Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ང་བརྒྱད་པ།


   
   
   
   
བཞི་པ། དཔེ་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཞི་པ། དཔེ་བསྟན་པའི་ལེའུ། next

བཞི་པ། དཔེ་བསྟན་པའི་ལེའུ།


DKG058_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འཛིན་པ་ཐམས་ཅད་དོན་དུ་མི་གཉེར་བ་དེའི་ཚེ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ། །གང་གི་ཚེ་མཚན་མ་དང་དམིགས་པ་ཐམས་ཅད་དོན་དུ་མི་གཉེར་བ་དེའི་ཚེ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ། །བློ་གྲོས་རྒྱ་མཚོ་བདུད་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དེ་བཞི་པོ་འདི་དག་ནི་བདུད་དོ། །དེ་ལ་སྒྱུ་མའི་ཆོས་སུ་སོ་སོར་རྟོག་པས་ཕུང་པོའི་བདུད་འཇོམས་སོ། །སྟོང་པ་ཉིད་ངེས་པར་སེམས་པ་ལ་སོ་སོར་རྟོག་པས་ཉོན་མོངས་པའི་བདུད་འཇོམས་སོ། །སྐྱེ་བ་མེད་པ་དང་འབྱུང་བ་མེད་པར་སོ་སོར་རྟོག་པས་འཆི་བདག་གིས་བདུད་འཇོམས་སོ། །ང་རྒྱལ་གྱིས་སྒྲོ་བཏགས་པ་ཐམས་ཅད་འགོག་པར་འགྱུར་བའི་ལམ་གྱིས་ལྷའི་བུའི་བདུད་འཇོམས་སོ། །གཞན་ཡང་སྡུག་བསྔལ་ཡོངས་སུ་ཤེས་པས་ཕུང་པོའི་བདུད་འཇོམས་སོ། །ཀུན་འབྱུང་བ་སྤོང་བས་ཉོན་མོངས་པའི་བདུད་འཇོམས་སོ། །འགོག་པ་མངོན་སུམ་དུ་བྱེད་པས་འཆི་བདག་གི་བདུད་འཇོམས་སོ། །ལམ་སྒོམ་པས་ལྷའི་


DKG058_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་བདུད་འཇོམས་སོ། །གཞན་ཡང་འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་དུ་སོ་སོར་རྟོག་པས་ཕུང་པོའི་བདུད་འཇོམས་སོ། །འདུ་བྱེད་ཐམས་ཅད་ལ་མི་རྟག་པར་སོ་སོར་རྟོག་པས་ཉོན་མོངས་པའི་བདུད་འཇོམས་སོ། །ཆོས་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པས་འཆི་བདག་གི་བདུད་འཇོམས་སོ། །མྱ་ངན་ལས་འདས་པ་ལ་ཞི་བར་སོ་སོར་རྟོག་པས་ལྷའི་བུའི་བདུད་འཇོམས་སོ། །བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ནང་གི་ཉོན་མོངས་པའི་དྲི་མ་སྤངས་ཏེ་བྱང་ཆུབ་ཀྱི་སེམས་མ་བརྗེད་པར་སྦྱིན་པ་བྱིན་ནས། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ་ཕུང་པོའི་བདུད་ཚར་གཅོད་པ་ཡིན་ནོ། །གང་གི་ཚེ་ལུས་ལ་མི་ལྟ་ཞིང་ལུས་ལ་མ་ཆགས་པར་སྦྱིན་པ་བྱིན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ་ཉོན་མོངས་པའི་བདུད་ཚར་གཅོད་པ་ཡིན་ནོ། །གང་གི་ཚེ་ཀྱེ་མ་ལོངས་སྤྱོད་འདི་དག་ནི་མི་རྟག་པ་ཐུན་མོང་བ་སྟེ། དེ་དག་ལས་བདག་གིས་སྙིང་པོ་བླངས་པར་འགྱུར་རོ་སྙམ་སྟེ་སྦྱིན་པ་བྱིན་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ་འཆི་བདག་གི་བདུད་ཚར་གཅོད་པ་ཡིན་ནོ། །གང་གི་ཚེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། སེམས་ཅན་ཐམས་ཅད་བསྡུ་བའི་ཕྱིར་རབ་ཏུ་ཐར་བར་བྱ་བའི་བློས་སྦྱིན་པ་བྱིན་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ། ལྷའི་བུའི་བདུད་ཚར་གཅོད་པ་ཡིན་ནོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་སྲིད་པར་འགྲོ་བའི་སྐྱེ་བ་ལ་མངོན་པར་འདོད་པ་མེད་པར་ཚུལ་ཁྲིམས་སྲུང་བས་ཕུང་པོའི་བདུད་ཚར་གཅོད་དོ། །བདག་མེད་པར་ལྟ་བ་ལ་གནས་ཏེ་ཚུལ་ཁྲིམས་སྲུང་བས་ཉོན་མོངས་པའི་བདུད་ཚར་གཅོད་དོ། །ཚུལ་ཁྲིམས་ཡོངས་སུ་དག་སྟེ་རྒ་ཤི་ལས་བཟླ་བའི་ཕྱིར་ཚུལ་ཁྲིམས་སྲུང་བས་འཆི་བདག་གི་བདུད་ཚར་གཅོད་དོ། །བདག་གིས་ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་འཕགས་པའི་ཚུལ་ཁྲིམས་ལ་རབ་ཏུ་དགོད་པར་བྱའོ་སྙམ་སྟེ། ཚུལ་ཁྲིམས་སྲུང་བས་ལྷའི་བུའི་བདུད་ཚར་གཅོད་


