིད་མི་སྨྲ་བའི་ལྟ་བ་ཞེས་བྱའོ། །དེ་ལ་ལྟ་བ་ཆེན་པོ་ནི་ལྟ་བ་ཉི་ཤུ་རྩ་དྲུག་པོ་དེ་དག་ཐམས་ཅད་ལ་ལྟ་བ་ཆེན་པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྟ་བ་འདི་ཇི་ལྟ་བ་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བ་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ནི་དེ་ལྟར་ཁ་ན་མ་ཐོ་བ་ཆེ་བ་མ་ཡིན་ཏེ། དེའི་ཕྱིར་ལྟ་བ་ཆེན་པོ་ཞེས་བྱའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ཤིང་དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་ནས་དེ་ལྟར་ལྟ་བ་མེད་པར་ལྟ་བ་ཡོངས་སུ་རྗོད་པས་དུས་ཚད་མེད་པར་ལས་ཀྱི་སྒྲིབ་པ་ཡོངས་སུ་འཛིན་པ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱིས་འཇིག་རྟེན་ཀུན་ཏུ་སྦྱོར་བ་ལྟར་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་རྣམས་ནི་དེ་ལྟར་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱིས་འཇིག་རྟེན་ཀུན་ཏུ་སྦྱོར་བ་མ་ཡིན་ནོ། །དེ་ལ་མངོན་པའི་ང་རྒྱལ་གྱི་ལྟ་བ་ནི་ལྟ་བ་ཆེན་


DKG057_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཉིད་མངོན་པའི་ང་རྒྱལ་གྱི་ལྟ་བ་ཞེས་བྱའོ། །ཐེག་པ་ཆེན་པོའི་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་རློམ་སེམས་སུ་བྱེད་པས་ལོག་པར་ལྟ་བ་འདི་འབྱུང་སྟེ། དེའི་ཕྱིར་མངོན་པའི་ང་རྒྱལ་གྱི་ལྟ་བ་ཞེས་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་སྒྲ་ཇི་བཞིན་དུ་མ་ཡིན་པར་དགོངས་པ་ལས་བྱུང་བའི་དོན་ལ་ཚུལ་བཞིན་དུ་སོ་སོར་རྟོག་པ་ལ་ནི་འཕགས་པའི་ལྟ་བ་རྣམས་མེད་པར་ཡང་ལྟ་བ་འདི་དག་མི་འབྱུང་སྟེ། ཐེག་པ་ཆེན་པོ་ལ་དད་ཅིང་ཡིད་ལ་མངོན་དུ་འགྱུར་རོ། །དེའི་ཚུལ་བཞིན་ཡིད་ལ་བྱེད་པའི་རྗེས་སུ་འགྲོ་བའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེ་བ་ནི་དོན་ཆེན་པོ་ཡིན་ནོ། །ཆོས་ལ་ཡང་ཆོས་སུ་འདུ་ཤེས་ཤིང་དོན་ལ་ཡང་དོན་དུ་འདུ་ཤེས་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡིད་ལ་བྱེད་པ་ལས་སྐྱེ་བའོ།། །།བམ་པོ་གཉིས་པ་སྟེ་ཐ་མ། བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྤྱོད་པ་ལས་སྐྱེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔས་ཇི་ལྟ་ཇི་ལྟ་བུར་ཐེག་པ་ཆེན་པོའི་ཆོས་བྲིས་ནས་འཆང་བ་དང་། དྲན་པར་བྱེད་པ་དང་། མཆོད་པ་དང་། གཞན་ལ་བགེད་པར་བྱེད་པ་དང་། ཀློག་པ་དང་། ཉན་པ་དང་། འདོན་པ་དང་། ཁ་ཏོན་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དང་། ཚུལ་བཞིན་སེམས་པ་དང་། དེ་ཇི་ལྟ་ཇི་ལྟ་བུར་བསྒོམ་པའི་རྣམ་པའི་བར་དུ་སྦྱོར་ཞིང་དེ་ལྟ་དེ་ལྟར་སྦྱོར་བ་དེ་ཙམ་དུ་འདི་ལྟ་སྟེ། སྔོན་མ་ཐོས་པ་དང་། སྔོན་ཐོས་པ་བརྟན་པར་བྱ་བའི་ཕྱིར་གུས་པའི་དད་པ་སྒོ་མང་པོ་ནས་སྐྱེ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྤྱོད་པ་ལས་སྐྱེ་བའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་འདྲིས་པ་ལས་སྐྱེ་བ་གང་ལགས།


DKG057_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་འདི་ལྟར་མང་དུ་བྱེད་པ་ནི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཆུང་ངུ་ལ་བརྟེན་ནས་འབྲིང་ཐོབ་པར་འགྱུར། ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་འབྲིང་ལ་བརྟེན་ནས་ཆེན་པོ་ཐོབ་པར་འགྱུར་ཏེ། དད་པ་དེས་དད་པའི་ཤས་ཆེན་པོ་ཐོབ་ནས་དད་པ་མང་དུ་གནས་པ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་འདྲིས་པ་ལས་སྐྱེ་བའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡོངས་སུ་མི་སྐྱོ་བ་ལས་སྐྱེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་ལྟར་དད་པ་ཤས་ཆེན་པོ་རྙེད་ནས་ཡོངས་སུ་སྐྱོ་བར་མི་འགྱུར་ཏེ། རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་ཡོངས་སུ་མི་སྐྱོ། འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱོ། སེམས་ཅན་ལོག་པར་ཞུགས་པ་ཐམས་ཅད་ཀྱིས་ཡོངས་སུ་མི་སྐྱོ། བྱང་ཆུབ་སེམས་དཔའི་དཀའ་བ་སྤྱོད་པས་ཡོངས་སུ་མི་སྐྱོའོ། །དེ་དེ་ལྟར་ཡོངས་སུ་མི་སྐྱོ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དགེ་བའི་བཤེས་གཉེན་རྣམས་མཉེས་པར་བྱེད་དེ། ཐེག་པ་ཆེན་པོ་ལ་དད་པའི་རྐྱེན་ཀྱང་རྙེད་དོ། །དེའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེད་ཅིང་སྦྱོར་བ་རྒྱུན་མི་གཅོད་དེ་སྦྱོར་བ་མ་བཏང་བ་ཡིན་ནོ། །དེས་ན་དེ་རྒྱུན་མི་ཆད་པར་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་དེ་འཇུག་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡོངས་སུ་མི་སྐྱོ་བ་ལས་སྐྱེ་བའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡོངས་སུ་བསྐང་བ་ལས་སྐྱེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟར་ཡོངས་སུ་མི་སྐྱོ་བར་སྦྱོར་བའི་བྱང་ཆུབ་སེམས་དཔའ་རྒྱུན་དུ་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པས་མྱུར་དུ་བསོད་ནམས་


DKG057_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་དགེ་བའི་རྩ་བས་ལེགས་པར་བརྟན་པས་ཐེག་པ་ཆེན་པོ་ལ་དད་པའི་རྐྱེན་ཆུང་ངུས་ཀྱང་ཐེག་པ་ཆེན་པོ་ལ་དད་པ་རྒྱ་ཆེན་པོ་སྐྱེ་ན། ཐེག་པ་ཆེན་པོ་ལ་དད་པའི་རྐྱེན་རྒྱ་ཆེན་པོས་ལྟ་ཅི་སྨོས་ཏེ། དེ་ཉིན་མོའམ། མཚན་མོའམ། ཉལ་ལམ། མི་ཉལ་ཡང་རུང་། ཐེག་པ་ཆེན་པོ་ལ་དད་པའི་ཤུགས་ཀྱིས་དོན་མེད་པར་མི་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡོངས་སུ་བསྐང་བ་ལས་སྐྱེ་བའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་གནས་ལས་སྐྱེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ནི་མྱུར་བ་མྱུར་བར་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དམིགས་ནས་དད་པ་དང་། མཆོག་ཏུ་དགའ་བ་ལས་བྱུང་བའི་སེམས་ཀྱི་ཏིང་ངེ་འཛིན་འཐོབ་སྟེ། མཉམ་པར་བཞག་པའི་སེམས་དེས་ཐེག་པ་ཆེན་པོའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་ཏོ། །དེའི་ཕྱིར་དེ་མ་ལོག་པའི་རྣམ་པས་དང་བ་སྐྱེ་ཞིང་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཆེས་ཁྱད་པར་དུ་འཕགས་པ་སྐྱེའོ། །བྱང་ཆུབ་སེམས་དཔའ་དེའི་སེམས་ཀྱི་ཏིང་ངེ་འཛིན་སྔ་མ་དང་ལྷག་མཐོང་འདི་ནི་ཞི་གནས་དང་། ལྷག་མཐོང་གིས་ཡོངས་སུ་ཟིན་པའི་རྣལ་འབྱོར་གྱི་ལམ་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣལ་འབྱོར་གྱི་ལམ་འདི་ལ་བརྟེན་ནས་རིམ་གྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་པར་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་གནས་ལས་སྐྱེ་བའོ། །བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། །བཅོམ་ལྡན་འདས་ཅི་ལགས། ཞི་གནས་དང་ལྷག་མཐོང་གི་ལམ་འདི་བྱང་ཆུབ་སེམས་དཔའ་ཚོགས་བསགས་པ་རྣམས་ཀྱི་ལགས་


