Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་རེ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཞི་པ། ལས་འབྱང་བའི་ལེའུ།
   
   
   
   
   
   
   
   
   
   
   
   


 
previousབཞི་པ། ལས་འབྱང་བའི་ལེའུ།next

བཞི་པ། ལས་འབྱང་བའི་ལེའུ།


DKG066_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་ཕོ་ཉ་བཞི་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་ཡང་བཀའ་སྩལ་པ། རིགས་ཀྱི་བུ་དག་སངས་རྒྱས་ཀྱི་ཞིང་འདིར་རང་རང་གི་དགེ་བའི་ཕྱོགས་ཀྱིས་གནས་པར་བྱོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འཁོར་དང་བཅས་ཏེ། གནས་ཇི་ལྟ་བ་བཞིན་དུ་སྐྱིལ་མོ་ཀྲུང་གིས་འཁོད་ནས་ཇི་ལྟར་འཚམ་པ་བཞིན་དུ་བཟོད་པའི་གཟུངས་ལ་སྙོམས་པར་འཇུག་པ་ཤིན་ཏུ་བསྒོམས་པ་དག་གིས་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་པ་དེ་དག་ཁ་ཅིག་གི་ལུས་ལས་འོད་འདི་ལྟ་བུ་བྱུང་སྟེ། དཔེར་ན་འབྲུ་མར་གྱི་མར་མེ་བཞིན་ནོ། །ཁ་ཅིག་གི་ནི་དཔེར་ན་ཟླ་བ་དང་ཉི་མ་བྱེ་བ་བརྒྱ་སྟོང་གི་འོད་བཞིན་པའི་བར་དུའོ། །ཡང་དེའི་ཚེ་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱས་འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་གིས་ཞུ་བ་ཇི་ལྟ་བུས་དེ་བཞིན་གཤེགས་པ་གཟུངས་སྔགས་བཞི་པོ་ཐམས་ཅད་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་དང་། སངས་རྒྱས་ཀྱི་ཞིང་མི་མཇེད་དུ་ཇི་ལྟར་ལྷགས་པའི་སེམས་ཅན་རྣམས་ཉན་པར་བྱེད་པ་དང་། ཐེ་ཙོམ་ཐམས་ཅད་སྤོང་བར་འགྱུར་བ་དང་། ཆོས་ཐམས་ཅད་ལ་སྣང་བ་ཐོབ་པ་དང་། ལྟད་མོ་དང་བྲལ་བ་དང་། སོམ་ཉི་ལས་རྒལ་ཅིང་ཐེ་ཙོམ་ལས་རྒལ་བར་འགྱུར་བ་དང་། མྱུར་དུ་


DKG066_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་མེད་པར་འཇུག་པ་དང་། ལོག་པར་མི་ལྟུང་བའི་ཆོས་ཅན་དང་། མཐོ་རིས་ལ་གཞོལ་བར་འགྱུར་བ་དེ་ལྟ་བུར་ཞུ་བར་བྱའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་རབ་ཏུ་བཏུད་ནས་ཅང་མི་སྨྲ་བར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱ་ལ་བཀའ་སྩལ་པ། ཀཽ་ཌི་ནྱ་ཅི་དེ་བཞིན་གཤེགས་པ་ལ་ཁྱོད་ཞུ་བ་ཞུ་བར་འདོད་དམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་ནོ། །བཙུན་པ་བདེ་བར་གཤེགས་པ་དེ་བཞིན་ཏེ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཞུ་བ་ཞུས་པ་ལུང་བསྟན་པའི་སླད་དུ་བདག་ལ་སྐབས་ཕྱེ་ན་བཙུན་པ་དེ་བཞིན་གཤེགས་པ་ལ་བདག་ཞུ་བ་འགའ་ཞིག་ཞུ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་གང་དང་གང་འདོད་པ་ཞུས་ཤིག་དང་། ངས་ཞུ་བ་ཞུས་པ་དེ་དང་དེ་ལུང་བསྟན་པས་ཇི་ལྟར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མངོན་སུམ་དུ་འགྱུར་བ་ལྟར་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཀྱིས་གང་ཟག་གི་ཟླ་ནི་སྲེད་པའོ་ཟླ་ནི་སྲེད་པའོ་ཞེས་གསུངས་ལགས་ན། ཇི་ཙམ་གྱིས་དེ་བཞིན་གཤེགས་པ་གང་ཟག་གི་ཟླ་སྲེད་པ་ལགས་པར་འདོགས་པས་འདོགས་པར་མཛད་ལགས། ཇི་སྐད་དུ་དེ་བཞིན་གཤེགས་པས་སྐྱེས་བུའི་ཟླ་སྲེད་པ་ནི་ཡུན་རིང་པོར་ཡང་དང་ཡང་འཁོར་ཞིང་ཡང་དང་ཡང་མངལ་ལེན་པར་བྱེད་དོ་ཞེས་གསུངས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱས་གང་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་ཤིང་དུས་དང་འཚམ་པར་ཞུ་བ་ཞུས་པ་ལེགས་སོ་ལེགས་སོ། །ཀཽ་ཌི་ནྱ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། ཚེ་


DKG066_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཌི་ནྱ་སྲེད་པ་ཞེས་བྱ་བ་ནི་སྲེད་པ་གསུམ་མོ། །གསུམ་གང་ཞེ་ན། འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་པའི་སྲེད་པའོ།། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་དྲུག་པ། གཞན་ཡང་སྲེད་པ་ནི་གསུམ་སྟེ། འབྱུང་བའི་སྲེད་པ་དང་། འཇིག་པའི་སྲེད་པ་དང་། ཆོས་ཀྱི་སྲེད་པའོ། །ཀཽ་ཌི་ནྱ་དེ་ལ་འདོད་པའི་སྲེད་པ་རྣམས་གང་ཞེ་ན། འདོད་པ་རྣམས་ཞེས་བྱ་བ་ནི་འཁྲིག་པ་དང་ལྡན་པའི་སྤྲོད་པ་སྟེ། གང་ལ་བག་མེད་པ་རྣམས་འདོད་པའི་བདེ་བའི་སྦྱོར་བ་ལ་བརྩོན་ཞིང་དམན་པའི་རང་བཞིན་ཅན་གྱི་མི་དག་དགའ་བར་བྱེད་ཅིང་། སེམས་ཅན་རྣམས་འདོད་ཆགས་ཀྱིས་ཡོངས་སུ་གདུང་བས་གདུངས་ནས་འདོད་ཆགས་ཀུན་འབྱུང་བས་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་བྱེད་པའོ། །རྒྱུ་དེ་དང་རྐྱེན་དེས་སེམས་ཅན་དམྱལ་བ་རྣམས་སྣང་ངོ་། །དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། གནོད་སྦྱིན་དབུལ་པོ་ཉིད་སྣང་ངོ་། །འདོད་ཆགས་ཀྱི་རྒྱུས་སེམས་ཅན་རྣམས་འགྲོ་བ་ལྔ་དང་ལྡན་པའི་འཁོར་བར་སྡུག་བསྔལ་གྱི་ཚོར་བ་མི་བཟད་པ་རྩུབ་པ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་བར་འགྱུར་རོ། །སྐྲག་པར་མི་འགྱུར་རོ། །དེ་དག་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་སྤངས་ཤིང་དགེ་བའི་རྩ་བ་དང་བྲལ་བས་བརྒྱ་ལམ་ན་རེས་འགའ་མི་ཉིད་རྙེད་པར་འགྱུར་རོ། །དེ་དག་འདོད་ཆགས་ཀྱི་རྒྱུས་ཡང་དང་ཡང་དུ་ལུས་དང་ངག་དང་། ཡིད་ཀྱི་ཉེས་པར་སྤྱོད་པའི་ལས་རྣམ་པ་སྣ་ཚོགས་ཞེས་བྱ་བ་ནས་མཚམས་མེད་པའི་ལས་རྣམས་ཞེས་བྱ་བའི་བར་ཀུན་ནས་སློང་བར་བྱེད་དོ། །དེ་དག་ཡང་དང་ཡང་དུ་དུས་ཡུན་རིང་པོར་ངན་སོང་རྣམས་སུ་ཚོར་བ་རྩུབ་པ་མི་བཟད་པ་ཉམས་སུ་མྱོང་བར་འགྱུར་རོ། །ཐམས་ཅད་ཀྱང་འདོད་ཆགས་ཀྱི་རྒྱུ་དང་འདོད་ཆགས་ཀྱི་གཞིས་འདོད་ཆགས་ཀྱི་བག་ལ་ཉལ་གྱི་ལྟུང་བ་བརྟགས་པ་དག་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་འདོད་ཆགས་


DKG066_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པའི་ཕྱིར་ཆོས་སྟོན་ཏོ། །འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་མཛད་དོ། །སེམས་ཅན་དེ་དག་འདོད་པ་རྣམས་ཀྱི་ཉེས་དམིགས་ཤེས་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་པར་བྱེད་དེ། དཔེར་ན་འདོད་པ་རྣམས་ནི་མི་སྡུག་པ་དག་གོ །ཀིམ་པ་ཀའི་འབྲས་བུ་ལྟ་བུ་དག་གོ །འདོད་པ་རྣམས་ནི་མེ་མདག་གི་ཕུང་པོ་ལྟ་བུ་དག་གོ །དུག་གི་བུམ་པ་ལྟ་བུ་དག་གོ །འདོད་པ་རྣམས་ནི་མནམ་ཕྱི་ས་དང་འདྲ་བ་དག་གོ །འདོད་པ་རྣམས་ནི་སྤུ་གྲིའི་སོ་ལྟ་བུ་དག་གོ །ཆོམ་རྐུན་ལྟ་བུ་དག་གོ །གདོལ་པའི་ཁྱིམ་ལྟ་བུ་དག་གོ །ལྕགས་ཀྱི་ཐུ་ལུམ་འབར་བ་ལྟ་བུ་དག་གོ །སེར་བ་འབབ་པ་ལྟ་བུ་དག་གོ །སྦྲུལ་གདུག་པ་ལྟ་བུ་དག་གོ །དགྲ་དང་འདྲ་བ་དག་གོ །དགོན་པའི་ལམ་ལྟ་བུ་དག་གོ །སྲིན་མོའི་གླིང་ལྟ་བུ་དག་གོ །གཤེད་མ་ལྟ་བུ་དག་གོ །ཕྱག་དར་ལྟ་བུ་དག་གོ ། འདོད་པ་རྣམས་ནི་དུར་ཁྲོད་ལྟ་བུ་དག་ཏུ་ཤེས་ཤིང་འདོད་པ་ལ་ཆགས་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པའི་ཡོངས་སུ་གདུང་བ་དང་། འདོད་པའི་ཀུན་འབྱུང་བ་དང་། འདོད་པ་རྣམས་ཀྱི་ཉེས་དམིགས་ཤེས་ཏེ། དེ་ལ་འདོད་པ་རྣམས་ལ་ཉེས་དམིགས་སུ་ཤེས་པས་སྐྱོ་ཞིང་ཆོས་ཀྱི་བསམ་པ་བསྒོམ་པ་དང་། བསླབ་པ་འཛིན་པ་ལ་མངོན་པར་དགའ་བས་གནས་པར་བྱེད་དོ། །ཆོས་ཡོངས་སུ་ཚོལ་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་དང་། ཆོས་ཀྱི་ནོར་བསགས་པ་དང་། ཆོས་ཀྱི་སེམས་རྣམ་པར་དག་པ་དང་། ཆོས་ཀྱི་ལམ་དང་ཡང་དག་པར་ལྡན་པ་དང་། ཆོས་ལ་གཞོལ་བ་དག་ཏུ་འགྱུར་རོ། །དེ་དག་འཆི་བའི་དུས་ཀྱི་ཚེ་ཆོས་རྗེས་སུ་དྲན་ཞིང་ཆོས་ཀྱི་རོའི་རྣམ་པར་སྨིན་པ་ཆོས་ཀྱིས་བརླན་པའི་སེམས་ཀྱིས་གནས་པ་དེ་དག་གང་དང་གང་དུ་རྣམ་པར་ལྟ་བར་བྱེད་པ་དེ་དང་དེར་ཕྱོགས་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཚོགས་ཆེན་པོའི་འཁོར་དང་བཅས་པ་མཐོང་བར་འགྱུར་རོ། །ཆོས་ཐོས་པར་འགྱུར་རོ། །དེ་དག་ཆོས་དེ་ཐོས་པས་ཀྱང་ཡིད་མཆོག་ཏུ་


DKG066_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རངས་ཏེ། དེ་བཞིན་གཤེགས་པ་ལ་ལྟ་བར་བྱེད་དོ། །དེ་དག་འཆི་བའི་དུས་བྱས་ནས་ངན་སོང་སྤངས་ཤིང་སངས་རྒྱས་ཀྱི་ཞིང་སྟོང་པ་མ་ཡིན་པ་རྣམས་སུ་སྐྱེ་བ་དག་ཏུ་འགྱུར་རོ། །དེར་དེ་དག་ཡོན་ཏན་གྱིས་ཕྱུག་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ལ་མངོན་པར་དགའ་ཞིང་བསམ་གཏན་དང་མངོན་པར་ཤེས་པས་རྣམ་པར་རོལ་པ་བྱང་གྲོལ་གྱི་བདེ་བ་ཕུན་སུམ་ཚོགས་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་བརྒྱན་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པ། སངས་རྒྱས་ཀྱི་ཞིང་ཡོན་ཏན་གྱིས་རྣམ་པར་བརྒྱན་པ་རྣམས་དང་ལྷན་ཅིག་འཕྲད་པར་འགྱུར་རོ། །དེར་དེ་དག་དང་ལྷན་ཅིག་ཕྲད་པས་དེ་དག་གི་བག་ཆགས་ཀྱི་ཉིང་མཚམས་སྦྱོར་བའི་ཉོན་མོངས་པ་རྣམས་ཡོངས་སུ་ཟད་པར་འགྱུར་རོ། །དེར་དེ་དག་ཡོན་ཏན་དེ་ལྟ་བུ་དག་གིས་ཀྱང་ཤིན་ཏུ་བརྒྱན་པར་འགྱུར་ཏེ། དཔེར་ན་ཟ་མ་ཏོག་ལ་ལར་སྤོས་ཀྱི་རྣམ་པ་སྣ་ཚོགས་དག་བཅུག་པར་གྱུར་ཅིང་། ཟ་མ་ཏོག་དེར་ཡང་རྒྱན་རྣམ་པ་སྣ་ཚོགས་དག་གཞག་པར་གྱུར་ན་རིང་པོ་མི་ཐོགས་པར་དེ་དག་གི་དྲི་ཅི་འདྲ་བར་གོས་དང་རྒྱན་དེ་དག་ཀྱང་དེ་འདྲ་བའི་དྲི་རབ་ཏུ་འབྱིན་པར་བྱེད་དོ། །རིང་པོ་མི་ཐོགས་པར་སྤོས་ཀྱི་རྣམ་པ་དེ་དག་གིས་གོས་པར་ཡང་འགྱུར་ལ་ཁ་དོག་ཏུ་ཉེ་བར་འགྲོ་བར་ཡང་མི་འགྱུར་རོ། །ཀཽ་ཌི་ནྱ་དེ་བཞིན་དུ་སེམས་ཅན་གང་དག་འདོད་པ་རྣམས་ལ་ཉེས་དམིགས་སུ་ཤེས་པས་ཞེས་བྱ་བ་ནས་དེ་དག་འཆི་བའི་དུས་ཀྱི་ཚེ་ཞེས་བྱ་བའི་བར་དང་། སངས་རྒྱས་བཅོམ་ལྡན་འདས་མཐོང་ཞིང་དེ་དག་འཆི་བའི་དུས་བྱས་ནས་ངན་སོང་གསུམ་སྤངས་ཤིང་སངས་རྒྱས་ཀྱི་ཞིང་སྟོང་པ་མ་ཡིན་པ་རྣམས་སུ་སྐྱེ་བ་དག་ཏུ་འགྱུར་རོ། །ཞེས་བྱ་བའི་བར་དང་། དེར་དེ་དག་ཡོན་ཏན་དེ་ལྟ་བུ་དག་གིས་ཀྱང་ཡང་དག་པར་བརྒྱན་པར་འགྱུར་ཏེ་ཞེས་བྱ་བའི་བར་དང་། དེ་དག་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཌི་ནྱ་དེ་ལྟ་བས་ན་བདག་གི་དོན་དང་། གཞན་གྱི་དོན་དང་། གཉི་གའི་དོན་ཡང་དག་པར་མཐོང་བའི་རིགས་ཀྱི་བུའམ་


DKG066_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་མོས་སྐྱེས་བུ་དམ་པ་དག་ལ་བསྟེན་པར་བྱའོ། །བསྙེན་པར་བྱའོ། །བསྙེན་བཀུར་བྱའོ། །དེ་དག་ལ་ཡང་གང་འདོད་པ་རྣམས་ཀྱི་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡོངས་སུ་དྲི་བར་བྱའོ། །དེར་དེ་དག་ཆོས་ཐོས་ནས་གང་གི་ཕྱིར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །སྐྱེས་བུ་དམ་པ་རྣམས་ཞེས་བྱ་བ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རྐྱེན་གྱི་རྒྱལ་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ད་ལྟར་འཇིག་རྟེན་དུ་སྟོན་པ་ང་བྱུང་ངོ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་བའི་བར་ཡིན་ཏེ། ང་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པ། སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་ཐར་བར་བཞེད་པ། འདོད་པའི་སྐྱོན་ཐམས་ཅད་རབ་ཏུ་སྟོན་པར་བཞེད་པ་ཡིན་ནོ། །དེ་བས་ན་འདིར་ཁྱེད་ཇི་སྙེད་ལྷགས་པ་ཐམས་ཅད་ང་གཞན་མ་ཡིན་པར་གསུང་བ། མི་མཉམ་པ་མེད་པར་གསུང་བ། བྱམས་པར་གསུང་བ། སྙིང་རྗེ་བར་གསུང་བ། སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པ་ལས་འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་ཉོན་ཅིག །མཉན་ནས་ཀྱང་ཚུལ་བཞིན་དུ་ཡིད་ལ་བྱོས་ཤིག་དང་། ཕྱིས་ངན་སོང་གསུམ་པོ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཡང་དེའི་ཚེ་སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་འདོད་པ་རྣམས་ཀྱི་ཉེས་དམིགས་གང་བདག་ཅག་གིས་སེམས་རྩེ་གཅིག་པས་ཐོས་པར་འགྱུར་བ་བཤད་དུ་གསོལ། ཐོས་ནས་ཀྱང་སྟོབས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐྱེན་བཞིས་སེམས་ཅན་དག་གི་འདོད་པ་རྣམས་འབྱུང་སྟེ། བཞི་གང་ཞེ་ན། གཟུགས་ཀྱི་འདོད་ཆགས་དང་། དབྱིབས་


DKG066_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདོད་ཆགས་དང་། རེག་པའི་འདོད་ཆགས་དང་། རྣམ་པར་གྲོལ་བ་མ་ཡིན་པའི་རྩེ་བའི་འདོད་ཆགས་ཀྱིས་སོ། །དེ་ལ་གཟུགས་ཀྱི་འདོད་ཆགས་གང་ཞེ་ན། གཟུགས་ཀྱི་འདོད་ཆགས་ཞེས་བྱ་བ་ནི་མཁས་པ་དུས་སུ་འབྱུང་བ་ཆེན་པོ་བཞི་དག་ལ་མཁས་པ་ནི་ཟད་པའི་ཚུལ་དང་། བདག་མེད་པའི་ཚུལ་དང་། སེམས་ཅན་མེད་པའི་ཚུལ་གྱིས་སོ་སོར་རྟོགས་པར་བྱེད་ན། འོན་ཀྱང་བྱིས་པ་ཕྱིན་ཅི་ལོག་ལ་ཡང་དག་པར་རྟེན་པ་རྣམས་ནི་རྣམ་པར་བརྟག་པ་དག་ལ་འདི་ནི་བུད་མེད་ཀྱི་གཟུགས་སོ། །འདི་ནི་སྐྱེས་པའི་གཟུགས་སོ། །འདི་ནི་ངན་པའོ། །འདི་ནི་བཟང་པོའོ། །འདི་ནི་དགའ་བར་བྱེད་པའོ། །འདི་ནི་མི་འདོད་པའོ་ཞེས་ཉེ་བར་རྟོག་པར་བྱེད་དོ། །དེ་ལ་འདོད་པའི་སྐྱེས་བུ་སྨྱོན་པ་རྣམས་ནི་བུད་མེད་ཀྱི་གཟུགས་དག་མཐོང་ནས་དེ་ལ་མཚན་མར་འཛིན་པ་དག་ཡིན། མངོན་རྟགས་སུ་འཛིན་པ་དག་ཡིན་ནོ། །དེ་ལ་དེ་དག་འདོད་པའི་གཞི་དང་། འདོད་པ་ལ་འདུན་པ་དང་། འདོད་པ་ལ་ལྷག་པར་ཆགས་པ་མ་བྱུང་བ་སྐྱེད་པར་བྱེད་པས་དེ་དག་དགེ་བའི་རྩ་བ་ཐམས་ཅད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །མཁས་པ་ཐམས་ཅད་ཀྱིས་རྣམ་པར་སྤོང་བར་བྱེད་པར་འགྱུར་རོ། །ལུས་དང་། ངག་དང་། ཡིད་མ་བསྲུངས་པས་ཉེས་པར་སྤྱོད་པ་ཐམས་ཅད་དང་ཕྲད་པར་འགྱུར་རོ། །དེ་དག་འདོད་པ་རྣམས་ལས་ངེས་པར་འབྱུང་བར་མི་ལྟ་ཞིང་ངན་སོང་གསུམ་དང་ཡང་དག་པར་ལྡན་པ་ཡིན་ཏེ། འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་རྣམས་སམ། དུད་འགྲོ་རྣམས་སམ། ཡི་དགས་རྣམས་སུ་སྐྱེ་བར་འགྱུར་རོ། །དེར་འདོད་པའི་རྒྱུ་དང་། འདོད་པའི་རྐྱེན་དང་། འདོད་པའི་གཞིས་དུས་ཡུན་རིང་པོར་སྡུག་བསྔལ་གྱི་ཚོར་བ་རྩུབ་པ་ཚ་བ་མི་བཟད་པ་མྱོང་བར་འགྱུར་རོ། །དེར་མཁས་པ་རྣམས་ནི་བུད་མེད་དང་སྐྱེས་པར་ཤེས་ནས་མི་སྡུག་པའི་འདུ་ཤེས་སྐྱེད་པར་བྱེད་དོ། །སྐྲ་མེད་པ་དང་། པགས་ཤུན་དང་། རྒྱུས་པ་དང་། ཤ་དང་། ཁྲག་མེད་པ་དང་། རུས་པ་དང་། མིའི་ཐོད་པ་དཀར་པོ་ཡིད་ལ་བྱེད། ཀུན་ཏུ་སྟེན་པར་བྱེད་ཅིང་དེ་སྒོམ་པར་བྱེད།


DKG066_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལན་མང་དུ་བྱེད་དོ། །བུད་མེད་ཀྱི་གཟུགས་ལ་ཇི་ལྟ་བར་སྐྱེས་པའི་གཟུགས་ལའང་དེ་བཞིན་ནོ། །མདུན་དུ་ཇི་ལྟ་བར་ཐག་རིང་དུའང་དེ་བཞིན་ནོ། །ཐག་རིང་དུ་ཇི་ལྟ་བུར་མདུན་དུའང་དེ་བཞིན་ནོ། །གཞན་ཇི་ལྟ་བར་བདག་གི་ཡང་དེ་བཞིན་དུ་རུས་པའི་ཕུང་པོ་དཀར་པོ་དང་། སྐྲ་མེད་པ་དང་། པགས་ཤུན་དང་། རྒྱུས་པ་དང་། ཤ་དང་། ཁྲག་མེད་པར་ཡིད་ལ་བྱས་ཤིང་རིག་པར་བྱས་ལ། ལན་མང་དུ་བྱས་པས་དེར་སེམས་ཤིན་ཏུ་གནས་པ་ཡིན། ཤིན་ཏུ་བསྒོམས་པ་དང་། ཤིན་ཏུ་ཡིད་ལ་བྱས་པ་ཡིན་ཏེ། འདི་ནི་སེམས་ཀྱི་ཉོན་མོངས་པའི་ཀློང་ཡང་དག་པར་གཅོད་པ་དང་པོའོ། །ཡང་རུས་གོང་གི་ཕུང་པོ་དེ་ཉིད་ལ་སེམས་ཡང་དག་པར་གཏོད་པར་བྱེད་དེ། སྨིན་མཚམས་སུ་རྒྱ་ཤུག་ཙམ་དེ་ལ་དྲན་པ་གཞོག་པར་བྱེད་ཅིང་སེམས་སྒོམ་པར་བྱེད། ལན་མང་དུ་བྱེད་དོ་ཞེས་བྱ་བ་ནས་དེའི་སེམས་ཤིན་ཏུ་གནས་པ་ཡིན་ཏེ་ཤིན་ཏུ་བསྒོམས་པ་དང་། ཤིན་ཏུ་ཡིད་ལ་བྱས་པའི་བར་ཡིན་ནོ། །དེ་ལ་དེའི་སེམས་ཤིན་ཏུ་སྦྱངས་པ་ཡིན། ལུས་ཤིན་ཏུ་སྦྱངས་པ་ཡིན་ཏེ། ཇི་ལྟར་སེམས་ཤིན་ཏུ་སྦྱངས་པ་ཡིན་ཞེ་ན། ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་ཞི་བར་བྱེད་དོ། །དེ་ཅུང་ཟད་ཡིད་ལ་བྱེད་པ་ཡིན། དེ་ཅུང་ཟད་ཡང་དག་པར་ཤེས་པ་ཡིན། དེ་ཅུང་ཟད་དམིགས་པར་བྱེད་པ་ཡིན་ཏེ། འདི་ནི་ཞི་གནས་དང་རྗེས་སུ་འཐུན་པ་ཉོན་མོངས་པའི་ཀློང་རྣམ་པར་གཅོད་པ་དང་། འདོད་ཆགས་རྣམ་པར་གཅོད་པའི་ཆོས་ཀྱི་སྒོ་གཉིས་པའོ། །ཇི་ལྟར་ལུས་ཤིན་ཏུ་སྦྱངས་པ་ཡིན་ཞེ་ན། དེ་བཞིན་དུ་སྒོམ་པའི་དབུགས་རྔུབ་པ་དང་དབུགས་ཕྱུང་བ་རྣམ་པར་ཞི་བར་བྱེད་ཅིང་འཇུག་པར་ཡང་མི་བྱེད། འབྱུང་བར་མི་བྱེད་དོ། །དེ་ལུས་དང་སེམས་ཤིན་ཏུ་སྦྱངས་ཤིང་ཞི་གནས་ལ་རྗེས་སུ་བརྩོན་པ་འགོག་པ་ལ་དམིགས་པ་ཡིན་ཏེ། འདི་ནི་འགོག་པ་ལ་དམིགས་པའི་ཉོན་མོངས་པའི་ཀློང་རྣམ་པར་གཅོད་པའི་ཆོས་ཀྱི་སྒོ་གསུམ་པ་ཡིན་ནོ། །ཡང་གང་གི་སེམས་རྒོད་པ་མྱུར་དུ་ཞི་གནས་དང་འཐུན་པར་བྱུང་བ་དེ་མགོ་ཐོད་ཀྱི་མཚོགས་མར་རྒྱ་ཤུག་གི་འབྲས་བུ་ཙམ་ལ་གནས་