DKG058_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་བདག་མི་དམིགས་པར་བཟོད་པ་སྒོམ་པས་ཕུང་པོའི་བདུད་ཚར་གཅོད་དོ། །སེམས་ཅན་མི་དམིགས་པར་བཟོད་པ་སྒོམ་པས་ཉོན་མོངས་པའི་བདུད་ཚར་གཅོད་དོ། །འཁོར་བ་མི་དམིགས་པར་བཟོད་པ་སྒོམ་པས་འཆི་བདག་གི་བདུད་ཚར་གཅོད་དོ། །མྱ་ངན་ལས་འདས་པ་མི་དམིགས་པར་བཟོད་པ་སྒོམ་པས་ལྷའི་བུའི་བདུད་ཚར་གཅོད་དོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་དབེན་པར་བརྩོན་འགྲུས་རྩོམ་པས་ཕུང་པོའི་བདུད་ལས་ཤིན་ཏུ་འདའོ། །སེམས་དབེན་པར་བརྩོན་འགྲུས་རྩོམ་པས་ཉོན་མོངས་པའི་བདུད་ལས་ཤིན་ཏུ་འདའོ། །སྐྱེ་བ་མེད་པ་དང་འབྱུང་བ་མེད་པར་བརྩོན་འགྲུས་རྩོམ་པས་འཆི་བདག་གི་བདུད་ལས་ཤིན་ཏུ་འདའོ། །འཁོར་བས་ཡོངས་སུ་མི་སྐྱོ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བརྩོན་འགྲུས་རྩོམ་པས་ལྷའི་བུའི་བདུད་ལས་ཤིན་ཏུ་འདའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཕུང་པོ་ལ་མི་གནས་པར་བསམ་གཏན་བྱེད་པས་ཕུང་པོའི་བདུད་ལས་ཤིན་ཏུ་འདའོ། །ཁམས་ལ་མི་གནས་པར་བསམ་གཏན་བྱེད་པས་ཉོན་མོངས་པའི་བདུད་ལས་ཤིན་ཏུ་འདའོ། །སྐྱེ་མཆེད་ལ་མི་གནས་པར་བསམ་གཏན་བྱེད་པས་འཆི་བདག་གིས་བདུད་ལས་ཤིན་ཏུ་འདའོ། །བསམ་གཏན་གྱི་ཡན་ལག་དེ་དག་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པས་ལྷའི་བུའི་བདུད་ལས་ཤིན་ཏུ་འདའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱིས་ཕུང་པོ་ལ་མཁས་པར་གྱུར་པས་ཕུང་པོའི་བདུད་ལས་རྒྱལ་ལོ། །ཤེས་རབ་ཀྱིས་ཁམས་ལ་མཁས་པར་གྱུར་པས་ཉོན་མོངས་པའི་བདུད་ལས་རྒྱལ་ལོ། །ཤེས་རབ་ཀྱིས་སྐྱེ་མཆེད་ལ་མཁས་པར་གྱུར་པས་འཆི་བདག་གི་བདུད་ལས་རྒྱལ་ལོ། །ཤེས་རབ་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་གྱུར་པས་ཡང་དག་པའི་མཐའ་ཡང་མངོན་སུམ་མི་བྱེད་པས་ལྷའི་བུའི་བདུད་ལས་རྒྱལ་ལོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་སྟོང་པར་མོས་པས་ཕུང་པོའི་བདུད་ཀྱིས་སྐབས་མི་རྙེད་དོ། །ཆོས་ཐམས་ཅད་ལ་མཚན་མ་མེད་པར་ཡིད་ཆེས་


DKG058_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉོན་མོངས་པའི་བདུད་ཀྱིས་སྐབས་མི་རྙེད་དོ། །ཆོས་ཐམས་ཅད་སྨོན་པ་མེད་པར་སོམ་ཉི་མེད་པས་འཆི་བདག་གི་བདུད་ཀྱིས་སྐབས་མི་རྙེད་དོ། །ཆོས་ཐམས་ཅད་ལ་མངོན་པར་འདུ་བྱ་བ་མེད་པར་ཐེ་ཚོམ་མེད་ལ་དགེ་བའི་རྩ་བ་མངོན་པར་འདུ་བྱ་བས་ཀྱང་མི་ངོམས་པས་ལྷའི་བུའི་བདུད་ཀྱིས་སྐབས་མི་རྙེད་དོ། །བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་། ལུས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་པ་དེའི་ཚེ་ཕུང་པོའི་བདུད་ཡང་དག་པར་འཇོམས་སོ། །གང་གི་ཚེ་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་། ཚོར་བ་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་པ་དེའི་ཚེ་ཉོན་མོངས་པའི་བདུད་ཡང་དག་པར་འཇོམས་སོ། །གང་གི་ཚེ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་། སེམས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་པ་དེའི་ཚེ་འཆི་བདག་གི་བདུད་ཡང་དག་པར་འཇོམས་སོ། །གང་གི་ཚེ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་ཆོས་དང་། ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་ལ་བྱང་ཆུབ་ཀྱི་བསམ་པ་ཡང་འཁྲུགས་པར་མི་བྱེད་པ་དེའི་ཚེ་ལྷའི་བུའི་བདུད་ཡང་དག་པར་འཇོམས་སོ། །བློ་གྲོས་རྒྱ་མཚོ་བདུད་ཀྱི་ལས་འདི་དག་ཐམས་ཅད་ནི་བདག་གིས་ཀུན་ནས་ལྡང་བས་ཀུན་ནས་ལངས་པ་དག་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་བདག་གིས་ཀུན་ནས་ལྡང་བ་ཀུན་ནས་ལངས་པར་མི་བྱེད་དོ། །བདག་གང་ཡིན་པ་དེ་ནི་བདག་མ་ཡིན་ཞིང་བདག་མེད་པ་སྟེ་དེ་ལ་ཆོས་གང་གིས་ཀུན་ནས་ལྡང་བ་ཡང་མེད་དོ། །དེ་དེ་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་རིག་ནས་གང་གི་ཚེ་སེམས་ཅན་མི་ཤེས་པ་རྣམས་ཀྱི་ཆེད་དུ་ཐེག་པ་ཆེན་པོའི་གོ་ཆ་གྱོན་པར་བྱེད་པ་དེའི་ཚེ་བདག་ཏུ་སྒྲོ་འདོགས་པ་དང་། གཞན་དུ་སྒྲོ་འདོགས་པའི་ཕྱིར་གོ་ཆ་མི་གྱོན་ནོ། །གོ་ཆ་བགོས་ནས་ཀྱང་ཇི་ལྟར་ན་བདག་གི་གོ་ཆ་འདི་དོན་ཡོད་པར་འགྱུར་སྙམ་དུ་དཔྱོད་དེ། དེ་


