Nitartha Digital Library
Tibetan
 
previousསྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ།next

སྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ།


DKG073_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ནི། བྱ་གཉིས་དང་ནི་ལུས་འཕགས་དང་། །སྟོན་པ་འོད་སྲུང་ཀུན་དགའ་བོ། །འཛིན་བྱེད་བུ་དང་རབ་བཟང་དང་། །ཡོན་རབས་དང་ནི་རྒན་ཞུགས་གཉིས། །བྱ་གཉིས་ཞེས་བྱ་བ་ལ། བྱ་དང་པོ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཤིང་ཆོས་སྟོན་པའི་སྐབས་སུ་རི་སྤོས་ཀྱི་ངད་ལྡང་ནས། རྨ་བྱ་བལྟ་ན་སྡུག་ཅེས་བྱ་བ་ཞིག་འོངས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྟེང་གི་བར་སྣང་ལ་ལྡིང་བ་ལས། བྱ་དེས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཤིང་ཆོས་སྟོན་པ་ཐོས་སོ། །ཐོས་ནས་ཀྱང་ས་ལ་བབས་ནས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཚིག་གསུམ་བསྟན་ཏེ། འདུ་བྱེད་ཐམས་ཅད་ནི་མི་རྟག་གོ །ཆོས་ཐམས་ཅད་ནི་བདག་མེད་དོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང་དུད་འགྲོའི་སྐྱེ་གནས་དང་བྲལ་བར་འགྱུར་ཡང་སྲིད་དོ་ཞེས་དེ་སྐད་ཅེས་བཀའ་སྩལ་ནས། བྱ་དེ་དགའ་བར་གྱུར་ཏེ་ཡུན་རིང་དུ་ཞལ་དུ་བརྟགས་ནས་སོང་བའི་འོག་ཏུ་དེ་སྟེང་གི་ནམ་མཁའ་ལ་འགྲོ་བ་ལས་ཁྲས་བསད་དེ། དེ་བཅོམ་ལྡན་འདས་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ། དུས་ལས་འདས་ནས་རྒྱལ་པོའི་ཁབ་དེ་ཉིད་དུ་ཚོང་དཔོན་ཞིག་གི་ཁྱིམ་དུ་ཉིང་མཚམས་སྦྱར་ཏེ། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་བྱུང་ནས་ཁྱེའུ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་། ཁོང་རྩིས་དང་། ཤོད་དགོད་པ་དང་། ལག་རྩིས་དང་། དབྱུང་བ་དང་། སྦ་བ་དང་། དགྲམ་པ་དང་། གོས་བརྟག་པ་དང་། ནོར་བུ་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་། སྨན་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་


DKG073_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་། ཀློག་མཁས་པ་དང་། མཛངས་པ་དང་། བྱ་བ་ལ་གསལ་བ་དང་། ཡིད་གཞུངས་པ་དང་། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེ་སངས་རྒྱས་ལ་དགའ་བ་དང་། ཆོས་ལ་དགའ་བ་དང་། དགེ་འདུན་ལ་དགའ་བར་གྱུར་ནས་དེས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་ན་ཚོད་ཀྱིས་ལོ་བདུན་ལོན་པ་ཁོ་ན་ན་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏོ། །དེ་ནས་དེ་རྫུ་འཕྲུལ་གྱིས་འགྲོ་ཞིང་གནས་གཞན་དང་གཞན་དག་ཏུ་སོང་ནས་ལོ་མའི་ནང་དུ་མེ་ཏོག་དང་འབྲས་བུ་རྣམས་བཅུག་སྟེ་ཁྱེར་ཏེ་འོང་ཞིང་དགེ་འདུན་ལ་འབུལ་བར་བྱེད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་དགེ་ཚུལ་བ་འདི་ལོ་བདུན་ནས་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ཉིད་སྐྱོ་བ་བསྐྱེད་པའི་ཕྱིར་བཀའ་སྩལ་པ། ཁྱེད་ཀྱིས་ཆེ་གེ་མོ་ཞིག་གི་ཚེ། བྱ་ཞིག་ནམ་མཁའ་ལས་བབས་ནས་ངའི་མདུན་དུ་འདུག་པ་མཐོང་ངམ་གསོལ་པ། བཙུན་པ་བཅོམ་ལྡན་འདས་མཐོང་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་བྱ་དེ་ང་ལ་སེམས་དགའ་བར་གྱུར་ནས་སོང་བ་ལས་ཁྲས་བསད་དེ། དེ་ང་ལ་སེམས་དགའ་བཞིན་དུ་ཤི་འཕོས་ནས་རྒྱལ་པོའི་ཁབ་འདི་ཉིད་དུ་ཚོང་དཔོན་གྱི་རིགས་སུ་སྐྱེས་ནས། ཆེར་སྐྱེས་པ་དང་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་ན་ཚོད་ཀྱིས་ལོ་བདུན་པ་ཁོ་ན་ན་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་ཚུལ་བ་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བྱར་སྐྱེས་ལགས། ལས་ཅི་བགྱིས་ན་དེ་ལས་ཤི་འཕོས་ནས་མིར་སྐྱེས་ལ། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས། བཅོམ་ལྡན་


DKG073_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ཡུལ་ཀཱ་ཤིའི་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ནི་རྒྱལ་པོ་ཚངས་པས་བྱིན་རྒྱལ་པོ་བྱེད་དོ། །ཡུལ་ལུས་འཕགས་ན་ནི་ལུས་འཕགས་ཀྱི་རྒྱལ་པོ་བི་དེ་ཧ་རྒྱལ་པོ་བྱེད་དོ། །དེ་གཉིས་ཕན་ཚུན་མི་འཐུན་ནས་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ལུས་འཕགས་ཀྱི་རྒྱལ་པོས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་གཡུལ་འགྱེད་པའི་ཕྱིར་རྒྱལ་པོ་ཚངས་པས་བྱིན་གྱི་ཐོག་ཏུ་དྲངས་སོ། །ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་། བི་དེ་ཧའི་རྒྱལ་པོས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་གཡུལ་འགྱེད་པའི་ཕྱིར། བདག་གི་ཐོག་ཏུ་དྲངས་སོ་ཞེས་ཐོས་སོ། །ཐོས་ནས་དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས། གཡུལ་འགྱེད་པའི་ཕྱིར་བི་དེ་ཧའི་རྒྱལ་པོའི་ཐོག་ཏུ་དྲངས་པ་ལས། དེ་བི་དེ་ཧའི་རྒྱལ་པོས་དེ་ཐུབ་ཅིང་བརྡུངས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། རྒྱལ་པོ་གཅིག་པུ་ཐར་ཏེ་བྲོས་ནས་ནགས་ཁྲོད་ཅིག་ཏུ་ཞུགས་ཏེ། དེ་ལུས་ངལ་བ་དང་ལུས་སྡུག་བསྔལ་བ་ལ་ལུས་ཤིག་ཤིག་པོར་གྱུར་ནས་རྟ་ལས་བབས་ཏེ། དགྲ་ཞུ་དང་འཐབ་བེར་ཕུད་དེ་ས་ལ་བཏིང་བའི་སྟེང་དུ་འདུག་གོ །ས་ཕྱོགས་དེ་ནས་ཐག་མི་རིང་བ་ཞིག་ན་ནི། རྨ་བྱ་ཞིག་རྨ་བྱ་མོ་དག་གིས་བསྐོར་ཏེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། དེ་དེས་མཐོང་ནས་དེ་ལ་སྨོན་པར་གྱུར་ཏེ། འདི་ནི་འདོད་པ་ཡང་སྤྱོད་ལ་འདི་ལ་གནོད་པ་བྱེད་པ་ཡང་ཅི་ཡང་མེད་པས་ན་སྐྱེ་གནས་འདི་ནི་བཟང་པོ་ཞིག་གོ་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་མི་བཞུགས་པའི་ཚེ་ན། རང་སངས་རྒྱས་རྣམས་འཇིག་རྟེན་དུ་བྱུང་སྟེ། རང་སངས་རྒྱས་ཞིག་རྒྱལ་པོ་དེའི་ཐད་ནས་རྒྱང་མི་རིང་བ་ཞིག་ན། ཤིང་ཞིག་གི་དྲུང་ན་རྟེན་ཅིང་འདུག་ནས་རང་སངས་རྒྱས་དེས་དེ་དྲང་བའི་ཕྱིར་ལུད་པ་བསལ་བའི་སྒྲ་ཕྱུང་ངོ་། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་འཇིགས་ཤིང་སྐྲག་སྟེ་ལངས་ནས། འདིར་ཡང་ཕ་རོལ་གྱི་དམག་ཚོགས་མ་འོངས་གྲང་སྙམ་


DKG073_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། རྒྱལ་པོ་དེས་ཤིང་ཞིག་གི་དྲུང་ན་རང་སངས་རྒྱས་རྟེན་ཅིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་ལ་སེམས་དགའ་བར་གྱུར་ཏེ། འདི་དེ་ལྟར་མི་མེད་པའི་ནགས་ཁྲོད་དུ་དགའ་བ་ལས་ན་འདི་ནི་བདག་ཉིད་ཆེན་པོ་ཞིག་ཡིན་གོར་མ་ཆག་སྙམ་མོ། །སྔོན་གྱི་རྒྱལ་རིགས་ཀྱི་རྒྱལ་པོ་རྣམས་ཀྱི་ལུགས་ཀྱིས་ན། གང་གི་ཚེ་གཡུལ་འགྱེད་དུ་འགྲོའམ་རི་དགས་ཤོར་དུ་འགྲོ་བ་དེའི་ཚེ་རྟའི་འཕོངས་ལ་ཁ་ཟས་ཅུང་ཟད་ཙམ་བཏགས་ཏེ་འགྲོའོ། །རྒྱལ་པོ་དེའི་རྟའི་འཕོངས་ལ་ཡང་ཁ་ཟས་ཅུང་ཟད་ཙམ་བཏགས་པ་ཡོད་དེ། དེས་རང་སངས་རྒྱས་དེ་ལ་བཤོས་གསོལ་ཏོ། །རང་སངས་རྒྱས་དེས་ཀྱང་རྒྱལ་པོ་དེ་སྟེང་གི་ནམ་མཁའ་ལ་ཁྱེར་ནས་འཇིགས་པ་མེད་པའི་གནས་སུ་བཞག་གོ །དེ་ནས་རྒྱལ་པོ་དེས་སྨོན་ལམ་བཏབ་པ་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་རྨ་བྱར་སྐྱེ་བར་གྱུར་ཅིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག། དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་དུ་གྱུར་པ་གང་ཡིན་པ་དེ་ནི་བྱ་དེ་ཁོ་ན་ཡིན་ཏེ། དེས་དེར་རང་སངས་རྒྱས་ལ་བཤོས་གསོལ་ནས་སྨོན་ལམ་བཏབ་པ་དེས་ན། ད་ལྟར་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ།། །།བྱ་གཉིས་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་རི་སྤོས་ཀྱི་ངད་ལྡང་ལ་བྱ་ཀུ་མུ་དཱའི་དུས་སྟོན་སྣ་ཚོགས་ཅན་ཞེས་བྱ་བ་ནད་པ་རིང་པོར་མི་ཐོགས་པར་འཆི་བར་འགྱུར་བ་ཞིག་འདུག་གོ །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ།


DKG073_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལ་གནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། བྱ་དེ་ལུང་བསྟན་པའི་དུས་ལ་བབ་སྟེ། འདི་ལས་བརྟེན་ནས་གདུལ་བར་བྱ་བའི་སྐྱེ་བོ་མང་པོ་དྲང་དགོས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། རི་སྤོས་ཀྱི་ངད་ལྡང་གིས་ཕྱོགས་བྱ་དེ་འདུག་པ་ནས་ཐག་མི་རིང་བ་ཞིག་ཏུ་བྱོན་ཏེ། བཅོམ་ལྡན་འདས་ཀྱིས་ཅི་ནས་བྱ་ཙ་ཤ་ལྔ་བརྒྱ་ལྷགས་ཏེ། བཅོམ་ལྡན་འདས་ལ་སྐོར་བ་བྱེད་པར་འགྱུར་བ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་བྱ་དེས་བྱ་ཙ་ཤ་ལྔ་བརྒྱ་ལྷགས་ཏེ་བཅོམ་ལྡན་འདས་ལ་སྐོར་བ་བྱེད་པར་མཐོང་ངོ་། །མཐོང་ནས་ཀྱང་། ཀྱེ་མ་བདག་གིས་ཀྱང་བཅོམ་ལྡན་འདས་


DKG073_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྐོར་བ་བྱའོ་སྙམ་དུ་དེའི་འདོད་པ་སྐྱེས་སོ། །དེ་ནས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་བཞིན་དུ་ཤི་ནས་ལྷར་སྐྱེས་སོ། །དེ་ལྷར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་ནས་དེས་བདེན་པ་མཐོང་སྟེ། བདེན་པ་མཐོང་ནས་དེ་རང་གི་གནས་སུ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱ་དེའི་རོ་ལས་བརྟེན་ཏེ། དགེ་སློང་གི་འཁོར་གྱི་ནང་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བྱ་འདིས་ལས་ཅི་ཞིག་བྱས་ན་ལས་དེའི་རྣམ་པར་སྨིན་པས་བྱར་སྐྱེས་པར་གྱུར་ཅེས་སྨྲས་པ་དང་། དེ་ཐོས་མ་ཐག་ཏུ་ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་པ་ལ་ཞུགས་ཏེ། དེ་རབ་ཀྱི་མཐའི་བསམ་གཏན་གྱི་བར་དུ་སྙོམས་པར་ཞུགས་ཀྱང་དེའི་རྩད་མཆོད་དེ། བྱ་རྣམས་ལས་ཤི་འཕོས་ཤིང་བྱ་རྣམས་སུ་སྐྱེས་པ་འབའ་ཞིག་མཐོང་ངོ་། །དེ་ནས་དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་བྱ་འདིའི་རྩད་མ་ཁུམས་ཏེ། བྱ་རྣམས་ལས་ཤི་འཕོས་ཤིང་བྱ་རྣམས་སུ་སྐྱེས་པ་འབའ་ཞིག་མཐོང་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ནི་ཡེ་ཤེས་གཟིགས་པ་ཐོགས་པ་མི་མངའ་བ་ཡེ་ཤེས་གཟིགས་པ་མཐའ་ཡས་པ་ལགས་ན། བཙུན་པ་བཅོམ་ལྡན་འདས་ཉིད་ཀྱིས་བྱ་འདིས་ལས་ཅི་བགྱིས་པ་དང་། ལས་གང་གི་རྣམ་པར་སྨིན་པས་བྱ་འབའ་ཞིག་ཏུ་སྐྱེས་པ་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྱ་འདི་ཉིད་ཀྱིས་ལས་དེ་ལྟ་བུ་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དོན་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་


DKG073_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ལ་བྱ་འདི་རབ་ཏུ་བྱུང་སྟེ། དགེ་སློང་ཞལ་ཏ་བྱེད་པར་གྱུར་ནས། དེས་སྦྱིན་བདག་དང་སྦྱིན་པ་པོ་རྣམས་ལས་བཟའ་བ་དང་བཏུང་བ་བསླངས་ཏེ། ཁྱིམ་པ་ལ་རྟེན་པར་བྱེད་ནས་དགེ་སློང་མང་པོས་བཀག་པ་ལས་དེ་ཁྲོས་ཏེ་སྨྲས་པ། ཁྱེད་ནི་དུད་འགྲོ་བཞིན་དུ་བསམ་མནོ་མེད་པ་ཡིན་ཏེ། དགེ་སློང་དག་གིས་བྱ་བ་གང་ཡིན་པ་ལྟར་བྱེད་པ་མ་ཡིན་ནོ། །ཞེས་བྱས་སོ། །དེ་ནས་ཕྱིས་དེ་འགྱོད་པ་སྐྱེས་ཏེ། དེས་ལས་དེ་ཉེས་པ་ལ་ཉེས་སོ་ཞེས་བཤགས་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་སེམས་ཅན་དག་པ་འདི་ལྟ་བུ་དག་ལ་ཚིག་རྩུབ་པོ་སྨྲས་པའི་ལས་འདི་བདག་ལ་འོང་བར་མ་གྱུར་ཅིག །སྟོན་པ་འདི་ཁོ་ན་དང་འདྲ་བ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི་བྱ་འདི་ཁོ་ན་ཡིན་ཏེ། དེས་དེར་དགེ་སློང་དེ་དག་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་དུད་འགྲོ་རྣམས་སུ་སྐྱེས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དོན་གཟིགས་ཀྱི་རིང་ནས། ངའི་རིང་གི་བར་དུ་དུད་འགྲོ་རྣམས་ལས་ཤི་འཕོས་ཤིང་དུད་འགྲོ་འབའ་ཞིག་ཏུ་སྐྱེས་སོ། །ད་ནི་ང་ལ་སེམས་དགའ་བ་སྐྱེས་པས་ཤི་འཕོས་ཏེ། དུས་ལས་འདས་ནས་ལྷར་སྐྱེས་སོ། །ལྷར་གྱུར་ནས་ཀྱང་ངའི་ཐད་དུ་འོངས་ཏེ་དེ་ལ་ངས་ཆོས་བསྟན་ཏོ། །དེས་ང་ལས་ཆོས་ཐོས་ནས་བདེན་པ་རྣམས་མཐོང་ངོ་། །དེས་བདེན་པ་མཐོང་ནས་རང་གི་གནས་སུ་སོང་ངོ་། །དེས་དེར་ཆོས་བཞིན་དུ་ཞལ་ཏ་བྱས་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། བདག་གིས་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་གཟིགས་དང་། ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་