DKG066_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་སེམས་ཉེ་བར་གཏོད་པར་བྱེད་ཅིང་སྒོམ་པར་བྱེད། ལན་མང་དུ་བྱེད་དོ། །དེར་བུ་གའི་བར་དུ་མཐོང་བར་བྱེད་ཅིང་སྒོམ་པར་བྱེད། ལན་མང་དུ་བྱེད་དོ། །དེར་ཡང་བྱེ་མའི་འབྲུ་ཙམ་གྱི་རུས་གོང་གི་ཕྱེ་མར་བྱེད། མཐོང་བར་བྱེད་ཅིང་རིམ་པ་དེ་གཉིས་པ་དང་། གསུམ་པ་ཞེས་བྱ་བ་ནས་མགོའི་ཐོད་པ་ཐམས་ཅད་རུས་གོང་གི་ཕྱེ་མའི་བར་དུ་ཡང་དག་པར་རྗེས་སུ་མཐོང་བར་བྱེད་དོ། །དེ་དག་ཀྱང་རླུང་གིས་ཁྱེར་བར་ཡང་དག་པར་རྗེས་སུ་མཐོང་བར་བྱེད་པ་ནས་ཐམས་ཅད་ནམ་མཁའ་སྟོང་པ་ཉིད་དུ་མཐོང་བའི་བར་དུ་བྱེད་དོ། །དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་འདི་ནི་ཞི་གནས་ལ་རབ་ཏུ་བརྩོན་པ་དང་། འགོག་པ་ལ་དམིགས་པ་དང་། ཉོན་མོངས་པའི་ཀློང་རྣམ་པར་གཅོད་པའི་ཆོས་ཀྱི་སྒོ་བཞི་པའོ། །དེ་ནས་ཚེ་དང་ལྡན་པ་ཀཽ་ཌི་ནྱས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅི་ལགས། འདུས་བྱས་ཀྱི་དབྱིངས་ཀྱི་ཡེ་ཤེས་མ་ཚང་བ་མ་མཆིས་པ་རྣམ་པར་དབེན་པའི་རྟེན་ནམ་མཁའི་དབྱིངས་ཀྱི་ཡང་དག་པའི་མཐའ་ཅན་ལགས་སམ། རིགས་ཀྱི་བུ་དེ་བཞིན་ནོ། །འདུས་བྱས་ཀྱི་དབྱིངས་ཀྱི་ཡང་དག་པའི་མཐའ་ནི་ནམ་མཁའ་དང་འདྲ་སྟེ། འདི་ནི་ཡང་དག་པར་རང་གིས་མཐོང་བར་བྱ་བ་ལ་འཇུག་པའོ། །ཀུན་ཤེས་ཀཽ་ཌི་ནྱས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཅི་ལགས་ནམ་མཁའ་རང་གི་ཤེས་པ་ལགས་སམ། འོན་ཏེ་གཞན་གྱི་ཤེས་པ་ལ་མངོན་པར་འཇུག་པ་ལ་མཁས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ཀྱི་དབྱིངས་ལ་འཇུག་པས་འདུས་བྱས་ཀྱི་དབྱིངས་ཐམས་ཅད་རང་གི་ཤེས་པ་ལ་འཇུག་པར་བྱའོ། །ཇི་ལྟ་ཞེ་ན། གང་གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་རྣམ་པར་སྒོམ་པར་བྱེད་པ་དེ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །གང་མགོའི་ཐོད་པའི་རུས་པའི་ཕྱེ་མ་མཐོང་ནས་ཐམས་ཅད་རླུང་གིས་ཁྱེར་བར་མཐོང་བ་དེས་གཟུགས་ཐམས་ཅད་རྣམ་པར་བཤིག་པ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ལ་གཟུགས་སུ་སྣང་བ་ཅི་ཡང་སྣང་བར་མི་འགྱུར་རོ། །དེ་ནམ་མཁའ་སྟོང་པ་ཡིད་ལ་བྱེད་ཅིང་སྒོམ་


DKG066_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། ལན་མང་དུ་བྱེད་དེ། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་ནམ་མཁའ་བཻ་དཱུཪྱའི་མདོག་ལྟར་དག་པ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེའི་ཡིད་ལ་དེ་བཞིན་གཤེགས་པའི་གཟུགས་འབྱུང་སྟེ། དེས་ནམ་མཁའ་དེ་ལ་དེ་བཞིན་གཤེགས་པའི་གཟུགས་མཐོང་ངོ་། །དེ་གང་གི་ཚེ་ཕྱོགས་གང་དང་གང་དུ་ལྟ་བར་བྱེད་པའི་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་གཟུགས་མཐོང་ངོ་། །ཡང་དེ་བཞིན་གཤེགས་པའི་མཚན་གྱིས་བརྒྱན་པར་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་། །དེ་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་གང་དང་གང་དུ་ལྟ་བར་བྱེད་པ་དེ་དང་དེ་ཉིད་དུ་སངས་རྒྱས་ཀྱི་སྐུ་རིལ་གྱིས་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། འོད་འདོམ་གང་བ། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་འབའ་ཞིག་མཐོང་ངོ་། །གལ་ཏེ་རིས་འཐུན་པར་ངེས་པར་འབྱེད་པའི་ཆ་དང་འཐུན་པའི་དགེ་བའི་རྩ་བ་བསགས་པར་གྱུར་པ་ཞིག་ན་དེ་འདི་སྙམ་དུ་སེམས་ཏེ། གང་དེ་བཞིན་གཤེགས་པ་ལ་སུས་ནམ་མཁའ་ཀུན་ཏུ་སྐྱེད། གང་དུ་དེ་ཡོངས་སུ་ཟད་པར་འགྱུར་བ་བདག་གིས་ཞུ་གོར་མ་ཆག་སྙམ་མོ། །དེ་འདི་སྙམ་དུ་དེ་བཞིན་གཤེགས་པ་ལ་བདག་གིས་ཞུས་ཟིན་ནོ་སྙམ་ཡང་སེམས་སོ། །དེ་བཞིན་གཤེགས་པ་ཡང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའ་རྟོག་པར་གསུངས་པ་སྟེ། །རྟོག་པ་དེ་ནི་ཡོད་མ་ཡིན། །ནམ་མཁའི་མིང་དང་རྟོག་པ་དག །དེ་དག་ཐམས་ཅད་དངོས་པོ་མེད། །ཆོས་རྣམས་ཐམས་ཅད་ཅི་ཡང་མེད། །འགྱུར་བ་མེད་ཅིང་མཚན་ཉིད་མེད། །མཚན་ཉིད་མེད་པར་བརྟགས་པ་ཡིས། །མཚན་གཞི་ཀུན་ལས་རབ་ཏུ་གྲོལ། །བསྟན་པ་དེ་ཐོས་ནས་མྱུར་དུ་ཕྱིར་མི་འོང་བའི་འབྲས་བུ་འཐོབ་བོ། །དེའི་གཟུགས་ཀྱི་འདོད་ཆགས་འདོད་པ་རྣམས་ནི་ལྷག་མ་མ་ལུས་པར་འགྱུར་རོ། །དེ་བཞིན་དུ་གཟུགས་མེད་པའི་འདོད་ཆགས་དང་། མ་རིག་པ་དང་། ང་རྒྱལ་དང་། རྒོད་པ་ལྷག་མ་མ་ལུས་པར་འགྱུར་རོ། །ཡང་སུ་ལ་རིས་འཐུན་པར་ངེས་པར་འབྱེད་པའི་ཆ་དང་འཐུན་པའི་དགེ་བའི་རྩ་བ་རྣམས་


DKG066_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དེ། གལ་ཏེ་སངས་རྒྱས་ཀྱི་སྐུ་མཐོང་ན་དེ་འདི་སྙམ་དུ་སེམས་ཏེ། གང་དེ་བཞིན་གཤེགས་པའི་ཚད་བདག་གིས་གཟུང་བ་གོར་མ་ཆག་སྙམ་མོ། །དེ་གལ་ཏེ་ཕྱོགས་ཐམས་ཅད་དུ་ལྟ་བར་བྱེད་ན་ཐམས་ཅད་དུ་ནམ་མཁའ་ཐམས་ཅད་ལ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་ཏེ། ཆུང་ངུར་ལྟ་བར་བྱེད་ན་དེ་བཞིན་གཤེགས་པ་ཆུང་ངུ་ཉིད་དུ་མཐོང་ངོ་། །ཚད་མེད་པར་ལྟ་བར་བྱེད་ན་དེ་བཞིན་གཤེགས་པ་ཚད་མེད་པར་མཐོང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་འདི་ག་ལས་གཤེགས་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་འདི་ག་ལས་ཀྱང་མ་གཤེགས་སོ། །གང་དུ་ཡང་མ་བཞུད་དོ། །དེ་གང་དུ་ཡང་དེ་བཞིན་གཤེགས་པ་བཞུད་པ་མི་དམིགས། བྱོན་པ་མི་དམིགས་སོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། ལུས་ཀྱི་རྒྱུ་ཁམས་གསུམ་པ་འདི་ནི་སེམས་ཙམ་པས། སུས་ཇི་ལྟར་རྣམ་པར་བརྟགས་པ་དེ་བཞིན་དུ་མཐོང་ངོ་། །བདག་གིས་རང་གི་སེམས་ཀྱིས་སངས་རྒྱས་སུ་བྱེད་དོ། །བདག་གི་སེམས་ཀྱིས་སངས་རྒྱས་མཐོང་ངོ་། །བདག་གི་སེམས་ཉིད་སངས་རྒྱས་སོ། །བདག་གི་སེམས་ཉིད་ལུས་སོ། །སེམས་ཉིད་ཀྱང་ནམ་མཁའོ། །བདག་གི་སེམས་ཀྱི་རྣམ་པར་རྟོག་པས་སངས་རྒྱས་མཐོང་ངོ་། །སེམས་ཀྱིས་སེམས་མི་ཤེས་སོ། །སེམས་ཀྱིས་སེམས་མི་མཐོང་ངོ་། །སེམས་སུ་འདུ་ཤེས་པ་རྣམས་ནི་ཤེས་པ་མེད་པའོ། །སེམས་སུ་འདུ་ཤེས་པ་རྣམས་ནི་ལྡོག་པའོ། །ལྡོག་པ་ནི་སྙིང་པོ་མེད་པའོ། །ཆོས་དེ་དག་ནི་ཤེས་པ་མེད་པའི་ཕྱིར་ཡང་དག་པར་བྱུང་བའོ། །སུས་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཤེས་རབ་གང་གིས་སྟོང་པར་རྟོགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའོ་སྙམ་ནས་དམིགས་པ་ཡིད་ལ་བྱེད་པ་དེས་ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་འཐོབ་བོ། །འོན་ཀྱང་ཡང་ཉན་ཐོས་ཀྱི་ཐེག་པ་པ་ཡིན་ཏེ། དེ་ལྟར་མཚན་མ་མེད་པའི་གཟུགས་ཐམས་ཅད་རྣམ་པར་བསྒོམས་པས་ངེས་པར་འབྱེད་པ་ཡོངས་སུ་དག་པ་ཡིན། འདོད་ཆགས་དང་བྲལ་བ་ཡོངས་སུ་དག་པ་ཡིན། མ་རིག་པ་ཡོངས་སུ་དག་པ་ཡིན་ནོ། །དེ་ལ་སྟོང་པ་ཉིད་ཀྱི་བསམ་


DKG066_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་བཟོད་པ་རྣོན་པོ་འཐོབ་སྟེ། ཕྱིས་ཀྱང་དེའི་འབྲས་བུ་འཐོབ་པར་དཀའ་བ་མེད་དོ། །གལ་ཏེ་ཡང་ནམ་མཁའ་སྟོང་པ་ལ་རྣམ་པར་སྒོམ་པར་བྱེད་ན་ལུས་ཤིན་ཏུ་སྦྱངས་པ་ཡིན། སེམས་ཤིན་ཏུ་སྦྱངས་པ་ཡིན་ཏེ། དེར་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་འཐོབ་བོ། །དེའི་འབྲས་བུ་རྗེས་སུ་འཐོབ་པར་དཀའ་བ་ཡང་མེད་དེ་འདི་ནི་སྟོང་པ་ཉིད་ལ་རབ་ཏུ་བརྩོན་པ། འགོག་པ་ལ་དམིགས་པའི་ཉོན་མོངས་པའི་རྦ་རླབས་རྣམ་པར་གཅོད་པའི་ཆོས་ཀྱི་སྒོ་ལྔ་པའོ། །བཅོམ་ལྡན་འདས་ཀྱིས་བསྟན་པ་འདི་བཤད་པ་ན་འཁོར་དེ་ལས་ལྷ་དང་མི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ནི་དེ་བཞིན་དུ་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི་དེར་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་སྲོག་ཆགས་སྟོང་ཕྲག་དྲུག་ཅུ་ནི་དེར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་སྒོ་ཐོབ་པར་གྱུར་ཏོ། །སྲོག་ཆགས་སྟོང་ཕྲག་ཉི་ཤུ་ནི་དེར་ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །སེམས་ཅན་དཔག་ཏུ་མེད་པས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དགེ་སློང་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡང་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱ་གཞན་ཡང་སུ་མགོའི་ཐོད་པ་དེ་ལ་སེམས་ཡང་དག་པར་གནས་པར་མི་བྱེད་ཅིང་རབ་ཏུ་དད་པར་མི་བྱེད། མོས་པར་མི་བྱེད་པ་དེས་ཀྱང་དུར་ཁྲོད་དུ་འགྲོ་བར་བྱའོ། །དེས་དེར་མི་རོ་རྣམ་པ་སྣ་ཚོགས་པ་མཐོང་ཞིང་ཁ་ཅིག་ནི་རྣམ་པར་སྔོས་པ། ཁ་ཅིག་ནི་རྣམ་པར་རྣགས་པ། ཁ་ཅིག་ནི་རྣམ་པར་དམར་བ། ཁ་ཅིག་ནི་རྣམ་པར་ཟོས་པ་དང་། བམ་པ་དང་། ཤ་ཁྲག་མེད་པ་དང་། དཀར་ཞིང་རབ་ཏུ་དཀར་ལ་དུང་གི་མདོག་ལྟ་བུའི་རུས་གོང་དུ་མཐོང་བར་འགྱུར་རོ། །དེ་ཐམས་ཅད་ལ་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱ་སྟེ། གང་དང་གང་དུ་དེའི་སེམས་ཤིན་ཏུ་ཡང་དག་པར་གནས་ཤིང་མི་གཡོ་ལ། རྣམ་པར་གཡེང་


DKG066_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འགྱུར་བ་དེ་ཡིད་ཀྱིས་བཟུང་ནས་ཡིད་ལ་བྱ་ཞིང་བསྒོམ་པར་བྱས་ན་ཟག་པ་ཐམས་ཅད་ཟད་པར་འགྱུར་བའི་བར་དུ་ཐམས་ཅད་འགྱུར་རོ། །སེམས་ཅན་སུ་ལྷག་པའི་ང་རྒྱལ་ཅན་ཡིན་པ་དེས་ནི་ཤི་ནས་རིང་པོ་མ་ལོན་པའི་མི་རོ་རྣམ་པར་སྔོས་པ་དག་ཚུལ་བཞིན་དུ་བཟུང་ནས་ཡིད་ལ་བྱ། བྱིན་གྱིས་བརླབ་པར་བྱ། བསྒོམ་པར་བྱའོ། །ཇི་ལྟར་ཡིད་ལ་བྱས་པ་དེ་ལྟར་བདག་གི་ལུས་ལ་ཡང་དག་པར་མཐོང་བར་འགྱུར་རོ། །འདི་ལ་བྱེ་བྲག་ཅི་ཡོད་དེ། ཇི་ལྟར་དེ་རྣམ་པར་སྔོས་པའམ། རྣམ་པར་རྣགས་པ་དེ་བཞིན་དུ་བྱེ་བྲག་མེད་པར་བདག་གི་ལུས་ཀྱང་གཞན་གྱི་ལུས་ཀྱི་རོ་དང་མཚུངས་པར་ཡང་དག་པར་རྗེས་སུ་མཐོང་ཞིང་དེ་བདག་གི་ལུས་དེ་ལ་སྒོམ་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པས་གནས་སོ་ཞེས་བྱ་བ་ནས་ལུས་འདི་ཐམས་ཅད་རྣགས་པའི་བར་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །རྣམ་པར་དམར་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །སྲིན་བུའི་རིགས་རྣམས་ཀྱིས་ལྟོ་གང་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །རང་གི་ལུས་རྣམ་པ་ཐམས་ཅད་དང་ལྡན་པ་སྲིན་བུའི་རིགས་རྣམས་ཀྱིས་གང་ཞིང་ཟ་བར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་བྱ་བ་ནས་ཤ་ཁྲག་མེད་པ་དང་། དཀར་ཞིང་རབ་ཏུ་དཀར་ལ་དུང་གི་མདོག་ལྟ་བུའི་རུས་གོང་དང་། རུས་པའི་ཕུང་པོ་རྒྱུས་པ་དང་འབྲེལ་བའི་བར་དུ་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་ཡིད་ལ་བྱེད་ཅིང་དེ་ལ་བྱིན་གྱིས་རློབ་པར་བྱེད། དེ་ལ་སྒོམ་པར་བྱེད་དོ། །ཉིན་པར་ཇི་ལྟ་བར་མཚན་མོ་ཡང་དེ་བཞིན་ནོ། །མཚན་མོ་ཇི་ལྟ་བར་ཉིན་པར་ཡང་དེ་བཞིན་ཏེ། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་ན་རང་གི་ལུས་དེ་ཡང་རུས་གོང་གི་ཕུང་པོ་དཀར་ཞིང་རབ་ཏུ་དཀར་ལ་དུང་གི་མདོག་ལྟ་བུ་དང་། རྒྱུས་པ་དང་། པགས་ཤུན་དང་འབྲེལ་བར་ཡིད་ལ་བྱེད་ཅིང་བྱིན་གྱིས་རློབ་པར་བྱེད་ཅིང་སྒོམ་པར་བྱེད་དེ། དཔེར་ན་མིག་བཙུམས་པས་ཡང་དག་པར་རྗེས་སུ་མཐོང་བ་བཞིན་ནོ། །ཇི་ལྟར་བདག་གི་ལུས་ལ་ཡང་དག་པར་རྗེས་སུ་མཐོང་བ་དེ་བཞིན་དུ་གང་དང་གང་དུ་ལྟ་བར་བྱེད་པ་སའི་རྣམ་པ་དང་། ཤིང་དང་། མི་དང་། དུད་འགྲོའི་


DKG066_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་གནས་པ་གང་ཅི་མཐོང་བ་ཐམས་ཅད་དུ་རུས་པའི་ཕུང་པོ་དཀར་ཞིང་རབ་ཏུ་དཀར་ལ་དུང་གི་མདོག་ལྟ་བུ་དང་། རྒྱུས་པ་དང་འབྲེལ་བ་དེ་ལྟ་བུར་ཡང་ཡང་དག་པར་རྗེས་སུ་མཐོང་ངོ་། །གང་དུ་ཆགས་པར་བྱེད་ཅིང་འགྲོ་བར་བྱེད་པ་ཐམས་ཅད་དེ་རུས་པའི་ཕུང་པོ་ལ་རྐང་པ་གཉིས་ཀྱིས་འགྲོ་ཞིང་ལྡོག་པས་རུས་པའི་ཕུང་པོ་ལ་གནོན་པར་བྱེད་ཅིང་འདུག་པར་བྱེད། ཉལ་བར་བྱེད་དེ། དཔེར་ན་དེའི་མི་སྡུག་པའི་འདུ་ཤེས་ཤིན་ཏུ་བསྒོམས་ཤིང་ཤིན་ཏུ་ཡིད་ལ་བྱས་ལ། ཤིན་ཏུ་ནན་ཏན་བྱས་པ་བཞིན་ནོ། །དེའི་རིས་འཐུན་པས་འདོད་པའི་འདོད་ཆགས་ཐམས་ཅད་སྤངས་པར་འགྱུར་ཏེ། རིས་འཐུན་པ་གཞན་ལ་མ་ཡིན་ནོ། །འདི་ནི་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཡིན་ཏེ། དེ་ནི་ཡང་ཕྱོགས་བཞིའི་རླུང་འདུས་ནས་རུས་པའི་ཕུང་པོ་མ་ལུས་པར་རྣམ་པར་ཕྱེ་མར་བྱེད་དོ། ། རྣམ་པར་འཇིག་པར་བྱེད་དོ། །ཇི་ལྟར་རང་གི་ལུས་ཀྱི་རུས་པའི་ཕུང་པོ་ལ་རླུང་འདུས་ནས་མ་ལུས་པར་རྣམ་པར་ཕྱེ་མར་བྱེད་ཅིང་རྣམ་པར་འཇིག་པར་བྱེད་པ་དེ་བཞིན་དུ་རླུང་འདུས་ནས་གཟུགས་ཀྱི་ལུས་ཐམས་ཅད་དང་། ས་ཐམས་ཅད་མ་ལུས་པར་ཕྱེ་མར་བྱེད་ཅིང་རྣམ་པར་འཇིག་པར་བྱེད་དོ་ཞེས་བྱ་བ་ནས་བདག་གམ་གཞན་ཡང་རུང་དེའི་མིག་སྔར་གཟུགས་སུ་སྣང་བ་ཅི་ཡང་མི་འབྱུང་སྟེ། ནམ་མཁའ་བཻ་དཱུཪྱ་ལྟ་བུར་སྟོང་པར་བརྗོད་པར་བྱ་བ་ལ་མོས་པར་བྱེད་ཅིང་ནམ་མཁའ་ལ་བྱིན་གྱིས་རློབ་པར་བྱེད། སྒོམ་པར་བྱེད། ལན་མང་དུ་བྱེད་དོ། །ཇི་ལྟར་དེ་འདི་སྙམ་དུ་སེམས་ཏེ། ཡང་དཔྱོད་པར་བྱ་བའི་ཕྱིར་ནམ་མཁའི་ཁ་དོག་སེར་པོ་ཡིད་ལ་བྱེད་ཅིང་ཁ་དོག་སེར་པོར་རབ་ཏུ་སྦྱོར་བར་བྱེད། བྱིན་གྱིས་རློབ་པར་བྱེད། སྒོམ་པར་བྱེད་པ་དེ་བཞིན་དུ་ནམ་མཁའ་ཐམས་ཅད་སེར་པོར་མོས་པར་བྱེད་དོ། །ཁ་དོག་སེར་པོ་ལ་ཇི་ལྟ་བ་དེ་བཞིན་དུ་ཁ་དོག་དམར་པོ་དང་། དེ་བཞིན་དུ་ཁ་དོག་དཀར་པོ་དང་། བཙོད་ཀ་ཞེས་བྱ་བ་ནས་ཤེལ་གྱི་ཁ་དོག་གི་བར་ལ་མོས་པར་བྱེད་དོ། །དེ་བཞིན་དུ་ཡང་གཟུགས་སུ་སྣང་བ་དང་། ས་ཐམས་ཅད་ལ་ཆུ་ཁ་དོག་སྔོན་པོར་བྱིན་གྱིས་རློབ་པར་


DKG066_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལ་ཞེས་བྱ་བ་ནས། ཁ་དོག་སྔོན་པོར་མོས་པར་བྱེད་དོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཁ་དོག་སེར་པོ་ལ་ཞེས་བྱ་བ་ནས་ཁ་དོག་དམར་པོ་དང་། དེ་བཞིན་དུ་ཁ་དོག་དཀར་པོ་དང་། དེ་བཞིན་དུ་ཁ་དོག་ལེ་བརྒན་དང་། དེ་བཞིན་དུ་ཤེལ་གྱི་ཁ་དོག་གི་བར་དུ་ས་ཐམས་ཅད་ལ་ཆུར་ཡིད་ལ་བྱེད་དོ། །ཡང་དག་པར་རབ་ཏུ་ཤེས་སོ། །རབ་ཏུ་སྦྱོར་བར་བྱེད་དོ། །སའི་ཁམས་ཐམས་ཅད་ལ་ཆུ་ཤེལ་གྱི་ཁ་དོག་ལྟ་བུར་བྱིན་གྱིས་རློབ་པར་བྱེད་ཅིང་ཕྱིས་ཀྱང་ས་སོར་བཞི་ཙམ་དུ་བྱིན་གྱིས་རློབ་པར་བྱེད་དོ། །དེས་རྐང་པའི་མཐེ་བོས་རེག་པར་བྱེད་ཅིང་གང་འདོད་པ་གཡོ་བར་བྱེད། རབ་ཏུ་གཡོ་བར་བྱེད། འགུལ་བར་བྱེད། ཀུན་ཏུ་རབ་ཏུ་འགུལ་བར་བྱེད་པ་ནས་གང་འདོད་པ་དང་། ཇི་ཙམ་དུ་འདོད་པ་དེ་ཙམ་དུ་རབ་ཏུ་གཡོ་བར་བྱེད་དོ་ཞེས་བྱ་བའི་བར་དུའོ། །དེ་འགུལ་བར་བྱེད་པ་ན་ཡང་ས་ཆེན་པོ་རི་དང་བཅས་པ་འདི་འགུལ། གཡོ། འཁྲུག །རབ་ཏུ་ལྡེག་གོ །གཞན་ཡང་ཆུ་དེ་ལ་ཁ་དོག་སྣ་ཚོགས་པའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། པད་མ་དཀར་པོ་རྣམས་ཡིད་ལ་བྱེད་དོ། །ཡང་དག་པར་ཤེས་སོ། །རབ་ཏུ་སྦྱོར་བར་བྱེད་དོ། །བྱིན་གྱིས་རློབ་པར་བྱེད་དོ། །ཕྱོགས་བཞིར་སེར་བུ་བསིལ་བ་རབ་ཏུ་དད་པ་དག་ཏུ་མོས་པར་བྱེད་དོ། །དེ་དེར་འཆག་པར་བྱེད། འདུག་པར་བྱེད། ཉལ་བར་ཡང་བྱེད་དོ། །ཡང་ཕྱོགས་བཞིར་ཁ་དོག་སྣ་ཚོགས་པའི་རི་ཆེན་པོ་རྣམས་སུ་བྱིན་གྱིས་རློབ་པར་བྱེད་ཅིང་། དེའི་སྟེང་དུ་འཆག་པར་བྱེད། གནས་པར་བྱེད། འདུག་པར་བྱེད། ཉལ་བར་ཡང་བྱེད་དོ། །གཞན་ཡང་དེ་སྤོང་བར་བྱེད་ཅིང་། ནམ་མཁའ་དག་པ་དེ་ཉིད་ཡིད་ལ་བྱེད་དོ། །ཡང་དག་པར་ཡིད་ལ་བྱེད་དོ། །ཡང་དག་པར་ཤེས་སོ། །རབ་ཏུ་སྦྱོར་བར་བྱེད་དོ། །ནམ་མཁའ་དག་པར་བྱིན་གྱིས་རློབ་པར་བྱེད་དོ། །རང་གི་ལུས་ཡང་བར་ཡིད་ལ་བྱེད་དོ། །ཡང་བར་རབ་ཏུ་སྦྱོར་བར་བྱེད་དོ། །ཡང་བར་བྱིན་གྱིས་རློབ་པར་བྱེད་དེ། དཔེར་ན་ཤིང་བལ་གྱི་འདབ་མའམ་རས་བལ་གྱི་འདབ་མ་རླུང་ཆུང་ངུས་འདེགས་པར་བྱེད།


DKG066_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པར་བྱེད། ཁྱེར་བར་བྱེད་པ་དེ་བཞིན་དུ་དེ་ལུས་འདི་ཉིད་ལ་ཡང་བར་ཡིད་ལ་བྱེད་དོ་ཞེས་བྱ་བ་ནས་ཡང་བར་བྱིན་གྱིས་རློབ་པར་བྱེད་དོ་ཞེས་བྱ་བའི་བར་དང་། རླུང་དང་ཕྲད་ནས་ནམ་མཁའ་ལ་གནས་པའི་བར་དུ་ཡིན་ཏེ། དེ་ནམ་མཁའ་ལ་འཆག་པར་བྱེད། འདུག་པར་བྱེད། གནས་པར་བྱེད། ཉལ་བར་ཡང་བྱེད་དོ། །མེའི་ཁམས་ལ་སྙོམས་པར་འཇུག་པར་བྱེད་དེ། དེའི་ལུས་ལས་འོད་འཕྲོ་བ་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་ལྟ་བུ་རྣམ་པ་སྣ་ཚོགས་རབ་ཏུ་འབྱུང་བར་བྱེད་དོ། །དེའི་ལུས་ཀྱི་སྟོད་ནས་མེ་འབར་བར་བྱེད་ཅིང་། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་དག་འབབ་པར་བྱེད་རབ་ཏུ་འབབ་པར་བྱེད་དོ། །ལུས་ཀྱི་སྨད་ནས་མེ་འབར་བར་བྱེད་ཅིང་། ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་དག་འབབ་པར་བྱེད། རབ་ཏུ་འབབ་པར་བྱེད་དོ། །དེ་བཞིན་དུ་སའི་སྟེང་དུ་འབྱུང་བར་ཡང་བྱེད་པ་ནས་ཉི་མ་དང་ཟླ་བ་དག་ལ་ཡང་ལག་པས་ཉུག་པར་བྱེད་དོ་ཞེས་བྱ་བའི་བར་དང་། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བར་བྱེད་དོ་ཞེས་བྱ་བའི་བར་དུའོ། །དེ་ཉིད་སྤངས་ཏེ་ཡང་གཟུགས་ཅི་འདྲ་བ་དང་ཇི་སྙེད་པ་ཡང་ན་ནི་སྔོན་པོ་དང་། ཡང་ན་ནི་སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཡང་ན་ནི་ཤེལ་གྱི་ཁ་དོག་ལྟ་བུར་ཡིད་ལ་བྱེད་ཅིང་དེ་འདྲ་བ་དང་དེ་སྙེད་ཁོ་ན་མཐོང་བར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ཉིད་ལ་བལྟའོ་སྙམ་ན་དེས་དེ་བཞིན་གཤེགས་པ་ཉིད་མཐོང་ངོ་། །དེས་ཕྱོགས་གང་དང་གང་ཁོ་ནར་ལྟ་བར་བྱེད་པའི་ཕྱོགས་ཐམས་ཅད་དུ་དེ་བཞིན་གཤེགས་པ་མཐོང་ངོ་། །གལ་ཏེ་དེ་བཞིན་གཤེགས་པའི་གཟུགས་ཆུང་ངུ་ཡིད་ལ་བྱས་ན་ཆུང་ངུ་ཉིད་མཐོང་ངོ་། །གལ་ཏེ་ཚད་མེད་པ་ཡིད་ལ་བྱས་ན་ཞེས་བྱ་བ་ནས་ནམ་མཁའ་ཐམས་ཅད་དུ་དེ་བཞིན་གཤེགས་པ་འབའ་ཞིག་མཐོང་ངོ་ཞེས་བྱ་བའི་བར་དང་། དེ་འདི་སྙམ་དུ་སེམས་ཏེ། གང་དུ་ཡང་དེ་བཞིན་གཤེགས་པ་བྱོན་པའམ་བཞུད་པ་མེད་དོ་ཞེས་བྱ་