DKG058_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྙམ་དུ་བདག་གི་གོ་ཆ་འདི་ནི་བདག་རྣམ་པར་གཞིག་པའི་ཕྱིར་གོ་ཆ་བགོས་པ་མ་ཡིན། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་རྣམ་པར་གཞིག་པའི་ཕྱིར་བགོས་པ་མ་ཡིན་གྱི་སེམས་ཅན་དག་གང་ལ་བརྟེན་ནས་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་ལ་གནས་པར་བྱེད་པའི་གནས་པ་དེ་བདག་གིས་སྤང་བར་བྱའོ་སྙམ་དུ་སེམས་སོ་གནས་དེ་གང་ཞེ་ན། འདི་ལྟ་སྟེ། ཕྱིན་ཅི་ལོག་ནི་གནས་སོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ནི་གནས་སོ། །དེ་འདི་ལྟར་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཏེ་མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་རྣམས་ལ་འདུ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། དེ་ལ་འདུ་ཤེས་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། འཛིན་པ་མེད་པ་དང་། མཆོག་ཏུ་འཛིན་པ་མེད་པའོ། །གང་འཛིན་པ་མེད་པ་དེ་མཆོག་ཏུ་འཛིན་པར་མི་བྱེད་དོ། །གང་མཆོག་ཏུ་འཛིན་པར་མི་བྱེད་པ་དེ་ཀུན་ཏུ་རྨོངས་པ་མེད་དོ། །དེ་ཀུན་ཏུ་རྨོངས་པ་མེད་པས་འདུ་ཤེས་ཡོངས་སུ་ཤེས་སོ། །གསོལ་པ་ཅི་ལགས་འདས་པ་རྣམས་ཀྱིའམ། མ་འོངས་པ་རྣམས་ཀྱིའམ། ད་ལྟར་བྱུང་བ་རྣམས་ཀྱིའམ། འདུ་ཤེས་གང་ཡོངས་སུ་འཚལ། བཀའ་སྩལ་པ། འདས་པ་རྣམས་ཀྱི་ཡང་མ་ཡིན། མ་འོངས་པ་རྣམས་ཀྱི་ཡང་མ་ཡིན། ད་ལྟར་བྱུང་བ་རྣམས་ཀྱི་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདས་པའི་འདུ་ཤེས་ནི་ཟད་པའོ། །མ་འོངས་པ་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བའི་འདུ་ཤེས་རྣམས་ནི་གནས་པ་མེད་པ་སྟེ། གང་དུས་གསུམ་དུ་འདུ་ཤེས་མི་དམིགས་པ་ནི་འདུ་ཤེས་ཡོངས་སུ་ཤེས་པའོ། །དེ་འདུ་ཤེས་ཡོངས་སུ་ཤེས་པ་དང་ལྡན་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་སྤྱོད་དོ། །དེ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཡང་རབ་ཏུ་ཤེས་སོ། །བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རབ་ཏུ་མི་ཤེས་པ། དེ་སྲིད་དུ་བྱང་ཆུབ་སེམས་དཔའི་


DKG058_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཡོངས་སུ་དག་པ་ལ་སྤྱོད་པ་མ་ཡིན་ཏེ། གང་གི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རབ་ཏུ་ཤེས་པ་དེའི་ཚེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་ལ་སྤྱད་དོ། །ཇི་ལྟར་དེ་དག་གི་སྤྱོད་པ་རྣམས་རབ་ཏུ་ཤེས་པ་དེ་ལྟར་ཆོས་སྟོན་ཏོ། །སེམས་ཅན་སྤྱོད་པ་ཇི་ལྟ་བ་རྣམས་ཀྱི་སྤྱོད་པ་དེ་བཟློག་པའི་ཕྱིར་ཡང་ཉེ་བར་སྟོན་ཏོ། །བློ་གྲོས་རྒྱ་མཚོ་འདོད་ཆགས་ཀྱི་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བའི་བསམ་པ་ཅན་དག་ཀྱང་ཡོད། ཞེ་སྡང་གི་བསམ་པ་ཅན་ལ་འདོད་ཆགས་ལ་སྦྱོར་བ་དག་ཀྱང་ཡོད། ཞེ་སྡང་གི་བསམ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད། གཏི་མུག་གི་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བ་དག་ཀྱང་ཡོད། གཏི་མུག་གི་བསམ་པ་ཅན་ལ་འདོད་ཆགས་ལ་སྦྱོར་བ་དག་ཀྱང་ཡོད། འདོད་ཆགས་ཀྱི་བསམ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད། འདོད་ཆགས་དང་ཞེ་སྡང་གི་བསམ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད། ཞེ་སྡང་དང་གཏི་མུག་གི་བསམ་པ་ཅན་ལ་འདོད་ཆགས་ལ་སྦྱོར་བ་དག་ཀྱང་ཡོད། གཏི་མུག་དང་འདོད་ཆགས་ཀྱི་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་འདོད་ཆགས་བཅོས་མ་ཅན་ལ་ཞེ་སྡང་ཚར་གཅད་པར་བྱ་བའི་སེམས་ཅན་དག་ཀྱང་ཡོད། ཞེ་སྡང་བཅོས་མ་ཅན་ལ་འདོད་ཆགས་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། ཞེ་སྡང་བཅོས་མ་ཅན་ལ་གཏི་མུག་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། གཏི་མུག་བཅོས་མ་ཅན་ལ་ཞེ་སྡང་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། གཏི་མུག་བཅོས་མ་ཅན་ལ་འདོད་ཆགས་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། འདོད་ཆགས་བཅོས་མ་ཅན་ལ་གཏི་མུག་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། འདོད་ཆགས་དང་ཞེ་སྡང་བཅོས་མ་ཅན་ལ་གཏི་མུག་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། ཞེ་སྡང་དང་གཏི་མུག་བཅོས་མ་ཅན་ལ་འདོད་ཆགས་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། གཏི་མུག་དང་འདོད་ཆགས་བཅོས་མ་ཅན་ལ་ཞེ་སྡང་ཚར་གཅད་པར་བྱ་བ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་སྔར་འདོད་ཆགས་ཅན་ལ་ཕྱིས་ཞེ་སྡང་ཅན་དང་། སྔར་ཞེ་སྡང་ཅན་ལ་ཕྱིས་འདོད་ཆགས་ཅན་དང་། སྔར་ཞེ་སྡང་