DKG057_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སམ། འོན་ཏེ་ཚོགས་མ་བསགས་པ་རྣམས་ཀྱི་ཡང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཞི་གནས་དང་ལྷག་མཐོང་གི་ལམ་ནི་བྱང་ཆུབ་སེམས་དཔའ་ཚོགས་མ་བསགས་པ་རྣམས་ཀྱི་ཡང་ཡིན་པར་ངས་བཤད་དོ། །རིགས་ཀྱི་བུ་འདི་ལྟར་སེམས་མཉམ་པར་བཞག་པ་ནི་མངོན་པར་རྟོགས་པ་དང་འཐུན་པ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་ཕྱོགས་ཀྱི་ས་ལ་འཇུག་པ་ལ་ཉེ་བར་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་གནས་ལས་སྐྱེ་བ་སྟེ། གནས་ནི་ཏིང་ངེ་འཛིན་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཆོག་མི་ཤེས་པ་ལས་སྐྱེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞི་གནས་ཙམ་དང་། ཏིང་ངེ་འཛིན་གྱི་རོ་དེ་ཙམ་གྱིས་ཆོག་པར་མི་འཛིན་གྱི། ཏིང་ངེ་འཛིན་དེ་ཉིད་ལ་གནས་ནས་དེ་ཐེག་པ་ཆེན་པོའི་ཆོས་དེ་དག་ལ་བགྲང་ཞིང་འཇལ་ལ་དཔྱོད་ཅིང་སོ་སོར་རྟོག་སྟེ། དེ་ལ་བགྲང་ཞིང་འཇལ་ལ་དཔྱོད་ཅིང་སོ་སོར་རྟོག་པའི་རྣམ་པའི་ལྷག་མཐོང་རབ་ཏུ་སྐྱེའོ། །དེས་ན་དེ་ལྷག་མཐོང་དང་ལྷན་ཅིག་སོང་བའི་རྒྱུན་ཆུ་བོ་ལྟར་འབབ་ཅིང་རླབས་འབྱུང་བ། མངོན་པར་རྟོགས་པ་དང་ཆེས་འཐུན་པ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་ཕྱོགས་ཀྱི་མཆོག་གི་ས་ལ་འཇུག་པ། རབ་ཏུ་འདོད་དོ། །ཤེས་རབ་ལ་ཉེ་བར་མི་གནས་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཇི་ལྟར་ཡང་མི་སྐྱེའོ་ཞེས་ང་སྨྲའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཚོགས་མ་བསགས་ཀྱང་ཐེག་པ་ཆེན་པོའི་ཆོས་ཉན་ཏམ། སེམས་ཀྱང་རུང་སྟེ། ཞི་གནས་དང་ལྷག་མཐོང་ལ་གནས་ན་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེའོ། །སེམས་རྩེ་གཅིག་ཏུ་མི་བྱེད་ཅིང་ཐེག་པ་ཆེན་པོའི་ཆོས་མི་འཛིན་ན་ཐེག་པ་ཆེན་པོ་ལ་དད་པ་མི་སྐྱེའི། རིགས་ཀྱི་བུ་


DKG057_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་གང་ལ་ལ་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེ་བ་དེ་ཐམས་ཅད་ནི་མི་གཡེང་བའི་སེམས་ཀྱིས་ཆོས་ཀྱི་དོན་ལ་རྟོག་པ་ལས་སྐྱེ་བར་རྣམ་གྲངས་འདིས་དེ་ལྟར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཚོགས་བསགས་པའི་ས་པའི་རྣལ་འབྱོར་གྱི་ལམ་དང་། ཚོགས་མ་བསགས་པའི་ས་པའི་རྣལ་འབྱོར་གྱི་ལམ་ཁྱད་པར་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཚོགས་མ་བསགས་པའི་ས་པའི་རྣལ་འབྱོར་གྱི་ལམ་ནི་ས་དང་མི་ཉེ་བ་སྟེ། ཇི་ལྟར་ཚོགས་བསགས་པའི་ས་པ་ལྟར་དེ་དེ་ལྟར་རྫོགས་པ་མ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཚོགས་བསགས་པའི་ས་པའི་རྣལ་འབྱོར་གྱི་ལམ་གང་ཡིན་པ་ནི་ས་ལ་འཇུག་པ་དང་ཉེ་ཞིང་རྫོགས་པ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཆོག་མི་ཤེས་པ་ལས་སྐྱེ་བའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་དབེན་པ་ལས་སྐྱེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རྫོགས་པའི་རྣལ་འབྱོར་གྱི་ལམ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་རྣམས་དང་འདྲེ་ཞིང་མི་གནས་ཀྱི། བས་མཐར་གནས་འཆའ་ཞིང་གནས་ཏེ། དེ་དག་ན་གཅིག་པུ་རྒྱང་བསྲིངས་ཏེ་བག་ཡོད་པ་དང་། རྟུན་པ་དང་། རྒྱུན་དུ་གནས་སོ། །དེ་ལྟར་རབ་ཏུ་དབེན་པར་གནས་པ་དེ་རྣལ་འབྱོར་གྱི་ལམ་དེ་ཉིད་ལ་གནས་ནས་ཐེག་པ་ཆེན་པོའི་ཆོས་རྣམས་ཡིད་ལ་བྱེད་པས་བར་ཆད་མེད་པར་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྐྱེད་དོ། །ཇི་ཙམ་དུ་ཉིན་མོ་དང་། མཚན་མོ་དེ་དང་། དེ་དག་འདས་པ་དང་། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་དང་དེ་དག་འདས་ཤིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཁྱད་པར་དུ་འགྲོའོ། །དེ་དེ་ལྟར་རབ་ཏུ་དབེན་པའི་རྣལ་འབྱོར་གྱི་ལམ་ལ་གནས་ནས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་


DKG057_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་འགྱུར་ཏེ། དེ་གང་དུ་ཐབས་ཀྱི་ཁྱད་པར་གཞན་བཙལ་བར་བྱ་བ་མེད་དོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་དབེན་པ་ལས་སྐྱེ་བའོ། །བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྟོན་པ་ཚད་མར་བགྱིས་པ་ལས་སྐྱེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་རབ་ཏུ་དབེན་པའི་རྣལ་འབྱོར་གྱི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཐེག་པ་ཆེན་པོའི་ཆོས་རྣམས་ཡིད་ལ་བྱེད་པས་གང་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་གསང་བ་བློས་མི་ཆུད་པ་དེ་ལ་སྟོན་པ་ཉིད་ཚད་མར་བྱེད་དོ། །སྟོན་པ་ཉིད་ཚད་མར་བྱས་ནས་ཆོས་དེ་དག་ལ་མོས་སོ། །དེ་ལྟར་ཚུལ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པས་བདག་གང་གི་ཚེ་སྟོན་པ་ལ་མོས་པར་མ་གྱུར་པ་དེའི་ཚེ་བདག་སྟོན་པས་བཤད་པའི་ཆོས་རྣམས་ལ་མོས་པར་མི་འགྱུར་ཏེ། སྟོན་པའི་ཆེ་བ་ཉིད་ལ་མོས་པ་ཤིན་ཏུ་མ་རུང་བར་མ་བྱས་པར་རིག་ནས་སྟོན་པ་ལ་མོས་པ་འཇུག་པ་ཐེག་པ་ཆེན་པོའི་ཆོས་གསང་བ་དག་ལ་མོས་པ་འཇུག་གོ །བྱང་ཆུབ་སེམས་དཔའ་ཇི་ལྟ་ཇི་ལྟར་ཁོང་དུ་ཆུད་ཅིང་རྟོགས་ནས་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་གསང་བ་དེ་དག་ལ་དད་པ་ཐོབ་པ་དེ་ལྟར་ཁོང་དུ་མ་ཆུད་ཅིང་མ་རྟོགས་ཀྱང་བྱང་ཆུབ་སེམས་དཔའ་མོས་པའི་སྟོབས་བསྐྱེད་པས་ཆོས་དེ་དག་ལ་དད་པ་ཐོབ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྟོན་པ་ཚད་མར་བྱས་པ་ལས་སྐྱེ་བའོ། །བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། དེ་ལྟར་སྐྱེ་བ་སྣ་ཚོགས་འདི་དག་གིས་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔས་ཐེག་པ་ཆེན་པོའི་ཆོས་གང་ཡིད་ལ་བགྱིས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔས་དཔག་ཏུ་མེད་པ་བཅུ་ཡིད་ལ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱའོ། །བཅུ་གང་ཞེ་ན། ཆོས་དཔག་ཏུ་མེད་པ་དང་། ཟབ་པ་དཔག་ཏུ་མེད་པ་དང་།


DKG057_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་དཔག་ཏུ་མེད་པ་དང་། ཚིག་རབ་ཏུ་དབྱེ་བ་དཔག་ཏུ་མེད་པ་དང་། སེམས་ཅན་དཔག་ཏུ་མེད་པ་དང་། རྗེས་སུ་གཟུང་བ་དཔག་ཏུ་མེད་པ་དང་། ཐབས་ལ་མཁས་པ་དཔག་ཏུ་མེད་པ་དང་། དཀོན་མཆོག་གི་ཆེ་བ་ཉིད་དཔག་ཏུ་མེད་པ་དང་། ཞིང་དཔག་ཏུ་མེད་པ་དང་། ལས་དཔག་ཏུ་མེད་པའོ། །རིགས་ཀྱི་བུ་དེ་ལ་ཆོས་དཔག་ཏུ་མེད་པ་ནི་གང་མདོ་དང་། དབྱངས་ཀྱི་བསྙད་པ་དང་། ལུང་བསྟན་པ་ལ་སོགས་པ་བསྟན་པའི་ཆོས་རྣམས་ཀྱི་སྡེ་སྣོད་དུ་གཏོགས་པ་དང་། དེའི་ཡན་ལག་ཏུ་གཏོགས་པ་རྣམས་ཀྱི་ཆོས་དཔག་ཏུ་མེད་པའོ། །དེ་ལ་ཟབ་པ་དཔག་ཏུ་མེད་པ་ནི་གང་ཐེག་པ་ཆེན་པོ་ལ་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་དང་། སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་དང་། ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་རྣམས་ཀྱིས་བསྟན་པ་ཚད་མེད་པ་དང་། དགོངས་པ་ལས་བྱུང་བ་དང་། ཟབ་པ་བསྟན་པ་དཔག་ཏུ་མེད་པའོ། །དེ་ལ་བརྗོད་པ་དཔག་ཏུ་མེད་པ་ནི་རིགས་ཀྱི་བུ་བརྗོད་པ་གང་དང་གང་གིས་སེམས་ཅན་དང་ཆོས་དང་། དོན་རྟོགས་པར་འགྱུར་བ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་ལ་ཡང་ཇི་ཙམ་དུ་ཚིག་བརྗོད་པ་དེ་དང་། དེས་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་བརྗོད་པ་རྣམས་དཔག་ཏུ་མེད་པར་འབྱུང་བའོ། །རིགས་ཀྱི་བུ་དེ་ལ་ཚིག་རབ་ཏུ་དབྱེ་བ་དཔག་ཏུ་མེད་པ་ནི་རིགས་ཀྱི་བུ་སེམས་ཅན་རྣམས་ལ་འདུལ་བའི་དབང་གི་ཕྱིར་དེ་བཞིན་གཤེགས་པས་ཚིག་རབ་ཏུ་དབྱེ་བའི་སྒོ་མང་པོ་ཉེ་བར་སྟོན་ཅིང་། དོན་རེ་རེ་ལ་ཡང་ཚིག་རབ་ཏུ་དབྱེ་བ་ཚད་མེད་པ་དག་གིས་རྣམ་གྲངས་སུ་ཕྱེ་སྟེ་རབ་ཏུ་སྟོན་པའོ། །དེ་ལ་སེམས་ཅན་དཔག་ཏུ་མེད་པ་ནི་གང་སྐྱེ་བའི་འཁོར་བ་ཐོག་མ་དང་། ཐ་མ་མེད་པ་དང་། ཀུན་ཏུ་རྒྱུག་པ་དང་། འཁོར་བའི་སྡུག་བསྔལ་གྱི་སྔོན་གྱི་མཐའ་མི་མངོན་པས་སེམས་ཅན་དཔག་ཏུ་མེད་དོ། །དེ་ལ་རྗེས་སུ་གཟུང་བ་དཔག་ཏུ་མེད་པ་ནི་རིགས་ཀྱི་བུ་དེ་བཞིན་གཤེགས་པ་འདི་ལྟ་སྟེ། གནོད་པ་ལས་ཡོངས་སུ་བསྐྱབ་པའི་རྗེས་སུ་གཟུང་བ་དང་། ངན་སོང་ལས་ཡོངས་སུ་བསྐྱབ་པའི་རྗེས་སུ་གཟུང་བ་དང་། འཇིག་ཚོགས་ལས་ཡོངས་སུ་བསྐྱབ་པའི་རྗེས་སུ་གཟུང་བ་དང་།