DKG066_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བར་དང་། ཁམས་གསུམ་ཐམས་ཅད་ཀྱི་ལུས་ཀྱི་རྒྱུ་ནི་སེམས་འབའ་ཞིག་གོ་ཞེས་བྱ་བ་དང་། ཇི་ལྟར་རྣམ་པར་བརྟགས་པ་དེ་བཞིན་དུ་མཐོང་སྟེ། བདག་གིས་རང་གི་སེམས་ཀྱི་ཁ་དོག་ཐ་དད་པ་དང་། གཟུགས་ཐ་དད་པ་དང་། རྫུ་འཕྲུལ་ཐ་དད་པ་རྣམ་པ་སྣ་ཚོགས་པ་མཐོང་ངོ་། །བདག་གི་སེམས་ནི་གཟུགས་ཐ་དད་པ་དང་། རྫུ་འཕྲུལ་ཐ་དད་པ་དང་། ཁ་དོག་ཐ་དད་པ་དང་། འཇུག་པ་ཐ་དད་པ་དང་། རྣམ་པར་རྟོག་པ་ཐ་དད་པའོ། །སེམས་ནི་སྣ་ཚོགས་སུ་གྲུབ་པའོ། །སེམས་ནི་ནམ་མཁར་འདྲེས་པའོ། ། སེམས་ནི་རླུང་དུ་ཡང་དག་པར་བརྗོད་པའོ། །རླུང་ཐམས་ཅད་ཀྱང་དངོས་པོ་མེད་པའོ་སྙམ་སྟེ། འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བའི་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱི་དོན་ཡིན་ཏེ། གང་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་གིས་ང་ལ་ཉི་མའི་ཤུགས་ཀྱི་སྙིང་པོའི་ལག་ནས་བསྐུར་བ་ཡིན་ནོ། །དེ་ལ་སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པའི་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱི་དོན་གང་ཞེ་ན། དེ་ནི་གཟུགས་ཀྱི་འདོད་ཆགས་དང་དབྱིབས་ཀྱི་འདོད་ཆགས་སྤངས་པའོ། །དེ་འདི་སྙམ་དུ་སེམས་ཏེ། ནམ་མཁའ་འདི་ནི་གཟུང་དུ་མེད་ཅིང་བརྗོད་དུ་མེད་པའོ། །དེ་བཞིན་དུ་སེམས་ཀྱང་བརྗོད་དུ་མེད་པ་སྟེ། གཉི་ག་ཡང་བརྗོད་དུ་མེད་པའོ། །ཕུང་པོ་འདི་དག་ནི་ཡོངས་སུ་གདུང་བ་དང་བཅས། འཁྲུག་པ་དང་བཅས། འདྲིད་པ་དང་བཅས། སླུ་བ་དང་བཅས་པ་ཡིན་པས་མ་ལ་བདག་གིས་རྣམ་པ་ཐམས་ཅད་དུ་ཀུན་ཏུ་རྟོག་པའི་སེམས་སྤངས་ན། གང་ནམ་མཁའ་ཡང་སྤངས་པར་འགྱུར་ཞིང་། རྟོག་པ་ཐམས་ཅད་ལས་ཡང་དག་པར་བྱུང་བའི་དཔྱོད་པ་ཡང་སྤངས་པར་འགྱུར་གོར་མ་ཆག་སྙམ་མོ། །འོན་ཀྱང་དེ་སེམས་དང་པོས་ནམ་མཁའ་ལ་དམིགས་ནས། དེ་ཡང་མངོན་པར་རིག་པར་བྱ་སྟེ། རྣམ་པར་རིག་པ་ཐམས་ཅད་སྤངས་ཤིང་སྐྱེད་པར་ཡང་མི་བྱེད་དོ། །སེམས་སྐྱེད་པ་འགག་ལ་དེའི་མ་སྐྱེས་པ་ཡང་སྐྱེད་པར་མི་བྱེད་དོ། །དེ་ལྟར་ན་རྒྱུ་དེ་འགགས་ན་སེམས་ཀྱང་འགག་པས་ལུས་དང་། ངག་


DKG066_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡིད་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་པའི་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་པར་བྱེད་དེ། དེ་འགོག་པས་ཉིན་ཞག་གཅིག་འདའ་བར་བྱེད་དོ། །ཇི་ལྟར་བསམས་པ་བཞིན་འགོག་པ་ལ་སྙོམས་པར་འཇུག་པས་མཚུངས་པ་དེ་མ་ཐག་པའི་སེམས་དང་པོ་ལྡང་བའི་བར་དུ་བསྐལ་པ་བརྒྱ་སྟོང་མང་པོའི་བར་ཡང་འདའ་བར་བྱེད་དོ། །སེམས་གཉིས་པས་ནི་དེའི་ཟག་པ་ཐམས་ཅད་ཡོངས་སུ་ཟད་པ་དང་། ཚེ་ཡང་ཡོངས་སུ་ཟད་པར་འགྱུར་བས་མགོ་མཉམ་དུ་ཡོངས་སུ་མྱ་ངན་ལས་འདས་པར་བྱེད་དེ། འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་ཟག་པ་མེད་པའི་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱི་དོན་ཡིན་ནོ། །དེ་ལ་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་དང་། སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པའི་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱི་དོན་གང་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་ཏེ། གཟུགས་ཇི་ལྟ་བུར་རྣམ་པར་བརྟགས་པ་དེ་ལྟ་བུ་ཁོ་ནར་མཐོང་ངོ་། །སེམས་ནི་སེམས་ཉིད་དང་གཟུགས་ཉིད་ཡིན་ཏེ། དེའི་ཕྱིར་བདག་གིས་ནམ་མཁའ་དག་པ་ཉིད་ལ་བརྟག་པར་མི་བྱའོ་སྙམ་མོ། །དེ་གཟུགས་ཐམས་ཅད་སྤང་བར་འདོད་དེ། དེ་ལྟར་དེའི་གཟུགས་ཀྱི་འདུ་ཤེས་ཐམས་ཅད་སྤངས་ནས་དེ་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་རྫོགས་པར་བྱས་ཏེ་གནས་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བའི་ཏིང་ངེ་འཛིན་ཏོ། །གང་ཡང་དེ་འདི་སྙམ་དུ་སེམས་ཏེ། བདག་གི་གཟུགས་ནི་ནམ་མཁའ་སྟེ། བདག་གིས་ནམ་མཁའ་གཟུགས་སུ་མཐོང་ངོ་། །ནམ་མཁའི་མཚན་ཉིད་ཅི་ཞེ་ན། ནམ་མཁའ་ནི་གོ་འབྱེད་པའི་མཚན་ཉིད་དོ། །འོན་ཀྱང་ནམ་མཁའ་ནི་རླུང་གིས་ཁྱབ་པའོ། །རླུང་དེ་ཡང་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའོ། །བདག་གི་གཟུགས་ཀྱང་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཡིན་ཏེ། གཉི་ག་མཚན་ཉིད་མཚུངས་སོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཅི་འབྱུང་བ་རྣམས་འབྱུང་བ་ཆེན་པོའི་ངོ་བོ་དག་ཡིན་ནམ་སྙམ་ཞིང་། དེ་འདི་སྙམ་དུ་སེམས་ཏེ། གཉི་ག་


DKG066_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་མཚན་ཉིད་དུ་འབྱུང་བ་དག་མ་ཡིན་ནོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རང་གི་ངོ་བོ་ཡང་གཞན་གྱི་དངོས་པོས་སྟོང་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འབྱུང་བ་མེད་པ་དང་། གཞི་མེད་པ་ཡིན་ནོ། །དེ་དེ་ལྟར་སོ་སོར་རྟོག་པ་ན་དེ་བཞིན་གཤེགས་པ་ཡིད་ལ་འབྱུང་ངོ་། །དེས་ནམ་མཁའ་ཐམས་ཅད་དུ་དེ་བཞིན་གཤེགས་པ་གཅིག་མཐོང་ངོ་། །དེས་དེ་ལྟར་མཐོང་བས་ཕྱིར་མི་འོང་བའི་འབྲས་བུ་འཐོབ་བོ། །འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་དང་པོའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། གང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་འདིས་གནས་པ་དེ་ཅི་རང་གི་ངོ་བོའི་མཚན་ཉིད་ཡིན་ནམ། འོན་ཏེ་དེ་ཉིད་ནམ་མཁའ་ཡིན་སྙམ་ཞིང་། དེ་འདི་སྙམ་དུ་སེམས་ཏེ། ནམ་མཁའི་མཚན་ཉིད་དག་པ་ནི་བདག་གི་བདག་ཡིན་གྱི། བདག་གི་ངོ་བོའི་མཚན་ཉིད་ནི་མ་ཡིན་ནོ་སྙམ་ནས་དེ་ནམ་མཁའ་མཐའ་ཡས་མུ་མེད་པ་ཇི་སྙེད་ཡིད་ལ་བྱེད་པ་དེ་སྙེད་ཀྱིས་བདག་ཡང་དག་པར་ཤེས་ཏེ། འདི་ནི་དེའི་སོ་སོའི་སྐྱེ་བོ་དང་ཐུན་མོང་བའི་ཏིང་ངེ་འཛིན་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ནམ་མཁའ་ཐམས་ཅད་ནི་བདག་གི་བདག་ཡིན་ན། འོ་ན་ཅི་ནམ་མཁའ་ལ་ངོ་བོ་གཞན་ཡོད་དམ། གང་གི་ཚེ་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཇི་ལྟར་བསྟན་སྙམ་མོ། །དེ་ལྟར་དེ་བཞིན་གཤེགས་པ་ཇི་སྙེད་ཡིད་ལ་བྱེད་པ་དེ་སྙེད་ཡང་དག་པར་རྗེས་སུ་མཐོང་ཞིང་། མཐོང་བ་ཙམ་གྱི་མོད་ལ་ཁ་ཅིག་འབྲས་བུ་དང་པོ་དེ་ལ་གནས་པར་བྱེད་ཅེས་བྱ་བ་ནས་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་ཀྱི་བར་དུ་མངོན་དུ་བྱེད་དེ། འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་གཉིས་པའོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། ནམ་མཁའ་དག་པ་རབ་ཏུ་དང་བ་རྙོག་པ་མེད་པ་བདག་གི་བདག་ཇི་སྙེད་པ། ཅི་བདག་གི་


DKG066_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་སེམས་ཉོན་མོངས་པ་ཐམས་ཅད་སྤངས་པ་གཞི་མེད་པ་ཡིན་ནམ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སྣང་བ་ཆེན་པོ་བྱེད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ནི་ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའོ་སྙམ་མོ། །དེ་ཇི་ལྟར་ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིད་ལ་བྱེད་པ་བཞིན་སྐད་ཅིག་དེ་ཉིད་ལ་ཁ་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པར་བྱེད་ཅེས་བྱ་བ་ནས་ཁ་ཅིག་དགྲ་བཅོམ་པ་ཉིད་ཀྱི་བར་དུ་མངོན་དུ་བྱེད་དེ། འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་གསུམ་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། དེ་ལྟར་བདག་གི་རྟོག་པ་རྣམས་ནི་དོན་མེད་པ་སྒྲུབ་པ་ཡིན་ཏེ། གང་བདག་གིས་གཟུགས་ལ་རྣམ་པར་བརྟག་པས་གནས་པར་མི་བྱའོ། །གང་ན་གཟུགས་ཡོད་པ་དེ་ན་འདུ་ཤེས་ཐ་དད་པ་ཡོད་དོ། །དེ་ན་ཐོགས་པའི་འདུ་ཤེས་ཡོད་དོ། །དེ་ན་རྒ་ཤི་ཡོད་པས་བདག་གིས་རྒ་ཤི་རྣམ་པར་གཅད་པའི་ཕྱིར་སེམས་སྒོམ་མོ། །ནམ་མཁའི་འདུ་ཤེས་སུ་ཡང་མོས་སོ་སྙམ་མོ། །ཡང་དེ་ནམ་མཁའི་འདུ་ཤེས་ཡིད་ལ་བྱེད་ཅིང་དེ་ཡང་དག་པར་ཤེས་པར་བྱེད་ལ། དེ་ལ་རབ་ཏུ་སྦྱོར་བར་བྱེད། དེ་ལ་མོས་པར་བྱེད་དེ། དེ་ནམ་མཁའ་ཤིན་ཏུ་ཡོངས་སུ་དག་པ་ཇི་སྙེད་པ་ཐམས་ཅད་ལ་བདག་ཉིད་ཀྱིས་མངོན་པར་བརྗོད་པ་དང་མོས་པར་བྱེད་ཅིང་རྫོགས་པར་བྱས་ཏེ་གནས་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཡིན་ཏེ། འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བའོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། འདི་ནི་བདག་གི་བདག་ཤིན་ཏུ་ཡོངས་སུ་དག་པ་ཡིན་ཏེ། དེ་ནམ་མཁའ་ཐམས་ཅད་ལ་ད་དུང་བདག་གི་རྟོག་པ་རྣམས་ཀུན་ཏུ་སྤྱོད་པར་བྱེད་དོ། །གང་བདག་གི་བདག་གིས་ནམ་མཁའ་ལ་བརྟག་པར་བྱའོ། །བདག་གི་འདུ་ཤེས་ནི་ནམ་མཁའ་ཡིན་ནོ་སྙམ་མོ། །འོན་ཀྱང་འདུ་ཤེས་ཐམས་ཅད་ནི་སྡུག་བསྔལ་གྱི་སྒྲར་གསུངས་ཏེ། འདི་ནི་ཀུན་འབྱུང་བ་དང་སྡུག་བསྔལ་ཐམས་ཅད་ཀྱི་འགོག་


DKG066_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཞི་བ་ཡིན་ཏེ། སུས་དེ་ལ་སྡུག་བསྔལ་བ་དང་ཀུན་འབྱུང་བ་འགོག་པར་ཡང་དག་པར་རྗེས་སུ་མཐོང་བ་དེའི་དུས་ན་ཁ་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ནས་ཁ་ཅིག་དགྲ་བཅོམ་པ་ཉིད་ཀྱི་བར་ལ་གནས་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་བཞི་པའོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། འོ་ན་ནམ་མཁའ་བསྒོམ་པར་བྱ་བའི་ཕྱིར་ལན་མང་དུ་གནས་པར་བྱའོ། །གང་ནམ་མཁའ་ཐམས་ཅད་ནི་བདག་གི་བདག་ཡིན་ཏེ། ནམ་མཁའ་ལ་མོས་པར་བྱའོ། །རྣམ་པར་ཤེས་པ་ཡོངས་སུ་བཙལ་བར་བྱའོ་སྙམ་ནས་ནམ་མཁའ་ཇི་ཙམ་པར་དེའི་རྣམ་པར་ཤེས་པ་མཉམ་པར་སྣང་ངོ་། །དེའི་ནམ་མཁའི་འདུ་ཤེས་ཀྱང་སྤངས་ཤིང་ནམ་མཁའ་མཐའ་ཡས་མུ་མེད་པ་ཇི་སྙེད་པ་དེ་སྙེད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ཀུན་ཏུ་སྣང་སྟེ། འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་སོ། །དེ་ལ་གནས་པ་འདི་སྙམ་དུ་སེམས་ཏེ། བདག་གི་རྣམ་པར་ཤེས་པའི་འདུ་ཤེས་འདི་ནི་རྟོག་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་ཞེས་བྱ་བ་ནས་དེ་ཉིད་རྣམ་པར་ཤེས་པ་ཕྱིན་ཅི་ལོག་གི་བར་ཡིན་ནོ་སྙམ་མོ། །འོན་ཀྱང་བདག་གི་ཕྱིན་ཅི་ལོག་འདི་ནི་དགག་པར་བྱའོ། །གནས་སྐབས་གང་དུ་སྡུག་བསྔལ་ཞེས་བྱ་བ་ནས་འགོག་པའི་བར་དུ་ཡིད་ལ་བྱེད་པའི་གནས་སྐབས་དེ་ན་ཁ་ཅིག་འབྲས་བུ་དང་པོ་ལ་གནས་སོ་ཞེས་བྱ་བ་ནས་ཁ་ཅིག་དགྲ་བཅོམ་པ་ཉིད་ཀྱི་བར་ལ་གནས་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པའོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གི་རྣམ་པར་ཤེས་པའི་འདུ་ཤེས་འདི་ནི་རྟོག་པ་དང་། ཟུག་རྔུ་དང་། འབྲས་དང་། ནད་ཉིད་ཡིན་ཏེ། གང་བདག་གིས་རྣམ་པར་ཤེས་པའི་འདུ་ཤེས་དེ་ཡང་སྤང་བར་བྱ་གོར་མ་ཆག་གོ་སྙམ་ནས་ནམ་མཁའི་འདུ་ཤེས་དེ་ཡང་སྤངས་ཤིང་རྣམ་པར་ཤེས་པའི་འདུ་ཤེས་ཀྱང་སྤོང་བར་བྱེད་དོ། །དེ་ཅི་ལ་ཡང་དམིགས་པར་མི་བྱེད་དོ། །དེའི་ཚེ་འདུ་ཤེས་མེད་པ་ལ་སྙོམས་


DKG066_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞུགས་པ་ཡིན་ཏེ་སུ་ལ་སྔར་འདི་བྱུང་བ་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བའི་ཏིང་ངེ་འཛིན་ཏོ། །དེ་བཞིན་དུ་རྣམ་པར་ཤེས་པ་ནི་ཟུག་རྔུ་དང་། འབྲས་དང་། ནད་རྣམས་ཡིན་ཏེ། གང་བདག་གིས་མེད་པ་ཉིད་ཡིད་ལ་བྱ་གོར་མ་ཆག་སྙམ་མོ། །ཅི་ཞིག་མེད་ཅེ་ན། འདུ་ཤེས་ཐམས་ཅད་བདག་གམ་བདག་གི་མེད་དོ། །བདག་དེས་བདག་དང་འདུ་ཤེས་ཀྱང་སྤང་བར་བྱ་སྟེ། དེ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །གནས་སྐབས་གང་དུ་མྱ་ངན་ལས་འདས་པ་ཡིད་ལ་བྱས་པའི་གནས་སྐབས་དེར་ཁ་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ནས་ཁ་ཅིག་དགྲ་བཅོམ་པ་ཉིད་ཀྱི་བར་ལ་གནས་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་དྲུག་པའོ། །ཡང་སུ་ཞིག་འདི་སྙམ་དུ་སེམས་ཏེ། རྣམ་པར་ཤེས་པའི་ཏིང་ངེ་འཛིན་གྱི་རིམ་པ་ཤིན་ཏུ་ཡོངས་སུ་དག་པ་ཉོན་མོངས་པ་ཅི་ཡང་མེད་པའི་སེམས་ཀྱིས་གནས་པར་བྱའོ་སྙམ་ནས་དེ་མི་རྟོག་པའི་ཚུལ་གྱིས་ཅི་ཡང་མེད་པའི་སེམས་ཀྱིས་གནས་པར་བྱེད་དེ། གནས་སྐབས་གང་དུ་མི་རྟག་པའི་འདུ་ཤེས་ཡིད་ལ་བྱེད་པའི་གནས་སྐབས་དེར་དེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱེད་པ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་མངོན་དུ་བྱེད་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་བདུན་པའོ། །སུ་ཞིག་འདི་སྙམ་དུ་སེམས་ཏེ། བདག་གི་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་ཤེས་པ་ཡང་དག་པར་སྤངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་བྱའོ་སྙམ་ནས་དེ་ཅི་ཡང་མེད་པའི་སྐྱེ་མཆེད་ཐམས་ཅད་སྤངས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཡིད་ལ་བྱེད་ཅིང་ཡང་དག་པར་མི་ཤེས། རབ་ཏུ་སྦྱོར་བར་མི་བྱེད། བྱིན་གྱིས་རློབ་པར་མི་བྱེད། སྒོམ་པར་མི་བྱེད། སྒྲུབ་པར་མི་བྱེད་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་བརྒྱད་པའོ། །དེས་ནི་འདོད་པའི་འདོད་ཆགས་དང་གཟུགས་


DKG066_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདོད་ཆགས་ཐམས་ཅད་དང་། དབྱིབས་ཀྱི་འདོད་ཆགས་དང་། རེག་པའི་འདོད་ཆགས་དང་། རྣམ་པར་གྲོལ་བ་མ་ཡིན་པའི་རྩེ་བའི་འདོད་ཆགས་ཐམས་ཅད་སྤོང་བར་འགྱུར་རོ། །འཕགས་པའི་གང་ཟག་རྣམས་ཀྱི་ནི་ལྷག་མ་མེད་པར་འགྱུར་རོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་ཉམ་སྨད་པར་འགྱུར་ཏེ། རྐྱེན་གྱི་དབང་གིས་ཕྱིས་སྐྱེ་བར་འགྱུར་ཞིང་ངན་སོང་གི་རྒྱུར་འགྱུར་རོ། །འདི་ནི་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱིས་དོན་གླེང་གཞི་དང་བཅས་པ་རྒྱས་པ་དང་བཅས་པ་ཡིན་ཏེ། གང་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་གིས་ང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་ཤུགས་ཀྱི་སྙིང་པོའི་ལག་ནས་བསྐུར་བ་མཐུ་ཆེ་བ། ཕན་ཡོན་ཆེ་བ་ཡིན་ནོ། །འདུས་པ་ཆེན་པོ་འདི་ངས་བཤད་པ་ལ་དད་པ་སྦྱིན་པར་མཛད་པ་ཡིན་ནོ། །འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་ཟད་པར་བྱེད་པ་གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང་། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་དང་། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་ཐམས་ཅད་དང་། ཕྲག་དོག་ཐམས་ཅད་ཡང་དག་པར་ཟད་པར་བྱེད་པ། ཡོངས་སུ་ཚོལ་བ་ཐམས་ཅད་དང་། བརྣབ་སེམས་ཐམས་ཅད་དང་། རྒོད་པ་ཐམས་ཅད་དང་། མ་རིག་པ་ཐམས་ཅད་དང་། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཙོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཐམས་ཅད་དང་། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གསོ་བར་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ཐམས་ཅད་དང་། བྱེད་པ་པོ་དང་། ཚོར་བ་པོར་ལྟ་བ་ཐམས་ཅད་དང་། གཟུགས་སུ་ལྟ་བ་ཐམས་ཅད་ཅེས་བྱ་བ་ནས་རེག་པར་ལྟ་བ་ཐམས་ཅད་ཅེས་བྱ་བའི་བར་དང་། སྐྱེ་བར་ལྟ་བ་ཐམས་ཅད་དང་། འབྱུང་བ་ཆེན་པོར་ལྟ་བ་ཐམས་ཅད་ཡོངས་སུ་ཤེས་པར་བྱེད་པ་ཞེས་བྱ་བ་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་རྡུལ་མེད་པར་བྱེད་པའི་བར་དང་། བྱང་གྲོལ་གྱི་བདེ་བ་ཐམས་ཅད་སྟོན་པར་བྱེད་པ་ཡིན་ནོ། །རིམ་པ་དེས་ནི་བདུད་


DKG066_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཚར་གཅོད་པར་བྱེད་པ། ཀླུ་རྣམས་ཕམ་པར་བྱེད་པ། ལྷ་རྣམས་དགའ་བར་བྱེད་པ། གནོད་སྦྱིན་རྣམས་མགུ་བར་བྱེད་པ། ལྷ་མ་ཡིན་རྣམས་རྣམ་པར་འཇོམས་པར་བྱེད་པ། ནམ་མཁའ་ལྡིང་རྣམས་དངང་བར་བྱེད་པ། མིའམ་ཅི་རྣམས་དད་པར་བྱེད་པ། ལྟོ་འཕྱེ་ཆེན་པོ་རྣམས་སྐྲག་པར་བྱེད་པ། ཕས་ཀྱི་རྒོལ་བ་རྣམས་འདུལ་བར་བྱེད་པ། རྒྱལ་རིགས་རྣམས་མངོན་པར་དགའ་བར་བྱེད་པ། བྲམ་ཟེ་རྣམས་འཇུག་པར་བྱེད་པ། རྗེའུ་རིགས་རྣམས་དགའ་བར་བྱེད་པ། དམངས་རིགས་རྣམས་མཆོག་ཏུ་དགའ་བར་བྱེད་པ། བུད་མེད་འདོད་ཆགས་དང་བྲལ་བར་བྱེད་པ། མང་དུ་ཐོས་པ་རྣམས་སྐྱོ་བར་བྱེད་པ། རྣལ་འབྱོར་སྤྱོད་པ་རྣམས་མངོན་པར་དགའ་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། འཐབ་པ་དང་། ཐབ་མོ་དང་། མུ་གེ་དང་། ནད་དང་། དུས་མ་ཡིན་པའི་ཕ་རོལ་གྱི་དམག་ཚོགས་དང་། དུས་མ་ཡིན་པའི་རླུང་དང་། ཆར་པ་དང་། ཆུ་བོ་དང་། གྲང་བ་དང་། དྲོ་བ་དང་། ཁ་བ་དང་། ཚ་བ་དང་། རྩུབ་པ་དང་། རོ་མེད་པ་དང་། རེག་པར་དཀའ་བའི་དངོས་པོ་རྣམས་རྣམ་པར་ཞི་བར་བྱེད་པ། ཆོས་ཀྱི་ཚུལ་འབར་བར་བྱེད་པ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པ། སངས་རྒྱས་ཀྱི་བསྟན་པ་སྟོན་པར་བྱེད་པ། འཁོར་བར་སྐྲག་པ་རྣམས་དབུགས་འབྱིན་པར་བྱེད་པ། ཟད་པ་ཤེས་པ་སྐྱེད་པར་བྱེད་པ། མི་སྐྱེ་བ་ཤེས་པ་རྟོགས་པར་བྱེད་པ། མ་རིག་པའི་ཕུང་པོ་རབ་ཏུ་འཇོམས་པར་བྱེད་པ། སྡུག་བསྔལ་ཐམས་ཅད་འདོར་བར་བྱེད་པ་ཡིན་ཏེ། འདི་ནི་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་དེར་ལྷ་དང་མི་གྲངས་མེད་དཔག་ཏུ་མེད་པ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཐོབ་བོ། །དེའི་ཚེ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དྲུག་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ཏོ། །དེའི་ཚེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ནི་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་འདི་ཐོབ་པར་གྱུར་ཏོ། །དེའི་ཚེ་


DKG066_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཕྱིར་མི་ལྡོག་པར་ཡང་གྱུར་ཏོ། །སྟོང་ཕྲག་སུམ་ཅུ་རྩ་གཉིས་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དང་། གྲུལ་བུམ་དང་། ཤ་ཟ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་གསོལ་ཏེ། བཙུན་པ་བཅོམ་ལྡན་འདས་ཁྱོད་ཀྱིས་དགེ་བར་གསུངས་པ་ལེགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོགས་པ་མ་མཆིས་པའི་ཡེ་ཤེས་མཐོང་བ་ནི་ངོ་མཚར་ལགས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལ་སུ་ཞིག་འདུན་པ་སྐྱེད་པར་མི་བགྱིད་ལགས། འདི་ལྟར་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་མིག་ཏུ་གྱུར་པ། ཡེ་ཤེས་སུ་གྱུར་པ། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བགྱིད་པར་གྱུར་པ། བདེ་བ་ཐམས་ཅད་སྦྱིན་པར་མཛད་པ། འཁོར་བའི་གཟིངས་སུ་གྱུར་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་ཤུགས་ཀྱི་སྙིང་པོས་གཟུངས་སྔགས་ཉི་མའི་མིག་བསྟན་པ་བསྲུང་བ་ཆེན་པོ་མ་འདྲེས་པ་ཐམས་ཅད་སྒྲུབ་པ་ཞེས་བགྱི་བ་ནས་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་སྒྲུབ་པ་ཞེས་བགྱི་བའི་བར་དང་། གཟུངས་སྔགས་གང་གིས་སྐྱེས་བུ་དམ་པ་རྣམས་སྲིད་པ་གསུམ་གྱི་བཙོན་ར་ཐམས་ཅད་དུ་མངོན་པར་མི་དགའ་བའི་འདུ་ཤེས་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་བདེ་བ་ལ་རེག་པར་བགྱིས་ནས་མི་གཡོ་བའི་ཏིང་ངེ་འཛིན་ལ་འཇུག་ཅིང་མགོ་མཉམ་པ་ཉིད་དུ་འགྱུར་བ་དང་། སུས་ཐོས་པ་དེའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་བསྲབས་པར་འགྱུར་ཞིང་། དེ་ལྷ་རྣམས་ཀྱི་ནང་དུ་ཚེ་རབས་བདུན་འཁོར་བར་འགྱུར་བ་དང་། ལྷའི་དྲང་སྲོང་དུ་འགྱུར་བ་དང་། དེའི་སེམས་འདོད་པ་རྣམས་


