Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་རེ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་བྱམས་པ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
   
   


 
previousའཕགས་པ་བྱམས་པ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། next

འཕགས་པ་བྱམས་པ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG061_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་མཻ་ཏྲཱི་ཡ་པྲ་སྠཱ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྱམས་པ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་ལྔ་སྟོང་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲིའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་


DKG061_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤེས་པས་མངོན་པར་ཤེས་པ་ཡིན་ཞིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་ཡང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་རྩེ་བ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཡང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཞུས་ནས། དེའི་ཚེ་བཅོམ་ལྡན་འདས་ཅང་མི་གསུང་བར་དུས་ཡོལ་བར་མཛད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །བྱམས་པ་འདི་ལྟར་བྱས་པ་དང་། ཞུས་ནས་ཞུ་བ་ལུང་བསྟན་པའི་ཕྱིར་ཁྱོད་ལ་དེ་བཞིན་གཤེགས་པ་སྐབས་འབྱེད་པར་མཛད་དོ། །གལ་ཏེ་དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས་ཏེ་ཞུ་བར་མི་བྱེད། རང་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས་ཏེ་ཞུ་བར་མི་བྱེད། ཉན་ཐོས་ཀྱི་ཐེག་པ་ལས་བརྩམས་ཏེ་ཞུ་བར་མི་བྱེད། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཞུ་བར་མི་བྱེད། འདོད་ཆགས་དང་།


DKG061_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་དང་། གཏི་མུག་ཟད་པར་བྱ་བའི་ཕྱིར་ཞུ་བར་མི་བྱེད། ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ཞུ་བར་མི་བྱེད། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞུ་བར་མི་བྱེད་ན། དེ་ལྟར་ན་ཞུས་ནས་ཞུ་བ་ལུང་བསྟན་པའི་ཕྱིར་ཁྱོད་ལ་དེ་བཞིན་གཤེགས་པ་སྐབས་འབྱེད་པར་མཛད་དོ། །གལ་ཏེ་ཁྱོད་འདུ་བྱེད་རྣམས་ལས་ཡང་དག་པར་འདའ་བར་བྱ་བ་དང་། མྱ་ངན་ལས་འདས་པ་འཐོབ་པར་བྱ་བའི་ཕྱིར་ཞུ་བར་མི་བྱེད་དམ། གལ་ཏེ་ཁྱོད་བདེན་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞུ་བར་མི་བྱེད་དམ། ལམ་དང་། ལམ་བསྒོམ་པར་བྱ་བའི་ཕྱིར་ཞུ་བར་མི་བྱེད་དམ། གལ་ཏེ་ཁྱོད་འབྲས་བུ་ཐོབ་པར་བྱ་བ་དང་། མངོན་སུམ་དུ་བྱ་བའི་ཕྱིར་ཞུ་བར་མི་བྱེད་དམ། གལ་ཏེ་ཁྱོད་མི་གནས་པའི་ཕྱིར་དེ་བཞིན་གཤེགས་པ་ལ་ཞུ་བར་མི་བྱེད་དམ། ཡི་གེ་རྣམས་མི་བརྗོད་པར་ཞུ་བར་བྱེད་ན། དེ་ལྟ་ན་ཞུས་ནས་ཞུ་བ་ལུང་བསྟན་པའི་ཕྱིར་ཁྱོད་ལ་དེ་བཞིན་གཤེགས་པས་སྐབས་འབྱེད་པར་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། བྱམས་པ་ཇི་ཙམ་དུ་སྒྲོ་འདོགས་པ་དེ་ཙམ་དུ་ཆགས་པ་ཡོད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི་ཆགས་པ་མེད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་སྒྲོ་བཏགས་པ་སྒྲོ་བཏགས་པ་ཞེས་བྱ་བ། འཇམ་དཔལ་ཇི་ཙམ་གྱིས་ན་སྒྲོ་བཏགས་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། མཚན་མ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། སྨོན་པ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། ཇི་ལྟ་བ་བཞིན་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། ཡང་དག་པའི་མཐའ་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། མི་སྐྱེ་མི་འགག་མི་གནས་པ་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། མ་སྐྱེས་མ་བྱུང་བ་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན། ཆོས་ཐམས་ཅད་ནམ་མཁའ་དང་


DKG061_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད་ཀྱིས་མཉམ་པ་ཡིན་ན། བཙུན་པ་ཤཱ་ར་དྭ་ཏིའི་བུ་གང་དག་འདི་ལྟར་ཆོས་ཐམས་ཅད་མཉམ་པ་ལ་མི་མཉམ་པར་བརྟགས་ནས་མེད་བཞིན་དུ་སྒྲོ་འདོགས་པས་སྒྲོ་འདོགས་པར་བྱེད་དེ། འདི་ནི་སངས་རྒྱས་སོ། །འདི་ནི་ཆོས་སོ། །འདི་ནི་དགེ་འདུན་ནོ། །འདི་ནི་བདག་གོ །འདི་ནི་སེམས་ཅན་ནོ། །འདི་ནི་གང་ཟག་གོ །འདི་ནི་ཤེད་ལས་སྐྱེས་པའོ། །འདི་ནི་ཤེད་བུའོ། །འདི་ནི་བྱེད་པ་པོའོ། །འདི་ནི་ཚོར་བ་པོའོ། །འདི་ནི་ཆད་པའོ། །འདི་ནི་རྟག་པའོ། །འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་ཉན་ཐོས་སོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་ཁ་ན་མ་ཐོ་བ་དང་བཅས་པའོ། །འདི་ནི་ཁ་ན་མ་ཐོ་བ་མེད་པའོ། །འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། །འདི་ནི་འདུས་བྱས་སོ། །འདི་ནི་འདུས་མ་བྱས་སོ། །འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ། །འདི་ནི་དགེ་བའོ། །འདི་ནི་མི་དགེ་བའོ། །འདི་ནི་འཇིག་རྟེན་པའོ། །འདི་ནི་འཇིག་རྟེན་ལས་འདས་པའོ། །འདི་ནི་འཁོར་བའོ། །འདི་ནི་མྱ་ངན་ལས་འདས་པའོ། །འདི་ནི་དངོས་པོའོ། །འདི་ནི་དངོས་པོ་མ་ཡིན་པའོ། །འདི་ནི་ཡོད་པའོ། །འདི་ནི་མེད་པའོ། །འདི་ནི་ཐོབ་པའོ། །འདི་ནི་མངོན་པར་རྟོགས་པའོ། །འདི་ནི་མངོན་སུམ་དུ་བྱ་བའོ། །འདི་ནི་ལམ་མོ། །འདི་ནི་ལམ་གྱི་འབྲས་བུའོ་ཞེས་བྱ་བ་འདི་ནི་སྒྲོ་བཏགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་ར་དྭ་ཏིའི་བུ་མཉམ་པ་ཉིད་ནི་རྣམ་པར་རྟོག་པ་མེད་ཅིང་གང་དག་འདི་ལྟར་རྣམ་པར་རྟོག་པ་དེ་དག་ནི་མཉམ་པ་ཉིད་དུ་སྒྲོ་འདོགས་པ་ཡིན་ཏེ། མི་མཉམ་པར་སྒྲོ་འདོགས་པ་ནི་མ་ཡིན་ལ། གང་དག་མཐོང་བ་མེད་པར་མཉམ་པ་ཉིད་མཐོང་བ་དེ་དག་ནི་མཉམ་པ་ཉིད་མཐོང་བ་ཡིན། སྒྲོ་འདོགས་པ་ལ་སྤྱོད་པ་ནི་མི་མཉམ་པར་མཐོང་བ་ཡིན་ཞིང་། གང་དག་མཉམ་པ་ཉིད་ལ་སྒྲོ་མི་འདོགས་པ་དེ་དག་ནི་མཉམ་པ་ཉིད་མཐོང་བ་ཡིན་ལ། སྒྲོ་འདོགས་པ་ལ་སྤྱོད་པ་ནི་མཉམ་པ་ཉིད་མཐོང་བ་མ་ཡིན་པའི་ཕྱིར་རོ། །བསྟན་པ་འདི་བཤད་པ་ན་དགེ་སློང་


DKG061_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ཏེ། དགེ་སློང་དེ་དག་འདུལ་བ་ལ་དབང་མཛད་པའི་ཕྱིར་བཅོམ་ལྡན་འདས་ཅང་མི་གསུང་བར་དུས་ཡོལ་བར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁོ་བོ་ནི་ཉན་ཐོས་ཀྱི་ཐེག་པ་ལས་བརྩམས་ཏེ་དེ་བཞིན་གཤེགས་པ་ལ་ཞུ་བར་མི་བྱེད་དོ། །རང་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས་ཏེ། དེ་བཞིན་གཤེགས་པ་ལ་ཞུ་བར་མི་བྱེད་པ་ནས་ཁོ་བོ་ནི་མི་གནས་པའི་བར་དུ་དེ་བཞིན་གཤེགས་པ་ལ་ཞུ་བར་མི་བྱེད་དོ། །འཇམ་དཔལ་ཁོ་བོ་ནི་དེ་བཞིན་གཤེགས་པ་ལ་ཅི་ནས་དེ་བཞིན་ཉིད་དང་མི་འགལ་བ་དེ་ལྟར་ཞུ་བར་བྱེད་དོ། །འཇམ་དཔལ་ཁོ་བོ་ནི་གང་དག་དེ་བཞིན་ཉིད་དང་འགལ་བར་མི་བྱེད་པ་དང་། གང་དག་ཆོས་ཐམས་ཅད་དབེན་པ་ཉིད་ཀྱི་ཕྱིར་ཆོས་ཅི་ཡང་མི་དམིགས་པ་དང་། གང་དག་ཆོས་ཀྱི་དབྱིངས་མི་གཡོ་བ་ཉིད་ཀྱི་ཕྱིར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱིས་མི་གོས་པ་དང་། གང་དག་འཁོར་བ་མི་དམིགས་པ་ཉིད་ཀྱི་ཕྱིར་འཁོར་བ་ལས་འདའ་བར་མི་བྱེད་པ་དང་། གང་དག་གང་ནས་ཀྱང་འོང་བ་མེད་པ་ཉིད་དང་། གང་དུའང་འགྲོ་བ་མེད་པ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པར་མི་བྱེད་པ་དེ་དག་གི་ཕྱིར་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་དོ། །འཇམ་དཔལ་ཁོ་བོ་ནི་ཅི་ནས་ཀྱང་ཡི་གེ་རྣམས་ཀྱང་མི་བརྗོད་ཚིག་གི་ལམ་ལ་ཡང་མི་དཔྱོད་ལ། ཤེས་རབ་ཀྱིས་ཀྱང་བྱེ་བྲག་ཕྱེད་པར་འགྱུར་བ་དང་། ཤེས་པ་ཡང་གང་ཡང་མེད་ལ། འདི་ལ་རྣམ་པར་གྲོལ་བ་ཡང་གང་ཡང་མེད་པ་དེ་ལྟར་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་སྟོང་པ་ཉིད་ཀྱི་ཕྱིར་དང་། ཐམས་ཅད་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ནས་འཁོར་དེར་བྱང་ཆུབ་སེམས་དཔའ་གང་དག་འདུས་པར་གྱུར་པ་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་དེ་ཁོ་ན་ལྟར་ལྡེམ་པོ་ངག་སྣྲེལ་ཞིར་འདུག་པའི་ཚིག་འདི་དག་ཀྱང་སྟོན་ལ་བརྗོད་པ་ཐམས་ཅད་ཀྱང་


DKG061_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་དང་འཐུན་པར་སྦྱོར་བ་ལས་ན་ཟབ་མོའི་ཤེས་རབ་དང་ལྡན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་དེ་ཙམ་དུ་ཟབ་མོའི་བཟོད་པ་ལ་ངེས་ཤིང་ཤེས་རབ་དང་། སྤོབས་པ་སྟོན་པ་ལ་མཁས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཡུན་ཇི་སྲིད་ཅིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པའི་སླད་དུ་དེ་བཞིན་གཤེགས་པས་ལེགས་པར་བཀའ་སྩལ་དུ་གསོལ། དེ་ལྟར་བགྱིས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ཀྱིས་གནས་དེ་དག་ཀྱང་ཐོས་ལ། འཇུག་པ་དེ་ཡང་ཐོས་ནས་སླར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྩོན་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་སྤྱོད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་སྔོན་གྱི་རྒྱལ་བ་རྣམས་ལ་བྱ་བ་བྱས་སོ། །དགེ་བའི་རྩ་བ་བསྐྱེད་དོ། །ཟབ་མོའི་བཟོད་པ་དང་ལྡན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཡང་དག་པར་ཞུགས་ཏེ། བསྐལ་པ་བརྒྱད་ཁྲི་བཞི་སྟོང་ལོན་ནས་དེའི་འོག་ཏུ་གདོད་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་


DKG061_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་གང་གི་ཐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཚན་ཅི་ལགས་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣམ་པར་རྩེ་བ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཡུན་རིང་ཞིང་ཚད་མེད། བསམ་གྱིས་མི་ཁྱབ། དཔག་ཏུ་མེད་པའི་སྔ་རོལ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་བཟངས་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་གསེར་བཟངས་འོད་ཀྱི་སྤུའི་ཁུང་བུ་རེ་རེ་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་བྱུང་སྟེ། དེ་བཞིན་གཤེགས་པའི་འོད་ཟེར་དེ་དག་ཀྱང་གསེར་གྱི་འོད་ལྟར་བཟང་ལ་འོད་ཟེར་རེ་རེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རེ་རེ་འོད་ཀྱིས་སྣང་བར་བྱེད་དོ། །འོད་ཟེར་རེ་རེས་ཀྱང་པད་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་ཤར་ཕྱོགས་འགེངས་པར་བྱེད་དོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། ཕྱོགས་མཚམས་དང་། སྟེང་དང་། འོག་ཀྱང་དེ་དང་འདྲའོ། །ཕྱོགས་རེ་རེར་ཡང་དེ་བཞིན་གཤེགས་པ་རེ་རེས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འགེངས་པར་


DKG061_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དོ། །དེ་བཞིན་གཤེགས་པའི་སྐུ་རེ་རེས་ཀྱང་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་སངས་རྒྱས་དང་། ཆོས་རྣམས་ལ་འདུལ་བར་མཛད་དེ། ཕྱིར་མི་ལྡོག་པ་ལ་འགོད་དེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་དེའི་གསེར་གྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་རྟག་ཏུ་སྣང་བར་བྱེད་དོ། །སངས་རྒྱས་ཀྱི་ཞིང་དེ་ན་ཉི་མ་དང་ཟླ་བ་གཉིས་ཀྱི་མིང་མེད་དོ། །རྒྱུ་སྐར་དང་། གཟའ་དང་། སྐར་མ་དང་། མེའི་འོད་ཀྱི་མིང་ཡང་མི་གྲག་གོ །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་ན་སངས་རྒྱས་ཀྱི་ཞིང་དེ་ན་ཇི་ལྟར་གདུགས་མཚན་རྣམ་པར་གཞག་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་ཀྱི་སངས་རྒྱས་ཀྱི་ཞིང་དེ་ན་ས་གཞི་ཆེན་པོ་དེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ཡིན་ཏེ། ལག་མཐིལ་ལྟར་མཉམ་པར་འགྱུར་ལ་རིན་པོ་ཆེ་སྣ་བདུན་གྱི་ས་གཞི་ཆེན་པོ་དེ་ལས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་པད་མ་ཤིང་རྟའི་ཕང་ལོ་ཙམ་ལ་མཛེས་ཤིང་བལྟ་ན་སྡུག་པ་དང་། དྲི་ཞིམ་པོའི་ངད་ལྡང་ལ་ཡིད་དུ་འོང་བ་དག་མངོན་པར་འཕགས་ཏེ། པད་མ་རེ་རེ་ལས་དྲི་བསུང་གི་ངད་ལྡང་བའི་དྲི་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྱབ་སྟེ། སེམས་ཅན་གང་དག་གིས་དྲི་དེ་ཚོར་བ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་སོ། །པད་མ་དེ་དག་ཀྱང་སྔ་དྲོའི་དུས་ཀྱི་ཚེ་ན་མེ་ཏོག་རྒྱས་ལ། ཕྱེམ་རེད་ཀྱི་དུས་ཀྱི་ཚེ་ནི་རྙིས་པར་འགྱུར་ཏེ། དེས་ན་སེམས་ཅན་དེ་དག་འདི་སྙམ་དུ་སེམས་ཏེ། ཕྱེམ་རེད་ཀྱི་དུས་ལ་བབ་པོ་སྙམ་མོ། །རིགས་ཀྱི་བུ་དེ་ལྟར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་ཀྱི་སངས་རྒྱས་ཀྱི་ཞིང་དེ་ན་ཉིན་མཚན་རྣམ་པར་གཞག་པར་