DKG073_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དགེ་སློང་དེ་དག་སྐྱོ་བ་ཆེན་པོ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་གི་ཡིད་སྐྱོ་བར་གྱུར་པར་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ་དེས་ན་དགེ་སློང་དེ་དག་གིས་སྟན་དེ་ཉིད་ལ་འཁོད་བཞིན་དུ། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ལུས་འཕགས་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ལུས་འཕགས་ཞེས་བྱ་བ་ཞིག་གནས་ཏེ། དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ཏེ། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་ལ། གསེར་གྱི་ཁ་དོག་ཅན་མགོ་བོ་གདུགས་ལྟར་འདུག་པ་ལག་པ་རིང་བ། དཔྲལ་པའི་དབྱེས་ཆེ་བ། སྣ་མཐོ་བ་སྣ་ལེགས་པ་སྨིན་མ་སྟུག་པ་ཞིག་བཙས་ཏེ་དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཅིར་གདགས་ཞེས་རིགས་དང་འཐུན་པར་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་བྲམ་ཟེ་ལུས་འཕགས་ཀྱི་བུ་ཡིན་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་ལྷག་འཕགས་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་ལྷག་འཕགས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཡི་གེ་དང་། བྲམ་ཟེའི་སྤྱོད་ལམ་དང་། སྤྱོད་པ་དང་། ༀ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་། ཐལ་བ་བླང་བ་དང་། རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་། བླང་བ་དང་། ཁ་ཏོན་བྱ་བ་དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་


DKG073_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ལ་གཞུང་གིས་རྩོད་པ་ཐམས་ཅད་ཀྱང་ཚར་བཅད་དོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་ལུས་འཕགས་ཀྱི་སེམས་སྐྱེས་པ། མཆོད་སྦྱིན་བྱའོ་སྙམ་མོ། །དེའི་འོག་ཏུ་ཡང་སེམས་སྐྱེས་པ། དགེ་སྦྱོང་གཽ་ཏ་མ་འདི་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཡིན་ཏེ། འདིས་ནི་འདི་ལྟ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཅི་ཡང་མི་གཟིགས་པ་དང་མི་མཁྱེན་པ་དང་ཐུགས་སུ་མ་ཆུད་པ་ཅི་ཡང་མེད་དེ། བདག་གི་མཆོད་སྦྱིན་ཡང་ཡན་ལག་འགའ་ཙམ་གྱི་སྒོ་ནས་ཀྱང་ཉམས་པར་གྱུར་ན་མི་རུང་གིས། བདག་ཇེ་དགེ་སྦྱོང་གཽ་ཏ་མའི་ཐད་དུ་སོང་ལ་དྲི་བར་བྱའོ་སྙམ་ནས། རྒོད་མ་དཀར་མོ་དང་སྦྱར་བའི་ཤིང་རྟ་ལ་ཞོན་ཏེ། གསེར་གྱི་འཁར་བ་དང་གསེར་གྱི་རིལ་བ་ཐོགས་ཤིང་བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་བསྐོར་ནས། མཉན་དུ་ཡོད་པ་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །ཇི་སྲིད་དུ་བཞོན་པས་འགྲོ་བར་བྱ་བའི་ས་དེ་སྲིད་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ། རྐང་པས་ཀུན་དགའ་ར་བར་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དང་མངོན་སུམ་དུ་ཡང་དག་པར་དགའ་བ་དང་ཡང་དག་པར་མགུ་བའི་གཏམ་སྣ་ཚོགས་བྱས་ཏེ། མཇུག་བརྟུལ་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ལུས་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་འདིར་བདག་གིས་མཆོད་སྦྱིན་ཆེན་པོ་བརྩམས་ཏེ། མཆོད་སྦྱིན་ཆེན་པོ་བགྱི་བའི་སླད་དུ། ཁྱུ་མཆོག་ལྔ་བརྒྱ་ཡང་སྡོང་པོ་ལ་བཏགས། བ་ལང་དང་། མ་ཧེ་དང་། མ་ཧེ་མོ་དང་། བཞོན་པ་དང་། བེའུ་དང་། བེའུ་ཆུང་ངུ་དང་། ར་དང་། ལུག་དང་། སྲོག་ཆགས་ཕྲ་མོ་རྣམས་ཀྱང་སྡོང་པོ་ལ་བཏགས་སོ། །མཆོད་སྦྱིན་བགྱི་བའི་སླད་དུ། བཟའ་བ་དང་བཅའ་བ་མང་པོ་དག་ཀྱང་བཤམས་སོ། །ཉི་འོག་གི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱང་ཕྱོགས་གཞན་དང་གཞན་དག་དང་ལྗོངས་གཞན་དང་གཞན་དག་ནས། བདག་གི་མཆོད་སྦྱིན་


DKG073_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུ་ཉམས་སུ་མྱོང་བར་བགྱི་བའི་སླད་དུ། མཉན་དུ་ཡོད་པར་ལྷགས་ན། བཅོམ་ལྡན་འདས་གཽ་ཏ་མས་ཅི་ནས་བདག་གི་མཆོད་སྦྱིན་ཡན་ལག་འགའ་ཙམ་གྱི་སྒོ་ནས་ཀྱང་ཉམས་པར་མི་འགྱུར་བ་དེ་ལྟ་བུར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་མཆོད་སྦྱིན་དེ་ཁོ་ན་ལས་བརྩམས་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་བྲམ་ཟེ་ལུས་འཕགས་དང་བྲམ་ཟེའི་ཁྱེའུ་ལྷག་འཕགས་གཉིས་ཀྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ནས་ལྷག་འཕགས་ཀྱིས་སྨྲས་པ། ཕྱིན་ཅད་བདག་ཅག་བྲམ་ཟེ་རྣམས་སྟོན་མོ་སྩལ་ཅི་འཚལ། བྲམ་ཟེ་ལུས་འཕགས་ཀྱིས་སྨྲས་པ། ལྷག་འཕགས་དེ་སྐད་མ་ཟེར་ཅིག །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ཏེ། ཡོན་ཕུལ་བའི་འོག་ཏུ། དེའི་ལྷག་མ་ལས་བྲམ་ཟེ་རྣམས་ལ་ཡང་སྦྱིན་པར་བྱའོ། །དེ་ནས་ལྷག་འཕགས་ཀྱིས་སྨྲས་པ། མཁན་པོ་ཇི་ལྟར་དགྱེས་པ་བཞིན་དུ་བགྱིའོ། །དེ་ནས་བྲམ་ཟེ་ལུས་འཕགས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ། སང་བདག་གི་མཆོད་སྦྱིན་གྱི་གནས་སུ་བཤོས་གསོལ་བར་ཅི་གནང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ལུས་འཕགས་ལ་ཅང་མི་གསུང་བས་གནང་ནས། བྲམ་ཟེ་ལུས་འཕགས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་དེ་མཆོད་སྦྱིན་གྱི་གནས་སུ་ཕྱིན་ནས་ཁྱུ་མཆོག་ཐམས་ཅད་ཀྱང་བཏང་། བ་ལང་དང་། མ་ཧེ་དང་། མ་ཧེ་མོ་དང་། བཞོན་པ་དང་། བེའུ་དང་། བེའུ་ཆུང་ངུ་དང་། ར་དང་། ལུག་དང་། སྲོག་ཆགས་ཕྲ་མོ་སྣ་ཚོགས་ཀྱང་བཏང་ནས་སྨྲས་པ། ཕྱོགས་བཞི་ནས་རླུང་བསིལ་བར་ལྡང་གིས་ཁྱེད་སོང་ལ་དེང་ཕན་ཅད་རྩི་མཆོག་མ་


DKG073_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་ལ་ནི་ཟོ་ཤིག །ཆུ་མ་གློངས་པ་རྙོག་པ་མེད་ཅིང་དང་བ་ལ་ནི་འཐུང་ཤིག་ཅེས་བྱས་ཏེ། དེས་སྲོག་ཆགས་ཕྲ་མོ་སྣ་ཚོགས་དེ་དག་ཀྱང་བཀྱེ་ནས། བཅོམ་ལྡན་འདས་ཀྱི་ཕྱིར་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་སྟ་གོན་བྱས་ནས། ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཀང་སྟེ། བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་པ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས། མདུན་དུ་བདར་ཏེ། བྲམ་ཟེ་ལུས་འཕགས་ཀྱི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་བྲམ་ཟེ་ལུས་འཕགས་དང་། བྲམ་ཟེའི་ཁྱེའུ་ལྷག་འཕགས་ཀྱིས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་རེ་རེ་ལ་རས་ཟུང་རེ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ་བསྩང་སྡེར་ནི་གྱུ་ཕྱག་ནི་བཅབས་པར་རིག་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས། དེ་གཉིས་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན་ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད་ཡང་དག་པར་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །བཅོམ་ལྡན་འདས་གཤེགས་ནས། མཆོད་སྦྱིན་གྱི་གནས་དེར་བྲམ་ཟེ་ཐམས་ཅད་ཁྲོས་ཏེ་འདི་སྐད་དུ་ལྟོས་དང་བདག་ཅག་གི་ཕྱིར་མཆོད་སྦྱིན་བརྩམས་པ་ལས་དགེ་སྦྱོང་གཽ་ཏ་མ་ལ་བྱིན་ནོ་ཞེས་ཟེར་ཏོ། །དེ་ནས་བྲམ་ཟེ་ལུས་འཕགས་ཀྱིས་


DKG073_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་ཐམས་ཅད་བདག་ཅག་ལ་ཇི་ལྟར་ཁྲོས་པ་དེ་ཐོས་ནས། ཐོས་མ་ཐག་ཏུ་བྲམ་ཟེ་ལུས་འཕགས་བྲམ་ཟེ་དེ་དག་གི་ཐད་དུ་སོང་སྟེ་སྨྲས་པ། ཁྱེད་ལ་དགེ་སྦྱོང་གཽ་ཏ་མ་ཅི་གནོད། བདག་གིས་ཁྱེད་ཀྱི་ཡོན་བཤམས་པ་ནི་ཁྱེད་ལ་སྦྱིན་པར་བྱའོ། །བྲམ་ཟེ་རྣམས་ཀྱིས་སྨྲས་པ། ངེད་ལ་ཕྱིན་ཅད་ཁྱོད་ཀྱི་ཡོན་མི་དགོས་སོ་ཞེས་སྨྲས་ནས། དེ་སྤད་གཉིས་གསད་པར་བྱས་སོ། །དེ་ནས་དེ་སྤད་གཉིས་ཀྱིས་བསམས་པ། འདི་རྣམས་ཀྱིས་བདག་ཅག་གསད་དུ་འོང་ངོ་སྙམ་ནས་བྲོས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་གཏམ་དེ་རྒྱས་པར་བསྙད་དོ། །འདི་སྐད་ཅེས་ཀྱང་གསོལ་ཏོ། །བཙུན་པ་བདག་ཅག་གཉིས་ཁྱིམ་ན་གནས་པ་བཏང་ངོ་། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་གཉིས་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས་དེ་གཉིས་ལ་ལུང་ཡང་ཕོག་གོ །དེ་གཉིས་ཀྱིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བྲམ་ཟེ་ལུས་འཕགས་དང་བྲམ་ཟེའི་ཁྱེའུ་ལྷག་འཕགས། བྲམ་ཟེ་དེ་དག་གིས་དགུམ་པར་བགྱིས་པ་དང་། དེ་ཁོ་ནས་སྐྱོ་བར་གྱུར་ནས་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ་འདས་པའི་དུས་ན་ཡང་། འདི་གཉིས་བྲམ་ཟེ་འདི་རྣམས་ཀྱིས་གསད་པར་བྱས་ཏེ། དེ་དག་ཁོ་ནས་སྐྱོ་བར་གྱུར་ནས། རབ་ཏུ་བྱུང་སྟེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པ་དེ་ཉོན་ཅིག། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན།


DKG073_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བྲམ་ཟེ་ཞིག་གིས་མཆོད་སྦྱིན་བྱ་བར་བརྩམས་པ་ལས། མཆོད་སྦྱིན་བྱེད་པ་དེར་བྲམ་ཟེ་གཞན་ཞིག་གིས་འཐབ་མོ་བརྒལ་ཏེ་དེ་ཁྲོས་པས་བྲམ་ཟེ་དེ་ལ་ལག་ཆས་བསྣུན་ནས་བྲམ་ཟེ་དེ་ཡང་ལག་ཆས་བསྣུན་པ་དེས་ཤིའོ། །གཞི་དེ་ལས་བྲམ་ཟེ་ཐམས་ཅད་ཁྲོས་ཏེ། ཕྱིན་ཅད་ངེད་ཁྱོད་ཀྱིས་སྦྱིན་པ་ལོངས་སྤྱད་པར་མི་བྱེད་དོ་ཟེར་ཞིང་བྲམ་ཟེ་མ་ཡིན་པར་རྩིས་ནས་དམོད་པ་ལ་ཞུགས་ཏེ་གསད་པར་བྱས་སོ། །དེ་ནས་བྲམ་ཟེ་དེ་སྤད་གཉིས་བྲམ་ཟེ་དེ་དག་གིས་འཇིགས་ནས་བྲོས་ཏེ། དེ་གཉིས་དྲང་སྲོང་སྨྲ་བའི་གནས་སུ་སོང་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་རབ་ཏུ་བྱུང་ངོ་། །དེ་ནས་དེ་གཉིས་ཀྱིས་དེར་ཚེ་གཅིག་དུ་ཚངས་པར་སྤྱོད་པ་སྤྱད་པ་ལས། ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ནས་དེ་གཉིས་ཀྱིས་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་ཅག་གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་རབ་ཏུ་བྱུང་སྟེ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག། མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་བྲམ་ཟེ་སྤད་གཉིས་རབ་ཏུ་བྱུང་བ་གང་ཡིན་པ་དེ་གཉིས་ནི། བྲམ་ཟེ་ལུས་འཕགས་དང་ལྷག་འཕགས་འདི་སྤད་གཉིས་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་དེ་གཉིས་བྲམ་ཟེ་རྣམས་ཀྱིས་གསད་པར་བྱས་


DKG073_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཆི་བས་འཇིགས་ཤིང་སྐྲག་སྟེ་རབ་ཏུ་བྱུང་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དོ། །ད་ལྟར་ཡང་འདི་གཉིས་བྲམ་ཟེ་རྣམས་ཀྱིས་གསད་པར་བྱས་ནས་འཆི་བས་འཇིགས་ཤིང་སྐྲག་སྟེ། རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་གཉིས་དེར་རབ་ཏུ་བྱུང་སྟེ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ། བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་། ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་གཉིས་པ། སྟོན་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་ཏེ། དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེའི་བུ་སྔ་ཕྱིར་གཉིས་དང་གསུམ་དང་དེ་བཞིན་དུ་བུ་བདུན་བཙས་ནས་དེས་དེ་དག་གི་བཙས་སྟོན་རྒྱས་པར་བྱས་ཏེ། རིགས་དང་འཐུན་པར་མིང་བཏགས་ནས། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་གང་གི་ཚེ་དེ་དག་


DKG073_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་། ཁོང་རྩིས་དང་། ཤོད་དགོད་པ་དང་། ལག་རྩིས་དང་། དབྱུང་བ་དང་། སྦ་བ་དང་། དགྲམ་པ་དང་། གོས་བརྟག་པ་དང་། ནོར་བུ་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་། སྨན་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། གོ་མཚོན་བརྟག་པ་ལ་བསླབས་ཏེ། ཡི་གེ་མཁས་པ་དང་། ཀློག་མཁས་པ་དང་། མཛངས་པ་དང་། བྱ་བ་ལ་གསལ་བ་དང་། ཡིད་གཞུངས་པ་དང་། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །ཕྱི་ཞིག་ན་ཕས་དེ་དག་ལ་སྨྲས་པ། ངའི་ཚིག་གིས་ཁྱེད་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་རྟེན་ཆོས་ཤིག་དང་། དེས་ཁྱེད་ཚེ་འདི་དང་། ཚེ་ཕྱི་མའི་ཕན་པ་ལ་འཛུད་པར་བྱེད་དོ་ཞེས་བྱས་པ་ལས། དེའི་བུ་དྲུག་གིས་སྨྲས་པ། བདག་ཅག་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་རྟེན་བཅའ་ཅི་དགོས་ཞེས་ཟེར་ནས། དེའི་ཚིག་མ་མཉན་ཏེ་བུ་གཅིག་ནི། འོད་སྲུང་རྫོགས་བྱེད་ལ་དགའ་བར་གྱུར་ཏོ། །གཉིས་པ་ནི་ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་ལ་དགའ་བར་གྱུར་ཏོ། །གསུམ་པ་ནི་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ལ་དགའ་བར་གྱུར་ཏོ། །བཞི་པ་ནི་མི་འཕམ་སྐྲའི་ལ་བ་ཅན་ལ་དགའ་བར་གྱུར་ཏོ། །ལྔ་པ་ནི་ཀ་ཏྱའི་བུ་ནོག་ཅན་ལ་དགའ་བར་གྱུར་ཏོ། །དྲུག་པ་ནི་གཅེར་བུ་པ་གཉེན་གྱི་བུ་ལ་དགའ་བར་གྱུར་ཏོ། །བདུན་པ་ནི་ཕའི་ངག་མཉན་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་རྟེན་བཅས་ཏེ། དེས་དེ་ལ་བརྟེན་པས་ཞིག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགའ་བར་གྱུར་ཏེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེའི་བུ་ཆེ་བས་འོད་སྲུང་རྫོགས་བྱེད་གཡར་དྲངས་ཏེ་ཟན་བྱིན་ནོ། །གཉིས་པས་ནི་ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་གཡར་དྲངས་ཏེ་ཟན་བྱིན་ནོ། །གསུམ་པས་ནི་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་གཡར་དྲངས་ཏེ་ཟན་བྱིན་ནོ། །བཞི་པས་ནི་མི་འཕམ་སྐྲའི་ལ་བ་ཅན་གཡར་དྲངས་ཏེ་ཟན་བྱིན་ནོ། །ལྔ་པས་ནི་ཀ་ཏྱའི་བུ་ནོག་ཅན་གཡར་དྲངས་ཏེ་ཟན་བྱིན་ནོ། །དྲུག་པས་གཅེར་བུ་པ་གཉེན་གྱི་བུ་གཡར་དྲངས་ཏེ་ཟན་བྱིན་ནོ། །དེ་ནས་བུ་བདུན་པས་ཕུ་བོ་དེ་དག་ལ་སྨྲས་པ། ཁྱེད་