DKG066_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གོས་པར་མི་འགྱུར་བ་དང་། ལྷ་ཐམས་ཅད་ཀྱིས་མཆོད་པའི་འོས་སུ་གྱུར་པ་དང་། དེ་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་ཀྱི་ནང་དུ་ཚེ་རབས་བདུན་འཁོར་བར་འགྱུར་བ་དང་། དེའི་སེམས་འདོད་པ་རྣམས་ཀྱིས་གོས་པར་མི་འགྱུར་བ་དང་། མིའི་དྲང་སྲོང་དུ་འགྱུར་བ་དང་། ལྷ་དང་མི་ཐམས་ཅད་ཀྱིས་མཆོད་པའི་འོས་སུ་གྱུར་པ་དང་། ཕྱག་བགྱི་བའི་འོས་སུ་གྱུར་པར་འགྱུར་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱ་མི་དགའ་བར་མ་བྱེད་ཅིག་ཆོག་གོ །ཀཽ་ཌི་ནྱ་ཉི་མ་དང་ལྡན་པའི་གཟུངས་སྔགས་འདི་ཉན་ཐོས་དང་རང་རྒྱལ་བ་རྣམས་ཀྱིས་མ་ཡིན་ནོ། །ཉི་མའི་མིག་པད་མའི་གཟུངས་སྔགས་འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་རྒྱུ་འཐུན་པ་དག་ཡིན་ནོ། །ཀཽ་ཌི་ནྱ་གལ་ཏེ་ངས་བསྐལ་པ་བརྒྱ་སྟོང་དུ་ཉི་མའི་མིག་གི་གཟུངས་སྔགས་འདིའི་དོན་བསྟན་ཀྱང་བསྐལ་པ་བརྒྱ་སྟོང་ནི་ཟད་པར་འགྱུར་གྱི་རྒྱ་ཆེར་དོན་ཐམས་ཅད་བརྗོད་པར་མི་ནུས་སོ། །འདི་ལ་ལྷ་དང་བཅས་པའི་འཇིག་རྟེན་རྨོངས་པར་ཡང་འགྱུར་རོ། །འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཉིད་མ་གཏོགས་པར་མངོན་སུམ་པ་གཞན་གང་ཡང་མེད་དོ། །ཉི་མའི་མིག་གི་གཟུངས་སྔགས་འདི་ནི་དོན་དཔག་ཏུ་མེད་པ་མཐོང་བར་དཀའ་བ། རྟོགས་པར་དཀའ་བ་ཡིན་ནོ། །དེ་བཞིན་དུ་མི་ཟད་པའི་སྦུ་བུ་དང་། དེ་བཞིན་དུ་རིག་སྔགས་ཀྱི་རྟེན་དང་། དེ་བཞིན་དུ་སྡང་བ་ཞི་བར་བྱེད་པ། གཉིད་ཀྱིས་ལོག་པར་བྱེད་པའི་གཟུངས་སྔགས་ནི་དོན་དཔག་ཏུ་མེད་ལ་མཐོང་བར་དཀའ་བ་ཁོང་དུ་ཆུད་པར་དཀའ་བ་ཡིན་ཏེ། འདི་ལ་དེ་བཞིན་གཤེགས་པ་རྣམས་ཉིད་མ་གཏོགས་པར་མངོན་སུམ་པ་གཞན་གང་ཡང་མེད་དོ། །ཀཽ་ཌི་ནྱས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གང་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་དེས་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེའི་ལག་ནས་བསྐུར་བ་བཤད་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱ་དེ་བཞིན་ཏེ། གང་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོས་


DKG066_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ང་ལ་བསྐུར་བ་འདུས་པ་འདིར་ངས་བཤད་པ་ལ་དད་པ་སྦྱིན་པར་མཛད་པ་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་ངས་བཤད་པར་བྱའོ། །འདི་ལྟར་འདི་ནི་འདིར་ངས་བཤད་ན་སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་དོན་བྱེད་པ་ཡིན་ཞིང་འདིར་སེམས་ཅན་རྣམས་ཀྱིས་མངོན་སུམ་དུ་གྱུར་པར་འགྱུར་རོ། །ཀཽ་ཌི་ནྱ་དེའི་ཕྱིར་ཁྱོད་ཅེས་བྱ་བ་ནས་བཅོམ་ལྡན་འདས་དེས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་ཏོ། །ཀཽ་ཌི་ནྱ་འདི་ལ་སེམས་ཅན་གང་དག་འདོད་ཆགས་ཀྱི་རྒྱགས་པས་མྱོས་ཤིང་ངེས་པར་འབྱུང་བར་མི་ལྟ་བས་གནས་པ་དེ་དག་ཡུན་རིང་པོར་འཁོར་བར་བྱེད་པར་འགྱུར་རོ། །ཡུན་རིང་པོར་ངན་སོང་གསུམ་དུ་སྡུག་བསྔལ་གྱི་ཚོར་བ་རྩུབ་པ་མི་ཟད་པ་མྱོང་བར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྐྱེས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེའི་སྟོབས་ཆེན་པོ་དང་། བརྩོན་འགྲུས་དང་། བརྩོན་པ་དང་། བརྟུལ་བ་ཆེན་པོས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་དག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །སེམས་ཅན་རྣམས་ངན་སོང་གསུམ་ལས་བསྒྲལ་བའི་ཕྱིར་ངེས་པར་འབྱེད་པ་དང་། ངེས་པར་འབྱིན་པ་དང་། གཅེས་སྤྲས་བྱེད་པས་ཡང་དག་པར་སྡུག་བསྔལ་ཟད་པར་འགྲོ་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །སེམས་ཅན་གང་དག་ཆོས་བསྟན་པ་དེ་ཉན་པར་བྱེད་ཅིང་སྡུག་བསྔལ་ལས་ངེས་པར་འབྱུང་བར་ལྟ་བ་དེ་དག་འབྲས་བུ་དང་པོ་ཐོབ་པར་བྱེད་དོ་ཞེས་བྱ་བ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་བྱེད་དོ། །ཡང་ན་གལ་ཏེ་གང་དག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་ཡེ་ཤེས་ཡོངས་སུ་བཙལ་བར་བྱ་བའི་ཕྱིར་འཁོར་བའི་སྡུག་བསྔལ་འཇིགས་སུ་རུང་བ་རྣམས་ལ་སྤྲོ་བར་བྱེད་པ་དེ་དག་བླ་ན་མེད་པའི་ཡེ་ཤེས་རྗེས་སུ་ཐོབ་ནས་སེམས་ཅན་རྣམས་འདོད་པ་དག་ལ་ངེས་པར་འབྱུང་བར་བྱ་བའི་ཕྱིར་ཆོས་སྟོན་པར་མཛད་དེ། དཔེར་ན་ད་ལྟར་ང་བཞིན་ནོ། །ཀཽ་ཌི་ནྱ་དེ་ལ་རེག་པའི་འདོད་ཆགས་གང་ཞེ་ན། སེམས་ཅན་


DKG066_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་གཅིག་ལ་གཅིག་ལུས་ཀྱིས་རེག་པས་རེག་པར་གྱུར་པ་དེ་དག་བདེ་བའི་ཚོར་བ་མྱོང་བས་སྡུག་བསྔལ་སྐྱེ་བར་བྱེད་དོ། །སྡུག་བསྔལ་སོ་སོ་ཡང་དག་པར་མྱོང་བར་བྱེད་དོ། །དཔེར་ན་སྦྲུལ་གདུག་པ་གཏུམ་པོ་ཁ་ཅིག་ལྟ་བས་སེམས་ཅན་རྣམས་གསོད་པར་བྱེད། ཁ་ཅིག་དབུགས་ཙམ་གྱིས་སེམས་ཅན་རྣམས་གསོད་པར་བྱེད་དོ། །ཁ་ཅིག་རེག་པ་ཙམ་གྱིས་སེམས་ཅན་རྣམས་གསོད་པར་བྱེད། ཁ་ཅིག་སྦྱོར་བ་ཙམ་གྱིས་སེམས་ཅན་རྣམས་གསོད་པར་བྱེད་པ་དེ་བཞིན་དུ་སེམས་ཅན་ཁ་ཅིག་ནི་མཐོང་བ་ཙམ་གྱིས་དགེ་བའི་རྩ་བ་ཐམས་ཅད་ཆུད་གསོན་པར་བྱེད་ཅིང་རབ་ཏུ་སྲེག་པར་བྱེད་དོ། །ཁ་ཅིག་ནི་གཅིག་ལ་གཅིག་ལུས་ཀྱིས་རེག་པས་དགེ་བའི་རྩ་བ་ཐམས་ཅད་ཆུད་གསོན་ཅིང་རབ་ཏུ་སྲེག་པར་བྱེད་དོ། །ཁ་ཅིག་ནི་འཇུག་པ་ཙམ་གྱིས་དགེ་བའི་རྩ་བ་ཐམས་ཅད་ཆུད་གསོན་ཅིང་རབ་ཏུ་སྲེག་པར་བྱེད་དོ། །ཁ་ཅིག་ནི་འཁྲིག་པ་དང་ལྡན་པའི་ཀུན་ཏུ་སྦྱོར་བའི་རེག་པ་ཙམ་གྱིས་སྡུག་བསྔལ་སྐྱེད་པར་བྱེད་ཅིང་དེ་དག་སྡུག་བསྔལ་སོ་སོ་ཡང་དག་པར་མྱོང་བར་བྱེད་དོ། །ཀཽ་ཌི་ནྱ་དེ་ལ་རེག་པའི་འདོད་ཆགས་ལས་ངེས་པར་འབྱུང་བ་གང་ཞེ་ན། ཀཽ་ཌི་ནྱ་འདི་ན་རུས་པའི་ཕུང་པོ་གཟུགས་གསལ་བ་ལ་སོ་སོར་བརྟག་པར་བྱའོ། །ཇི་ལྟར་ཞེ་ན། གང་དུ་གཟུགས་འདོད་པ་སྡུག་པ། ཕངས་པ། ཡིད་དུ་འོང་བ། འདོད་པ་དང་ལྡན་པ། ཆགས་པར་འགྱུར་བ་རྣམས་མཐོང་ནས་དེ་ལ་བྱང་གྲོལ་གྱི་བདེ་བ་འདོད་པ་དེ་འདི་ལྟར་སོ་སོ་ཡང་དག་པར་སློབ་པར་བྱེད་དེ། གཟུགས་འདི་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། འཇིག་ཅིང་རྣམ་པར་འཇིག་ལ་རྣམ་པར་ཕྱེ་མར་འགྱུར་བའི་ངོ་བོ་ཉིད་དོ། །ཇི་ལྟར་ཞེ་ན། དེ་ན་རུས་པའི་ཕུང་པོ་སྐྲ་མེད་པ་དང་། ཤ་དང་། སེན་མོ་དང་། ཁྲག་མེད་པ་དང་། སྟོང་པ་དང་། ཤིན་ཏུ་དཀར་ཞིང་དུང་གི་མདོག་ལྟ་བུ་དང་། རྒྱུས་པས་འབྲེལ་བར་ཡིད་ལ་བྱེད། ཡང་དག་པར་ཤེས་པར་བྱེད། རབ་ཏུ་སྦྱོར་བར་བྱེད། བྱིན་གྱིས་རློབ་པར་བྱེད་དེ། དེས་དེ་ཁོ་ན་བཞིན་དུ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ངོ་། །དེ་དེ་


DKG066_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྟེན་ཅིང་སྒོམ་ལ་ལན་མང་དུ་བྱེད་པ་ན་མཚན་མོ་ཇི་ལྟ་བར་ཉིན་པར་ཡང་དེ་བཞིན་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། དེ་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་སྐྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། བདག་ནི་རྒ་ཤིའི་འཇིགས་པས་གནོད་པར་གྱུར་པ་ཡིན་པས་གང་བདག་གིས་རྒ་ཤིའི་རྔ་བོ་ཆེ་འདི་མ་ལུས་པར་གཅག་གོར་མ་ཆག་སྙམ་མོ། །ཇི་ལྟར་བདག་གིས་རྒ་ཤིའི་རྔ་བོ་ཆེ་མ་ལུས་པར་གཞིག་པར་ནུས་ཞེ་ན། གང་བདག་གིས་རུས་པའི་ཕུང་པོ་འདི་ལ་ཤིན་ཏུ་སོ་སོར་བརྟག་པར་བྱས་པས་མ་ལུས་པར་གཞིག་པར་བྱ་གོར་མ་ཆག་སྙམ་ནས་དེ་ཐམས་ཅད་དང་ལྡན་པའི་རུས་པའི་ཕུང་པོ་འདི་ལ་སོ་སོར་རྟོག་པར་བྱེད་དེ། གང་དེ་ཐམས་ཅད་ལ་དཀར་པོའི་འདུ་ཤེས་ཡིད་ལ་བྱེད་པ་འདི་ནི་དེའི་ཞི་གནས་སུ་འགྱུར་རོ། ། དེ་འདི་ནི་བདག་གི་མགོའི་རུས་པའོ་ཞེས་བྱ་བ་ནས་དེ་བཞིན་དུ་འདི་ནི་བདག་གི་རྐང་པའི་མཐེ་བོའི་རུས་པའོ་ཞེས་བྱ་བའི་བར་དུ་དེ་ལྟར་སོ་སོར་རྟོག་པར་བྱེད་ཅིང་རྒ་ཤིའི་རྔ་བོ་ཆེ་འདི་གཞིག་པར་བྱ་བའི་ཕྱིར་བདག་གིས་གནས་གང་དུ་ལྷག་མཐོང་གིས་བརྩམ་པར་བྱ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཁ་དང་སྣ་གཉིས་ཀྱི་རླུང་འདུས་པས་རྒ་ཤིའི་རྔ་བོ་ཆེ་རང་གི་རུས་པའི་ཕུང་པོ་འདི་མ་ལུས་པར་གཞིག་པར་བྱའོ་སྙམ་ནས་དེ་སྣའི་རྩེ་མོར་རླུང་འདུས་པས་ཡང་དག་པར་རྩོམ་པར་བྱེད་དེ། རྡུལ་ཕྲ་རབ་ཙམ་དུ་རུས་པ་འཇིག་པར་བྱེད་དོ། །རླུང་གིས་འཕྱར་བར་བྱེད་དོ། །སྦྱོར་བ་དེས་རང་གི་རུས་པའི་ཕུང་པོ་ཐམས་ཅད་འཇིག་པར་འགྱུར་རོ། །ཇི་ལྟར་རང་གི་རུས་པའི་ཕུང་པོ་ཐམས་ཅད་ལྷག་མ་མེད་པར་རླུང་གིས་ཁྱེར་བར་གྱུར་པ་བཞིན་དེའི་རང་གི་ལུས་དེ་ལ་གང་རུས་པའི་འདུ་ཤེས་བྱུང་བ་དེ་སྤངས་ཤིང་དེར་དེ་ལ་སྟོང་པར་སྣང་སྟེ། འདི་སྟོང་པ་ཉིད་ཀྱི་ཡན་ལག་དང་པོའོ།། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་བདུན་པ། གཞན་ཡང་དེ་ལ་བདག་ནང་སྟོང་པ་ཉིད་དུ་སྣང་ངོ་། །དེ་ལ་ཕྱི་རོལ་ནི་གཟུགས་ཀྱི་འདུ་ཤེས་སུ་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རླུང་འདུས་པ་དེས་གཟུགས་སྣང་བ་ཐམས་ཅད་རྣམ་པར་གཞིག་པར་བྱའོ་


DKG066_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ནས་དེ་དེ་ལྟར་རླུང་འདུས་པས་ཕྱི་རོལ་གྱིས་གཟུགས་སྣང་བ་གང་ཅི་ཡང་རུང་བ་ཐམས་ཅད་རླུང་གིས་རྣམ་པར་འཇིག་པར་བྱེད་དོ། །དེ་རྣམ་པ་ཐམས་ཅད་དུ་ནང་ངམ་ཕྱི་རོལ་གྱི་གཟུགས་སྣང་བ་ཐམས་ཅད་སྤངས་ནས་བྱེ་བྲག་ཏུ་ཡིད་ལ་བྱེད་པ་འདི་ནི་སྟོང་པ་ཉིད་ཀྱི་ཡན་ལག་གཉིས་པའོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་གཟུགས་སྣང་བ་གང་སྤངས་པ་ཐམས་ཅད་ནི་བདག་ལ་སྟོང་པར་སྣང་གི་གཞན་ནི་མ་ཡིན་ནོ། །དེས་ན་བདག་གི་རླུང་དུ་ཀུན་ཏུ་རྟོག་པའི་སེམས་འདི་ཡང་ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པས་དེ་བདག་གིས་སྤང་བར་བྱའོ། །ཆོས་ནི་གང་དུ་ཡང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད་དེ། དེ་དེ་ལྟར་འགྲོ་བ་མེད་པའི་ཚུལ་ལམ། བདག་ཉིད་འགྲོ་བའི་ཚུལ་གྱིས་རྟོག་པ་སྤོང་བར་བྱེད་དེ་འདི་ནི་སྟོང་པ་ཉིད་ཀྱི་ཡན་ལག་གསུམ་པའོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། ཅི་འདུས་བྱས་ཐམས་ཅད་ལ་དེ་ཁོ་ན་ཡང་དག་པ་ཅི་ཡང་ཡོད་དམ་སྙམ་ནས་དེ་ཡང་དག་པ་མངོན་སུམ་དུ་གྱུར་པ་དེ་ཤེས་པར་བྱས་ཏེ། ཀུན་འབྱུང་བའི་ཆོས་གང་ཅི་ཡང་རུང་བ་ཐམས་ཅད་འགོག་པའི་ཆོས་སུ་རིག་པར་བྱས་ནས་དེས་ཁམས་གསུམ་པ་ཐམས་ཅད་མེད་ཅིང་ཡང་དག་པ་མ་ཡིན་པར་ཤེས་ཏེ། དེའི་འདུ་བྱེད་ཤིན་ཏུ་སྦྱངས་ཤིང་ཞི་བར་འགྱུར་བ་འདི་ནི་སྟོང་པ་ཉིད་ཀྱི་ཡན་ལག་བཞི་པའོ། །ཁ་ཅིག་ནི་འདིར་འབྲས་བུ་དང་པོ་ལ་གནས་པར་བྱེད་དོ། །ཁ་ཅིག་ནི་རྗེས་སུ་འཐུན་པའི་བཟོད་པ་སྒོམ་པར་བྱེད་དོ། །ཁ་ཅིག་ནི་དུས་དང་རྐྱེན་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ལ་རེག་པར་བྱེད་དོ། །གང་རྟོག་པ་དང་དཔྱོད་པ་འབའ་ཞིག་རྣམ་པར་ཞི་བར་བྱ་བའི་ཕྱིར་བརྩོན་པ་ནི་རྣམ་པར་ཞི་བར་འགྱུར་རོ། །དེ་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་པར་བྱེད་དེ། དེ་བསམ་པ་ཇི་ལྟ་བ་བཞིན་དུ་འགོག་པས་ཉིན་ཞག་གཅིག་འདའ་བར་བྱེད་དོ་ཞེས་བྱ་བ་ནས་བསྐལ་པ་དཔག་ཏུ་མེད་པའི་བར་དུ་འདའ་བར་བྱེད་དོ། །དང་པོ་དེ་ལངས་མ་ཐག་ཏུ་སྐད་ཅིག་མ་གཉིས་པ་ལ་ཉོན་མོངས་པ་ཟད་པ་ན་ཚེ་ཡང་ཟད་པར་གྱུར་ནས་དེ་མགོ་མཉམ་པར་ཡོངས་སུ་མྱ་ངན་ལས་འདས་པར་བྱེད་དོ། །འདི་ནི་


DKG066_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་བརྒྱད་པ་ཡིན་ཏེ། སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་མཐུ་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་ཟད་པར་བྱེད་པ། གཟུགས་དང་གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་ཟད་པར་བྱེད་པ་ཞེས་བྱ་བ་ནས་སྡུག་བསྔལ་གྱི་ཁུར་འདོར་བར་བྱེད་པ་ཞེས་བྱ་བའི་བར་ཡིན་ནོ། །དེ་ནི་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོས་ང་ལ་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེའི་ལག་ནས་བསྐུར་བ་དང་འདུས་པ་འདི་ལ་ངས་བཤད་པ་ལ་དད་པ་སྦྱིན་པར་མཛད་པ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་དེར་སེམས་ཅན་བྱེ་བ་འབུམ་ཕྲག་དགུ་བཅུ་རྩ་གཉིས་འབྲས་བུ་དང་པོ་ལ་གནས་པར་གྱུར་ཏོ། །འབུམ་ཕྲག་དྲུག་ཅུ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྔོན་ལས་བྱས་པའི་སེམས་ཅན་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་ནི་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཐོབ་པར་གྱུར་ཏོ། །སྲོག་ཆགས་བརྒྱད་ཁྲི་ནི་རང་བྱུང་ཅན་གྱི་གཟུངས་སྔགས་ཐོབ་པར་གྱུར་ཏོ། །དེར་སེམས་ཅན་དཀྲིགས་ཕྲག་དྲུག་ཅུས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་ལེགས་སོ་ཞེས་བྱ་བ་གསོལ་ཏེ། ལྷ་རྫས་ཀྱི་མེ་ཏོག་དང་སྤོས་ཀྱི་ཆར་མངོན་པར་རབ་ཏུ་བབ་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀཽ་ཌི་ནྱས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་དེས་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བའི་དཔལ་སྙིང་པོའི་ལག་ནས་བསྐུར་བ་དང་། འདུས་པ་ཆེན་པོ་ལུང་བསྟན་པ་ཆེན་པོ་འདི་ལ་དད་པ་སྦྱིན་པར་མཛད་པ་བཤད་པར་གསོལ། བཅོམ་ལྡན་


DKG066_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱ་དེ་དེ་བཞིན་ནོ། །ཀཽ་ཌི་ནྱ་དེ་དེ་བཞིན་ཏེ། ཀཽ་ཌི་ནྱ་འཁོར་འདི་ལ་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ངས་བཤད་པར་བྱའོ། །ཀཽ་ཌི་ནྱ་འཁོར་འདི་ན་སེམས་ཅན་གང་དག་སྔོན་ཡོངས་སུ་སྦྱང་བ་བྱས་པ་དང་ཆོས་འདི་ཀུན་ཏུ་ཤེས་པར་ནུས་པ་དག་ཡོད་དོ། །ཀཽ་ཌི་ནྱ་དེའི་ཕྱིར་ཉོན་ལ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་དུའོ། །ཀཽ་ཌི་ནྱ་འདི་ན་སེམས་ཅན་གང་དག་མ་མོས་ཤིང་འདོད་ཆགས་དང་ཡང་དག་པར་རྗེས་སུ་འབྲེལ་བ་དག་ཡོད་དེ། དེ་དག་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཤིང་། དེ་དག་ངེས་པར་འབྱུང་བར་མི་ལྟ་བས་ཡུན་རིང་པོར་འཁོར་བར་འཁོར་བར་འགྱུར་རོ་ཞེས་བྱ་བ་ནས་ཡིད་ཀྱིས་ཀུན་ཏུ་རྟོག་པའི་འདོད་ཆགས་ལས་ངེས་པར་འབྱུང་བ་གང་ཞེ་ན་ཞེས་བྱ་བ་དང་། འདི་ལ་ཇི་ལྟར་ཡང་དག་པར་བསླབ་པར་བྱ་ཞེ་ན་ཞེས་བྱ་བའི་བར་དུའོ། །འདོད་པའི་འདོད་ཆགས་དང་། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། དབྱིབས་ཀྱི་འདོད་ཆགས་དང་། རེག་པའི་འདོད་ཆགས་དང་། མོས་པའི་འདོད་ཆགས་དང་། ཡིད་ཀྱི་ཀུན་ཏུ་རྟོགས་པའི་འདོད་ཆགས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་འདུ་བྱེད་ཀྱི་འབྱོར་འབྲེལ་གྱི་རྐྱེན་ལས་འབྱུང་ན། སུས་འདུ་བྱེད་དེ་དག་མངོན་པར་འདུས་བྱས་ཤིང་སུ་ཞིག་ནི་མངོན་པར་འདུ་བྱེད་ཅེ་ན། རླུང་གིས་མངོན་པར་འདུས་བྱས་པའོ། །བདག་གི་ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་དེ་དག་དང་རླུང་ཡང་རྣམ་པར་གཞིག་པར་བྱའོ། །རླུང་དེ་དག་ནི་ཁ་དང་སྣ་དག་ནས་འཇུག་ཅིང་འབྱུང་སྟེ། རླུང་དེ་དག་གིས་མངོན་པར་འདུས་བྱས་སོ། །རླུང་དེ་དག་ཉིད་ཀྱིས་ལུས་འདི་རྣམ་པར་གཏོར་ཞིང་རྣམ་པར་གཞིག་པར་བྱའོ་སྙམ་ནས་དེ་དེ་ལྟར་སེམས་ལ་དབུགས་རྔུབ་པར་བྱེད་དེ། དབུགས་གང་དག་འཇུག་པར་བྱེད་པ་དེ་དག་ནི་ཤ་དང་ཁྲག་སྐེམས་པར་བྱེད་དོ། །མེད་པར་བྱེད་དོ། །གང་དག་འབྱུང་བར་བྱེད་པ་དེ་དག་ནི་ཤ་དང་ཁྲག་དེ་ལུས་ཀྱི་ཕྱི་རོལ་དུ་འདོར་བར་བྱེད་དོ་ཞེས་བྱ་བ་ནས་ལུས་ཐམས་


DKG066_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བུ་གར་གྱུར་པར་མཐོང་བའི་བར་དང་། རྨའི་སྒོ་ཐམས་ཅད་ནས་དབུགས་འཇུག་ཅིང་འབྱུང་ལ་སྐྲ་དང་། སེན་མོ་དང་། ཤ་དང་། ཁྲག་གཞི་ནས་འབྱིན་ཅིང་ལུས་ཀྱི་ཕྱི་རོལ་དུ་འདོར་བར་བྱིན་གྱིས་རློབ་པར་བྱེད་པའི་བར་དང་། ཤ་དང་ཁྲག་ཐམས་ཅད་མ་ལུས་པར་ལུས་ཐམས་ཅད་ལ་མི་མཐོང་བར་བྱེད་པའི་བར་དང་། རུས་གོང་གི་ཕུང་པོ་སྟོང་ཞིང་དཀར་ལ་དུང་གི་མདོག་ལྟ་བུ་དང་། རྒྱུས་པས་འབྲེལ་བར་ཡང་དག་པར་རྗེས་སུ་མཐོང་བར་བྱེད་ཅིང་ཡིད་ལ་བྱེད། སྒོམ་པར་བྱེད་ལ་དེ་ཉིད་བྱིན་གྱིས་རློབ་པར་བྱེད་པའི་བར་དང་། གང་དེ་ལ་སྔར་འདོད་པའི་འདོད་ཆགས་ཀྱི་སེམས་དང་རྗེས་སུ་འབྲེལ་བར་བྱུང་བ་དེ་སེམས་མཉམ་པར་གཞག་པ་ལ་ཉམས་དམས་པར་འགྱུར། བསྲབས་པར་འགྱུར་ཞིང་དེ་བཞིན་དུ་གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། དེ་བཞིན་དུ་དབྱིབས་ཀྱི་འདོད་ཆགས་དང་། དེ་བཞིན་དུ་རེག་པའི་འདོད་ཆགས་དང་། དེ་བཞིན་དུ་མོས་པའི་འདོད་ཆགས་དང་། ཀུན་ཏུ་རྟོག་པའི་འདོད་ཆགས་འགོང་བར་འགྱུར་ཞིང་བསྲབས་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །གང་གི་ཚེ་ཡང་དེའི་སེམས་མཉམ་པར་མ་བཞག་པ་ན་ཡང་དང་ཡང་དུ་རྐྱེན་ཇི་ལྟ་བུ་རྙེད་པ་དེ་ལྟ་བུ་དེ་ཆུ་ཚོད་གཅིག་ཙམ་དུ་གཟུགས་ཁ་ཅིག་ལ་ཞེས་བྱ་བ་ནས། རེག་པ་ཁ་ཅིག་ལ་ཞེས་བྱ་བའི་བར་ལ་རྣམ་པར་ཉམས་པར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གི་རིས་འཐུན་པས་འདོད་ཆགས་གཞི་དང་བཅས་པ་གང་ཡིན་པ་དེ་བཅད་ལ་མ་ལུས་པར་བྱ་བ་ཡིན་ནོ། །དཔེར་ན་དྲུངས་ནས་ཕྱུང་བ་མ་ཡིན་པའི་ཤིང་བཅད་པ་ནི་ཕྱིས་ཀྱང་སྐྱེ་བར་འགྱུར། དེ་བཞིན་དུ་སྲེད་པའི་བག་ལ་ཉལ་མ་བཏོན་པ་སྡུག་བསྔལ་རྣམ་པ་སྣ་ཚོགས་ཕྱི་ཕྱིར་སྐྱེད་དེ། དེ་ཉིད་ལ་སྒོམ་པར་བྱེད་དེ། ཇི་ལྟར་རང་གི་ལུས་ལ་ཀེང་རུས་དཀར་ཞིང་དུང་གི་མདོག་ལྟ་བུ་རྒྱུས་པས་འབྲེལ་བ་ཡང་དག་པར་རྗེས་སུ་མཐོང་བར་བྱེད་པའི་བར་དུའོ། །དེ་བཞིན་དུ་གཟུགས་སྣང་བ་གང་ཅི་ཡང་རུང་། སེམས་ཅན་ནམ། སེམས་ཅན་མ་ཡིན་པ་ཡང་རུང་སྟེ། མིག་སྔར་སྣང་བར་གྱུར་ན་དེས་ཐམས་ཅད་དུ་དེ་ལྟ་བུར་ཐམས་ཅད་ཀེང་རུས་