DKG061_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པ་ཡོད་དོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེ་ན། མི་ཁོམ་པ་བརྒྱད་ནི་ཐ་ན་མིང་ཙམ་ཡང་མེད་དོ། །སྡུག་བསྔལ་བའི་མིང་ཙམ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་མིང་ཙམ་ཡང་མེད་དོ། །སངས་རྒྱས་ཀྱི་ཞིང་དེ་ནི་བྱང་ཆུབ་སེམས་དཔའ་འཁྲིག་པའི་ཆོས་དང་བྲལ་བ། དྲི་ང་བ་མེད་པ་འབའ་ཞིག་གིས་ཡོངས་སུ་གང་བར་གྱུར་ཏོ། །འདུས་པ་རེ་རེ་ལ་འང་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བཅུ་གཉིས་ཡོད་དེ། དེའི་མཇུག་ཏུ་བཅོམ་ལྡན་འདས་དེའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་གྲངས་མེད་པ་འདུས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་དེ་ཡང་ཆོས་གཞན་མི་སྟོན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕྱིར་མི་ལྡོག་པའི་འཁོར་ལོ་འབའ་ཞིག་སྟོན་པར་མཛད་དོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། འདི་ལྟ་སྟེ། ཆོས་གང་ཡང་དེ་བཞིན་ཉིད་ལས་ཕྱིར་མི་ལྡོག་པ་དང་། ཆོས་གང་ཡང་ཆོས་ཀྱི་དབྱིངས་ལས་ཕྱིར་མི་ལྡོག་པ་དང་། ཆོས་གང་ཡང་ཡང་དག་པའི་མཐའ་ལས་ཕྱིར་མི་ལྡོག་པ་དང་། འདོད་ཆགས་འདོད་ཆགས་ཀྱི་ངོ་བོ་ཉིད་ལས་ཕྱིར་མི་ལྡོག་པ་དང་། ཞེ་སྡང་ཞེ་སྡང་གི་ངོ་བོ་ཉིད་ལས་ཕྱིར་མི་ལྡོག་པ་དང་། གཏི་མུག་གཏི་མུག་གི་ངོ་བོ་ཉིད་ལས་ཕྱིར་མི་ལྡོག་པ་དང་། གཟུགས་གཟུགས་ཀྱི་ངོ་བོ་ཉིད་ལས་ཕྱིར་མི་ལྡོག་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་ཕྱིར་མི་ལྡོག་པ་དང་། མིག་མིག་གི་ངོ་བོ་ཉིད་ལས་ཕྱིར་མི་ལྡོག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཡིད་ཀྱི་ངོ་བོ་ཉིད་ལས་ཕྱིར་མི་ལྡོག་པ་དང་། ངོ་བོ་ཉིད་གང་ཡིན་པ་དེ་ནི་དངོས་པོ་མེད་ལ། དངོས་པོ་མེད་པ་གང་ཡིན་པ་དེ་ནི་གང་ནས་ཀྱང་ཕྱིར་མི་ལྡོག་ལ། གང་དུ་ཡང་མི་འཇུག་པའོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་དེ། སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་ལ་བྱང་


DKG061_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་སྡེ་སྣོད་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་སྟོན་ཏོ། །དེའི་ཚེ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་གླིང་བཞི་པའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་གསེར་མདོག་ཅེས་བྱ་བ་ཞིག་བྱུང་ངོ་། །རིགས་ཀྱི་བུ་རྒྱལ་པོ་གསེར་མདོག་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་བཅས་པ་ལ་ལོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིའི་བར་དུ་མཆོད་པ་དང་བསྙེན་བཀུར་ཐམས་ཅད་ཀྱིས་བསྙེད་བཀུར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་སོ། །རིགས་ཀྱི་བུ་འདི་ལྟར་རྒྱལ་པོ་ཆེན་པོ་བཞི་དང་ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་འཁོར་དང་བཅས་པས་ཀྱང་རྒྱལ་པོ་གསེར་མདོག་གི་བསམ་པ་རིག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟངས་འོད་དེ་ལ་བསྙེན་བཀུར་བྱ་བར་སྤྲོ་བར་གྱུར་ཏོ། །རིགས་ཀྱི་བུ་རྒྱལ་པོ་གསེར་མདོག་དེས་འཁོར་གྱི་ཁྱམས་དཔག་ཚད་བརྒྱད་ཅུ་རྩ་བཞི་པ་ཞིག་བྱས་ཏེ། འཁོར་གྱི་ཁྱམས་དེར་དར་གྱི་ལྡ་ལྡི་ནི་བྲེས། མེ་ཏོག་གིས་ནི་པུས་མོ་ནུབ་པ་ཙམ་དུ་ཁྱབ་པར་བྱས། སྟེང་གི་བར་སྣང་ལ་ནི་མུ་ཏིག་དམར་པོའི་དྲ་བ་བྲེས། སྙིང་པོའི་སྤོས་ཀྱི་མཆོག་གིས་ནི་བདུགས་ཏེ། འཁོར་གྱི་ཁྱམས་དེར་དེ་བཞིན་གཤེགས་པ་དེའི་གདན་བྱེ་བ་འབུམ་ཕྲག་དགུ་བཅུ་རྩ་དགུ་རི་བའི་རས་བཅོས་བུ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་བཏིང་བ་ཁྲིའི་རྐང་པ་རིན་པོ་ཆེ་དུ་མས་སྤྲས་པ་ཞིག་བཤམས་སོ། །བྱང་ཆུབ་སེམས་དཔའ་རེ་རེའི་སྟན་ཡང་བྱེ་བ་ཕྲག་འབུམ་རི་བ་དག་བཤམས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་དེ་དཔག་ཚད་ཉིས་སྟོང་ན་བཞུགས་ཏེ། རིགས་ཀྱི་བུ་འདི་ལྟར་རྒྱལ་པོ་གསེར་མདོག་གིས་གཤེགས་ཤུལ་དཔག་ཚད་ཉིས་སྟོང་ལེགས་པར་བརྒྱན་ནས། འདི་ལྟ་སྟེ། ལམ་དེའི་ངོས་གཡས་གཡོན་དུ་སྟེགས་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་དག་བྱས་སོ། །ལམ་དེ་ཡང་པུས་མོ་ནུབ་པ་ཙམ་དུ་མེ་ཏོག་གིས་ཁེབས་པར་བྱས་སོ། །སྟེང་གི་བར་སྣང་ལ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བའི་


DKG061_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བླ་རེ་བྲེས་སོ། །སྟེགས་བུ་དེ་དག་ལ་ཡང་རིན་པོ་ཆེའི་ཤིང་ལྗོན་པ་འཕང་དུ་མདའ་རྒྱང་གང་ཙམ་ཡོད་པ་དག་བཙུགས་སོ། །རིན་པོ་ཆེའི་ཤིང་ལྗོན་པ་གཅིག་ནས་རིན་པོ་ཆེའི་ཤིང་ལྗོན་པ་གཅིག་ཏུ་རིན་པོ་ཆེའི་ཐག་གུ་བྲེས་སོ། །རིན་པོ་ཆེའི་ཤིང་ལྗོན་པ་གཉིས་གཉིས་ཀྱི་བར་དུ་རྫིང་རིན་པོ་ཆེའི་སྟེགས་བུས་བསྐོར་བ་གསེར་གྱི་བྱེ་མ་བདལ་བ། བཻ་དཱུཪྱའི་ཐེམ་སྐས་ཀྱི་རིམ་པ་དང་བཅས་པ། མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་གང་བ། ངུར་པ་སྐད་འབྱིན་པ་དང་ལྡན་པ་དག་བྱས་སོ། །དེ་བཞིན་དུ་རིན་པོ་ཆེའི་ཤིང་ལྗོན་པའི་བར་ཐམས་ཅད་དུ་ཡང་རྫིང་དག་བྱས་ཏེ་བཀོད་པ་དེ་ཁོ་ན་དང་འདྲ་བར་བཀོད་དོ། །རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་ཀྱི་དྲུང་དུ་མེ་ཏོག་སིལ་མ་ཐོགས་པའི་མི་ལྔ་བརྒྱ་ལྔ་བརྒྱ་བཀོད་དོ། །རིན་པོ་ཆེའི་སྤོས་ཀྱི་སྣོད་ཐོགས་པའི་མི་ལྔ་བརྒྱ་ལྔ་བརྒྱ་བཀོད་དོ། །རྔ་བོ་ཆེ་དང་། རྫ་རྔ་དང་། ཁར་རྔ་དང་། ཀིམ་པ་ལ་དང་། པི་བང་དང་། ཁར་དཀྲོལ་ལ་སོགས་པ་རོལ་མོའི་ཆ་སྤྱད་རྣམ་པ་སྣ་ཚོགས་ཐོགས་པའི་མི་ལྔ་བརྒྱ་ལྔ་བརྒྱ་བཀོད་དོ། །གདུགས་དང་། རྒྱལ་མཚན་དང་། བ་དན་ཐོགས་པའི་མི་ལྔ་བརྒྱ་ལྔ་བརྒྱ་བཀོད་དོ། །དེ་ལྟར་རིན་པོ་ཆེའི་ཤིང་ལྗོན་པ་རེ་རེའི་དྲུང་ཐམས་ཅད་དུ་མི་བརྒྱ་ཕྲག་དེ་སྙེད་དེ་སྙེད་བཀོད་ནས། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟངས་འོད་ཕན་ཚུན་དུ་གཤེགས་པ་དེའི་ཚེ་ཁྱོད་ཀྱིས་མེ་ཏོག་སིལ་མ་འདི་དག་གིས་གཏོར་ཅིག །ཙན་དན་གྱི་ཕྱེ་མ་འདི་དག་གིས་གཏོར་ཅིག །པོག་པོར་འདི་དག་གིས་བདུགས་པར་གྱིས་ཤིག །སིལ་སྙན་འདི་དག་ཀྱང་དཀྲོལ་ཅིག །གདུགས་དང་། རྒྱལ་མཚན་དང་། བ་དན་འདི་དག་ཀྱང་སྒྲེངས་ཤིག་ཅེས་བསྒོའོ། །རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་ཀྱི་དྲུང་དུ་རིན་པོ་ཆེའི་མེ་ཏོག་གི་སྣོད་ཐོགས་པའི་མི་ལྔ་བརྒྱ་ལྔ་བརྒྱ་ཡང་བཀོད་དོ། །ལྷག་མ་རྣམས་ཀྱང་དེ་བཞིན་དུ་སྦྱར་ཏེ། གང་གི་ཚེ་དེ་བཞིན་གཤེགས་པ་དེ་ལམ་འདི་ནས་ཕན་ཚུན་དུ་གཤེགས་པ་དེའི་ཚེ་ཁྱོད་ཀྱིས་རིན་པོ་ཆེའི་མེ་ཏོག་འདི་དག་གིས་གཏོར་ཅིག་ཅེས་བསྒོའོ། །རིགས་ཀྱི་བུ་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་


DKG061_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་བཟངས་འོད་དེ། གཙུག་ལག་ཁང་དེ་ནས་བྱུང་མ་ཐག་ཏུ་འཁོར་གྱི་ཁྱམས་སུ་གཤེགས་ཏེ་དེའི་བར་དུ་གཙུག་ལག་ཁང་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བ་བྱུང་ངོ་། །རིགས་ཀྱི་བུ་འདི་ལྟར་ལམ་དཔག་ཚད་ཉིས་སྟོང་པོ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ཕན་ཚུན་དུ་འདོམ་རེ་རེ་ཙམ་ན་འགྲེང་ངོ་། །རིགས་ཀྱི་བུ་འདི་ལྟར་དེ་བཞིན་གཤེགས་པ་དེ་ཕན་ཚུན་དུ་གཤེགས་པ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་རེ་རེའི་མགོ་བོའི་དྲང་ཐད་ཀྱི་སྟེང་ན་དངུལ་གྱི་གདུགས་དཀར་པོ་གསེར་གྱི་རྩ་བ་ཅན། མུ་ཏིག་དམར་པོའི་དྲ་བས་གཡོགས་པ་གསེར་གྱི་དྲིལ་བུ་གཡེར་ཀའི་དྲ་བས་བསྐོར་བ། མ་བཟུང་བར་ནམ་མཁའ་ལ་ཕན་ཚུན་དུ་འགྲོའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་དང་འདྲའོ། །རིན་པོ་ཆེའི་གདུགས་དེ་དག་ལ་དྲིལ་བུ་གཡེར་ཀའི་དྲ་བ་བཏགས་པ་གང་ཡིན་པ་དེ་དག་རླུང་གིས་བསྐྱོད་པ་ལས་སྒྲ་སྙན་ཅིང་ཡིད་དུ་འོང་བ་འབྱུང་སྟེ། རིན་པོ་ཆེའི་གདུགས་དེ་དག་རླུང་གིས་བསྐྱོད་པ་ལས་སྒྲ་ཇི་ལྟ་བུ་འབྱུང་བ་དེ་འདྲ་བ་ནི་སིལ་སྙན་ཡན་ལག་འབུམ་དང་ལྡན་པ་ལས་ཀྱང་མི་འབྱུང་ངོ་། །རིན་པོ་ཆེའི་གདུགས་དང་དྲིལ་བུ་གཡེར་ཀ་དེ་དག་དང་། རིན་པོ་ཆེའི་ཤིང་ལྗོན་པའི་ལོ་མ་དེ་དག་དང་། རིན་པོ་ཆེའི་ཐག་གུ་དེ་དག་དང་། རིན་པོ་ཆེའི་སྟེགས་བུ་དེ་དག་དང་། སིལ་སྙན་དང་གླུ་དབྱངས་དེ་དག་ལས་ཀྱང་སངས་རྒྱས་ཀྱི་མཐུས་ཆོས་ཀྱི་སྒོ་རྣམ་པ་སྣ་ཚོགས་ཀྱི་སྒྲ་འབྱུང་སྟེ། དེ་ན་སེམས་ཅན་གང་དག་སྦྱིན་པ་ལ་མོས་པ་དེ་དག་གིས་ནི་སྦྱིན་པའི་སྒྲ་ཐོས་སོ། །གང་དག་ཚུལ་ཁྲིམས་ལ་མོས་པ་དེ་དག་གིས་ནི་ཚུལ་ཁྲིམས་ཀྱི་སྒྲ་ཐོས་སོ། །དེ་བཞིན་དུ་གང་དག་བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ལ་མོས་པ་དང་། གང་དག་ཤེས་རབ་ལ་མོས་པ་དེ་དག་གིས་ནི་ཤེས་རབ་ཀྱི་སྒྲ་ཐོས་སོ། །དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་སྒྲ་དང་། དེ་བཞིན་དུ་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་།