DKG057_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པས་ཡོངས་སུ་བསྐྱབ་པའི་རྗེས་སུ་གཟུང་བ་དང་། རྗེས་སུ་གཟུང་བ་ཚད་མེད་པས་སེམས་ཅན་ཚད་མེད་པ་དག་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པའོ། །དེ་ལ་ཐབས་ལ་མཁས་པ་དཔག་ཏུ་མེད་པ་ནི་ཐབས་ལ་མཁས་པ་གང་དང་གང་གིས་སེམས་ཅན་ཚད་མེད་པ་དག་འདུལ་བར་འགྱུར་བ་སྟེ། ཡང་ན་རིགས་པ་ཡང་དག་པར་བསྟན་པས་སམ། ཡང་ན་བག་མེད་པ་ཡང་དག་པར་བསྐུལ་བས་སམ། ཡང་ན་ཞུམ་པ་གཟེངས་བསྟོད་པས་སམ། ཡང་ན་ཡང་དག་པར་བསྒྲུབ་པ་ཡང་དག་པར་དགའ་བར་བྱ་བས་སམ། ཡང་ན་ཚིག་དྲག་པོའི་སྦྱོར་བས་སམ། ཡང་ན་ཚིག་འཇམ་པོའི་སྦྱོར་བས་སམ། ཡང་ན་བཟོའི་གནས་དང་། ལས་ཀྱི་གནས་ཀྱིས་ཆོས་དང་འཐུན་པ་ཉིད་ཀུན་ཏུ་བསྟན་པས་སམ། ཡང་ན་རྣམ་པར་དག་པར་སྐྱེ་བའི་ལུས་ཀུན་ཏུ་བསྟན་པས་སམ། ཡང་ན་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཀུན་ཏུ་བསྟན་པས་སམ། ཡང་ན་ཀུན་བསྟན་པའི་ཆོ་འཕྲུལ་གྱིས་སམ། ཡང་ན་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཀུན་ཏུ་བསྟན་པས་སམ། དེ་ལྟ་བུའི་ཚུལ་གྱི་ཐབས་ལ་མཁས་པའི་སྦྱོར་བ་ཚད་མེད་པ་དག་གིས་སེམས་ཅན་ཚད་མེད་པ་དག་འདུལ་བའོ། །རིགས་ཀྱི་བུ་དེ་ལ་དཀོན་མཆོག་གི་ཆེ་བ་ཉིད་དཔག་ཏུ་མེད་པ་ནི་རྣམ་པ་གསུམ་སྟེ། སངས་རྒྱས་དཀོན་མཆོག་གི་ཆེ་བ་ཉིད་དཔག་ཏུ་མེད་པ་དང་། ཆོས་དཀོན་མཆོག་གི་ཆེ་བ་ཉིད་དཔག་ཏུ་མེད་པ་དང་། དགེ་འདུན་དཀོན་མཆོག་གི་ཆེ་བ་ཉིད་དཔག་ཏུ་མེད་པའོ། །དེ་ལ་སངས་རྒྱས་དཀོན་མཆོག་གི་ཆེ་བ་ཉིད་དཔག་ཏུ་མེད་པ་ནི་རྣམ་པ་བདུན་དུ་ཁོང་དུ་ཆུད་པར་བྱ་སྟེ། མངོན་པར་ཤེས་པ་ཆེན་པོ་བརྙེས་པའི་ཕྱིར་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་དབང་སྒྱུར་བ་དང་། མི་གནས་པའི་མྱ་ངན་ལས་འདས་པ་དང་། རྣམ་པར་གྲོལ་བའི་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཆོས་ཀྱི་སྐུ་རྟག་པ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ཟད་མི་ཤེས་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་དང་། ཁ་ན་མ་ཐོ་བ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་མཆོག་ཏུ་ཁ་ན་མ་ཐོ་བ་མེད་པ་དང་། སངས་རྒྱས་ཀྱི་མཛད་པ་བརྩམས་པ་རྒྱུན་མ་བཅད་པའི་ཕྱིར་དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་ཆོས་ཀྱི་ལོངས་


DKG057_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཆེན་པོ་ལ་ལོངས་སྤྱོད་པའི་ཕྱིར་དེ་བཞིན་གཤེགས་པ་ལོངས་སྤྱོད་ཆེ་བ་དང་། འཇིག་རྟེན་དུ་བྱུང་ཡང་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པའི་ཕྱིར་དེ་བཞིན་གཤེགས་པ་གོས་པ་མེད་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་གྱི་ཁམས་ཚད་མེད་པ་ཡོངས་སུ་སྨིན་པར་མཛད་ཅིང་རྣམ་པར་གྲོལ་བར་མཛད་པའི་ཕྱིར་དེ་བཞིན་གཤེགས་པ་དོན་ཆེ་བའོ། །དེ་ལ་ཆོས་དཀོན་མཆོག་གི་ཆེ་བ་ཉིད་དཔག་ཏུ་མེད་པ་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཞེས་བྱ་བ་ནི་གང་ཆོས་ཀྱང་མ་ཡིན་ལ་ཆོས་མེད་པའང་མ་ཡིན་པ་དང་། འདོད་ཆགས་ཀྱང་མ་ཡིན་ལ་འདོད་ཆགས་དང་བྲལ་བའང་མ་ཡིན་པ་དང་། འཁོར་བའང་མ་ཡིན་ལ་མྱ་ངན་ལས་འདའ་བའང་མ་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་དེ་ནི་འཁོར་བར་སྣང་བའི་ཆོས་ཡོངས་སུ་མི་གཏོང་བ་དང་། དེ་ན་ཡང་ཀུན་ནས་ཉོན་མོངས་པ་ཤིན་ཏུ་མེད་པ་དང་། ནམ་མཁའ་དང་མཚུངས་ཤིང་སེམས་ཅན་གྱི་ཁམས་དང་ཡང་དག་པའི་མཐའ་དང་མཚུངས་ཏེ་མི་ཟད་པ་དང་། སེམས་ཅན་ཐམས་ཅད་ལ་ཤིན་ཏུ་ཕན་པ་དང་། བདེ་བའི་གནས་ལ་ཉེ་བར་གནས་པའི་ཕྱིར་འཁོར་བའམ། མྱ་ངན་ལས་འདས་པ་གང་ལ་ཡང་མི་གནས་པའོ། །དེ་ལ་དགེ་འདུན་དཀོན་མཆོག་གི་ཆེ་བ་ཉིད་དཔག་ཏུ་མེད་པ་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་འདུན་དཀོན་མཆོག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་རབ་ཏུ་ཆེ་བའོ། །དེ་བས་ན་རྣམ་གྲངས་འདིས་སངས་རྒྱས་དཀོན་མཆོག་གི་ཆེ་བ་ཉིད་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དཀོན་མཆོག་དང་མཉམ་པར་བལྟའོ། །དེ་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་སངས་རྒྱས་དཀོན་མཆོག་གི་ཆེ་བ་ཉིད་འདི་འདྲ་བ་ལས་བརྩམས་ཏེ་བདག་དད་པ་སྐྱེས་པ་དང་། ཆོས་དཀོན་མཆོག་གི་ཆེ་བ་ཉིད་འདི་འདྲ་བ་ལས་བརྩམས་ཏེ་བདག་དད་པ་སྐྱེས་པ་དང་། དགེ་འདུན་དཀོན་མཆོག་གི་ཆེ་བ་ཉིད་འདི་འདྲ་བ་ལས་བརྩམས་ཏེ་བདག་དད་པ་སྐྱེས་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ། །བདག་ལ་ནི་སངས་རྒྱས་དཀོན་མཆོག་གི་ཆེ་བ་ཉིད་འདི་ལྟ་བུ་ཐོབ་པར་བྱ་བའི་སྐལ་བ་ཡོད་དོ། །བདག་ལ་ནི་ཆོས་དཀོན་མཆོག་


DKG057_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆེ་བ་ཉིད་འདི་ལྟ་བུ་ཐོབ་པར་བྱ་བའི་སྐལ་བ་ཡོད་དོ། །བདག་གང་ས་ཆེན་པོ་ལ་ཞུགས་པ་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་གྲངས་སུ་འགྲོ་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ། །བདག་ལ་ནི་དེ་དག་དང་བསམ་པ་དང་སྦྱོར་བ་མཚུངས་པའི་སྐལ་བ་ཡོད་དོ་སྙམ་མོ། །དེ་ལ་ཞིང་དཔག་ཏུ་མེད་པ་ནི་རིགས་ཀྱི་བུ་ཞིང་འདི་གཉིས་ཏེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པ་དང་། ཡོངས་སུ་དག་པའོ། །དེ་ལ་ཡོངས་སུ་མ་དག་པའི་སངས་རྒྱས་ཀྱི་ཞིང་དང་ཡོངས་སུ་དག་པ་དག་ཀྱང་དཔག་ཏུ་མེད་དོ། །དེ་ལ་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་ལ་གནས་ནས་དེ་བཞིན་གཤེགས་པ་རྣམས་གཅིག་ཏུ་དགེ་བ་དང་གཅིག་ཏུ་བདེ་བ་དང་གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ་དང་། གཅིག་ཏུ་དབང་སྒྱུར་ཞིང་སངས་རྒྱས་ཀྱི་ཞིང་དེ་དག་རབ་ཏུ་མྱོང་ངོ་། །རྒྱུན་མི་འཆད་པར་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་རབ་ཏུ་མྱོང་ངོ་། །ཡོངས་སུ་མ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཡང་རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཡང་དག་པར་སྟོན་ཅིང་ཡོངས་སུ་མ་སྨིན་པའི་སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པར་མཛད། ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་མཛད་དེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ལས་དཔག་ཏུ་མེད་པར་རིག་པར་བྱའོ། །སྐྱེ་བའི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། །།བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་རྣམ་པ་དུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ནི་བཞི་པོ་འདི་དག་གོ །བཞི་གང་ཞེ་ན། འདི་ལྟ་སྟེ། གནས་པའི་དད་པ་དང་། སྐྱེ་བ་ན་དད་པ་དང་། དུས་གཞན་ན་དད་པ་དང་། རང་བཞིན་གྱིས་དད་པའོ། །དེ་ལ་གནས་པའི་དད་པ་ནི་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་བ་ལང་གི་རྗེས་ཀྱི་ཆུ་དཀྲུགས་པ་ལས་མ་དཀྲུགས་མ་བསྐྱོད་པར་བཞག་ན་སྔོན་བཞིན་དུ་དང་བར་འགྱུར་རོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་འཕྲལ་གྱི་བྱ་བ་མང་པོ་ལ་ཆགས་པས་ཐེག་པ་ཆེན་པོ་ལ་དད་པ་དཀྲུགས་པ་ལས་