DKG066_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཀར་པོ་རྒྱུས་པས་འབྲེལ་བར་ལྷག་ཆད་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ལས་དེའི་སེམས་རྣམ་པར་གཡེང་བར་ཡང་མི་བྱེད་དེ། འདི་ནི་དེའི་ཞི་གནས་ཡིན་ནོ། །དེའི་ཚེ་ཡང་འདི་ལྟར་སོ་སོར་ཡང་དག་པར་སློབ་པར་བྱེད་དེ། འདི་ནི་མགོའི་ཐོད་པའི་རུས་པའོ། །འདི་དག་ནི་སོ་རྣམས་སོ། །འདི་ནི་མགྲིན་པའོ་ཞེས་བྱ་བ་ནས་འདི་དག་ནི་རྐང་པའི་མཐེ་བོའི་རུས་པ་རྣམས་སོ་ཞེས་བྱ་བར་དེའི་ལྷག་མཐོང་དང་མཚུངས་པར་ལྡན་པའི་སེམས་ཀྱི་བསམ་གཏན་སྒྲུབ་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བསམས་བཞིན་དུ་བསམ་གཏན་སྒྲུབ་པར་བྱེད་པའི་ཕྱིར་རོ། །གང་དུ་དེའི་སེམས་ཤིན་ཏུ་ཡང་དག་པར་གནས་ཤིང་རབ་ཏུ་དང་བར་གྱུར་ན་དེས་དེ་བསྒོམ་པར་བྱ་སྟེ། ལྷག་མཐོང་གཅིག་པུ་ལ་སེམས་ཤིན་ཏུ་ཡང་དག་པར་གནས་ཤིང་རབ་ཏུ་དང་བར་གྱུར་ན་ཡང་དེས་དེ་བསྒོམ་པར་བྱའོ། །ལྷག་མཐོང་གཅིག་པུ་ལ་སེམས་ཤིན་ཏུ་ཡང་དག་པར་གནས་ཤིང་རབ་ཏུ་དང་བར་གྱུར་ན་དེས་འདི་ལྟར་བསྒོམ་པར་བྱ་སྟེ། རུས་པའི་ཕུང་པོ་སོ་སོར་ཐ་དད་པར་རུས་པ་རྣམས་ལ་སོ་སོར་བརྟགས་ཤིང་བཤིག་ལ་སོ་སོར་བརྟགས་ནས་རྣམ་པར་ཕྱེ་མར་བྱས་ཏེ་སོ་སོར་བརྟག་གོ །དེར་རུས་གོང་གི་ཕྱེ་མ་རྣམས་ལ་སེམས་ཀྱི་འདུ་འཕྲོད་གང་ཡིན་པ་དེ་རྒྱུ་མེད་པ་མ་ཡིན་པ་དང་། ཟད་པ་དང་འཇིག་པའི་མཚན་ཉིད་དུ་སོ་སོར་བརྟག་པར་བྱའོ། །དེ་ལྟར་ལྷག་མཐོང་དང་རྗེས་སུ་འཐུན་པའི་བཟོད་པ་མངོན་པར་རྟོགས་པར་འགྱུར་བ་ཡིན་ནོ། །གཟུགས་སྣང་བ་ཐམས་ཅད་ལ་ཆགས་པ་མེད་པའི་རུས་གོང་གི་ཕྱེ་མ་ཤིན་ཏུ་དཀར་པོ་ལ་འདུ་འཕྲོད་ཀྱི་རྒྱུ་གང་། སེམས་མགྱོགས་པ་དང་ཀུན་ཏུ་མགྱོགས་པ་ལ་སོ་སོར་རྟོག་པ་འབྱུང་བ་འདི་ནི་སྐྱོ་བ་དང་རྗེས་སུ་འཐུན་པའི་བཟོད་པ་མངོན་པར་རྟོགས་པར་འགྱུར་བ་ཡིན་ནོ། །གཟུགས་ཐམས་ཅད་ལ་ཆགས་པ་མེད་པའི་རུས་གོང་གི་ཕྱེ་མ་ཤིན་ཏུ་དཀར་པོ་ངོ་བོ་ཉིད་མེད་པ་ལ་འདུ་འཕྲོད་ཀྱི་རྒྱུ་དང་། སེམས་མགྱོགས་པ་དང་ཀུན་ཏུ་མགྱོགས་པ་ལ་སོ་སོར་རྟོག་པ་བདག་མེད་པ་དེ་ནི་འཇིག་པ་དང་རྗེས་སུ་འཐུན་པའི་བཟོད་པ་མངོན་པར་རྟོགས་པར་འགྱུར་བ་ཡིན་ནོ། །གཟུགས་སྣང་བ་


DKG066_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཆགས་པ་མེད་པའི་རུས་གོང་གི་ཕྱེ་མ་ཤིན་ཏུ་དཀར་པོ་དག་ལ་བརྗོད་དུ་མེད་པ་དང་། སྣུམ་པ་མེད་པ་དང་། གཟུང་བ་མེད་པ་དང་། མཉམ་པར་གནས་པ་མ་ཡིན་པ་དང་། ཅི་ཡང་མེད་པ་འདི་ནི་ཞི་བའི་ཞི་གནས་དང་རྗེས་སུ་འཐུན་པའི་བཟོད་པ་མངོན་པར་རྟོགས་པར་འགྱུར་བ་ཡིན་ནོ། །དེས་བཟོད་པ་ཐོབ་པར་བྱ་བའི་ཕྱིར་དུས་གསུམ་གྱི་འདོད་ཆགས་དག་འདོད་ཆགས་ལས་ཡང་དག་པར་སྒྲོལ་བ་དང་། ཡང་དག་པར་ལྡང་བར་བྱེད་པ་དང་། རྣམ་པར་རྟོག་པ་མཉམ་པ་དང་། རྟེན་མཉམ་པ་དང་། དུས་གསུམ་གྱི་མཐའ་སྤོང་བར་འགྱུར་ཞིང་སྲེད་པ་གསུམ་གྱི་མཐའ་སྤོང་བ་དང་། ཁམས་གསུམ་པའི་སྲིད་པ་ལྡོག་ཅིང་ཉེ་བར་ཞི་བ་དང་། དྲི་མ་གསུམ་སྤོང་བ་དང་། རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པར་འགྱུར་ཞིང་ཀུན་ཏུ་སྦྱོར་བ་གསུམ་སྤངས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །གཞན་ཡང་ཡང་དག་པར་མཚན་གྱི་གཞི་མེད་པའི་ཆོས་རྣམས་བསྒོམ་པ་ལ་བརྩོན་པ་ནི་དགྲ་བཅོམ་པའི་འབྲས་བུ་ལ་གནས་པར་འགྱུར་རོ། །གཞན་ཡང་སུས་གཟུགས་སྣང་བ་ཐམས་ཅད་དག་ཅིང་དཀར་ལ་དུང་གི་མདོག་ལྟ་བུ་ཆགས་པ་མེད་པ། རྒྱུས་པ་དང་འབྲེལ་བའི་རུས་གོང་གི་ཕུང་པོ་ཡང་དག་པར་རྗེས་སུ་མཐོང་ན་ནི་དེར་དེའི་སེམས་ཤིན་ཏུ་ཡང་དག་པར་གནས་པར་གྱུར་ཏེ། འགྲོ་བ་དང་། གནས་པ་དང་། འདུག་པ་དང་། ཉལ་བ་ན་དེ་ཉིད་ཡིད་ལ་བྱའོ། །དེས་དེ་ཉིད་ཡིད་ལ་བྱས་ཤིང་དེ་ཉིད་བསྒོམས་ལ་དེ་ཉིད་བྱིན་གྱིས་བརླབས་ན་དེ་ལྟར་དེའི་ཞི་གནས་ཤིན་ཏུ་བསྒོམས་ཤིང་ཤིན་ཏུ་སྦྱང་བ་བྱས་པའི་བར་དུ་འགྱུར་རོ། །དེའི་ཚེ་རྣལ་འབྱོར་པ་ཕྱི་ནང་བདག་མེད་པ་སྟོང་པ་ཉིད་ལ་འཇུག་སྟེ། གཟུགས་ཐམས་ཅད་ཀྱི་རུས་གོང་གི་ཕུང་པོ་ལ་གལ་ཏེ་སྔོན་པོའི་འདུ་ཤེས་བྱུང་ན་དེར་རུས་གོང་གི་ཕུང་པོ་སྔོན་པོ་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་བྱ་བ་ནས་གལ་ཏེ་ཤེལ་གྱི་མདོག་ལྟ་བུ་ཡིད་ལ་བྱེད་ན་དེས་གཟུགས་སྣང་བ་ཐམས་ཅད་རུས་གོང་གི་ཕུང་པོ་ཤེལ་གྱི་མདོག་ལྟ་བུའི་བར་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེར་དེའི་རྣམ་པར་རྟོག་པ་འབྱུང་སྟེ། ཅིའི་ཕྱིར་འདི་གཟུགས་


DKG066_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཐམས་ཅད་རུས་གོང་གི་ཕུང་པོ་དཀར་པོར་ཡང་དག་པར་སྣང་། ཅིའི་ཕྱིར་ཤེལ་གྱི་མདོག་ལྟ་བུའི་བར་དུ་ཡང་དག་པར་སྣང་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འདི་དག་ཐམས་ཅད་སེམས་ཀྱི་བྲག་ཅ་ཡིན་པའི་ཕྱིར་གསོབ་ལ་བརྫུན་པ་སྟེ་ཐམས་ཅད་སེམས་སྣང་བ་ཡིན་ནོ། །སུས་དེ་ལྟར་ཤེས་པ་དེ་འཇིག་རྟེན་ཐམས་ཅད་ཀྱི་སྦྱིན་གནས་ཡིན་ཞིང་མཆོད་པར་འོས་པ་ཡིན་ནོ། །ཀཽ་ཌི་ནྱ་འདི་ནི་མངོན་པར་མི་དགའ་བའི་འདུ་ཤེས་དང་ཟས་ལ་མི་འཐུན་པའི་འདུ་ཤེས་མ་གཏོགས་པར་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་བཟོད་པའི་དོན་ཡིན་ནོ། །དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོས་གང་ང་ལ་བསྐུར་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཀྱི་བློ་གྲོས་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཉན་ཐོས་ཞི་གནས་ཀྱི་བསམ་པ་ཅན་སུས་དེ་ལྟར་བསྒོམས་ན་མི་སྡུག་པ་སྒོམ་པར་བགྱིད་པ་ལགས། དེར་མཚན་མ་གང་དག་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སུས་འདོད་ཆགས་ཟད་པར་བྱ་བའི་ཕྱིར་གང་མི་སྡུག་པ་སྒོམ་པར་བྱེད་པ་དེའི་འཕྲལ་བར་སེམས་གཏད་པར་བྱའོ། །དེའི་མཚན་མ་འདི་དག་འབྱུང་སྟེ། ཇི་སྲིད་དུ་མི་སྡུག་པའི་སེམས་ཀྱིས་སོ་སོར་རྟོག་པར་འགྱུར་བ་དེ་སྲིད་དུ་དེའི་ལུས་ཐམས་ཅད་གཡོ་ཞིང་ཀུན་ཏུ་གདུང་བར་འགྱུར་རོ། །འདི་ནི་དེའི་མཚན་མ་ནང་གི་དང་པོ་ཡིན་ནོ། །ཇི་སྲིད་དུ་ཡང་དང་ཡང་དུ་སྒོམ་པར་བྱེད་པ་དེའི་རང་གི་ལུས་ཀྱི་གནས་སོ་ཅོག་ཏུ་འདི་སྙམ་བྱེད་དེ། ཕྱར་བ་རྩུབ་པོས་རེག་པ་བཞིན་ནོ་སྙམ་པ་འདི་ནི་དེའི་མཚན་མ་གཉིས་པའོ། །ཡང་ཕྱི་ཕྱིར་སེམས་རྣམ་པར་གཡེང་བ་མེད་པར་སྒོམ་པར་བྱེད་པ་དེའི་ལུས་ཐམས་ཅད་རབ་ཏུ་སིམ་པར་འགྱུར་ཏེ། ལུས་ཐམས་ཅད་ལ་འོ་མས་བཏབ་པ་བཞིན་ནོ་སྙམ་པ་འདི་ནི་དེའི་སེམས་རྩེ་གཅིག་པ་ཉིད་ཀྱི་ཞི་གནས་ཀྱི་མཚན་མ་ཡིན་ཏེ། དེ་དགའ་བ་དང་བདེ་བ་འདི་ཡང་མཚན་མ་མེད་པའི་ཚུལ་གྱིས་སྤོང་བར་བྱེད་དོ། །དེ་ཡང་དེའི་ངེས་པར་འབྱེད་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་སེམས་འདོད་ཆགས་ཀྱིས་ཉེ་


DKG066_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཉོན་མོངས་པ་ཡོངས་སུ་གཏུགས་ཤིང་མ་རིག་པས་ཉེ་བར་ཉོན་མོངས་པའི་ཤེས་རབ་རྣམ་པར་དག་ན་དེ་ལུས་ཐམས་ཅད་རུས་གོང་གི་ཕུང་པོ་ལ་སྡུག་བསྔལ་གྱི་རྣམ་པ་ཤེས་པ་ཞེས་བྱ་བ་ནས་ཞི་བའི་རྣམ་པ་ཞེས་བྱ་བའི་བར་དུ་སོ་སོར་རྟོག་པར་བྱེད་དོ། །དེ་བཞིན་དུ་དེའི་ལུས་ཐམས་ཅད་ལས་དྲོ་བ་འབྱུང་བར་འགྱུར་ཏེ། འདི་ནི་དེའི་ཞི་གནས་ཡོངས་སུ་རྫོགས་པ་ཡིན་ནོ། །དྲོ་བར་གྱུར་པའི་དགེ་བའི་རྩ་བ་དང་། སྔ་ཕྱི་མེད་པའི་བདེ་བ་འཇུག་པས་སེམས་ཡོངས་སུ་དག་པར་འགྱུར་རོ། །བདག་ཉིད་ལྷར་གྱུར་པ་བཞིན་དུ་ཡང་དག་པར་ཤེས་སོ། །ཡང་རུས་གོང་གི་ཕུང་པོ་དེ་ཉིད་ལ་རྣམ་པ་བཞིར་སོ་སོར་རྟོག་པས་རང་གི་འཕྲལ་བ་ན་མར་མེའི་མེ་ལྕེ་མཐོང་ངོ་། །དེ་མ་རིག་པ་ལས་ཡང་དག་པར་འདས་པར་བྱ་བའི་ཕྱིར་ཆེས་ལན་མང་དུ་རང་གི་རུས་གོང་གི་ཕུང་པོ་ལ་ཡང་དང་ཡང་དུ་རྣམ་པ་བཞིར་རྟག་ཏུ་སྣང་བ་དེ་ལྟ་བུར་ཡོངས་སུ་རྟོག་པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་འཇིག་པ་མི་མཐོང་ངོ་། །དེ་ལྟར་འཁོར་ཞིང་མི་གནས་པ་ཉིད་ནི་དཔེར་ན་ཉི་ཟེར་གྱི་རྡུལ་བཞིན་དུ་འཁོར་བར་བྱེད་དོ། །ཇི་ལྟར་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་འདུ་ཤེས་མཆོག་གིས་མཐོང་བ་དེ་བཞིན་དུ་འདུས་བྱས་ཀྱི་ཆོས་ཐམས་ཅད་ལ་བདག་མེད་པ་ཞེས་བྱ་བ་ནས་འགོག་པའི་ཆོས་ཀྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། དེ་ནི་དེའི་རྩེ་མོའི་དགེ་བའི་རྩ་བ་ཐོབ་པའོ། །ཡང་རང་གི་ལུས་ལ་མེ་ཤི་བ་དང་ཀུན་ཏུ་རབ་ཏུ་འབར་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །ཕྱོགས་ཐམས་ཅད་དུ་སྣང་བ་ཆེན་པོ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ནི་དེའི་བསམ་གཏན་དང་པོའི་སའི་ལམ་ཡིན་ཏེ། དེ་བཞིན་དུ་གཟུགས་ན་སྤྱོད་པའི་དགེ་བའི་རྩ་བ་རྣམས་དང་། གཟུགས་ན་སྤྱོད་པའི་འབྱུང་བ་ཆེན་པོ་རྣམས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་གཟུགས་ན་སྤྱོད་པའི་བདེ་བ་ཆེན་པོས་ལུས་ཐམས་ཅད་ཁྱབ་པར་འགྱུར་རོ། །དེ་བཞིན་དུ་དེའི་སྙིང་ག་ནས་ཀྱང་ཉི་མའི་འོད་ཟེར་དག་འབྱུང་ངོ་། །ཕྱོགས་གང་དང་གང་མཐོང་བ་དང་ཡིད་ཀྱིས་བརྟགས་པ་ཐམས་ཅད་དུ་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་རྣམས་ཀྱིས་ཁྱབ་པར་མཐོང་ངོ་། །འོད་ཟེར་དེ་རྣམས་ལ་ཡང་སྨོན་པ་མེད་པའི་ཚུལ་གྱིས་སྒོམ་


DKG066_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་དེ། དེ་དེའི་ཚེ་སྲིད་པ་གསུམ་པོ་ཐམས་ཅད་ལ་སྨོན་པ་མེད་པའི་སེམས་ཡིན་ནོ། །དེ་དེའི་ཚེ་ཚུལ་གཅིག་པའི་འཕགས་པའི་བདེན་པ་བཞི་ལ་མི་དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་ལ་བརྩོན་པར་གནས་སོ། །དེའི་ལུས་ཐམས་ཅད་ལས་ཀྱང་དྲོ་བ་འབྱུང་ངོ་། །སྤྱི་བོ་ནས་ཀྱང་དྲོ་བ་ཁ་དོག་སྣ་ཚོགས་འབྱུང་ངོ་། །སྤྱི་བོའི་སྟེང་དུ་གདུགས་གནས་པར་འགྱུར་བ་འདི་ནི་རྩེ་མོའི་དགེ་བའི་རྩ་བ་ཡིན་ནོ། །ཡང་མི་དམིགས་པའི་ཚུལ་གྱིས་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་ལ་ཡོངས་སུ་རྟོག་པར་བྱེད་དེ། དེའི་ཚེ་འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་པར་འགྱུར་རོ། །རིགས་ཀྱི་བུ་འདི་ནི་ཉན་ཐོས་ཀྱི་མི་སྡུག་པ་སྒོམ་པ་ཡིན་ཏེ། མི་སྡུག་པ་ཤིན་ཏུ་བསྒོམས་པ་དེས་ཞི་གནས་ཐོབ་པར་འགྱུར་རོ། །དེ་ལ་མཚན་མ་འདི་དག་འབྱུང་སྟེ། མཚན་མ་དེ་དག་དང་དད་པ་དེ་ལྟ་བུ་དག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་གནས་ཤིང་ཉོན་མོངས་པ་ཐམས་ཅད་སྤོང་བ་དང་དགྲ་བཅོམ་པ་ཉིད་ལ་རེག་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་འོད་ཟེར་གྱིས་རྒྱལ་བར་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་རྣམས་ལ་ཡིད་ལ་བྱེད་པ་དེ་ལྟ་བུ་སྟོན་ཅིག །མི་སྡུག་པ་བསྟན་པ་འདི་བཤད་པ་ན་དེར་སེམས་ཅན་དཔག་ཏུ་མེད་པ་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པ་ནས་དེར་སེམས་ཅན་དཔག་ཏུ་མེད་པ་བདེན་པ་མཐོང་བའི་བར་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་ཡང་ཀུན་ཤེས་ཀཽ་ཌི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཌི་ནྱ་གལ་ཏེ་ཐམས་ཅད་ཚུལ་གཅིག་ཅིང་བསམ་པ་གཅིག་པར་གྱུར་ན་གང་གིས་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་འགྱུར་བའི་ཆོས་གཅིག་ཁོ་ན་སེམས་ཅན་རྣམས་ལ་བསྟན་པར་བྱའོ། །ཇི་སྲིད་དུ་སེམས་རྣམ་པར་མ་ཞི་བ་དེ་སྲིད་དུ་སྲིད་པའི་འབྲས་དང་། ནད་དང་། ཟུག་རྔུ་དང་། ཡང་སྲིད་པ་སྣ་ཚོགས་ཀུན་ནས་སློང་ཞིང་འགྲོ་བ་སྣ་ཚོགས་བྱེད་པས་གང་བདག་གིས་རང་གི་སེམས་བསྡུ་བར་བྱ་ཞིང་སེམས་ཀྱི་མཚན་མ་གཟུང་བར་བྱ་གོར་མ་ཆག་སྙམ་ཞིང་རུས་གོང་གི་ཕུང་པོ་འདི་ཇི་ལྟར་སེམས་ཀྱི་འདུ་འཕྲོད་སྐྱེད་པར་བྱེད་པའི་རྒྱུ་དེ་ལ་རྣམ་པར་རྟོག་པར་བྱེད་པ་འདི་ནི་ལྷག་པའི་


DKG066_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སྐྱོན་མེད་པ་ཐོབ་པ་དང་པོ་ཡིན་ཏེ། ངན་ངོན་མ་ཡིན་པར་ཐོབ་པ་ཡིན། མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་བ་ཡིན་ནོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། རྐྱེན་གང་དག་གིས་སེམས་ཀྱི་འདུ་འཕྲོད་ཀྱི་རྒྱུ་འབྱུང་བའི་རྐྱེན་དེ་དག་བསྡུས་ནས་འཇིག་པའི་ཚུལ་གྱིས་སྡུད་པར་བྱེད་པ་འདི་ནི་ལྷག་པའི་སེམས་ཀྱིས་མཐོང་བའི་ཆོས་ལ་བདེ་བར་གནས་པ་སྐྱོན་མེད་པ་ཐོབ་པ་གཉིས་པ་ཡིན་ཏེ། ངན་ངོན་མ་ཡིན་པར་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པ་ཡིན་ནོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། བདག་གི་སེམས་འདི་ཇི་སྲིད་དུ་རྐྱེན་གྱི་འདུ་འཕྲོད་ཀྱི་རྒྱུ་ལ་རྒྱུག་པར་བྱེད་པ་དེ་སྲིད་དུ་ལུས་དང་སེམས་ཀྱི་བདེ་བས་མྱོས་པས་གནས་པར་འགྱུར་བས་གང་བདག་གིས་ལུས་དང་སེམས་ཀྱི་བདེ་བ་ནུབ་པར་བྱ་གོར་མ་ཆག་གོ་སྙམ་ནས་དེ་འདི་ལྟར་སོ་སོ་ཡང་དག་པར་སློབ་པར་བྱེད་དེ། བདག་གི་སྐྱོན་གྱི་འདུ་འཕྲོད་ཀྱི་རྒྱུ་འདི་ནི་རུས་གོང་གི་ཕུང་པོ་དྲན་པས་ལུས་དང་སེམས་ཀྱི་བདེ་བ་ཡང་དག་པར་འབྱུང་བའོ། །གང་བདག་གིས་དེ་མངོན་པར་དོར་བར་བྱ་གོར་མ་ཆག་གོ་སྙམ་ནས་དེ་མིག་གི་རྣམ་པར་ཤེས་པ་བྱུང་བ་ཞེས་བྱ་བ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་བྱུང་བ་སྐྱེ་བ་དང་འཇིག་པའི་ཚུལ་གྱིས་ནུབ་པར་བྱེད་པ་འདི་ནི་ལྷག་པའི་སེམས་ཀྱི་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་གསུམ་པ་ཡིན་ཏེ། སྐྱོན་མེད་པར་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པ་དང་། ངན་ངོན་མ་ཡིན་པར་ཐོབ་པ་ཡིན་ནོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། བདག་ཆོས་ཀྱི་དབྱིངས་ཐམས་ཅད་ངེས་པར་འབྱུང་བ་དང་། ཟད་པ་དང་། རང་བཞིན་དག་པ་དང་། ངོ་བོ་ཉིད་མེད་པ་དང་། ཞི་བའི་ཚུལ་གྱིས་གནས་པར་བྱའོ། །ཇི་ལྟར་ཞེ་ན། སེམས་ཀྱི་མཚན་ཉིད་ཐམས་ཅད་རྣམ་པར་ཞི་བའི་ཚུལ་གྱིས་གནས་པར་བྱའོ་སྙམ་ནས། དེ་སེམས་ཀྱི་མཚན་ཉིད་ཐམས་ཅད་པའི་རྒྱུ་བ་རྣམ་པར་ཞི་བ་དང་སེམས་ཞི་བར་གནས་པ་འདི་ནི་ལྷག་པའི་སེམས་ཀྱི་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་སྐྱོན་མེད་པ་ཐོབ་པ་བཞི་པ་ཡིན་ཏེ། དཀའ་བ་མེད་པར་ཐོབ་པ་དང་། ཚེགས་མེད་པར་ཐོབ་པ་ཡིན་ནོ། །ལྷག་པའི་སེམས་ཀྱི་ཆོས་བཞི་པོ་དེ་དག་དང་ལྡན་པ་ནི་ཏིང་ངེ་འཛིན་གྱི་སྒོར་འཇུག་པ་འབུམ་ཕྲག་


DKG066_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུ་རྩ་བཞི་མཐོང་ངོ་། །དེ་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་འགྱུར་བ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་ལ་གནས་པར་འགྱུར་རོ། །དགེ་སློང་དེ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ཞིང་མཐུ་ཆེ་བ་ནུས་པ་ཆེ་བ་ཡིན་ནོ། །ཀཽ་ཌི་ནྱ་གལ་ཏེ་ཡང་སེམས་ཅན་ཐམས་ཅད་ཚུལ་གཅིག་ཅིང་དད་པ་གཅིག་ལ་བསམ་པ་གཅིག་པར་འགྱུར་དུ་ནི་འདི་ལྟར་སེམས་ཅན་རྣམས་བསམ་པ་ཐ་དད་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཚིག་ཐ་དད་པའི་ཆོས་ཀྱི་སྒོ་བསྟན་པ་དང་བརྗོད་པ་རྣམས་ཀྱིས་ཆོས་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་སེམས་ཅན་འདུ་ཤེས་ཐ་དད་པ་ཕྱིན་ཅི་ལོག་པ་རྣམས་ལ་བཀའ་སྩལ་པ། ཁྱེད་ཀྱི་མི་རྟག་པའི་འདུ་ཤེས་ཀྱང་རུང་། སྡུག་བསྔལ་གྱི་འདུ་ཤེས་ཀྱང་རུང་། བདག་མེད་པའི་འདུ་ཤེས་ཀྱང་རུང་། རྣམ་པར་བམ་པའི་འདུ་ཤེས་ཀྱང་རུང་། རྣམ་པར་རྣགས་པའི་འདུ་ཤེས་ཀྱང་རུང་། རྣམ་པར་སྔོས་པའི་འདུ་ཤེས་ཀྱང་རུང་། རྣམ་པར་ཟོས་པའི་འདུ་ཤེས་ཀྱང་རུང་། རྣམ་པར་འཐོར་བའི་འདུ་ཤེས་ཀྱང་རུང་སྟེ། དེ་ཐམས་ཅད་དོན་ནི་འདིར་གསུངས་པ་ཡིན་ནོ། །ཀུན་ཤེས་ཀཽ་ཌི་ནྱས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་མངོན་པར་མི་དགའ་བའི་འདུ་ཤེས་བསྒོམ་པར་བགྱི་བ་དང་། ཇི་ལྟར་ཟས་ལ་མི་འཐུན་པའི་འདུ་ཤེས་བསྒོམ་པར་བགྱི་བ་བཤད་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱ་ཆོག་གོ །ཞིང་འདི་ན་བྱང་གྲོལ་གྱི་བདེ་བ་ཐོབ་པར་བྱ་བའི་ཕྱིར་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སྒྲུབ་པ་ཡང་གཞན་དུ་ཡིན་ལ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་རྣམས་བྱང་གྲོལ་གྱི་བདེ་བ་ཐོབ་པར་བྱ་བའི་ཕྱིར་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སྒྲུབ་པའི་སེམས་ཅན་གྱི་བསམ་པ་དག་ཀྱང་གཞན་དུ་ཞུགས་པ་ཡིན་ཞིང་སྤྱོད་པ་གཞན་དང་སྦྱོར་བ་གཞན་གྱི་མངོན་པར་རྟོགས་པ་ཡིན་ནོ། །ཀཽ་ཌི་ནྱ་གལ་ཏེ་ངས་བཤད་ན་ཚུལ་དེ་ལྟ་བུ་དེ་རབ་ཏུ་ཤེས་པར་འགྱུར་བའི་སྐྱོན་མེད་པ་དག་ལ་ཞུགས་པ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་གཏོགས་པར་སེམས་ཅན་གཞན་གང་དག་ཡོད་པ་དེ་དག་འདི་ལ་ཀུན་ཏུ་རྨོངས་པར་འགྱུར་རོ། །ཀཽ་ཌི་ནྱས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་