DKG061_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་སྒྲ་དང་། དེ་བཞིན་དུ་མངོན་པར་ཤེས་པ་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དག་གི་སྒྲ་འབྱུང་སྟེ། སེམས་ཅན་རྣམས་ཇི་ལྟ་བུར་མོས་པ་དེ་ལྟ་བུའི་སྒྲ་འབྱུང་ཞིང་ཐོས་སོ། །ཆོས་ཀྱི་སྒྲ་དེ་ཐོས་ནས་ཀྱང་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་དེ་ལམ་དེ་ནས་ཕན་ཚུན་དུ་གཤེགས་པ་ན། དབུའི་དྲང་ཐད་ཀྱི་སྟེང་གི་བར་སྣང་ལ་རིན་པོ་ཆེ་འབུམ་ཕྲག་དུ་མས་སྤྲས་པའི་ལྷའི་རིན་པོ་ཆེའི་གདུགས་མ་བཟུང་བར་འཕགས་ཏེ་ཕན་ཚུན་དུ་འགྲོའོ། །རིན་པོ་ཆེའི་གདུགས་དེ་དང་། དྲིལ་བུ་གཡེར་ཀ་དེ་དག་རླུང་གིས་བསྐྱོད་པ་ལས་ཀྱང་སྒྲ་སྙན་ཅིང་ཡིད་དུ་འོང་བ་འབྱུང་སྟེ། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཞེས་བྱ་བའི་ཆོས་བསྟན་པ་བྱུང་ངོ་། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟངས་འོད་དེའི་རིན་པོ་ཆེའི་གདུགས་དེ་ལས་བྱུང་བ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཞེས་བགྱི་བའི་ཆོས་བསྟན་པ་གང་ལགས་པ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལེགས་པར་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། དེ་བཞིན་གཤེགས་པའི་ཕྱག་རྒྱའི་བརྩམ་པ་ཙམ་ངས་བཤད་པར་བྱའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་དང་། མཚན་མ་མེད་པའི་ཕྱག་རྒྱ་དང་། སྨོན་པ་མེད་པའི་ཕྱག་རྒྱ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གནས་པ་མེད་པའི་ཕྱག་རྒྱ་དང་། དངོས་པོ་མེད་པའི་ཕྱག་རྒྱ་དང་། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དང་། དེ་བཞིན་ཉིད་ཀྱི་ཕྱག་རྒྱ་དང་། ཡང་དག་པའི་མཐའི་ཕྱག་རྒྱ་དང་། ཇི་ལྟ་བ་


DKG061_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ཕྱག་རྒྱ་དང་། འདོད་ཆགས་དང་བྲལ་བའི་ཕྱག་རྒྱ་དང་། དབེན་པའི་ཕྱག་རྒྱ་དང་། རྣམ་པར་གྲོལ་བའི་ཕྱག་རྒྱ་དང་། མཚན་ཉིད་མེད་པའི་ཕྱག་རྒྱ་དང་། བྱེད་པ་མེད་པ་དང་འགྲོ་བ་མེད་པའི་ཕྱག་རྒྱ་དང་། གཟུང་དུ་མེད་པ་དང་གནས་མེད་པའི་ཕྱག་རྒྱས་བཏབ་པའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ནམ་མཁའི་ཕྱག་རྒྱས་བཏབ་པའོ། །རིགས་ཀྱི་བུ་དཔེར་ན་ནམ་མཁའ་ལ་ནི་ཕྱག་རྒྱ་བརྐོ་བར་སླ་བ་ཡང་མ་ཡིན་ལ་ཕྱག་རྒྱར་ཡང་འདུག་པ་དང་། ཕྱག་རྒྱའི་འབུར་ཡང་གདགས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། གནས་ཀྱང་མེད། རྐྱེན་ཡང་མེད། རྒྱུ་ཡང་མེད། སྐྱེད་པ་ཡང་མེད། རྟེན་ཡང་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བ་དང་། ནམ་མཁའི་རྣམ་པ་ཅན་དང་། ནམ་མཁའི་ངོ་བོ་ཉིད་དང་། ནམ་མཁའ་སྟོན་པར་ཡང་དག་པར་ཤེས་པ་དང་། ནམ་མཁའ་ལ་ནི་ཆོས་ཐམས་ཅད་གདགས་སུ་མེད་པར་གནས་ཏེ་གདགས་པ་ཙམ་དུ་ཟད་དོ། །ཇི་ལྟར་ནམ་མཁའི་ཆོས་ཐམས་ཅད་གདགས་སུ་མེད་པར་གནས་ཏེ་གདགས་པ་ཙམ་དུ་ཟད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་གདགས་སུ་མེད་པར་གནས་ཏེ། གདགས་པ་ཙམ་དུ་ཟད་པར་ཡང་དག་པར་ཤེས་པ་དང་། གང་ཆོས་རྣམས་གདགས་པ་ཙམ་དུ་ཤེས་པ་དེ་ནི་དེ་བཞིན་ཉིད་དང་འགལ་བར་མི་བྱེད་པའོ། །གང་དེ་བཞིན་ཉིད་དང་འགལ་བར་མི་བྱེད་པ་དེ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཤེས་པའོ། །འདི་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་སྟེ། དེས་ན་དེ་བཞིན་ཉིད་ལ་རྨོངས་པར་མི་འགྱུར་རོ། །བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ལྔ་བརྒྱས་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བ་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པར་འཁོར་གྱི་ཁྱམས་དེར་གཤེགས་ཏེ་དེར་བྱོན་པ་ན་ལྷ་འབུམ་དག་མཆོད་པའི་


DKG061_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱ་བ་ལ་སྤྲོ་བར་གྱུར་ཏེ། མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་རྣམས་འཐོར་བར་བྱེད་དོ། །ལྷའི་མེ་ཏོག་མན་དཱ་ར་བའི་ཆར་ཡང་འབེབས་སོ། །སིལ་སྙན་བྱེ་བ་ཕྲག་འབུམ་དག་ཀྱང་དཀྲོལ་བར་བྱེད་དོ། །རིགས་ཀྱི་བུ་འདི་ལྟར་དེ་བཞིན་གཤེགས་པ་གསེར་བཟངས་འོད་དེ་འཁོར་གྱི་ཁྱམས་དེར་བཞུགས་པ་ན་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་མཆོད་པའི་ལས་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། བླ་མར་བྱ་བའི་ཕྱིར་ཉེ་བར་གནས་པར་གྱུར་ཏོ། །མཆོད་པ་ཇི་ལྟ་བུ་དག་གི་ཕྱིར་སྤྲོ་བར་གྱུར་ཅེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པར་བཞུགས་པ་ལ། བྱང་ཆུབ་སེམས་དཔའ་རེ་རེའི་རྒྱབ་ན་གླང་པོ་ཆེ་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཉེ་བར་གནས་ལ། གླང་པོ་ཆེའི་རྒྱལ་པོ་དེའི་སྣ་ལ་ཡང་འདི་ལྟ་སྟེ། རླུང་དང་ཉི་མ་བསྐྱབ་པའི་ཕྱིར་རིན་པོ་ཆེའི་གདུགས་གསལ་ཞིང་བལྟ་ན་སྡུག་པ་ཐོགས་པ་དང་། གླང་པོ་ཆེའི་རྒྱལ་པོ་ཐམས་ཅད་ཀྱི་སྣ་ལ་ཡང་མུ་ཏིག་སྔོན་པོ་གསལ་བའི་མུ་ཏིག་གི་དོ་ཤལ་འཕྱང་བ་དང་། མུ་ཏིག་གི་དོ་ཤལ་དེ་ལས་ཀྱང་ཆུ་བསིལ་ཞིང་བཻ་དཱུཪྱ་སྔོན་པོ་འདྲ་ལ་ཡན་ལག་བརྒྱད་དང་ལྡན་པ་འབབ་སྟེ། ཆུ་དེས་ཆུའི་བྱ་བ་བྱེད་པའོ། །བྱང་ཆུབ་སེམས་དཔའ་དག་འཁོད་མ་ཐག་ཏུ་འདི་ལྟ་སྟེ། ལྷའི་མཐུས་ལག་པ་གཡས་པ་ལ་རིན་པོ་ཆེའི་ལྷུང་བཟེད་བྱུང་བར་གྱུར་ཏོ། །ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་གི་ལྷུང་བཟེད་འཛིན་པར་བྱེད་དོ། །དེ་བཞིན་གཤེགས་པ་གསེར་བཟངས་འོད་དེ་ལ་ནི་ཚངས་པ་ཉིད་རིན་པོ་ཆེའི་གདུགས་ཐོགས་ཏེ་སྣམ་ལོགས་ན་འདུག་གོ །རིན་པོ་ཆེའི་གདུགས་དེ་ལས་ཀྱང་མུ་ཏིག་གི་དོ་ཤལ་དག་འཕྱང་ངོ་། །མུ་ཏིག་གི་དོ་ཤལ་དེ་དག་ལས་ཀྱང་ཆུ་བསིལ་ཞིང་བཻ་དཱུཪྱ་སྔོན་པོ་འདྲ་ལ་ཡན་ལག་བརྒྱད་དང་ལྡན་པ་འབབ་སྟེ། ཆུ་དེས་དེ་བཞིན་གཤེགས་པ་དེའི་ཆུའི་བྱ་བ་མཛད་དོ། །ལྷའི་དབང་པོ་བརྒྱ་བྱིན་ནི་བཅོམ་ལྡན་འདས་དེའི་ལྷུང་བཟེད་འཛིན་ཏོ། །རིགས་ཀྱི་བུ་འདི་ལྟར་དེ་བཞིན་གཤེགས་པ་དེ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པར་བཞུགས་


DKG061_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་ལ་ལྷ་མོ་རེ་རེ་མདུན་ན་འདུག་སྟེ། ལྷའི་སྤོས་དྲི་ཞིམ་པོ་སྣ་དུ་མ་མཆིག་ལ་འཐག་པར་བྱེད་དོ། །སྤོས་དེ་འཐག་པ་ན་ཡང་རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་སེར་བུ་ལྡང་སྟེ། སེར་བུ་དེས་བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ལ་སྤོས་ཀྱིས་ཕོག་པར་བྱེད་དོ། །སྐྱེས་བུ་དམ་པ་དེ་དག་ནི་དྲི་ང་བ་མེད་པ་སྟེ། དེ་དག་ནི་ལྷ་མོའི་འདུ་ཤེས་ཀྱང་འཇུག་པར་མི་བྱེད་ལ་དེ་དག་ནི་སྤོས་ཀྱི་མཚན་མ་ཡང་མི་སྐྱེད་ན་ཆགས་པར་ལྟ་ག་ལ་འགྱུར་ཏེ་དེ་ནི་གནས་མེད་དོ། །རིགས་ཀྱི་བུ་འདི་ལྟར་རྒྱལ་པོ་གསེར་མདོག་དེས་དེ་བཞིན་གཤེགས་པ་གསེར་བཟངས་འོད་བཞུགས་པར་རིག་ནས་བུ་སྟོང་དང་། བུད་མེད་བརྒྱད་ཁྲི་བཞི་སྟོང་དང་། རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དང་། ཁྱིམ་བདག་བརྒྱད་ཁྲི་བཞི་སྟོང་དང་། ཚོང་དཔོན་བརྒྱད་ཁྲི་བཞི་སྟོང་དང་། བློན་པོ་བརྒྱད་ཁྲི་བཞི་སྟོང་དང་། བུ་མོ་བརྒྱད་ཁྲི་བཞི་སྟོང་དང་། གཞན་ཡང་སྐྱེ་བོའི་ཚོགས་མང་པོ་དག་དང་ལྷན་ཅིག་ཏུ་རང་གི་ལག་ནས་བཅའ་བ་དང་བཟའ་བ་བསོད་པ་མང་པོ་མཆོག་ཏུ་གཙང་བས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །ཚིམ་པར་བྱས་ཤིང་ཅི་བཞེད་པ་བསྟབས་ཏེ་བཤོས་གསོལ་ནས་བསྩང་ལྡེར་གྱུ་སྟེ་ཕྱག་བཅབས་པར་རིག་ནས། དེ་བཞིན་གཤེགས་པ་ལ་བྱེ་བ་འབུམ་ཕྲག་དགུ་བཅུ་རྩ་དགུ་རི་བའི་རས་བཅོས་བུ་ཕྲུགས་ཅིག་ཕུལ་ལོ། །བྱང་ཆུབ་སེམས་དཔའ་རེ་རེ་ལ་ཡང་བྱེ་བ་ཕྲག་འབུམ་རི་བའི་རས་བཅོས་བུ་ཕྲུགས་རེ་རེ་ཕུལ་ལོ། །ཕུལ་ནས་ཀྱང་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་དང་། ཡུལ་མི་གཙོ་བོ་རྣམས་དང་ལྷན་ཅིག་ཏུ་ཐལ་མོ་སྦྱར་ནས་འདི་ལྟ་སྟེ། ཆོས་མཉན་པ་ལ་གུས་པའི་ཕྱིར་དེ་བཞིན་གཤེགས་པའི་སྤྱན་སྔར་འཁོད་དོ། །རིགས་ཀྱི་བུ་འདི་ལྟར་དེ་བཞིན་གཤེགས་པ་གསེར་བཟངས་འོད་དེས་སྐྱེ་བོའི་ཚོགས་ཆེན་པོ་གུས་པར་འཁོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཆོས་འདོད་པར་ཐུགས་སུ་ཆུད་ནས་སྒོ་སོ་སོ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་བཅོམ་


DKG061_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟངས་འོད་དེས་བསྟན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོ་སོ་སོ་བ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་དེ་ལེགས་པར་བཀའ་སྩལ་དུ་གསོལ། དེ་ལྟར་བགྱིས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ཀྱང་སྒོ་སོ་སོ་བའི་ཆོས་ཀྱི་རྣམ་གྲངས་དེ་ལ་སློབ་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་རྩེ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། སྒོ་སོ་སོ་བའི་ཆོས་ཀྱི་རྣམ་གྲངས་དེ་ལས་བརྩམ་པ་ཙམ་ཞིག་བཤད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོ་སོ་སོ་བ་ནི་གཞན་མ་ཡིན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཁོ་ནར་ཟད་དེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོ་སོ་སོ་བ་ནི་དེ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ཉིད་ལ་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་ཡང་བསྐོར། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་ལ། མ་འོངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་སྒོ་སོ་སོ་བ་འདི་ཉིད་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། ད་ལྟར་བྱུང་བའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་བཞུགས་ཤིང་འཚོ་ལ་གཞེས་པའི་དེ་བཞིན་གཤེགས་པའི་དེ་དག་ཀྱང་སྒོ་སོ་སོ་བའི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལ་བསླབས་ནས་བླ་ན་མེད་པ་ཡང་