DKG057_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཚེ་ཆགས་པ་ལས་རྣམ་པར་བཀྲོལ་ནས་ཆགས་པ་དེ་དག་གིས་མི་འཁྲུགས་ཏེ། ཐེག་པ་ཆེན་པོའི་ཆོས་ལ་རྩེ་གཅིག་ཏུ་གྱུར་པ་དེའི་ཚེ་སྔོན་བཞིན་དུ་མངོན་སུམ་དུ་འགྱུར་རོ། །དེ་ལ་སྐྱེ་བ་ན་དད་པ་ནི་རིགས་ཀྱི་བུ་འདི་ལྟ་སྟེ། །དཔེར་ན་ཆང་ལ་སོགས་པ་འགྱུར་བ་ན་དང་བར་འགྱུར་རོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་དེ་དང་དེར་སྐྱེ་བ་ན་ཐེག་པ་ཆེན་པོ་ལ་དད་པ་སྐྱེས་ནས་ཐོབ་པ་སྐྱེད་དོ། །དེ་ལ་དུས་གཞན་ན་དད་པ་ནི་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྟོན་ཀྱི་དུས་ཀྱི་ཚེ་ཆུ་ཀླུང་དང་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པ་དང་། སེམས་པ་དང་སྒོམ་པ་དུས་གཞན་ན་སྦྱོར་བས་སྦྱོར་བ་ལས་བྱང་བས་གྲུབ་པར་འགྱུར་རོ། །དེ་ལ་རང་བཞིན་གྱིས་དང་བ་ནི་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་བཻ་དཱུཪྱ་དང་། ནོར་བུ་རིན་པོ་ཆེ་ལ་སོགས་པ་ནི་རང་བཞིན་གྱིས་དང་བའི་རྗེས་སུ་འཇུག་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པའི་ཐེག་པ་ཆེན་པོ་ལ་དད་པ་ཡང་ངོ་བོ་ཉིད་ཀྱིས་རྗེས་སུ་འཇུག་གོ །རིགས་ཀྱི་བུ་གཞན་ཡང་དད་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྒྱ་ཆེ་བའི་དད་པ་དང་། གསལ་བའི་དད་པ་དང་། རབ་ཏུ་ཞི་བའི་དད་པ་དང་། རྣམ་པར་དག་པའི་དད་པའོ། །དེ་ལ་རྒྱ་ཆེ་བའི་དད་པ་ནི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཆོས་ལ་གུས་པར་བྱས་ཏེ་སྤྱོད་པ་དང་ལྡན་པ་རྣམས་ཀྱིའོ། །དེ་ལ་གསལ་བའི་དད་པ་ནི་བྱང་ཆུབ་སེམས་དཔའ་རྟག་ཏུ་ཐེག་པ་ཆེན་པོའི་ཆོས་སྤྱོད་པ་དང་ལྡན་པ་རྣམས་ཀྱིའོ། །དེ་ལ་རབ་ཏུ་ཞི་བའི་དད་པ་ནི་བྱང་ཆུབ་སེམས་དཔའ་ང་དང་ང་ཡིར་འཛིན་པ་དང་བྲལ་ཞིང་ཆོས་ཉིད་རབ་ཏུ་རྟོགས་པ་ཐོབ་པ་རྣམས་ཀྱིའོ། །དེ་ལ་རྣམ་པར་དག་པའི་དད་པ་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པ་རྣམས་ཀྱིའོ། །རིགས་ཀྱི་བུ་གཞན་ཡང་དད་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འཕེན་པའི་དད་པ་དང་། རྩོམ་པའི་དད་པ་དང་། རྗེས་སུ་འཛིན་ཅིང་གུས་པར་བྱེད་པའི་དད་པ་དང་། མོས་པའི་དད་པའོ། །དེ་ལ་འཕེན་པའི་དད་པ་ནི་སྔོན་ནས་རང་བཞིན་གྱིས་དགེ་བའི་རྩ་བ་མངོན་པར་འདུས་བྱས་ཤིང་ཡོངས་སུ་བསྒོམས་པ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་


DKG057_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་པའོ། །དེ་ལ་རྩོམ་པའི་དད་པ་ནི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སེམས་བསྐྱེད་པ་རྣམས་ཀྱི་སེམས་བསྐྱེད་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པ་གང་ཡིན་པའོ། །དེ་ལ་རྗེས་སུ་འཛིན་ཅིང་གུས་པར་བྱེད་པའི་དད་པ་ནི་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྗེས་སུ་འཛིན་ཅིང་ལས་གུས་པར་བྱེད་པས་ཐེག་པ་ཆེན་པོ་ལ་དད་པ་གང་ཡིན་པའོ། །དེ་ལ་མོས་པའི་དད་པ་ནི་ཆོས་ཀྱི་དབྱིངས་ཟབ་མོ་བསྟན་པ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་གང་ཡིན་པའོ། །གཞན་ཡང་དད་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། མཐོང་བ་དང་། ཐོས་པས་དད་པ་དང་། བསྟན་པ་འཕེལ་བ་རྗེས་སུ་དྲན་པའི་དད་པ་དང་། དགེ་བའི་ཕྱོགས་འཕེལ་བ་རྗེས་སུ་དྲན་པའི་དད་པ་དང་། རེ་བ་དང་འདོད་པ་རྗེས་སུ་དྲན་པའི་དད་པའོ། །དེ་ལ་མཐོང་བ་དང་ཐོས་པས་དད་པ་ནི་གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་སམ་འོད་མཐོང་ཞིང་ཐོས་ན་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་བསྟན་པ་འཕེལ་བ་རྗེས་སུ་དྲན་པའི་དད་པ་ནི་གང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་དགེ་བའི་ཕྱོགས་འཕེལ་བ་རྗེས་སུ་དྲན་པའི་དད་པ་ནི་གང་བདག་ཉིད་རྟག་པར་རྒྱུན་ཏུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། དགེ་བའི་ཕྱོགས་འཕེལ་བ་རྗེས་སུ་དྲན་པས་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་རེ་བ་དང་འདོད་པ་རྗེས་སུ་དྲན་པའི་དད་པ་ནི་གང་དགེ་བའི་ཕྱོགས་འཕེལ་བ་དེས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབས་པས་རེ་ཞིང་འདོད་དེ། བྱང་ཆུབ་སེམས་དཔའ་རེ་བ་དང་འདོད་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །གཞན་ཡང་དད་པ་བཞི་སྟེ། བཞི་གང་ཞེ་ན། བརྗོད་པ་རྗེས་སུ་དྲན་པའི་དད་པ་དང་། གཅོད་ནུས་པ་རྗེས་སུ་དྲན་པའི་དད་པ་དང་། བསྐྲུན་པ་རྗེས་སུ་དྲན་པའི་དད་པ་དང་། སྒྲུབ་པ་རྗེས་སུ་དྲན་པའི་དད་པའོ། །དེ་ལ་བརྗོད་པ་རྗེས་སུ་དྲན་པའི་དད་པ་ནི་གང་ཐེག་པ་ཆེན་པོའི་སྒོ་ཐམས་ཅད་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་མོས་པའི་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་གཅོད་ནུས་པ་རྗེས་སུ་དྲན་པའི་དད་པ་ནི་གང་བྱང་ཆུབ་སེམས་དཔའ་


DKG057_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་ཐོས་པ་ཐོས་པ་འཛིན་པ་ཐོས་པ་བསགས་པ་རྣམས་ཐེ་ཚོམ་གཅོད་ནུས་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་བསྐྲུན་པ་རྗེས་སུ་དྲན་པའི་དད་པ་ནི་གང་ཕ་རོལ་གྱི་རྒྱུད་ལ་ཐེག་པ་ཆེན་པོའི་ཆོས་ཀློག་པ་དང་། ཁ་ཏོན་བྱེད་པ་དང་། དོན་འཛིན་པ་དང་། འདོན་པ་ལ་སོགས་པས་བསྐྲུན་ཏེ། གཞན་གྱི་རྒྱུད་ལ་དམ་པའི་ཆོས་བསྐྲུན་པ་དེ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་སྒྲུབ་པ་རྗེས་སུ་དྲན་པའི་དད་པ་ནི་གང་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཆོས་དེ་ཉིད་ནན་ཏན་གྱིས་བསྒྲུབ་སྟེ། ནན་ཏན་གྱིས་སྒྲུབ་པ་དེ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །རིགས་ཀྱི་བུ་གཞན་ཡང་དད་པ་བཞི་སྟེ། བཞི་གང་ཞེ་ན། རྣལ་འབྱོར་ཐོབ་པའི་དད་པ་དང་། ཐབས་ཀྱིས་ཡོངས་སུ་ཟིན་པའི་ལུས་ཀྱི་ལས་སྦྱོར་བའི་དད་པ་དང་། ཐབས་ཀྱིས་ཡོངས་སུ་ཟིན་པའི་ངག་གི་ལས་སྦྱོར་བའི་དད་པ་དང་། ཐབས་ཀྱིས་ཡོངས་སུ་ཟིན་པའི་ཡིད་ཀྱི་ལས་སྦྱོར་བའི་དད་པའོ། །དེ་ལ་རྣལ་འབྱོར་ཐོབ་པའི་དད་པ་ནི་གང་ཐེག་པ་ཆེན་པོའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་ལ་དམིགས་ནས་དད་པའོ། །དེ་ལ་ཐབས་ཀྱིས་ཡོངས་སུ་ཟིན་པའི་ལུས་ཀྱི་ལས་སྦྱོར་བའི་དད་པ་ནི་གང་བྱང་ཆུབ་སེམས་དཔའ་བག་ཡོད་པས་ཡོངས་སུ་ཟིན་པ་རྣམས་བྱང་ཆུབ་སེམས་དཔའ་ལུས་ཀྱི་ལས་བག་མེད་པར་སྤྱོད་པ་བཞམ་པ་དང་། སྤྱོ་བས་འདུལ་བ་དག་འདུལ་བས་དེ་ལ་དམིགས་ནས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་ཐབས་ཀྱིས་ཡོངས་སུ་ཟིན་པའི་ངག་གི་ལས་སྦྱོར་བའི་དད་པ་ནི་གང་བྱང་ཆུབ་སེམས་དཔའ་བག་ཡོད་པས་ཡོངས་སུ་ཟིན་པ་རྣམས་བྱང་ཆུབ་སེམས་དཔའ་ངག་འཁྲུལ་པར་སྤྱོད་པ་བཞམ་པ་དང་། སྤྱོ་བས་འདུལ་བ་དག་འདུལ་བས་དེ་ལ་དམིགས་ནས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་ཐབས་ཀྱིས་ཡོངས་སུ་ཟིན་པའི་ཡིད་ཀྱི་ལས་སྦྱོར་བའི་དད་པ་ནི་གང་བྱང་ཆུབ་སེམས་དཔའ་བག་ཡོད་པས་ཡོངས་སུ་ཟིན་པ་རྣམས་བྱང་ཆུབ་སེམས་དཔའ་ཡིད་འཁྲུལ་པར་སྤྱོད་པ་བཞམ་པ་དང་། སྤྱོ་བ་ལུས་དང་ངག་ལས་བྱུང་བས་འདུལ་བ་དག་འདུལ་བས་དེ་ལ་དམིགས་ནས་ཐེག་པ་ཆེན་པོ་ལ་དད་པའོ། །གཞན་ཡང་དད་པ་བཞི་སྟེ། བཞི་གང་ཞེ་ན། མི་ལྟ་བ་རྗེས་སུ་དྲན་པའི་དད་པ་དང་། ཟིལ་གྱིས་མནན་པ་རྗེས་སུ་དྲན་