DKG066_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་ཟས་ལ་མི་འཐུན་པའི་འདུ་ཤེས་བཤད་པར་གསོལ། བཙུན་པ་བདེ་བར་གཤེགས་པ་བཤད་པར་གསོལ། དེ་ཐོས་པས་སེམས་ཅན་རྣམས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་སྐྱེད་པར་འགྱུར་ལགས་སོ། །སེམས་ཅན་མ་རིག་པས་བསྒྲིབས་པ་རྣམས་དང་། སྲེད་པའི་ཀུན་ཏུ་སྦྱོར་བ་ཅན་རྣམས་དང་། སྲེད་པའི་ལྟུང་བ་ཐོགས་པ་རྣམས་དང་། འཁོར་བར་ཀུན་ཏུ་རྒྱུག་ཅིང་འཁོར་བ་རྣམས་ཀྱི་སྔོན་གྱི་མཐའ་མི་མངོན་ལགས་ཏེ། དེར་དེ་དག་མངོན་པར་དགའ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཟས་ཀྱི་ཀུན་ཏུ་སྦྱོར་བའི་རྒྱུ་དང་འཁྲིག་པ་དང་ལྡན་པའི་ཀུན་ཏུ་སྦྱོར་བའི་སླད་དུ་སྟེ། ཆོས་ཀྱི་ཚུལ་དེ་ལྟ་བུ་དེ་མ་ཐོས་པས་འགྲོ་བ་ལྔའི་འཁོར་བར་བྱིང་ཞིང་རྟག་ཏུ་སྡུག་བསྔལ་གྱིས་ཉེན་པར་གནས་ལགས་སོ། །བཅོམ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ལ་བདེ་བར་བཞེད་པ། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཐུགས་རྗེ་ཆེན་པོ་བརྙེས་པ་ལགས་ན། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་དེས་གང་སྐྱེ་བོ་མང་པོ་ལ་སྨན་པ་དང་། ལྷ་དང་མི་རྣམས་ཀྱི་བར་ལ་སྨན་པའི་སླད་དུ་བསྐུར་བ་སྨོན་པ་མ་མཆིས་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པར་བཤད་པར་གསོལ། བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་བཤད་པར་གསོལ། སེམས་ཅན་རྣམས་ཀྱིས་དེ་ཐོས་པས་འདོད་པ་རྣམས་ལས་ལྡོག་པར་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཟས་ལ་མི་འཐུན་པའི་འདུ་ཤེས་བཤད་པར་གསོལ། དེ་ཐོས་པས་སེམས་ཅན་གང་དག་རོ་ལ་ཆུམས་པ་རྣམས་ལྡོག་པར་འགྱུར་ལགས་སོ། །སེམས་ཅན་གང་དག་གིས་འདོད་པ་རྣམས་ལ་ཉེས་དམིགས་སུ་འཚལ་བ་དང་། རོ་རྣམས་ལ་ཉེས་དམིགས་སུ་འཚལ་བའི་སེམས་ཅན་དེ་དག་འཁོར་བའི་ཕ་རོལ་ཏུ་དགའ་བ་དག་པ་དང་། སྲིད་པའི་འཆིང་བ་ལས་གྲོལ་བར་བལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱ་དེ་དེ་བཞིན་ནོ། །ཇི་སྐད་ཁྱོད་ཀྱིས་སྨྲས་པ་དེ་བཞིན་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སྣང་བ་དཔལ་གྱི་སྙིང་པོས་ང་ལ་ཡིད་ལ་བྱེད་པ་བརྗོད་པ་བཞིན་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་འཇིག་རྟེན་ཐམས་ཅད་ལ་


DKG066_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་མི་དགའ་བའི་འདུ་ཤེས་ངས་བཤད་པར་བྱའོ། །ཟས་ལ་མི་འཐུན་པའི་འདུ་ཤེས་ཀྱང་ངས་བཤད་པར་བྱའོ། །ཀཽ་ཌི་ནྱ་དེའི་ཕྱིར་ཁྱོད་ཀྱིས་ཉོན་ལ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་དུའོ། །ཀཽ་ཌི་ནྱ་གང་དུ་མངོན་པར་མི་དགའ་བ་དེ་བསྐྱེད་པར་བྱ་བའི་འཇིག་རྟེན་གང་ཞེ་ན། འཇིག་རྟེན་ནི་གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན་དང་། འདུ་བྱེད་ཀྱི་འཇིག་རྟེན་ནོ། །དེ་ལ་སེམས་ཅན་གྱི་འཇིག་རྟེན་གང་ཞེ་ན། སེམས་ཅན་རྣམས་ཞེས་བྱ་བ་ནི་གང་དག་འགྲོ་བ་ལྔ་པོ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་། མི་རྣམས་ཀྱི་ནང་དུ་སྐྱེས་པ་རྣམས་སོ། །འདོད་པའི་ཁམས་ན་ནི་སྲིད་པ་མངོན་པར་གྲུབ་པ་ཉི་ཤུའོ། །གཟུགས་ཀྱི་ཁམས་ན་ནི་བཅུ་དྲུག་གོ །གཟུགས་མེད་པའི་ཁམས་ན་ནི་སྲིད་པ་མངོན་པར་གྲུབ་པ་བཞི་སྟེ། སེམས་ཅན་གྱི་འཇིག་རྟེན་ནི་དེ་ཙམ་མོ། །དེ་ལ་འདོད་པའི་ཁམས་ཀྱི་སྲིད་པ་མངོན་པར་གྲུབ་པ་ཉི་ཤུ་གང་ཞེ་ན། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དེ་རེ་རེ་ལ་ཡང་འཁོར་བཅུ་དྲུག་གོ །བརྒྱད་གང་ཞེ་ན། དུས་གསུམ་པའི་ཡང་སོས་ཞེས་བྱ་བ་འཁོར་བཅུ་དྲུག་པ་དང་། ཐིག་ནག་དང་། བསྡུས་གཞོམ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། སེམས་ཅན་དམྱལ་བ་མནར་མེད་པ་ཞེས་བྱ་བ་འཁོར་བཅུ་དྲུག་པའོ། །སེམས་ཅན་གང་དག་ལུས་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པའི་རྒྱུས་དེ་དག་ཏུ་སྐྱེས་ཤིང་སྐྱེ་བར་འགྱུར་བ་དེ་དག་དེར་སྡུག་བསྔལ་གྱི་ཚོར་བ་རྩུབ་པ་མི་བཟད་པ་ཚ་བ་ཆེན་པོ་མྱོང་བར་འགྱུར་རོ། །དེ་དག་གིས་དེར་མིག་གིས་གཟུགས་གང་ཅི་མཐོང་ཡང་རུང་། ཐམས་ཅད་ཡིད་དུ་མི་འོང་བར་མཐོང་གི་ཡིད་དུ་འོང་བར་མ་ཡིན། ཡིད་དུ་མི་འཐད་པར་མཐོང་གི་ཡིད་དུ་འཐད་པར་མ་ཡིན། གཟུགས་མི་སྡུག་པར་མཐོང་གི་གཟུགས་སྡུག་པར་མ་ཡིན། གཟུགས་མི་ལེགས་པར་མཐོང་གི་གཟུགས་ལེགས་པར་མི་མཐོང་སྟེ། དེ་ལྟ་བས་ན་གཞི་དེས་དེ་དག་དེར་སྡུག་བསྔལ་གྱི་ཚོར་བ་རྩུབ་པ་མི་བཟད་པ་ཚ་བ་ཆེན་པོ་མྱོང་བར་འགྱུར་རོ། །དེ་དག་གིས་དེར་རྣ་བས་སྒྲ་གང་ཅི་ཐོས་ཀྱང་རུང་ཞེས་བྱ་བ་ནས་སྣས་དྲི་གང་ཅི་མནམས་ཀྱང་རུང་ཞེས་བྱ་བ་དང་། ལྕེས་རོ་གང་ཅི་མྱངས་ཀྱང་རུང་ཞེས་བྱ་བ་དང་། ལུས་ཀྱིས་རེག་བྱ་གང་ཅི་རེག་ཀྱང་རུང་


DKG066_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དང་། ཡིད་ཀྱིས་ཆོས་རྣམས་གང་ཅི་རྣམ་པར་ཤེས་ཀྱང་རུང་ཞེས་བྱ་བའི་བར་ཐམས་ཅད་ཡིད་དུ་མི་འོང་བར་ཡིན་གྱི་ཡིད་དུ་འོང་བར་མ་ཡིན། ཡིད་དུ་མི་འཐད་པར་ཡིན་གྱི་ཡིད་དུ་འཐད་པར་མ་ཡིན། གཟུགས་མི་སྡུག་པར་ཡིན་གྱི་གཟུགས་སྡུག་པར་མ་ཡིན། གཟུགས་མི་ལེགས་པར་ཡིན་གྱི་གཟུགས་ལེགས་པར་མ་ཡིན་ནོ། །ལུས་རབ་ཏུ་འབར་བ་དང་། ལྕགས་ཀྱི་ཐུ་ལུམ་ཟ་བ་དང་། ལྕགས་དང་ཟངས་འཐུང་བ་དག་ཡིན་ཏེ། གཞི་དེས་དེ་དག་དེར་སྡུག་བསྔལ་གྱི་ཚོར་བ་རྩུབ་པ་མི་བཟད་པ་ཚ་བ་ཆེན་པོ་མྱོང་བར་འགྱུར་རོ། །ཇི་སྲིད་དུ་གང་འདིར་སྔོན་ཆད་མི་རྣམས་ཀྱི་ནང་དུ་མིར་གྱུར་པ་དང་། འཐུན་པའི་ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱད་པ་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་སྤྱད་པ་དེ་དག་གི་སྡིག་པའི་ལས་དེ་ཟད་པར་མ་གྱུར་ཅིང་སྦྱངས་པར་མ་གྱུར་པ་དེ་སྲིད་དུ་དེ་དག་དེ་ནས་ཤི་འཕོ་བར་མི་འགྱུར་རོ། །ཀཽ་ཌི་ནྱ་ལྟོས་སེམས་ཅན་བདེ་བ་འདོད་པར་གྱུར་ལ་སྡུག་བསྔལ་དང་མི་འཐུན་པར་བྱེད་པ་སུ་ཞིག་སེམས་ཅན་དམྱལ་བ་དེ་ལ་དགའ་བར་སེམས་ཤིང་འདོད་པ་སྐྱེད་པར་བྱེད། འདི་ནི་ཉེས་པར་སྤྱད་པ་སྤྱོད་པའི་འགྲོ་བ་དང་པོ་སྟེ། དེ་ལ་མཁས་པས་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཀཽ་ཌི་ནྱ་དེ་ལ་མཁས་པས་ཇི་ལྟར་དུད་འགྲོའི་སྐྱེ་གནས་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། ཀཽ་ཌི་ནྱ་དུད་འགྲོ་རྣམས་ཀྱི་ལུས་འདི་ལྟར་མཆོག་ཏུ་ཕྲ་མོ་ཐོབ་པ་དག་ཡོད་དེ། འདི་ལྟ་སྟེ། སྐྲའི་རྩེ་མོའི་མཐའ་ལྔ་བཅུའི་ཆར་ཕྱེ་བ་ཙམ་མོ། །ཁ་ཅིག་ནི་ཉི་ཟེར་གྱི་རྡུལ་ཙམ་མོ་ཞེས་བྱ་བ་ནས་ཁ་ཅིག་ནི་རྒྱ་ཤུག་གི་ཚད་དོ་ཞེས་བྱ་བའི་བར་དུའོ། །ཁ་ཅིག་ནི་ལུས་དཔག་ཚད་ཁྲིའི་བར་དུ་ཐོབ་པ་དང་ཐོབ་པར་འགྱུར་བ་དག་གོ །ཁ་ཅིག་གི་སྲོག་ནི་ཡུད་ཙམ་ཅིག་ཐུབ་བོ་ཞེས་བྱ་བ་ནས་ཁ་ཅིག་གི་ཚེ་བསྐལ་པ་གཅིག་ཐུབ་བོ་ཞེས་བྱ་བའི་བར་དུའོ། །དེར་དེ་དག་ལ་ཆོས་བྱེད་པ་མེད་དོ། །དགེ་བ་བྱེད་པ་མེད་དོ། །དེར་དེ་དག་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་སྤངས་པ་དག་དང་། སྙིང་རྗེ་མེད་པར་ཞུགས་པ་དག་དང་། སྙིང་བརྩེ་བ་མེད་པ་དག་དང་། རྟག་པར་སྡུག་བསྔལ་གྱིས་གཟིར་བ་དག་དང་། རྟག་ཏུ་སྐྲག་པ་དག་དང་། གཅིག་ལ་གཅིག་ཟ་བ་དག་དང་། མི་དགེ་བའི་ལས་ཀྱི་ལམ་ཐམས་


DKG066_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་ཡང་དག་པར་ལྡན་པ་དག་དང་། གཏི་མུག་གི་མུན་ཁྲོད་དུ་ཞུགས་པར་གྱུར་པས་ངན་འགྲོར་འགྲོ་བ་དག་དང་བདེ་འགྲོར་འགྲོ་བ་དག་ཀྱང་སྤྱོད་ཡུལ་མ་ཡིན་པ་ལ་དགེ་བའི་ལས་བྱེད་པར་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་དག་ཡིན་ནོ། །མཁས་པ་སུ་ཞིག་དེ་ལྟ་བུའི་གཏི་མུག་གི་མུན་ཁྲོད་དུ་རྟག་པར་སྡུག་བསྔལ་གྱིས་གཟིར་བའི་དུད་འགྲོའི་སྐྱེ་གནས་དེ་ལ་དགའ་བར་སེམས་ཤིང་འདོད་པ་སྐྱེད་པར་བྱེད། འདི་ནི་ཉེས་པར་སྤྱད་པ་སྤྱོད་པའི་འགྲོ་བ་གཉིས་པ་སྟེ། དེ་ལ་མཁས་པས་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཀཽ་ཌི་ནྱ་དེ་ལ་མཁས་པས་ཇི་ལྟར་ཡི་དགས་ཀྱི་འགྲོ་བའི་སྐྱེ་གནས་ལ་ཡང་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། ཀཽ་ཌི་ནྱ་གང་དག་གི་ལུས་མཐོ་གང་ཙམ་ཡོད་པའི་ཡི་དགས་དག་ཡོད་དེ། ཁ་ཅིག་ནི་མི་གང་ཙམ་མོ། །ཁ་ཅིག་ནི་དཔག་ཚད་སྟོང་ཡོད་པའི་བར་གྱི་ལུས་ཐོབ་ལ་དེ་དག་ཀྱང་གཅེར་བུ་དང་། རྩུབ་པ་དག་དང་། ནག་པོ་དག་དང་། ལུས་མཆོག་ཏུ་སྐེམ་ཞིང་ཤ་ཁྲག་དང་བྲལ་བ་དག་དང་། རྟག་པར་བཀྲེས་ཤིང་སྐོམ་པས་གཟིར་བ་དག་དང་། བཟའ་བཏུང་དང་བྲལ་བ་དག་དང་། མེའི་དབུགས་རྔུབ་པ་དང་དབུགས་འབྱུང་བ་དག་དང་། གཅིག་ལ་གཅིག་རབ་ཏུ་སྡང་བའི་སེམས་དང་ལྡན་པ་དག་དང་། སྙིང་རྗེ་མེད་པར་ཞུགས་པ་དག་དང་། རྟག་པར་ལུས་དུབ་པ་དང་། སྤྲིན་བསིལ་བ་དང་བྲལ་བ་དག་ཡིན་ནོ། །ཁ་ཅིག་གི་ཟས་ནི་ལྕགས་དང་ཟངས་ཡིན་ནོ། །ཁ་ཅིག་གི་ནི་ལྕགས་ཀྱི་ཐུ་ལུམ་རྣམས་སོ། །ཁ་ཅིག་གི་ནི་རྣག་ཁྲག་ཚ་བའོ། །ཁ་ཅིག་གི་ནི་རྡུལ་ཀུན་ཏུ་ཚ་བའོ། །ཁ་ཅིག་གི་ནི་ཕྱི་ས་ཀུན་ཏུ་ཚ་བའོ། །ཁ་ཅིག་གི་ནི་གཅིན་བསྐོལ་བའོ། །ཁ་ཅིག་གི་ནི་རླུང་ཀུན་ཏུ་ཚ་བའོ། །ཁ་ཅིག་ནི་རྩ་བ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། ཤིང་ལས་བྱས་པའི་ཁ་ཟས་རབ་ཏུ་འབར་བའོ། །དེ་ཡང་དཀའ་བས་རེས་འགའ་ནན་གྱིས་རྙེད་པར་འགྱུར་རོ། །ཡི་དགས་ཁ་ཅིག་གི་ཚེའི་ཚད་ནི་ལོ་སྟོང་ཐུབ་བོ། །ཁ་ཅིག་གི་ཚེའི་ཚད་ནི་ལོ་སྟོང་ཕྲག་བརྒྱའི་བར་དུ་ཐུབ་སྟེ། རྟག་པར་བདེ་བ་དང་བྲལ་བ་དག་དང་། སྡུག་བསྔལ་གྱིས་གཟིར་བ་དག་དང་། མ་རིག་པའི་མུན་པར་ཞུགས་


DKG066_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ཡིན་ན་མཁས་པ་སུ་ཞིག་ཡི་དགས་རྣམས་ལ་དགའ་བ་སྐྱེད་པར་བྱེད། འདི་ནི་ཉེས་པར་སྤྱད་པ་སྤྱོད་པའི་འགྲོ་བ་གསུམ་པ་སྟེ། དེ་ལ་མཁས་པས་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཀཽ་ཌི་ནྱ་དེ་ལ་མཁས་པས་ཇི་ལྟར་མིའི་འཇིག་རྟེན་འདི་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། མིའི་འཇིག་རྟེན་འདི་ནི་སེམས་ཅན་རྣམས་སྡུག་བསྔལ་གྱིས་གཟིར་བ་དག་ཡིན་ཏེ། རྒ་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། རྣམ་པ་སྣ་ཚོགས་ཡོངས་སུ་ཚོལ་བའི་སྡུག་བསྔལ་དང་། འཁྲུག་པ་དང་། ཁྲོ་བ་དང་། ཕྲག་དོག་དང་། སེར་སྣ་དང་། ཕྲ་མ་སྨྲ་བ་དང་། ཚིག་རྩུབ་པོ་སྨྲ་བ་དང་། བརྣབ་སེམས་དང་། གྲང་བ་དང་། དྲོ་བ་དང་། གཅིག་ལ་གཅིག་ཀུན་ཏུ་གནོད་པར་བྱེད་པའི་སྡུག་བསྔལ་གྱིས་གཟིར་བ་དག་ཡིན། དུས་རྟག་ཏུ་མིའི་འཇིག་རྟེན་འདི་ན་སེམས་ཅན་རྣམས་འཆི་བ་རྗེས་སུ་དྲན་པས་སྡུག་བསྔལ་བ་དང་། ཚེ་ཐུང་བ་ཉིད་ཀྱི་སྡུག་བསྔལ་དང་། འཇིག་རྟེན་ཕ་རོལ་དུ་འགྲོ་བ་རྗེས་སུ་དྲན་པའི་སྡུག་བསྔལ་གྱིས་གཟིར་བ་དག་ཡིན་ན་མཁས་པ་སུ་ཞིག་མིའི་འཇིག་རྟེན་ལ་འདོད་པ་སྐྱེད་པར་བྱེད་ཅིང་དགའ་བར་སེམས། འདི་ནི་སྤེལ་མའི་འགྲོ་བ་བཞི་པ་སྟེ། དེ་ལ་མཁས་པས་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཀཽ་ཌི་ནྱ་དེ་ལ་མཁས་པས་ཇི་ལྟར་ལྷའི་འཇིག་རྟེན་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་དེ་དག་ན་ཡང་སེམས་ཅན་རྣམས་འདོད་པ་ལ་སྲེད་པའི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་དག་ཡིན། འགེད་པ་དང་། ལོངས་སྤྱོད་དང་། ཉེ་བར་སྤྱོད་པའི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་དག་ཡིན། སྔོན་ཆད་དགེ་བའི་རྩ་བ་བསགས་པ་མཐར་གྱིས་ཡོངས་སུ་ཟད་པའི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་དག་ཡིན། ཡོངས་སུ་ཚོལ་བའི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་དག་ཡིན། སྡུག་པ་དང་བྲལ་བའི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་དག་ཡིན། བསོད་ནམས་ཡོངས་སུ་ཟད་པས་འཆི་འཕོ་བའི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་དག་ཡིན།


DKG066_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དང་ཡང་དུ་ངན་སོང་གི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་དག་ཡིན་ཏེ། འདི་ནི་འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་མངོན་པར་མི་དགའ་བའི་འདུ་ཤེས་ལྔ་པ་ཡིན་ནོ། །འདི་ནི་རྣམ་པ་ལྔ་པ་ཡིན་ཏེ། མཁས་པས་འདོད་པའི་ཁམས་འདི་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཀཽ་ཌི་ནྱ་དེ་ལ་མཁས་པས་ཇི་ལྟར་གཟུགས་ན་སྤྱོད་པའི་ལྷ་རྣམས་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། སེམས་ཅན་གང་དག་གཟུགས་ན་སྤྱོད་པ་བཅུ་དྲུག་ཡོད་པ་དེ་དག་ཀྱང་ལྷའི་རིས་རྣམས་ཀྱི་ནང་ན་འཇིག་རྟེན་པའི་བསམ་གཏན་དག་སྒོམ་པར་བྱེད་དེ། དེ་དག་ཐམས་ཅད་ཟག་པ་དང་བཅས་པའི་སྡུག་བསྔལ་རྣམས་ཀྱིས་ཡོངས་སུ་མ་གྲོལ་བ་ཡིན། སྡུག་བསྔལ་མང་པོས་གཟིར་བ་ཡིན། ལྷག་མ་དང་བཅས་པའི་འགྲོ་བ་ཉིད་ཀྱི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་ཡིན། ཕ་རོལ་ལ་མི་ལྟ་བ་རྣམས་ཡིན། ངེས་པར་འབྱུང་བར་མི་ལྟ་བ་རྣམས་ཡིན། ངན་སོང་གི་སྡུག་བསྔལ་རྣམས་ལས་ཡོངས་སུ་མ་གྲོལ་བ་ཡིན་ཏེ། སྡུག་བསྔལ་དེ་དག་གིས་གཟིར་བ་ཡིན་ན་མཁས་པ་སུ་ཞིག་དེ་དག་ལ་དགའ་བར་སེམས་ཤིང་འདོད་པ་སྐྱེད་པར་བྱེད། མཁས་པས་དེ་ལྟར་གཟུགས་ཀྱི་ཁམས་དེ་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །གཞན་ཡང་གཟུགས་ཀྱི་ཁམས་དེ་ན་སེམས་ཅན་གང་དག་ཟག་པ་མེད་པའི་བསམ་གཏན་དང་ཡང་དག་པར་ལྡན་ཞིང་ཡོངས་སུ་གྲོལ་བ་མ་ཡིན་པར་གནས་པ་འཕགས་པའི་ལམ་གྱི་ཚེ་སྡུག་བསྔལ་རྣམས་ཀྱིས་གཟིར་བ་ཡིན་ཞིང་། དེ་ཡོངས་སུ་རྫོགས་པ་ཀུན་ཏུ་ཚོལ་བའི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་ཡིན། ས་མ་ལུས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་དབང་མི་བྱེད་པའི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་དག་ཡིན་ཏེ། དེ་དག་རང་རྒྱལ་བ་དང་ཐུན་མོང་བའི་ཏིང་ངེ་འཛིན་ལ་དབང་སྒྱུར་བ་མེད་པ་ཉིད་ཀྱི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་ཡིན་ནོ། །དེ་དག་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་དབང་སྒྱུར་བ་མེད་པ་ཉིད་ཀྱི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་ཡིན་ནོ། ། དེ་ན་གང་དག་མགོ་མཉམ་དུ་ཡོངས་སུ་མྱ་ངན་ལས་འདས་པར་བྱེད་པ་དེ་དག་ཐམས་ཅད་སྡུག་བསྔལ་དེ་རྣམས་ཀྱིས་གཟིར་བ་ཡིན་


DKG066_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །མཁས་པས་དེ་ལྟར་གཟུགས་ཀྱི་ཁམས་དེ་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཀཽ་ཌི་ནྱ་དེ་ལ་མཁས་པས་ཇི་ལྟར་གཟུགས་མེད་པའི་ཁམས་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། གཟུགས་མེད་པའི་རིས་ཀྱི་ལྷའི་གནས་བཞི་པོ་དེ་དག་ན་ཡང་སེམས་ཅན་རྣམས་ཟག་པ་དང་བཅས་པའི་ཏིང་ངེ་འཛིན་རྣམས་དང་ལྡན་པ་ཡིན་ཏེ། དེ་དག་ཐམས་ཅད་ཟག་པ་དང་བཅས་པའི་སྡུག་བསྔལ་རྣམས་ལས་ཡོངས་སུ་མ་གྲོལ་བ་དག་ཡིན། སྡུག་བསྔལ་དེ་རྣམས་ཀྱིས་གཟིར་བ་དག་ཡིན། དེ་དག་སློབ་པ་དང་མི་སློབ་པའི་ས་ཐམས་ཅད་ལ་དབང་སྒྱུར་བ་མེད་པ་དག་ཡིན། སྡུག་བསྔལ་དེ་རྣམས་ཀྱིས་གཟིར་བ་དག་ཡིན། ཆོས་མི་ཐོས་པའི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་དག་ཡིན། སྲེད་པ་ཐམས་ཅད་གཏན་དུ་བཅད་པ་ལ་དབང་སྒྱུར་བ་མེད་པ་ཉིད་ཀྱི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་དག་ཡིན། དེ་ནས་འཆི་འཕོ་བའི་ཆོས་ཀྱི་རྣམ་པ་དང་། ལྷག་མ་དང་བཅས་པར་འགྲོ་བ་ཉིད་ཀྱི་སྡུག་བསྔལ་རྣམས་ཀྱིས་གཟིར་བ་དག་ཡིན། ངན་སོང་ཐམས་ཅད་ཀྱི་སྡུག་བསྔལ་རྣམས་ལས་ཡོངས་སུ་མ་གྲོལ་བ་དག་ཡིན་ནོ། །སྡུག་བསྔལ་དེ་རྣམས་ཀྱིས་གཟིར་བ་དག་ཡིན་ཏེ། མཁས་པས་དེ་ལྟར་གཟུགས་མེད་པའི་ཁམས་དེ་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རྣམ་པ་བརྒྱད་པོ་དེ་དག་གིས་སྲིད་པ་གསུམ་གྱི་བཙོན་ར་ཐམས་ཅད་དུ་སྲིད་པ་མངོན་པར་གྲུབ་པ་ཡིན་ནོ། །མཁས་པས་དེ་ལྟ་བུ་དང་ཡང་དག་པར་ལྡན་པའི་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱ་ཞིང་འདུན་པ་དྲག་པོས་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱ་སྟེ། ཀཽ་ཌི་ནྱ་འདི་ནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་སོ། །འདུ་བྱེད་ཀྱི་འཇིག་རྟེན་ལ་མངོན་པར་མི་དགའ་བའི་འདུ་ཤེས་གང་ཞེ་ན། འདུ་བྱེད་གསུམ་ཞེས་བྱ་སྟེ། འདི་ལྟ་སྟེ། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ། །དེ་ལ་ལུས་ཀྱི་འདུ་བྱེད་གང་ཞེ་ན། དབུགས་རྔུབ་པ་དང་། དབུགས་འབྱུང་བ་རྣམས་ནི་ལུས་ཀྱི་འདུ་བྱེད་རྣམས་ཞེས་བྱའོ། །དེ་ལ་ངག་གི་འདུ་བྱེད་གང་ཞེ་ན། རྟོག་པ་དང་། དཔྱོད་པ་རྣམས་ནི་ངག་གི་འདུ་བྱེད་རྣམས་ཞེས་བྱའོ། །དེ་ལ་ཡིད་ཀྱི་འདུ་བྱེད་རྣམས་གང་