DKG073_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རང་རང་གི་སྟོན་པ་ལ་ཟན་བྱིན་ཏེ། བདག་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་བཤོས་གསོལ་གྱིས། དེར་ཁྱེད་ཀུན་གྱིས་ཀྱང་བདག་གི་གྲོགས་གྱིས་ཤིག་ཅེས་བྱས་ནས། ཁྱེའུ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་སོ། །སྤྱན་དྲངས་ནས་དེ་ཉིད་ཀྱི་ནུབ་མོ་བཟའ་བ་དང་བཅའ་བ་གཙང་མ་མང་པོ་སྟ་གོན་བྱས་ཏེ། ནང་པར་སྔར་ལངས་ནས། གདན་བཤམས་ཏེ་ཆུ་ར་བཀང་སྟེ་བཞག་ནས་བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། ཁྱིམ་བདག་གི་བུ་དེའི་བཀང་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་དེ་དང་བུ་འཁོར་དང་བཅས་པས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་ཞིག་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། གསང་སྡེར་ནི་གྱུ་ཕྱག་ནི་བཅབས་པར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་བུ་དང་འཁོར་དང་བཅས་པའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱིམ་བདག་དེ་བུ་དང་འཁོར་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་ཁྱིམ་བདག་དེས་བདེན་པ་མཐོང་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་


DKG073_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་བརྟེན་ནས་བདག་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་རྣམས་ལས་ནི་ཕྱུང་། ལྷ་དང་མིའི་ནང་དུ་ནི་གོམ་པ་འདོར་དུ་སྩལ། ཁྲག་དང་མཆི་མའི་རྒྱ་མཚོ་རྣམས་ནི་བསྐམས། རུས་པའི་རི་རྣམས་ནི་བསྒྲལ། ངན་སོང་གི་སྒོ་རྣམས་ནི་བཅད་མཐོ་རིས་དང་ཐར་པའི་སྒོ་རྣམས་ནི་ཕྱེ། ཡུན་རིང་པོ་ནས་གོམས་པའི་ཉོན་མོངས་པ་རྣམས་ནི་མཐར་གཏུགས་ཏེ། ཞི་བ་དང་སྤངས་པ་དང་བོར་བར་གྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བདག་ཇི་སྲིད་འཚོའི་བར་དུ་དགེ་སློང་གི་དགེ་འདུན་དང་ལྷན་ཅིག་ཏུ་བདག་ལས་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་གསོས་དང་སྨན་ཟོང་རྣམས་བཞེས་པར་གནང་བར་མཛད་དུ་གསོལ། བཀའ་སྩལ་པ། ཁྱིམ་བདག་གཞན་དག་གི་དོན་ཡང་བྱ་དགོས་ཀྱིས་ཐོང་ཤིག་ཅེས་བཀའ་སྩལ་པ། བཅོམ་ལྡན་འདས་སླར་གཤེགས་སོ། །བཅོམ་ཞིག་ལྡན་འདས་སླར་གཤེགས་ནས་ཁྱིམ་བདག་གི་བུས་བསམས་པ། བདག་གིས་ཁྱིམ་ན་གནས་པ་བཏང་ལ་རབ་ཏུ་བྱུང་ངོ་སྙམ་ནས་ཕ་མ་ལ་བཟླུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ་དེ་དགྲ་བཅོམ་པ་ཁམས་


DKG073_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཁྱིམ་བདག་འདིའི་བུ་དྲུག་ལྟ་བ་དུ་མ་འཚལ་ཏེ། ཕན་ཚུན་མི་འཐུན་པར་སྨྲ་བ་ལས་ནུ་བོ་ཐ་ཆུངས་ཀྱིས་ལྟ་བ་གཅིག་ཏུ་འཐུན་པ་ལ་བཀོད་ནས། དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། ཇི་ལྟར་འདས་པའི་དུས་ན་ཡང་སྤུན་དྲུག་པོ་འདི་རྣམས་ཕན་ཚུན་མི་འཐུན་པ་ལས། ནུ་བོ་ཐ་ཆུངས་འདི་ཁོ་ནས་གཅིག་ཏུ་འཐུན་པ་ལ་བཀོད་ནས། དེ་རྣམས་ཀྱང་དྲང་སྲོང་ལ་རབ་ཏུ་ཕྱུང་སྟེ། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཡུལ་དབུས་ཀྱི་རྒྱལ་པོ་བདུན་རང་རང་གི་ཡུལ་ན་རྒྱལ་པོ་བྱེད་པ་ལས། དེ་རྣམས་ཕན་ཚུན་མི་འཐུན་ཏེ་དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཡུལ་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱི་བློ་སྐྱེས་པ། བདག་གིས་ཉི་འོག་གི་རྒྱལ་པོ་འདི་དག་ཐམས་ཅད་ཐབས་ཅི་ཞིག་གིས་བསྡུམ་པར་བྱ་སྙམ་མོ། །དེའི་ཚེ་ཡུལ་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱི་ཡུལ་ན་དཀའ་ཐུབ་ཀྱི་གནས་ཞིག་ན། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བསམས་པ། བདག་གིས་དྲང་སྲོང་དེ་ལ་བཅོལ་ན། དེས་འདི་རྣམས་ཀྱི་བསྡུམས་བྱེད་ནུས་པར་


DKG073_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་སྙམ་ནས། དྲང་སྲོང་དེ་ག་ལ་འདུག་པ་དེར་སོང་སྟེ་རྐང་པ་ལ་ཕྱག་འཚལ་ནས་སྨྲས་པ། ཉི་འོག་གི་རྒྱལ་པོ་དྲུག་པོ་འདི་དག་ཐམས་ཅད་ནི་ཕན་ཚུན་མི་འཐུན་ཏེ། དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་བས་ན་ཁྱོད་ཀྱིས་ཐམས་ཅད་བསྡུམ་པར་རིགས་སོ་ཞེས་བྱས་སོ། །དེ་ནས་དྲང་སྲོང་དེས་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་ལ་ཅང་མི་སྨྲ་བས་གནང་ངོ་། །དེ་ནས་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱིས། དྲང་སྲོང་དེས་ཅང་མི་སྨྲ་བས་གནང་བར་རིག་ནས་རྐང་པ་ལ་ཕྱག་འཚལ་ཏེ་སོང་ངོ་། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་དྲུག་པོ་རྣམས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ། ཡུལ་བཱ་རཱ་ཎ་སཱིར་ལྷགས་ནས། གྲོང་ཁྱེར་ཐམས་ཅད་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་བསྐོར་ཏེ་འཁོད་དོ། །དེ་ནས་ཞིག་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱིས་དྲང་སྲོང་དེ་ལ་སྦྲན་ཏེ། དེ་ཐོས་མ་ཐག་ཏུ་དྲང་སྲོང་དེ་གནས་དེ་ཁོ་ན་ནས་རྒྱལ་པོ་དྲུག་པོ་གང་ན་འཁོད་པ་དེར་ནམ་མཁའ་ལ་སོང་ངོ་། །དེ་ནས་དེ་མཐོང་མ་ཐག་ཏུ་རྒྱལ་རིགས་ཀྱི་རྒྱལ་པོ་དྲུག་པོ་དེ་རྣམས་དྲང་སྲོང་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་དྲང་སྲོང་ག་ལ་བ་དེར་དོང་སྟེ། ལྷགས་ནས་རྐང་པ་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །དེ་ནས་དྲང་སྲོང་དེས་དེ་དག་ལ་ཆོས་བསྟན་ནས་ཐམས་ཅད་མཇལ་དུམ་བྱེད་དུ་བཅུག་གོ །དེ་དག་གིས་མཇལ་དུམ་བྱས་ནས་དྲང་སྲོང་དེ་ཉིད་ཀྱི་ཐད་དུ་རབ་ཏུ་འབྱུང་བར་འདོད་པའི་སེམས་སྐྱེས་སོ། །དེ་ནས་དེ་དག་གིས་གཅིག་ལ་གཅིག་བཟླུགས་ནས་ཡུལ་ཡུལ་དུ་དོང་སྟེ། རང་རང་གི་བུ་རྒྱལ་པོར་བཅུག་ནས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས། དྲང་སྲོང་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་ངོ་། །དེ་དག་དེར་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་རྒྱལ་པོ་དྲུག་པོ་ཕན་ཚུན་མི་འཐུན་པར་གྱུར་པ་གང་ཡིན་པ་དེ་དག་ནི་སྤུན་དྲུག་པོ་ཕན་ཚུན་མི་འཐུན་པར་སྨྲ་བར་གྱུར་པ་འདི་དག་ཁོ་ན་ཡིན་ནོ། །


DKG073_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ནུ་བོ་ཐ་ཆུངས་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་དྲང་སྲོང་དེས་ཕན་ཚུན་མི་འཐུན་པ་དེ་དག་བསྡུམས་ནས་དེ་དག་ཀྱང་རབ་ཏུ་བྱུང་སྟེ། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །ད་ལྟར་ཡང་འདིས་སྤུན་དྲུག་པོ་ཕན་ཚུན་ལྟ་བ་མི་འཐུན་པར་སྨྲ་བ་རྣམས་ལྟ་བ་གཅིག་ཏུ་འཐུན་པར་བྱས་ཏེ། དེ་དག་ཀྱང་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཁྱིམ་བདག་བུ་དང་གཡོག་འཁོར་དུ་བཅས་པ་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་ཞིག་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། བཅོམ་ལྡན་འདས་ཀྱང་འདི་རྣམས་ཀྱིས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་བུ་བདུན་ཡང་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཅོམ་ལྡན་འདས་འདི་རྣམས་ཀྱིས་གང་དུ་སྨོན་ལམ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན། ཁྱིམ་བདག་ཅིག་གནས་པ་དེའི་བུ་སྤུན་དྲུག་ཕན་ཚུན་ལྟ་བ་མི་འཐུན་པར་སྨྲ་བར་གྱུར་ཏོ། །ཁྱིམ་བདག་དེའི་བུ་ཐ་ཆུངས་ནི་སངས་རྒྱས་ལ་དགའ་སྟེ། དེས་ཕུ་བོ་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་བཙུད་ནས། དེ་དག་ཐམས་ཅད་ཀྱིས་ཕ་མ་ལ་གསོལ་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ནས། དེ་དག་གིས་དེར་ཚེ་གཅིག་


DKG073_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །ཁྱིམ་བདག་དེས་ཀྱང་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས། ཞིག་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཀར་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག །དེའི་ཚེ་ཡང་བུ་བདུན་པོ་འདི་དག་ཉིད་བདག་གི་བུར་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་ཁྱིམ་བདག་འདི་ཁོ་ན་ཡིན་ཏེ། དེས་དེར་སྦྱིན་པ་དག་བྱིན་ཅིང་བསོད་ནམས་དག་བྱས་ནས། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་ཏེ་འཆི་ཀར་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། འདི་དག་ཀྱང་འདིའི་བུ་ཁོ་ནར་གྱུར་ཏོ། །བུ་འདི་རྣམས་ཀྱིས་ཀྱང་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་


DKG073_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།འོད་སྲུང་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་སོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དགོན་པའི་གནས་མལ་ཞིག་ཏུ་ཡུན་རིང་དུ་ལོན་ཏེ། སྐྲ་དང་ཁ་སྤུ་རིང་ཞིང་གོས་རྙིངས་པར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་ཞིག་དུ་མའི་གུང་ལ་བཞུགས་ཏེ། དགེ་སློང་གི་དགེ་འདུན་ལ་ཆོས་སྟོན་ཏོ། །དེ་ནས་དགེ་སློང་དེ་དག་གིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཐག་རིང་པོ་ཞིག་ནས་མཐོང་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བརྙས་པའི་སེམས་སྐྱེས་ཏེ། ཚེ་དང་ལྡན་པ་དགེ་སློང་སྐྲ་དང་ཁ་སྤུ་རིང་ཞིང་གོས་ངན་ལ་མ་བརྟགས་པའི་ཆ་ལུགས་ཅན་འདི་ག་ལས་འོངས་ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་དེ་དག་གི་བསམ་པ་ཐུགས་ཀྱིས་མཁྱེན་ནས། དགེ་སློང་འོད་སྲུང་འདི་ནི་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། ངའི་བསྟན་པའི་དོན་བྱེད་པར་འགྱུར་ཏེ། མདོ་སྡེ་དང་ཆོས་མངོན་པ་དང་འདུལ་བ་ཡང་དག་པར་སྡུད་པར་འགྱུར་བ་ཡིན་ལ། དགེ་སློང་འདི་རྣམས་ཀྱིས་ནི་འདི་ལ་ཤིན་ཏུ་བརྙས་པའི་སེམས་བསྐྱེད་ཀྱིས། མ་ལ་ངས་འདི་རྣམས་ལ་གྱོད་གདབ་པར་བྱའོ། །འོན་ཀྱང་འདི་ལྷ་དང་མི་དང་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་འགྱུར་རོ་སྙམ་དུ་དགོངས་ནས། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ཁྱེད་ཀྱིས་དགེ་སློང་འདི་ལ་ཤིན་ཏུ་བརྙས་པའི་སེམས་མ་སྐྱེད་ཅིག །འདི་ནི་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ངའི་བསྟན་པའི་དོན་བྱེད་པར་འགྱུར་ཏེ། སྡེ་སྣོད་གསུམ་ཡང་དག་པར་སྡུད་པར་བྱེད་ཅིང་། ཆོས་ཀྱི་ཚུལ་འཕེལ་བར་བྱེད་དོ་ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་ཚུར་ཤོག་འོད་སྲུང་འོངས་པ་ལེགས་སོ། །སྟན་ཕྱེད་འདི་ལ་འདུག་ཤིག །བདག་ཅག་གཉིས་ལས་ཁྱོད་སྔར་རབ་ཏུ་བྱུང་ངམ། ང་སྔར་རབ་ཏུ་བྱུང་བ་བརྟག་གོ་ཞེས་བཀའ་


DKG073_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ཏོ། །དེ་ནས་དགེ་སློང་དེ་དག་འཇིགས་ཤིང་སྐྲག་ལ་འགྱོད་དེ་སྐྱི་བུང་ཞེས་བྱེད་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དེ་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། ད་སྟོན་པས་ཉན་ཐོས་ལ་གདན་གྱི་ཕྱེད་བསྟབས་པ་ནི་ངོ་མཚར་ཏོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ཞིག་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས། བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །བདེ་བར་གཤེགས་པ་ནི་བདག་གི་སྟོན་པ་ལགས། བདག་ནི་བདེ་བར་གཤེགས་པའི་ཉན་ཐོས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ང་ནི་འོད་སྲུང་ཁྱོད་ཀྱི་སྟོན་པ་ཡིན། ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ། །འོད་སྲུང་ཁྱོད་བདག་གི་སྟན་གང་ཡིན་པ་ལ་འདུག་ཤིག །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷག་པར་ཡང་སྐྱོ་བ་བསྐྱེད་པར་བཞེད་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཆོས་ཀྱིས་ཐོབ་པའི་ཆེ་བ་དང་རྒྱ་ཆེ་བ་ལ་གཞག་པར་བཞེད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི་གལ་ཏེ་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། །རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་། ང་ནི་གནས་དེས་ཉིན་གཅིག་གམ། མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་གལ་ཏེ། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ། གནས་པར་འདོད་ན་


DKG073_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་ང་ནི་ཞིག་གལ་ཏེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ་དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ། གནས་པར་འདོད་ན་ཡང་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་གལ་ཏེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་། ནང་ཡོངས་སུ་དང་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ་དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་། དགེ་སློང་འོད་སྲུང་ཡང་གནས་དེས། ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་ང་ནི་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་། དྲན་པ་དང་ཤེས་བཞིན་ཅན་བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ། བཏང་སྙོམས་པའོ་ཞེས་བརྗོད་པ་དགའ་བ་མེད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་ང་ནི་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་གལ་ཏེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ། དགའ་བ་མེད་པ། བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ། གནས་པར་འདོད་ན་ཡང་དགེ་སློང་འོད་སྲུང་ཡང་གནས་


DKG073_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དེས། ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་ང་ནི་གལ་ཏེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཡོངས་སུ་རྫོགས་པར་བྱས་ཏེ། གནས་པར་འདོད་ན་ཡང་ང་ནི་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ། གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་འོད་སྲུང་ཡང་གལ་ཏེ་བདེ་བ་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་། དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་ང་ནི་གལ་ཏེ་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་རྒྱ་ཆེན་པོར་གྱུར་པ་གཉིས་སུ་མེད་པ་ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་དང་དེ་བཞིན་དུ་གཉིས་པ་དང་དེ་བཞིན་དུ་གསུམ་པ་དང་དེ་བཞིན་དུ་བཞི་པ་དང་བླ་དང་འོག་དང་ཐད་ཀར་རྣམ་པ་ཐམས་ཅད་དུ་འཇིག་རྟེན་འདི་དག་ཐམས་ཅད་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་རྒྱ་ཆེན་པོར་གྱུར་པ་གཉིས་སུ་མེད་པ་ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ། ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པར་འདོད་ཞིག་ན་ཡང་། དགེ་སློང་དག་ང་ནི་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །


DKG073_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དག་དགེ་སློང་འོད་སྲུང་ཡང་གལ་ཏེ། བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་རྒྱ་ཆེན་པོར་གྱུར་པ་གཉིས་སུ་མེད་པ་ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ། ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ། གཉིས་སམ། གསུམ་འམ། ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དེ་བཞིན་དུ་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་ལྡན་པའི་སེམས་ཀྱང་དེ་དང་འདྲ་བར་རྒྱས་པར་བརྗོད་པར་བྱའོ། །དགེ་སློང་དག་ང་ནི་གལ་ཏེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་། ང་ནི་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ། གསུམ་འམ། ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་གལ་ཏེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ཡང་དག་པར་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ། གནས་པར་འདོད་ན་ཡང་དགེ་སློང་འོད་སྲུང་ཡང་གནས་དེས་ཞིག་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་ང་ནི་གལ་ཏེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་། ང་ནི་གནས་དེས་ཉིན་གཅིག་