DKG057_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དད་པ་དང་། ཀུན་ཏུ་སྤྱོད་པ་རྗེས་སུ་དྲན་པའི་དད་པ་དང་། ཉེ་བར་སྤྱོད་པ་དང་འབྲེལ་པ་རྗེས་སུ་དྲན་པའི་དད་པའོ། །དེ་ལ་མི་ལྟ་བ་རྗེས་སུ་དྲན་པའི་དད་པ་ནི་གང་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ན་ལུས་དང་སྲོག་ལ་མི་ལྟ་བར་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པའི་རྗེས་སུ་འཐུན་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་ཟིལ་གྱིས་མནན་པ་རྗེས་སུ་དྲན་པའི་དད་པ་ནི་གང་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་འཐུན་པའི་ཕྱོགས་ཟིལ་གྱིས་མནན་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་ཀུན་ཏུ་སྤྱོད་པ་རྗེས་སུ་དྲན་པའི་དད་པ་ནི་གང་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་བ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡང་དག་པའི་ནན་ཏན་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་ཉེ་བར་སྤྱོད་པ་དང་འབྲེལ་པ་རྗེས་སུ་དྲན་པའི་དད་པ་ནི་གང་བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་རྣམས་དང་གང་ཟག་གཞན་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་འཛིན་དུ་འཇུག་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སེམས་ཅན་རྣམས་རྗེས་སུ་དྲན་པ་ཐེག་པ་ཆེན་པོ་ལ་དད་པའོ། །གཞན་ཡང་དད་པ་བཞི་སྟེ། བཞི་གང་ཞེ་ན། ཟང་ཟིང་མེད་པའི་སེམས་རྗེས་སུ་དྲན་པའི་དད་པ་དང་། ཡང་དག་པར་སོ་སོར་ཤེས་པར་བྱེད་པ་རྗེས་སུ་དྲན་པའི་དད་པ་དང་། ཡོངས་སུ་མི་སྐྱོ་བ་རྗེས་སུ་དྲན་པའི་དད་པ་དང་། བདེ་བ་ཁ་ན་མ་ཐོ་བ་མེད་པར་སྦྱོར་བ་རྗེས་སུ་དྲན་པའི་དད་པའོ། །དེ་ལ་ཟང་ཟིང་མེད་པའི་སེམས་རྗེས་སུ་དྲན་པའི་དད་པ་ནི་གང་ཚོགས་སྡུད་པའི་བྱང་ཆུབ་སེམས་དཔའ་ཟང་ཟིང་མེད་པའི་སེམས་ཀྱིས་ཚོགས་སྡུད་ལ། ཟང་ཟིང་མེད་པའི་སེམས་རྗེས་སུ་དྲན་པའི་ཐེག་པ་ཆེན་པོ་ལ་དད་པའོ། །ཡང་དག་པར་སོ་སོར་ཤེས་པར་བྱེད་པ་རྗེས་སུ་དྲན་པའི་དད་པ་ནི་འདི་ལྟ་སྟེ། ཟང་ཟིང་མེད་པའི་སེམས་རྗེས་སུ་དྲན་ཞིང་ཚོགས་སྡུད་ལ་ཐེག་པ་ཆེན་པོ་ལ་དད་དེ། འདི་ལྟར་ཚོགས་ལ་ཡང་དག་པར་སོ་སོར་ཤེས་པར་བྱེད་ཅིང་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར་ནན་ཏན་བྱེད་པའོ། །ཡོངས་སུ་མི་སྐྱོ་བ་རྗེས་སུ་དྲན་པའི་དད་པ་ནི་འདི་ལྟ་སྟེ། ལོག་པར་ཞུགས་པ་རྣམས་ཀྱིས་ཡོངས་སུ་མི་སྐྱོ་ལ། ཡོངས་སུ་མི་སྐྱོ་བ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །བདེ་བ་ཁ་ན་མ་ཐོ་བ་མེད་པར་སྦྱོར་བ་རྗེས་སུ་དྲན་པའི་དད་པ་ནི་འདི་ལྟ་སྟེ། བདག་ལ་གནོད་པར་སྦྱོར་བ་དང་། འདོད་པའི་བདེ་བ་ལ་སྦྱོར་བ་སྤངས་ནས་ཚོགས་ལ་སྦྱོར་ཏེ།


DKG057_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་དེ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །གཞན་ཡང་དད་པ་བཞི་སྟེ། བཞི་གང་ཞེ་ན། ཡོན་ཏན་རྗེས་སུ་དྲན་པའི་དད་པ་དང་། དངོས་པོ་ཕུན་སུམ་ཚོགས་པ་རྗེས་སུ་དྲན་པའི་དད་པ་དང་། དང་བ་རྗེས་སུ་དྲན་པའི་དད་པ་དང་། སྐྱེ་བོ་མང་པོ་ལ་ཕན་པར་བྱ་བ་རྗེས་སུ་དྲན་པའི་དད་པའོ། །དེ་ལ་ཡོན་ཏན་རྗེས་སུ་དྲན་པའི་དད་པ་ནི་གང་སངས་རྒྱས་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་དངོས་པོ་ཕུན་སུམ་ཚོགས་པ་རྗེས་སུ་དྲན་པའི་དད་པ་ནི་གང་སངས་རྒྱས་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཉིད་མཆོད་པ་ཕུན་སུམ་ཚོགས་པ་མཐོང་བ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་དང་བ་རྗེས་སུ་དྲན་པའི་དད་པ་ནི་གང་སངས་རྒྱས་ལ་མཆོད་ཅིང་། རིམ་གྲོ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཉིད་རང་གི་སེམས་དང་བ་དང་། གཞན་གྱི་སེམས་དང་བ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་སྐྱེ་བོ་མང་པོ་ལ་ཕན་པར་བྱ་བ་རྗེས་སུ་དྲན་པའི་དད་པ་ནི་གང་སངས་རྒྱས་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་སངས་རྒྱས་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་དེ་ཉིད་ཀྱིས་སྐྱེ་བོ་མང་པོ་ལ་ཕན་པ་བྱེད་ལ། དེ་ཡང་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །གཞན་ཡང་དད་པ་བཞི་སྟེ། བཞི་གང་ཞེ་ན། བླ་མའི་ཡོན་ཏན་ཕུན་སུམ་ཚོགས་པ་རྗེས་སུ་དྲན་པའི་དད་པ་དང་། བདག་གི་ཡང་དག་པའི་ནན་ཏན་རྗེས་སུ་དྲན་པའི་དད་པ་དང་། བྱས་པ་གཟོ་བ་རྗེས་སུ་དྲན་པའི་དད་པ་དང་། བླ་མའི་འདོད་པའི་བསྒྲུབ་པ་རྗེས་སུ་དྲན་པའི་དད་པའོ། །དེ་ལ་བླ་མའི་ཡོན་ཏན་ཕུན་སུམ་ཚོགས་པ་རྗེས་སུ་དྲན་པའི་དད་པ་ནི་གང་དགེ་བའི་བཤེས་གཉེན་ལ་བསྟེན་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གྱི་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པ་མཐོང་བ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་བདག་གི་ཡང་དག་པའི་ནན་ཏན་རྗེས་སུ་དྲན་པའི་དད་པ་ནི་གང་དགེ་བའི་བཤེས་གཉེན་ལ་བསྟེན་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་དགེ་བའི་བཤེས་གཉེན་གྱི་གན་དུ་འགྲོ་ཞིང་ཆོས་མཉན་པའི་ཕྱིར་བསྙེན་བཀུར་


DKG057_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལ། ཇི་ལྟར་རྗེས་སུ་བསྟན་པ་བཞིན་དུ་སྒྲུབ་ཅིང་བདག་གིས་ཡང་དག་པའི་ནན་ཏན་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་བྱས་པ་གཟོ་བ་རྗེས་སུ་དྲན་པའི་དད་པ་ནི་གང་དགེ་བའི་བཤེས་གཉེན་ལ་བསྟེན་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་དེ་ལས་མན་ངག་དང་ཡོན་ཏན་རྗེས་སུ་ཐོབ་ནས་བྱས་པ་གཟོ་བ་དེ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་བླ་མའི་འདོད་པ་བསྒྲུབ་པ་རྗེས་སུ་དྲན་པའི་དད་པ་ནི་གང་དགེ་བའི་བཤེས་གཉེན་ལ་བསྟེན་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་མན་ངག་དེས་སྐྱེ་བོ་མང་པོ་ལ་ཕན་པར་བྱ་བ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །གཞན་ཡང་དད་པ་བཞི་སྟེ། བཞི་གང་ཞེ་ན། ལྡན་པའི་བསམ་པ་བསྒྲུབ་པ་རྗེས་སུ་དྲན་པའི་དད་པ་དང་། འབྲལ་བའི་བསམ་པ་བསྒྲུབ་པ་རྗེས་སུ་དྲན་པའི་དད་པ་དང་། མི་འབྲལ་བའི་བསམ་པ་བསྒྲུབ་པ་རྗེས་སུ་དྲན་པའི་དད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་བསམ་པ་བསྒྲུབ་པ་རྗེས་སུ་དྲན་པའི་དད་པའོ། །དེ་ལ་ལྡན་པའི་བསམ་པ་བསྒྲུབ་པ་རྗེས་སུ་དྲན་པའི་དད་པ་ནི་གང་བྱམས་པ་བསྒོམ་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་བདེ་བ་དང་ལྡན་པའི་བསམ་པས་བདེ་བ་དང་ལྡན་པར་བསྒྲུབ་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་འབྲལ་བའི་བསམ་པ་བསྒྲུབ་པ་རྗེས་སུ་དྲན་པའི་དད་པ་ནི་གང་སྙིང་རྗེ་བསྒོམ་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྡུག་བསྔལ་དང་འབྲལ་བའི་བསམ་པ་བསྒྲུབ་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་མི་འབྲལ་བའི་བསམ་པ་བསྒྲུབ་པ་རྗེས་སུ་དྲན་པའི་དད་པ་ནི་གང་དགའ་བ་བསྒོམ་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་བདེ་བ་དང་མི་འབྲལ་བའི་བསམ་པ་བསྒྲུབ་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །དེ་ལ་ཀུན་ནས་ཉོན་མོངས་པ་མེད་པའི་བསམ་པ་བསྒྲུབ་པ་རྗེས་སུ་དྲན་པའི་དད་པ་ནི་གང་བཏང་སྙོམས་བསྒོམ་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཀུན་ནས་ཉོན་མོངས་པ་མེད་པའི་བསམ་པ་བསྒྲུབ་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔས་ཐེག་པ་ཆེན་པོ་ལ་དད་པའི་རྣམ་པ་རབ་ཏུ་དབྱེ་བ་ཚད་མེད་པ་