DKG058_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་ཕྱིས་གཏི་མུག་ཅན་དང་། སྔར་གཏི་མུག་ཅན་ལ་ཕྱིས་ཞེ་སྡང་ཅན་དང་། སྔར་གཏི་མུག་ཅན་ལ་ཕྱིས་འདོད་ཆགས་ཅན་དང་། སྔར་འདོད་ཆགས་ཅན་ལ་ཕྱིས་གཏི་མུག་ཅན་དང་། སྔར་འདོད་ཆགས་དང་ཞེ་སྡང་ཅན་ལ་ཕྱིས་གཏི་མུག་ཅན་དང་། སྔར་ཞེ་སྡང་དང་གཏི་མུག་ཅན་ལ་ཕྱིས་འདོད་ཆགས་ཅན་དང་། སྔར་གཏི་མུག་དང་འདོད་ཆགས་ཅན་ལ་ཕྱིས་ཞེ་སྡང་ཅན་གྱི་སེམས་ཅན་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་གཟུགས་ལ་འདོད་ཆགས་ཅན་ལ་སྒྲ་ལ་ཞེ་སྡང་ཅན་དང་། སྒྲ་ལ་འདོད་ཆགས་ཅན་ལ་གཟུགས་ལ་ཞེ་སྡང་ཅན་དང་། དྲི་ལ་འདོད་ཆགས་ཅན་ལ་རོ་ལ་ཞེ་སྡང་ཅན་དང་། རོ་ལ་འདོད་ཆགས་ཅན་ལ་དྲི་ལ་ཞེ་སྡང་ཅན་དང་། རེག་པ་ལ་འདོད་ཆགས་ཅན་ལ་ཆོས་ལ་ཞེ་སྡང་ཅན་དང་། ཆོས་ལ་འདོད་ཆགས་ཅན་ལ་རེག་པ་ལ་ཞེ་སྡང་ཅན་གྱི་སེམས་ཅན་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་གཟུགས་ལས་དབེན་པས་འདུལ་བར་འགྱུར་གྱི་སྒྲ་ལས་དབེན་པས་ནི་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། སྒྲ་ལས་དབེན་པས་འདུལ་བར་འགྱུར་གྱི་གཟུགས་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། དྲི་ལས་དབེན་པས་འདུལ་བར་འགྱུར་གྱི་རོ་ལས་དབེན་པས་ནི་མ་ཡིན་པ་དག་ཀྱང་ཡོད། རོ་ལས་དབེན་པས་འདུལ་བར་འགྱུར་གྱི་དྲི་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། རེག་པ་ལས་དབེན་པས་འདུལ་བར་འགྱུར་གྱི། ཆོས་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། ཆོས་ལས་དབེན་པས་འདུལ་བར་འགྱུར་གྱི་རེག་པ་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་ལུས་དབེན་པས་འདུལ་བར་འགྱུར་གྱི་སེམས་དབེན་པས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། སེམས་དབེན་པས་འདུལ་བར་འགྱུར་གྱི་ལུས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། ལུས་དབེན་པ་དང་སེམས་དབེན་པས་འདུལ་བར་འགྱུར་བ་དག་ཀྱང་ཡོད། ལུས་དབེན་པ་དང་སེམས་དབེན་པས་འདུལ་བར་འགྱུར་བ་མ་ཡིན་པ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་མི་རྟག་པའི་སྒྲས་འདུལ་བར་འགྱུར་གྱི་སྡུག་བསྔལ་དང་བདག་མེད་པ་དང་ཞི་བའི་སྒྲ་རྣམས་ཀྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། སྡུག་


DKG058_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གྱི་སྒྲས་འདུལ་བར་འགྱུར་གྱི་མི་རྟག་པ་དང་བདག་མེད་པ་དང་ཞི་བའི་སྒྲ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད། བདག་མེད་པའི་སྒྲས་འདུལ་བར་འགྱུར་གྱི་མི་རྟག་པ་དང་སྡུག་བསྔལ་བ་དང་ཞི་བའི་སྒྲ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད། ཞི་བའི་སྒྲས་འདུལ་བར་འགྱུར་གྱི་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པའི་སྒྲ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་ཀུན་རྗོད་པའི་ཆོ་འཕྲུལ་གྱིས་འདུལ་བར་འགྱུར་གྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་འདུལ་བར་འགྱུར་གྱི་ཀུན་རྗོད་པའི་ཆོ་འཕྲུལ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུལ་བར་འགྱུར་གྱི་ཀུན་རྗོད་པ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། ཀུན་རྗོད་པའི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་བར་འགྱུར་བ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་བར་འགྱུར་བ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་བར་འགྱུར་བའི་སེམས་ཅན་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་སྦྱོར་བ་མྱུར་ལ་རྣམ་པར་གྲོལ་བ་བུལ་བའི་སེམས་ཅན་དག་ཀྱང་ཡོད། སྦྱོར་བ་བུལ་ལ་རྣམ་པར་གྲོལ་བ་མྱུར་བ་དག་ཀྱང་ཡོད། སྦྱོར་བ་ཡང་བུལ་ལ་རྣམ་པར་གྲོལ་བ་ཡང་བུལ་བ་དག་ཀྱང་ཡོད། སྦྱོར་བ་ཡང་མྱུར་ལ་རྣམ་པར་གྲོལ་བ་མྱུར་བ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་རྒྱུ་རྣམས་ཀྱིས་རྣམ་པར་གྲོལ་གྱི་རྐྱེན་རྣམས་ཀྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། རྐྱེན་རྣམས་ཀྱིས་རྣམ་པར་གྲོལ་གྱི་རྒྱུ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད། རྒྱུ་རྣམས་དང་རྐྱེན་རྣམས་ཀྱིས་རྣམ་པར་གྲོལ་བ་དག་ཀྱང་ཡོད། རྒྱུ་རྣམས་དང་རྐྱེན་རྣམས་ཀྱིས་རྣམ་པར་གྲོལ་བ་མ་ཡིན་པ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་ནང་གི་སྐྱོན་མཐོང་བས་རྣམ་པར་གྲོལ་གྱི་ཕྱི་རོལ་གྱི་སྐྱོན་མཐོང་བས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། ཕྱི་རོལ་གྱི་སྐྱོན་མཐོང་བས་རྣམ་པར་གྲོལ་གྱི་ནང་གི་སྐྱོན་མཐོང་བས་མ་ཡིན་པ་དག་ཀྱང་ཡོད། ནང་གི་སྐྱོན་མཐོང་བ་དང་ཕྱི་རོལ་གྱི་སྐྱོན་མཐོང་བ་རྣམ་པར་གྲོལ་