DKG073_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གམ་མཚན་གཅིག་གམ། གཉིས་སམ། གསུམ་འམ། ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་། དགེ་སློང་དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་་གཅིག་གམ། གཉིས་སམ། གསུམ་འམ། ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་ང་ནི་གལ་ཏེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་། ང་ནི་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་མམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་གལ་ཏེ་རྣམ་པ་ཐམས་ཅད་དུ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་། དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་མམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་ང་ནི་གལ་ཏེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ། གནས་པར་འདོད་ན་ཡང་། ང་ནི་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་མམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་གལ་ཏེ། རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་། དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་


DKG073_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གཅིག་གམ་གཉིས་སམ་གསུམ་མམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །དགེ་སློང་དག་ང་ནི་གལ་ཏེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་མྱོང་བར་བྱེད་པ་འདོད་ན་ཡང་། ང་ནི་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང་སྣང་བར་གྱུར་ཅིང་མི་སྣང་བར་ཡང་འགྱུར་བའི་ཡེ་ཤེས་མཐོང་བ་མྱོང་བར་བྱེད་དོ། །རྩིག་པ་ལ་ཡང་ཐད་ཀར་འགྲོའོ། །རབ་ལ་ཡང་ཐད་ཀར་འགྲོའོ། །རི་ལ་ཡང་མི་ཐོགས་པར་ལུས་ཀྱིས་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱིའུ་ཐུལ་བྱེད་དེ། ཟླ་བ་དང་ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བ་ལ་ཡང་ལག་པས་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱིས་དབང་སྒྱུར་རོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་གལ་ཏེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་མྱོང་བར་བྱེད་འདོད་ན་ཡང་། དགེ་སློང་འོད་སྲུང་ཡང་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང་། སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་བའི་ཡེ་ཤེས་མཐོང་བ་མྱོང་བར་བྱེད་དོ། །རྩིག་པ་ལ་ཡང་ཐད་ཀར་འགྲོའོ། །ར་བ་ལ་ཡང་ཐད་ཀར་འགྲོའོ། །རི་ལ་ཡང་མི་ཐོགས་པར་ལུས་ཀྱིས་འགྲོ་སྟེ་དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱིའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་མི་ནུབ་པར་འགྲོ་སྟེ་དཔེར་ན་ས་ཆེན་པོ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་འཆའ་བར་བྱེད་དེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཟླ་བ་དང་ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་ལྟར་གཟི་བརྗིད་ཆེ་བ་ལ་ཡང་ལག་པས་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱིས་དབང་སྒྱུར་རོ། །དགེ་སློང་དག་ངས་


DKG073_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལྷའི་སྙན་རྣམ་པར་དག་པ། མི་ལས་འདས་པས་མི་དང་མི་མ་ཡིན་པ་གཉི་གའི་སྒྲ་ཡང་རིང་བ་གང་ཡིན་པ་དང་ཉེ་བ་གང་ཡིན་པ་ཡང་ཐོས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་གིས་ཀྱང་ལྷའི་སྙན་རྣམ་པར་དག་པ། མི་ལས་འདས་པས་མི་དང་མི་མ་ཡིན་པ་གཉི་གའི་སྒྲ་ཡང་རིང་བ་གང་ཡིན་པ་དང་ཉེ་བ་གང་ཡིན་པ་ཡང་ཐོས་སོ། །དགེ་སློང་དག་ངས་ནི། སེམས་ཅན་ཕ་རོལ་རྣམས་དང་གང་ཟག་ཕ་རོལ་རྣམས་ཀྱི་རྟོག་པ་དང་དཔྱོད་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཀྱིས་ཤེས་སོ། །འདོད་ཆགས་དང་བཅས་པའི་སེམས་དང་འདོད་ཆགས་དང་བྲལ་བའི་སེམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པའི་སེམས་དང་ཞེ་སྡང་དང་བྲལ་བའི་སེམས་དང་། གཏི་མུག་དང་བཅས་པའི་སེམས་དང་། གཏི་མུག་དང་བྲལ་བའི་སེམས་དང་། བསྡུས་པ་དང་། འཕྲོས་པ་དང་། ཞུམ་པ་དང་། བསྡམས་པ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། ཆེན་པོར་གྱུར་པ་དང་། རྣམ་པར་ཞི་བ་དང་། རྣམ་པར་མ་ཞི་བ་དང་། མཉམ་པར་བཞག་པ་དང་། མཉམ་པར་མ་གཞག་པ་དང་། བསྒོམས་པ་དང་། མ་བསྒོམས་པ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་མ་གྲོལ་བའི་སེམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ལ་ཡང་ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་གིས་ཀྱང་སེམས་ཅན་ཕ་རོལ་རྣམས་དང་། གང་ཟག་ཕ་རོལ་རྣམས་ཀྱི་རྟོག་པ་དང་དཔྱོད་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཀྱིས་ཤེས་སོ། །འདོད་ཆགས་དང་བཅས་པའི་སེམས་དང་། འདོད་ཆགས་དང་བྲལ་བའི་སེམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པའི་སེམས་དང་། ཞེ་སྡང་དང་བྲལ་བའི་སེམས་དང་། གཏི་མུག་དང་བཅས་པའི་སེམས་དང་། གཏི་མུག་དང་བྲལ་བའི་སེམས་དང་། བསྡུས་པ་དང་། འཕྲོས་པ་དང་། ཞུམ་པ་དང་། བསྡམས་པ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། ཆེན་པོར་གྱུར་པ་དང་། རྣམ་པར་ཞི་བ་དང་།


DKG073_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མ་ཞི་བ་དང་། མཉམ་པར་གཞག་པ་དང་། མཉམ་པར་མ་གཞག་པ་དང་། བསྒོམས་པ་དང་། མ་བསྒོམས་པ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་མ་གྲོལ་བའི་སེམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ལ་ཡང་ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དགེ་སློང་དག་ངས་ནི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། འདི་ལྟ་སྟེ་སྐྱེ་བ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་། སྐྱེ་བ་འབུམ་དང་། སྐྱེ་བ་བརྒྱ་ཕྲག་དུ་མ་དང་། སྐྱེ་བ་སྟོང་ཕྲག་དུ་མ་དང་། སྐྱེ་བ་འབུམ་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འཆགས་པའི་བསྐལ་པ་དུ་མ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་དང་། སེམས་ཅན་དེ་དག་ནི་མིང་འདི་ཞེས་བྱ་བར་གྱུར། ག་གེ་མོ་ཞིག་ན་བདག་མིང་འདི་ཞེས་བྱ་བར་གྱུར། རིགས་ནི་འདི་ཞེས་བྱ་རུས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེ་ནི་འདི་ལྟར་རིང་། ཚེ་ནི་འདི་ཙམ་ཞིག་ཐུབ། ང་དེ་ནས་ཤི་འཕོས་ནས་ག་གེ་མོ་ཞིག་ཏུ་སྐྱེས། ག་གེ་མོ་ཞིག་ནས་ཡང་ཤི་འཕོས་ནས་ཡང་འདི་ལྟ་བུ་ཞིག་ཏུ་སྐྱེས་སོ་སྙམ་དུ་རྣམ་པ་དང་བཅས་པ་དང་། ཡུལ་ཕྱོགས་དང་བཅས་པ་དང་། གཏན་ཚིགས་དང་བཅས་པར་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ནོ། །དགེ་སློང་དག་དགེ་སློང་འོད་སྲུང་གིས་ཀྱང་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ་འདི་ལྟ་སྟེ། སྐྱེ་བ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་


DKG073_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དང་། སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་། སྐྱེ་བ་འབུམ་དང་། སྐྱེ་བ་བརྒྱ་ཕྲག་དུ་མ་དང་། སྐྱེ་བ་སྟོང་ཕྲག་དུ་མ་དང་། སྐྱེ་བ་འབུམ་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འཆགས་པའི་བསྐལ་པ་དུ་མ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་དང་། སེམས་ཅན་དེ་དག་ནི་མིང་འདི་ཞེས་བྱ་བར་གྱུར། ག་གེ་མོ་ཞིག་ན་བདག་མིང་འདི་ཞེས་བྱ་བར་གྱུར། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེ་ནི་འདི་ལྟར་རིང་། ཚེ་ནི་འདི་ཙམ་ཞིག་ཐུབ། ང་དེ་ནས་ཤི་འཕོས་ནས་ག་གེ་མོ་ཞིག་ཏུ་སྐྱེས་ག་གེ་མོ་ཞིག་ནས་ཤི་འཕོས་ནས་ཡང་འདི་ལྟ་བུ་ཞིག་ཏུ་སྐྱེས་སོ་སྙམ་དུ་རྣམ་པ་དང་བཅས་པ་དང་། ཡུལ་ཕྱོགས་དང་བཅས་པ་དང་། གཏན་ཚིགས་དང་བཅས་པར་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ནོ། །དགེ་སློང་དག་ངས་ནི་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས། སེམས་ཅན་རྣམས་འཆི་འཕོ་ཞིང་འདུག་པ་དང་། སྐྱེ་ཞིང་འདུག་པ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། བཟང་པོ་དང་ངན་པ་དང་། བདེ་འགྲོར་འགྲོ་བ་དང་། ངན་འགྲོར་འགྲོ་བ་ཡང་རུང་སྟེ། སེམས་ཅན་རྣམས་ལས་ཇི་ལྟ་བ་བཞིན་དུ་འགྲོ་བ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་ཡིན། ངག་གིས་ཉེས་པར་སྤྱོད་པ་དང་ལྡན་པ་ཡིན། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་ཡིན། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ཡིན། ལོག་པར་ལྟ་བ་ཡིན་ཏེ། ལོག་པར་ལྟ་བའི་ལས་དང་ཆོས་ཡང་དག་པར་བླངས་པའི་རྒྱུ་དེ་དང་རྐྱེན་དེས་ན་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་ཡིན། ངག་གིས་


DKG073_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་སྤྱོད་པ་དང་ལྡན་པ་ཡིན། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་ཡིན། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་ཡིན། ཡང་དག་པར་ལྟ་བ་ཡིན་ཏེ། ཡང་དག་པར་ལྟ་བའི་ལས་དང་ཆོས་ཡང་དག་པར་བླངས་པའི་རྒྱུ་དེ་དང་རྐྱེན་དེས་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བར་མཐོང་ངོ་། །དགེ་སློང་དག་དགེ་སློང་འོད་སྲུང་གིས་ཀྱང་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་རྣམས་འཆི་འཕོས་ཤིང་འདུག་པ་དང་། སྐྱེ་ཞིང་འདུག་པ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། བཟང་པོ་དང་ངན་པ་དང་། བདེ་འགྲོར་འགྲོ་བ་དང་། ངན་འགྲོར་འགྲོ་བ་ཡང་རུང་སྟེ། སེམས་ཅན་རྣམས་ལས་ཅི་ལྟ་བ་བཞིན་དུ་འགྲོ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་ཡིན། ངག་གིས་ཉེས་པར་སྤྱོད་པ་དང་ལྡན་པ་ཡིན། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་ཡིན། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ཡིན། ལོག་པར་ལྟ་བ་ཡིན་ཏེ། ལོག་པར་ལྟ་བའི་ལས་དང་ཆོས་ཡང་དག་པར་བླངས་པའི་རྒྱུ་དེ་དང་རྐྱེན་དེས་ན་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་ཡིན། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ་ཡིན། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་ཡིན། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་ཡིན། ཡང་དག་པར་ལྟ་བ་ཡིན་ཏེ། ཡང་དག་པར་ལྟ་བའི་ལས་དང་ཆོས་ཡང་དག་པར་བླངས་པའི་རྒྱུ་དེ་དང་རྐྱེན་དེས་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་མཐོང་ངོ་། །དགེ་སློང་དག་ངས་ནི་ཚེ་འདི་ཉིད་ལ་ཟག་པ་རྣམས་ཟད་པས། ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བ། རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་བདག་གི་སྐྱེ་བ་ནི་ཟད་དོ། །


DKG073_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པར་སྤྱོད་པ་ནི་སྤྱད་ཟིན་ཏོ། །བྱ་བ་ནི་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་དུ་ཉམས་སུ་མྱོང་ངོ་། །དགེ་སློང་དག་དགེ་སློང་འོད་སྲུང་གིས་ཀྱང་ཚེ་འདི་ཉིད་ལ་ཟག་པ་རྣམས་ཟད་པས། ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བ། རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས། བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་སྤྱད་ཟིན་ཏོ། །བྱ་བ་ནི་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་དུ་ཉམས་སུ་མྱོང་ངོ་། །དེར་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་བརྒྱ་ཕྲག་དུ་མའི་ནང་དུ་བདག་ཉིད་དང་འདྲ་བར་ཆེ་བ་དང་རྒྱ་ཆེ་བ་ལ་བཞག་པ་དེའི་ཚེ། ལྷག་པར་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་བླ་མར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་གང་གི་ཚེ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བདག་ཉིད་དང་འདྲ་བར་ཆེ་བ་དང་རྒྱ་ཆེ་བ་ལ་བཞག་པ། དེའི་ཚེ་ལྷག་པར་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་བླ་མར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། ཇི་ལྟར་འདས་པའི་དུས་ན་ཡང་། གང་གི་ཚེ་ངས་འདི་ལ་བཀུར་སྟི་བྱས་པ་དེའི་ཚེ། ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་ཀྱི་བླ་མར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་མི་མང་པོས་གང་བ་དང་རྩོད་པ་དང་འཐབ་པ་ཞི་བ་དང་འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་པ་དང་ནད་དང་མུ་གེ་མེད་པ་དང་འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བྱས་སོ། །རྒྱལ་པོ་དེ་ལ་བཙུན་མོ་མང་སྟེ་བཙུན་མོ་ལྔ་བརྒྱ་ཡོད་དོ། །དེ་དག་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་


DKG073_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཀྱང་བུ་མེད་ནས། བུ་འདོད་དེ་ལྷ་འོ་ཅོག་ལ་གསོལ་བ་འདེབས་སོ། །དེ་གསོལ་བ་འདེབས་པ་ལྷུར་བྱེད་ཀྱང་བུ་ཡང་མ་སྐྱེས། བུ་མོ་ཡང་མ་སྐྱེས་སོ། །རྒྱལ་པོ་དེ་ལ། བློན་པོ་ལྔ་བརྒྱ་ཡོད་ན་ཐམས་ཅད་ཀྱང་རྒྱགས་ཤིང་བག་མེད་པར་གནས་པ་ཤ་སྟག་གོ །དེའི་བློན་པོའི་མཆོག་མཛོད་ཅེས་བྱ་བ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་གཞུང་ལུགས་ཅན་དུལ་བ་དང་ལྡན་པ་བག་ཡོད་པ་ཞིག་ཀྱང་ཡོད་དོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན། ཉི་འོག་གི་རྒྱལ་པོ་ཞིག་དང་མི་འཐུན་པར་གྱུར་ནས། རྒྱལ་པོ་ཚངས་པས་བྱིན་གྱིས་བསམས་པ། བདག་གིས་བློན་པོ་གང་ཉི་འོག་གི་ཡུལ་དེར་བཞག་ན། རྒྱལ་པོ་དེ་དང་མཇལ་དུམ་བྱས་ནས། ཡུལ་སྲུང་ནུས་པར་འགྱུར་ཞིག་གུ་སྙམ་མོ། །དེ་ནས་དེས་བལྟས་ན་བློན་པོའི་མཆོག་མཛོད་ཅེས་བྱ་བ། མཁས་ཤིང་གསལ་ལ་ཡིད་གཞུངས་པ། གཞུང་ལུགས་ཅན་དུལ་བ་དང་ལྡན་པ། བག་ཡོད་པ་ཞིག་འདུག་པ་དེས་རྒྱལ་པོ་དེ་དང་མཇལ་དུམ་བྱས་ནས། བདག་གི་ཡུལ་སྲུང་ནུས་པར་འགྱུར་རོ་སྙམ་ནས། རྒྱལ་པོ་དེས་དེ་མཐའ་འཁོབ་རི་ཁྲོད་ཀྱི་ཡུལ་དེར་བསྐོས་ཏེ། ཁྱོད་སོང་ལ་དེར་འདུག་སྟེ་ངའི་ཡུལ་སྲུངས་ཤིག །དེས་གསོལ་པ། ལྷས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ་ཞེས་སྨྲས་ནས། དེ་རི་ཁྲོད་དེར་སོང་ནས་འདུག་གོ །དེ་དེར་སོང་ནས་ཀྱང་ཉི་འོག་གི་ཡུལ་དེ་བཟུང་ནས། ཅི་ནས་ཡུལ་དེར་གནོད་པ་ཅུང་ཟད་ཀྱང་བྱེད་མི་ནུས་པར་བྱས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཚངས་པས་བྱིན་རྒས་པའི་འོག་ཏུ་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་འགྲོ་ནུས་པར་གྱུར་པ་དེའི་ཚེ་རྒྱལ་པོ་སེམས་པ་ལ་ཞུགས་ཏེ། ད་ནི་བདག་རྒས་པས་རིང་པོ་མི་ཐོགས་པར་འཆི་བར་འགྱུར་ན། བདག་འདས་པའི་འོག་ཏུ་བྱིས་པ་གཞོན་ནུ་འདིས། རྒྱལ་སྲིད་