DKG066_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། རྣམ་པར་ཤེས་པ་དང་སེམས་པའོ། །འདི་དག་ནི་ཡིད་ཀྱི་འདུ་བྱེད་རྣམས་ཞེས་བྱའོ། །འདུ་བྱེད་གསུམ་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་མཚན་ཉིད་མཉམ་པ་རྣམས་སོ། །མཁས་པས་ཇི་ལྟར་འདུ་བྱེད་རྣམས་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། མཁས་པས་གང་དབུགས་རྔུབ་པ་དང་། དབུགས་འབྱུང་བ་རྣམས་ཀྱི་མཚན་མ་ལ་གསར་པ་དང་རྙིང་པའི་ཚུལ་དང་། བསིལ་བའི་རྣམ་པ་དང་། དྲོ་བའི་རྣམ་པ་དང་མི་འཐུན་པའི་ཚུལ་གྱིས་ཉེ་བར་རྟོག་པར་བྱའོ། །ལུས་འབྱུང་བ་ཐམས་ཅད་ཀྱི་དབུགས་རྔུབ་པ་དང་། ལུས་ཐམས་ཅད་ཀྱི་དབུགས་འབྱུང་བ་དང་། རྨའི་སྒོ་རྣམས་ཀྱི་མཚན་མ་ལ་ཡང་ཉེ་བར་བརྟགས་ནས་འདུ་བྱེད་འདི་རྣམས་ནི་མ་བྱུང་བ་ལས་ཡང་དག་པར་བྱུང་བ་དག་གོ །བྱུང་ནས་མེད་པར་གྱུར་པ་དག་གོ །ཐམས་ཅད་གློག་ལྟ་བུ་དག་གོ་སྙམ་ཞིང་ཐམས་ཅད་དུ་ཟད་པར་འདུ་ཤེས་པར་ཡིད་ལ་བྱེད་ཅིང་དངོས་པོ་མེད་པར་འདུ་ཤེས་པར་ཡིད་ལ་བྱེད་དོ། །གང་དུ་ཐ་དད་པར་རྟོག་པར་བྱེད་ན་རྣམ་པར་རྟོག་པ་ཐམས་ཅད་འབྱུང་སྟེ། རྟོག་པ་རྣམས་ལ་ཟད་པའི་འདུ་ཤེས་དང་དངོས་པོ་མེད་པའི་འདུ་ཤེས་འབྱུང་ངོ་། །ཆོས་དེ་ཉིད་ལ་གང་བསིལ་བའི་འདུ་ཤེས་དང་། དྲོ་བའི་འདུ་ཤེས་དང་། མི་འཐུན་པའི་འདུ་ཤེས་དང་། དེ་བཞིན་དུ་སར་པ་དང་རྙིང་པའི་འདུ་ཤེས་ཀྱང་རུང་འདུ་ཤེས་དང་སེམས་པ་དེ་དག་ལས་འབྱུང་སྟེ། ཐམས་ཅད་དུ་ཟད་པར་འདུ་ཤེས་པ་དང་དངོས་པོར་འདུ་ཤེས་པར་འགྱུར་རོ། །དེ་འདུ་བྱེད་ཐམས་ཅད་ལ་ཟད་པར་འདུ་ཤེས་པ་དང་། འཇིག་པར་འདུ་ཤེས་པ་དང་། འདོད་ཆགས་དང་བྲལ་བར་འདུ་ཤེས་པ་དང་། འགོག་པ་ལ་དམིགས་པར་འདུ་ཤེས་པར་འགྱུར་རོ། །དེ་འདུ་བྱེད་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མཐོང་བས་ཐམས་ཅད་དུ་ཟད་པར་འདུ་ཤེས་པ་ཞེས་བྱ་བ་ནས་འགོག་པ་ལ་དམིགས་པར་འདུ་ཤེས་པའི་བར་དུ་འགྱུར་རོ། །སུས་དེ་ལྟར་འདུ་བྱེད་རྣམས་ལ་དམིགས་པ་ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པར་གྱུར་པ་དེ་འདུ་བྱེད་ཐམས་ཅད་ལ་མི་བརྟན་པར་འདུ་ཤེས་པ་དང་། རབ་ཏུ་འཇིག་པར་འདུ་ཤེས་པ་དང་། ཡིད་མི་བརྟན་པར་འདུ་ཤེས་པ་དང་། མི་རྟག་པར་འདུ་ཤེས་པ་དང་། དངོས་པོ་མེད་པར་འདུ་ཤེས་པ་དང་། བདག་མེད་པར་འདུ་ཤེས་པར་འགྱུར་རོ། །དེ་ལྟ་བུར་


DKG066_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་བརྩོན་པའི་སེམས་དང་ལྡན་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ནས་འདུ་བྱེད་ཐམས་ཅད་ལ་མངོན་པར་མི་དགའ་བར་འདུ་ཤེས་པར་འགྱུར་རོ། །དེ་བཞིན་དུ་ཡང་སོ་སོར་བརྟགས་པའི་འགོག་པ་ལ་དམིགས་པའམ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ལ་དམིགས་པས་དུས་གསུམ་ལ་རྗེས་སུ་སེམས་པར་བྱེད། ཀུན་ཏུ་སྦྱོར་བ་ཐམས་ཅད་སྤོང་བར་བྱེད། མཐོང་བ་རྣམ་པར་དག་པར་བྱེད། འཁོར་བའི་རྒྱུན་སྤོང་བར་བྱེད་ཅིང་ཡང་དག་པ་ཉིད་སྐྱོན་མེད་པར་ཞུགས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ། །ཀཽ་ཌི་ནྱ་མཁས་པ་ནི་དེ་ལྟར་རྣམ་པ་ཐམས་ཅད་དུ་འདུ་བྱེད་ཀྱི་འཇིག་རྟེན་ལ་མངོན་པར་མི་དགའ་བའི་འདུ་ཤེས་སྐྱེད་པར་བྱེད་དོ། །ཀཽ་ཌི་ནྱ་འདི་ནི་མངོན་པར་མི་དགའ་བའི་འདུ་ཤེས་ཀྱི་སྦྱོར་བའི་དམིགས་པའོ། །དེ་ལ་ཆོས་གོས་ལ་མི་འཐུན་པའི་འདུ་ཤེས་གང་ཞེ་ན། ཀཽ་ཌི་ནྱ་མཁས་པས་གང་གི་ཚེ་ཆོས་གོས་མཐོང་ངམ། རེག་གམ། ཤམ་ཐབས་སུ་བྱེད་དམ། གྱོན་པར་བྱེད་དམ། བཞག་གམ། སྦས་ཀྱང་རུང་སྟེ་དེ་ཐམས་ཅད་དུ་འདི་ནི་མིའི་པགས་པའོ། །དེ་ལ་ཁྲག་གིས་བསྐུས་པའོ། །ཁྲག་འཛག་པའོ། །མཆོག་ཏུ་དྲི་མི་ཞིམ་པའོ། །ཐམས་ཅད་ཀྱིས་སྐྱོན་བགྲང་བར་བྱའོ། །སྲིན་བུ་དང་སྦྲང་བུས་གང་བའོ། །མཛངས་པ་རྣམས་ཀྱིས་མངོན་པར་དགའ་བར་བྱ་བ་མ་ཡིན་པའོ་ཞེས་དེ་ལྟ་བུར་འདུ་ཤེས་པར་འགྱུར་རོ། །མཁས་པ་དེ་ལྟར་ཆོས་གོས་ལ་མངོན་པར་མི་དགའ་བའི་འདུ་ཤེས་སྐྱེད་དོ། །ཀཽ་ཌི་ནྱ་མཁས་པས་ཇི་ལྟར་ཟས་ལ་མི་འཐུན་པའི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། མཁས་པས་གང་ཟས་བླངས་པར་གྱུར་ན་དེ་ཟས་འདི་ཡང་ནང་གྲོལ་ལོ། །སྐྲ་དང་པགས་པ་མེད་ཅིང་རྣག་དང་ཁྲག་གིས་བསྐུས་པ་སྲིན་བུ་དང་། སྦྲང་བུས་ཡོངས་སུ་བསྐོར་བའོ། །སྣོད་འདི་ནི་མི་མགོའི་ཐོད་པ་མཆོག་ཏུ་དྲི་ང་བ་སྐྱོན་དུ་བགྲང་བར་བྱའོ་ཞེས་དེ་ལྟ་བུར་འདུ་ཤེས་སྐྱེད་དེ། གལ་ཏེ་འབྲས་ཅན་ཞིག་ལེན་ན་མི་རོ་སྲིན་བུས་གང་བའོ། །ཞེས་དེ་ལྟ་བུར་འདུ་ཤེས་པར་འགྱུར་རོ། །གལ་ཏེ་ཆུ་ཞིག་ལེན་ན་དེ་འདི་ནི་མིའི་ཁྲག་མཆོག་ཏུ་སྐྱོན་དུ་བགྲང་བར་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་ཕྱེ་དག་ལ་འདི་ནི་མིའི་རུས་པའི་ཕྱེ་མའོ་ཞེས་བྱ་བ་དང་། དེ་བཞིན་དུ་ཁུར་སྐྱལ་འདི་ནི་མིའི་པགས་པའོ་ཞེས་དེ་ལྟར་འདུ་ཤེས་པར་འགྱུར་རོ། །


DKG066_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཤ་ཁུ་དང་། ཐུག་པ་དང་། ཚོད་མ་དང་། སྲན་ཚོད་ཀྱང་རུང་སྟེ། དེ་ལ་འདི་ནི་མིའི་ཁྲག་གོ །འདི་ནི་མིའི་ཀླད་པའོ་ཞེས་བྱ་བ་དང་། དེ་བཞིན་དུ་སྔ་སྔོ་ལ་འདི་ནི་མིའི་སྐྲའོ། །འདི་ནི་མིའི་སོའོ་ཞེས་བྱ་བ་དང་། དེ་བཞིན་དུ་ཤ་ལ་འདི་ནི་མིའི་ཤའོ་ཞེས་བྱ་བ་དང་། དེ་བཞིན་དུ་ལི་ཁར་དང་། བུ་རམ་དང་། རྒུན་ཆང་དང་། བལ་པོ་སེའུའི་ཁུ་བ་ལ་འདི་ནི་མིའི་ཁྲག་གོ །མིའི་ཀླད་པའོ། །མིའི་བད་ཀན་ནོ། །མིའི་རུས་པའི་རྐང་ངོ་ཞེས་བྱ་བ་དེ་ལྟ་བུར་འདུ་ཤེས་སྐྱེད་དེ། ཀཽ་ཌི་ནྱ་མཁས་པས་དེ་ལྟར་ཟས་ལ་མི་འཐུན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཀཽ་ཌི་ནྱ་མཁས་པས་ཇི་ལྟར་ཁྱིམ་མམ། གནས་ཁང་ངམ། ཁང་པ་བརྩེགས་མར་འཇུག་པའི་ཚེ་འཇིགས་པའི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། གྲོང་ཁྱེར་ཆེན་པོ་སྒོ་བཞི་པ་འདིར་ཞུགས་པས་བདག་སྲེག་གོ །འཇུག་པ་ན་ཤིང་ལ་མེར་འདུ་ཤེས་པ་དང་། འཇིམ་པ་ལ་མིའི་ཤར་འདུ་ཤེས་པ་དང་། རི་མོ་ལ་མིའི་ཁྲག་ཏུ་འདུ་ཤེས་པ་དང་། མལ་ཆ་ལ་མིའི་པགས་པ་ཉིད་དུ་འདུ་ཤེས་པ་དང་། སྟན་ལ་མིའི་རུས་གོང་གི་ཕུང་པོ་འམ། མི་རོར་བྱིན་གྱིས་རློབ་པར་བྱེད་པ་དེ་ལྟ་བུར་འདུ་ཤེས་པ་འཇུག་པར་བྱའོ། །རྩིའི་རྣམ་པ་དེ་ལྟ་བུ་ལ་སོ་སོར་སྟེན་པར་བྱེད་པ་ན་ཡང་ཆོས་དེ་དག་ཡིད་ལ་བྱའོ། །ཀཽ་ཌི་ནྱ་མཁས་པ་དེ་ལྟ་བུར་འདུ་ཤེས་པ་ནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཐོབ་པར་འགྱུར་རོ། །སུ་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བར་འདུ་ཤེས་པར་འགྱུར་བ་དེ་ཡོན་ཏན་དང་ཕན་ཡོན་ཅི་ཐོབ་ཅེ་ན། དེ་རྗེས་སུ་འཐུན་པའི་བཟོད་པ་གསུམ་ཐོབ་པར་འགྱུར་རོ། །གསུམ་གང་ཞེ་ན། སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་བཟོད་པ་དང་། སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་བཟོད་པ་དང་། མཚན་མ་མེད་པ་དང་རྗེས་སུ་འཐུན་པའི་བཟོད་པའོ། །འཇིག་རྟེན་གྱི་བཟོད་པ་གསུམ་པོ་དེ་དག་ཐོབ་པས་ཕན་ཡོན་ཐོབ་པར་བྱེད་དེ། དེའི་སེམས་སྟོང་པ་ཉིད་ཀྱི་ལྟ་བ་ལ་འཇུག་པར་བྱེད་དོ། །དེ་སྐྱེ་བ་དང་འཇིག་པའི་ཚུལ་གྱིས་མངོན་པར་འདུ་བྱེད་པ་མེད་པ་ལ་ཡིད་འཇུག་པར་བྱེད་དོ། །དེ་ཕུང་པོའི་རང་བཞིན་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་བདག་མེད་པའི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་


DKG066_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །ཁམས་རྣམས་ཞེས་བྱ་བ་ནས་སྐྱེ་མཆེད་རྣམས་ཞེས་བྱ་བའི་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །བདེན་པ་རྣམས་ཞེས་བྱ་བའི་བར་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་བར་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་དང་མི་རྟག་པ་ཉིད་ཡང་དག་པར་རྗེས་སུ་མཐོང་ངོ་། །སྡུག་བསྔལ་ཉིད་དང་བདག་མེད་པ་ཉིད་ཀྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་བོ་ཞེས་བྱ་བ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་འཐོབ་སྟེ། ཀཽ་ཌི་ནྱ་འདི་ནི་མི་སློབ་པའི་རྣམ་པར་གྲོལ་བ་མཉམ་པར་གཞག་པའོ། །ཀཽ་ཌི་ནྱ་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་འདི་ནི་སེམས་ཅན་རྣམས་ཀྱི་གཅེས་སྤྲས་བྱེད་པའོ། །འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་སྤོང་བར་བྱེད་པའོ། །གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང་། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་སྤོང་བར་བྱེད་པའོ། །ང་རྒྱལ་དང་། རྒོད་པ་དང་། ཐེ་ཙོམ་དང་། མ་རིག་པའི་མུན་པ་ཐམས་ཅད་སྤོང་བར་བྱེད་པའོ། །ལྷག་མ་མེད་པའི་སའི་བར་ལ་འཇོག་པར་བྱེད་པའོ། །དོན་ཐམས་ཅད་ཡོངས་སུ་རྫོགས་པ་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོས་གང་ང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བ་དཔལ་གྱི་སྙིང་པོའི་ལག་ནས་བསྐུར་ཞིང་། འདུས་པ་ཆེན་པོ་འདི་ལ་ངས་བཤད་པ་ལ་དད་པ་སྦྱིན་པར་མཛད་པ་འདི་ནི་མཐུ་ཆེ་བ་ཕན་ཡོན་ཆེ་བའོ། །འདོད་པའི་འདོད་ཆགས་ཐམས་ཅད་དང་གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང་། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་ཟད་པར་བྱེད་པའོ། །ང་རྒྱལ་ཐམས་ཅད་ཡང་དག་པར་ཟད་པར་བྱེད་པའོ། །ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་བར་དུ་བྱེད་པའོ། །མི་སྐྱེ་བའི་ཡེ་ཤེས་མཐོང་བར་བྱེད་པའོ། །མ་རིག་པའི་མུན་པའི་ཕུང་པོ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པའོ། །རྣམ་པར་འཇིག་པར་བྱེད་པའོ། །སྡུག་བསྔལ་གྱི་ཁུར་ཐམས་ཅད་འདོར་བར་བྱེད་པའོ། །བདུད་རྣམས་ཚར་གཅོད་པར་བྱེད་པའོ། །ཕས་ཀྱི་རྒོལ་བ་རྣམས་ཕམ་པར་བྱེད་པའོ། །ལྷ་རྣམས་


DKG066_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དགའ་བར་བྱེད་པའོ། །གནོད་སྦྱིན་ཐམས་ཅད་མགུ་བར་བྱེད་པའོ། །ལྷ་མ་ཡིན་རྣམས་རྣམ་པར་འཇོམས་པར་བྱེད་པའོ། །ནམ་མཁའ་ལྡིང་རྣམས་དངང་བར་བྱེད་པའོ། །མིའམ་ཅི་རྣམས་དད་པར་བྱེད་པའོ། །ལྟོ་འཕྱེ་ཆེན་པོ་རྣམས་དངང་བར་བྱེད་པའོ། །ཕས་ཀྱི་རྒོལ་བ་རྣམས་ངེས་པར་ཐུལ་བར་བྱེད་པའོ། །རྒྱལ་རིགས་རྣམས་མངོན་པར་དད་པར་བྱེད་པའོ། །བྲམ་ཟེ་རྣམས་འཇུག་པར་བྱེད་པའོ། །རྗེའུ་རིགས་རྣམས་དགའ་བར་བྱེད་པའོ། །དམངས་རིགས་རྣམས་མཆོག་ཏུ་དགའ་བར་བྱེད་པའོ། །བུད་མེད་རྣམས་འདོད་ཆགས་དང་བྲལ་བར་བྱེད་པའོ། །མང་དུ་ཐོས་པ་རྣམས་སྐྱོ་བར་བྱེད་པའོ། །རྣལ་འབྱོར་སྤྱོད་པ་རྣམས་མངོན་པར་དགའ་བར་བྱེད་པའོ། །འཇིག་རྟེན་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །འཐབ་པ་དང་། ཐབ་མོ་དང་། མུ་གེ་དང་། ནད་དང་། དུས་མ་ཡིན་པའི་ཕ་རོལ་གྱི་དམག་ཚོགས་དང་། དུས་མ་ཡིན་པའི་རླུང་དང་། ཆར་པ་དང་། ཆུ་བོ་དང་། གྲང་བ་དང་། དྲོ་བ་དང་། ཁ་བ་དང་། ཚ་བ་དང་། རྩུབ་པ་དང་། རོ་མི་བྲོ་བ་དང་། རེག་པར་དཀའ་བའི་དངོས་པོ་ཐམས་ཅད་རྣམ་པར་ཞི་བར་བྱེད་པའོ། །ཆོས་ཀྱི་ཚུལ་འབར་བར་བྱེད་པའོ། །དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པའོ། །སངས་རྒྱས་ཀྱི་བསྟན་པ་སྟོན་པར་བྱེད་པའོ། །འཁོར་བས་སྐྲག་པ་རྣམས་དབུགས་འབྱིན་པར་བྱེད་པ་སྟེ། འདི་ནི་སྨོན་པ་མེད་པ་དང་། རྗེས་སུ་འཐུན་པའི་གཟུངས་སྔགས་ཡིན་ནོ། །བསྟན་པ་འདི་བཤད་པ་ན་སེམས་ཅན་ལྷ་དང་མི་གྲངས་མེད་དཔག་ཏུ་མེད་པ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་པར་གྱུར་ཏོ། །དཀྲིགས་ཕྲག་དགུ་བཅུ་རྩ་བརྒྱད་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེའི་ཚེ་ཁྲི་ཕྲག་བརྒྱད་ནི་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་འདི་ཐོབ་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་གྲངས་མེད་དཔག་ཏུ་མེད་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཕྱིར་མི་ལྡོག་པར་གྱུར་ཏོ། །དེའི་ཚེ་འབུམ་ཕྲག་ལྔ་བཅུ་རྩ་བརྒྱད་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་།


DKG066_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་གསོལ་ཏེ། བཙུན་པ་བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོགས་པ་མ་མཆིས་པའི་ཡེ་ཤེས་གཟིགས་པ་ནི་ངོ་མཚར་ལགས་སོ། །མཆོག་ཏུ་ངོ་མཚར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པ་རྣམས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་པ་ལགས་སོ། །དབང་པོ་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ལགས། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་རོས་ཚིམ་པར་མཛད་པ་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོན་པར་མཛད་པ་ལགས། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་མཛད་པ་ལགས་པས་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལ་དད་པ་མི་སྐྱེད་པ་ལགས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ཐལ་མོ་རབ་ཏུ་སྦྱར་ནས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་དང་གང་དུ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་འདི་བསྟན་པ་ཐ་ན་གླེགས་བམ་དུ་ཆུད་པ་ལ་ཡང་རུང་སྟེ། དེ་དང་དེར་བདག་ཅག་གིས་བརྩོན་པ་ལྷུར་བླང་བའི་ཐབས་ཐམས་ཅད་ཀྱིས་བཀུར་སྟིར་བགྱིའོ། །རི་མོར་བགྱིའོ། །མཆོད་པར་བགྱིའོ། །ཆོས་སྨྲ་བ་དང་ཆོས་ཉན་པ་དེ་དག་དང་། གནས་དེ་དག་ལ་སླར་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བར་ཡོངས་སུ་བསྐྱང་བར་བགྱིའོ། །བསྲུང་བར་བགྱིའོ། །སྦ་བར་བགྱིའོ། ། ནོར་གྱི་ཕུང་པོ་ཐམས་ཅད་ཀྱིས་མི་ཕོངས་པར་བགྱིའོ། །རྟག་པར་སྣོད་དུ་གྱུར་ཅིང་སྦྱིན་གནས་སུ་གྱུར་ལ། ཚོགས་པ་རྣམས་ནད་མ་མཆིས་པ་དང་། ལོངས་སྤྱོད་དང་ཉེ་བར་སྤྱོད་པས་དགའ་ཞིང་རྩེ་སྟེ། མཆོག་ཏུ་དགའ་བ་མང་ལ་ཆོས་འཚལ་ཞིང་ཆོས་ཀྱིས་གནས་པ་དག་དང་། ཆོས་རྗེས་སུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་གང་དག་ཆོས་ཀྱི་ཚུལ་དང་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པར་བྱ་བའི་ཕྱིར་ཞུགས་པ་ནི་སངས་རྒྱས་ཀྱི་བསྟན་པ་ལ་སྦྱིན་བདག་ཁྱེད་ལེགས་སོ་ལེགས་སོ།། །།


DKG066_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་བརྒྱད་པ། ཡང་དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་རབ་ཏུ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་མེ་ཏོག་གི་སྙིང་པོ་དེས་གང་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་ལག་ནས་འདིར་ཡིད་ལ་བྱེད་པ་བསྐུར་ཞིང་། ལུང་བསྟན་པ་ཆེན་པོ་ཉི་མའི་སྙིང་པོ་ལ་དད་པ་སྦྱིན་པར་མཛད་པ། རིག་པ་མཆིས་པའི་སྦུབས་ཞི་བ་སྡང་བ་གཉིད་ཀྱིས་ལོག་པར་བགྱིད་པའི་གཟུངས་སྔགས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་བཤད་པར་བྱའོ། །ཤཱ་རིའི་བུ་དེའི་ཕྱིར་ཁྱོད་ཉོན་ལ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་དུའོ། །ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པ་དཔལ་མེ་ཏོག་གི་སྙིང་པོ་དེ་དེ་ལྟ་བུའི་ཐག་རིང་པོ་ནས་འདིར་ཁྱེད་ཀྱི་བསམ་པ་དང་བག་ལ་ཉལ་བ་མཁྱེན་ནས་འདིར་སངས་རྒྱས་ཀྱི་ཞིང་འདི་ན་ཁྱེད་བདག་ཏུ་འདུ་ཤེས་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། འཁོར་བའི་འདམ་ལ་ཀུན་ཏུ་རྨོངས་པ་དང་། ལམ་ཡན་ལག་བརྒྱད་པ་ལ་རྣམ་པར་རྨོངས་པས་གཟུངས་སྔགས་དེ་ལྟ་བུ་འདིར་བསྐུལ་བ་ཡིན་ནོ། །ཇི་ལྟར་བདག་མེད་པ་ཡིན་ཡང་འོན་ཀྱང་འདི་ན་སེམས་ཅན་བྱིས་པ་རྣམས་བདག་ཡོངས་སུ་བཙལ་བར་སེམས་ཕྱིན་ཅི་ལོག་པ་དག་ཡིན་ནོ། །ཤཱ་རིའི་བུ་མཁས་པ་ཇི་ལྟར་བདག་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ཇི་ལྟར་བདག་མེད་པ་བཞིན་དུ་བདག་ཉིད་ཀྱིས་མངོན་སུམ་དུ་འགྱུར་རོ། །ཤཱ་རིའི་བུ་མཁས་པས་འདི་ལ་འདི་ལྟར་བདག་ཡོངས་སུ་བཙལ་བར་བྱ་སྟེ། སེམས་ཅན་འདི་རྣམས་ནི་རང་གི་ལུས་ལ་བདག་ཏུ་འདུ་ཤེས་པ་དག་ཡིན་པས་ལུས་འདི་ཉིད་ལ་ཚུལ་བཞིན་དུ་སོ་སོར་བརྟག་པར་བྱའོ། །ཇི་ལྟར་ཞེ་ན། དབང་པོ་ཁོ་ནར་མིག་ལ་སོ་སོར་བརྟག་པར་བྱའོ། །འདི་ལྟར་ཡང་


DKG066_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བརྟག་པར་བྱ་སྟེ། འདི་ལྟར་གནས་མལ་སྣ་ཚོགས་ལ་སྐྱིལ་མོ་ཀྲུང་དུ་འདུག་ནས་དབང་པོ་ཐམས་ཅད་བསྡམས་པའི་རང་གི་སེམས་ཀྱིས་འདི་ལྟར་བརྟག་པར་བྱའོ། །བདག་གི་མིག་གཡས་པ་འདི་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། རྒྱུས་པས་འབྲེལ་པ་ཆུས་གང་བ་ཡིན་ཏེ། སྒྱུར་བར་བྱེད་པ་གཞན་གང་ཡང་མེད་ཀྱི་རླུང་རྣམས་ཡིན་ནོ། །གང་དག་མིག་གི་དབང་པོར་ཞུགས་ནས་སྐོར་བར་བྱེད་ཅིང་སྒྱུར་བར་བྱེད་པ་དེ་དག་ཀྱང་རླུང་རྣམས་སོ། །ཡོངས་སུ་སྦྱོང་བར་བྱེད་ཅིང་འབྱུང་བར་བྱེད་པ་དེ་དག་ནི་ནམ་མཁའ་ལ་རྟེན་པ་དག་གོ །ནམ་མཁའ་དེ་ཡང་གཟུང་བ་མེད་པ། བརྗོད་དུ་མེད་པ། བདག་མེད་པའོ། །ཇི་ལྟར་ནམ་མཁའ་བདག་མེད་པ་དེ་བཞིན་དུ་རླུང་དེ་དག་ཀྱང་བདག་མེད་པའོ། །གང་དག་མིག་གི་དབང་པོ་ལ་འཇུག་ཅིང་སྐོར་བར་བྱེད། སྒྱུར་བར་བྱེད། ཡོངས་སུ་སྦྱོང་བར་བྱེད། འབྱུང་བར་བྱེད་པ་དེ་དག་ཀྱང་གཟུང་བ་མེད་པ། བརྗོད་དུ་མེད་པ། བདག་མེད་པ། དམིགས་པ་དང་བྲལ་བ་དག་གོ །དེ་བཞིན་དུ་གང་མིག་གི་དབང་པོ་ལ་སའི་ཁམས་སྲ་བ་ཉིད་ཤིང་ནྱ་གྲོ་དྷའི་ས་བོན་ཙམ་ཡོད་པ་ཡང་མིག་ཐམས་ཅད་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་སྐྱེ་བས་སོ་སོར་བརྟགས་ནས་དེ་བདག་ཏུ་མི་དམིགས་སོ། །དེ་ལ་བདག་ཉིད་ཀྱིས་ནེམ་ནུར་མེད་པར་འགྱུར་རོ། །དེ་ལ་སའི་ཁམས་ལ་བདག་མེད་དེ། ཁམས་དེ་ཡང་གཟུང་བ་མེད་པ་བདག་མེད་པར་དམིགས་སོ། །དེ་བཞིན་དུ་དེ་ལ་ཆུའི་ཁམས་ལ་སོ་སོར་རྟོག་པར་བྱེད་དོ་ཞེས་བྱ་བ་ནས་དེ་བཞིན་དུ་མེའི་ཁམས་ཀྱི་བར་ལ་སོ་སོར་རྟོག་པར་བྱེད་དོ། །དེ་ལྟར་མིག་གི་བར་ལ་སོ་སོར་བརྟགས་པས་མིག་གི་འབྱུང་བ་ཆེན་པོ་རྣམས་ལ་བདག་མེད་པར་བདག་ཉིད་ཁོ་ནས་ནེམ་ནུར་མེད་པར་འགྱུར་རོ། །དེ་འདི་སྙམ་དུ་ཡང་སེམས་ཏེ། མིག་དང་གཟུགས་ལ་བརྟེན་ནས་རེག་པའི་བདག་ཏུ་གྱུར་ན་མི་རུང་ངོ་སྙམ་ནས་དེ་རླུང་དེ་ཡང་ནམ་མཁའི་ངོ་བོར་ཡང་ཚུལ་བཞིན་དུ་སོ་སོར་བརྟགས་ཏེ་དེ་ཐམས་ཅད་དུ་གང་དུ་ཡང་བདག་མི་དམིགས་སོ། །བརྟེན་ནས་རྣམ་པར་ཤེས་པ་འབྱུང་བ་ཡང་རྐྱེན་རྣམས་མེད་ན་མི་འབྱུང་སྟེ། མིག་དང་


