Nitartha Digital Library
Tibetan
 
previousསྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ། next

སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ།


DKG073_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྒྱ་ཐམ་པ། བམ་པོ་བཅུ་བཞི་པ། ཀོ་ཀ་ལི་ཀ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་ཚེ་དང་ལྡན་པ་ཀོ་ཀ་ལི་ཀ་སབ་ཀང་རི་ལ་འཇིགས་བྱེད་མའི་ཚལ་རི་དགས་ཀྱི་ནགས་ན་གནས་ཏེ། སབ་ཀང་རི་ལ་གནས་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་དེ་ལ་བཀུར་སྟི་བྱས་བླ་མར་བྱས་རི་མོར་བྱས་མཆོད་པར་བྱས་ཏེ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ནས། དེས་དེར་དགེ་སློང་འོངས་སོ་ཅོག་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་དོ། །དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ལྗོངས་


DKG073_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཞིང་དོང་བ་ལས་སབ་ཀང་རི་ལ་ཕྱིན་ཏེ། འཇིགས་བྱེད་མའི་ཚལ་རི་དགས་ཀྱི་ནགས་ན་གནས་སོ། །དེ་ནས་དགེ་སློང་ཀོ་ཀ་ལི་ཀས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ལྗོངས་རྒྱུ་ཞིང་སོང་སོང་བ་ལས་སབ་ཀང་རི་ལ་ཕྱིན་ཏེ། འཇིགས་བྱེད་མའི་ཚལ་རི་དགས་ཀྱི་ནགས་ན་འདུག་གོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་ཀོ་ཀ་ལི་ཀས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་བཙུན་པ་ཁྱེད་གཉིས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིས། ཁྱེད་གཉིས་ཀྱིས་ཐུགས་ཁྲལ་ཆུང་ངུར་བཞུགས་ཤིག །དེ་གཉིས་ཀྱིས་སྨྲས་པ་ཚེ་དང་ལྡན་པ་སབ་ཀང་རི་འདི་ནི་ཤིན་ཏུ་འཇིགས་པ་ཡིན་ཏེ་འདིར་གནས་མི་ཕོད་ཀྱིས། བདག་ཅག་གཉིས་ནི་དགོན་པ་རབ་ཏུ་དབེན་པའི་གནས་ག་གེ་མོ་ཞིག་ཏུ་སོང་སྟེ་གནས་པར་བྱའོ། །ཀོ་ཀ་ལི་ཀས་སྨྲས་པ། དེར་བཞུད་ན་ཡང་བདག་གིས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིས། ཁྱེད་གཉིས་ཀྱིས་བདག་ལ་གནང་བར་མཛོད་ཅིག །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུས་སྨྲས་པ། གལ་ཏེ་ཁྱོད་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་དགོན་པའི་གནས་ག་གེ་མོ་ཞིག་ན་འདུག་གོ་ཞེས་སབ་ཀང་རི་འདིར་སུ་ལ་ཡང་མི་ཟེར་ན་ནི་བདག་ཅག་གཉིས་འདུག་པར་བྱའོ། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ་བྱས་ན་ནི་བདག་ཅག་གཉིས་ཀྱིས་ཁྱོད་ལ་མ་སྦྲན་པར་གནས་དེ་ནས་གུད་དུ་འགྲོའོ། །ཀོ་ཀ་ལི་ཀས་སྨྲས་པ། སུ་ལ་ཡང་མི་མཆིས་གནང་བར་མཛོད་ཅིག །དེ་ནས་དེ་གཉིས་དེ་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་གཉིས་ཀྱིས་དེ་ལ་ཁས་བླངས་ནས་དགོན་པའི་གནས་དེར་སོང་སྟེ། འཁོད་ནས་ཀོ་ཀ་ལི་ཀས་དེ་གཉིས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པ་ལ་ཞུགས་སོ། །དེ་ནས་དེའི་ཚེ་སབ་ཀང་རི་དེ་ཉིད་ན་ཁྱིམ་བདག་ཅིག་གནས་ཏེ། ཁྱིམ་བདག་དེ་དགེ་སློང་ཀོ་ཀ་ལི་ཀ་ལ་མངོན་པར་དགའ་བར་གྱུར་ནས། དེ་དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་


DKG073_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། དགེ་སློང་ཀོ་ཀ་ལི་ཀ་དེ་ཉིད་ལས་བརྟེན་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ། །དེ་ནས་ཕྱི་ཞིག་ན་དེའི་བློ་སྐྱེས་པ། བདག་ཁྱིམ་ན་གནས་པ་བཏང་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་སྙམ་སྟེ། ཚེ་དང་ལྡན་པ་ཀོ་ཀ་ལི་ཀ་ག་ལ་བ་དེར་སོང་ནས་སྨྲས་པ། བཙུན་པ་ཀོ་ཀ་ལི་ཀ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །ཀོ་ཀ་ལི་ཀས་སྨྲས་པ། གཞོན་ནུ་ཁྱོད་ཕ་མ་གཉིས་ཀྱིས་གནང་ངམ། དེས་སྨྲས་པ་མ་གནང་ངོ་། །ཀོ་ཀ་ལི་ཀས་སྨྲས་པ། བུ་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ནི། ཕ་མ་གཉིས་ཀྱིས་མ་གནང་བར་རབ་ཏུ་འབྱིན་པར་ཡང་མི་མཛད། བསྙེན་པར་རྫོགས་པར་ཡང་མི་མཛད་ཀྱིས། སོང་ལ་ཕ་མ་གཉིས་ལ་གསོལ་ཅིག་དང་དེའི་འོག་ཏུ་ཁྱོད་ཀྱི་སླ་བར་འགྱུར་རོ། །དེ་ནས་འཕགས་པ་ཇི་ལྟར་དགྱེས་པ་དེ་བཞིན་དུ་འཚལ་ལོ་ཞེས་བྱས་ནས། དེ་ཕ་མའི་ཐད་དུ་སོང་སྟེ་སྨྲས་པ། ཡབ་ཡུམ་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་གནང་བར་མཛད་དུ་གསོལ་ཕ་མ་གཉིས་ཀྱིས་སྨྲས་པ། བདག་ཅག་ནི་ཁྱོད་ཤི་སྟེ་འབྲལ་བར་འགྱུར་ཡང་སྲིད་ཀྱི། ཁྱོད་གསོན་བཞིན་དུ་གནང་བར་ནི་མི་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་ཀོ་ཀ་ལི་ཀ་ལྗོངས་དག་ཏུ་དོན་བསྒྲུབ་པ་ཞིག་བྱུང་ནས། དེས་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ལ་གཏད་དེ། བཙུན་པ་གཉིས་བདག་ནི་ལྗོངས་དག་ཏུ་བགྱི་བ་ཅུང་ཟད་ཅིག་ལ་མཆིས། དགེ་སློང་འདི་དག་བཙུན་པ་གཉིས་ཀྱིས་ལུང་དབོག་པ་དང་ཡིད་ལ་བགྱིད་པའི་ལུང་དང་ཞུ་བའི་གནས་སྩལ་དུ་གསོལ་ཞེས་བྱས་ནས། དེས་དེ་གཉིས་ལ་འཁོར་


DKG073_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཏད་དེ་ལྗོངས་རྒྱུ་ཞིང་སོང་ངོ་། །དེ་སོང་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ཀྱིས་བསམས་པ། དགེ་སློང་འདི་དག་ལ་ངེས་པར་འབྱེད་པའི་ཆ་བཞིའི་དགེ་བ་ཅུང་ཟད་ཡོད་དམ་མེད་ཅིག་གུ་སྙམ་སྟེ། དེ་གཉིས་ཀྱིས་བལྟས་ནས་ཡོད་པར་གྱུར་ཏེ། བདག་ཅག་གཉིས་ཁོ་ན་ལ་རག་ལས་པར་མཐོང་ནས། དགེ་སློང་དེ་དག་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུས་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བསྐུལ། ཚེ་དང་ལྡན་པ་ཤཱ་རིའི་བུས་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་བསྐུལ་ནས། དེ་དག་གིས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་དག་གིས་དགྲ་བཅོམ་པ་ཉིད་ཐོབ་ནས་ཁྱིམ་བདག་གི་བུ་དེས་ཀྱང་ཕ་མ་ལ་གསོལ་ཏེ། གཙུག་ལག་ཁང་དུ་སོང་ནས་དེ་དགེ་སློང་དེ་དག་གི་ཐད་དུ་སོང་སྟེ་སྨྲས་པ། བཙུན་པ་ཀོ་ཀ་ལི་ཀ་གར་མཆིས། དེ་དག་གིས་སྨྲས་པ། དེ་ཅི་ལ་དགོས། ཁྱེའུས་སྨྲས་པ། བདག་དེ་ལས་རབ་ཏུ་འབྱུང་བར་འཚལ་ལོ། །དགེ་སློང་དེ་དག་གིས་དེ་ལ་སྨྲས་པ། ཁྱོད་ལ་ཀོ་ཀ་ལི་ཀ་ཅི་དགོས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་འདི་གཉིས་ནི་མཆོག་གི་ཟུང་། ཟུང་བཟང་པོ་ཡིན་གྱིས་དེ་གཉིས་ལས་རབ་ཏུ་འབྱུང་བར་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་དགའ་ཆེས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་གཉིས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་འདུག་གོ །ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་རྟོགས་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱེའུ་དེ་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་


DKG073_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤཱ་རིའི་བུ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ་ཞེས་བྱས་ནས། བཙུན་པ་ཤཱ་རིའི་བུས་སྨྲས་པ། བུ་ཁྱོད་ལ་ཕ་མ་གཉིས་ཀྱིས་གནང་ངམ། དེས་སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་ནི་གནང་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱེའུ་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་གོ །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེས་དགྲ་བཅོམ་པ་ཉིད་ཐོབ་ནས་ཕ་མ་གཉིས་བདེན་པ་རྣམས་ལ་བཀོད་དོ། །སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ལ་ཡང་བཙུད་དོ། །དེ་ནས་ཕྱི་ཞིག་ན་ལྷ་རྣམས་ཀྱིས་སབ་ཀང་རི་ལ་སྒྲ་བསྒྲགས་ཏེ། ཀྱེ་ཁྱེད་ཀྱི་གྲོང་འདབ་ན་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་འཁོད་བཞིན་དུ་ཁྱོད་བསྙེན་བཀུར་བྱ་བའི་ཕྱིར་དེ་གཉིས་ཀྱི་ཐད་དུ་མ་དོང་ན། ཁྱེད་ཀྱིས་ཅི་རྙེད་ཅི་ཞིག་ནི་ལེགས་པར་རྙེད་ཅེས་བྱས་སོ། ། དེ་ནས་སབ་ཀང་རི་ལ་གནས་པའི་སྐྱེ་བོ་མང་པོ་རྣམས་ཀྱི་སྒྲ་ཐོས་ནས་སྡེ་ཚན་ནས་སྡེ་ཚན་དང་། ཕ་ཚན་ནས་ཕ་ཚན་དང་། དགའ་སྡེ་ནས་དགའ་སྡེར་འདུས་ཤིང་ཚོགས་ཏེ་སབ་ཀང་རི་ལས་བྱུང་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ག་ལ་བ་དེར་སོང་སྟེ་ལྷགས་ནས་རྐང་པ་ལ་ཕྱག་འཚལ་ཏེ་བཀུར་སྟི་བྱེད་པ་ལ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ཀྱིས་བསམས་པ། བདག་ཅག་གཉིས་ཀྱི་རྙེད་པ་དང་བཀུར་སྟི་བྱུང་གིས་གཅད་དགོས་སོ། །བདག་ཅག་གཉིས་ཀྱིས་ཀྱང་ཀོ་ཀ་ལི་ཀ་ལ་དམ་བཅས་ཏེ། གལ་ཏེ་ཁྱོད་ཀྱིས་བདག་ཅག་གཉིས་དགོན་པ་འདི་ན་གནས་སོ་ཞེས་སུ་ལ་ཡང་མ་བསྙད་ན་ནི་བདག་ཅག་གཉིས་དགོན་པའི་གནས་འདིར་གནས་པར་བྱའོ། །དེ་སྟེ་བདག་ཅག་གཉིས་ཀྱི་རྙེད་པ་དང་བཀུར་སྟི་ཞིག་བྱུང་བར་གྱུར་ན་ནི། བདག་ཅག་གཉིས་ཀྱིས་ཁྱོད་ལ་ཡང་མ་སྦྲན་པར་དགོན་པའི་གནས་འདི་ནས་འགྲོའོ་ཞེས་བྱས་ཟིན་ནོ་སྙམ་ནས་དགོན་པའི་གནས་དེ་ནས་དོང་ངོ་། །ཀོ་ཀ་ལི་ཀའི་སློབ་མ་དང་། ཉེ་གནས་དེ་དག་