DKG057_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུ་དག་གིས་ཐེག་པ་ཆེན་པོ་ལ་དད་པའི་རྣམ་པ་རབ་ཏུ་དབྱེ་བ་ཚད་མེད་པ་ཤེས་པར་བྱའོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱར་ཡང་དེའི་མཐའ་བདེ་བར་ཤེས་པར་མི་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་རབ་ཏུ་དབྱེ་བར་རིག་པར་བྱའོ། །རབ་ཏུ་དབྱེ་བའི་ལེའུ་སྟེ་གསུམ་པའོ།། །།བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་ཕན་ཡོན་དུ་འཚལ་བར་བགྱི་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་ཕན་ཡོན་ནི་ཚད་མེད་དེ། དེའི་ཕྱོགས་ཙམ་ཞིག་བསྟན་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་དགེ་བའི་རྩ་བ་ཐམས་ཅད་རྣམ་པར་འཕེལ་བར་བྱེད་པས་རྣམ་པར་འཕེལ་བ་དང་ལྡན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། སྐལ་བ་མཉམ་པ་དང་། སྐལ་བ་མི་མཉམ་པར་སེམས་སྐྱེད་པ་དག་ལས་བྱང་ཆུབ་ཀྱི་སེམས་སྐྱེད་པ་སྲུང་བའི་ཕྱིར་ཀུན་སྲུང་བའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བདག་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་འཐུན་པའི་ཕྱིར་དོན་ཆེ་བའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་ཆོས་ཀྱི་དབྱིངས་ཟབ་མོ་བསྟན་པའི་རྣམ་པ་ཐམས་ཅད་ལ་མོས་པ་དང་འཐུན་པའི་ཕྱིར་ཟབ་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཆེན་པོ་མངོན་པར་བསྒྲུབ་པ་དང་འཐུན་པའི་ཕྱིར་མཐུ་ཆེ་བའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱེད་པ་དང་འཐུན་པའི་ཕྱིར་གཟི་བརྗིད་ཆེ་བའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་།


DKG057_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པ་དང་འཐུན་པའི་ཕྱིར་རིང་དུ་འགྲོ་བའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བདུད་ཀྱི་ལས་དང་མུ་སྟེགས་ཅན་ཐམས་ཅད་ཀྱིས་ཐེག་པ་ཆེན་པོ་ལ་མོས་པ་མི་སྒུལ་པའི་ཕྱིར་མི་གཡོ་བའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་མང་དུ་ཐོས་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པ་དང་། འཐུན་པའི་ཕྱིར་ནུས་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ནན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་འཐུན་པའི་ཕྱིར་སྒྲུབ་པར་བྱེད་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བདག་དང་གཞན་དག་རྣལ་འབྱོར་ཆེན་པོ་འཐོབ་པ་དང་ལུས་དང་ངག་དང་ཡིད་ཀྱི་ལས་འདུལ་བ་དང་འཐུན་པའི་ཕྱིར་རྗེས་སུ་འཛིན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་སྐོང་བ་དང་འཐུན་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་བ་དང་འཐུན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཐམས་ཅད་ཕན་ཚུན་ལུས་དང་ངག་གི་གནོད་པ་མེད་པ་ཡང་དག་པར་འཛིན་དུ་གཞུག་པ་དང་འཐུན་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་བ་དང་འཐུན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ལོག་པར་ཞུགས་པ་དང་། འཁོར་བའི་སྡུག་བསྔལ་དང་དཀའ་བ་སྤྱོད་པ་ཐམས་ཅད་དང་དུ་བླང་བ་དང་འཐུན་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་བ་དང་འཐུན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བསྐལ་པ་མཐའ་ཡས་པར་ཆོས་དཀར་པོ་རྣམ་པར་སྤེལ་བར་རྩོལ་བ་ལ་ཡོངས་སུ་མི་སྐྱོ་བ་དང་འཐུན་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་བ་དང་འཐུན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པའི་ཏིང་


DKG057_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་མངོན་པར་བསྒྲུབ་པ་དང་འཐུན་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་བ་དང་འཐུན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་འཇིག་རྟེན་ལས་འདས་པ་དེའི་བླ་མའི་ཡེ་ཤེས་བླ་ན་མེད་པ་ལ་གནས་ནས་སངས་རྒྱས་ཀྱི་ཆོས་བསྒྲུབ་པ་དང་འཐུན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་བ་དང་འཐུན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་གྱི་ཚོགས་མཐའ་ཡས་པ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ཡང་དག་པར་བསྟན་པ་དང་འཐུན་པའི་ཕྱིར་ཚོགས་ཡོངས་སུ་སྡུད་པ་དང་འཐུན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བསོད་ནམས་ཚད་མེད་པ་སྐྱེད་ཅིང་། སངས་རྒྱས་ཀྱི་ཞིང་རྨད་དུ་བྱུང་བའི་བསོད་ནམས་ཡོངས་སུ་གཟུང་བ་དང་འཐུན་པའི་ཕྱིར་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་ཆེན་པོ་དང་འཐུན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་ཡོངས་སུ་གཟུང་བ་དང་འཐུན་པའི་ཕྱིར་ཤིན་ཏུ་ཡོངས་སུ་གཟུང་བ་དང་འཐུན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་དཔག་ཏུ་མེད་པ་ལ་ལྡན་པ་དང་འབྲལ་བ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་བསམ་པ་བསྒྲུབ་པ་དང་འཐུན་པའི་ཕྱིར་སྙིང་བརྩེ་བས་ནོན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བྱང་ཆུབ་སེམས་དཔའི་འཁྲུལ་པའི་ཉེས་བྱས་ཀུན་ཏུ་སྤྱོད་པ་ཐམས་ཅད་ལ་འཛེམ་པ་ཉེ་བར་གནས་པ་དང་འཐུན་པའི་ཕྱིར་ཤིན་ཏུ་སྦེད་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ལོག་པར་ཞུགས་པ་དང་། འཁོར་བའི་སྡུག་བསྔལ་བ་དང་། དཀའ་བ་སྤྱོད་པ་ཐམས་ཅད་ལ་སྒྱིད་ལུག་པ་མེད་པ་དང་འཐུན་པའི་ཕྱིར་བརྟན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་ཉིན་མཚན་དུ་དགེ་བའི་ཕྱོགས་ཆེན་པོ་ལ་མངོན་པར་བརྩོན་པར་བྱས་པས་ཡོངས་སུ་མི་སྐྱོ་བ་དང་འཐུན་པའི་ཕྱིར་


DKG057_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ལེགས་པར་གོམས་པར་བྱས་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་རིག་པའི་གནས་ལྔ་བྱང་བ་དང་འཐུན་པའི་ཕྱིར་ལེགས་པར་བྱང་བའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་དུས་ཐམས་ཅད་དུ་བཞིན་འཛུམ་ཞིང་གསོང་པོར་སྨྲ་བ་དང་འཐུན་པའི་ཕྱིར་འཐུན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་གནོད་པ་དང་། མ་དད་པ་དང་། དངངས་པ་དང་། ཐེ་ཚོམ་དང་། རྙོག་པའི་དྲི་མ་དང་བྲལ་བའི་ཕྱིར་རིན་པོ་ཆེ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་རྒྱ་ཆེ་བ་དང་ཁ་ན་མ་ཐོ་བ་མེད་པ་དང་དགའ་བ་དང་། མཆོག་ཏུ་དགའ་བས་ལུས་དང་སེམས་སིམ་པར་བྱེད་པའི་ཕྱིར་ཟླ་བ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པའི་ཕྱིར་ནམ་མཁའ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་བསོད་ནམས་དང་ཡེ་ཤེས་ཚད་མེད་པ་ཡོངས་སུ་བཟུང་བའི་ཕྱིར་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་གྲུ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་གནས་ཡིན་པས་རྩི་ཆེན་པོ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་ངན་སོང་དང་ངན་འགྲོ་ཐམས་ཅད་ལས་འདའ་བར་བྱེད་པའི་ཕྱིར་ཟམ་པ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བའི་ལོ་ཏོག་སྐྱེ་བའི་རྩ་བ་བྱེད་པའི་ཕྱིར་ས་བོན་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་དགྲའི་མཚོན་ཆ་ཐམས་ཅད་ཀྱིས་གནོད་པར་མི་འགྱུར་བར་བསྲུང་བའི་ཕྱིར་གོ་ཆ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་རིན་པོ་ཆེ་ཕུན་སུམ་ཚོགས་པ་ཐམས་ཅད་སོགས་ཤིང་སྡུད་དེ་རྣམ་པར་གནས་པར་