DKG066_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་རྟེན་ཅིང་མིག་གི་རྣམ་པར་ཤེས་པ་འབའ་ཞིག་འབྱུང་ཞིང་གཟུགས་རྣམས་ཀྱི་རྐྱེན་གྱིས་འབྱུང་ངོ་། །གྲོགས་རྣམ་པར་ཤེས་པས་མིང་དང་གཟུགས་སོ། །དེ་ལས་བྱུང་བའི་སྐྱེ་མཆེད་དྲུག་ལས་རེག་པ་དང་། ཚོར་བ་མྱོང་བ་དང་། སྲེད་པ་ལྷག་པར་ཆགས་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའོ། །དེས་ཆོས་འདི་དག་ཐམས་ཅད་ནི་མིག་གི་རྣམ་པར་ཤེས་པ་ལ་ཡང་དག་པར་བརྟེན་པའོ། །མིག་གི་རྣམ་པར་ཤེས་པ་དེ་ཡང་ཤར་ཕྱོགས་ནས་འོངས་པ་མ་ཡིན། ལྷོ་ཕྱོགས་ནས་མ་ཡིན། ནུབ་ཕྱོགས་ནས་མ་ཡིན། བྱང་ཕྱོགས་ནས་མ་ཡིན། སྟེང་ནས་མ་ཡིན། འོག་ནས་མ་ཡིན་ཏེ། སྐད་ཅིག་མ་གང་ལ་མིག་གི་རྣམ་པར་ཤེས་པ་བྱུང་བའི་སྐད་ཅིག་དེ་ཡང་འགགས་སོ། །སྐད་ཅིག་མ་གཉིས་ལ་ཉེ་བར་མི་གནས་ཏེ། འགགས་པས་གང་དུ་ཡང་འགྲོ་བ་མེད་དོ། །བསགས་པ་མེད་དོ། །ཆོས་དེ་དག་དང་འདི་དག་ཐམས་ཅད་ནི་རྐྱེན་ལས་འབྱུང་བར་སྐྱེའོ། །རྐྱེན་མ་ཚང་བས་འགག་གོ ། གང་རྐྱེན་ལ་རག་ལས་པ་དེ་བདག་མེད་དོ། །རྐྱེན་དེ་དག་ཀྱང་བྱེད་པ་པོ་མེད་པ། ཚོར་བ་པོ་མེད་པ། སློང་བ་པོ་མེད་པ། ཀུན་ནས་སློང་བ་པོ་མེད་པའོ། །དེ་བདག་མེད་པ་ཡིན་ཏེ། གང་བདག་མེད་པ་དེ་བདག་དང་བདག་གིས་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། འཇིག་པ་མེད་པའི་ཕྱིར་དེ་ལ་བདག་གམ་བདག་གི་མེད་དོ་སྙམ་མོ། །འདི་ལ་ཇི་ལྟར་ཆོས་ཐམས་ཅད་ལེན་པ་མེད་པ་དང་། འདོར་བ་མེད་པ་དང་། ཉན་ཐོས་རྣམས་ཀྱིས་བྱས་པ་མ་ཡིན་པ་དང་། རང་རྒྱལ་བ་རྣམས་ཀྱིས་མ་ཡིན་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་མཛད་པ་མ་ཡིན་ཏེ། ངོ་བོ་ཉིད་ཐམས་ཅད་ཀྱི་མིག་བདག་མེད་པའོ། །གང་བདག་མེད་པ་དེ་སྟོང་པའོ། །མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པའོ། །དེ་བཞིན་དུ་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའི་བར་དུ་བསྒོམས་པས་ཆགས་པའི་གཞི་


DKG066_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བར་འགྱུར་ཞིང་དེའི་རྒྱུ་ལས་བྱུང་བ་ཉོན་མོངས་པ་ཐམས་ཅད་ཀྱང་སྤོང་བར་འགྱུར་རོ། །དེའི་ཚེ་ཁ་ཅིག་ནི་བདེན་པ་དང་པོ་མངོན་པར་རྟོགས་པར་འགྱུར་རོ། །ཁ་ཅིག་ནི་བདེན་པ་བཞི་པའི་བར་མངོན་པར་རྟོགས་པར་འགྱུར་རོ། །རྣ་བ་ཞེས་བྱ་བ་ནས་སྣ་དང་ལྕེའི་བར་ལ་ཡང་དེ་བཞིན་ནོ། །ཡང་དེ་ལུས་ཐམས་ཅད་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པས་སོ་སོར་རྟོག་པར་བྱེད་དེ། ཁ་ཅིག་ནི་དང་པོར་སྤུ་གཅིག་ལ་ལྔ་བཅུར་རྣམ་པར་བཅད་དེ། བཅུར་བཤིག་པ་ལའོ། །གང་དག་རྟེན་པའི་སྤུ་ཐམས་ཅད་ལ་ཡང་དེ་བཞིན་ཏེ། དེ་ལ་བདག་ཉིད་ཀྱིས་ནེམ་ནུར་མེད་པར་འགྱུར་རོ། །སྤུ་གང་ལ་ཡང་བདག་མི་དམིགས་སོ། །མདོག་གི་པགས་པ་དང་། ཤ་དང་། ཁྲག་དང་། བད་ཀན་དང་། རྒྱུས་པ་དང་། རྒྱུ་མ་དང་། ཀླད་པ་དང་། རུས་པ་དང་། རྐང་དང་། དྲོ་བ་ཉིད་ལ་ཡང་དེ་བཞིན་ནོ། །རླུང་གྱེན་དུ་རྒྱུ་བ་དག་དང་། ཐུར་དུ་རྒྱུ་བ་དག་དང་། བླང་བ་མེད་པ་དང་། དོར་བ་མེད་པའི་རླུང་རྣམས་ལ་ཡང་དེ་བཞིན་དུ་ཇི་ལྟར་སྔར་བཤད་པ་བཞིན་དུ་དམིགས་པ་ཡིད་ལ་བྱེད་པ་སྟེ། ལུས་འདི་ལ་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །སེམས་ཀྱི་བར་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །ཇི་ལྟ་ཞེ་ན། ཡིད་ལ་རྟེན་ལ་ཆོས་རྣམས་ལ་ཡང་རྟེན་ཅིང་ཡིད་འབྱུང་ངོ་། །གྲོགས་རྣམ་པར་ཤེས་པས་མིང་དང་། གཟུགས་དང་། སྐྱེ་མཆེད་དང་། འདུས་པའི་རེག་པ་དང་། ཚོར་བ་མྱོང་བ་དང་། སྲེད་པ་ལྷག་པར་ཆགས་པ་ཉིད་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའོ། །ཆོས་འདི་དག་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་དག་པར་རྟེན་ནས་འབྱུང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་ཤར་ཕྱོགས་ནས་འོངས་པ་མ་ཡིན་ནོ་ཞེས་བྱ་བ་ནས་འོག་ནས་འོངས་པ་མ་ཡིན་ནོ་ཞེས་བྱ་བའི་བར་ཡིན་ཏེ། སྐད་ཅིག་མ་གང་ཁོ་ན་ལ་རྐྱེན་གྱི་འདུ་འཕྲོད་ཀྱི་རྒྱུས་ཡིད་ཀྱི་རྣམ་པར་ཤེས་པ་བྱུང་བའི་སྐད་ཅིག་དེ་ཡང་འགག་གོ །སྐད་ཅིག་མ་གཉིས་པ་ལ་ཉེ་བར་མི་གནས་ཏེ། འགགས་པ་གང་དུ་ཡང་འགྲོ་བ་མེད་དོ། །བསགས་


DKG066_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་དོ། །ཆོས་འདི་དག་ཐམས་ཅད་ནི་རྐྱེན་ལས་ཡང་དག་པར་བྱུང་བར་སྐྱེའོ། །རྐྱེན་མ་ཚང་བས་འགག་གོ །ཐམས་ཅད་རྐྱེན་ལ་རག་ལས་པ་ཡིན་ཏེ། དེ་དག་བདག་མེད་དོ། །རྐྱེན་དེ་ཡང་བྱེད་པ་པོ་དང་། ཚོར་བ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་མི་དམིགས་པ་ཉིད་པས་དེས་ན་དེ་དག་བདག་མེད་པ་ཡིན་ཏེ། གང་བདག་མེད་པ་དེ་བདག་དང་བདག་གིས་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ཀྱི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། འཇིག་པ་མེད་པའི་ཕྱིར་དེ་ལ་བདག་གམ་བདག་གི་མེད་དོ་སྙམ་མོ། །ཆོས་ཐམས་ཅད་སྐྱེ་བ་དང་འཇིག་པའི་ཆོས་ཉིད་ཡིན་ཏེ། འདི་ལ་ལེན་པ་མེད་དོ། །འདོར་བ་མེད་དོ། །དེ་ཉན་ཐོས་རྣམས་ཀྱིས་བྱས་པ་མ་ཡིན་ནོ། །རང་སངས་རྒྱས་རྣམས་ཀྱིས་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་མཛད་པ་མ་ཡིན་ཏེ། རང་བཞིན་དང་ངོ་བོ་ཉིད་ཀྱིས་ཡིད་བདག་མེད་པའོ། །གང་བདག་མེད་པ་དེ་སྟོང་པའོ། །མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་བདག་མེད་པའོ། །གང་བདག་མེད་པ་དེ་སྟོང་པའོ། །དེ་བཞིན་དུ་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའི་བར་དུ་བསྒོམས་པས་ཆགས་པའི་གཞི་རྣམས་སྤོང་བར་འགྱུར་ཞིང་དེའི་རྒྱུ་ལས་བྱུང་བ་ཉོན་མོངས་པ་རྣམས་སྤོང་བར་འགྱུར་རོ། །དེའི་ཚེ་ཁ་ཅིག་ནི་བདེན་པ་དང་པོ་མངོན་པར་རྟོགས་པར་འགྱུར་རོ། །ཁ་ཅིག་ནི་བདེན་པ་བཞི་པའི་བར་མངོན་པར་རྟོགས་པར་འགྱུར་རོ། །མཁས་པས་འདིར་དེ་ལྟར་བདག་ཡོངས་སུ་བཙལ་ནས་མི་དམིགས་པའི་ཕྱིར་ཇི་ལྟར་བདག་མེད་པ་བཞིན་རང་གི་མངོན་སུམ་དུ་འགྱུར་རོ། །ཤཱ་རིའི་བུ་མཁས་པ་སྟོང་པ་ཉིད་ཀྱིས་གནས་པས་གནས་ཤིང་སྨོན་པ་མེད་པ་དང་། མཚན་མ་མེད་པའི་གནས་པས་གནས་ནས་དབང་པོ་བརྒྱ་བྱིན་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ་དང་། མཆོད་པའི་འོས་སུ་གྱུར་པ་དང་། མངོན་པར་སྲུང་བའི་འོས་སུ་གྱུར་པ་དང་། རྗེས་སུ་དྲན་པར་བྱ་བའི་འོས་སུ་གྱུར་པ་དང་། དད་པར་བྱ་བའི་འོས་སུ་གྱུར་པ་ཡིན་ནོ། །དབང་པོ་ཚངས་


DKG066_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ནས་ལྷའི་དབང་པོ་ཞེས་བྱ་བའི་བར་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། མིའམ་ཅིའི་དབང་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོའི་བར་རྣམས་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ་དང་། མཆོད་པའི་འོས་སུ་གྱུར་པ་དང་། མངོན་པར་བསྲུང་བའི་འོས་སུ་གྱུར་པ་དང་། རྗེས་སུ་དྲན་པར་བྱ་བའི་འོས་སུ་གྱུར་པ་ཡིན་ནོ། །མིའི་དབང་པོ་ཐམས་ཅད་ཀྱིས་ཀྱང་དད་པར་བྱ་བའི་འོས་སུ་གྱུར་པའི་བར་དུ་ཡིན་ནོ། །ཤཱ་རིའི་བུ་རིག་པ་ཡོད་པའི་སྦུབས་ཞི་བའི་གཟུངས་སྔགས་དེ་ནི་དེ་བཞིན་གཤེགས་པ་དཔལ་མེ་ཏོག་གི་སྙིང་པོས་ང་ལ་གང་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་ལག་ནས་བསྐུར་ཞིང་འདུས་པ་ཆེན་པོ་ཉི་མའི་སྙིང་པོ་ངས་བཤད་པ་ལ་དད་པ་སྦྱིན་པར་མཛད་པ་ཡིན་ནོ། །རིག་པ་ཡོད་པའི་སྦུབས་ཞི་བའི་གཟུངས་སྔགས་དེ་ནི་མཐུ་ཆེ་བ་ཕན་ཡོན་ཆེ་བའོ། །སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའོ། །ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །ཉོན་མོངས་པ་ཐམས་ཅད་འདུལ་བར་བྱེད་པའོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་ཡོངས་སུ་ཤེས་པར་བྱེད་པའོ། །ཆོས་ཐམས་ཅད་རྣམ་པར་འབྱེད་པར་བྱེད་པའོ། །ཐབས་ཐམས་ཅད་ཡང་དག་པར་སྟོན་པར་བྱེད་པའོ། །བྱང་གྲོལ་གྱི་བདེ་བ་ཐམས་ཅད་ཡོངས་སུ་འབྱེད་པར་བྱེད་པའོ། །སེམས་ཅན་ཐམས་ཅད་དད་པར་བྱེད་པའོ། །ཆོས་ཐམས་ཅད་ཀྱི་བདེ་བ་ལ་འཇུག་པར་བྱེད་པའོ། །བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་ངེས་པར་ཐུལ་བར་བྱེད་པའོ། །བདུད་ཀྱི་ཡུལ་ཐམས་ཅད་འཇིག་པར་བྱེད་པའོ། །བདུད་རྣམས་ཚར་གཅོད་པར་བྱེད་པའོ། །ཕས་ཀྱི་རྒོལ་བ་རྣམས་ཕམ་པར་བྱེད་པའོ། །ལྷ་རྣམས་དགའ་བར་བྱེད་པའོ། །གནོད་སྦྱིན་རྣམས་ཡང་དག་པར་མགུ་བར་བྱེད་པའོ། །ལྷ་མ་ཡིན་རྣམས་རྣམ་པར་འཇོམས་པར་བྱེད་པའོ། །ནམ་མཁའ་ལྡིང་རྣམས་མགུ་བར་བྱེད་པའོ། །མིའམ་ཅི་རྣམས་དད་པར་བྱེད་པའོ། །ལྟོ་འཕྱེ་ཆེན་པོ་རྣམས་


DKG066_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཀྱིས་ཕྱོགས་པར་བྱེད་པའོ། །རྒྱལ་རིགས་རྣམས་མངོན་པར་དགའ་བར་བྱེད་པའོ། །བྲམ་ཟེ་རྣམས་འཇུག་པར་བྱེད་པའོ། །རྗེའུ་རིགས་རྣམས་རབ་ཏུ་སིམ་པར་བྱེད་པའོ། །དམངས་རིགས་རྣམས་མཆོག་ཏུ་དགའ་བར་བྱེད་པའོ། །བུད་མེད་འདོད་ཆགས་དང་བྲལ་བར་བྱེད་པའོ། །བུད་མེད་སྦྲུམ་མ་བདེ་ལེགས་སུ་ཡོངས་སུ་ཐར་བར་བྱེད་པའོ། །མང་དུ་ཐོས་པ་རྣམས་དྲན་པར་བྱེད་པའོ། །རྣལ་འབྱོར་སྤྱོད་པ་རྣམས་མངོན་པར་དགའ་བར་བྱེད་པའོ། །ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །འཐབ་པ་དང་། ཐབ་མོ་དང་། མུ་གེ་དང་། མི་ངས་དང་། ནད་དང་ཕ་རོལ་གྱི་དམག་ཚོགས་དང་། དུས་མ་ཡིན་པའི་རླུང་དང་། ཆར་པ་དང་། ཆུ་བོ་དང་། གྲང་བ་དང་། དྲོ་བ་ཐམས་ཅད་དང་། ཁ་བ་དང་། ཚ་བ་དང་། ཧྲུད་ཧྲུད་པོ་དང་། རྩུབ་པ་དང་། རེག་པར་དཀའ་བའི་དངོས་པོ་ཐམས་ཅད་རྣམ་པར་ཞི་བར་བྱེད་པའོ། །ཆོས་ཀྱི་ཚུལ་འབར་བར་བྱེད་པའོ། །སངས་རྒྱས་ཀྱི་བསྟན་པ་སྟོན་པར་བྱེད་པའོ། །དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པའོ། །འཁོར་བས་སྐྲག་པ་རྣམས་དབུགས་འབྱིན་པར་བྱེད་པའོ། །ཟད་པ་ཤེས་པ་སྐྱེད་པར་བྱེད་པའོ། །མི་སྐྱེ་བ་ཤེས་པ་རང་གི་མངོན་སུམ་དུ་བྱེད་པའོ། །མ་རིག་པའི་མུན་པའི་ཕུང་པོ་རྣམ་པར་འདུལ་བར་བྱེད་པའོ། །སྡུག་བསྔལ་གྱི་ཁུར་འདོར་བར་བྱེད་པའོ། །ཞི་བ་རིག་པ་ཡོད་པའི་སྦུབས་ལུང་བསྟན་པ་ཆེན་པོ་འདི་ནི་སེམས་ཅན་རྣམས་ཀྱི་ལས་འབྱང་བ་དང་། བདུད་ཀྱི་ལམ་ལས་ཡང་དག་པར་འདས་པ་དང་། སངས་རྒྱས་ཀྱི་ཡུལ་ལ་འཇུག་པར་བྱེད་པའོ། །ཆོས་ཐམས་ཅད་ལ་དབང་སྒྱུར་བར་བྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་ཕ་རོལ་ཏུ་འགྲོ་བ་དང་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་བྱེད་པའོ། །ཆོས་ཀྱི་ཆར་རབ་ཏུ་འབེབས་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའོ། །བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པར་བྱེད་པ་སྟེ། འདི་ནི་རིག་པ་ཡོད་པའི་སྦུབས་ཞི་བ་ལུང་བསྟན་པ་


DKG066_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བསྟན་པ་འདི་བཤད་པ་ན་གང་དུ་སེམས་ཅན་དེ་ལྟ་བུ་རྣམས་ཀྱི་ལས་ཀྱི་སྒྲིབ་པ་སྔོན་འཕངས་ཤིང་ཡོངས་སུ་མ་ཟད་པའི་ལྷ་དང་མི་གྲངས་མེད་པ་དཔག་ཏུ་མེད་པ་དག་ནི་དེར་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་པར་གྱུར་ཏོ། །སེམས་ཅན་དཀྲིགས ་ཕྲག་འབུམ་གྱིས་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེའི་ཚེ་ཁྲི་ཕྲག་བདུན་ཅུ་ནི་ཞི་བ་རིག་པ་ཡོད་པའི་སྦུབས་ཀྱི་གཟུངས་སྔགས་འདི་ཐོབ་པར་གྱུར་ཅིང་ཐེག་པ་གསུམ་ལས་ཕྱིར་མི་ལྡོག་པར་ཡང་གྱུར་ཏོ། །དེའི་ཚེ་ལྷ་དང་མི་གྲངས་མེད་དཔག་ཏུ་མེད་པ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་གྱུར་ཏོ། །དེའི་ཚེ་བརྒྱད་ཁྲི་བཞི་སྟོང་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱིས་གཟུངས་སྔགས་བཞི་པོ་བདེན་པ་དང་། རྗེས་སུ་འཐུན་པ་དང་། སྟོང་པ་ཉིད་དང་རྗེས་སུ་འཐུན་པ་དང་། སྨོན་པ་མེད་པ་དང་རྗེས་སུ་འཐུན་པ་དང་། ཞི་བ་རིག་པ་ཡོད་པའི་སྦུབས་ཀྱི་གཟུངས་སྔགས་དེ་དག་གི་དོན་བསྟན་པ་ཐོབ་ནས་དེའི་ཚེ་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་གི་འདོད་པའི་འདོད་ཆགས་ཐམས་ཅད་དང་། གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང་། དབྱིབས་ཀྱི་འདོད་ཆགས་དང་། རེག་པའི་འདོད་ཆགས་དང་། མོས་པའི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཡོངས་སུ་ཟད་དོ། །འདོད་ཆགས་པ་རྣམས་ཀྱི་ཉེས་དམིགས་ཀྱང་རང་གི་མངོན་སུམ་དུ་གྱུར་ཏོ། །ཁ་ཅིག་གིས་ནི་མི་སྡུག་པའི་དགེ་བའི་རྩ་བ་བསྐྱེད་དོ། །ཁ་ཅིག་གིས་ནི་སྐྱེ་མཆེད་དྲུག་གོ །ཁ་ཅིག་གིས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དོ། །ཁ་ཅིག་གིས་ནི་ཟད་པར་གྱི་སྐྱེ་མཆེད་དོ། །ཁ་ཅིག་གིས་ནི་དབུགས་རྔུབ་པ་དང་དབུགས་འབྱུང་བ་དྲན་པའོ། །ཁ་ཅིག་གིས་


DKG066_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞི་གནས་སོ། །ཁ་ཅིག་གིས་ནི་ལྷག་མཐོང་ངོ་། །ཁ་ཅིག་གིས་ནི་བསམ་གཏན་དང་པོའོ། །ཁ་ཅིག་གིས་ནི་བསམ་གཏན་ཁྱད་པར་ཅན་ནོ། །ཁ་ཅིག་གིས་ནི་བསམ་གཏན་བཞི་པའི་བར་རོ། །ཁ་ཅིག་གིས་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ། །ཁ་ཅིག་གིས་ནི་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པའོ། །ཁ་ཅིག་གིས་ནི་རིགས་ཀྱི་སའོ། །ཁ་ཅིག་གིས་ནི་བརྒྱད་པའི་ཆོས་རྣམས་སོ། །ཁ་ཅིག་གིས་ནི་ཉན་ཐོས་དང་ཐུན་མོང་བའི་དགེ་བའི་རྩ་བ་རྣམས་སྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་དང་ཐུན་མོང་བའོ། །ཁ་ཅིག་གིས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཐུན་མོང་བའི་ཏིང་ངེ་འཛིན་དང་། བཟོད་པ་དང་། གཟུངས་ཀྱི་དགེ་བའི་རྩ་བ་རྣམས་སྐྱེད་དོ། །དེའི་ཚེ་བུད་མེད་གང་དག་སེམས་རྩེ་གཅིག་པ་དང་། བུད་མེད་ཀྱི་དངོས་པོ་སྐྱོན་དུ་བགྲང་བའི་སེམས་ཀྱིས་ཚུལ་བསྟན་པ་འདི་ཐོས་པ་དེ་ལས་མིའི་བུད་མེད་དཀྲིགས་ཕྲག་དགུ་བཅུ་རྩ་གཅིག་གི་མོ་མཚན་ནུབ་པར་གྱུར་ཅིང་ཕོ་མཚན་ཡང་བྱུང་བར་གྱུར་ཏོ། །ལྷའི་བུ་མོ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་། ཀླུའི་བུ་མོ་བརྒྱད་ཁྲི་བཞི་སྟོང་སྙེད་དང་། གནོད་སྦྱིན་གྱི་བུ་མོ་བརྒྱད་ཁྲི་དྲུག་སྟོང་སྙེད་དང་། ལྷ་མ་ཡིན་གྱི་བུ་མོ་བརྒྱད་ཅུ་རྩ་བཞི་སྙེད་དང་། ནམ་མཁའ་ལྡིང་གི་བུ་མོ་བདུན་ཁྲི་སྙེད་དང་། མིའམ་ཅིའི་བུ་མོ་དཀྲིགས་ཕྲག་བཅུ་གཉིས་སྙེད་དང་། ལྟོ་འཕྱེ་ཆེན་པོའི་བུ་མོ་སྟོང་སྙེད་དང་། ཡི་དགས་མོ་དཀྲིགས་ཕྲག་དགུ་བཅུ་སྙེད་དང་། ཤ་ཟ་མོ་དཀྲིགས་ཕྲག་བཞི་བཅུ་རྩ་གཉིས་སྙེད་ཀྱི་བུ་མོ་མོ་མཚན་ནུབ་པར་གྱུར་ཅིང་ཕོ་མཚན་བྱུང་བར་གྱུར་ཏོ། །གང་བུད་མེད་སྦྲུམ་པ་དེ་ཡང་ངས་ལུས་དང་སེམས་ཀྱི་བདེ་བ་མཆོག་ལ་ཡང་དག་པར་གཏད་དེ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཡང་རུང་། ཐོ་འཚམ་པ་མེད་པའི་ལུས་དང་ལྡན་པ་དང་། འཁྲུག་པ་མེད་པའི་སེམས་དང་ལྡན་པར་ཁྱེའུའམ་བུ་མོ་བཙས་པར་གྱུར་ཏོ། །བཙས་ནས་ཀྱང་དབང་པོ་ཚང་བ་དང་། གཟུགས་མཆོག་དང་ལྡན་པ་དང་། དྲན་


DKG066_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པ་དང་། ཚེ་རབས་དྲན་པ་དང་། དཔའ་བ་དང་། སྲན་ཐུབ་པ་དང་། ཤེས་རབ་དང་ལྡན་པར་གྱུར་ཏོ། །གང་སྦྲུམ་པ་བཙའ་བར་མི་བྱེད་པ་དེའི་ནད་ཐམས་ཅད་ངས་རབ་ཏུ་ཞི་བར་བྱས་སོ། །མངལ་ན་ཡོད་པ་དེ་ཡང་ཚུལ་དེ་ལྟ་བུའི་བདེ་བ་དང་ཡང་དག་པར་ལྡན་པར་བྱས་ཏེ། ལུས་དང་སེམས་ཀྱི་བདེ་བ་དང་ཡང་དག་པར་ལྡན་པར་བྱས་ནས་ཀྱང་དེ་ཕྱིས་བདེ་བ་མཆོག་གིས་ཁྱེའུ་དང་བུ་མོ་བཙས་ཏེ། གཟུགས་མཆོག་དང་ལྡན་པ་དང་། དྲན་པ་མཆོག་དང་ལྡན་པ་དང་། ཚེ་རབས་དྲན་པ་དང་། དཔའ་བ་དང་། སྲན་ཐུབ་པ་དང་། ཤེས་རབ་དང་ལྡན་པའི་བར་དུ་གྱུར་ཏོ། །དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། སྲུལ་པོ་དང་། མི་དང་། མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་གསོལ་ཏེ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པས་ད་ལྟར་སྔོན་མ་ཐོས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། སེམས་ཀྱི་ཡོངས་སུ་རྟོག་པའི་ལས་ཀྱི་སྒྲིབ་པ་ཡང་དག་པར་འབྱང་བ། འཁོར་བ་ལས་སྒྲོལ་བ། སྲིད་པར་འགྲོ་བ་ཐམས་ཅད་ཡོངས་སུ་འབྱང་བ། བདུད་རྩིའི་བྱང་གྲོལ་གྱིས་ཡང་དག་པར་ཚིམ་པར་མཛད་པ་ནི་མཆོག་ཏུ་ངོ་མཚར་ལགས་སོ། །སེམས་ཅན་ཡོངས་སུ་སྨིན་པ་ཐམས་ཅད་ཀུན་ཏུ་སྲུང་བ་དང་། རྙོག་པའི་དངོས་པོ་ཐམས་ཅད་ཡོངས་སུ་འབྱང་བ་དང་། ཤེས་རབ་མཆོག་གི་མིག་ཐོབ་པར་བགྱི་བ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པའི་སླད་དུ། དེ་བཞིན་གཤེགས་པས་ད་ལྟར་སངས་རྒྱས་ཀྱི་ཡུལ་ཐམས་ཅད་སྣང་བར་མཛད་པའི་ཆོས་ཀྱི་ཆར་རབ་ཏུ་ཕབ་ལགས་ཏེ། དེ་བཞིན་གཤེགས་པ་ལ་བདག་ཅག་གིས་རྔོ་ཅི་ཐོགས་པར་མཆོད་པ་བགྱི་ལགས་སོ། །བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཏིང་ངེ་འཛིན་ལ་བརྩོན་པ་རྣམས་མ་གཏོགས་པར་ལྷ་ཐམས་


DKG066_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཅེས་བྱ་བ་ནས་ལུས་སྲུལ་པོའི་བར་གྱིས་ཀྱང་ལྷ་རྫས་ཀྱི་རོལ་མོའི་སྒྲ་དང་ཕེག་རྡོབ་པའི་སྒྲ་འབྱུང་བར་བྱེད་དོ། །ལྷ་རྫས་ཀྱི་གསེར་གྱི་ཕྱེ་མའི་ཆར་མངོན་པར་རབ་ཏུ་ཕབ་བོ་ཞེས་བྱ་བ་ནས་ལྷ་རྫས་ཀྱི་མེ་ཏོག་དང་། སྤོས་དང་། བདུག་པ་དང་། རས་བཅོས་བུ་དང་། ཆོས་གོས་དང་། རྒྱན་དང་། ལྷ་རྫས་ཀྱི་མེ་ཏོག་ཕྲེང་གི་བར་གྱི་ཆར་མངོན་པར་རབ་ཏུ་ཕབ་བོ། །བཅོམ་ལྡན་འདས་ཇི་ལྟར་ཉི་མ་ཤར་བ་ལ་ཡང་མཆོད་པའི་ལས་བྱ་བའི་ཕྱིར་རིན་པོ་ཆེའི་མེ་ཏོག་དང་། སྤོས་དང་། བདུག་པ་དང་། རས་བཅོས་བུ་དང་། ཕྲེང་བ་རྣམས་གཏོར་ཏོ། །འཕགས་པ་འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་ཉི་མའི་སྙིང་པོའི་ལེའུ་བཅུ་གཅིག་པ་ལས་ལས་འབྱང་བའི་ལེའུ་སྟེ་བཞི་པའོ།། །།


previousབཞི་པ། ལས་འབྱང་བའི་ལེའུ།next