DKG073_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྨྲས་པ། བདག་ཅག་ཀྱང་སློབ་དཔོན་གཉིས་དང་ཐབས་ཅིག་ཏུ་མཆིའོ། །ཤཱ་རིའི་བུས་སྨྲས་པ། ཁྱེད་ནི་རྒྱལ་པོའི་ཁབ་ཏུ་དེང་ཤིག་ཁོ་བོ་ཅག་གཉིས་ནི་ལོགས་ཤིག་ནས་འདུལ་བར་བྱ་བའི་དོན་བྱེད་ཅིང་འགྲོ་དགོས་ལ། ཐམས་ཅད་དེར་དོང་ན་ཟས་ཀྱིས་ཀྱང་བྲེལ་བར་གྱུར་ན་མི་རུང་ངོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དགེ་སློང་དེ་དག་ལམ་གུད་ནས་རྒྱལ་པོའི་ཁབ་ཏུ་དོང་སྟེ་འཁོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ནི་ལམ་གཞན་ཞིག་ཏུ་ཞུགས་ཏེ་དེ་གཉིས་ཆས་པ་ན་ཆར་པ་ཁད་ཀྱིས་དལ་ནས་དལ་ནས་བབ་བོ། །རི་འགབ་དེ་ན་རིའི་ཕུག་ཅིག་ཡོད་དེ། དེར་མ་ཧེ་རྫི་མོ་ཞིག་སྔར་ནང་དུ་སོང་བ་ལས་དེ་མི་གཉིས་ཀྱིས་ཉལ་པོ་བྱས་ནས། དེ་གཉིས་དེ་ནས་ཕྱིར་སོང་བའི་འོག་ཏུ་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་དེར་འོངས་ནས་ཕུག་སྒོ་ན་འཁོད་དོ། །དེ་ནས་དེ་དག་དགོན་པའི་གནས་དེ་ནས་དོང་བའི་འོག་ཏུ། དགེ་སློང་ཀོ་ཀ་ལི་ཀ་ཡང་རང་གི་གཙུག་ལག་ཁང་དེར་འོངས་ཏེ། དེ་དེར་འོངས་ན་སློབ་མ་དང་ཉེ་གནས་རྣམས་མི་སྣང་ནས་དེས་དགེ་སློང་གཞན་དག་ལ་དྲིས་པ། བདག་གི་སློབ་མ་དང་ཉེ་གནས་དེ་དག་གར་དོང་། དེ་དག་གིས་སྨྲས་པ། དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་དང་ལྷན་ཅིག་ཏུ་དོང་ངོ་། །དེ་ནས་དེ་ཐོས་མ་ཐག་ཏུ། དགེ་སློང་ཀོ་ཀ་ལི་ཀ་ཤས་ཆེར་ཁྲོས་ཏེ། དེ་གཉིས་ཀྱིས་བདག་ལ་མ་བཟླུགས་པར་སོང་བའི་སྟེང་དུ་བདག་གི་འཁོར་རྣམས་ཀྱང་ཁ་དྲངས་ཏེ་སོང་ངོ་ཞེས་ཟེར་རོ། །དེ་དེ་ན་འདུག་པ་ན་ཁྱིམ་བདག་དེ་ཡང་ཐད་དུ་འོངས་ནས་ཀོ་ཀ་ལི་ཀས་ཁྱིམ་བདག་དེ་ལ་དྲིས་པ། ཁྱིམ་བདག་ཁྱོད་ཀྱི་བུ་དེ་གར་སོང་། ཁྱིམ་བདག་གིས་སྨྲས་པ། རབ་ཏུ་བྱུང་ངོ་། །སུའི་ཐད་དུ་རབ་ཏུ་བྱུང་། ཁྱིམ་བདག་གིས་སྨྲས་པ། ཤཱ་རིའི་བུའི་ཐད་དུ་རབ་ཏུ་བྱུང་ངོ་། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་ལྷག་པར་ཡང་དེ་གཉིས་ལ་རབ་ཏུ་ཁྲོས་སོ། །གཞན་ཡང་སབ་ཀང་རི་ལ་གནས་པའི་བྲམ་ཟེ་རྣམས་ཀྱིས་སྙིང་ན་བའི་ཚིག་གིས་ཞེར་བཏབ་སྟེ། བཙུན་པ་ཀོ་ཀ་ལི་ཀ་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་འདིར་བྱོན་པ་ལྟ་ཞིག་ན་ཁྱོད་ཀྱིས་བདག་ཅག་ལ་མ་སྦྲན་ཏོ་ཞེས་བྱས་སོ། །དེ་ནས་དེ་ཡུལ་ཡུལ་པོར་གྱུར་ནས་དེས་བསམས་པ། དེ་གཉིས་ཀྱིས་བདག་


DKG073_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཁོར་ཁྲིད་དེ་སོང་མོད་ཀྱི། བདག་གིས་ཀྱང་རང་གི་འཁོར་ཡལ་བར་གཏང་དུ་མི་རུང་གིས། བདག་སོང་ལ་རང་གི་འཁོར་རྣམས་བཀུག་སྟེ་ཕྱིར་འོང་བར་བྱའོ་སྙམ་ནས། ཤམ་ཐབས་བགོས་ཏེ་ལྷུང་བཟེད་ཐོགས་ནས། དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་གར་དོང་བའི་ལམ་དེ་ཉིད་དུ་ཆས་ནས་དེ་མཐར་གྱིས་ཕུག་དེ་ཁོ་ནའི་སྒོར་ཕྱིན་ཏེ། དགེ་སློང་ཀོ་ཀ་ལི་ཀས་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ཕུག་སྒོ་དེ་ཉིད་ན་འཁོད་པ་མཐོང་ནས་དེ་དེ་གཉིས་ཀྱི་ཐད་དུ་སོང་སྟེ། རྐང་པ་ལ་ཕྱག་འཚལ་ནས་ཀུན་དགའ་བའི་གཏམ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་དེ་རྣམས་ཀྱི་སྐད་མ་ཧེ་རྫི་མོ་དེས་ཐོས་ནས་ཕུག་དེ་ནས་ཕྱིར་བྱུང་སྟེ་སོང་ངོ་། །དེ་ནས་དེ་ལ་ཀོ་ཀ་ལི་ཀ་ཁུ་ཕྲིག་ཟོས་ནས། ཚེ་དང་ལྡན་པ་དེ་ཡང་མཚན་བརྟགས་ལ་མཁས་པ་ཞིག་སྟེ། དེས་བལྟས་ན་མ་ཧེ་རྫི་མོ་དེ་ལ་མི་གཉིས་ཀྱིས་ཉལ་པོ་བྱས་པར་རིག་གོ །དེ་ནས་དེ་མཐོང་མ་ཐག་ཏུ་དེ་ལ་འདི་ལྟ་བུའི་སྡིག་པའི་ལྟ་བའི་རྣམ་པ་སྐྱེས་ཏེ། འདི་གཉིས་ནི་སྡིག་པ་ལ་དགའ་བ་སྡིག་པའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་ཚིག་རྩུབ་ཅིང་བརླང་བས་ཞེ་བཅད་ནས། རྒྱལ་པོའི་ཁབ་ཏུ་སོང་སྟེ་འོད་མའི་ཚལ་དུ་ཞུགས་ནས་ལྷུང་བཟེད་དང་ཆོས་གོས་བཞག་སྟེ། དགེ་སློང་མཐོང་ངོ་ཅོག་ལ་ཡང་དག་པ་མ་ཡིན་པའི་ཕྱར་ཀ་བཏང་སྟེ། དེ་གཉིས་ནི་སྡིག་པ་ལ་དགའ་བ་སྡིག་པའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་སྐབས་དེ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་ཀོ་ཀ་ལི་ཀ་ལ་བཀའ་སྩལ་པ། ཀོ་ཀ་ལི་ཀ་ཀོ་ཀ་ལི་ཀ་ཁྱོད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ཤིན་ཏུ་དེས་པ་བྱེ་བྲག་ཕྱེད་པ་ཚངས་པ་མཚུངས་པར་སྤྱོད་པ་ལ་སེམས་དགའ་བར་གྱིས་ཤིག །ཁྱོད་ཡུན་རིང་པོར་གནོད་པ་དང་མི་ཕན་པ་དང་སྡུག་བསྔལ་བར་གྱུར་ཏ་རེ། དེས་གསོལ་པ། བདག་ནི་བཅོམ་ལྡན་འདས་ལ་དད་ཅིང་གློ་བ་ཆེས་ཀྱིས་ཀྱང་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ནི་སྡིག་པ་ལ་དགའ་བ་སྡིག་པའི་སེམས་དང་ལྡན་པ་ལགས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཀོ་ཀ་ལི་ཀ་ལ་བཀའ་སྩལ་པ། ཀོ་ཀ་ལི་ཀ །ཀོ་ཀ་ལི་ཀ་ཁྱོད་དགེ་སློང་ཤཱ་རིའི་བུ་དང་


DKG073_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མཽད་གལ་གྱི་བུ་གཉིས་ཤིན་ཏུ་དེས་པ་བྱེ་བྲག་ཕྱེད་པ་ཚངས་པ་མཚུངས་པར་སྤྱོད་པ་ལ་སེམས་དགའ་བར་གྱིས་ཤིག །ཁྱོད་ཡུན་རིང་པོར་གནོད་པ་དང་མི་ཕན་པ་དང་སྡུག་བསྔལ་བར་གྱུར་ཏ་རེ། དེས་གསོལ་པ། བདག་ནི་བཅོམ་ལྡན་འདས་ལ་དད་ཅིང་གློ་བ་ཆེས་ཀྱིས་ཀྱང་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ནི་སྡིག་པ་ལ་དགའ་བ་སྡིག་པའི་དབང་དུ་གྱུར་པ་ལགས་སོ། །དེ་ནས་དགེ་སློང་ཀོ་ཀ་ལི་ཀས་ལན་གཉིས་ལན་གསུམ་གྱི་བར་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལྟར་མ་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་སོང་མ་ཐག་ཏུ་དགེ་སློང་ཀོ་ཀ་ལི་ཀ་དེའི་ལུས་ཐམས་ཅད་འབྲས་ཡུངས་འབྲུ་ཙམ་ཤ་སྟག་གིས་གང་བར་གྱུར་ཏོ། །དེ་ནས་དེའི་འོག་ཏུ་འབྲས་རྒྱ་སྲན་ཙམ་དང་རྒྱ་ཤུག་གི་འབྲུ་ཙམ་དང་སྐྱུ་རུ་ར་ཙམ་དང་བིལ་བའི་འབྲས་བུ་ཙམ་དང་ཀ་པིད་ཏའི་འབྲས་བུ་ཙམ་ཤ་སྟག་གིས་གང་བར་གྱུར་ཏོ། །དེ་ནས་དགེ་སློང་ཀོ་ཀ་ལི་ཀའི་ཁ་ནས་ཁྲག་དྲོན་པོ་སྐྱུག་ཅིང་བདག་ནི་ཚིག་གོ་བདག་ནི་ཚིག་གོ་ཞེས་ཟེར་ཏེ་ལུས་ཐམས་ཅད་ནས་རྣག་ཁྲག་འཛག་ཅིང་འབབ་བཞིན་དུ་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཆེན་པོ་པད་མ་ལྟར་གས་པ་ཆེན་པོར་སྐྱེས་སོ། །དེ་དེར་སྐྱེས་ནས་ཆེར་གྱུར་ཏེ་ལུས་དཔག་ཚད་མང་པོ་དང་ལྡན་པས་ཁྱབ་པར་འདུག་གོ །དེ་ནས་དེའི་ལས་ལས་སྐྱེས་པའི་མི་དག་གིས་ཁ་ནས་ལྕེ་ཕྱུང་སྟེ། ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་བའི་སྟེང་དུ་ལྕགས་ཀྱི་ཕུར་པ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་བ་ཤ་སྟག་གིས་བརྒྱངས་ནས་དེའི་ལྕེ་དེ་ལ་རྨོན་པ་དོར་ལྔ་བརྒྱ་བྱུང་སྟེ། ཐམས་ཅད་ཀྱང་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་བ་ཤ་སྟག་གོ །ལས་ལས་སྐྱེས་པའི་རྨོན་གླང་དེ་དག་གི་རྨིག་པ་ཡང་སྤུ་གྲིའི་སོ་འདྲ་སྟེ། འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་བ་ཤ་སྟག་སྟེ། དེ་དག་གིས་ཕྱོགས་གང་དང་གང་དུ་གོམ་པ་བོར་བའི་ཕྱོགས་དེ་དང་དེར་ཀུན་ཏུ་གཅོད་ཅིང་ཀུན་ཏུ་གཏུབ་ལ་ཀུན་དུ་དམྱལ་བར་བྱེད་དོ། །དེའི་ཁོ་ར་ཁོར་ཡུག་ནས་ཀྱང་ལྕགས་