DKG073_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མི་ནུས་ན་འདིས་ན་བདག་ཤི་བའི་འོག་ཏུ། བདག་གི་བློན་པོའི་ནང་ན་གང་ཞིག་གིས་བདག་གི་བུ་དང་རྒྱལ་སྲིད་སྲུང་ནུས་ཞིག་གུ་སྙམ་མོ། །དེ་ནས་དེས་བལྟས་ན་བློན་པོ་ལྔ་བརྒྱ་པོ་ཐམས་ཅད་ནི་རྒྱགས་ཤིང་བག་མེད་པར་གནས་ན། གཞན་སུ་ཡོད་སྙམ་སྟེ། བརྟགས་ན་བློན་པོའི་མཆོག་མཛོད་ཅེས་བྱ་བ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་གཞུང་ལུགས་ཅན་དུལ་བ་དང་ལྡན་པ་བག་ཡོད་པ་དེས་ནི་བདག་འདས་པའི་འོག་ཏུ་བུ་དང་རྒྱལ་སྲིད་སྲུང་ནུས་སོ་སྙམ་མོ། །དེ་ནས་དེས་བསམས་པ། བདག་གིས་ཅི་ནས་དེ་ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་ཀྱིས་བཀུར་བར་འགྱུར་བ་དེ་ལྟ་བུར་བཀུར་སྟི་བྱའོ་སྙམ་ནས་རྒྱལ་པོ་དེས་དེ་ལ་ཕོ་ཉ་བཏང་སྟེ། ང་ཁྱོད་དང་ཕྲད་པར་འདོད་ཀྱིས་ཤོག་ཅིག་ཅེས་སྤྲིང་ངོ་། །དེ་ནས་བློན་པོའི་མཆོག་མཛོད་ཅེས་བྱ་བས་དེ་ཐོས་མ་ཐག་ཏུ་བཱ་རཱ་ཎ་སཱིར་ཆས་སོ། །རྒྱལ་པོ་དེས་ཀྱང་དེ་ལ་བཀུར་སྟི་བྱ་བའི་ཕྱིར། ལམ་དང་གྲོང་ཁྱེར་མཛེས་པར་བྱེད་དུ་བཅུག་ནས་རྒྱལ་པོ་དེས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས། རང་ཉིད་ཀྱིས་བློན་པོའི་མཆོག་མཛོད་ཅེས་བྱ་བ་བསུ་ནས། རྒྱལ་པོ་ཚངས་པས་བྱིན་གྱིས་བར་སྐབས་གང་དུ་དེ་དང་ཕྲད་པའི་བར་སྐབས་དེར། གླང་པོ་ཆེ་ལས་བབས་ནས་ཡང་དག་པར་དགའ་བར་བྱས་ཏེ། མགུལ་ནས་འཇུས་ནས་བཞོན་པ་གཅིག་ལ་ཞོན་ཏེ། འབྱོར་པ་ཆེན་པོ་དང་ལྡན་པས་གྲོང་ཁྱེར་བཱ་རཱ་ཎ་སཱིར་སོང་ནས་སྟན་གཅིག་ལ་འདུག་ཏུ་བཅུག་སྟེ་ཁ་ཟས་གཅིག་ཏུ་གཡོས་པ་དང་སྡེར་གཅིག་ཏུ་ཟན་ཟོས་ནས་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནོ། །བྱིན་ནས་ཀྱང་རྒྱལ་པོ་དེས་དེ་ལ་སྨྲས་པ། མཛོད་ད་ནི་ང་རྒས་ཏེ། རིང་པོར་མི་ཐོགས་པར་འཆི་བར་འགྱུར་ལ། བློན་པོ་ལྔ་བརྒྱ་པོ་འདི་རྣམས་ཀྱིས་ང་ཤི་བའི་འོག་ཏུ་རྒྱལ་པོ་བྱིས་པ་ཡིན་སྙམ་སྟེ། གཞོན་ནུ་ལ་བརྙས་པར་འགྱུར་དུ་འོང་ལ། ང་ཤི་བའི་འོག་ཏུ་ཁྱོད་ཀྱིས་བུ་དང་། རྒྱལ་སྲིད་སྲུང་ནུས་པས་ན་ངས་ཁྱོད་ལ་བུ་དང་རྒྱལ་སྲིད་གཏད་ཀྱིས། ང་ཤི་བའི་འོག་ཏུ་འདི་གཉིས་བསྲུང་བར་གྱིས་ཤིག་ཅེས་བྱས་


DKG073_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བློན་པོའི་མཆོག་མཛོད་ཀྱིས་གསོལ་པ། ལྷས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཚངས་བྱིན་ནད་ཀྱིས་ཐེབས་ནས། དེ་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་སྨན་རྣམས་ཀྱིས་རིམ་གྲོ་བྱས་ཀྱང་སོས་པར་བྱེད་མ་ནུས་ནས། དེས་རྒྱལ་བུ་རྒྱལ་སར་བཅུག་སྟེ། བློན་པོའི་མཆོག་མཛོད་ལ་གཏད་ནས་ཤི་བའི་འོག་ཏུ་རྒྱལ་པོའི་བུ་དང་ཡུལ་བསྲུངས་ནས་ཕྱོགས་སུ་བསྒྲགས་སོ། །དེ་ནས་དེས་རྒྱལ་པོ་བགྲེས་པོ་ཤི་བའི་འོག་ཏུ། དེས་དེའི་འདབ་བཏང་ནས་བློན་པོ་ལྔ་བརྒྱ་པོ་བསྡུས་ཏེ་བསྒོ་བ། ཁྱོད་ཇི་ལྟར་ཡང་རྒྱལ་པོ་བགྲེས་པོ་ནོངས་པས་གཞན་སུ་ཡང་བདག་ཅག་སྡུད་པ་མེད་དོ་སྙམ་དུ་མ་སེམས་ཤིག །ངས་ཁྱེད་ཀུན་ལ་ཡུལ་གྱི་བགོ་བཤའ་བྱའོ། །བདག་ཅག་གིས་ཅི་ནས་རྒྱལ་པོ་འདི་བྱིས་པ་ཡིན་ཡང་སུས་ཀྱང་མི་ཚུགས་པར་བྱའོ་ཞེས་བྱས་ནས། དེས་བློན་པོ་ལྔ་བརྒྱ་པོ་དེ་དག་ལ་ཡུལ་གྱི་བགོ་བཤའ་བྱས་སོ། །རྒྱལ་པོའི་བུ་དེ་ཡང་ནང་མི་དང་བཅས་པར་དེ་ཉིད་ཀྱིས་བསྲུངས་སོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། བློན་པོའི་མཆོག་མཛོད་ཀྱིས་གསོལ་པ། ལྷ་རྒྱལ་པོ་ཡབ་ཀྱིས་ལྷ་དང་རྒྱལ་སྲིད་བདག་ལ་གཏད་ནས། ཡབ་ནོངས་པའི་འོག་ཏུ་བདག་གིས་ལྷ་དང་རྒྱལ་སྲིད་བསྲུངས་སོ་ཞེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བློན་པོའི་མཆོག་མཛོད་ཅེས་བྱ་བར་གྱུར་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པར་གྱུར་པ་གང་ཡིན་པ་དེ་ནི་འོད་སྲུང་འདི་ཁོ་ན་ཡིན་ཏེ། དེར་ཡང་གང་གི་ཚེ་ངས་བཀུར་སྟི་ཆེན་པོས་བཀུར་སྟི་བྱས་པ་དེའི་ཚེ། ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་ཀྱི་བླ་མར་གྱུར་ཏོ། །ད་ལྟར་ཡང་གང་གི་ཚེ་ངས་འདི་ལ་བཀུར་སྟི་བྱས་ཏེ། བདག་ཉིད་དང་འདྲ་བར་ཆེ་བ་དང་རྒྱ་ཆེ་བ་ལ་བཞག་པ་དེའི་ཚེ་འདི་ནི་འཇིག་རྟེན་ཐམས་ཅད་ཀྱི་བླ་མར་གྱུར་ཏོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་གསུམ་པ། ཀུན་དགའ་བོ་ཞེས་བྱ་བ་ནི། གང་གི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་རབ་ཏུ་ཕྱུང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལོབས་ནས། བཅོམ་ལྡན་འདས་ཀྱིས་ཀྱང་།


DKG073_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པ་འཛིན་པ་རྣམས་དང་ཐོས་པ་བསགས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཡང་། བཅོམ་ལྡན་འདས་ཀྱིས་བདག་ཉིད་དང་འདྲ་བར་ཆེ་བ་དང་རྒྱ་ཆེ་བར་སྟོན་པ་དེའི་ཚེ། དེ་གཉི་ག་ལྷ་དང་བཅས་པའི་འཇིག་རྟེན་གྱི་བླ་མར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་འདི་ཉིད་ཀྱིས་ནི་ང་ཡོངས་སུ་མྱ་ངན་ལས་འདས་ནས་བསྟན་པའི་དོན་བྱེད་ནུས་པར་འགྱུར་ཏེ། གཅིག་གིས་ནི་ཐོས་པའི་མཛོད་སྲུང་བར་ནུས་སོ། །གཅིག་གིས་ནི་བསྟན་པའི་དོན་བྱེད་ནུས་པར་འགྱུར་རོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་དུ་ཆས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ། འདི་སྙམ་དུ་དགོངས་ཏེ་གལ་ཏེ་མི་རྣམས་འབའ་ཞིག་ལ་བསྟན་པ་གཏད་དེ། མི་མ་ཡིན་པ་རྣམས་ལ་མ་གཏད་ན་ཡང་ཡུན་རིང་དུ་གནས་པར་མི་འགྱུར་ལ། གལ་ཏེ་མི་མ་ཡིན་པ་རྣམས་འབའ་ཞིག་ལ་གཏད་དེ་མི་རྣམས་ལ་མ་གཏད་ན་ཡང་ཡུན་རིང་དུ་གནས་པར་མི་འགྱུར་གྱིས། མ་ལ་ངས་ལྷ་དང་མི་རྣམས་དང་དགེ་སློང་དེ་གཉིས་ལ་བསྟན་པ་གཏད་ན། ལྷ་དང་མི་རྣམས་ཀྱིས་ཀྱང་ཡོངས་སུ་གཟུང་ལ་དགེ་སློང་གཉིས་ཀྱིས་ཀྱང་ཡོངས་སུ་བཟུང་བས་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་ཁྱོད་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པའི་དོན་བྱས་ཏེ། སྡེ་སྣོད་གསུམ་ཡང་དག་པར་བསྡུས་ནས་དགེ་སློང་ཀུན་དགའ་བོས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་མ་བྱས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག །དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱང་དྲང་སྲོང་ཉི་མའི་གུང་རབ་ཏུ་མ་བྱུང་གི་བར་དུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག །དེ་ལ་ཡང་ཁྱོད་ཀྱིས་འདི་སྐད་ཅེས་གྱིས་ཤིག །ཀླུའི་རྒྱལ་པོ། ཧུ་ལུ་རུ་བཏུལ་ཏེ།


DKG073_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཆེའི་ཡུལ་བཙུགས་ནས་དེར་བསྟན་པ་གནས་པར་བྱས་ཏེ། རྒྱས་པར་བྱས་ནས་དེ་བཞིན་དུ་ཁྱིམ་བདག་གསོ་མ་ཅན་རབ་ཏུ་ཕྱུང་སྟེ། དེས་ཀྱང་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་ལ་ཁྱོད་ཀྱིས་ཐོས་པ་རྣམས་མ་གཏད་ཀྱི་བར་དུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག །གསོ་མ་ཅན་ལ་ཡང་འདི་སྐད་ཅེས་གྱིས་ཤིག །ཁྱོད་ཀྱིས་ཀྱང་ཀླུའི་རྒྱལ་པོ་གར་མཁན་དང་དཔའ་བོ་གཉིས་བཏུལ་ཏེ། གར་མཁན་དང་དཔའ་བོའི་དགོན་པའི་གནས་བཙུགས་ནས། དེ་བཞིན་དུ་ཡུལ་བཅོམ་བརླག་ཏུ་སྤོས་འཚོང་སྲུང་བ་ཞེས་བྱ་བ་ཞིག་ཡོད་དེ། དེའི་བུ་ཉེ་སྲུང་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་བ་དེ་རབ་ཏུ་ཕྱུང་ནས། དེས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། དེ་ལ་ཡང་ཐོས་པ་རྣམས་མ་གཏད་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག །ཉེ་སྲུང་ལ་ཡང་འདི་སྐད་ཅེས་གྱིས་ཤིག །ཁྱོད་ཀྱིས་ཀྱང་རིགས་ཀྱི་བུ་བློ་ལྡན་རབ་ཏུ་ཕྱུང་སྟེ་དེས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་ལ་ཡང་ཐོས་པ་རྣམས་མ་གཏད་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག །དེ་ལ་ཡང་འདི་སྐད་ཅེས་གྱིས་ཤིག །ཁྱོད་ཀྱིས་ཀྱང་ཡུལ་དམར་ཅན་གྱི་བུ་ཞེས་བྱ་བར་ཟས་དུག་ཅན་གྱི་བསམ་པ་མ་བྱས་ཀྱི་བར་དུ། ཡོངས་སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག་ཅེས་གྱིས་ཤིག་ཅེས་གསུངས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ། །དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་ཁྱོད་སོང་ལ་སོ་སོ་སྐྱེ་བོའི་དགེ་འདུན་དག་ཁྲིད་དེ་ལྗོངས་རྒྱུ་ཞིང་སོང་ཤིག་ང་ཡོངས་སུ་མྱ་ངན་ལས་འདས་པ་དང་དེའི་སྔ་རོལ་ཏུ་འཁྲུག་ལོང་བྱེད་པར་མི་འགྱུར་བར་གྱིས་ཤིག །


DKG073_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཙུན་པ་དེ་བཞིན་དུ་འཚལ་ལོ་ཞེས་བྱས་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སོ་སོ་སྐྱེ་བོའི་དགེ་འདུན་དག་ཁྲིད་དེ་ལྗོངས་རྒྱུ་ཞིང་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སོང་ནས་རིང་པོ་མ་ལོན་པར། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དགོངས་པ་བསྐྱེད་དེ། ཀྱེ་མ་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་དང་རྣམ་ཐོས་ཀྱི་བུ་རྣམས་ང་ལ་ལྟར་འོངས་ན་ལེགས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཅི་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞིའི་ལྷའི་ནང་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་དེ་དག་གིས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུད་པ་ལ་དང་ཀུ་མུ་ད་དང་པད་མ་དཀར་པོ་རྣམས་ཀྱིས་གཏོར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ། དེར་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་བཀའ་སྩལ་པ། དབང་པོ་དག་དེ་བཞིན་གཤེགས་པ་ནི་རིང་པོ་མི་ཐོགས་པར། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། ང་ཡོངས་སུ་མྱ་ངན་འདས་པའི་འོག་ཏུ། ཁྱེད་ཀྱིས་བསྟན་པ་བསྲུང་བར་གྱིས་ཤིག །དབང་པོ་དག་ལོ་སྟོང་འདས་པའི་འོག་ཏུ་བསྟན་པ་ནུབ་ཏུ་ཆ་བའི་ཚེ། འཇིག་རྟེན་ན་ཆོས་མ་ཡིན་པའི་ཤས་ཆེ་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ལས་ཡོངས་སུ་ཉམས་པར་གྱུར་པ་ན། འཛམ་བུའི་གླིང་དུ་མི་བདེ་བའི་རླུང་ལྡང་བར་འགྱུར་ཏེ། མི་བདེ་བའི་རླུང་ལངས་པས་ཆར་འབབ་པར་མི་འགྱུར་རོ། །ཆར་མ་བབ་པས་ཆུ་ཀླུང་དང་ཁྲོན་པ་རྣམས་ཆུ་ཉུང་བར་འགྱུར་ཞིང་ཤིང་ལྗོན་པ་རྣམས་ཀྱང་མེ་ཏོག་དང་འབྲས་བུ་མེད་པར་འགྱུར་རོ། །ལོ་ཏོག་རྣམས་ཀྱང་འབྲས་བུ་མེད་པ་དང་མཐུ་མེད་པར་འགྱུར་ལ། དེ་དག་ཀྱང་སེར་བས་མེད་པར་བྱེད་དོ། །འབྲུ་རྣམས་ཀྱང་མ་རུང་བར་གྱུར་པས་མུ་གེ་འབྱུང་བར་འགྱུར་རོ། །མུ་གེ་བྱུང་ནས་མི་རྣམས་