DKG061_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའི་ཕྱིར་རོ། །རིགས་ཀྱི་བུ་གང་བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ཡང་དག་པར་སྨྲ་བས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཉིད་ཡང་དག་པར་སྨྲ་བས་སྨྲ་བའོ། །དེ་ལ་སྒོ་སོ་སོ་བ་དེའི་བྱེ་བྲག་ནི་གང་ཡིན། ཉེས་པ་ནི་གང་ཡིན། རྣམ་པར་གནོན་པ་ནི་གང་ཡིན། ངེས་པར་འབྱུང་བ་ནི་གང་ཡིན་ཞེ་ན། སེར་སྣའི་སེམས་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །ཀུན་ཏུ་འཛིན་པའི་སེམས་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །ཡོངས་སུ་འཛིན་པའི་སེམས་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །ནོར་ཀུན་ཏུ་སྲུང་ལ་བགོ་བཤའ་མི་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་གང་སེར་སྣའི་སེམས་རྣམ་པར་གནོན་ཅིང་བཅོམ་ནས་སྦྱིན་པ་ཡིད་ལ་བྱེད་པ་སྐྱེད་པ་དེ་ནི་དེའི་རྣམ་པར་གནོན་པ་ཡིན་ནོ། །དེ་ལོངས་སྤྱོད་ཇི་ལྟར་ཆུང་ཡང་རུང་། ལོངས་སྤྱོད་རྒྱ་ཆེན་པོ་དག་ཡོད་ཀྱང་རུང་སྟེ། དགེ་སྦྱོང་དང་། བྲམ་ཟེ་དང་། སློང་བ་རྣམས་ལ་བགོ་བཤའ་བྱེད་ལ་དེ་དགའ་བའི་སེམས་དང་། ཀུན་ཏུ་འཛིན་པ་མེད་པའི་སེམས་དང་། མགུ་བའི་སེམས་དང་། རྣམ་པར་སྨིན་པ་ལ་རེ་བ་མེད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བས་ཕན་པའི་དངོས་པོ་སྔོན་དུ་བཏང་བའི་སེམས་བསྐྱེད་པས་ལག་པ་བརྐྱང་སྟེ་སྦྱིན་པ་སྦྱིན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་སྒོ་སོ་སོ་བ་ལ་སློབ་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ངེས་པར་འབྱུང་བའོ། །རིགས་ཀྱི་བུ་འཆལ་པའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །ཉམས་པའི་ཚུལ་ཁྲིམས་དང་། འདྲེས་པའི་ཚུལ་ཁྲིམས་དང་། ཞིག་པའི་ཚུལ་ཁྲིམས་དང་། རལ་བའི་ཚུལ་ཁྲིམས་དང་། ནག་ནོག་གི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །བྱང་ཆུབ་སེམས་དཔའི་འཆལ་པའི་ཚུལ་ཁྲིམས་དང་། ཉམས་པའི་ཚུལ་ཁྲིམས་དང་། འདྲེས་པའི་ཚུལ་ཁྲིམས་དང་། ཞིག་པའི་ཚུལ་ཁྲིམས་དང་། རལ་བའི་ཚུལ་ཁྲིམས་དང་། ནག་ནོག་གི་ཚུལ་ཁྲིམས་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་སེམས་སམ། རང་སངས་


DKG061_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སེམས་སམ། དམིགས་པ་ཅན་གྱི་སེམས་བསྐྱེད་པ་དང་། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། དམིགས་པའི་ལྟ་བ་འདོད་པ་དང་། ཉན་ཐོས་ཀྱི་གཏམ་མམ། རང་སངས་རྒྱས་ཀྱི་གཏམ་མམ། དམིགས་པ་ཅན་གྱི་གཏམ་ལ་དགའ་བར་འཛིན་པ་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་འཆལ་བ་དང་། ཚུལ་ཁྲིམས་ཉམས་པ་དང་། ཚུལ་ཁྲིམས་འདྲེས་པ་དང་། ཚུལ་ཁྲིམས་ཞིག་པ་དང་། ཚུལ་ཁྲིམས་རལ་བ་དང་། ཚུལ་ཁྲིམས་ནག་ནོག་ཅན་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ལ་མི་སྤྱོད་པ་དང་། མི་སློབ་པ་ནི་ཚུལ་ཁྲིམས་འཆལ་བའི་རབ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པའི་བསླབ་པ་གཞན་ལས་འགལ་བ་བགྱིས་ན་ནི་ཚུལ་ཁྲིམས་འཆལ་བར་མི་འགྱུར་ལ། གང་གི་ཚེ་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་སམ། དམིགས་པ་ཅན་གྱི་སེམས་བསྐྱེད་པ་དེའི་ཚེ་ནི་ཚུལ་ཁྲིམས་འཆལ་བའི་རབ་ཏུ་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་བསླབ་པ་གཞན་ལས་འགལ་བར་བྱས་སམ། ངས་ལྟུང་བར་འགྱུར་བའི་ཆོས་བཞི་གང་དག་གསུངས་པ་དེ་དག་གི་ཉེས་པ་བྱས་སམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་འདུག་གམ། མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་། བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་སེམས་ཀྱང་མ་བཏང་མ་སྤངས་ཏེ། བྱང་ཆུབ་ཀྱི་སེམས་དང་མ་བྲལ་ལ། དམིགས་པ་ཅན་གྱི་སེམས་དང་། མངོན་པར་ཞེན་པའི་སེམས་ཀྱང་མི་སྐྱེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཁོ་ན་ཡིན་པ་དང་། ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ་ཁྲིམས་མ་འདྲེས་པ་དང་། ཚུལ་ཁྲིམས་


DKG061_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞིག་པ་དང་། ཚུལ་ཁྲིམས་མ་རལ་བ་དང་། ཚུལ་ཁྲིམས་ནག་ནོག་ཅན་མ་ཡིན་པར་གཟུང་བར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ལ་སྤྱོད་པ་དང་སློབ་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ལ་བར་དུ་གཅོད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སྡིག་པའི་ལས་བྱས་པས་སྲིད་པར་འགྲོ་བ་སྐྱེད་དུ་ཟིན་ཀྱང་འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་ཇི་ཙམ་དུ་སྲིད་པར་འགྲོ་བ་སྐྱེད་པ་དེ་ཙམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་བསླབ་པ་ཇི་ལྟར་བཅས་པ་ལ་བསླབས་སུ་ཟིན་ཀྱང་དེ་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་སམ། དམིགས་པར་ལྟ་བ་དང་ལྷན་ཅིག་སྟེན་པར་བྱེད་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལས་ཉམས་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཀྱི་སེམས་མི་གཏོང་ལ། དམིགས་པར་ལྟ་བའི་སེམས་ཀྱང་མི་སྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ལ་སྤྱོད་པ་དང་སློབ་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་གནོད་སེམས་ཀྱི་ཐ་བའི་ཉེས་པའི་སེམས་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །སེམས་ཅན་རྣམས་ལ་མི་སྙོམས་པའི་ཡིད་ལ་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །སེམས་ཅན་རྣམས་དང་ཆོས་རྣམས་ལ་ཐ་དད་པར་འདུ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །སེམས་ཅན་རྣམས་ལ་དམིགས་པ་ལ་རྟེན་པའི་བྱམས་པ་ཕྱོགས་གཅིག་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །སྟོང་པ་ཉིད་ལ་མི་བཟོད་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །འདི་ལ་ནི་སྦྱིན་ནོ། །འདི་ལ་ནི་མི་སྦྱིན་ནོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །འདི་ལ་ནི་ཡོན་དབུལ་ལོ། །འདི་ལ་ནི་མི་དབུལ་ལོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །འདི་ལ་ནི་ཆོས་བཤད་པར་བྱའོ། །འདི་ལ་ནི་ཆོས་བཤད་པར་མི་བྱའོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །འདི་ལ་ནི་བསྙེན་བཀུར་བྱའོ། །འདི་ལ་ནི་བསྙེན་བཀུར་མི་བྱའོ་


DKG061_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་སོ་སོར་འགྱེད་པར་བྱེད་དེ། འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་འཆལ་བའོ་སྙམ་དུ་སོ་སོར་ཕྱེ་ནས་ཚུལ་ཁྲིམས་འཆལ་བ་ལ་བརྙས་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། ཆོས་ཐམས་ཅད་ལ་སེམས་མཉམ་པར་བྱ་དགོས་ཤིང་ཉི་མ་དང་ཟླ་བའི་དཀྱིལ་འཁོར་འདྲ་བ་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་ལྟ་བུར་སྙོམས་པའི་སེམས་དང་། སྟོང་པ་ཉིད་ལ་བཟོད་པ་དང་ལྡན་པར་བྱ་དགོས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གང་སེམས་ཅན་གང་ཡང་ཡོངས་སུ་མི་གཏོང་ལ། མི་གནས་པའི་སེམས་དང་། ཚད་ངེས་པར་མི་བྱེད་པས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྙིང་རྗེ་བསྐྱེད་ཅིང་བྱམས་པས་མོས་པར་བྱས་ཏེ། ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་ལ། ཆོས་རྣམས་ལ་ཡང་སྟོང་ངོ་སྙམ་དུ་བཟོད་པ་པའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ལ་སྤྱོད་པ་དང་སློབ་པ་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་གང་འཁོར་བ་ལ་ཚད་ངེས་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པ་སྟེ། བསྐལ་པ་འདི་ཙམ་གྱི་བར་དུ་ནི་བདག་འཁོར་བར་བྱའོ། །བསྐལ་པ་འདི་ཙམ་གྱི་བར་དུ་ནི་འཁོར་བར་མི་བྱའོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །སེམས་ཅན་འདི་སྙེད་ཅིག་ནི་བདག་གིས་གྲོལ་བར་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་བདག་གིས་གྲོལ་བར་མི་བྱའོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །འདི་ནི་བརྩོན་འགྲུས་སོ། །བདག་ནི་བརྩོན་འགྲུས་ཅན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་གནོན་པ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔས་འདི་ལྟར་གོ་ཆ་བགོ་བར་བྱ་སྟེ། འཁོར་བའི་སྔོན་གྱི་མཐའ་མི་མངོན་ནོ་ཞེས་ཇི་སྐད་དུ་འབྱུང་བ་དེ་སྲིད་དུ་བདག་འཁོར་བ་ན་འཁོར་འཁོར་ཏེ།


DKG061_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་བདག་སེམས་ཅན་རེ་རེའི་ཕྱིར་ཡང་བསྐལ་པ་དེ་ཁོ་ན་སྙེད་དུ་འཁོར་བ་ན་འཁོར་བར་བྱ་དགོས་པར་གྱུར་ན་ཡང་བདག་གིས་སྤྲོ་བར་བྱའོ། །རྣམ་གྲངས་འདི་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཕྱི་མའི་མཐའི་མུར་ཐུག་པ་དེ་ཇི་སྲིད་པ་དེ་སྲིད་དུ་འཁོར་བ་ན་འཁོར་དགོས་ན་ཡང་བདག་གིས་སྤྲོ་སྟེ། དེ་ཡང་བརྩོན་འགྲུས་དང་། ང་རྒྱལ་དང་། བྱང་ཆུབ་ལ་མངོན་པར་ཞེན་པ་སྤངས་ལ་མི་དམིགས་པའི་བརྩོན་འགྲུས་ཀྱི་གོ་ཆས་སྤྲོ་བར་བྱའོ་སྙམ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་གོ་ཆ་བགོས་པ་དེ་ནི་བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ལ་སྤྱོད་པ་དང་སློབ་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གྲོང་དང་། གྲོང་ཁྱེར་དང་། གྲོལ་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་སོང་ན་སེམས་ཅན་རྣམས་ཀྱི་དོན་ནུས་ཤིང་ལྕོགས་ལ། འོས་ཡིན་བཞིན་དུ་དེ་དགོན་པའི་ཕྱོགས་དབེན་པ་ཞིག་ཏུ་འདུག་ནས་དབེན་པ་ན་སྤྱོད་ཅིང་བསམ་གཏན་གྱི་རོའི་དགའ་བ་དང་། བདེ་བ་ལ་རྟེན་ཅིང་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །བྱང་ཆུབ་སེམས་དཔའ་གང་སྦྱིན་པ་ཡང་སྦྱིན་པར་བྱེད་ལ་སྐྱོ་བ་ཡང་མེད། སེམས་ཀྱི་དམིགས་པ་ལ་ཡང་མི་སྟེན། ནང་དུ་ཡང་དག་འཇོག་ཀྱང་འཕེལ་བར་བྱེད། བསམ་གཏན་གྱི་རོ་མྱོང་བ་ཡང་མེད་མི་གནས་པའི་བསམ་གཏན་པ་ཡང་ཡིན་ན་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ལ་སྤྱོད་པ་དང་སློབ་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཤེས་ནས་འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་གང་ཡང་མེད་དོ་སྙམ་དུ་དེ་ལྟར་ཤེས་ནས་བདག་ཉིད་དུལ་བར་བྱ་བ་དང་། ཞི་གནས་ལ་རྣལ་འབྱོར་དུ་བརྩོན་པར་གནས་ལ། སེམས་ཅན་གཞན་ཕྱིན་ཅི་ལོག་ཏུ་དམིགས་པའི་འཛིན་འཁྲིས་ཟིན་པ་དེ་དག་ལ་སྟོང་པ་ཉིད་བདག་མེད་པའི་ཚུལ་དེ་མི་རྗོད་མི་སྟོན། བརྡ་སྤྲོད་པར་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་དེའི་ཐབས་ལ་མི་མཁས་པ་ཡིན་པར་རིག་པར་བྱ་སྟེ། ཉེས་པ་བྱེད་པ་ཡང་མ་ཡིན་ནོ། །བྱང་


DKG061_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཤེས་ཤིང་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་ཤེས་ནས། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་གང་ཡང་མེད་དོ་སྙམ་སྟེ། འདི་ལྟར་ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་འདི་དག་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། ཐམས་ཅད་ལ་མི་དམིགས་པའི་སེམས་དང་ལྡན་ལ། སེམས་ཅན་ཕྱིན་ཅི་ལོག་ཏུ་སེམས་ཤིང་དམིགས་པ་ཅན་གང་ཡིན་པ་དེ་དག་ཀྱང་ཕྱིན་ཅི་ལོག་གིས་ཟིན་ཅིང་དམིགས་པའི་སེམས་སུ་གྱུར་པ་དེ་ལས་རབ་ཏུ་གྲོལ་བར་བྱས་ནས། དེ་དག་ལ་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་ཆོས་སྟོན་ཅིང་དེ་དག་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ལ་འཛུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ལ་སྤྱོད་པ་དང་སློབ་པ་ཡང་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་བཤོས་གསོལ་ནས། འཁོར་གྱི་ཁྱམས་དེར་འཁོར་དེའི་ནང་དུ་བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་བཤད་དོ། །བཅོམ་ལྡན་འདས་དེས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སེམས་ཅན་ཚད་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །རིགས་ཀྱི་བུ་ངས་བསྐལ་པའམ། བསྐལ་པ་ལས་ལྷག་པར་བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བའི་ཆོས་ཀྱི་རྣམ་གྲངས་ལས་བརྩམས་ཏེ། ཆོས་བསྟན་དུ་ཟིན་ཀྱང་སྤོབས་པའམ། ཆོས་ཀྱི་སྒོ་རྣམས་ཟད་པར་མི་འགྱུར་མོད་ཀྱི་འོན་ཀྱང་དེའི་བརྩམས་པ་ཙམ་བསྟན་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་རྒྱལ་པོ་གསེར་མདོག་དེས་དེ་བཞིན་གཤེགས་པ་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་ལོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་ཐམ་པར་བཀོད་པ་དེ་ལྟ་བུ་དང་། བསྙེན་བཀུར་དང་། ཕུ་དུད་དུ་བྱ་བ་དེ་ལྟ་བུས་བཀུར་སྟི་བྱས། བླ་མར་བྱས། རིམ་གྲོ་བྱས། མཆོད་པ་བྱས་སོ།། །།