DKG073_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཆེ་བ་ཅན་གྱི་ཁྱི་དང་སེང་གེ་དང་སྟག་དང་གཟིག་དང་དོམ་དང་དྲེད་ལ་སོགས་པ་དག་ལྷགས་ནས། ལུས་ལས་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་བྱེད་དོ། །སྟེང་གི་ནམ་མཁའ་ལས་ཀྱང་ལྕགས་ཀྱི་མཆུ་ཅན་གྱི་བྱ་རྒོད་དང་བྱ་རོག་དང་ཆུན་ལག་རྣམས་ལྷགས་ནས་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་བྱེད་དེ། གཞི་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བའི་ཚོར་བ་ཉམས་སུ་མྱོང་སྟེ་སྐད་ངན་ཆེན་པོ་འདོན་ཏོ། །དེ་ནས་ལྷ་ཁ་དོག་འཕགས་པ་གསུམ་ནམ་སྲོས་པ་ན། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ལྷ་གཅིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ལྷ་སྦྱིན་གྱི་ཕྱོགས་སུ་གཏོགས་པའི་དགེ་སློང་ཀོ་ཀ་ལི་ཀ་ནི་གུམ་ལགས་སོ། །ལྷ་གཅིག་གིས་གསོལ་པ། བཙུན་པ་དགེ་སློང་དེས་ནི་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ལ་སྡང་བའི་སེམས་བསྐྱེད་པས་སེམས་ཅན་དམྱལ་བ་ཆེན་པོ་པད་མ་ལྟར་གས་པ་ཆེན་པོར་སྐྱེས་ལགས་སོ། །ལྷ་གཅིག་གིས་ནི་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་བུ་གཅིག་ཅིག་སྐྱེས་པ་ན། །ཁ་ནས་སྟ་རེ་བྱུང་བར་གྱུར། །ཉེས་པར་སྨྲ་བའི་ཚིག་བརྗོད་པ། །དེས་ནི་བདག་ཉིད་གཅོད་པར་བྱེད། །གང་ཞིག་དམད་འོས་སྐྱེ་བོ་བསྔགས་པ་དང་། །བསྔགས་པར་འོས་པའི་སྐྱེ་བོ་དམོད་བྱེད་པ། །དེས་ནི་ཁ་ནས་རྩོད་པ་དེ་བསགས་ཏེ། །རྩོད་པ་དེས་ན་བདེ་བ་མྱོང་མི་འགྱུར། །འདི་ན་ཆོ་ལོས་བདག་སྐུགས་ཕམ་པའི་ཚེ། །རྩོད་པ་གང་ཡིན་དེ་ནི་ཆུང་བ་ཡིན། །བདེ་བར་གཤེགས་པ་ལ་སེམས་སྡང་བ་ཡི། །རྩོད་པ་གང་ཡིན་དེ་ནི་ཤིན་ཏུ་ཆེ། །ངག་དང་ཡིད་ཀྱིས་སྡིག་བྱས་འཕགས་ལ་དམད། །དེས་ན་ལོ་གྲངས་དུང་ཕྱུར་ཕྲག་འབུམ་དང་། །བྱེ་བ་ཕྲག་ནི་སུམ་ཅུ་རྩ་ལྔའི་བར། །སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར། །ལྷ་གསུམ་གྱིས་དེ་སྐད་ཅེས་སྨྲས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་མཚན་མོ་དེ་འདས་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །བཞུགས་ནས་


DKG073_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མདང་སུམ་ནམ་སྲོས་ན་ལྷ་ཁ་དོག་འཕགས་པ་གསུམ་ང་ག་ལ་བ་དེར་འོངས་ཏེ་ལྷགས་ནས། ངའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ལྷ་གཅིག་གིས་ང་ལ་གསོལ་པ། བཙུན་པ་ལྷ་སྦྱིན་གྱི་ཕྱོགས་སུ་གཏོགས་པའི་དགེ་སློང་ཀོ་ཀ་ལི་ཀ་ནི་གུམ་ལགས་སོ། །ལྷ་གཅིག་གིས་གསོལ་པ། བཙུན་པ་དགེ་སློང་དེས་ནི་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ལ་སྡང་བའི་སེམས་བསྐྱེད་པས་སེམས་ཅན་དམྱལ་བ་ཆེན་པོ་པད་མ་ལྟར་གས་པ་ཆེན་པོར་སྐྱེས་ལགས་སོ། །ལྷ་གཅིག་གིས་ནི་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་བུ་གཅིག་ཅིག་སྐྱེས་པ་ན། །ཁ་ནས་སྟ་རེ་བྱུང་བར་གྱུར། །ཉེས་པར་སྨྲ་བའི་ཚིག་བརྗོད་པ། །དེས་ནི་བདག་ཉིད་གཅོད་པར་བྱེད། །གང་ཞིག་དམད་འོས་སྐྱེ་བོ་བསྔགས་པ་དང་། །བསྔགས་པར་འོས་པའི་སྐྱེ་བོ་དམོད་བྱེད་པ། །དེས་ནི་ཁ་ནས་རྩོད་པ་དེ་བསགས་ཏེ། །རྩོད་པ་དེས་ན་བདེ་བ་མྱོང་མི་འགྱུར། །འདི་ན་ཆོ་ལོས་བདག་སྐུགས་ཕམ་པའི་ཚེ། །རྩོད་པ་གང་ཡིན་དེ་ནི་ཆུང་བ་ཡིན། །བདེ་བར་གཤེགས་པ་ལ་སེམས་སྡང་བ་ཡི། །རྩོད་པ་གང་ཡིན་དེ་ནི་ཤིན་ཏུ་ཆེ། །ངག་དང་ཡིད་ཀྱིས་སྡིག་བྱས་འཕགས་ལ་དམད། །དེས་ན་ལོ་གྲངས་དུང་ཕྱུར་ཕྲག་འབུམ་དང་། །བྱེ་བ་ཕྲག་ནི་སུམ་ཅུ་རྩ་ལྔའི་བར། །སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར། །ཞེས་སྨྲས་སོ། །དགེ་སློང་དག་གཞན་ཡང་ཁྱེད་ཀྱིས་སེམས་ཅན་དམྱལ་བ་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཉན་པར་འདོད་དམ། དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བ་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་བསྟན་པའི་དུས་ནི་བཅོམ་ལྡན་འདས་འདི་ལགས་སོ། །བདེ་བར་གཤེགས་པ་དུས་ནི་འདི་ལགས་སོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ། དགེ་སློང་རྣམས་ཀྱིས་མཉན་ནས། དགེ་སློང་དག་འོ་ན་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །དགེ་སློང་དག་དཔེར་ན། ཡུལ་ཀོ་


DKG073_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལའི་ཏིལ་གྱི་བང་བ། ཏིལ་ཁལ་བཅུ་ཚད་ཉི་ཤུ་ཤོང་བ་ཏིལ་གྱིས་བཀང་སྟེ། བྱུར་བུར་སྦྱུར་བ་དེ་ལས་མི་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་ལོན་ཞིང་ཏིལ་འབྲུ་གཅིག་གུད་དུ་བོར་ན། དགེ་སློང་དག་ཡུལ་ཀོ་ས་ལའི་ཏིལ་གྱི་བང་བ་ཏིལ་ཁལ་བཅུ་ཚད་ཉི་ཤུ་པ་དེ་ནི། ཐབས་དེ་ལྟ་བུས་ཆེས་མྱུར་དུ་ཡོངས་སུ་ཟད་ཅིང་མཐར་ཐུག་པར་འགྱུར་གྱི། སེམས་ཅན་དམྱལ་བ་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་ཟད་པར་འགྱུར་རོ་ཞེས་ང་མི་ཟེར་རོ། །ཆུ་བུར་ཅན་ཉི་ཤུའི་ཚད་ཇི་ཙམ་པ་ནི་ཆུ་བུར་རྡོལ་གཅིག་གི་ཚད་དོ། །ཆུ་བུར་རྡོལ་ཉི་ཤུའི་ཚད་ཇི་ཙམ་པ་ནི་སོ་ཐམས་ཐམས་གཅིག་གི་ཚད་དོ། །སོ་ཐམས་ཐམས་ཉི་ཤུའི་ཚད་ཇི་ཙམ་པ་ནི་ཀྱི་ཧུད་ཟེར་གཅིག་གི་ཚད་དོ། །ཀྱི་ཧུད་ཟེར་ཉི་ཤུའི་ཚད་ཇི་ཙམ་པ་ནི་ཨ་ཆུ་ཟེར་གཅིག་གི་ཚད་དོ། །ཨ་ཆུ་ཟེར་ཉི་ཤུའི་ཚད་ཇི་ཙམ་པ་དེ་ནི་ཨུད་པ་ལ་ལྟར་གས་པ་གཅིག་གི་ཚད་དོ། །ཨུད་པ་ལ་ལྟར་གས་པ་ཉི་ཤུའི་ཚད་ཇི་ཙམ་པ་ནི་པད་མ་ལྟར་གས་པ་གཅིག་གི་ཚད་དོ། །པད་མ་ལྟར་གས་པ་ཉི་ཤུའི་ཚད་ཇི་ཙམ་པ་ནི་པད་མ་ལྟར་གས་པ་ཆེན་པོ་གཅིག་གི་ཚད་ཡིན་ཏེ། ལྷ་སྦྱིན་གྱི་ཕྱོགས་སུ་གཏོགས་པའི་དགེ་སློང་ཀོ་ཀ་ལི་ཀས། དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ལ། སེམས་སྡང་བར་བྱས་པས་དེར་སྐྱེས་སོ། །དགེ་སློང་དག་དེ་བས་ན་ཐ་ན་སྡོང་དུམ་མེ་རེག་མ་ལ་ཡང་སྙིང་ན་བ་མེད་པར་བྱ་ན་རྣམ་པར་ཤེས་པ་དང་ལྡན་པ་ལ་ལྟ་ཅི་སྨོས་ཞེས་དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དགེ་སློང་དག་གཞན་ཡང་གང་ཟག་གིས་གང་ཟག་གི་ཚོད་མ་བཟུང་ཤིག །དགེ་སློང་དག་གང་ཟག་གིས་གང་ཟག་གི་ཚོད་བཟུང་ན་ཉམས་པར་འགྱུར་རོ། །དགེ་སློང་དག་ངའམ་ང་དང་འདྲ་བས་ནི་གང་ཟག་གི་ཚོད་གཟུང་དུ་རུང་ངོ་། །དགེ་སློང་དག་དེ་བས་ན། གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་བྱ་ན། གང་ཟག་དེས་ནི་གང་ཟག་དེ་ལ་རྒྱུ་རྣམ་པ་བརྒྱད་ཀྱིས་བརྟག་པར་བྱ་སྟེ། སྤྱོད་པ་དང་སྤྱོད་ཡུལ་དང་མཛའ་བོ་དང་གྲོགས་པོ་དང་འཚོ་བ་དང་ཐོས་པ་དང་ལུས་ཀྱི་ལས་དང་ངག་གི་ལས་ལས་བརྟག་པར་བྱའོ། །དེ་ལྟར་བརྟགས་ན་དེ་ལ་སྙིང་ན་བར་གྱུར་པ་གང་ཡིན་