DKG073_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སུ་ཁྲེ་རྒོད་ཟ་བར་འགྱུར་ཏེ། ཉམ་སྟོབས་ཆུང་ཞིང་གཟི་བྱིན་ཆུང་བར་འགྱུར་རོ། །ཤ་ཀའི་མི་དང་ཡ་བ་ན་དང་བ་ལྷི་ཀ་དང་རྒྱལ་པོ་དང་ཆོམ་རྐུན་གྱིས་འཇིག་རྟེན་རྣམས་ལ་གནོད་པ་བྱེད་པར་འགྱུར་རོ། །ཤ་ཀའི་མི་དང་ཡ་བ་ན་དང་བ་ལྷི་ཀ་དང་རྒྱལ་པོ་དང་ཆོམ་རྐུན་གྱིས་གནོད་པ་བྱས་ནས་དེ་བཞིན་གཤེགས་པའི་གཙུག་ཏོར་དང་མཆེ་བ་དང་ལྷུང་བཟེད་མཆོད་རྟེན་དང་འདྲ་བ་རྣམས་ཤར་ཕྱོགས་ཀྱི་ཡུལ་དུ་ཁྱེར་བའི་འོག་ཏུ་ལྷོ་ཕྱོགས་ནས་མཐའ་འཁོབ་ཀྱི་རྒྱལ་པོ་ཤ་ཀ་ཞེས་བྱ་བ་གཡོག་འཁོར་འབུམ་དང་ལྡན་པ་འོང་བར་འགྱུར་ཏེ། དགེ་འདུན་གྱི་གཙུག་ལག་ཁང་རྣམས་འཇིག་པར་བྱེད་ཅིང་། མཆོད་རྟེན་རྣམས་འདྲལ་བར་བྱེད་ལ་དགེ་སློང་རྣམས་ཀྱང་གསོད་པར་བྱེད་དོ། །ནུབ་ཕྱོགས་ནས་ནི་མཐའ་འཁོབ་ཀྱི་རྒྱལ་པོ་བ་ལྷི་ཀ་ཞེས་བྱ་བ་གཡོག་འཁོར་འབུམ་དང་ལྡན་པ་འོང་བར་འགྱུར་ཏེ། དགེ་འདུན་གྱི་གཙུག་ལག་ཁང་རྣམས་འཇིག་པར་བྱེད་ཅིང་། མཆོད་རྟེན་རྣམས་འདྲལ་བར་བྱེད་ལ་དགེ་སློང་རྣམས་ཀྱང་གསོད་པར་བྱེད་དོ། །བྱང་ཕྱོགས་ནས་ནི་མཐའ་འཁོབ་ཀྱི་རྒྱལ་པོ་ཡ་བ་ན་ཞེས་བྱ་བ་གཡོག་འཁོར་འབུམ་དང་ལྡན་པ་འོང་བར་འགྱུར་ཏེ། དགེ་འདུན་གྱི་གཙུག་ལག་ཁང་རྣམས་འཇིག་པར་བྱེད་ཅིང་མཆོད་རྟེན་རྣམས་འདྲལ་བར་བྱེད་ལ། དགེ་སློང་རྣམས་ཀྱང་གསོད་པར་བྱེད་དོ། །དེས་ན་མི་དང་ཆོམ་རྐུན་དང་རྒྱལ་པོའི་ནན་གྱིས་དཔྱས་གནོད་པར་གྱུར་ནས། དགེ་སློང་རྣམས་ཤར་ཕྱོགས་ཀྱི་ཡུལ་དུ་འདོང་བར་འགྱུར་རོ། །དབང་པོ་དག་དེའི་ཚེ་ཡུལ་ཀཽ་ཤཱཾ་བཱི་ཞེས་བྱ་བར་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ། གཡོག་འཁོར་འབུམ་དང་ལྡན་པ་ཞིག་འབྱུང་བར་འགྱུར་ཏེ། དེའི་བུ་ལུས་གོ་ཆ་གྱོན་པ་ལག་པ་ཁྲག་ཅན་ཚན་པོ་ཆེའི་སྟོབས་དང་ལྡན་པ་ཞིག་བཙའ་བར་འགྱུར་ལ། དེ་ཁོ་ནའི་ཉིན་པར་རྒྱལ་པོ་དེའི་བློན་པོ་ལྔ་བརྒྱའི་བུ་ཡང་། ལུས་གོ་ཆ་གྱོན་པ་ལག་པ་ཁྲག་ཅན་ཚན་པོ་ཆེའི་སྟོབས་དང་ལྡན་པ་ཤ་སྟག་བཙའ་བར་འགྱུར་ཏེ། དེ་ཁོ་ནའི་ཉིན་པར་ཡུལ་ཀཽ་ཤཱཾ་བཱིར་ཁྲག་གི་ཆར་འབབ་པར་འགྱུར་རོ། །དེ་ནས་རྒྱལ་པོས་མཚན་མཁན་རྣམས་ལ་སྨྲས་ན། དེ་དག་ན་རེ་ལྷ་འདི་


DKG073_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ས་སྟེང་ཐམས་ཅད་དུ་རྒྱལ་པོ་གཅིག་པུར་འགྱུར་ཏེ། དེ་ལྟ་ལགས་ཀྱིས་ཀྱང་སེམས་ཅན་མང་པོ་ཁ་འདོག་པར་འགྱུར་ལགས་སོ་ཞེས་ལུང་བསྟན་ཏོ། །དེ་ནས་བཙས་སྟོན་བྱས་ནས་བུ་དེ་ཆེ་བར་གྲགས་པ་དང་བཟོད་པར་དཀའ་བ་ཞིག་སྟེ། དེའི་མིང་བཟོད་པར་དཀའ་བ་ཞེས་བྱ་བར་འདོགས་པར་འགྱུར་རོ། །དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་མཐའ་འཁོབ་ཀྱི་རྒྱལ་པོ་དེ་དག་གིས་ལོ་བཅུ་གཉིས་ཀྱི་བར་དུ་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བྱེད་ཅིང་ཤར་ཕྱོགས་ཀྱི་ཡུལ་དུ་འགྲོ་བར་འགྱུར་རོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་དེ་ཐོས་ཏེ། འཇིགས་ཤིང་མི་དགའ་བ་སྐྱེས་ནས། དེ་ལ་ལྷ་རྣམས་ཀྱིས་བསྟན་པ། གཞོན་ནུ་བཟོད་པར་དཀའ་བ་རྒྱལ་སར་ཆུག་ཤིག་དང་། དེས་མཐའ་འཁོབ་ཀྱི་རྒྱལ་པོ་དེ་དག་ཚར་ཆོད་པར་འགྱུར་རོ་ཞེས་སྟོན་པར་འགྱུར་རོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་མགོ་བོ་ལས་ཅོད་པན་དང་དབུ་རྒྱན་ཕུད་དེ། གཞོན་ནུ་བཟོད་པར་དཀའ་བ་རྒྱལ་སར་བཅུག་པར་འགྱུར་རོ། །དེ་ནས་རྒྱལ་པོ་བཟོད་པར་དཀའ་བས་བློན་པོ་ལྔ་བརྒྱའི་བུ་དེ་དག་བློན་པོའི་མཆོག་ཏུ་བཅུག་ནས། བློན་པོ་ལྔ་བརྒྱ་པོ། དེ་དག་དང་ལྷན་ཅིག་ཏུ་གོ་བགོས་ཏེ། མཐའ་འཁོབ་ཀྱི་རྒྱལ་པོ་དེ་དག་དང་གཡུལ་འགྱེད་པའི་ཕྱིར་འདྲེན་པར་འགྱུར་ཏེ། དེས་མཐའ་འཁོབ་ཀྱི་རྒྱལ་པོ་གསུམ་པོ་གཡོག་འཁོར་འབུམ་འབུམ་དང་ལྡན་པ་དེ་དག་ཁ་བཏགས་ནས། སའི་སྟེང་ཐམས་ཅད་དུ་རྒྱལ་པོ་གཅིག་པུར་འགྱུར་ཏེ། བཀའ་འོག་ཏུ་བཅུག་ནས་ཕྱིར་ཀཽ་ཤཱཾ་བཱིར་འོང་བར་འགྱུར་རོ། །དབང་པོ་དག་དེའི་ཚེ་ཡུལ་དམར་ཅན་གྱི་བུ་ཞེས་བྱ་བར་བྲམ་ཟེ་མེས་སྦྱིན་ཞེས་བྱ་བ། རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་མཐར་ཕྱིན་པ་ཞིག་འབྱུང་བར་འགྱུར་ཏེ། དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་འགྱུར་ལ། སེམས་ཅན་གཞན་ཞིག་ཀྱང་དེའི་ཆུང་མའི་ལྟོར་འཇུག་པར་འགྱུར་རོ། །དེ་ནས་བྲམ་ཟེ་མོ་དེ་ཡིད་ལ་འདོད་པ་སྐྱེས་ཏེ། གཞུང་གིས་རྩོད་པ་རྣམས་དང་ལྷན་ཅིག་ཏུ་སྨྲ་ཡང་ཅི་མ་རུང་སྙམ་མོ། །དེ་


DKG073_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྲམ་ཟེ་དེས་མཚན་མཁན་རྣམས་ལ་བསྟན་ནས། མཚན་མཁན་རྣམས་ན་རེ་ལྟོ་ན་འདུག་པའི་སེམས་ཅན་དེ་བསྟན་བཅོས་ཐམས་ཅད་རྟོགས་པར་འགྱུར་ཞིང་། གཞུང་གིས་རྩོད་པ་ཐམས་ཅད་ཚར་ཆོད་པར་འགྱུར་ཏེ། དེའི་མཐུས་ན་བྲམ་ཟེ་མོའི་ཡིད་ལ་འདོད་པ། གཞུང་གིས་རྩོད་པ་རྣམས་དང་ལྷན་ཅིག་ཏུ་སྨྲ་ཡང་ཅི་མ་རུང་སྙམ་པ་དེ་ལྟ་བུ་སྐྱེས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་པར་གྱུར་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། བསྟན་བཅོས་ཐམས་ཅད་མཐར་ཕྱིན་པར་འགྱུར་ཞིང་། གཞུང་གིས་རྩོད་པ་ཐམས་ཅད་ཚར་ཆོད་པར་འགྱུར་ལ། བྲམ་ཟེ་ལྔ་བརྒྱ་བྲམ་ཟེའི་སྔགས་སློབ་པའི་སློབ་དཔོན་བྱེད་དེ། དེ་ལ་སློབ་མ་མང་པོ་ཡོད་པས་ན། དེའི་མིང་སློབ་མ་ཅན་ཞེས་བཏགས་སོ། །དེ་ནས་དེས་ཕ་མ་ལ་གསོལ་ནས། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་ལོབས་པར་འགྱུར་ཏེ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་འགྱུར་ལ་འཁོར་མང་པོ་འདུ་བར་འགྱུར་རོ། །དབང་པོ་དག་དེ་ཁོ་ནའི་ཚེ་ཡུལ་དམར་ཅན་གྱི་བུ་ཞེས་བྱ་བར་ཚོང་དཔོན་ནོར་བཟངས་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་འགྱུར་ལ། སྲིད་པ་ཐ་མའི་སེམས་ཅན་ཞིག་ཀྱང་དེའི་ཆུང་མའི་ལྟོར་ཞུགས་ནས། བུད་མེད་དེ་བཟོད་པ་དང་ལྡན་ཞིང་དེས་ལ་ཁ་མཆུ་ཉུང་ཞིང་ཞི་བར་འགྱུར་རོ། །དེ་ནས་ཚོང་དཔོན་ནོར་བཟངས་ཀྱིས་མཚན་མཁན་རྣམས་ལ་བསྟན་ན། དེ་དག་ན་རེ་སེམས་ཅན་ལྟོར་ཞུགས་པ་དེ་དེས་པར་འགྱུར་ཏེ། དེའི་མཐུས་ན་ཆུང་མ་འདི་བཟོད་པ་དང་ལྡན་ཞིང་དེས་ལ་ཁ་མཆུ་ཉུང་ཞིང་ཞི་བར་གྱུར་ཏོ་ཞེས་ཟེར་རོ། །དེ་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙའ་བར་འགྱུར་ཏེ། དེའི་མིང་དེས་པ་ཞེས་འདོགས་པར་འགྱུར་རོ། །དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཕ་མ་ལ་གསོལ་ནས། ངའི་བསྟན་པ་ལ་རབ་ཏུ་འབྱུང་བར་


DKG073_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། དེས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ལ། ཐོས་པ་ཉུང་ཞིང་འདོད་པ་ཆུང་ལ་ཀུན་གྱིས་ཤེས་པ་དང་བས་མཐའི་གནས་མལ་དུ་གནས་པར་འགྱུར་རོ། །དེ་ནས་རེ་ཞིག་ན་རྒྱལ་པོ་བཟོད་པར་དཀའ་བའི་ཡབ་དབང་ཆེན་སྡེ་ཤི་ནས། རྒྱལ་པོ་བཟོད་པར་དཀའ་བས་ཕའི་རུས་བུ་ལག་པ་གཉིས་ཀྱིས་པང་དུ་བླངས་ཏེ་མྱ་ངན་བྱེད་ཅིང་སྡུག་བསྔལ་ལ། སྨྲེ་སྔགས་འདོན་པར་བྱེད་དེ་སུ་ཡང་དེའི་མྱ་ངན་སེལ་ནུས་པ་མེད་དོ། །དེ་ནས་རེ་ཞིག་ན་གནས་བརྟན་སློབ་མ་ཅན་འཁོར་བརྒྱ་ཕྲག་དུ་མ་དང་ཡུལ་ཀཽ་ཤཱཾ་བཱིར་འགྲོ་བར་འགྱུར་ཏེ། དེ་རྒྱལ་པོ་བཟོད་པར་དཀའ་བའི་ཐད་དུ་སོང་ནས་ཆོས་སྟོན་པར་འགྱུར་རོ། ། དེ་ནས་དེ་ཐོས་ནས་རྒྱལ་པོ་དེ་ཕའི་མྱ་ངན་ཡང་སངས་པར་འགྱུར་ལ། བསྟན་པ་ལ་ཡང་དད་པ་རྙེད་པར་འགྱུར་རོ། །དེ་དད་པར་གྱུར་ནས་དགེ་སློང་རྣམས་ལ་མི་འཇིགས་པ་སྦྱིན་པར་འགྱུར་རོ། །དེ་ནས་དེས་དགེ་སློང་རྣམས་ལ་སྨྲས་པ། བཅོམ་ལྡན་འདས་ཀྱི་བསྟན་པ་མཐའ་འཁོབ་ཀྱི་རྒྱལ་པོ་རྣམས་ཀྱིས་བཤིག་ནས་ཇི་སྲིད་ལོན། དེ་དག་ན་རེ་ལོ་བཅུ་གཉིས་ལོན་ནོ་ཞེས་ཟེར་རོ། །དེ་ནས་རྒྱལ་པོ་དེས་སེང་གེའི་སྒྲ་བསྒྲགས་ཏེ། ངས་ལོ་བཅུ་གཉིས་ཀྱི་བར་དུ་ཀཽ་ཤཱཾ་བཱིར་བཅོམ་ལྡན་འདས་ཀྱི་བསྟན་པ་ལོ་ལྔ་པའི་དུས་སྟོན་བྱའོ་ཞེས་སྨྲས་ནས། རྒྱལ་པོ་དེས་ཀཽ་ཤཱཾ་བཱིར་ལོ་ལྔ་པའི་དུས་སྟོན་གྱི་ལུགས་གཏོད་དེ། གང་གི་ཉིན་པར་ལོ་ལྔ་པའི་དུས་སྟོན་བརྩམས་པ་དེ་ཁོ་ནའི་ཉིན་པར་ཆར་འབབ་པར་འགྱུར་ཏེ། སའི་སྟེང་རྒྱ་མཚོའི་མཐས་གཏུགས་པ་ཆུས་ངོམས་པར་འགྱུར་རོ། །དེ་ནས་འཛམ་བུའི་གླིང་ན་གནས་པའི་སྐྱེ་བོ་མང་པོ་རྣམས་ལྷག་པར་ཡང་ཀཽ་ཤཱཾ་བཱིར་ལོ་ལྔ་པའི་དུས་སྟོན་བྱེད་དུ་འགྲོ་ཞིང་། དགེ་སློང་རྣམས་ཀྱི་མཆོད་པའི་ལས་ལ་བརྩོན་པར་འགྱུར་རོ། །དེ་ནས་དགེ་སློང་རྣམས་རྙེད་པ་དང་བཀུར་སྟི་ཆེན་པོ་ལ་ཞེན་ནས་དེ་དག་གིས་དད་པས་བྱིན་པ་ལོངས་སྤྱོད་པར་བྱེད་དོ། །ལུང་མནོད་པར་མི་བྱེད་ཀློག་པར་མི་བྱེད། ཁ་ཏོན་མི་བྱེད། ཉིན་མོ་ནི་བྲེ་མོ་གཏམ་གྱིས་


DKG073_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འདའ་བར་བྱེད། མཚན་མོ་ནི་རྨུགས་པ་དང་གཉིད་ཀྱིས་དུས་འདའ་བར་བྱེད་ཅིང་ཁེ་དང་བཀུར་སྟི་འདོད་ལ། ལུས་ཀྱི་བྱི་དོར་གྱིས་གཡེན་སྤྱོ་ཞིང་གོས་ཀྱིས་བརྒྱན་པ་ལ་བརྩོན་ཏེ། ངེས་པར་འབྱུང་བ་དང་ཉེ་བར་ཞི་བ་དང་དབེན་པ་དང་རྫོགས་པར་བྱང་ཆུབ་པ་དང་བྲལ་ཞིང་། ཆ་བྱད་འབའ་ཞིག་གཅེས་པར་བྱེད་པར་འགྱུར་ཏེ། དགེ་སྦྱོང་གི་ཡོན་ཏན་དང་བྲལ་བ། དམ་པའི་ཆོས་ཀྱི་དགྲར་གྱུར་པ། རྩོད་པའི་དུས་ཀྱི་གྲོགས་སུ་གྱུར་པ་དེ་དག་གིས་ཆོས་ཀྱི་རྒྱལ་མཚན་བསྙལ་བར་འགྱུར། བདུད་ཀྱི་རྒྱལ་མཚན་བསྒྲེང་བར་འགྱུར། ཆོས་ཀྱི་མེ་ལྕེ་གསོད་པར་འགྱུར་ཉོན་མོངས་པའི་མེ་སྦར་བར་འགྱུར། ཆོས་ཀྱི་རྔ་འདྲལ་བར་འགྱུར། དམ་པའི་ཆོས་ཀྱི་འཁོར་ལོ་ཕྱེ་མར་རློག་པར་འགྱུར། དམ་པའི་ཆོས་ཀྱི་རྒྱ་མཚོ་སྐེམས་པར་འགྱུར། དམ་པའི་ཆོས་ཀྱི་རི་བོ་རྣམ་པར་འཐོར་བར་འགྱུར། ཆོས་ཀྱི་གྲོང་ཁྱེར་འཇིགས་པར་བྱེད་པར་འགྱུར། ཆོས་ཀྱི་ཤིང་ལྗོན་པ་དྲུང་ནས་འབྱིན་པར་འགྱུར། ཞི་གནས་དང་ལྷག་མཐོང་གཉིས་སྤོང་བར་བྱེད། ཚུལ་ཁྲིམས་ཀྱི་རྒྱན་རྣམས་གཅོད་པར་བྱེད། ལམ་སུན་འབྱིན་པར་བྱེད་དེ། དེ་ནས་དེ་དག་ལ་ལྷ་རྣམས་དང་ཀླུ་རྣམས་དང་གནོད་སྦྱིན་རྣམས་དམོད་པར་འགྱུར་སྤང་བར་འགྱུར་བརྒྱལ་བར་འགྱུར་ཏེ། ཀྱེ་སེམས་ཅན་ཐ་ཆད་འདི་ལྟ་བུ་དག་གིས་བཅོམ་ལྡན་འདས་ཀྱི་གསུང་རབ་མི་མཛེས་པར་བྱས་སོ་ཞེས་ཟེར་ཏོ། །འདི་སྐད་ཅེས་ཀྱང་ཟེར་ཏེ། ད་ནི་མ་བསྡམས་ངན་སྤྱོད་དང་། །ལོག་པར་ལྟ་བས་ཉམས་པའི་བདག །རྨོངས་པ་བདག་གིས་བཅོམ་ལྡན་གྱི། །བསྟན་པའི་ལྗོན་ཤིང་བཅད་ཀྱིས་མེད། །ད་ནི་སྙིང་རྗེ་མེད་པ་དང་། །ཆོས་ལུགས་བོར་ཞིང་བདེན་ཆོས་སྤངས། །བརྐམ་ཆགས་རྣམས་ཀྱིས་བཅོམ་ལྡན་གྱི། །བསྟན་པའི་རྒྱལ་མཚན་བསྙལ་གྱིས་མེད། །ད་ནི་གདུལ་དཀའ་མ་གྲངས་པ། །སྡིག་པའི་ལས་ལ་དགའ་བའི་མི། །སྡིག་ཅན་རྣམས་ཀྱིས་ཐུབ་པ་ཡི། །བསྟན་པའི་ཟམ་པ་བཅད་ཀྱིས་མེད། །ད་ནི་མགོ་རེག་ངན་པ་པོ། །སྤྱོད་འཆལ་སྨད་པ་ཚུལ་འཆོས་གནས། །