DKG061_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རྒྱལ་པོ་གསེར་མདོག་དེས་དེ་བཞིན་གཤེགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་གཙུག་ལག་ཁང་མ་བགྱིས་ལགས་སམ། དེ་བཞིན་གཤེགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་གང་ན་བཞུགས་བཞུགས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་རང་རང་གིས་སྤྲུལ་པའི་ཁང་པ་བརྩེགས་པའི་ནང་ན་གནས་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་ལོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་འདས་པའི་ཐ་མའི་ཉིན་པར་རྒྱལ་པོ་གསེར་མདོག་གིས་དེ་བཞིན་གཤེགས་པ་དེ་ལ་བཤོས་གསོལ། ཡོན་ཕུལ་ཏེ། སླར་གཤེགས་པར་རིག་ནས་བསམ་པ་འདི་ལྟ་བུ་ཞིག་བསམས་ཏེ། ཅི་བདག་གི་དགེ་བའི་རྩ་བ་འདི་བརྒྱ་བྱིན་དུ་འགྱུར་བར་ཡོངས་སུ་བསྔོ་བར་བྱའམ། འོན་ཏེ་ཚངས་པར་འགྱུར་བ་ཡོངས་སུ་བསྔོ་བར་བྱའམ། འོན་ཏེ་འཁོར་ལོས་སྒྱུར་བ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱ་སྙམ་མོ། །དེ་ནས་དེའི་སེམས་བསྐྱེད་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟངས་འོད་དེས་ཐུགས་སུ་ཆུད་དོ། །དེ་ནས་དེ་བཞིན་གཤེགས་པས་རྒྱལ་པོ་དེའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་རྒྱལ་པོ་དང་། སྐྱེ་བོའི་ཚོགས་མང་པོ་དེ་དག་གི་མདུན་དུ་སྟེང་གི་བར་སྣང་ལ་དེ་བཞིན་གཤེགས་པའི་སྐུ་དེ་ཁོ་ན་བཞིན་དུ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ལུས་ཤིག་སྤྲུལ་ཏེ། དེ་སྟེང་གི་བར་སྣང་དེ་ལ་འདུག་ནས་རྒྱལ་པོ་གསེར་མདོག་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །དཔེར་ན་མི་ནི་ཤེས་རབ་འཆལ། །བྱིས་པའི་རང་བཞིན་གྱུར་པ་ཞིག །རྒྱལ་པོ་བསྙེན་བཀུར་བྱས་ནས་ནི། །བྱ་དགའ་ཆུང་ངུ་


DKG061_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བར་བྱེད། །དེ་བཞིན་ལ་ལས་སངས་རྒྱས་ལ། །བསམ་གྱིས་མི་ཁྱབ་མཆོད་བྱས་ནས། །ཚངས་པ་བརྒྱ་བྱིན་རྒྱལ་པོའི་སྲིད། །དམའ་བའི་གནས་ལ་འདོད་པར་བྱེད། །རྒྱལ་པོར་གྱུར་དང་བརྒྱ་བྱིན་དང་། །དེ་བཞིན་ཚངས་པར་འགྱུར་བ་རྣམས། །འདི་དག་མི་རྟག་བརྟན་མ་ཡིན། །བརྙན་མ་ཡིན་ཏེ་འཇིག་ཚུལ་ཅན། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས། །སངས་རྒྱས་འཇིག་རྟེན་མཁས་རྣམས་ཀྱིས། །དེ་འདྲའི་སེམས་ནི་བསྔགས་པ་ཡིན། །རྒྱལ་པོ་ཁྱོད་ནི་ཡུལ་འཁོར་བཅས། །མཆོད་པ་རྒྱ་ཆེན་བྱས་ཟིན་གྱིས། །བྱང་ཆུབ་སེམས་ནི་བླ་ན་མེད། །རྒྱ་ཆེན་སེམས་ནི་ཁྱོད་ཀྱིས་བསྐྱེད། །དམའ་བའི་སྨོན་ལམ་མ་འདེབས་ཤིག །དེ་ནི་བྱིས་པའི་སྤྱོད་ཡུལ་ཡིན། །ཤེས་རབ་བཟང་པོ་མཁས་པར་གྱིས། །བྱང་ཆུབ་མཆོག་ལ་འཇུག་པར་གྱིས། །མྱ་ངན་འདས་པ་འདོད་པའི་ཕྱིར། །སངས་རྒྱས་དེ་བཞིན་གཤེགས་རྣམས་ལ། །གང་གིས་སྟོང་གསུམ་ཐམས་ཅད་ཀྱང་། །རིན་ཆེན་བཀང་སྟེ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ནས། །སེམས་ཀྱི་བྱང་ཆུབ་བསྔོ་བྱས་ལ། །ཚིག་ཏུ་བརྗོད་པ་མ་བྱས་ཀྱང་། །དེ་ནི་དེ་བས་ཤིན་ཏུ་ཆེ། །གང་གིས་སེམས་ཅན་ཐམས་ཅད་ལ། །བསྐལ་པ་བྱེ་བ་བརྗོད་མེད་དུ། །སེམས་ཅན་ཀུན་ལ་བསྙེན་བྱས་ཀྱང་། །དེ་ཡི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་ཐལ་སྦྱར་བྱང་ཆུབ་སེམས་བསྐྱེད་དང་། །ཕྱོགས་བཅུ་དག་ན་འཇིག་རྟེན་དོན་མཛད་པ། །རྣམ་འདྲེན་སངས་རྒྱས་གང་དག་བཞུགས་རྣམས་ལ། །བསོད་ནམས་འདོད་པའི་མི་འགས་སྔོན་ཆད་ཀྱི། །འཁོར་བར་བསྐལ་པ་བྱེ་བར་མཆོད་པ་བས། །མི་གང་མཁས་ཤིང་མཛངས་པའི་རང་བཞིན་ཅན། །བདེ་བར་གཤེགས་པའི་བསྟན་ལ་ཡིད་ཆེས་ཤིང་། །བྱང་ཆུབ་སེམས་ནི་བརྟན་པོར་བསྐྱེད་ནས་ཀྱང་། །བདེ་གཤེགས་མཆོད་རྟེན་ལ་ནི་མེ་ཏོག་འབུལ། །འདི་ནི་དེ་བས་བསོད་ནམས་ཁྱད་པར་བརྗོད། །བྱང་ཆུབ་སེམས་ཀྱིས་མེ་ཏོག་འབུལ་བྱེད་ལ། །བསོད་ནམས་སྔ་མ་དེ་ནི་དཔེར་མི་རུང་། །རྒྱ་མཚོ་དང་ནི་ཆུ་ཡི་ཐིགས་པ་བཞིན། །སངས་རྒྱས་ཞིང་འདིར་སེམས་ཅན་


DKG061_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་པ། །བསྐལ་པ་རེ་རེ་ལ་ནི་སངས་རྒྱས་གྱུར། །བསྐལ་པ་མང་པོར་ལས་གཞན་མི་བྱེད་པར། །བསོད་ནམས་བཤད་ཀྱང་མཐའ་ནི་ཐུག་པ་མེད། །དེ་དག་བྱང་ཆུབ་སེམས་ཀྱི་རྣམ་སྨིན་བསྟན། །བསྐལ་པ་མཐའ་ཡས་བར་དུ་བཤད་ན་ཡང་། །ཆུང་ཟད་ཙམ་ཡང་ཡོངས་སུ་བརྗོད་མི་འགྱུར། །ས་གཞི་དག་ལས་རྡུལ་ནི་བླངས་པ་བཞིན། །དེ་ལྟར་རྒྱལ་པོ་སྐྱེས་མཆོག་ཁྱོད་ཀྱིས་ཀྱང་། །བྱང་ཆུབ་སེམས་ཀྱི་ཕན་ཡོན་འདི་ཐོས་ནས། །མྱུར་དུ་བློ་གྲོས་དམའ་བ་ཀུན་སྤོངས་ལ། །བྱང་ཆུབ་ཕྱིར་ནི་རྒྱ་ཆེན་སེམས་སྐྱེད་ཅིག །འཇིག་རྟེན་འདྲེན་པ་གསེར་གྱི་མཆོད་སྡོང་འོད། །བསམ་གྱིས་མི་ཁྱབ་ཡོན་ཏན་ཀུན་ལྡན་པ། །དེ་ཡིས་བྱང་ཆུབ་སེམས་ཀྱི་རྣམ་པར་སྨིན། །འདི་འདྲ་ཞེས་ནི་ཕན་ཡོན་འདི་དག་བསྟན། །བྱང་ཆུབ་སེམས་ཀྱི་རྣམ་སྨིན་བསྟན་པ་ཡི། །བསོད་ནམས་དེ་ལ་གལ་ཏེ་གཟུགས་ཡོད་ན། །ཞིང་རྣམས་གང་གཱའི་བྱེ་སྙེད་གང་བྱས་ཀྱང་། །དེ་དག་བཀང་བས་ཆ་ཙམ་ཟད་པ་མེད། །རྗེས་སུ་བསྟན་པ་འདི་འདྲ་ཐོས་ནས་ཀྱང་། །རྒྱལ་པོའི་གཙོ་བོ་སེམས་ནི་དགའ་གྱུར་ཏེ། །སོར་མོ་བཅུ་ཡི་ཐལ་མོ་སྦྱར་བྱས་ནས། །སངས་རྒྱས་ཕྱག་འཚལ་ཞེས་ནི་ཚིག་ཏུ་སྨྲས། །བྱང་ཆུབ་ཕྱིར་ནི་བདག་གིས་སེམས་བསྐྱེད་དོ། །བདག་ནི་ཆོས་རྗེ་སངས་རྒྱས་གྲུབ་པར་ཤོག །བྱང་ཆུབ་རྡུལ་བྲལ་འདུས་མ་བྱས་རྟོགས་ནས། །སེམས་ཅན་གང་གཱའི་བྱེ་སྙེད་དགྲོལ་བར་བགྱི། །སངས་རྒྱས་སྐུ་དེས་ཚིགས་བཅད་འདི་བརྗོད་ནས། །དེ་ཚེ་རྒྱལ་པོའི་གཙོ་བོ་དགའ་གྱུར་པ། །ཤེས་ནས་སྟོང་གསུམ་ཐམས་ཅད་རབ་གཡོས་ཏེ། །ངང་པའི་རྒྱལ་པོ་བཞིན་དུ་མཁའ་ལས་སོང་། །རྒྱལ་པོ་གསེར་མདོག་སེམས་ནི་དང་གྱུར་ནས། །བུ་དང་བུ་མོ་དེ་བཞིན་ཆུང་མ་དང་། །རྒྱལ་པོ་དང་ནི་ཚོང་དཔོན་ཁྱིམ་བདག་རྣམས། །སངས་རྒྱས་ལ་ནི་ཕྱག་འཚལ་འདོང་ཞེས་བོས། །བྱེ་བ་བརྒྱ་ཕྲག་དྲུག་ཅུས་ཡོངས་བསྐོར་ཞིང་། །མེ་ཏོག་རྣམས་དང་ཕྲེང་དང་བདུག་པ་ཐོགས། །སངས་རྒྱས་ག་ལ་བར་ནི་གཉི་རྒྱུད་སོང་། །ཞབས་ལ་ཕྱག་འཚལ་ནས་ནི་ཕྱོགས་གཅིག་འདུག །དེ་བཞིན་བུ་དང་བུ་མོ་ཆུང་མ་དང་། །བློན་པོ་དང་ནི་ཚོང་


DKG061_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཁྱིམ་བདག་དང་། །རྒྱལ་པོ་གཞན་དང་དེ་བཞིན་འཁོར་གྱི་རྣམས། །དེ་དག་ཀྱང་ནི་ཕྱག་འཚལ་གུས་པར་འཁོད། །ལྷ་རྣམས་ཀྱིས་ཀྱང་དེ་བཞིན་བར་སྣང་ཐམས་ཅད་ཁྱབ། །སིལ་སྙན་དཀྲོལ་ཞིང་མེ་ཏོག་ཆར་པ་ཕབ། །གསེར་གྱི་མདོག་དེ་ཡུལ་གྱི་མིས་བསྐོར་ནས། །ཐལ་མོ་སྦྱར་བྱས་སངས་རྒྱས་ཞུ་བར་བྱེད། །སྟོབས་བཅུ་ལྡན་པ་དཔག་མེད་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་སྒྱུར་བ་ཁྱོད་ལ་ཞུ། །གང་གིས་བྱང་ཆུབ་སེམས་ནི་བརྟན་པོར་བསྐྱེད། །དེ་ཡི་བསོད་ནམས་ཇི་ཙམ་བསྐྱེད་འགྱུར་ལགས། །བཅོམ་ལྡན་ཇི་ལྟར་སྤྱོད་པ་སྤྱད་བགྱིས་ན། །བསྐལ་པ་མང་པོར་སྡུག་བསྔལ་མི་མཐོང་བར། །ངེས་པར་བདེ་དང་བདེ་བླག་ཚིམ་གྱུར་པས། །བྱང་ཆུབ་བདུད་རྩི་མྱ་ངན་མེད་པ་རྟོགས། །བདག་གཞར་རྐང་ལག་བཏང་ཡང་མི་འཚལ་ཞིང་། །མགོ་དང་རང་ཤ་སྩལ་བར་མི་འཚལ་བར། །བདག་ནི་ངེས་པར་བདེ་གནས་སྤྱོད་པ་ཡི། །ཐབས་འདིར་ཐུབ་པས་བདག་ལ་བསྟན་དུ་གསོལ། །རྟག་ཏུ་བདེ་དང་བདེ་བླག་ལྡན་པར་ཤོག །ནམས་ཀྱང་བདག་ལུས་སྡུག་བསྔལ་མ་གྱུར་ཅིག །བྱམས་དང་བཟོད་དང་དུལ་དང་སྡོམ་པ་ལ། །གནས་ནས་བདག་གིས་བྱང་ཆུབ་མཆོག་རེག་ཤོག །ལེ་ལོ་མ་མཆིས་རྟག་ཏུ་བསླབ་ལ་སློབ། །བདག་གིས་བསླབ་པ་ནམས་ཀྱང་གཞིག་མི་བགྱི། །འདྲེན་པ་བདག་ནི་དམ་བཅས་བརྟན་པར་བགྱི། །ནམས་ཀྱང་ཚིག་ཙམ་ལྷུར་ལེན་ཡོང་མི་བགྱིད། །རང་བྱུང་བསོད་ནམས་འབྲས་བུ་བདག་ལ་གསུངས། །དེ་བཞིན་གཤེགས་པ་ཐེག་པ་བདེ་བ་གསུངས། །ཇི་ལྟར་སྤྱོད་པའི་བསླབ་པ་བཀའ་སྩལ་གསོལ། །ཐོས་ནས་ཇི་ལྟར་བསྟན་བཞིན་གནས་པར་བགྱི། །གསེར་འོད་གསེར་བཀོད་འོད་བཟངས་དེས་གསུངས་པ། །ཀྱེ་ཀྱེ་ས་ཡི་བདག་པོ་མཉན་པར་གྱིས། །བདེ་བའི་རྒྱུ་ཡི་བསོད་ནམས་ཁྱོད་ལ་བཤད། །བསླབ་པའང་བཤད་ཀྱིས་དེ་ཕྱིར་ང་ལས་ཉོན། །གང་གིས་སྟོང་གསུམ་རིན་ཆེན་གང་བྱས་ལ། །སྟོབས་བཅུ་མངའ་བ་རྣམས་ལ་འབུལ་བྱེད་པ། །དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པ། །བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་འགྱུར། །གང་གིས་ཞིང་རྣམས་གང་གཱའི་བྱེ་མ་སྙེད། །རིན་ཆེན་གང་བར་བྱས་ནས་སྦྱིན་པ་བྱིན། །དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པ། །བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་