DKG073_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཕྱིར་ལྡོག་པར་འགྱུར་རོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཐ་ན་སྡོང་དུམ་མེ་རེག་མ་ལ་ཡང་བདག་ཅག་གིས་སེམས་སྡང་བར་མི་བྱ་ན། རྣམ་པར་ཤེས་པ་དང་ལྡན་པ་ལ་ལྟ་ཅི་སྨོས་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས། དེའི་སྐབས་སུ་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ཀྱིས་བསམས་པ། བདག་ཅག་གཉིས་ཀྱིས་དགེ་སློང་ཀོ་ཀ་ལི་ཀ་བརྟག་པར་བྱའོ་སྙམ་སྟེ་འོད་མའི་ཚལ་ནས་མི་སྣང་བར་གྱུར་ནས། སེམས་ཅན་དམྱལ་བ་པད་མ་ལྟར་གས་པ་ཆེན་པོར་སོང་སྟེ་དེ་གཉིས་དེར་ཕྱིན་ནས་བལྟས་ན་དགེ་སློང་ཀོ་ཀ་ལི་ཀ་དེ་ལྟ་བུར་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་ཁོ་ན་ལ་སྙིང་བརྩེ་བའི་སེམས་ཉེ་བར་བཞག་སྟེ་ཀོ་ཀ་ལི་ཀ་ག་ལ་བ་དེར་དོང་ངོ་། །དེ་ནས་ཀོ་ཀ་ལི་ཀས་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ཐག་རིང་པོ་ཞིག་ནས་མཐོང་ངོ་། །མཐོང་ནས་ཀྱང་དེ་དེ་གཉིས་ལ་ལྷག་པར་སྙིང་ན་བར་གྱུར་ཏེ། བདག་འདིར་སྐྱེས་ན་ཡང་སྡིག་པ་ལ་དགའ་བ་སྡིག་པའི་ཆོས་དང་ལྡན་པ་འདི་གཉིས་ཀྱིས་མ་བཏང་ངོ་སྙམ་མོ། །དེ་ནས་དེ་སེམས་འཁྲུགས་མ་ཐག་ཏུ་དེའི་ལྕེ་ལ་རྨོན་པ་དོར་སྟོང་བྱུང་ངོ་། །དེ་ནས་དེ་གཉིས་ཀྱིས་བསམས་པ། ཀྱི་ཧུད་མི་བླུན་པོ་འདི་ནི་གསོར་མེད་དོ་སྙམ་ནས། སེམས་ཅན་དམྱལ་བ་ཆེན་པོ་པད་མ་ལྟར་གས་པ་ཆེན་པོ་ནས་མི་སྣང་བར་གྱུར་ཏེ་འོད་མའི་ཚལ་དུ་སོང་ངོ་། །དེ་གཉིས་དེར་ཕྱིན་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར་དེ་ན་དེའི་གནོད་པ་ཅི་འདྲ་བ་དེ་དག་དེ་ཁོ་ན་བཞིན་དུ་བསྙད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་རྣམས་ཤས་ཆེར་སྐྱོ་བ་སྐྱེས་སོ། །དེ་ནས་དེ་གཉིས་ཀྱིས་དེ་དག་སྐྱོ་བར་གྱུར་པ་སེམས་ཀྱིས་རིག་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་འཁོར་དེ་དག་ལས་ཁ་ཅིག་གིས་ནི་དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྩེ་མོ་དང་བདེན་པ་དང་འཐུན་པའི་བཟོད་པ་དང་འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་


DKG073_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི་སྟོབས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཁ་ཅིག་གིས་ནི་བརྒྱ་བྱིན་དུ་འགྱུར་བ་དང་། ཁ་ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་གཟིགས་ལགས། དགེ་སློང་ཀོ་ཀ་ལི་ཀས་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ལ་སེམས་སྡང་བར་བགྱིས་ནས། སེམས་ཅན་དམྱལ་བར་གཞོལ་བར་གྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ་འདས་པའི་དུས་ན་ཡང་འདིས་འདི་གཉིས་ཁོ་ན་ལ་སེམས་སྡང་བར་བྱས་པས་ཇི་ལྟར་སེམས་ཅན་དམྱལ་བར་གཞོལ་བར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་འཐབ་མེད་ཅེས་བྱ་བ་ན། རྒྱལ་པོ་སྡེ་ཆེན་པོ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། རྒྱལ་པོ་སྡེ་ཆེན་པོ་དེའི་མདུན་ན་འདོན་བྲམ་ཟེ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞིག་འདུག་པ་དེ་ཡུལ་ཐམས་ཅད་དུ་བཀུར་སྟི་བྱ་བ་དང་བླ་མར་བྱ་བ་དང་རི་མོར་བྱ་བ་དང་མཆོད་པར་བྱ་བ་དང་དགྲ་བཅོམ་པར་བཀུར་བར་གྱུར་ཏེ། རྙེད་པའི་མཆོག་དང་གྲགས་པའི་མཆོག་དང་ལྡན་པར་གྱུར་ཏོ། །དེའི་ཚེ་ནགས་ཁྲོད་ཞིག་ན་དྲང་སྲོང་གཡོག་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་གནས་ཏེ། དེ་ལ་བྲམ་ཟེའི་ཁྱེའུ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཤིག་འཁོད་དོ། །དེ་ནས་ཕྱི་ཞིག་ན་དྲང་སྲོང་དེས་བསམས་པ་བདག་གིས་དཀའ་ཐུབ་ཀྱི་ཚལ་འདི་ན་འདུག་བཞིན་དུ་སྐྱེ་བོ་མང་པོ་ལ་ཕན་པར་བྱེད་མི་ནུས་


DKG073_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མ་ལ་བདག་གིས་གྲོང་འདབ་ཏུ་གནས་བཅའ་བར་བྱའོ་སྙམ་ནས། གནས་དེ་ཉིད་ནས་ཐག་མི་རིང་བ་ཞིག་ཏུ་ཡལ་ག་དང་ལོ་མའི་སྤྱིལ་པོ་ཕུབ་ནས་འདུག་སྟེ། དེ་དེ་ན་བཀུར་སྟི་བྱ་བ་དང་བླ་མར་བྱ་བ་དང་རི་མོར་བྱ་བ་དང་མཆོད་པ་བྱ་བའི་གནས་སུ་གྱུར་ཏོ། །དེ་ནས་དྲང་སྲོང་དེ་ཡང་རྒས་ནས་གནས་དེ་དག་ཏུ་འགྲོ་མི་ནུས་སོ། །དེའི་ཚེ་བྲམ་ཟེའི་ཁྱེའུ་དེ་གཉིས་ནི་དེར་འགྲོ་ཞིང་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་ཕྱུག་པོ་རྣམས་དང་ཁྱིམ་བདག་རྣམས་དང་ཕོ་བྲང་འཁོར་གྱི་མི་རྣམས་དང་ཚོང་དཔོན་རྣམས་དང་དེད་དཔོན་རྣམས་ཀྱི་ཐད་དུ་འགྲོ་སྟེ། དེ་གཉིས་དེར་བཀུར་སྟི་བྱ་བ་དང་བླ་མར་བྱ་བ་དང་རི་མོར་བྱ་བ་དང་མཆོད་པར་བྱ་བ་དང་དགྲ་བཅོམ་པར་བཀུར་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་མདུན་ན་འདོན་དེའི་སེམས་སྐྱེས་པ། སྔོན་བདག་ཡུལ་འདི་ཐམས་ཅད་དུ་བཀུར་སྟི་བྱ་བ་དང་བླ་མར་བྱ་བ་དང་རི་མོར་བྱ་བ་དང་མཆོད་པ་བྱ་བའི་གནས་ཡིན་ན། ད་ནི་བདག་གི་རྙེད་པ་དང་བཀུར་སྟི་གང་ཡིན་པ་དེ་བྲམ་ཟེའི་ཁྱེའུ་འདི་གཉིས་ལ་འཕོས་ན། ད་ཡང་འདི་གཉིས་མེད་ན་ནི་ཕྱིར་ཡང་བདག་གི་རྙེད་པ་དང་བཀུར་སྟི་སྔ་མཁོ་བཞིན་དུ་འོང་བར་འགྱུར་གྱིས་བདག་གིས་འདི་གཉིས་ལ་ཡང་དག་པ་མ་ཡིན་པའི་ཁ་ཕྱར་བཏང་བ་དང་། དེ་གཉིས་བསྙེན་བཀུར་མེད་པར་འགྱུར་དུ་དོགས་པས་གུད་དུ་འགྲོ་བར་འགྱུར་རོ་སྙམ་ནས། མདུན་ན་འདོན་དེས་ཐོག་ཐག་ཏུ་ཡང་དག་པ་མ་ཡིན་པའི་ཕྱར་ཀ་བཏང་སྟེ། འདི་གཉིས་ནི་འདོད་པ་ལ་སྤྱོད་པ་ཡིན་གྱི། འདི་གཉིས་ནི་ཚངས་པར་སྤྱོད་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་དེ་གཉིས་ཀྱི་ཡང་དག་པ་མ་ཡིན་པའི་སྐུར་པ་དེ་དྲང་སྲོང་དེས་མཐོང་ནས་མདུན་ན་འདོན་དེ་བཀག་སྟེ། བྲམ་ཟེ་ཁྱོད་ཀྱིས་བྲམ་ཟེའི་ཁྱེའུ་འདི་གཉིས་ལ་སེམས་སྡང་བར་མ་བྱེད་ཅིག །ཁྱོད་ཡུན་རིང་པོར་གནོད་པ་དང་མི་ཕན་པ་དང་། སྡུག་བསྔལ་བར་གྱུར་ཏ་རེ་ཞེས་བྱས་སོ། །དེ་ལྟར་དྲང་སྲོང་དེས་དེ་ཡང་དང་ཡང་དུ་བཀག་ཀྱང་བཟློག་པར་མ་ནུས་ནས་དེས་དེ་གཉིས་ལ་སེམས་སྡང་བར་བྱས་པས་སེམས་ཅན་དམྱལ་བར་གཞོལ་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་རྒན་པོར་གྱུར་པ། བྱང་ཆུབ་སེམས་དཔའི་སྤྱོད་