DKG058_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བ་དག་ཀྱང་ཡོད། ནང་གི་སྐྱོན་མཐོང་བ་དང་ཕྱི་རོལ་གྱི་སྐྱོན་མཐོང་བ་རྣམ་པར་གྲོལ་བ་མ་ཡིན་པ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་སླ་བའི་ལམ་གྱིས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་གྱིས། དཀའ་བར་འགྱུར་བའི་ལམ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། དཀའ་བའི་ལམ་གྱིས་འགྱུར་གྱི་སླ་བའི་ལམ་གྱིས་མ་ཡིན་པ་དག་ཀྱང་ཡོད། དཀའ་བ་དང་སླ་བས་འགྱུར་བ་དག་ཀྱང་ཡོད། སླ་བ་དང་དཀའ་བའི་ལམ་གྱིས་རྣམ་པར་གྲོལ་བ་ཐོབ་པར་མི་འགྱུར་བ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་མགུར་བསལ་བའི་སྒྲས་འདུལ་བའི་སེམས་ཅན་དག་ཀྱང་ཡོད། རབ་ཏུ་བརྟན་པས་འདུལ་བ་དག་ཀྱང་ཡོད། ཚར་གཅད་པས་འདུལ་བ་དག་ཀྱང་ཡོད། རབ་ཏུ་གཟུང་བས་འདུལ་བ་དག་ཀྱང་ཡོད། སྡུག་པའི་རྣམ་པས་འདུལ་བ་དག་ཀྱང་ཡོད། མི་སྡུག་པའི་རྣམ་པས་འདུལ་བ་དག་ཀྱང་ཡོད། ཞེ་སྡང་གི་རྣམ་པས་འདུལ་བ་དག་ཀྱང་ཡོད། བྱམས་པའི་རྣམ་པས་འདུལ་བ་དག་ཀྱང་ཡོད། སྨ་དབབ་པས་འདུལ་བའི་རྣམ་པ་དག་ཀྱང་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བས་འདུལ་བ་དག་ཀྱང་ཡོད། རྗེས་སུ་འཐུན་པར་རྒྱུ་བས་འདུལ་བ་དག་ཀྱང་ཡོད། སྤྱིའུ་ཚུགས་སུ་རྒྱུ་བས་འདུལ་བ་དག་ཀྱང་ཡོད། སྣྲེལ་ཞིར་རྒྱུ་བས་འདུལ་བ་དག་ཀྱང་ཡོད། དྲན་པ་ཉེ་བར་གཞག་པའི་སྒྲས་འདུལ་བ་དག་ཀྱང་ཡོད། ཡང་དག་པར་སྤོང་བའི་སྒྲས་འདུལ་བ་དག་ཀྱང་ཡོད། རྫུ་འཕྲུལ་གྱི་རྐང་པའི་སྒྲས་འདུལ་བ་དག་ཀྱང་ཡོད། དབང་པོའི་སྒྲས་འདུལ་བ་དག་ཀྱང་ཡོད། །སྟོབས་ཀྱི་སྒྲས་འདུལ་བ་དག་ཀྱང་ཡོད། བྱང་ཆུབ་ཀྱི་ཡན་ལག་གི་སྒྲས་འདུལ་བ་དག་ཀྱང་ཡོད། ལམ་གྱི་སྒྲས་འདུལ་བ་དག་ཀྱང་ཡོད། ཞི་གནས་ཀྱི་སྒྲས་འདུལ་བ་དག་ཀྱང་ཡོད། ལྷག་མཐོང་གིས་སྒྲས་འདུལ་བ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་འཕགས་པའི་བདེན་པ་བསྟན་པའི་སྒྲས་འདུལ་བའི་སེམས་ཅན་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་སེམས་ཅན་གྱི་སྤྱོད་པ་བསམ་གྱིས་མི་ཁྱབ། སེམས་ཅན་གྱི་བསམ་པ་བསམ་གྱིས་མི་ཁྱབ། སེམས་ཅན་གྱིས་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་བོ། །


DKG058_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བྱང་ཆུབ་སེམས་དཔའ་ཤེས་པ་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་ནས་སེམས་ཅན་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་སྤྱོད་པ་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པར་ནུས་སོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། ཀུན་ནས་ཞགས་པ་ཞེས་བྱ་བའི་དྲ་བ་དེར་སྐྱེས་བུ་ཞིག་བཅུག་པར་གྱུར་ལ། སྐྱེས་བུ་དེས་ཞགས་པ་ཐམས་ཅད་ལས་འབྱིན་པ་ཞེས་བྱ་བའི་སྔགས་ཀྱི་རིག་པའི་སྟོབས་བསྐྱེད་ན་དྲ་བ་དེར་བཅུག་མ་ཐག་ཏུ་སྔགས་ཀྱི་རིག་པའི་སྟོབས་ཀྱིས་ཞགས་པའི་འཆིང་བ་ཐམས་ཅད་བཅད་ནས་གང་དགའ་བ་དེར་འགྲོའོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལ་ཞུགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཀྱི་རིག་པའི་སྟོབས་ཀྱིས་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཉོན་མོངས་པའི་འཆིང་བ་ཐམས་ཅད་གཅོད་དེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ལ་མ་རེག་ཀྱང་སངས་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་སེམས་ཅན་གྱི་སྤྱོད་པ་ཚད་མ་མཆིས་པ་དང་། ཇི་ཙམ་དུ་སངས་རྒྱས་ཀྱིས་མཁྱེན་པ་བསམ་གྱིས་མི་ཁྱབ་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་སེམས་ཅན་གྱི་སྤྱོད་པ་ཚད་མ་མཆིས་པ་དང་། སངས་རྒྱས་ཀྱི་མཁྱེན་པ་ཚད་མ་མཆིས་པ་འདི་དག་ཐོས་ནས་མི་སྐྲག་མི་དངང་དངང་བར་མི་འགྱུར་བ་འདི་ནི་བདག་ལ་ཤིན་ཏུ་ངོ་མཚར་དུ་གདའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། སེང་གེའི་ཕྲུག་གུས་སེང་གེའི་སྒྲ་ཐོས་ན་སྐྲག་པའམ་དངང་བའམ། ཀུན་ཏུ་དངང་བར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་དེ་


DKG058_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་སེང་གེའི་སྒྲ་ཐོས་ན་མི་སྐྲག་མི་དངང་དངང་བར་མི་འགྱུར་རོ། །སེམས་ཅན་གྱི་སྤྱོད་པ་ཚད་མེད་པ་ཐོས་ནས་ཀྱང་འཇིགས་པར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་མེའི་སྣང་བ་ཆུང་ངུ་ཡང་ཤིང་དང་རྩྭ་ཐམས་ཅད་ཀྱིས་མི་སྐྲག་སྟེ། དེ་འདི་སྙམ་དུ་ཚིག་པར་བྱེད་མི་ནུས་སོ་སྙམ་དུ་མི་སེམས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ཤེས་རབ་ཀྱི་སྣང་བ་ཆུང་ངུ་ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཀྱིས་མི་སྐྲག་སྟེ། དེ་འདི་སྙམ་དུ་བདག་གིས་ཉོན་མོངས་པ་ཞི་བར་བྱེད་མི་ནུས་སོ་སྙམ་དུ་མི་སེམས་ཀྱི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དེ་ཉིད་ལ་ཚུལ་བཞིན་དུ་ངེས་པར་བརྟགས་ནས་ཤེས་རབ་ཀྱི་རྒྱུར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། མེ་དང་། རྩྭ་དང་། ཤིང་དང་། ལོ་མ་དང་། ཡལ་ག་ཐམས་ཅད་འཐབ་ཅིང་རྩོད་པ་ཆེན་པོ་བྱ་བར་བརྩམས་ཏེ། ཉི་མ་བདུན་ན་གཡུལ་ཆེན་པོ་འགྱེད་དོ་སྙམ་ནས། དེ་ན་རྩྭ་དང་ཤིང་དེ་དག་གིས་དེ་ལས་གཞན་པའི་རྩྭ་དང་། ཤིང་ཐམས་ཅད་བསྡུས་ཏེ་ངེད་ཀྱི་དཔུང་གྱིས་ཤིག ། ངེད་ཀྱི་གྲོགས་གྱིས་ཤིག་ཅེས་བྱས་ནས་དེ་ན་རྩྭ་དང་ཤིང་གི་ཕུང་པོ་རི་རབ་ཙམ་བསྡུས་པར་གྱུར་ལ་དེ་ནས་འགའ་ཞིག་མེ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་ཁྱོད་དཔུང་མི་སྡུད། ཁྱོད་རྩྭ་དང་ཤིང་འདི་དག་ལས་གཅིག་པུས་རྒྱལ་བར་བྱ་སྙམ་འམ། དེ་ནས་མི་དེས་འདི་སྐད་ཅེས་སྨྲས་སོ། །འདིར་བདག་གིས་དཔུང་བསྡུ་བར་བྱ་མི་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། རྩྭ་དང་ཤིང་ཕྱིར་རྒོལ་བ་དེ་དག་ཉིད་བདག་གི་གྲོགས་ཡིན་ཏེ། ཇི་ལྟ་ཇི་ལྟར་འདི་དག་མང་པོར་གྱུར་པ་དེ་ལྟ་དེ་ལྟར་བདག་སྟོབས་དང་རབ་ཏུ་ལྡན་པར་འགྱུར་རོ། །གལ་ཏེ་འདི་དག་མེད་པར་གྱུར་ན་བདག་ཀྱང་མྱུར་དུ་འཆིའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཚད་མེད་པ་དག་ལ་ཤེས་རབ་ཀྱི་མེ་ཚད་མེད་པ་རབ་ཏུ་གཏོང་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། དེ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་