DKG061_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །གང་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ། །སེམས་ཅན་ཐམས་ཅད་ལ་ནི་མཆོད་པ་བྱེད། །དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པ། །བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་འགྱུར། །གལ་ཏེ་སེམས་ཅན་ཐམས་ཅད་དགྲ་བཅོམ་གྱུར། །ཡེ་ཤེས་དབང་ཐོབ་གྱུར་པ་དེ་དག་ལ། །བསོད་ནམས་འདོད་པའི་གང་ཟག་ལ་ལ་ཞིག །བསྐལ་པ་ཁྲག་ཁྲིག་བར་དུ་མཆོད་པ་བྱེད། །གང་གིས་སྙིང་རྗེ་བསྐྱེད་ནས་བྱང་ཆུབ་ཏུ། །རྒྱ་ཆེན་སེམས་ནི་སྐྱེད་པར་བྱེད་གྱུར་ཏེ། །སེམས་ཅན་ལ་ལ་གང་གིས་བྱང་ཆུབ་ཏུ། །སེམས་ཀྱི་གཙོ་བོ་བསྐྱེད་པ་བྱས་ནས་ཀྱང་། །གོམ་པ་བདུན་ནི་བོར་བའི་བསོད་ནམས་ནི། །དེ་བས་ཁྱད་པར་འཕགས་པར་འགྱུར་བ་ཡིན། །གལ་ཏེ་སེམས་ཅན་མཐའ་དག་སངས་རྒྱས་ཏེ། །སྤོབས་པ་མཐའ་ཡས་ལྡན་པ་ཉིད་གྱུར་ལ། །ཇི་ལྟར་སྔོན་གྱི་འཁོར་བའི་བསྐལ་པའི་བར། །སེམས་ཅན་གཅིག་པུས་མཆོད་པ་བྱས་པ་དང་། །མཁས་པའི་མི་ནི་གང་ཡང་རུང་བ་ཡིས། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་ནས་ཀྱང་། །མེ་ཏོག་གཅིག་པུ་ཕུལ་བའི་བསོད་ནམས་འདི། །དེ་བས་ཁྱད་པར་འཕགས་པར་འགྱུར་བ་ཡིན། །བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་ནི། །བསོད་ནམས་དེ་ཡི་བཤད་པ་བརྩམས་བྱས་ཀྱང་། །བསོད་ནམས་འབྲས་བུ་དེ་ཡི་བཤད་པ་ནི། །ནམས་ཀྱང་ཟད་པར་འགྱུར་བ་མ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟངས་འོད་དེས་རྒྱལ་པོ་གསེར་མདོག་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཆོས་གཅིག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་ཐེག་པ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལ། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ཡང་མི་འགྱུར་རོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བག་ཡོད་པ་སྟེ། རྒྱལ་པོ་ཆེན་


DKG061_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱང་ཆུབ་སེམས་དཔའ་བག་ཡོད་པ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ལ་བག་ཡོད་པ་གང་ཞེ་ན། འདི་ལྟ་སྟེ། བསླབ་པ་ཡོངས་སུ་མི་གཏོང་བ་དང་། དམ་བཅས་པ་ལས་མི་ཉམས་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པས་གནས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང་། བྱང་ཆུབ་ལ་འདུན་པ་བརྟན་པ་དང་། བརྩོན་འགྲུས་མི་གཏོང་བ་དང་། དགེ་བའི་བཤེས་གཉེན་རྣམས་ལ་སྟེན་ཅིང་བསྙེན་བཀུར་བྱེད་པ་དང་། ཆོས་ལ་གུས་པ་དང་། ཐོས་པ་མང་པོས་ཆོག་མི་ཤེས་པ་དང་། གཞན་དག་ལ་ཆོས་ཀྱི་བགོ་བཤའ་བྱེད་པ་དང་། ཟང་ཟིང་མེད་པར་ཆོས་སྟོན་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་རྣམས་མི་གཏོང་བ་དང་། འདོད་པ་ཉུང་བ་དང་། ཆོག་ཤེས་པ་དང་། ང་རྒྱལ་བཅོམ་པ་དང་། ཆོས་མཉན་པ་ལ་རྣ་བླགས་ཏེ་ཉན་པ་དང་། བླ་མ་ལ་གུས་པ་དང་། བཟོད་པ་ལ་གནས་པ་དང་། གནོད་སེམས་ཀྱི་ཐ་བའི་ཉེས་པ་རྣམ་པར་སྤངས་པ་དང་། ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་ལ་མོས་པ་དང་། དམིགས་པར་ལྟ་བ་ཐམས་ཅད་རྣམ་པར་སྤངས་པ་དང་། ནང་དུ་ཡང་དག་འཇོག་ལ་འདུན་པ་དྲག་པོ་དང་ལྡན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མི་གཡེལ་བ་དང་། འདུ་ཤེས་ཟློག་པ་དང་། བྲེ་མོའི་གཏམ་རྣམ་པར་སྤོང་བ་དང་། ལུས་དང་སེམས་དབེན་པར་གནས་པ་དང་། དགོན་པར་གནས་པ་དང་། སེམས་མཉེན་པ་དང་། ཚུལ་ཁྲིམས་མཆོག་ཏུ་མི་འཛིན་པ་དང་། བདག་ལ་མི་སྟོད་པ་དང་། གཞན་ལ་མི་སྨོད་པ་དང་། འགྱོད་པ་ཐམས་ཅད་ལས་ངེས་པར་འབྱུང་བར་བྱེད་པ་དང་། མངོན་པར་འབྱུང་བ་དང་། དགེ་སྦྱོང་གི་ཚུལ་ལ་རྒྱུན་དུ་དགའ་བ་དང་། གསོང་པོར་སྨྲ་བ་དང་། བཞིན་ཁྲོ་གཉེར་མེད་པ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་འཛུད་པ་དང་། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་རྟོགས་པ་འདི་ནི་བྱང་ཆུབ་སེམས་དཔའི་བག་ཡོད་པ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་གཞན་ཡང་བྱང་ཆུབ་སེམས་དཔའི་བག་ཡོད་པ་ནི་འདི་ལྟ་སྟེ། ཉན་ཐོས་


DKG061_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་སངས་རྒྱས་ཀྱི་སེམས་དང་། དམིགས་པར་ལྟ་བའི་སེམས་ཐ་ན་རྨི་ལམ་དུ་ཡང་ཡིད་ལ་མི་བྱེད་པ་སྟེ། རྒྱལ་པོ་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔའི་བག་ཡོད་པའོ། །རྒྱལ་པོ་ཆེན་པོ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། མགོ་བོ་དང་། རྐང་ལག་དང་། མིག་དང་། ཡན་ལག་དང་། ཤ་དང་། ཁྲག་དང་། རུས་པ་དང་། རྐང་དང་། ཚིལ་དང་། མདོག་དང་། པགས་པ་དང་། ལུས་ཐམས་ཅད་ཡོངས་སུ་གཏང་བ་ཡང་ཡོངས་སུ་གཏང་མི་དགོས་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་ཡང་འགྱུར་ལ། ཐེག་པ་བདེ་བས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་ཡིད་མ་བརྟན་པ་ཡིན་ཏེ། དེ་ནི་དགེ་བའི་རྩ་བ་གང་ཅི་བསྐྱེད་ཀྱང་རུང་སྟེ། དེ་ལ་བརྟན་པོར་གནས་ཤིང་ཞུམ་པ་མེད་པའི་སེམས་དང་ལྡན་ལ་ཐེག་པ་ཆེན་པོ་ལ་ཤིན་ཏུ་བརྟན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་ཡོངས་སུ་དག་པ། འཕགས་པ་དང་མཁས་པས་བསྔགས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཡོངས་སུ་ཟིན་པ་དང་ལྡན་པ་ཡིན་ཏེ། དེས་ནི་བདག་ཉིད་ཚུལ་ཁྲིམས་ལ་གནས་པར་རིག་ནས་ཆོས་ཀྱི་དགའ་བ་ཉམས་སུ་མྱོང་ངོ་། །རྒྱལ་པོ་ཆེན་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་བྱམས་པས་གནས་པ་དང་། བསམ་གཏན་ལ་བསམ་གཏན་པ་དང་། མི་གནས་པའི་བསམ་གཏན་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལ་གནས་ཤིང་མི་གནས་པ་ཡིད་ལ་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་དང་ལྡན་པའི་བདེ་བར་གནས་པ་ཅི་འདྲ་བ་དེ་ལྟ་བུའི་བདེ་བའི་རྣམ་པ་གཞན་མེད་དེ། རྒྱལ་པོ་ཆེན་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཇི་ལྟ་བ་བཞིན་དུ་ཆོས་ལ་རྟོག་པ་ཡིན་ཏེ། དེ་ནི་འདི་ལྟར་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྟོག་སྟེ། འདུ་བྱེད་ཀྱི་རྣམ་པ་འདི་དག་


DKG061_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནི་སྟོང་པ་སྟེ། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་གམ། ཡོངས་སུ་གཏོང་བ་གང་ཡིན་པའམ། ཡོངས་སུ་བཏང་བ་གང་ཡིན་པའམ། ལེན་པ་གང་ཡིན་པའམ། བཟོད་པར་བྱེད་པ་གང་ཡིན་པའམ། གང་ལ་བཟོད་པར་བྱ་བའམ། བཟོད་པར་བྱ་བ་གང་ཡིན་པའམ། རྩོམ་པ་གང་ཡིན་པའམ། གང་གི་ཕྱིར་རྩོམ་པའམ། བསམ་གཏན་བྱེད་པ་གང་ཡིན་པའམ། བསམ་གཏན་དུ་བྱ་བ་གང་ཡིན་པའམ། སྒོམ་པར་བྱེད་པ་གང་ཡིན་པའམ། བསྒོམ་པར་བྱ་བ་གང་ཡིན་པ་གང་ཡང་མེད་དོ་སྙམ་མོ། །དེ་དེ་ལྟར་ཇི་ལྟ་བ་བཞིན་དུ་རྟོག་པ་ན་འདུས་བྱས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རིག་ནས་དམིགས་པར་ལྟ་བ་གང་ལ་ཡང་མངོན་པར་ཞེན་པ་མེད་ལ་བདེ་བར་ཡང་གནས་ཏེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདེ་བ་ཐམས་ཅད་དང་ལྡན་པར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་རྒྱལ་པོ་གསེར་མདོག་དེས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་རི་བའི་གོས་ཀྱི་སྦྱིན་པ་དེ་བཞིན་གཤེགས་པ་དེ་ལ་ཕུལ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་གློ་བ་རྗེ་བའི་སླད་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་གསོལ་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བདག་ནི་ཞུམ་པ་མ་མཆིས་སེམས་ཀྱིས་སུ། །མི་མཆོག་སྤྱན་སྔར་ཚིག་ནི་གསོལ་བར་བགྱི། །སེམས་ཅན་ཀུན་ལ་སྙིང་རྗེ་བསྐྱེད་ནས་ཀྱང་། །འདྲེན་པ་སེམས་ནི་བྱང་ཆུབ་གཞོལ་བར་བགྱི། །བདག་ལ་ནམས་ཀྱང་གཡོ་སྒྱུ་མ་མཆིས་ཏེ། །སྟོབས་བཅུ་ལྡན་པས་བདག་གི་བསམ་པ་མཁྱེན། །ཡོན་ཏན་མངའ་བ་གྲགས་ཆེན་འདྲ་བ་ནི། །ལྷ་མི་གཞན་ལ་བདག་གིས་དབང་མ་མཆིས། །བདག་ནི་སྡུག་རྣམས་སྐྱབས་དང་སྐྱོབ་པ་དང་། །དཔུང་གཉེན་གྱུར་ཏེ་སྡུག་བསྔལ་ཆོས་


DKG061_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དགྲོལ། །ཁྱུ་མཆོག་བདག་ཉིད་བདེ་ལ་གནས་ནས་ཀྱང་། །སྲོག་ཆགས་རྣམས་ནི་བདག་གིས་བདེ་ལ་དགོད། །འདྲེན་པ་བདེ་གཤེགས་གསུངས་པའི་ཆོས་གང་དག །དེ་ལ་བདག་ནི་སྤྱད་ཕྱིར་གནས་པར་བགྱི། །འདྲེན་པ་ཇི་ལྟར་ཁྱོད་ནི་ལྷ་མིས་མཆོད། །དེ་ལྟར་བདག་ཀྱང་མི་རྣམས་མཆོད་རྟེན་ཤོག །བྱང་ཆུབ་ཐམས་ཅད་མཆོག་ནི་ཚོལ་བགྱིད་ཅིང་། །བསྐལ་པ་མང་པོར་སྦྱིན་པ་སྦྱིན་པར་བགྱི། །ཟས་སྐོམ་གོས་དང་ཤིང་རྟ་བཞོན་པ་དང་། །གསེར་དངུལ་རིན་ཆེན་དུ་མའི་སྦྱིན་པ་བགྱི། །འདྲེན་པ་བདག་ནི་བསླབ་ལ་གུས་པར་བགྱིད། །དེ་ནི་ཇི་བཞིན་ཡོངས་སུ་བསྲུང་བར་བགྱི། །ཉམས་པར་མི་བགྱིད་གང་ལའང་གནས་མི་བགྱིད། །འདྲེན་པ་བདག་ནི་ཚུལ་ཁྲིམས་དག་པར་བགྱིད། །སེམས་ཅན་ཀུན་ལ་སྙོམས་པའི་བསམ་པ་ཡིས། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས་སུ་བགྱི། །བཀུར་སྟི་བགྱིས་དང་བཀུར་སྟི་མ་བགྱིས་ལ། །མཐོ་བར་འགྱུར་དང་དམའ་བར་འགྱུར་མ་མཆིས། །བསྐལ་པ་བྱེ་བ་མང་པོ་བསམ་ཡས་པར། །བདག་ནི་ཇི་སྲིད་སྔན་ཆད་འཁོར་བར་གྱུར། །མི་དཔའ་ཁྱོད་ལ་བརྟེན་ནས་དེ་སྲིད་དུ། །སེམས་ཅན་གཅིག་གི་ཕྱིར་ཡང་སྤྲོ་བར་བགྱི། །ལྷ་མིའི་འདྲེན་པ་བདེ་གཤེགས་གསུངས་པ་ཡི། །བསམ་གཏན་བདེ་བ་དེ་ལ་གནས་པར་བགྱི། །འདྲེན་པ་བསམ་གཏན་བདེ་ལ་རེག་གནས་ཤིང་། །རྟག་ཏུ་དགོན་པའི་གནས་སུ་གནས་པར་བགྱི། །བདག་ནི་སྟོང་པ་ཉིད་ལ་ངེས་པར་བགྱི། །ལྟ་བ་ལ་ནི་རྟེན་པར་ཡོང་མི་བགྱིད། །དམའ་བའི་སྤྱོད་པ་རྟག་ཏུ་རྣམ་པར་སྤང་། །མཆོག་གི་སྤྱོད་པ་དྲི་མེད་སྤྱད་པར་བགྱི། །རིགས་ཀྱི་བུ་དེ་ལྟར་རྒྱལ་པོ་གསེར་མདོག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་པ་དེའི་མོད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁྱིམ་བདག་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་དང་། ཚོང་དཔོན་