DKG057_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཕྱིར་གཏེར་ཆེན་པོ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་དེ་ལས་གཞན་དུ་དད་པ་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་རྙེད་པའི་ཕྱིར་རྒྱལ་པོ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་ཡུན་རིང་པོ་ནས་རྗེས་སུ་འབྲང་བའི་ངན་སོང་དང་གནོད་སེམས་དང་། སྡིག་པ་མི་དགེ་བའི་ལས་དང་། ཉོན་མོངས་པའི་དུག་གི་གཉེན་པོར་གྱུར་པའི་ཕྱིར་སྨན་ནད་མེད་བྱེད་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་དགེ་བའི་རྩ་བ་གཅོད་པ་ལ་དད་པའི་མཚོན་ཆའི་གཉེན་པོར་གྱུར་པའི་ཕྱིར་རྡོ་རྗེ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། གདུང་བར་བྱེད་པ་དང་། མྱ་ངན་གྱི་མེའི་གཉེན་པོར་གྱུར་པའི་ཕྱིར་ཆུ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་མི་འདོད་པ་ཐམས་ཅད་དང་ཕྲད་པར་བྱེད་པའི་ཉོན་མོངས་པའི་དགྲའི་གཉེན་པོར་གྱུར་པའི་ཕྱིར་ལག་ཆ་བཟང་པོ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་རྟག་པར་རྒྱུན་དུ་དཀར་པོའི་ཕྱོགས་ཀྱི་ཆོས་རྣམ་པར་འཕེལ་བའི་ཕྱིར་ཟླ་བ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཚད་མེད་པ་ལ་ཡེ་ཤེས་ཚད་མེད་པས་སྣང་བར་བྱ་བ་དང་འཐུན་པའི་ཕྱིར་ཉི་མ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་དམ་པའི་ཆོས་ཀྱི་ཆར་ཚད་མེད་པ་འབེབས་པ་དང་འཐུན་པའི་ཕྱིར་སྤྲིན་ཆེན་པོ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་གཞན་མུ་སྟེགས་ཅན་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་གཞོམ་པ་དང་འཐུན་པའི་ཕྱིར་ལྕེ་འབབ་པ་ལྟ་བུར་བལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་འཇོམས་པར་བྱེད་པ་དང་འཐུན་པའི་ཕྱིར་ལོ་ལེགས་པ་ལྟ་བུར་བལྟའོ། །རིགས་ཀྱི་བུ་ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་


DKG057_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཚེ་རྒྱལ་པོའི་ཁབ་འདི་ཉིད་དུ་བུད་མེད་གྲོང་པའི་ཐ་ཆད་ཕྱག་དར་བྱེད་པ་ངན་འགྲོ་བ་ཞིག་བྱུང་སྟེ། དེས་ཁྱིམ་བདག་ཆེ་གེ་མོ་ཞེས་བྱ་བ་ཞིག་གི་ཁྱིམ་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་འདྲེན་ཅེས་ཐོས་ནས་དེ་བཀྲེས་པ་དང་། སྐོམ་པས་ཉེན་པས་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་སོང་བ་དང་། དེར་འཁོར་གྱི་ཁྱམས་ན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རབ་ཏུ་ཞི་བའི་སྤྱོད་ལམ་དུ་གནས་པ་དང་བཤོས་འདྲིམ་པ་མཐོང་ངོ་། །བུད་མེད་དེས་སྤྱོད་ལམ་ཕུན་སུམ་ཚོགས་པ་དེ་དང་ཚོགས་ཀྱིས་བསྐོར་བ་མཛེས་པ་དེ་ཡང་མཐོང་ནས། ཀྱེ་མའོ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་རབ་ཏུ་ཞི་བའི་སྤྱོད་ལམ་དང་། ཞབས་འབྲིང་བ་མཛེས་པས་མཛེས་སོ་ཞེས་དད་པའི་སེམས་གཅིག་བསྐྱེད་ནས་དེ་འཆི་བའི་དུས་བྱས་སོ། །དེ་རྒྱུ་དེ་ཉིད་ཀྱིས་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་པ་ནས་རྒྱུ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་པའི་བར་དུའོ། །རིགས་ཀྱི་བུ་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཚེ་རྒྱལ་པོའི་ཁབ་འདི་ཉིད་དུ་ཟས་འདོད་ཅེས་བྱ་བའི་བྲམ་ཟེ་ཞིག་བྱུང་ངོ་། །ཟས་འདོད་དེ་སངས་རྒྱས་དང་། ཆོས་དང་དགེ་འདུན་དཀོན་མཆོག་ལ་རང་བཞིན་གྱིས་མ་དད་ན་བསྙེན་བཀུར་ལྟ་ག་ལ་ཞིག་བྱེད། དེའི་ཚེ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་གཤེགས་པ་དང་། བྲམ་ཟེ་དེ་ཡང་དོན་ཞིག་གཉེར་ཞིང་རྒྱལ་པོའི་ཁབ་ནས་བྱུང་ངོ་། །དེ་བྱུང་བ་དང་བཅོམ་ལྡན་འདས་རྣམ་པར་གཟིགས་དེ་བཞིན་གཤེགས་པ་དེ་ཁས་བོན་དུ་མཐོང་ངོ་། །མཐོང་ནས་ཀྱང་དེས་གཟུགས་མཛེས་པ་ལ་དམིགས་ཏེ། ཀྱེ་མའོ་བཅོམ་ལྡན་འདས་རྣམ་པར་གཟིགས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་དང་དཔེ་བྱད་བཟང་པོ་རྣམས་ཀྱིས་སྐུ་ལེགས་པར་བརྒྱན་ཏོ་ཞེས་དད་པའི་སེམས་གཅིག་རྙེད་ནས། དེ་འཆི་བའི་དུས་བྱས་སོ། །


DKG057_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱུ་དེས་རབ་མཚེ་མའི་ལྷའི་ནང་དུ་སྐྱེས་པ་ནས་རྒྱུ་དེ་ཉིད་ཀྱིས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་པའི་བར་དུའོ། །རིགས་ཀྱི་བུ་ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཚེ་རྒྱལ་པོའི་ཁབ་འདི་ཉིད་དུ་གཞན་མུ་སྟེགས་ཅན་ལྔ་བརྒྱ་ཞིག་བྱུང་སྟེ། དེ་དག་སྐབས་བཙལ་བའི་བསམ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་དོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་བརྒྱ་ཕྲག་དུ་མས་བསྐོར་ཏེ་མདུན་གྱིས་བྱས་ནས་ཆོས་སྟོན་ཅིང་བཞུགས་སོ། །དེ་ན་མུ་སྟེགས་ཅན་ལྔ་བརྒྱ་ཙམ་པོ་དེ་དག་གིས་ཀྱེ་མའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ནི་སྙན་པ་གསུང་བའོ་ཞེས་དད་པའི་སེམས་གཅིག་རྙེད་ནས་དེ་དག་འཆི་བའི་དུས་བྱས་སོ། །དེ་དག་རྒྱུ་དེས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་པ་ནས་རྒྱུ་དེ་ཉིད་ཀྱིས་རིམ་གྱིས་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཟག་པ་ཟད་པ་རྗེས་སུ་ཐོབ་པའི་བར་དུའོ། །རིགས་ཀྱི་བུ་ངས་མངོན་པར་ཤེས་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པས་འོད་ཟེར་གང་གིས་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་ནས་འབྱུང་བར་འགྱུར་བའི་འོད་ཟེར་བཀྱེ་བས་དེས་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ལ་རེག་ནས་སེམས་ཅན་དམྱལ་བའི་གནོད་པའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་དེ་བདེ་བ་དང་ལྡན་པར་གྱུར་ནས། དེ་དག་འདི་སྙམ་དུ་གང་གིས། བདག་ཅག་སེམས་ཅན་དམྱལ་བའི་གནོད་པའི་སྡུག་བསྔལ་ཐམས་ཅད་རྒྱུན་བཅད་ནས་བདེ་བ་དང་ལྡན་པར་གྱུར་པ་འདི་སུའི་མཐུ་སྙམ་པ་དང་། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ནས་དེ་དག་གིས་དེ་བཞིན་གཤེགས་པའི་སྐུ་མཐོང་ངོ་། །མཐོང་ནས་ཀྱེ་མའོ་གང་གིས་བདག་ཅག་གི་སེམས་ཅན་དམྱལ་བའི་གནོད་པའི་སྡུག་བསྔལ་ཐམས་ཅད་རྒྱུན་བཅད་ནས་བདེ་བ་དང་ལྡན་པར་གྱུར་པ་དེའི་མཐུ་འདི་ནི་མཐུ་ཆེ་བའོ་སྙམ་སྟེ། དད་པའི་སེམས་གཅིག་རྙེད་ནས། དེ་དག་འཆི་བའི་དུས་བྱས་ཏེ་ཤི་འཕོས་ནས་རྒྱུ་དེ་ཉིད་ཀྱིས་མཚུངས་པར་དེ་དག་ལྷར་སྐྱེས་པ་ནས་རིམ་གྱིས་རྒྱུ་དེ་ཉིད་ཀྱིས་ངའི་བསྟན་པ་ལ་དད་པ་རྙེད་དེ།


DKG057_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལ་ནི་ཉན་ཐོས་ཀྱི་ཐེག་པས། ལ་ལ་ནི་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་སོ། །ལ་ལ་ནི་ཐེག་པ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །རིགས་ཀྱི་བུ་རྣམ་གྲངས་འདིས་ངས་མངོན་པར་ཤེས་ཏེ། བགྲང་བ་ལས་འདས་པའི་སེམས་ཅན་དག་གང་གི་ཕྱིར་དེ་བཞིན་གཤེགས་པའི་ཐེག་པ་ཆེན་པོ་ལ་དད་པ་སྲབ་ཅིང་ཆུང་བའི་སེམས་གཅིག་གིས་ཀྱང་ཁ་ཅིག་ནི་ངན་སོང་ལས་ལོག་པར་གྱུར། ཁ་ཅིག་ནི་ཀུན་ནས་ཉོན་མོངས་པར་གྱུར་པའི་ལུས་ལས་ལོག་པར་གྱུར་ཏོ། །ལོག་ནས་ཀྱང་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་རྗེས་སུ་ཐོབ་བོ། །ཐེག་པ་ཆེན་པོ་ལ་དད་པའི་སེམས་སྲབ་ཅིང་ཆུང་བ་དེས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་རྣམ་པ་ཐམས་ཅད་ཀྱང་རྗེས་སུ་ཐོབ་བོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་སྲབ་ཅིང་ཆུང་བ་གཅིག་གི་ཕན་ཡོན་ཡང་དེ་ལྟར་ཚད་མེད་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་རྒྱུན་དུ་འབྱུང་ཞིང་ཆུ་བོ་ལྟར་འབབ་པའི་ཕན་ཡོན་ལྟ་སྨོས་ཀྱང་ཅི་དགོས་ཏེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་བརྗོད་པར་སླ་བ་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པ་ལ་ཞུགས་པ་རྣམས་ལ་ཐེག་པ་ཆེན་པོ་ལ་དད་པའི་མཚན་ཉིད་ཕུན་སུམ་ཚོགས་པ་བསྟན་པ་དང་། སྐྱེ་བ་ཕུན་སུམ་ཚོགས་པ་བསྟན་པ་དང་། རབ་ཏུ་དབྱེ་བ་ཕུན་སུམ་ཚོགས་པ་བསྟན་པ་དང་། ཕན་ཡོན་ཕུན་སུམ་ཚོགས་པ་བསྟན་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་རྗེས་སུ་དཔག་པ་དང་། རྗེས་སུ་འཇུག་པ་འདིས་བྱང་ཆུབ་སེམས་དཔའ་གཞན་དག་གི་ཡོན་ཏན་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་ཚད་མ་མཆིས་པ་དག་ཀྱང་བརྗོད་པར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལྔ་སྟོང་བྱང་ཆུབ་སེམས་དཔའི་ཆོས་མངོན་པར་རྟོགས་པའི་རྗེས་སུ་འཐུན་པའི་བཟོད་པ་ཆེན་པོ་སྐྱེས་སོ། །འཁོར་དེར་འདུས་པ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལྷག་མ་རྣམས་ཀྱང་མོས་པ་ལས་མི་གཡོ་བའི་