DKG073_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་བྲམ་ཟེའི་ཁྱེའུར་གྱུར་པ་གང་ཡིན་པ་དེ་གཉིས་ནི་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་འདི་གཉིས་ཁོ་ན་ཡིན་ནོ། །དེའི་ཚེ་མདུན་ན་འདོན་དུ་གྱུར་པ་གང་ཡིན་པ་དེ་ནི་ཀོ་ཀ་ལི་ཀ་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་འདི་ངས་བཀག་བཞིན་དུ་འདི་གཉིས་ལ་སེམས་སྡང་བར་བྱས་པས་སེམས་ཅན་དམྱལ་བར་གཞོལ་བར་གྱུར་ཏོ། །ད་ལྟར་ཡང་ངས་བཀག་བཞིན་དུ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ལ་སེམས་སྡང་བར་བྱས་པས་སེམས་ཅན་དམྱལ་བར་གཞོལ་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ཀྱིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་དགེ་སློང་དེས་མང་པོའི་ནང་དུ་བདེན་པ་མ་ལགས་པ་དང་ཡང་དག་པ་མ་ལགས་པ་དང་གསོག་དང་རྫུན་གྱི་ཚིག་དང་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་གཉིས་ཀྱིས་སྔོན་གྱི་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་རྡུལ་ལྡན་ཞེས་བྱ་བའི་གནས་གཅིག་ཅིག་ན། དཀའ་ཐུབ་ཅན་གཡོག་འཁོར་ལྔ་བརྒྱ་དང་ལྡན་པ་གཉིས་ཤིག་འཁོད་དེ། གྲོང་ཁྱེར་དེ་ན་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་བསྙེན་བཀུར་བྱ་བ་དང་བླ་མར་བྱ་བ་དང་རི་མོར་བྱ་བ་དང་མཆོད་པར་བྱ་བ་དང་དགྲ་བཅོམ་པར་བཀུར་བར་གྱུར་ཏེ། རྙེད་པའི་མཆོག་དང་གྲགས་པའི་མཆོག་དང་ལྡན་པར་གྱུར་ཏོ། །དེའི་ཚེ་རིའི་སུལ་ཞིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་གཡོག་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་གནས་ཏེ། དེ་ཡང་བདག་ཉིད་ཆེ་བ་བྱམས་པའི་བདག་ཉིད་ཅན་


DKG073_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་མཉེས་གཤིན་པ་སེམས་ཅན་ལ་ཕན་པ་ལ་ཞུགས་པ་ཞིག་སྟེ། དེས་བསམས་པ། དགོན་པའི་གནས་ན་འདུག་བཞིན་དུ་ནི་བདག་གིས་སེམས་ཅན་ལ་ཕན་པར་བྱེད་མི་ནུས་ཀྱིས། མ་ལ་བདག་གྲོང་ཁྱེར་རྡུལ་ལྡན་དུ་རྟེན་བཅས་ཏེ་འདུག་པར་བྱ་གོར་མ་ཆག་བདག་དེར་འདུག་པ་དང་སྐྱེ་བོ་ཕལ་པོ་ཆེ་ལ་ཕན་པར་བྱེད་ནུས་པར་འགྱུར་རོ་སྙམ་ནས་དགོན་པའི་གནས་དེར་ཇི་སྲིད་དུ་དགའ་བ་དེ་སྲིད་དུ་གནས་ནས། གཡོག་འཁོར་ལྔ་བརྒྱ་དང་ཆས་ཏེ། རི་དགས་ཀྱི་པགས་པ་དང་ཤིང་ཤུན་གྱི་གོས་དང་འཁར་བ་དང་རིལ་བ་དང་དགང་གཟར་དང་བླུགས་གཟར་རྣམས་ཁྱེར་ཏེ་གྲོང་ཁྱེར་རྡུལ་ལྡན་དུ་ཕྱིན་ནས། དེ་ནགས་ཁྲོད་ཅིག་ཏུ་གནས་བཅས་ཏེ་ཡལ་ག་དང་ལོ་མའི་སྤྱིལ་པོ་ཕུབ་ནས་འདུག་གོ །དེ་ནས་གྲོང་ཁྱེར་རྡུལ་ལྡན་ན་གནས་པའི་སྐྱེ་བོ་མང་པོས་དེ་ལུས་མཛེས་པ་དང་སེམས་མཛེས་པ་དང་གཡོག་འཁོར་མཛེས་པར་མཐོང་ངོ་། །མཐོང་ནས་ཀྱང་སྐྱེ་བོ་ཕལ་ཆེ་བ་དེ་དག་དྲང་སྲོང་དེ་ལ་ཤས་ཆེར་དགའ་བ་སྐྱེས་སོ། །དེ་དག་དགའ་བ་སྐྱེས་ནས་དྲང་སྲོང་དེ་ལ་བཀུར་སྟི་བྱེད་བླ་མར་བྱེད་རི་མོར་བྱེད་མཆོད་པར་བྱེད་དེ་ཡོ་བྱད་ཐམས་ཅད་ཀྱིས་ཀྱང་བསྙེན་བཀུར་བྱེད་དོ། །དྲང་སྲོང་དེས་ཀྱང་དེར་འོང་བ་དེ་དག་ལ་དུས་དུས་སུ་ཆོས་སྟོན་ཏོ། །དེ་དག་གིས་ཀྱང་དེ་ལས་ཆོས་ཐོས་ནས་ཁ་ཅིག་ནི་དྲང་སྲོང་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །ཁ་ཅིག་ནི་ཁྱིམ་ན་གནས་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་ལ་དྲང་སྲོང་དེའི་ཐད་དུ་ཡང་དུས་དུས་སུ་བལྟ་བའི་ཕྱིར་འོངས་ཏེ། དེ་ཕྱིན་ཅད་དཀའ་ཐུབ་ཅན་དེ་དག་གི་ཐད་དུ་ནི་མི་འོང་ངོ་། །དེ་ནས་ཕྱི་ཞིག་ན་དཀའ་ཐུབ་ཅན་དེ་དག་གིས་བསམས་པ། སྔན་ཅད་ནི་གྲོང་ཁྱེར་རྡུལ་ལྡན་དུ་གནས་པའི་སྐྱེ་བོ་མང་པོ་རྣམས་བདག་ཅག་ལ་བཀུར་སྟི་བྱེད་བླ་མར་བྱེད་རི་མོར་བྱེད་མཆོད་པར་བྱེད་དེ་རྙེད་པའི་མཆོག་དང་གྲགས་པའི་མཆོག་དང་ཤིན་ཏུ་ལྡན་ན། དྲང་སྲོང་འདི་འོངས་ནས་བདག་ཅག་གི་རྙེད་པ་དང་བཀུར་སྟི་ཆད་པར་གྱུར་གྱིས་བདག་ཅག་གིས་ཅི་ནས་ཀྱང་དྲང་སྲོང་འདི་གཡོག་འཁོར་དང་བཅས་པ་ཡུལ་འདིར་མི་འདུག་པར་བྱའོ། །འདི་


DKG073_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་བདག་ཅག་གི་རྙེད་པ་དང་བཀུར་སྟི་ཕྱིར་ཡང་སྔ་མཁོ་བཞིན་དུ་འགྱུར་རོ་སྙམ་ནས། བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཤེས་པར་གྱིས་ཤིག །དྲང་སྲོང་འདི་འོངས་ནས་བདག་ཅག་གི་རྙེད་པ་དང་བཀུར་སྟི་ཆད་པར་གྱུར་གྱིས། བདག་ཅག་གིས་གྲོང་ཁྱེར་ཐོག་ཐག་ཏུ་འདིའི་ཡང་དག་པ་མ་ཡིན་པའི་ཕྱར་ཀ་བཏང་སྟེ། དྲང་སྲོང་འདི་ནི་འདོད་པ་སྤྱོད་པ་ཡིན་གྱི་འདི་ནི་ཚངས་པར་སྤྱོད་པ་མ་ཡིན་གྱིས། ཁྱེད་འདི་ལ་བཀུར་སྟི་བྱེད་པར་མ་སེམས་ཤིག་ཅེས་བྱས་པ་དང་། དེ་སྐུར་པ་བཏབ་པས་འཇིགས་ཤིང་སྐྲག་ནས་ཡང་ན་ནི་ཡུལ་གཞན་དུ་འགྲོ་བར་འགྱུར་ཡང་ན་ནི་བདག་ཅག་འཆི་བར་བྱེད་པར་འགྱུར་རོ། །འདི་མེད་ན་བདག་ཅག་གི་རྙེད་པ་དང་བཀུར་སྟི་ཕྱིར་ཡང་སྔ་མཁོ་བཞིན་དུ་འོང་བར་འགྱུར་རོ་ཞེས་བྱས་ནས་དེ་གཉིས་གཡོག་འཁོར་དང་བཅས་པ་གྲོང་ཁྱེར་རྡུལ་ལྡན་དུ་དོང་ནས་ལམ་པོ་ཆེ་དང་སྲང་དང་བཞི་མདོ་དང་སུམ་མདོ་དག་ཏུ་འཁོད་ནས་དྲང་སྲོང་དེའི་ཡང་དག་པ་མ་ཡིན་པའི་ཕྱར་ཀ་གཏོང་བར་བྱེད་དེ། དྲང་སྲོང་འདི་ནི་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་དང་ལྡན་པར་འདོད་པ་ལ་སྤྱོད་པ་ཡིན་གྱི་འདི་ནི་ཚངས་པར་སྤྱོད་པ་མ་ཡིན་ཏེ། འདི་ནི་ཁྱེད་ལ་སྒྱུས་འདྲིད་པ་ཡིན་གྱིས་ཁྱེད་འདི་ལ་ཧ་ཅང་བཀུར་སྟི་བྱེད་པར་མ་སེམས་ཤིག །ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་དྲང་སྲོང་དེ་ལ་མི་དགའ་བར་གྱུར་ཏེ། འདི་ནི་འདོད་པ་སྤྱོད་པ་ཡིན་གྱི་འདི་ནི་ཚངས་པར་སྤྱོད་པ་མ་ཡིན་ནོ་ཞེས་མི་དགའ་བར་གྱུར་ནས། དེ་ཕྱིན་ཅད་དེ་ལ་བཀུར་སྟི་མི་བྱེད་བླ་མར་མི་བྱེད་རི་མོར་མི་བྱེད་མཆོད་པར་མི་བྱེད་ལ་བལྟ་བའི་ཕྱིར་ཡང་འགྲོ་བར་མི་བྱེད་དོ། །དེ་ནས་དྲང་སྲོང་གིས་བསམས་པ། སྔན་ཅད་ནི་སྐྱེ་བོ་མང་པོ་འདི་དག་བདག་ལ་བཀུར་སྟི་བྱེད་བླ་མར་བྱེད་རི་མོར་བྱེད་མཆོད་པར་བྱེད་ན། ང་ནི་འདི་དག་བདག་ལ་བཀུར་སྟི་མི་བྱེད། བླ་མར་མི་བྱེད་རི་མོར་མི་བྱེད་མཆོད་པར་མི་བྱེད་ན་འདི་ནི་ཅི་ལས་གྱུར་སྙམ་པ་དང་། དེས་བལྟས་ན་དཀའ་ཐུབ་ཅན་དེ་གཉིས་གཡོག་འཁོར་དང་བཅས་པས་གྲོང་ཁྱེར་རྡུལ་ལྡན་ཐོག་ཐག་ཏུ་ཡང་དག་པ་མ་ཡིན་པའི་ཕྱར་ཀ་བཏང་བར་མཐོང་ངོ་། །མཐོང་ནས་ཀྱང་ཡང་བསམས་པ་གྲོང་ཁྱེར་རྡུལ་ལྡན་འདིར་བདག་ཡང་དག་པ་མ་ཡིན་པའི་ཕྱར་ཀས་ཕོག་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་