DKG058_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ལ་ཚུལ་བཞིན་དུ་ཉེ་བར་བརྟགས་ན་ཤེས་རབ་ཀྱི་རྒྱུར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རང་གི་ཉོན་མོངས་པ་མེད་པར་བྱ་བར་འདོད་ཅིང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཀྱིས་གཡེལ་ན་དེ་མྱུར་དུ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལ་ཚུལ་བཞིན་ཡིད་ལ་བྱེད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དེ་ལྟ་དེ་ལྟར་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། གལ་ཏེ་དེ་ལྟ་བུ་ཐོས་ནས་མི་སྐྲག་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་སྦྲུལ་གདུག་པའི་ཕྲུ་གུ་ནི་གྲོགས་མི་དགོས་པར་ཟའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་གྲོགས་མི་དགོས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྡུད་དེ། གཅིག་པུ་གཉིས་སུ་མེད་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྡུད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྲིན་བུ་མེ་ཁྱེར་བརྒྱ་སྟོང་གིས་ཀྱང་ཉི་མའི་འོད་ཟིལ་གྱིས་གནོན་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ། ཉོན་མོངས་པ་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་འོད་ཟིལ་གྱིས་གནོན་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། དུག་གི་གཉེན་པོ་ནད་མེད་པར་བྱེད་པ་ཆུང་ངུས་ཀྱང་དུག་ཤིན་ཏུ་མང་པོ་ཞི་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ནད་མེད་པ་ཆུང་ངུས་ཀྱང་ཉོན་མོངས་པའི་དུག་མང་པོ་ཤིན་ཏུ་ཞི་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བར་སྣང་ལས་རོ་གཅིག་པའི་ཆུའི་རྒྱུན་འབབ་པ་བབ་ནས་སྣོད་ཀྱི་བྱེ་བྲག་གིས་རོ་བྲོ་བ་ཐ་དད་དུ་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རྣམ་པར་གྲོལ་བའི་ཡེ་ཤེས་རོ་གཅིག་པ་ཡང་དག་པར་བསྒྲུབས་ཏེ། སེམས་ཅན་གྱི་དབང་པོ་ཐ་དད་པ་རྣམས་ལ་ཆོས་བསྟན་པ་ཐ་དད་པ་སྟོན་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། གང་དུ་འཛམ་བུའི་


DKG058_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོའི་གསེར་བྱུང་བ་དེར་རིན་པོ་ཆེ་ཐམས་ཅད་མོག་མོག་པོར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་གང་དུ་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་བྱུང་བ་དེར། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་མོག་མོག་པོར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བ་དེའི་ཚེ། རྒྱལ་ཕྲན་ཐམས་ཅད་དེ་ལ་ཕྱག་འཚལ་ལོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་གང་གི་ཚེ་ཆོས་ཀྱི་རྒྱལ་པོའི་བུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཚེ། ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བསོད་ནམས་མ་བྱས་པའི་སེམས་ཅན་རྣམས་ལ་དབྱིག་གི་ཆར་མི་འབབ་པོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་སེམས་མི་སྐྱེའོ།། །།འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་བཞི་པ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བུ་རམ་ཤིང་གི་ས་བོན་མེད་པར་ཤ་ཁ་ར་མི་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་མེད་པར་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འགྲུབ་བོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྨན་གྱི་རྒྱལ་པོ་འཚོ་བྱེད་ཀྱིས་གང་སྨན་དུ་མི་མཐོང་བའི་གཟུགས་སུ་སྣང་བ་དེ་གང་ཡང་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཀྱང་གང་བྱང་ཆུབ་ཏུ་མི་མཐོང་བའི་ཆོས་སུ་སྣང་བ་དེ་གང་ཡང་མེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཉི་མ་དང་ཟླ་བའི་གཞལ་མེད་ཁང་གི་ལམ་གྱི་རིམ་པ་རྒྱུན་གཅོད་པར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བདུད་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་ཀྱི་ལམ་ཀུན་ཏུ་གཅོད་པར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ནི་ནམ་མཁའ་ལ་གཞལ་མེད་ཁང་ན་གནས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཟབ་མོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཆོས་ཐམས་ཅད་ནམ་