DKG061_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཁྲི་བཞི་སྟོང་པོ་དེ་དག་དང་། བུ་དང་། བུ་མོ་དང་། ཆུང་མ་དེ་དག་དང་། གཞན་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་དང་། ལྷའི་བུ་བརྒྱད་ཁྲི་བཞི་སྟོང་རྣམས་རྒྱལ་པོ་གསེར་མདོག་དེའི་རྗེས་སུ་སློབ་ཅིང་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རིགས་ཀྱི་བུ་འདི་ལྟར་རྒྱལ་པོ་གསེར་མདོག་དེས། བུ་ཐུ་བོ་རྒྱལ་པོར་བཅུག་གོ །བཅུག་ནས་ཀྱང་བུ་རྣམས་དང་། བུ་མོ་རྣམས་དང་། ཆུང་མ་རྣམས་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། བློན་པོ་དང་། རྒྱལ་ཕྲན་རྣམས་དང་ལྷན་ཅིག་ཏུ་སྲོག་ཆགས་བྱེ་བས་བསྐོར་ཏེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་དག་དེ་ལྟར་རབ་ཏུ་བྱུང་ནས་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་སྤྱད་དོ། །རྒྱལ་པོ་གསེར་མདོག་གིས་ཀྱང་མངོན་པར་ཤེས་པ་བསྒྲུབས་ནས་མང་དུ་ཐོས་པའི་མཐར་ཕྱིན་པར་གྱུར་ཏོ། །བྱམས་པའི་ཏིང་ངེ་འཛིན་ཀྱང་བསྒྲུབས་སོ། །དེ་དགེ་བའི་རྩ་བ་དེ་དང་། ལྷག་པའི་བསམ་པ་ཡང་དག་པར་ཞུགས་པ་དེས་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པས་སངས་རྒྱས་ཉི་ཁྲི་མཉེས་པར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་ཡང་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་ཀྱིས་བསྙེན་བཀུར་བྱས། བླ་མར་བྱས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཐད་དུ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་གསེར་མདོག་ཏུ་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཙོམ་ཟ་ན་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་དེའི་ཚེ་དེའི་དུས་ན་རྒྱལ་པོ་གསེར་མདོག་ཏུ་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་ཚངས་པར་གྱུར་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་དེ་ལ་མཆོད་པའི་ལས་ལ་བརྩོན་པར་གྱུར་པ་གང་ཡིན་པ་དེ་གཞན་ཞིག་ཡིན་


DKG061_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྙམ་དུ་ཁྱོད་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཙོམ་ཟ་ན་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྩེ་བ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན་ཚངས་པར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་གསེར་བཟངས་འོད་དེ་ལ་བསྙེན་བཀུར་དང་རིམ་གྲོ་བྱེད་པར་སྤྲོ་བར་གྱུར་པ་གང་ཡིན་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཙོམ་ཟ་ན་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ཏེ། བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་མི་གནས་པའི་སེམས་ཀྱིས་དེ་བཞིན་གཤེགས་པ་དེ་ལ་བསྙེན་བཀུར་བྱས་སོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་སེམས་ཅན་ཇི་སྙེད་ཀྱིས་རྒྱལ་པོ་གསེར་མདོག་དང་ལྷན་ཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་གི་ནང་ན་ཐ་ན་སེམས་ཅན་གཅིག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་ངས་མ་མཐོང་སྟེ། དེ་དག་ཐམས་ཅད་ནི་ཤེས་རབ་ཆེ་བ་དང་། བརྩོན་འགྲུས་ཆེ་བ་ཤ་སྟག་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་བསྒྲུབས་ཤིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ཏུ་མཚན་ཐ་དད་པའི་དེ་བཞིན་གཤེགས་པར་གྱུར་ཏེ། འཇིག་རྟེན་དུ་བྱུང་ནས་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་ང་དང་། ཁྱོད་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། འཁོར་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་པ་གང་ཡིན་པ་འདི་དག་གིས་ཀྱང་མཐོང་ངོ་། །མཆོད་པ་བྱས་སོ། །བསྙེན་བཀུར་བྱས་སོ། །དེ་བཞིན་གཤེགས་པ་དེ་དག་གི་དམ་པའི་ཆོས་ཀྱང་བཟུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་


DKG061_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཙམ་དུ་ཡུན་རིང་དུ་ཐོགས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་དེ་ཙམ་དུ་དཀའ་བ་ནི་ངོ་མཚར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེར་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དེ་སྙེད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་དེའི་གསུང་རབ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། བཅོམ་ལྡན་འདས་ཀྱིས་ནི་མ་བསྐྱེད་པའི་སླད་དུའོ། །དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ། ཁྱོད་ཇི་སྐད་ཟེར་བ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ནི་ཡུན་རིང་དུ་ཐོགས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་དཀའོ། །རིགས་ཀྱི་བུ་ངས་མངོན་པར་ཤེས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་དེའི་སྔོན་རོལ་དང་དེའི་འོག་ཏུ་ཡང་སངས་རྒྱས་མང་པོ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་ལ་ངས་རི་མོ་བྱས། མཆོད་པ་བྱས། བཀུར་སྟི་བྱས། བླ་མར་བྱས་མོད་ཀྱི། དེ་སྲིད་དུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་དེ་གཞན་དུ་ན་ང་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་འདི་དག་དེ་ཙམ་དུ་མཛེས་ཤིང་དེ་ཙམ་དུ་བལྟ་ན་སྡུག་ལ། དེ་ཙམ་དུ་སྙིང་དུ་སྡུག་པ་ནི་ངོ་མཚར་ཏོ་སྙམ་སྟེ། དེ་དག་ལ་ངའི་སྡུག་པའི་སེམས་དང་། དགའ་བ་དང་། གུས་པ་སྐྱེད་པར་ཟད་དེ། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ནི་སེམས་མ་བསྐྱེད་དོ། །རིགས་ཀྱི་བུ་དེ་བས་ན་རྣམ་གྲངས་འདིས་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་


DKG061_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གྲངས་མེད་པ་དག་དང་། རང་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་མཆོད་པ་བྱས་སུ་ཟིན་ཀྱང་དེ་སྲིད་དུ་ཡང་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད་དེ། གཞན་དུ་ན་ཕྱིས་གང་གི་ཚེ་དགེ་བའི་རྩ་བ་ཡོངས་སུ་འདུས་པར་གྱུར་པ་དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཟད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དང་པོར་ང་ནི་དོན་དམ་གཟིགས་པ་དང་། །གྲགས་པ་ཆེན་པོ་ཤེས་རབ་ཕ་རོལ་སོན། །མི་མཆོག་སངས་རྒྱས་བྱེ་བ་ཁྲག་ཁྲིག་དང་། །བསམ་ཡས་རྣམས་ལ་གུས་པས་མཆོད་པ་བྱེད། །དང་པོར་ཡོན་ཏན་འབྱུང་གནས་རྣམས་མཆོད་ཀྱང་། །བདག་ནི་མཁས་པ་ཆོས་ཀུན་ཤེས་པའི་མཆོག །འཇིག་རྟེན་མཆོད་རྟེན་སངས་རྒྱས་གྱུར་ཅིག་ཅེས། །དེ་སྲིད་དུ་ཡང་སེམས་ནི་སྐྱེད་མི་བྱེད། །དེ་དག་རང་རྒྱལ་བྱེ་བ་སྙེད་ལ་ཡང་། །གུས་པ་བསྐྱེད་ནས་མཆོད་པ་བྱེད་མོད་ཀྱི། །མི་འདུལ་ཁ་ལོ་སྒྱུར་བ་རྫོགས་སངས་རྒྱས། །གྱུར་ཅེས་སེམས་ནི་དེ་སྲིད་སྐྱེད་མི་བྱེད། །གུས་པ་རྒྱ་ཆེན་ཡང་དག་བསྐྱེད་ནས་ཀྱང་། །དབང་དུ་གྱུར་པ་བྱེ་སྙེད་མཆོད་མོད་ཀྱི། །ཡེ་ཤེས་རྒྱ་མཚོ་མི་མཆོག་འདྲ་བར་ནི། །དེ་སྲིད་དུ་ཡང་སེམས་ནི་སྐྱེད་མི་བྱེད། །དོན་དམ་གཟིགས་པ་རྣམས་ཀྱི་གཟུགས་མཐོང་ནས། །དགའ་བའི་ཤུགས་ནི་རྒྱ་ཆེན་བསམ་མི་ཁྱབ། །མཁས་པ་མི་འདུལ་རྫོགས་པའི་སངས་རྒྱས་སུ། །གྱུར་ཅེས་སེམས་ནི་དེ་སྲིད་སྐྱེད་མི་བྱེད། །གང་ཚེ་དེ་དག་བསོད་ནམས་རྒྱ་ཆེན་བསག །ལུས་དང་ཡིད་ཀྱི་བདེན་པ་བསྒོམས་པ་ན། །འདྲེན་པ་མི་རྣམས་མཆོག་ཏུ་གྱུར་ཅིག་ཅེས། །བྱང་ཆུབ་དོན་དུ་སེམས་ནི་སྐྱེད་པར་བྱེད། །དེ་དག་གིས་ནི་བསྐལ་པ་བྱེ་བ་སྙེད། །བསྙེན་བཀུར་བྱས་པས་བསོད་ནམས་ཚོགས་བསགས་ནས། །སེམས་དགེ་བ་དང་འཇམ་ཞིང་མཉེན་པ་ཡིས། །དེ་ཚེ་བྱང་ཆུབ་ཏུ་ཡང་སེམས་བསྐྱེད་དེ། །བདག་གིས་དགེ་


DKG061_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྩ་བ་གང་བསགས་པ། །དེས་ནི་བདག་ཀྱང་ཐམས་ཅད་གཟིགས་གྱུར་ཅིག །ནམས་ཀྱང་བདག་གི་སྨོན་ལམ་ཉམས་མ་གྱུར། །དེ་དག་དེ་སྐད་སྨོན་ལམ་འཇུག་པར་འགྱུར། །བདག་གིས་དགེ་བའི་རྩ་བ་གང་བསགས་པ། །དེས་ནི་སྲོག་ཆགས་ཐམས་ཅད་རྒལ་གྱུར་ཅིག །མི་དགེའི་ལས་ནི་བདག་གིས་གང་བྱས་པ། །དེ་ཡི་འབྲས་བུ་མི་བཟད་བདག་གིས་སྤང་། །མཐུ་དང་བརྩོན་འགྲུས་བརྟན་པོ་བསྐྱེད་ནས་ནི། །ཕྱི་ནས་བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད། །སེམས་ནི་ནམས་ཀྱང་ཞུམ་པར་མ་གྱུར་ཅིག །དགའ་བ་རྒྱ་ཆེན་བསམ་ཡས་ཐོབ་གྱུར་ཅིག །མཁས་པ་སེམས་ལ་དམིགས་པར་མི་བྱེད་དེ། །བྱང་ཆུབ་མི་དམིགས་བདག་ཉིད་ཀུན་མི་དམིགས། །ཆོས་འདི་མཐའ་དག་སྟོང་པར་ཤེས་ན་ནི། །དེས་ན་བྱང་ཆུབ་སེམས་ནི་བརྗེད་མི་འགྱུར། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ། བྱམས་པ་ཞེས་བགྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདིས་མིང་འདི་ག་ལས་རྙེད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྩེ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་ཡུན་རིང་པོ་ཚད་མེད་པ་འདས་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་གདུགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རིན་ཆེན་གདུགས་དེ་བཙས་མ་ཐག་ཏུ་གོམ་པ་བདུན་བོར་བ་ན་གནས་གཙང་མའི་རིས་ཀྱི་ལྷ་


DKG061_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་སྟེང་གི་བར་སྣང་ལ་རིན་པོ་ཆེ་སྣ་བདུན་གྱི་གདུགས་བཟུང་ངོ་། །རིན་པོ་ཆེའི་གདུགས་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་སོ། །དེར་ལྷ་རྣམས་ཀྱིས་ཀྱེ་མ་འདི་ནི་དེ་བཞིན་གཤེགས་པ་རིན་ཆེན་གདུགས་ཞེས་བྱ་བར་འགྱུར་རོ་ཞེས་སྒྲ་བསྒྲགས་ཏེ། དེས་ན་དེ་བཞིན་གཤེགས་པ་དེའི་མཚན་རིན་ཆེན་གདུགས་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གདུགས་དེའི་གསུང་རབ་ལ་དགེ་སློང་བློ་གྲོས་བརྟན་པོ་ཞེས་བྱ་བ་ཚོང་དཔོན་གྱི་རིགས་ལས་རབ་ཏུ་བྱུང་བ་ཞིག་ཡོད་དེ། རིགས་ཀྱི་བུ་དགེ་སློང་བློ་གྲོས་བརྟན་པོ་དེ་བསོད་སྙོམས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་རིན་ཆེན་གདུགས་དེའི་བསྟན་པ་ལ་བབ་པ་ན་འཛམ་བུའི་གླིང་དེ་ན་གྲོང་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །གྲོང་རྡལ་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །ཡུལ་འཁོར་བརྒྱད་ཁྲིཁྲི་བཞི་སྟོང་ཡོད་དོ། །ཚོང་འདུས་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །དགེ་སློང་བློ་གྲོས་བརྟན་པོ་དེ་ཡང་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཚོང་འདུས་དེ་དག་ཐམས་ཅད་དུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བར་གྱུར་ལ། དེ་འདི་སྙམ་དུ་སེམས་ཏེ། ནམ་སྲོག་ཆགས་བརྒྱ་ཚང་བར་བསླབ་པའི་གཞི་ལྔ་ལ་མ་བཀོད་ཀྱི་བར་དུ་བདག་གིས་ཟན་མི་བཟའོ་སྙམ་མོ། །རིགས་ཀྱི་བུ་འདི་ལྟར་དགེ་སློང་བློ་གྲོས་བརྟན་པོ་དེས་དེ་ལྟ་བུའི་ཡི་དམ་དེ་བཅས་ནས་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་འཁོར་རམ། ཚོང་འདུས་གང་དང་གང་དུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་དེ་དང་དེར་ནམ་སྲོག་ཆགས་བརྒྱ་ཚང་བར་བསླབ་པའི་གཞི་ལྔ་ལ་མ་བཀོད་ཀྱི་བར་དུ་ཟན་མི་ཟའོ། །རིགས་ཀྱི་བུ་དགེ་སློང་བློ་གྲོས་བརྟན་པོ་དེས་གང་གི་ཚེ་ཉི་མ་གཅིག་གིས་སྲོག་ཆགས་བརྒྱ་བསླབ་པའི་གཞི་ལྔ་ལ་བཀོད་པ་དེའི་དུས་དང་དེའི་སྐབས་ཀྱང་ཡོད་དོ། །གང་གི་ཚེ་ཉི་མ་གཉིས་ཀྱིས་སྲོག་ཆགས་བརྒྱ་བསླབ་པའི་གཞི་ལྔ་ལ་བཀོད་པ་དེའི་དུས་དང་དེའི་སྐབས་ཀྱང་