DKG073_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྙེད་པ་དང་། བཀུར་སྟིའི་གཅུགས་ལས་བྱུང་བ་ཡིན་གྱིས། མ་ལ་བདག་གིས་འདི་ན་ཅི་ཡོད་པ་ཐམས་ཅད་སྤངས་ཏེ། སྔོན་གྱི་དགོན་པའི་གནས་དེ་ཉིད་དུ་གནས་བཅའ་བར་བྱའོ་སྙམ་ནས། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་ཁྲིད་དེ། སྔོན་གྱི་དགོན་པའི་གནས་དེ་ཉིད་དུ་སོང་སྟེ་འདུག་གོ །དེ་ནས་དྲང་སྲོང་དེ་སོང་ནས་དཀའ་ཐུབ་ཅན་དེ་དག་གི་རྙེད་པ་དང་བཀུར་སྟི་སྔ་མཁོ་བཞིན་དུ་གྱུར་ཏེ་གཞི་དེས་ན་དེ་དག་ཤིན་ཏུ་དགའ་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དཀའ་ཐུབ་ཅན་གཡོག་འཁོར་དང་བཅས་པ་གང་ཡིན་པ་དེ་གཉིས་ནི་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་འདི་གཉིས་ཁོ་ན་ཡིན་ཏེ། དེར་དེ་གཉིས་རྙེད་པ་དང་བཀུར་སྟིའི་དབང་དུ་གྱུར་ནས་དྲང་སྲོང་དེ་ལ་ཡང་དག་པ་མ་ཡིན་པའི་སྐུར་པ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས། ལོ་དུ་མ་ལོ་འབུམ་ཕྲག་དུ་མར་སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ། །དེ་ནས་ཤི་འཕོས་ནས་ཀྱང་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡང་དག་པ་མ་ཡིན་པའི་སྐུར་པ་བཏབ་པས་ན། ད་ལྟར་སྲིད་པ་ཐ་མ་དང་གནས་ཐ་མར་གྱུར་ཏེ་དགྲ་བཅོམ་པ་ཉིད་ཐོབ་པའི་བར་དུ་ཡང་དགེ་སློང་ཀོ་ཀ་ལི་ཀས་མང་པོའི་ནང་དུ་མི་བདེན་པ་དང་ཡང་དག་པ་མ་ཡིན་པ་དང་གསོག་དང་བརྫུན་གྱི་ཚིག་གིས་སྐུར་པ་བཏབ་བོ། །དགེ་སློང་རྣམས་ཀྱིས་གསོལ་པ། བཙུན་པ་དགེ་སློང་ཀོ་ཀ་ལི་ཀས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་པད་མ་ལྟར་གས་པ་ཆེན་པོར་སྐྱེས་ལ་དེར་སྐྱེས་ནས་ཀྱང་དེའི་ལྕེ་ལ་རྨོན་པ་དོར་ལྔ་བརྒྱ་བྱུང་བར་གྱུར་ལགས། དེ་བཞིན་དུ་དེའི་གློ་གཡས་གཡོན་ནས་ལྕགས་ཀྱི་མཆེ་བ་ཅན་གྱི་ཁྱི་དང་སེང་གེ་དང་སྟག་དང་གཟིག་དང་དྲེད་ལ་སོགས་པས་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་བགྱིད་ལགས། དེ་བཞིན་དུ་སྟེང་ནས་ཀྱང་ལྕགས་ཀྱི་མཆུ་ཅན་གྱི་བྱ་རྒོད་དང་བྱ་རོག་དང་ཆུན་ལག་རྣམས་ཀྱིས་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་བགྱིད་ལགས། དེ་བཞིན་དུ་གློ་གཡས་གཡོན་ནས་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་གྲུབ་པར་གྱུར་ལ། གལ་ཏེ་དེ་ན་ཚ་མི་བཟོད་དེ་གློ་བསྒྱུར་ན་ཡང་སྟེང་ནས་ལྕགས་ཀྱི་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་དང་


DKG073_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མདུང་རྩེ་གཅིག་པ་རྣམས་འབབ་ལགས། བཀའ་སྩལ་པ། དེས་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ལ་སེམས་སྡང་བར་བྱས་པའི་ཕྱིར་རོ།། །།ཐང་བཅད་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ནི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བྱེད། ཡི་དགས་ཀྱི་ནང་དུ་རྒྱུ་བར་བྱེད། དུད་འགྲོའི་ནང་དུ་རྒྱུ་བར་བྱེད། མིའི་ནང་དུ་རྒྱུ་བར་བྱེད། ལྷའི་ནང་དུ་རྒྱུ་བར་བྱེད་དེ། ཕྱིར་འོངས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང་གཏུབ་པ་དང་བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དོ། །ཕྱིར་འོངས་ནས་ཡི་དགས་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་དང་འབར་བ་དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དེ། དེ་དག་གིས་དེ་ཐོས་ནས་སྐྱོ་བར་འགྱུར་ལ་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་ཐོབ་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་སེམས་ཅན་དམྱལ་བའི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། སེམས་ཅན་དམྱལ་བ་མནར་མེད་པར་ཕྱིན་པ་དང་། དེ་དེར་སེམས་ཅན་ལུས་ཆེ་ལ་ལུས་ཀྱིས་དཔག་ཚད་མང་པོ་ཁྱབ་པར་འདུག་ལ། དེའི་ལས་ལས་སྐྱེས་པའི་མི་རྣམས་ཀྱིས་དེའི་ཁ་ནས་ལྕེ་ཕྱུང་སྟེ། ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་བའི་སྟེང་དུ་བརྒྱངས་ནས་ལྕགས་ཀྱི་ཕུར་པ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་བ་དག་གིས་ཐང་བཅད་ནས། དེའི་ལྕེ་དེ་ལ་རྨོན་པ་དོར་སྟོང་བྱུང་སྟེ་རྨོན་པ་དེ་དག་ཐམས་ཅད་ཀྱང་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་བ་ཤ་སྟག་ལ་རྨོན་གླང་དེ་དག་ཀྱང་ལས་ལས་སྐྱེས་པ་ཤ་སྟག་སྟེ། དེ་རྣམས་ཀྱི་རྨིག་པ་དེ་དག་ཐམས་ཅད་ཀྱང་སྤུ་གྲིའི་སོ་འདྲ་ལ་འབར་


DKG073_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་བ་ཤ་སྟག་སྟེ། དེ་དག་གིས་ཕྱོགས་གང་དང་གང་དུ་གོམ་པ་བོར་བའི་ཕྱོགས་དེ་དང་དེར་ཀུན་དུ་གཅོད་ཅིང་ཀུན་དུ་གཏུབ་ལ་ཀུན་དུ་དམྱལ་བར་བྱེད་དེ། གཞི་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བའི་ཚོར་བ་ཉམས་སུ་མྱོང་བ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསམས་པ་སེམས་ཅན་འདིས་ལས་ཅི་བྱས་ན་ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་འདི་ལྟ་བུ་རྙེད་པར་གྱུར་ཞིག་གུ་སྙམ་སྟེ། དེས་རབ་ཀྱི་མཐའ་ལས་བྱུང་བའི་བསམ་གཏན་གྱི་བར་དུ་སྙོམས་པར་ཞུགས་ཀྱང་། སེམས་ཅན་དེའི་སྡུག་བསྔལ་གྱི་མཐའི་རྩད་མ་ཆོད་དེ། སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ཤིང་སེམས་ཅན་དམྱལ་བ་རྣམས་འབའ་ཞིག་ཏུ་སྐྱེས་པ་ཉི་ཚེ་ཞིག་མཐོང་བར་ཟད་དོ། །མཐོང་ནས་ཀྱང་བསམས་པ་འདིའི་ལས་ལུང་བསྟན་པ་ནི་བཅོམ་ལྡན་འདས་ཡེ་ཤེས་གཟིགས་པ་ཐོགས་པ་མེད་པ་དང་། ཡེ་ཤེས་གཟིགས་པ་མཐའ་ཡས་པ་མངའ་བ་མ་གཏོགས་པ་གཞན་སུ་ཞིག་ཡོད་སྙམ་ནས་མནར་མེད་པ་ནས་མི་སྣང་བར་གྱུར་ཏེ་མཉན་དུ་ཡོད་པར་ཕྱིན་ཏོ། །དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་ནང་ན་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་ནང་ན་ཆོས་སྟོན་ཅིང་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། བདག་གིས་བཅོམ་ལྡན་འདས་ལ་སེམས་ཅན་དེའི་ལུང་བསྟན་པ་ཞུ་བའི་དུས་ནི་འདི་ཡིན་ནོ་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་གི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བགྱིད། ཡི་དགས་ཀྱི་ནང་དུ་རྒྱུ་བར་བགྱིད། དུད་འགྲོའི་ནང་དུ་རྒྱུ་བར་བགྱིད། མིའི་ནང་དུ་རྒྱུ་བར་བགྱིད། ལྷའི་ནང་དུ་རྒྱུ་བར་བགྱིད་དེ། སླར་མཆིས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང་གཏུབ་པ་དང་


DKG073_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་ལགས་སོ། །སླར་མཆིས་ནས་ཡི་དགས་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་དང་འབར་བ་དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་དེ། དེ་དག་གིས་དེ་ཐོས་ནས་སྐྱོ་བར་འགྱུར་ལ་སྐྱོ་བར་གྱུར་ནས་ཀྱང་གང་དུ་ཁྱད་པར་ཐོབ་པར་འགྱུར་ལགས་སོ། །བཙུན་པ་བདག་སེམས་ཅན་དམྱལ་བར་རྒྱུ་བར་འཚལ་ཏེ། མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ནས། སེམས་ཅན་དམྱལ་བ་ཆེན་པོ་མནར་མ་མཆིས་པར་མཆིས་ན། བཙུན་པ་བདག་གིས་དེར་སེམས་ཅན་ལུས་ཆེ་བ་ལུས་ཀྱིས་དཔག་ཚད་མང་པོ་ཁྱབ་པར་མཆིས་ལ། དེའི་ལས་ལས་སྐྱེས་པའི་མི་རྣམས་ཀྱིས། དེའི་ཁ་ནས་ལྕེ་ཕྱུང་སྟེ་ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་བར་གྱུར་པའི་སྟེང་དུ་བརྒྱངས་ནས་ལྕགས་ཀྱི་ཕུར་པ་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་བ་དག་གིས་ཐང་བཅད་ནས། དེའི་ལྕེ་དེལ་རྨོན་པ་དོར་སྟོང་བྱུང་སྟེ། རྨོན་པ་དེ་དག་ཐམས་ཅད་ཀྱང་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་བ་ཤ་སྟག་ལ་རྨོན་གླང་དེ་དག་ཐམས་ཅད་ཀྱང་ལས་ལས་སྐྱེས་པ་ཤ་སྟག་སྟེ། དེ་རྣམས་ཀྱི་རྨིག་པ་དེ་དག་ཐམས་ཅད་ཀྱང་སྤུ་གྲིའི་སོ་འདྲ་ལ། འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་བ་ཤ་སྟག་སྟེ། དེ་དག་གིས་ཕྱོགས་གང་དང་གང་དུ་གོམ་པ་བོར་བའི་ཕྱོགས་དེ་དང་དེར་ཀུན་ཏུ་གཅོད་ཅིང་ཀུན་དུ་གཏུབ་ལ་ཀུན་དུ་དམྱལ་བར་བགྱིད་དེ། གཞི་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བའི་ཚོར་བ་ཉམས་སུ་མྱོང་བ་ཞིག་མཐོང་ལགས་ན། བཙུན་པ་སེམས་ཅན་དེས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་དེ་ལྟ་བུ་རྙེད་པར་གྱུར་ལགས། བཅོམ་ལྡན་