DKG057_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་མོས་པ་ཀླུང་དུ་བྱེད་པའི་བཟོད་པ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་ལ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་སྔོན་དུ་བཏང་སྟེ། སྦྱོར་བར་བགྱིད་པ་ནི་རིང་པོ་མི་ཐོགས་པར་དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་ཟས་དང་། བཏུང་བ་དང་། བཞོན་པ་དང་། ན་བཟའ་དང་། རྒྱན་དང་། སྣོད་སྤྱད་དང་། འཚོག་ཆས་དང་། ཡོ་བྱད་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གླུ་དང་། གར་དང་། རོལ་མོའི་དབྱངས་སྒྲ་དང་། མར་མེ་དང་། བུད་མེད་དང་། སྐྱེས་པ་དང་། ཀུན་སྤྱོད་པའི་ཡོ་བྱད་འཐོབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དད་པའི་སྣོད་ཡོངས་སུ་ཚོལ་བས་བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་ཟས་དང་། བཏུང་བ་དང་། བཞོན་པ་དང་། ན་བཟའ་དང་རྒྱན་དང་། སྣོད་སྤྱད་དང་། འཚོག་ཆས་དང་། ཡོ་བྱད་གང་ཡིན། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གླུ་དང་། གར་དང་། རོལ་མོའི་དབྱངས་སྒྲ་དང་། མར་མེ་དང་། བུད་མེད་དང་། སྐྱེས་པ་དང་། ཀུན་སྤྱད་པའི་ཡོ་བྱད་གང་ཡིན། བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་སྨྲས་པ། རིགས་ཀྱི་བུ་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་བསམ་གཏན་གྱི་དགའ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་ཟས་སོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་དམ་པའི་ཆོས་ཀྱི་ཁུ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བཏུང་བའོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ཞི་གནས་དང་ལྷག་མཐོང་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བཞོན་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ན་བཟའོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་རྒྱན་དང་བཅས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱན་ནོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་མང་དུ་ཐོས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྣོད་སྤྱད་དང་། འཚོག་ཆས་དང་ཡོ་བྱད་དོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ནི་དེ་བཞིན་


DKG057_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྣམས་ཀྱི་སྤོས་དང་། ཕྲེང་བ་དང་། བྱུག་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ཆོས་ཀྱི་རྫོགས་པར་ལོངས་སྤྱོད་པ་འབེལ་བའི་གཏམ་རྣམ་པར་གདོན་མི་ཟ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གླུ་དང་། གར་དང་། རོལ་མོའི་དབྱངས་སྒྲའོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་གཟུངས་ཀྱི་སྒོ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མར་མེའོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་སྒོ་དང་། རྣམ་པར་ཐར་པའི་སྒོ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བུད་མེད་དང་། སྐྱེས་པ་དང་། ཀུན་སྤྱོད་པའི་ཡོ་བྱད་དོ། །རིགས་ཀྱི་བུ་དེ་ལྟར་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་སྔོན་དུ་བཏང་སྟེ་སྦྱོར་བར་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོ་བྱད་བཅུ་པོ་འདི་དག་རིང་པོ་མི་ཐོགས་པར་ཀུན་རྫོབ་དང་། དོན་དམ་པར་ཡང་ཐོབ་པར་གྱུར་ན་གང་དག་འདི་ལ་དེ་བཞིན་ཉིད་དུ་སྦྱོར་བར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོ་བྱད་བཅུ་པོ་འདི་དག་ཐོབ་པར་འགྱུར་བའི་སྟེང་དུ་དེ་དག་གིས་གཞལ་མེད་ཁང་གང་ལ་དེ་བཞིན་གཤེགས་པ་རྣམས་བཞུགས་པའི་གཞལ་མེད་ཁང་དེའང་ཐོབ་པར་འགྱུར་རོ། །སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་བཞུགས་པའི་གཞལ་མེད་ཁང་ཅི་འདྲ། བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་སྨྲས་པ། རིགས་ཀྱི་བུ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་འཇིག་རྟེན་གྱི་ཁམས་ཚད་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་ཤིན་ཏུ་འབྱུང་བ། གནས་གཞན་དག་ཤིན་ཏུ་རྣམ་པར་ཕྱེ་བ་ཚད་མེད་པ། རྣམ་པར་གཞག་པ་འཁོར་གྱི་ཁྱམས་ཡོངས་སུ་མ་ཆད་པ། ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་གྱི་མཚན་ཉིད་འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། དབང་སྒྱུར་བའི་རྣམ་པར་རིག་པ། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་གནས་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དཔག་ཏུ་མེད་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་


DKG057_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་མཛད་པས་ཉེ་བར་གནས་པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ་ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བཀོད་པ་དྲན་པ་དང་། བློ་གྲོས་དང་། རྟོགས་པ་ཆེན་པོས་ངེས་པར་འགྲོ་བ། ཞི་གནས་དང་ལྷག་མཐོང་ཆེན་པོའི་ཐེག་པ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཆེན་པོ་ནས་འཇུག་པའི་ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པ། པད་མ་ཆེན་པོའི་རྒྱལ་པོས་བརྟན་པའི་གཞལ་མེད་ཁང་ཆེན་པོ་ན་དེ་བཞིན་གཤེགས་པ་རྣམས་བཞུགས་ཏེ། རིགས་ཀྱི་བུ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་སྔོན་དུ་བཏང་སྟེ། སྦྱོར་བར་བྱེད་པ་དེ་དག་གིས་དེ་བཞིན་གཤེགས་པའི་གཞལ་མེད་ཁང་དེ་ལྟ་བུ་ཡང་ཐོབ་པར་གྱུར་ན། གང་དག་དེ་བཞིན་ཉིད་དུ་སྦྱོར་བར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཇི་ལྟར་ཁྱོད་ཀྱིས་བཤད་པ་བཞིན་ཏེ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་སྔོན་དུ་བཏང་ནས་སྦྱོར་བར་བྱེད་པ་དེ་དག་རིང་པོར་མི་ཐོགས་པར་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོ་བྱད་འདི་དག་དང་། དེ་བཞིན་གཤེགས་པའི་གཞལ་མེད་ཁང་དེ་ཡང་ཐོབ་པར་འགྱུར་ན། གང་དག་འདི་ལ་དེ་བཞིན་ཉིད་དུ་སྦྱོར་བར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་དང་། ཀློག་པ་དང་། ཡི་གེར་འདྲི་བ་དང་། འདོན་པ་དང་། ཉན་པ་དང་། ཁ་ཏོན་བགྱིད་པ་དང་། གཞན་དག་ལའང་རྒྱ་ཆེར་རབ་ཏུ་སྟོན་པ་དང་། ཚུལ་བཞིན་སེམས་པ་དང་། བསྒོམ་པའི་རྣམ་པས་སྦྱོར་བ་དེ་དག་བསོད་ནམས་ཇི་ཙམ་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ལ་ལ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་དང་། ཀློག་པ་དང་། ཡི་གེར་


DKG057_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འདྲི་བ་དང་། འདོན་པ་དང་། ཉན་པ་དང་། ཁ་ཏོན་བྱེད་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། ཚུལ་བཞིན་སེམས་པ་དང་། བསྒོམ་པའི་རྣམ་པས་སྦྱོར་བ་དེ་དག་ནི་བསོད་ནམས་གང་ལ་འཇིག་རྟེན་པའི་བསོད་ནམས་ཀྱི་རྣམ་པ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་བསོད་ནམས་འཇིག་རྟེན་ལས་འདས་པ། རྣམ་པ་ཐམས་ཅད་ཀྱི་དཔེར་ཡང་མི་བཟོད་པ་དེ་ལྟ་བུའི་བསོད་ནམས་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འཇིག་རྟེན་པའི་བསོད་ནམས་ཚད་མེད་པ་གང་ཡིན་པ་དེ་ཡང་རྒྱུ་དང་འབྲས་བུར་བཅས་པ་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་བའི་བདེན་པར་བསྡུས་པའི་ཕྱིར་འདོད་པ་ཉིད་ཡོངས་སུ་གྲུབ་པ་མ་ཡིན་ཏེ། དེ་ནི་རྒྱུ་ཟད་དེ་འབྲས་བུ་བྱུང་བས་མི་རྟག་པའོ། །ཀུན་དགའ་བོ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་བསོད་ནམས་འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ཡང་རྒྱ་ཆེ་བ་མ་ཡིན་ཞིང་དོན་ཆུང་ལ་ཟད་པར་འགྱུར་བའོ། །དེ་ལ་རྒྱ་ཆེ་བ་མ་ཡིན་པ་ནི་ཐེག་པ་དམན་པ་ལ་གནས་ཤིང་དམིགས་ཏེ་ཡིད་ལ་བྱེད་པའི་ཕྱིར་རོ། །དོན་ཆུང་བ་ནི་བདག་ཉིད་རྗེས་སུ་འཛིན་པར་ཉེ་བར་གནས་པའི་ཕྱིར་རོ། །ཟད་པར་འགྱུར་བ་ནི་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཟད་པར་འགྱུར་བའི་ཕྱིར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ལས་བྱུང་བའི་བསོད་ནམས་དེ་ནི་ཡོངས་སུ་གྲུབ་པ། རྒྱུ་ཟད་པ་མ་ཡིན་པ། རྒྱ་ཆེ་བ། དོན་ཆེ་བ། ཟད་པར་མི་འགྱུར་བའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ལས་བྱུང་བའི་བསོད་ནམས་དེ་ལ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱིས་དཔེར་ཡང་མི་བཟོད་དོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བར་ཟུང་ཤིག །ཐེག་པ་ཆེན་པོ་ལ་དད་པ་འཇུག་པ་ཞེས་བྱ་


DKG057_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཡང་ཟུང་ཤིག །ཐེག་པ་ཆེན་པོ་ལ་དད་པ་རྣམ་པར་འཕེལ་བ་ཞེས་བྱ་བར་ཡང་ཟུང་ཤིག་ཐེག་པ་ཆེན་པོ་ལ་དད་པ་ངེས་པར་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བའི་ཚིག་བླ་དགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་ཞུས་ཤིང་བྲིས་ཏེ་གཏན་ལ་ཕབ་པ། །རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


previousའཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བའི་མདོ། next