DKG073_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ངན་གཡོ་ཅན་གྱིས་ཐུབ་པ་ཡི། །བསྟན་པའི་ཚོང་འདུས་བཅོམ་གྱིས་མེད། །ད་ནི་ཁྲོ་དང་ང་རྒྱལ་དང་། །རྒྱགས་པས་བརླམས་ཤིང་རྙེད་ལ་ཞེན། །སྙིང་རྗེ་མེད་པ་དེ་དག་གིས། །སྡིག་པ་མི་བྱེད་ཅི་ཡང་མེད། །ད་ནི་དམ་ཆོས་འཇིག་པའི་ཚེ། །རྟགས་མཚན་ཤིན་ཏུ་མི་བཟད་པ། །དགེ་བ་རྣམས་ནི་སྐྱོ་འགྱུར་བ། །སྟོན་པ་དེ་ཉིད་གཟིགས་པ་པོ། །དྲང་སྲོང་དམ་པས་གང་གསུངས་པ། །དེ་དག་ཀྱང་ནི་སྣང་བར་འགྱུར། །ད་ནི་ཐུབ་པའི་བསྟན་པ་ཡང་། །ཅུང་ཟད་ཙམ་ཞིག་ལུས་པར་ཟད། །ཐུབ་པའི་བསྟན་པ་གང་ཆེན་མཚོ། །རིང་པོར་མི་ཐོགས་སྐམས་པར་འགྱུར། །མ་རབས་ཤེས་རབ་འཆལ་པ་དང་། །ལས་མེད་གནས་པས་གནོད་པར་བྱས། །ཚུལ་ཅན་དག་དང་སྟེན་མི་ཤེས། །ཉེས་པ་འཛིན་ཅིང་ཚུལ་ཁྲིམས་སྤངས། །བྱིས་པ་དབེན་པས་འཇིགས་པ་དང་། །མི་དབེན་པ་དང་མི་མཁས་དང་། །བསླབ་ཉེས་སློབ་དཔོན་ངན་པ་དང་། །རྗེས་སུ་སྟོན་པ་རྨོངས་པ་དང་། །ངན་པ་དག་ལ་ཡིད་རྟོན་པས། །དམ་ཆོས་འདི་ནི་མ་རུང་བྱས། །དེ་སྐད་ཅེས་ཟེར་ཞིང་མི་མགུ་ལ་མ་རངས་ནས། ཕྱིན་ཅད་དགེ་སློང་རྣམས་ལ་བསྲུང་བ་དང་སྦེད་པར་མི་བྱེད་དོ། །དེ་ནས་ཞག་བདུན་ན་དམ་པའི་ཆོས་ནུབ་པར་འགྱུར་བ་ན། ལྷ་རྣམས་ཡིད་མི་དགའ་ནས་ནམ་མཁའ་ལ་འཁོད་དེ་སྐད་འབྱིན་ཅིང་སྒྲ་བསྒྲགས་ཏེ། གྲོགས་པོ་དག་ད་སྟེ་ཞག་བདུན་ན་གསོ་སྦྱོང་གི་དུས་ལ་བབ་པའི་ཚེ། དེ་བཞིན་གཤེགས་པའི་དམ་པའི་ཆོས་ཐབ་མོས་ནུབ་པར་འགྱུར་རོ་ཞེས་ཟེར་ཏོ། །དེ་ནས་དེ་ཐོས་ནས་ཀཽ་ཤཱཾ་བཱི་ན་གནས་པའི་དགེ་བསྙེན་ལྔ་བརྒྱ་གཙུག་ལག་ཁང་དུ་དོང་ནས་དགེ་སློང་རྣམས་འཐབ་པ་དང་མཚང་འདྲུ་བ་དང་འགྱེད་པ་དང་རྩོད་པ་བྱུང་ངོ་ཅོག་ཞི་བར་བྱེད་དེ། འདི་སྐད་དུ་ཀྱི་ཧུད་སངས་རྒྱས་ཀྱི་བསྟན་པ་རིང་པོར་མི་ཐོགས་པར་ཐབ་མོས་ནུབ་པར་འགྱུར་རོ་ཞེས་ཟེར་རོ། །འདི་སྐད་ཅེས་ཀྱང་ཟེར་ཏེ། སེམས་ཅན་ཀུན་ལ་བདེ་བྱེད་པ། །ཤཱཀྱ་སེང་གེའི་བསྟན་པ་ནི། །དུས་ཀྱི་འཁོར་ལོས་རབ་བཅོམ་ནས། །མྱུར་བ་ཉིད་དུ་འཇིག་པར་འགྱུར། །གང་དག་འདི་འདྲའི་དུས་བབ་


DKG073_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །སྙིང་ནི་སྟོང་དུ་མ་གས་པ། །བདག་ཉིད་ཆེན་པོ་དེ་དག་གི །།སྙིང་གི་ལྕགས་ཀྱི་སྙིང་པོ་ཟད། །ཞི་བའི་དུས་ནི་འདས་པར་གྱུར། །མི་བཟད་དུས་ནི་བྱུང་གིས་མེད། །ཤེས་རབ་ཅན་གྱི་མི་རྣམས་ནི། །འཇིག་རྟེན་དག་ན་ཟད་པར་འགྱུར། །ས་སྟེང་རྟགས་རྣམས་ཅི་འདྲ་བར། །རྣམ་པ་དུ་མ་སྣང་བ་ལས། །ངེས་པར་ཐུབ་པའི་བསྟན་པ་ནི། །རིང་པོ་མི་ཐོགས་འཇིག་པར་འགྱུར། །བདེ་འདོད་རྣམས་ཀྱིས་ཕན་པའི་དོན། །ད་ནི་ལེགས་པར་བརྟག་པར་རིགས། །ད་ནི་དམ་པའི་ཆོས་ནུབ་པས། །མཆོད་པ་དཔག་ཏུ་མེད་པ་ལས། །ཚད་ཡོད་པ་ཅན་དུ་འགྱུར་རོ། །དེ་བས་ན་བདག་ཅག་གིས་ལོངས་སྤྱོད་སྙིང་པོ་མེད་པ་ལས་སྙིང་པོ་བླང་བར་བྱའོ་སྙམ་ནས་དགེ་བསྙེན་ལྔ་བརྒྱ་པོ་དེ་དག་གིས། གང་གི་ཉིན་པར་དམ་པའི་ཆོས་ནུབ་པར་འགྱུར་བ་དེ་ཁོ་ནའི་ཉིན་པར་གཙུག་ལག་ཁང་ལྔ་བརྒྱ་ཞལ་སྲོ་བར་འགྱུར་རོ། །དེ་ནས་གསོ་སྦྱོང་གི་དུས་ལ་བབ་པ་ན་དགེ་བསྙེན་ལྔ་བརྒྱ་པོ་རྣམས་བྲེལ་ཏེ། གཙུག་ལག་ཁང་དུ་འགྲོ་མི་ནུས་པར་འགྱུར་རོ། །དེ་ནས་རེ་ཞིག་ན་དགེ་སློང་དེས་པ་རི་སྤོས་ཀྱི་ངད་ལྡང་ན་གནས་པ་ལས་གང་དུ་གསོ་སྦྱོང་བྱ་སྙམ་སྟེ། འཛམ་བུའི་གླིང་དུ་བལྟས་ན། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཐམས་ཅད་ཀཽ་ཤཱཾ་བཱིར་འདུས་པར་མཐོང་ངོ་། །དེ་ནས་དེ་གསོ་སྦྱོང་བྱ་བའི་ཕྱིར་ཀཽ་ཤཱཾ་བཱིར་འགྲོ་བར་འགྱུར་རོ། །དེར་དགེ་སློང་འབུམ་གསོ་སྦྱོང་ལ་འདུ་བར་འགྱུར་ཏེ། དེའི་ནང་ན་དགྲ་བཅོམ་པ་ནི་དེས་པ་ཞེས་བྱ་བ་གཅིག་པུ་ཡོད་དོ། །སྡེ་སྣོད་གསུམ་པ་ནི་སློབ་མ་ཅན་ཞེས་བྱ་བ་གཅིག་པུ་ཡོད་དོ། །དབང་པོ་དག་དེ་ནི་དེ་བཞིན་གཤེགས་པའི་འདུས་པ་ཐ་མ་ཡིན་ཏེ། འདི་ལྟ་སྟེ། དགེ་སློང་འབུམ་ཡོད་དོ། །དེ་ནས་དགེ་སློང་གི་དགེ་འདུན་འདུས་པའི་ནང་ན། དགེ་སློང་མཛེས་ཆོས་འདུག་པས་ཚུལ་ཤིང་བྲིམས་ནས། གནས་བརྟན་སློབ་མ་ཅན་རྣམས་ལ་སྨྲས་པ། གནས་བརྟན་དགེ་སློང་གི་དགེ་འདུན་འདུས་པ་ལགས་ཀྱིས་སོ་སོར་ཐར་པ་གདོན་དུ་གསོལ། སློབ་མ་ཅན་གྱིས་སྨྲས་པ་འཛམ་བུའི་གླིང་ན་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འདིར་འོངས་ཏེ།


DKG073_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ་དགེ་སློང་འབུམ་ཡོད་ན། དེ་ལྟར་དགེ་འདུན་མང་པོའི་ནང་ན། བདག་དགེ་འདུན་གྱི་གནས་བརྟན་ཡིན་ལ། ཐོས་པས་ཀྱང་མཐར་ཕྱིན་པ་ཡིན་ན། བདག་ཀྱང་བསླབ་པ་འདི་དག་ལ་སློབ་པར་མི་ཆུད་ན་གཞན་ལྟ་ལགས་ཀྱང་བསླབ་པ་རྣམས་ལ་སློབ་པར་མི་ཆུད། དེ་ལྟ་ན་སུའི་དོན་དུ་བདག་གིས་སོ་སོར་ཐར་པ་གདོན་པར་བྱ་སྙམ་མོ། །འདི་སྐད་ཅེས་ཀྱང་ཟེར་ཏེ། དོ་ནུབ་རྒྱུ་སྐར་ཚོགས་པ་ཡི། །བཅོ་ལྔའི་མཚན་མོ་དགའ་བ་ལ། །གསོ་སྦྱོང་འདོད་པའི་དགེ་སློང་དག །ཤིན་ཏུ་བསྒྲིམས་ཏེ་ངེས་པར་འཁོད། །འཛམ་གླིང་འདི་ན་ཤཱཀྱ་ཡི། །སྲས་ཀྱི་དགེ་སྦྱོང་ཇི་སྙེད་པ། །དེ་དག་ཐམས་ཅད་འདིར་ལྷགས་ཏེ། །འདི་ནི་འདུས་པ་ཐ་མ་ཡིན། །དགེ་སློང་དགེ་འདུན་དེ་དག་ལས། །བདག་ནི་ཐོས་པའི་མཐར་ཕྱིན་ཀྱང་། །བདག་ཀྱང་བསླབ་ལ་སློབ་མི་ནུས། །སྐྱེ་བོ་གཞན་ལྟ་ཅི་ཞིག་སྨོས། །འོན་ཏེ་འདི་ན་ཐུབ་དབང་པོ། །ཤཱཀྱ་སེང་གེ་བློ་ལྡན་གྱི། །བསླབ་ལ་ལེགས་བསླབས་འགའ་ཡོད་ན། །རང་གི་ཡོན་ཏན་བརྗོད་པར་རིགས། །དེ་ནས་དགྲ་བཅོམ་པ་དེས་བསྟན་ལས་ལངས་ཏེ། གྲལ་དཔོན་གྱི་མདུན་དུ་འདུག་ནས། དགེ་འདུན་ལ་ཐལ་མོ་སྦྱར་བ་བཏུད་དེ། གནས་བརྟན་སློབ་མ་ཅན་ལ་སྨྲས་པ། གནས་བརྟན་སོ་སོར་ཐར་པ་གདོན་པར་གྱིས་ཤིག །ཇི་ལྟར་བཅོམ་ལྡན་འདས་བཞུགས་པའི་ཚེ། ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་ཀྱིས་བསླབ་པ་ཡང་དག་པར་བསྲུངས་པ་དེ་བཞིན་དུ། བདག་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་སྟོང་ལྷག་ཙམ་ལོན་གྱི་འོག་ཏུ་བསྟན་པ་ཡང་དག་པར་བསྲུངས་སོ་ཞེས་ཟེར་རོ། །ཡང་བཀའ་སྩལ་པ། སློབ་མ་ཅན་གྱིས་སྨྲས་པ་ཡི། །ཚིག་འདི་ཐོས་པར་གྱུར་ནས་ནི། །ངེས་པ་བདེ་བར་གཤེགས་པའི་སྲས། །སེང་གེའི་སྒྲ་ནི་སྒྲོགས་པར་བྱེད། །བདག་ནི་ཐུབ་པའི་བསླབ་པ་རྣམས། །མ་འཁྲུགས་པར་ནི་འཛིན་པར་བྱེད། །བདག་ནི་སྟོན་པའི་འདུལ་བ་ཡི། །བསླབ་པ་རྣམས་ལ་ཇི་བཞིན་བསླབས། །དེ་ནས་


DKG073_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ཅན་གྱི་སློབ་མ་དཔུང་རྒྱན་ཞེས་བྱ་བ་འཇིགས་སུ་རུང་བ་དེ་ལངས་ཏེ་སྨྲས་པ། ཁྱོད་ནི་གསར་བུ་ཐོས་པ་ཉུང་ངུ་ཡིན་ན། མཁན་པོ་ལ་ཕྱིར་འཁྱལ་ལམ་ཞེས་བྱས་ནས། དེས་མཚོན་རྣོན་པོ་བླངས་ཏེ་དགྲ་བཅོམ་པ་དེས་པ་དེ་གསོད་པར་འགྱུར་རོ། །ཡང་བཀའ་སྩལ་པ། སློབ་མ་ཅན་གྱི་སློབ་མ་ནི། །དཔུང་རྒྱན་ཞེས་བྱ་འཇིགས་སུ་རུང་། །དེ་ཡིས་བདེ་བར་གཤེགས་པའི་སྲས། །དགྲ་བཅོམ་དེས་པ་གསོད་པར་འགྱུར། །དེ་ནས་དེར་གནོད་སྦྱིན་ཞོ་གདོང་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ་དེས་བསམས་པ། དགྲ་བཅོམ་པ་གཅིག་པུ་ཡོད་པ་དེ་ཡང་ངན་པ་པོ་འདིས་བསད་དོ་སྙམ་ནས། དེས་རྡོ་རྗེ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ཐོགས་ནས་དགེ་སློང་དཔུང་རྒྱན་གྱི་མགོ་བོ་ཚལ་པ་བདུན་དུ་གཤག་པར་འགྱུར་རོ། །ཡང་བཀའ་སྩལ་པ། དེ་ནས་གནོད་སྦྱིན་ཞོ་གདོང་གིས། །རྡོ་རྗེ་འབར་བ་ཐོགས་ནས་ནི། །དགེ་སློང་དཔུང་རྒྱན་ངན་པ་ཡི། །མགོ་བདུན་ཚལ་པར་གཤག་པར་འགྱུར། །དེ་ནས་དགྲ་བཅོམ་པ་དེས་པའི་སློབ་མ་རྣམས་སྟན་ལས་ལངས་ནས་སྡེ་སྣོད་གསུམ་པ་སློབ་མ་ཅན་གསོད་པར་འགྱུར་རོ། །དེ་ལྟར་དགྲ་བཅོམ་པ་དེས་པ་དང་སྡེ་སྣོད་གསུམ་པ་སློབ་མ་ཅན་བསད་ནས། དེ་བཞིན་གཤེགས་པའི་དམ་པའི་ཆོས་ནུབ་པར་འགྱུར་རོ། །དམ་པའི་ཆོས་ནུབ་ནས་ས་ཆེན་པོ་གཡོ་བར་འགྱུར་ཞིང་། སྐར་མདའ་དག་ལྷུང་ལ་ལྕི་བ་འབྱུང་ཞིང་། བར་སྣང་ལས་ལྷའི་རྔ་སྒྲ་དག་སྒྲོགས་ཏེ། ཕྱོགས་བཞི་ནས་གཟའ་མཇུག་རིངས་འབྱུང་བར་འགྱུར་ལ། ལྷ་འབུམ་སྙེད་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཅིང་། ཀྱི་ཧུད་དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བསྒྲུབས་པའི་དམ་པའི་ཆོས་ནུབ་ཀྱིས་མེད་དོ་ཞེས་ཟེར་ཏོ། །ཡང་བཀའ་སྩལ་པ། དེ་ནས་ཡུད་ཙམ་དེ་ཉིད་ལ། །དགེ་སློང་དེས་པ་བསད་པའི་ཚེ། །ས་སྟེང་འདི་དག་མ་ལུས་པར། །རྣམ་པ་དྲུག་ཏུ་གཡོ་བར་འགྱུར། །བདག་ཉིད་ཆེན་པོ་ཐུབ་པ་ཡི། །དམ་ཆོས་དེ་ནི་ནུབ་པའི་ཚེ། །དེར་ནི་སྲོག་ཆགས་མང་པོ་རྣམས། །སྡུག་བསྔལ་ལྡན་ཞིང་