DKG058_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་མཚུངས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེ་དང་འདྲ་བ་ཉིད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྣོད་དུ་བྱེད་པ་ཇི་སྙེད་པ་དེ་སྙེད་དུ་ནམ་མཁའ་འཇུག་ཀྱང་ནམ་མཁའ་ནི་བྲི་བའམ་གང་བ་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བའི་སྟོབས་ཇི་སྙེད་པ་དེ་སྙེད་དུ་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་འབྲི་བའམ་གང་བ་མེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུའི་སྟོབས་ཇི་ཙམ་པ་དེ་ཙམ་དུ་ནམ་མཁའ་ལ་མདའ་འཕངས་པ་འགྲོ་ཡང་ནམ་མཁའ་ལ་མཐའ་ཐུག་པ་གང་ཡང་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཇི་ཙམ་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་མཐའ་ཐུག་པ་གང་ཡང་མེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྫ་མཁན་གྱིས་སྣོད་དུ་མ་བྱས་པ་དག་སྣོད་ཀྱི་མིང་མི་འཐོབ་པོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་མ་བསྔོས་པ་ཡང་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་པོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སུས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་བ་དེ་ཕྱིས་རྒྱལ་ཕྲན་ཐམས་ཅད་ལ་རེ་བར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་སུས་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་མཐོང་བ་དེ་ཕྱིས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་རེ་བར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བ་ལང་གི་རྗེས་ཀྱི་ཆུ་ལས་རིན་པོ་ཆེ་ཐམས་ཅད་མི་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཉན་ཐོས་ཀྱི་ཚུལ་ཁྲིམས་ལས་དཀོན་མཆོག་གསུམ་པོ་དག་མི་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ལས་རིན་པོ་ཆེ་ཐམས་ཅད་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ཐོས་པའི་རྒྱ་མཚོ་ལས་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་སྟེ་དཀོན་མཆོག་གསུམ་པོ་དག་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་བུ་བཙས་ནས་རིང་པོ་མ་ལོན་པ་ནི་རྒྱལ་པོ་ཞེའམ་རྒྱལ་པོ་མ་ཡིན་པ་ཞེས་ཀྱང་མི་རྗོད་


DKG058_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལ་ཡང་སངས་རྒྱས་ཞེའམ། སངས་རྒྱས་མ་ཡིན་པ་ཞེས་ཀྱང་མི་རྗོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བྱི་དོར་མ་བྱས་པ་ལ་ནི་མངོན་པར་འདུ་བྱ་བར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་ཆོས་བསྟན་པ་ལ་འཇིགས་པ་མེད་པ་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཏེ་འོད་གསལ་བ་ནི་དགའ་བ་ཡང་དག་པར་སྐྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡུན་རིང་པོ་སྤྱད་པ་ཆོས་བསྟན་པ་རྣམས་ལ་འཇིགས་པ་མེད་པ་ཡང་སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཡང་དག་པར་སྐྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ནི་ཆུང་ངུ་ཡང་ཁྱད་དུ་མི་གསད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཆུང་དུ་ཟིན་ཀྱང་གནས་ཁང་ངམ་ཁྱིམ་འམ་ཁང་པར་བཅུག་ན་དེ་ཐམས་ཅད་སྣང་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལ་ཡང་བརྙས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བྱང་ཆུབ་ཐོབ་ནས་སངས་རྒྱས་ཀྱི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པར་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་གང་དག་རིན་ཐང་མེད་པ་དེ་དག་ནི་ཡང་མ་དཔྱད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དག་ཕྱིར་མི་ལྡོག་པར་འགྱུར་བ་དེ་དག་ང་རྒྱལ་མེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ལོ་ཐོག་ཡོངས་སུ་རྫོགས་པ་ནི་གཡུར་ཟའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དཀར་པོའི་ཆོས་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་འདུད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། གང་ས་ཆེན་པོ་འདི་ཚིག་པར་བྱེད་པའི་སྲེག་པའི་བསྐལ་པའི་མེ་དེ་ནི་གང་ནས་ཀྱང་མི་འོང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་མེ་གང་གིས་བག་ཆགས་ཀྱི་མཚམས་སྦྱོར་བར་གྱུར་པའི་ཉོན་མོངས་པ་རྣམས་བསྲེགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་


DKG058_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་གང་ནས་ཀྱང་མི་འོང་ངོ་། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཚིག་པའམ། མ་ཚིག་པ་ཡང་རུང་སྟེ་ནམ་མཁའི་ངོ་བོ་ཉིད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཡང་རུང་མངོན་པར་རྫོགས་པར་འཚང་མི་རྒྱ་ཡང་རུང་སྟེ་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་ཕྱིར་དེ་བཞིན་གཤེགས་པས་དཔེ་ཉེ་བར་བཀོད་པ་བསྟན་པ་འདི་དག་བྱང་ཆུབ་སེམས་དཔའ་གང་དག་གིས་ཐོས་ནས་མོས་པར་འགྱུར་བ་དེ་དག་ཐམས་ཅད་དཔེ་འདི་ལྟ་བུ་གྲུབ་པ་ཉིད་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དཔེའི་ཕྲེང་བ་བསྟན་པ་འདི་བཤད་པ་ན་སྲོག་ཆགས་ཉི་ཁྲི་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སངས་རྒྱས་བྱང་ཆུབ་མཆོག་ཏུ་བལྟ་དཀའ་སྟེ། །ཟབ་ཅིང་ཕྲ་ལ་དྲི་མེད་ཅི་ཡང་མེད། །དེ་བས་མི་གང་རྣམ་འཚང་རྒྱ་འདོད་པ། །དེས་འདིར་ཆོས་རྣམས་ལ་ནི་ཐོགས་མི་བྱ། །ཡེ་ཤེས་ཤིན་ཏུ་དག་ཅིང་བཅོས་མ་མིན། །ཀུན་ཏུ་སྣང་བར་གྱུར་ཅིང་འོད་གསལ་ཏེ། །དྲི་མེད་ཕྱག་རྒྱ་ལ་ནི་རབ་གནས་པས། །བྱང་ཆུབ་དམ་པ་འདི་ལ་རེག་པར་ནུས། །སྔོན་གྱི་མཐའ་འམ་ཕྱི་མའི་མཐའ་ཡང་རུང་། །སེམས་ནི་དག་ཅིང་རང་བཞིན་འོད་གསལ་ལོ། །ཉོན་མོངས་གང་གིས་ཡིད་ནི་ཉེར་ཉོན་མོངས། །དེ་དག་ཚུལ་བཞིན་གྱིས་ནི་ཡོངས་སུ་སྤངས། །འདི་ལ་བྱེད་པོ་མེད་ཅིང་ཚོར་པོ་མེད། །ཆོས་རྣམས་ཐམས་ཅད་རྗེས་མེད་ཡ་མ་བརླ། །གང་ཟག་མེད་ཅིང་བདག་གིས་བདག་མེད་བསྟན། །རྨི་ལམ་ངོ་བོ་ཉིད་དེ་ནམ་མཁའ་འདྲ། །འདི་དག་ལུས་ཀྱི་ལས་ཀྱིས་རབ་ཕྱེ་མིན། །ངག་གམ་སེམས་ཀྱིས་རྣམ་པར་བརྟགས་མ་ཡིན། །ཡང་དག་ཏུ་ན་བྱས་མིན་གཞན་མིན་ཏེ། །དེ་དག་ལ་ནི་དཔེ་བྱར་མི་ནུས་སོ། །ནམ་མཁའ་མཚུངས་ཤིང་དྲི་མེད་ངོ་བོ་ཉིད། །གཟུགས་ཅན་མ་ཡིན་བསྟན་དུ་ཡོད་མ་ཡིན། །མིག་གིས་