DKG073_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་སེམས་ཅན་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་མ་ཉམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་དགེ་སློང་སྡེ་སྣོད་གསུམ་པ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ། ཆོས་སྨྲ་བ་འཁོར་དང་ལྡན་པ་ཞིག་རྒྱལ་པོའི་ཕོ་བྲང་ཞིག་ན་རྟེན་ཅིང་གནས་ཏེ། དེ་དེ་ན་བཀུར་སྟི་བྱ་བ་དང་བླ་མར་བྱ་བ་དང་རི་མོར་བྱ་བ་དང་མཆོད་པར་བྱ་བའི་གནས་སུ་གྱུར་ཏེ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ཏོ། །དེའི་ཚེ་དགེ་སློང་དགྲ་བཅོམ་པ་སྡེ་སྣོད་གསུམ་པ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་ཆོས་སྨྲ་བ་ཞིག་ཀྱང་ཡོད་དེ། དེ་ཡང་གཡོག་འཁོར་ལྔ་བརྒྱ་དང་ལྗོངས་རྒྱུ་ཞིང་སོང་སྟེ། རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་ཕྱིན་ནས། སྐྱེ་བོ་མང་པོས་དེ་ལུས་མཛེས་པ་དང་སེམས་མཛེས་པ་དང་གཡོག་འཁོར་མཛེས་པར་མཐོང་སྟེ། མཐོང་མ་ཐག་ཏུ་དེ་ལ་དགའ་བར་གྱུར་ནས་དེ་ཡང་དེར་གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ཏེ། སྐྱེ་བོ་མང་པོ་དེ་དག་དེ་འབའ་ཞིག་ལ་བཀུར་སྟི་བྱ་བར་སེམས་ཀྱིས། སྔ་ནས་འདུག་པའི་སྡེ་སྣོད་གསུམ་པ་དེ་ལ་ནི་བཀུར་སྟི་མི་བྱེད་དོ། །དེ་ནས་དེའི་བློ་སྐྱེས་པ་གང་གི་ཚེ་དགེ་སློང་འདི་གྲོང་འདབ་འདིར་མ་འོངས་པ་དེའི་ཚེ་ན་བདག་རྙེད་པའི་མཆོག་དང་གྲགས་པའི་མཆོག་དང་ལྡན་པར་གྱུར་ལ་འདི་འོངས་ནས་བདག་གི་རྙེད་པ་དང་བཀུར་སྟི་ཆད་པར་གྱུར་ཏེ། འདི་མེད་ན་ནི་བདག་གི་རྙེད་པ་དང་བཀུར་སྟི་ཕྱིར་ཡང་སྔ་མཁོ་བཞིན་དུ་འོང་བར་འགྱུར་གྱིས། བདག་གིས་ཅི་ནས་ཀྱང་འདི་གཡོག་འཁོར་དང་བཅས་པ་གྲོང་འདབ་འདིར་མི་འདུག་པར་བྱའོ་སྙམ་ནས། སྡེ་སྣོད་གསུམ་པ་དེས་གྲོང་ཁྱེར་དེ་ཐོག་ཐག་ཏུ་ཡང་དག་པ་མ་ཡིན་པའི་ཕྱར་ཀ་བཏང་སྟེ།


DKG073_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་འདི་དག་ནི་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་དང་ལྡན་པ་ཡིན་གྱིས། འདི་ལ་ཁྱེད་བཀུར་སྟི་བྱེད་པར་མ་སེམས་ཤིག །བདག་ཉིད་ཚུལ་ཁྲིམས་འཆལ་པ་དང་གཡོག་འཁོར་ཚུལ་ཁྲིམས་འཆལ་པ་འདི་ན་འདུག་པ་ཅི་དགོས་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་དགྲ་བཅོམ་པ་དེ་ལ་མི་ལྟ་བར་གྱུར་ཏེ། ཕྱིན་ཅད་སྦྱིན་པར་བྱ་བ་དང་བཀུར་སྟི་བྱ་བར་མི་སེམས་སོ། །དེ་ནས་དགྲ་བཅོམ་པ་དེས་བསམས་པ། སྐྱེ་བོ་མང་པོ་འདི་དག་ཅིའི་ཕྱིར་བདག་ལ་མི་ལྟ་བར་གྱུར་སྙམ་ནས་དེས་བལྟས་ན། སྡེ་སྣོད་གསུམ་པས་ཐོག་ཐག་ཏུ་ཕྱར་ཀ་བཏང་བར་གྱུར་ནས། དེས་བསམས་པ་སྐྱེ་བོ་མང་པོ་འདི་དག་དང་སྡེ་སྣོད་གསུམ་པའི་འདི་ཤས་ཆེར་བསོད་ནམས་མ་ཡིན་པ་འཕེལ་བར་གྱུར་ན་མི་རུང་ངོ་སྙམ་ནས་གཡོག་འཁོར་དང་བཅས་ཏེ་གྲོང་འདབ་དེ་ནས་སོང་ངོ་། །དེ་སོང་ནས་སྡེ་སྣོད་གསུམ་པ་དེ་དགའ་བར་གྱུར་ཏེ། ད་ནི་བདག་གི་རྙེད་པ་དང་བཀུར་སྟི་སྔ་མཁོ་བཞིན་དུ་འོང་བར་འགྱུར་རོ་སྙམ་མོ། །དེ་ནས་ཕྱི་ཞིག་ན་དེ་ནད་ཀྱིས་ཐེབས་ནས་དེ་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་སྨན་དག་གིས་རིམ་གྲོ་བྱས་ཀྱང་སོས་པར་བྱེད་མ་ནུས་ནས་ཤིའོ། །དེ་ཤི་འཕོས་ཏེ་དུས་ལས་འདས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་ཏེ། དེར་དེའི་ལྕེ་ལ་རྨོན་པ་དོར་སྟོང་བྱུང་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་སྡེ་སྣོད་གསུམ་པར་གྱུར་པ་གང་ཡིན་པ་དེ་ནི་སེམས་ཅན་འདི་ཉིད་ཡིན་ཏེ། དེས་དེར་རྙེད་པ་དང་བཀུར་སྟིའི་དབང་དུ་གྱུར་ཅིང་ཤས་ཆེར་མངོན་པར་ཞེན་ནས་དགྲ་བཅོམ་པ་དེ་ལ་ཡང་དག་པ་མ་ཡིན་པའི་སྐུར་པ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་ནས། དེའི་ལྕེ་ལ་རྨོན་པ་དོར་སྟོང་བྱུང་སྟེ། དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་བགྲོད་པ་མི་ཉམས་པའི་རིང་ནས་ད་ལྟར་ངའི་རིང་གི་བར་དུ་སེམས་ཅན་དེ་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ཤིང་སེམས་ཅན་དམྱལ་བ་རྣམས་འབའ་ཞིག་ཏུ་སྐྱེས་ཏེ། སྡུག་བསྔལ་འདི་ལྟ་བུ་ཤ་སྟག་རྙེད་པར་གྱུར་ཏོ། །གསོལ་པ། བཙུན་པ་སེམས་ཅན་དེ་སྡུག་བསྔལ་དེ་ལས་ནམ་ཐར་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་


DKG073_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། དགེ་སློང་དག་མ་འོངས་པའི་དུས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་སྟེ། དེའི་གསུང་རབ་ལ་སེམས་ཅན་འདི་སེམས་ཅན་དམྱལ་བ་ནས་ཤི་འཕོས་ཏེ། མིའི་ལུས་ཐོབ་ནས་དེའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །སྐུར་པ་མང་བར་ཡང་འགྱུར་ཏེ། དེ་གང་དང་གང་དུ་འགྲོ་བ་དེ་དང་དེར་སྐུར་པ་དང་ཕྲད་པར་འགྱུར་ཏེ། དེ་དེ་ཁོ་ནས་སྐྱོ་བར་གྱུར་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེར་དེའི་སྡུག་བསྔལ་མཐར་ཐུག་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་སྐྱོ་བ་ཆེན་པོ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་གི་ཡིད་སྐྱོ་བར་གྱུར་པར་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་འཁོར་དེ་དག་གི་ནང་ནས་ཁ་ཅིག་གིས་ནི་དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྩེ་མོ་དང་བདེན་པ་དང་འཐུན་པའི་བཟོད་པ་དང་འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི་སྟོབས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་བ་དང་། །ཁ་ཅིག་གིས་ནི་བརྒྱ་བྱིན་དུ་འགྱུར་བ་དང་། ཁ་ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ། ཆོས་ལ་འབབ་དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅོ་ལྔ་པ།


DKG073_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཁམ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་པ་བཞིན་དུ། སེམས་ཅན་རྣམས་ཀྱིས་ཀྱང་སྦྱིན་པའི་འབྲས་བུ་ཡང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་སུ་ཟིན་ན་ནི། དེ་ལྟ་ན་ཁམ་གྱི་ཐ་མ་དང་ཁམ་གྱི་མཇུག་ལུས་པ་གང་ཡིན་པ་དེ་ལས་ཀྱང་། གལ་ཏེ་ཡོན་གནས་ལེན་པ་པོ་རྙེད་ན་དེ་ལ་མ་བྱིན་ནམ་བགོ་བཤའ་མ་བྱས་ཀྱི་བར་དུ་ཟ་བར་མི་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་པར་མི་འགྱུར་བ་ཞིག་ན། ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་པ་བཞིན་དུ་སེམས་ཅན་རྣམས་ཀྱིས་སྦྱིན་པའི་འབྲས་བུ་ཡང་མི་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་མི་ཤེས་པས་ན། དེའི་ཕྱིར་དེ་དག་ནི་ཀུན་ཏུ་འཛིན་པའི་སེམས་ཀྱིས་མ་བྱིན་པའམ། བགོ་བཤའ་མ་བྱས་པར་ཟ་བར་བྱེད་ལ་དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་གོ །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། གཞན་ཡང་སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །བགོ་བཤའ་དག་གི་རྣམ་པར་སྨིན། །ཇི་ལྟར་དོན་ཆེན་འགྱུར་བ་དེ། །དྲང་སྲོང་ཆེ་རྣམས་གསུངས་པ་བཞིན། །སེམས་ཅན་རྣམས་ཀྱིས་ཤེས་ན་ནི། །མ་བྱིན་བར་དུ་མི་ཟ་ཞིང་། །སེར་སྣ་ཅན་དུ་མི་འགྱུར་ལ། །དེ་དག་ཀུན་ཏུ་འཛིན་པའི་སེམས། །ནམ་ཡང་སྐྱེ་བར་མི་འགྱུར་ན། །གང་ཕྱིར་བྱིས་པ་གཏི་མུག་གིས། །བསྒྲིབས་པ་ཀུན་གྱིས་མ་ཤེས་པས། །དེ་ཕྱིར་ཀུན་དུ་འཛིན་སེམས་ཀྱིས། ། རྟག་ཏུ་མ་བྱིན་ཟ་བར་བྱེད། །དེ་དག་སེར་སྣ་སྐྱེས་ནས་ཀྱང་། །སེམས་ནི་ཀུན་ནས་དཀྲིས་ཤིང་འདུག །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་གཟིགས་ལགས། བཅོམ་ལྡན་འདས་ནི་སྦྱིན་པ་དང་སྦྱིན་པའི་བགོ་བཤའི་བསྔགས་པ་གསུང་བ་ལགས་སོ། །


DKG073_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ང་ཇི་ལྟར་སྦྱིན་པ་དང་། སྦྱིན་པའི་བགོ་བཤའི་བསྔགས་པ་བརྗོད་པར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཟླ་འོད་ཅེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་མི་མང་པོས་གང་བ་དང་རྩོད་པ་དང་འཐབ་པ་ཞི་བ་དང་འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་ནད་དང་མུ་གེ་མེད་པ་དང་འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །རྒྱལ་པོ་དེ་ཡང་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་བྱམས་པ་སྦྱིན་པ་ལ་དགའ་བ་ཞིག་གོ །དེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དེ། དེ་ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་པར་བྱེད། སྐོམ་འདོད་པ་རྣམས་ལ་ནི་སྐོམ་སྦྱིན་པར་བྱེད། གོས་འདོད་པ་རྣམས་ལ་ནི་གོས་སྦྱིན་པར་བྱེད། སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་འདོད་པ་རྣམས་ལ་ནི་སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་རྣམས་སྦྱིན་པར་བྱེད་དོ། །ནད་པ་ལ་མཁོ་བའི་ནད་བྲང་བཅས་ནས་ཡོ་བྱད་ཐམས་ཅད་སྦྱར་ཏེ། སྐྱེ་བོ་དམན་པ་དང་བཀྲེན་པ་དང་སྡུག་པ་དང་མགོན་མེད་པ་རྣམས་ལ་རིམ་གྲོ་བྱེད་དོ། །བཟའ་བ་དང་བཅའ་བ་མང་པོ་སྟ་གོན་བྱས་ནས། ནམ་མཁའ་ལ་རྒྱུ་བ་རྣམས་དང་ཆུ་ན་གནས་པ་རྣམས་དང་ཐང་ལ་གནས་པ་རྣམས་ལ་སྦྱིན་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཀཱ་ཤིའི་ཡུལ་དུ་ཐན་པ་བྱུང་སྟེ། དེར་ལྟས་མཁན་བྲམ་ཟེ་བྱེ་བྲག་ཕྱེད་པ་རྣམས་ཀྱིས་བསྒོ་བ། ལོ་བཅུ་གཉིས་ཀྱི་བར་དུ་ཆར་འབབ་པར་མི་འགྱུར་རོ་ཞེས་ཟེར་རོ། །དེ་ནས་ཆར་མ་བབ་པས་མུ་གེ་བྱུང་སྟེ། སྐྱེ་བོ་མང་པོ་དེ་དག་ཅི་བྱ་གཏོལ་མེད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་དྲིལ་བསྒྲགས་ཏེ། ཁྱེད་ཀྱི་ནང་ན་ལོ་བཅུ་གཉིས་ཀྱི་ཟན་འབྱོར་པ་གང་ཡིན་པ་དེ་དག་ནི་འདི་ཉིད་དུ་འཁོད་ཅིག །མི་འབྱོར་པ་དེ་དག་ནི་ཡུལ་གཞན་དུ་དེང་ལ། ནམ་ལོ་ལེགས་པར་གྱུར་པ་དེའི་ཚེ་ཕྱིར་