DKG061_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །དེས་ཟན་བཅད་ནས་ཉི་མ་གསུམ་པའི་ཚེ་ཟན་ཟའོ། །གང་གི་ཚེ་ཉི་མ་གསུམ་གྱིས་སྲོག་ཆགས་བརྒྱ་བསླབ་པའི་གཞི་ལྔ་ལ་བཀོད་པ་དེའི་དུས་དང་དེའི་སྐབས་ཀྱང་ཡོད་དོ། །ཉི་མ་བཞིས་སྲོག་ཆགས་བརྒྱ་ཚང་བར་བསླབ་པའི་གཞི་ལྔ་ལ་བཀོད་པ་དེའི་དུས་དང་དེའི་སྐབས་ཀྱང་ཡོད་དོ། །རིགས་ཀྱི་བུ་གང་གི་ཚེ་ཉི་མ་ལྔ་དང་། དྲུག་དང་། བདུན་གྱིས་སྲོག་ཆགས་བརྒྱ་བསླབ་པའི་གཞི་ལྔ་ལ་བཀོད་པ་དེའི་དུས་དང་དེའི་སྐབས་ཀྱང་ཡོད་དེ། དེ་ཞག་བདུན་གྱི་བར་དུ་ཟན་ཆད་ཀྱང་སེམས་ཅན་རྣམས་ལ་སྙིང་རྗེ་བའི་ཕྱིར་སེམས་ཡོངས་སུ་མི་སྐྱོ་སྟེ་ཞག་བརྒྱད་པའི་ཚེ་ཟན་ཟའོ། །རིགས་ཀྱི་བུ་རྣམ་གྲངས་དེ་ལྟ་བུས་དགེ་སློང་བློ་གྲོས་བརྟན་པོ་དེས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་ཡོངས་སུ་མི་སྐྱོ་བའི་སེམས་ཀྱིས་གྲོང་ཁྱེར་ཆེན་པོ་དེ་དག་ཏུ་སོང་ཞིང་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཚོང་འདུས་དེ་དག་ཏུ་སོང་ནས་སེམས་ཅན་དེ་དག་བསླབ་པའི་གཞི་ལྔ་ལ་བཀོད་དོ། །རིགས་ཀྱི་བུ་དགེ་སློང་བློ་གྲོས་བརྟན་པོ་དེས་ལོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་འདས་ནས་སྲོག་ཆགས་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སུམ་ཅུ་རྩ་དྲུག་བསླབ་པའི་གཞི་ལྔ་ལ་བཀོད་དོ། །རིགས་ཀྱི་བུ་འདི་ལྟར་དགེ་སློང་བློ་གྲོས་བརྟན་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་མང་པོ་འདི་དག་བསླབ་པའི་གཞི་ལྔ་ལ་བཀོད་ཟིན་གྱིས། བདག་གིས་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཟུད་གོར་མ་ཆག་གོ་སྙམ་སྟེ། དེ་དེ་དག་གི་ཐད་དུ་སོང་ནས་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་སངས་རྒྱས་ཀྱི་བསྔགས་པ་བརྗོད་དོ། །ཆོས་ཀྱི་བསྔགས་པ་བརྗོད་དོ། །དགེ་འདུན་གྱི་བསྔགས་པ་བརྗོད་དོ། །ཐེག་པ་ཆེན་པོའི་བསྔགས་པ་བརྗོད་དོ། །སེམས་ཅན་བསླབ་པའི་གཞི་ལྔ་ལ་བཀོད་པ་གང་ཡིན་པའི་སེམས་ཅན་དེ་དག་གི་ནང་ནས་ལོ་བརྒྱད་ཁྲི་བཞི་སྟོང་པོ་གཞན་འདས་ནས་སྲོག་ཆགས་བྱེ་བ་ཕྲག་སུམ་ཅུ་ཚང་བ་གང་དག་སྔོན་གྱི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་རྒྱ་ཆེན་པོ་ལ་མོས་པ་དེ་


DKG061_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཙུད་དོ། །ལྷག་མ་དམན་པ་ལ་མོས་པ་རྐྱེན་གྱི་མཐུ་དང་ལྡན་པ་དེ་དག་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཉན་ཐོས་ཀྱི་ཐེག་པ་ལ་སེམས་བསྐྱེད་དུ་བཅུག་གོ །རིགས་ཀྱི་བུ་འདི་ལྟར་དགེ་སློང་བློ་གྲོས་བརྟན་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་འདི་དག་ཐེག་པ་གསུམ་པོ་ལ་མོས་པར་བྱས་ཟིན་གྱིས། བདག་གིས་སེམས་ཅན་འདི་དག་བག་ཡོད་པར་གནས་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་འདི་ལ་གཟུད་པ་བསྟན་ཏོ་སྙམ་མོ། །རིགས་ཀྱི་བུ་དེ་ལྟར་དགེ་སློང་བློ་གྲོས་བརྟན་པོ་དེས་ཡང་ལོ་ཉི་ཁྲི་ཆིག་སྟོང་གི་བར་དུ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སུམ་ཅུ་རྩ་དྲུག་པོ་དེ་དག་ལ་ཏིང་ངེ་འཛིན་ལ་དམིགས་པའི་ལུང་ཕོག་གོ །རིགས་ཀྱི་བུ་དགེ་སློང་བློ་གྲོས་བརྟན་པོ་དེས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སུམ་ཅུ་རྩ་དྲུག་པོའི་སེམས་ཅན་དེ་དག་ཐམས་ཅད་ཅི་ནས་བྱམས་པའི་ཏིང་ངེ་འཛིན་བསྒྲུབ་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་གདམས་ངག་བསྟན་ཅིང་། དེ་ལྟ་དེ་ལྟ་བུར་རྗེས་སུ་སྟོན་ཏོ། །རིགས་ཀྱི་བུ་འདི་ལྟར་དགེ་སློང་བློ་གྲོས་བརྟན་པོ་དེ་གང་གི་ཚེ་གྲོང་དུ་འགྲོ་བ་དེའི་ཚེ་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འགྲོའོ། །དེ་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་འཁོར་རམ། ཚོང་འདུས་སུ་བསོད་སྙོམས་ཀྱི་ཕྱིར་འགྲོ་སྟེ། དེ་འགྲོ་བ་ན་དེ་ན་སེམས་ཅན་བྱམས་པ་ལ་གནས་པ་གང་ཡིན་པ་དེ་དག་ཐམས་ཅད་དགེ་སློང་བློ་གྲོས་བརྟན་པོ་དེའི་རྐང་པ་སྒོའི་ཐེམ་པ་ལ་བཞག་པའི་ཚེ་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །རིགས་ཀྱི་བུ་ལྷག་པའི་བསམ་པ་དང་། དགེ་བའི་རྩ་བ་ལ་ཡིད་ཆེས་པ་དང་། སྟོང་པ་ཉིད་ལ་མོས་པའི་ཁྱད་པར་ལ་ལྟོས། དེའི་ཕྱིར་དགེ་སློང་བློ་གྲོས་བརྟན་པོའི་རྐང་པ་སྒོའི་ཐེམ་པ་ལ་བཞག་པའི་ཚེ་སེམས་ཅན་དེ་དག་ཐམས་ཅད་བྱམས་པའི་ཏིང་ངེ་འཛིན་ལ་ཇི་ལྟར་འཛུད་པ་བཞིན་དུ་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་


DKG061_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་དགེ་སློང་བློ་གྲོས་བརྟན་པོ་དེའི་བྱམས་པའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་དེ་ལྟ་བུ་མཐོང་ནས་ས་བླ་པའི་ལྷ་རྣམས་ཀྱིས་ཨ་ལ་ལ་བྱང་ཆུབ་་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བྱམས་པར་འགྱུར་ཏེ། འདི་ལྟར་འདི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཚོང་འདུས་སུ་འགྲོ་བ་ན་སེམས་ཅན་རྣམས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཕྱིར་རོ་ཞེས་སྒྲ་སྒྲོགས་ཤིང་སྐད་འབྱིན་པར་བྱེད་དོ། །ས་བླ་པའི་ལྷ་རྣམས་ཀྱི་སྒྲ་ཐོས་ནས་བར་སྣང་གི་ལྷ་རྣམས་ཀྱིས་སྒྲ་བསྒྲགས་ཤིང་སྐད་ཕྱུང་ངོ་། །དེ་དག་གི་སྒྲ་ཐོས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ནས་གནས་གཙང་མའི་ལྷ་རྣམས་ཀྱི་བར་དུ་གཅིག་ནས་གཅིག་ཏུ་སྒྲ་ཐོས་ནས་ཨ་ལ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བྱམས་པར་འགྱུར་ཏེ། འདི་ལྟར་འདི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཚོང་འདུས་སུ་སོང་བ་ན་སེམས་ཅན་རྣམས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཕྱིར་རོ་ཞེས་སྒྲ་བསྒྲགས་ཤིང་སྐད་ཕྱུང་ངོ་། །དེའི་མིང་དེ་ལ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གདུགས་དེས་རྗེས་སུ་ཡི་རང་བར་མཛད་དེ། འདི་སྐད་དུ་བྱང་ཆུབ་སེམས་དཔའ་དགེ་སློང་བློ་གྲོས་བརྟན་པོ་འདི་ནི་སྲིད་པར་འགྲོ་བའི་འཆི་འཕོ་དང་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བར་འགྱུར་ཏེ། མངོན་པར་གྲགས་པར་འགྱུར་རོ། །བྱང་ཆུབ་ཐོབ་པའི་ཚེ་ཡང་འདིའི་མིང་དེ་ཉིད་དུ་འགྱུར་ཏེ་འཇིག་རྟེན་དུ་ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པ་དང་། རིན་པོ་ཆེ་བཀོད་པའི་སངས་རྒྱས་ཀྱི་ཞིང་གི་བདེ་བ་ཐམས་ཅད་དང་ལྡན་པའི་སེམས་ཅན་རྣམས་འདུས་པའི་ནང་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་དགེ་


DKG061_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སློང་བློ་གྲོས་བརྟན་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཙོམ་ཟ་སྲིད་དེ། དེ་ཚུན་ཆད་ཚེ་རབས་ཐམས་ཅད་དུ་མིང་འདི་ལྟ་སྟེ། བྱམས་པ་ཞེས་བྱ་བ་འབའ་ཞིག་ཏུ་གྱུར་ཏོ། །བྱང་ཆུབ་ཐོབ་པའི་ཚེ་ཡང་འདིའི་མིང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ཞེས་བྱ་བ་དེ་ཁོ་ནར་འགྱུར་ཏེ། རིགས་ཀྱི་བུ་རྒྱུ་ནི་དེ་ཡིན་ནོ། །རྐྱེན་ནི་དེ་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བྱམས་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སྔོན་བྱུང་བ་འདི་བཤད་མ་ཐག་པ་དེའི་མོད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །སྟེང་གི་བར་སྣང་ལ་ཡང་ལྷའི་གླུ་དབྱངས་གྲག་གོ །མེ་ཏོག་གི་ཆར་ཡང་བབ་པོ། །དེ་ནས་དེའི་ཚེ་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། གཞན་ཡང་ལྷའི་བུ་འབུམ་ཕྲག་དུ་མ་དག་གིས་ལྷའི་མེ་ཏོག་མན་དཱ་ར་བ་དག་ཁྱེར་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ག་ལ་བ་དེར་གཏོར་ཏེ། ཚིག་འདི་སྐད་དུ་ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་ཏེ། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་གོ་ཆ་ཆེན་པོ་བགོས་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཡང་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དེ་སྙེད་ཀྱི་དོན་བྱས་པའི་ཕྱིར་རོ། །སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་མིང་ཙམ་ཐོས་པ་དེ་དག་ཀྱང་རྙེད་པའི་མཆོག་ལེགས་པར་རྙེད་པ་ཡིན་ན་ཤའི་མིག་གིས་མངོན་སུམ་དུ་མཐོང་ནས་དགའ་བ་ཐོབ་པ་དེ་དག་ལྟ་ཅི་སྨོས། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་


DKG061_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བདག་ཅག་ཕྱག་འཚལ་ལོ་ཞེས་སྨྲས་སོ། །དེ་ནས་ལྷའི་བུ་དེ་དག་གིས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་པ་དེའི་མོད་ལ་སྐྱེ་བོའི་ཚོགས་ཆེན་པོ་དང་བཅས་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱིས་ཚིག་འཐུན་པར་ཚིག་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་སྨྲས་སོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་སྲོག་ཆགས་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །དགེ་སློང་ལྔ་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྲོག་ཆགས་སྟོང་ཕྲག་དུ་མ་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་གྱུར་ཏེ། དེ་དག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་འཁོར་འདུས་པ་གཉིས་པ་ལ་དགྲ་བཅོམ་པ་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདིའི་མིང་བྱམས་པའི་དང་པོ་སེམས་བསྐྱེད་པ་ཞེས་བྱ་བར་ཟུང་ཤིག །བྱང་ཆུབ་སེམས་དཔའ་རྣམ་པར་རྩེ་བས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཤིག །བྱང་ཆུབ་སེམས་དཔའ་ལུང་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བཞིན་གཤེགས་པའི་ཕྱག་རྒྱ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ཞེས་བྱ་བར་ཡང་ཟུང་ཤིག །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་གཟུང་བའི་ཕྱིར་དང་། གཞན་དག་ལ་ཡང་


DKG061_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་ཡང་དག་པར་བསྟན་པར་བྱ་བའི་བར་གྱི་ཕྱིར་ཁྱོད་ལ་གཏད་དོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས་ནི་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་དང་པོ་འཇུག་པ་འདི་ཐོས་ནས་སེམས་ཀྱི་རྒྱུད་བྱང་ཆུབ་ཏུ་གཞོལ་བ་དང་། བྱང་ཆུབ་ཏུ་སྨོན་པས་མོས་པར་བྱེད་དམ། འཛིན་ཏམ། འཆང་ངམ། ཀུན་ཆུབ་པར་བྱེད་དམ། སྒོམ་མམ། གཞན་དག་ལ་རྒྱས་པར་ཡང་དག་པར་སྟོན་པར་བྱེད་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མི་ལུས་འཐོབ་པ་རྙེད་པར་དཀའ། །སངས་རྒྱས་འབྱུང་བའང་རྙེད་པར་དཀའ། །སངས་རྒྱས་དད་པ་རྙེད་པར་དཀའ། །བྱང་ཆུབ་སེམས་ཀྱང་རྙེད་པར་དཀའ། །གནས་སྐབས་བཞི་པོ་འདི་དག་ནི། །བསྐལ་པ་བྱེ་བར་རྙེད་དཀའ་སྟེ། །དེ་ཕྱིར་ཐོབ་ནས་མ་སྤངས་ཤིག །མཐུ་རྩལ་དག་ཀྱང་ཆུད་མ་གཟན། །མི་ལུས་ཐོབ་པ་རྙེད་པ་དང་། །སངས་རྒྱས་འབྱུང་བ་རྙེད་པ་དང་། །སངས་རྒྱས་དད་པའང་རྙེད་པ་དང་། །བྱང་ཆུབ་སེམས་ནི་བསྐྱེད་གྱུར་ན། །དེ་ཕྱིར་བརྩོན་འགྲུས་བསྐྱེད་ནས་ཀྱང་། །རྟག་ཏུ་བག་ནི་ཡོད་པར་གྱིས། །དྲང་སྲོང་ཆེན་པོ་དེ་དག་གིས། །བག་ཡོད་པས་ནི་བྱང་ཆུབ་བརྙེས། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བའི་སྒོ་དང་ཚུལ་གྱི་ལམ། །བག་ཡོད་པ་དང་བརྩོན་འགྲུས་ཡིན། །མཁས་པ་རྣམས་ཀྱང་འདི་ལ་སློབ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྣམ་པར་རྩེ་བ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བྱམས་པ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


previousའཕགས་པ་བྱམས་པ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། next