DKG058_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་མ་ཡིན་རྣ་སྣས་མིན། །ལྕེ་དང་ལུས་དང་ཡིད་རྣམས་ཀྱིས་ཀྱང་མིན། །མཚན་ཉིད་མ་ཡིན་མཚན་ཉིད་རྣམ་པར་ལོག། ཞི་བ་གནས་མེད་ཟླ་བའི་གཟུགས་བརྙན་འདྲ། །དེ་ལ་སེམས་མི་རྒྱུ་སྟེ་ཡིད་ཀྱང་མིན། །རྣམ་ཤེས་མ་ཡིན་འདུ་ཤེས་སེམས་པ་མིན། །དེ་དག་ཡེ་ཤེས་ལས་དང་དེ་བཞིན་དུ། །རྣམ་པར་ཤེས་པའི་ལས་ཀྱིས་ཤེས་མི་ནུས། །ཡི་གེ་རྣམས་ཀྱིས་ཆོས་འདི་བསྙད་པ་གང་། །སངས་རྒྱས་ཐུགས་རྗེ་འདི་ནི་བླ་ན་མེད། །སེམས་ཅན་གང་དག་སྔོན་ཆད་བྱས་ལྡན་ཞིང་། །དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་སུ་ཟིན། །དེ་དག་འདི་འདྲའི་ཆོས་འདི་ཐོས་ནས་ནི། །དགའ་བ་རྒྱ་ཆེན་ཟང་ཟིང་མེད་པ་འཐོབ། །འདི་ནི་ཅི་སེམས་ཅི་ཞིག་བྱེད་ཅིག་ཅེས། །དེ་དག་བདུད་ཀྱིས་སྐྱོན་ཆགས་མི་རྙེད་དེ། །སེམས་དང་སེམས་ཀྱི་སྤྱོད་ཡུལ་མི་ཤེས་ན། །བར་དུ་བདུད་ལས་བྱེད་པར་ག་ལ་འགྱུར། །བདུད་བཞི་འདི་ལས་ཤིན་ཏུ་འདས་ནས་ནི། །རིགས་པ་དང་ནི་བློ་དང་བསོད་ནམས་དང་། །ཚུལ་གྱིས་སངས་རྒྱས་སྤྱོད་ཡུལ་རབ་གནས་པ། །བྱང་ཆུབ་སྤྱོད་པ་དམ་པ་འདི་ལ་སྤྱོད། །གང་ཞིག་སེམས་ཅན་ཀུན་གྱི་སྤྱོད་ཤེས་པ། །དེ་ནི་བྱང་ཆུབ་སྤྱོད་མཆོག་འདི་ལ་སྤྱོད། །དེ་ཡིས་སྤྱོད་པ་རྣམ་མང་འདི་ཐོས་ནས། །དེ་ཡི་མཚན་ཉིད་ཆོས་ཀྱང་རབ་ཏུ་སྟོན། །འགྲོ་བའི་སྤྱོད་པ་འདི་ནི་སྣ་ཚོགས་ཏེ། །ཕན་ཚུན་དམིགས་པར་ཡང་དག་རབ་ཏུ་ལྡན། །བདག་ཆེན་དེ་དག་སྤྱོད་ཡུལ་དེ་ཤེས་ནས། །ཕྱད་པར་ངེས་པར་བསྟན་པ་ལུང་ཡང་སྟོན། །འདི་ན་སེམས་ཅན་ཆགས་མང་ཆགས་པ་ཡོད། །དེ་དག་ཞེ་སྡང་བག་ཉལ་རྣམ་པ་མང་། །དེ་དག་ཞེ་སྡང་ཉོན་མོངས་གཟིར་བར་སྣང་། །དེ་དག་གཏི་མུག་ཆེན་པོས་གནོད་པར་གྱུར། ། དེ་ལྟར་འགྲོ་བའི་སྤྱོད་པ་སྣ་ཚོགས་ཏེ། །དེ་ལ་འཇུག་པ་དང་ནི་མཚན་མ་དང་། །རྐྱེན་དང་དམིགས་པའང་ཁོང་དུ་ཆུད་བྱས་ལ། །དེ་ཡི་འོག་ཏུ་དེ་ཡི་མཚན་ཉིད་བསྟན། །ཀུན་ནས་ཞགས་པའི་དྲ་བར་རབ་བཅུག་པ། །རིག་པ་འཛིན་པའི་སྐྱེས་བུ་མཁས་པ་གསལ། །དེས་ནི་ཞགས་པ་ཐམས་ཅད་རབ་བཅད་ནས། །ཇི་ལྟར་འདོད་པ་བཞིན་དུ་མ་སྨད་འགྲོ། །དེ་ལྟར་བྱང་


DKG058_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་དཔའ་མཁས་པ། །འགྲོ་བ་ཀུན་ལ་སེམས་ཀྱི་བསམ་ཞུགས་ནས། །ཉོན་མོངས་དེ་དག་ཐམས་ཅད་རབ་བཅད་དེ། །སྒྲིབ་པ་མེད་པར་འགྲོ་བ་ཀུན་ལ་སྤྱོད། །ཉི་མའི་འོད་ལ་གྲོགས་ནི་བྱ་མི་དགོས། །སྦྲུལ་གདུག་ལ་ཡང་གྲོགས་བྱ་དགོས་མ་ཡིན། །སེང་གེའི་སྒྲ་ལ་གྲོགས་བྱ་མི་དགོས་ཏེ། །བྱང་ཆུབ་སེམས་དཔའ་ལ་ཡང་གྲོགས་མི་དགོས། །དེ་དག་གྲོགས་མེད་གཅིག་པུ་གཉིས་མེད་པར། །སངས་རྒྱས་ཆོས་མང་ཡང་དག་སྒྲུབ་པར་བྱེད། །བརྩོན་འགྲུས་དང་ནི་མཐུ་དང་སྟོབས་སུ་ལྡན། །འགྲོ་བའི་ཉོན་མོངས་རྣམས་ནི་རབ་ཏུ་འཇོམས། །ཇི་ལྟ་ཇི་ལྟར་མེས་ནི་རྩྭ་རྙེད་པ། །དེ་ལྟ་དེ་ལྟར་དེ་སྟོབས་ཕྱིར་ཞིང་འཕེལ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་སྲིད། །དེ་ལྟ་དེ་ལྟར་ཤེས་རབ་མེ་རབ་འཕེལ། །དཔེ་བསྟན་པའི་ལེའུ་སྟེ། བཞི་པའོ།། །།


previousབཞི་པ། དཔེ་བསྟན་པའི་ལེའུ། next