DKG073_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ཅིག །ཡུལ་ནི་ཕྱིས་ཀྱང་ཡོད་ལ། སྲོག་ནི་ཕྱིས་མེད་དོ་ཞེས་བསྒོའོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་ལས་ཁ་ཅིག་ནི་ཡུལ་གཞན་དུ་དོང་སྟེ་འཁོད་དོ། །ཁ་ཅིག་ནི་ཡུལ་ལ་ཆགས་ནས་དེ་ཉིད་ན་འཁོད་དེ། དེ་དག་དེ་ན་སུ་ལ་ཟན་ཇི་ཙམ་ཡོད་པ་དེ་དག་ཟོས་པའི་འོག་ཏུ་བཀྲེས་པས་ཉམ་ཐག་ནས་རྒྱལ་པོའི་ཐད་དུ་སོང་སྟེ་སྨྲས་པ། ལྷ་བདག་ཅག་ནི་བཀྲེས་ལགས་ཀྱིས་བདག་ཅག་ལ་འཚལ་མ་སྩལ་དུ་གསོལ། དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེས་བསམས་པ། འདིར་སྐྱེ་བོ་ཕལ་པོ་ཆེ་ལ་ཡུན་རིང་པོ་ཞིག་ཏུ་བགོ་བཤའ་བྱ་དགོས་སྙམ་ནས་སྨྲས་པ། ཁྱེད་རེ་ཞིག་སྡོད་ཅིག་དང་ངས་མངན་རྣམས་ལ་སྨྲས་ཏེ་བྱའོ་ཞེས་བྱས་ནས། རྒྱལ་པོ་དེས་མངན་རྣམས་ལ་སྨྲས་པ། ང་དང་ཡུལ་ན་གནས་པའི་སྐྱེ་བོ་མང་པོ་འདི་དག་གིས་ལོ་བཅུ་གཉིས་ཀྱི་བར་དུ་བཟར་ཡོད་དམ། མངན་རྣམས་ཀྱིས་སྨྲས་པ། ལྷ་སྩང་བང་རྣམས་གཡར་སྔར་བྲིམས་ཏེ་གདོད་གསོལ་བར་འཚལ་ལོ་ཞེས་སྨྲས་ནས། མངན་རྣམས་ཀྱིས་སྩང་བང་རྣམས་གཡར་སྔར་བྲིམས་ནས། ཡུལ་ན་འཁོད་པའི་སྐྱེ་བོ་མང་པོ་རྣམས་བགྲང་བ་ལ་ཞུགས་སོ། །དེ་ནས་ལོ་བཅུ་གཉིས་ཀྱི་བར་དུ་མི་རེ་རེའི་སྐལ་བར་ཅི་ཐོབ་པ་རྩིས་ན། ཐམས་ཅད་ཀྱིས་ཉིན་གཅིག་བཞིན་དུ་ཁམ་རེ་རེ་ཐོབ་པར་འགྱུར་ལ། རྒྱལ་པོས་ནི་ཁམ་གཉིས་གཉིས་གསོལ་དུ་ཡོད་པར་རིག་ནས། དེ་དག་གིས་རྒྱལ་པོ་ལ་གསོལ་པ། ལྷ་དགུང་ལོ་བཅུ་གཉིས་ཀྱི་བར་དུ་ཡུལ་ན་གནས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ནི་གདུགས་གཅིག་བཞིན་དུ་ཁམ་རེ་རེ་འཚལ་དུ་མཆིས་སོ། །ལྷས་ནི་ཞལ་ཁམ་གཉིས་གཉིས་གསོལ་དུ་མཆིས་སོ་ཞེས་གསོལ་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེས་ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་ཉིན་གཅིག་ཅིང་ཁམ་རེ་རེ་སྦྱིན་ནོ་ཞེས་བཀའ་སྩལ་ཏོ། །སྐྱེ་བོ་མང་པོ་དེ་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་འཛུད་དོ། །དེ་ནས་དེར་སུ་ཡང་རུང་འཆི་བར་འགྱུར་བ་དེ་དག་ཀྱང་ལྷའི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་སྐྱེས་པས་ལྷའི་གནས་རྣམས་ཀུན་ཏུ་གང་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། ལྷའི་གནས་རྣམས་ནི་རྒྱུ་གཉིས་


DKG073_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀུན་དུ་གང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་འབྱུང་བ་དང་འཁོར་ལོས་སྒྱུར་བ་འབྱུང་བ་ཡིན་ན། ཅི་ད་ལྟར་འཇིག་རྟེན་དུ་འཁོར་ལོས་སྒྱུར་བ་བྱུང་ངམ། འོན་ཏེ་དེ་བཞིན་གཤེགས་པ་བྱུང་ཞིག་གུ་སྙམ་དུ་བསམས་ནས། དེས་བལྟས་ན་དེ་ལྟ་མ་ཡིན་ཏེ། ཡང་དེས་བསམས་པ་འོ་ན་སུའི་མཐུས་ལྷའི་གནས་རྣམས་ཀུན་ཏུ་གང་བར་གྱུར་ཞིག་གུ་སྙམ་སྟེ། དེས་བལྟས་ནས་རྒྱལ་པོ་ཟླ་འོད་ཀྱི་མཐུས་དེ་ལྟར་གྱུར་པར་རིག་ནས། དེས་བསམས་པ། ཅི་འདི་བརྒྱ་བྱིན་དུ་འགྱུར་བའམ་ཚངས་པར་འགྱུར་བ་ཞིག་བསྒྲུབ་སྙམ་དུ་བསམས་ཏེ། དེས་བལྟས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་མཐོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཅི་སེམས་ཅན་འདི་བརྟན་པོ་ཡིན་ནམ། འོན་ཏེ་སེམས་ཅན་བརྟན་པོ་མ་ཡིན་པ་རེ་ཞིག་བདག་སོང་ལ་འདི་བརྟག་པར་བྱའོ། །གལ་ཏེ་སེམས་ཅན་བརྟན་པོ་ཡིན་ན་ནི་དེ་ལ་མཆོད་པ་བྱའོ། །དེ་སྟེ་སེམས་ཅན་བརྟན་པོ་མ་ཡིན་ན་ནི་དེ་བརྟན་པོར་བྱའོ། །སྙམ་ནས་བྲམ་ཟེའི་ཆ་ལུགས་སུ་བསྒྱུར་ཏེ། ལྷ་བདག་ནི་བཀྲེས་ཀྱིས་འཚལ་མ་སྩལ་དུ་གསོལ་ཅེས་སྨྲས་སོ། །རྒྱལ་པོས་བསམས་པ། གལ་ཏེ་གཞན་གྱི་བཅད་དེ་འདི་ལ་བྱིན་ན་ནི་གཅིག་གི་སྲོག་སྲུངས་ལ་གཅིག་གི་སྲོག་མ་རུངས་པར་བྱས་པར་འགྱུར་གྱིས། མ་ལ་བདག་གི་ཟན་ལས་ཁམ་གཅིག་ནི་བདག་གིས་ཟོས་ལ། ཁམ་གཅིག་ནི་འདི་ལ་སྦྱིན་ནོ་སྙམ་ནས་རྒྱལ་པོ་དེས་བྲམ་ཟེ་དེ་ལ་ཁམ་གཅིག་བྱིན་ཏེ། གཅིག་བདག་གིས་བཟའོ་སྙམ་པ་དང་། བྲམ་ཟེ་དེས་སྨྲས་པ། ལྷ་བདག་ནི་ཁམ་གཅིག་གིས་འཚོ་བའི་རྔོ་མི་ཐོགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེས་བསམས་པ་གལ་ཏེ་བདག་གིས་འདི་ལ་ཁམ་ཕྱི་མ་མ་བྱིན་ན་བྲམ་ཟེ་འདི་ལྟོགས་ཏེ། འཆི་ཡང་སྲིད་ལ་བདག་ཀྱང་སེམས་ཅན་གྱི་དོན་ལ་ཞུགས་པ་ཡིན་པས་བདག་གིས་རང་གི་སྲོག་བོར་ཏེ། གཞན་གྱི་སྲོག་བསྲུང་བར་ནུས་སོ་སྙམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པ་སྟོན་པ་མེད་པའི་ནང་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་


DKG073_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ། སྦྱིན་པ་རྒྱ་ཆེར་གྱུར་པ་འདི་ཡིས་ནི། །སྲིད་གསུམ་སངས་རྒྱས་རང་བྱུང་གྱུར་པར་ཤོག །བརྒལ་ནས་སྔོན་གྱི་རྒྱལ་བའི་དབང་རྣམས་ཀྱིས། །སྐྱེ་བོ་ཕལ་ཆེན་མ་བསྒྲལ་རྣམས་ཀྱང་བསྒྲལ། །ཞེས་སྨྲས་ནས། ཁམ་དེ་ལྷའི་དབང་པོ་བརྒྱ་བྱིན་བྲམ་ཟེའི་ཆ་ལུགས་ཅན་ལ་བྱིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། བྱང་ཆུབ་སེམས་དཔས་ནི་མཆོག་ཏུ་དཀའ་བ་བྱས་སོ་སྙམ་དུ་བསམས་ཏེ། བྲམ་ཟེའི་ཆ་ལུགས་མི་སྣང་བར་བྱས་ནས་རང་བཞིན་གྱི་ལུས་སུ་བསྒྱུར་ཏེ་སྨྲས་པ། ཁྱོད་འབད་པ་འདིས་ཅི་ཞིག་སྒྲུབ། དེས་སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་བོ། །བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་དེ་འདྲ་བ་ལས་ན། ཁྱོད་ནི་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱིས་དེའི་ཚེ་བདག་དྲན་པར་མཛོད་ཅིག་ཅེས་སྨྲས་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས་དབང་ཆེན་གྱི་ཆར་ཕབ་སྟེ། དེའི་ཚེ་འབྲུ་ཐམས་ཅད་རྒྱལ་ནས་ལོ་ལེགས་པར་གྱུར་ཏེ་ཀཱ་ཤིའི་ཡུལ་སྔ་མཁོ་བཞིན་དུ་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་ཟླ་འོད་ཅེས་བྱ་བར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེའི་ཚེ་ཡང་ང་སྦྱིན་པ་དང་སྦྱིན་པའི་བགོ་བཤའི་བསྔགས་པ་བརྗོད་པར་གྱུར་ན། ང་ད་ལྟར་སྦྱིན་པ་དང་སྦྱིན་པའི་འབྲས་བུ་མངོན་སུམ་དུ་མཐོང་བར་གྱུར་པའི་ཚེ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་ད་ལྟར་སྦྱིན་པ་དང་སྦྱིན་པའི་བགོ་བཤའི་བསྔགས་པ་བརྗོད་པར་ཅི་སྟེ་མི་མཛད། ལས་བརྒྱ་ཐམ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ་རྫོགས་སྷོ།། །།


previousསྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ། next