DKG073_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རླག་པར་འགྱུར། །གནོད་སྦྱིན་སངས་རྒྱས་མཐོང་བ་དང་། །རྒྱལ་བའི་བསྟན་ལ་དགའ་བ་རྣམས། །ཁ་སྦུབ་ཏུ་ནི་སྒྱེལ་ནས་ཀྱང་། །སྨྲེ་སྔགས་འདོན་ཅིང་སྡུག་བསྔལ་འགྱུར། །དེ་རིང་ཕྱིན་ཅད་འཇིག་རྟེན་དུ། །དམ་པའི་ཆོས་ཀྱང་མེད་པར་འགྱུར། །འདུལ་བ་སོ་སོར་ཐར་པའང་རུང་། །ཕྱིན་ཅད་སྤྱོད་པར་མི་འགྱུར་རོ། །ཆོས་ཀྱི་ཆུ་ལོན་རལ་གྱིས་མེད། །ཆོས་ཀྱི་རྒྱུན་ཡང་བཟློག་གིས་མེད། །ཆོས་ཀྱི་རྒྱ་མཚོ་འདི་ཡང་སྐམས། །ཆོས་ཀྱི་རི་བོ་བརྙིལ་གྱིས་མེད། །ཆོས་ཀྱི་མཆོད་སྦྱིན་འདི་ཡང་ཟད། །ཆོས་ཀྱི་མཆོད་སྡོང་བསྙལ་གྱིས་མེད། །ཆོས་ཀྱི་རྐང་པ་བཅག་གིས་མེད། །སྡོམ་པ་དག་ཀྱང་ཟད་ཀྱིས་མེད། །དེང་དུ་ཆོས་ཀྱི་སྒྲོན་མ་བསད། །ཆོས་ཀྱི་འཁོར་ལོ་བཟློག་གིས་མེད། །བདུད་རྩིའི་སྒོ་ཡང་བཅད་ཀྱིས་མེད། ། ཆོས་སྨྲ་རྣམས་ཀྱང་ཟད་ཀྱིས་མེད། །ལམ་བཟང་སྟོན་པར་བྱེད་པ་ཡི། །སྐྱེས་མཆོག་རྣམས་ཀྱང་བརླག་གིས་མེད། །མི་རྣམས་རིང་པོ་མི་ཐོགས་པར། །རི་དགས་ཀྱི་ནི་འདུ་ཤེས་འགྱུར། །ཞེས་ཟེར་ཏོ། །དེ་ནས་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་སུམ་ཅུ་རྩ་གསུམ་པའི་གནས་ནས་བབས་ནས། སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་ད་ནི་ངའི་བུས་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་བསྒྲུབས་པའི་དམ་པའི་ཆོས་ད་ནི་ཐབ་མོས་ནུབ་པར་བྱས་ཀྱིས་མེད་དོ་ཞེས་ཟེར་རོ། །འདི་སྐད་ཅེས་ཀྱང་ཟེར་ཏེ། ཀྱེ་མ་དེས་པ་ཡོན་ཏན་ཅན། །སངས་རྒྱས་སྲས་ཀྱི་ཐ་ཆུངས་ཏེ། །དཔུང་རྒྱན་ཕྲག་དོག་ཞེ་སྡང་གི །།དབང་དུ་གྱུར་པས་བསད་པ་ན། །སངས་རྒྱས་ཡུམ་ནི་བརྟུལ་ཞུགས་བཟང་། །ལྷ་མོ་ཆེན་མོ་སྒྱུ་འཕྲུལ་མ། །དམ་པའི་ཆོས་ནི་ནུབ་པའི་ཕྱིར། །མི་དགའ་སྙིང་རྗེ་བླ་བར་འགྱུར། །ཀྱི་ཧུད་མི་ཡི་ལྷ་མཆོག་གི །།བསྟན་པ་ཉམས་པར་འགྱུར་གྱིས་མེད། །སྡེ་སྣོད་གསུམ་པ་སློབ་མ་ཅན། །དགེ་སློང་དེས་པ་གཉིས་བསད་པས། །དེང་དུ་ཟླ་བ་གནམ་ལས་ལྷུང་། །ཉི་མ་ཡང་ནི་འཕོས་ཀྱིས་མེད། །བསྟན་པའི་ཉི་མ་མེད་གྱུར་པས། །ད་ནི་འཇིག་རྟེན་སྣང་བ་མེད། །ཟླ་བའི་དཀྱིལ་འཁོར་དག་པ་ནི། །སྒྲ་གཅན་གྱིས་ནི་ཟིན་པ་ལྟར། །དེང་དུ་འཇིགས་པ་ཆེན་པོ་ཡི། །


DKG073_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པ་འཇིག་རྟེན་བྱུང་གིས་མེད། །མྱ་ངན་འདས་པའི་གནས་འགྲོ་བའི། །ཆོས་ཀྱི་གྲུ་ནི་དེ་རིང་དུ། །དཔུང་རྒྱན་ལ་སོགས་བྱིས་པ་རྣམས། །སྙིང་མེད་པས་ནི་བསད་ཀྱིས་མེད། །རྟགས་ཙམ་ལྷག་མ་ལུས་པར་ཟད། །ཆོས་མ་ཡིན་པ་སྣང་བར་འགྱུར། །བདུད་རྣམས་རྒྱལ་བའི་སྒྲ་སྐད་ནི། །བདུད་ཀྱི་འཁོར་རྣམས་སྒྲོགས་པར་བྱེད། །སེང་གེའི་སྒྲ་ནི་བསྒྲགས་པ་ཡི། །ལུས་འཕགས་རི་བོ་དེ་ཉིད་དུ། །ད་ནི་བརྒྱ་བྱིན་འཁོར་དང་བཅས། །མྱ་ངན་ཟུག་རྔུས་ཕོག་པར་གྱུར། །ཚངས་བཅས་འཇིག་རྟེན་དེ་རིང་དུ། །མགོན་མེད་ཡི་ཡང་ཆད་པར་གྱུར། །འཁོར་བཅས་བདུད་ནི་དགྲ་ཟླ་མེད། །རྒྱགས་པས་ལྡན་ཞིང་བདོ་བར་གྱུར། །ཐར་པའི་ལམ་ནི་མཚོན་པ་དང་། །མཐར་སྟོན་མྱ་ངན་འདས་པ་ན། །ཐུབ་པ་ཡི་ནི་བྱང་ཆུབ་ཕྱོགས། །ཐར་པའི་ལམ་རྣམས་བཅད་ཀྱིས་མེད། །ཀཽཎྜི་ནྱ་སོགས་གང་དག་ཏུ། །ཁྲུས་བྱས་མཐར་ཕྱིན་རིམས་ནད་མེད། །བྱང་ཆུབ་ཡན་ལག་མེ་ཏོག་རྒྱས། །ཆོས་ཀྱི་མཚོ་ནི་དེང་དུ་སྐམས། །བསྟན་པའི་ཚོགས་དེ་གང་དུ་སོང་། །བསྟན་འཛིན་འདི་དག་གང་དུ་དོང་། །འཛམ་གླིང་སྤྲོ་བ་མེད་གྱུར་པ། །མཐོང་བས་དེང་དུ་ཡི་ཆད་དོ། །སངས་རྒྱས་སྲས་པོ་བརྟུལ་ཞུགས་བཟང་། །ཆོས་ཀྱི་རྒྱལ་པོའི་གསུང་ལས་སྐྱེས། །རུ་སྐྱ་འཛིན་པ་ཉོན་མོངས་སྤངས། །སྨྲ་བའི་སྟག་རྣམས་གང་དུ་དོང་། །འཇིག་རྟེན་དག་ན་མགོན་པོའི་སྲས། །སངས་རྒྱས་སྲོག་ཤིང་འཛིན་པ་རྣམས། །ཕྱག་དར་ཁྲོད་དང་རི་སུལ་དང་། །ནགས་ཚལ་བོར་ཏེ་གང་དུ་དོང་། །དེ་ནི་དེ་ཡིས་སྤངས་པས་ན། །ཟླ་བ་སྒྲ་གཅན་ཟིན་པ་བཞིན། །དགོན་པ་རྣམས་ཀྱང་མི་མཛེས་ཏེ། །ཀུན་ནས་མཛེས་པ་མེད་པར་གྱུར། །ཤེས་དང་ཚུལ་ཁྲིམས་དུལ་བར་ལྡན། །དད་པའི་རིན་ཆེན་རྣམས་ཀྱིས་བརྒྱན། །བཟོད་དང་དེས་པ་ལྡན་པ་དང་། །དགེ་དང་མི་དགེ་རྟོག་བྱེད་པའི། །དམ་པའི་བློ་ཅན་གང་དག་གིས། །གཙུག་ལག་ཁང་དང་སྐྱེད་མོས་ཚལ། །མཆོད་རྟེན་སོགས་པས་ས་སྟེང་འདི། །བརྒྱན་པའི་སྐྱེས་བུ་དེ་དག་མེད། །འཇིག་རྟེན་འདྲེན་པ་མེད་མཐོང་ནས། །ཤིན་ཏུ་སྡུག་བསྔལ་སྙིང་རྗེ་བས། །ལྷ་རྣམས་དེ་ལ་སོགས་པ་ཡི། །སྨྲེ་སྔགས་


DKG073_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཏེ་དོང་བར་འགྱུར། །དེ་ནས་ཀཽ་ཤཱཾ་བཱི་ན་གནས་པའི་དགེ་བསྙེན་ལྔ་བརྒྱས་དེ་ཐོས་ནས། གཙུག་ལག་ཁང་ནས་བྱུང་སྟེ་ལག་པ་བསྒྲེང་ནས་ཆོ་ངེ་རྡུང་ཞིང་། ཀྱི་ཧུད་བཅོམ་ལྡན་འདས་དེས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བསྒྲུབས་པའི་བསྟན་པ་དེང་དུ་ཐབ་མོས་ནུབ་པར་གྱུར་ཏོ་ཞེས་ཟེར་རོ། །ཡང་སྨྲས་པ། འཇིགས་སུ་རུང་བའི་འཇིག་རྟེན་ན། །ལེགས་གསུངས་བྲལ་བའི་མི་རྣམས་ལ། །སུ་ཞིག་དམ་ཆོས་སྨྲ་བར་འགྱུར། །སུ་ཞིག་མྱ་ངན་འདའ་བར་འགྱུར། །སྣང་བ་ནུབ་སྟེ་མུན་པས་བསྒྲིབས། །རྣམ་པར་རྨོངས་ཤིང་རྒྱུ་བར་བྱེད། །ཐུབ་པའི་གསུང་རབ་མེད་པས་ན། །དགེ་བའི་ལས་ནི་རྣམ་སྤངས་ཤིང་། །རི་དགས་བཞིན་དུ་སྐྱོ་བ་མེད། །རྟག་ཏུ་སྡིག་པའི་ཆོས་དང་ལྡན། །དེ་ནས་ཀཽ་ཤཱཾ་བཱིའི་རྒྱལ་པོས་དགྲ་བཅོམ་པ་དེས་པ་དང་སྡེ་སྣོད་གསུམ་པ་སློབ་མ་ཅན་བསད་དོ་ཞེས་ཐོས་ནས། ཁྲོས་ཤིང་རྔམ་ལ་འཁྲུགས་པར་འགྱུར་ཏེ་མ་རངས་ནས་དེས་བསྟན་པ་ལ་གནོད་པ་བྱེད་ཅིང་། དགེ་འདུན་གྱི་གཙུག་ལག་ཁང་རྣམས་འཇིག་པར་བྱེད་ལ། མཆོད་རྟེན་རྣམས་འདྲལ་བར་བྱེད་ཅིང་དགེ་སློང་རྣམས་གསོད་པར་འགྱུར་རོ། །དབང་པོ་དག་ཕྱི་མའི་དུས་ན་གང་དུ་བསྟན་པ་ལ་གནོད་པ་ཆེན་པོ་འབྱུང་བར་འགྱུར་བ་དེར། ཁྱེད་གཅིག་ཏུ་བསྡོམས་ལ་བསྟན་པ་བསྲུང་བར་གྱིས་ཤིག །དེ་ནས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་གསོལ་པ། བཙུན་པ་བདག་གིས་ནི་ཤར་ཕྱོགས་ནས་བསྟན་པ་བསྲུང་བར་འཚལ་ལོ། །འཕགས་སྐྱེས་པོས་གསོལ་པ། བཙུན་པ་བདག་གིས་ནི་ལྷོ་ཕྱོགས་ནས་བསྲུང་བར་འཚལ་ལོ། །མིག་མི་བཟང་གིས་གསོལ་པ། བཙུན་པ་བདག་གིས་ནི་ནུབ་ཕྱོགས་ནས་བསྲུང་བར་འཚལ་ལོ། །རྣམ་ཐོས་ཀྱི་བུས་གསོལ་པ། བཙུན་པ་བདག་གིས་ནི། བྱང་ཕྱོགས་ནས་བསྲུང་བར་འཚལ་ལོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་བདག་གིས་ནི། ཐམས་ཅད་ནས་བསྲུང་བར་འཚལ་ལོ། །དེ་སྐད་ཅེས་གསོལ་ནས། ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་


DKG073_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེར་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་ཀུན་དགའ་བོ་ལ་བསྟན་པ་གཏད་པ་དེའི་ཚེ། དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས། དགེ་སློང་འོད་སྲུང་ལ་བསྟན་པ་གཏད་དེ། ཀུན་དགའ་བོ་ལ་ཐོས་པའི་མཛོད་གཏད་ནས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་འདི་གཉིས་ཀྱིས་བསྟན་པ་རྒྱས་པར་བགྱིད་པར་འགྱུར་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། ཇི་ལྟར་འདས་པའི་དུས་ན་ཡང་ངས་དགེ་སློང་འོད་སྲུང་ལ། དཔུང་གི་ཚོགས་ཡན་ལག་བཞི་དང་ཡུལ་གཏད་དེ། ཀུན་དགའ་བོ་ལ་ནོར་གྱི་མཛོད་གཏད་ནས། འདི་གཉིས་ཀྱིས་ང་ཤི་བའི་འོག་ཏུ་བསྲུངས་ཏེ་རྒྱལ་པོའི་ཕོ་བྲང་རྒྱས་པར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་མི་ཐི་ལ་ན། རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་རྒྱལ་པོ་བྱེད་པ་ལས། ཕྱི་ཞིག་ན་དེའི་བཙུན་མོ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། དེའི་བཙས་སྟོན་རྒྱས་པར་བྱས་ཏེ། རིགས་དང་འཐུན་པའི་མིང་བཏགས་ནས། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་དེ་ནད་ཀྱིས་བཏབ་ནས་དེ་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་སྨན་རྣམས་ཀྱིས་རིམ་གྲོ་བྱས་ཀྱང་སོས་པར་བྱེད་མ་ནུས་ནས། རྒྱལ་པོ་དེས་བསམས་པ། བདག་ནི་ནད་འདིས་འཆི་བར་འགྱུར་ལ། བུ་འདི་ཡང་ཤིན་ཏུ་ཆུང་བས། བདག་ཤི་བའི་འོག་ཏུ་རྒྱལ་པོ་བྱིས་པ་ཡིན་ནོ་སྙམ་ནས། ཐམས་ཅད་ཀྱིས་བརྙས་པར་འགྱུར་རོ་སྙམ་མོ། །དེ་ནས་བདག་ཤི་སྟེ་དུས་ལས་འདས་པའི་འོག་ཏུ་འདི་ན་རྒྱལ་པོའི་ཕོ་བྲང་གི་གཞི་འཛིན་ནུས་ཤིང་མཐུ་དང་ལྡན་པ་སུ་ཡོད་སྙམ་པ་ལས། རྒྱལ་པོ་དེ་ལ་བློན་པོའི་མཆོག་མཁས་ཤིང་


DKG073_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་ཡིད་གཞུངས་པ་གཞུང་ལུགས་ཅན་དུལ་བ་དང་ལྡན་པ་བག་ཡོད་པ། དགའ་བོ་ཞེས་བྱ་བ་དང་ཉེ་དགའ་བོ་ཞེས་བྱ་བ་གཉིས་ཡོད་དོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོས་བསམས་པ་དགའ་བོ་དང་ཉེ་དགའ་བོ་གཉིས་ཀྱིས་བདག་ཤི་སྟེ་དུས་ལ་འདས་པའི་འོག་ཏུ། རྒྱལ་པོའི་ཕོ་བྲང་བསྲུང་ནུས་སོ། །སྙམ་ནས་རྒྱལ་པོ་དེས་བློན་པོ་དེ་གཉིས་ཕོ་ཉས་བཀུག་སྟེ། བསྒོ་བ་ཁྱེད་གཉིས་ཤེས་པར་གྱིས་ཤིག །ང་ནི་རིང་པོ་མི་ཐོགས་པར་མེད་པར་འགྱུར་གྱིས། ང་ཤི་སྟེ་དུས་ལས་འདས་པའི་འོག་ཏུ། ཁྱེད་གཉིས་ཀྱིས་རྒྱལ་པོའི་ཕོ་བྲང་སྲུངས་ཤིག་ཅེས་བསྒོ་ནས། རྒྱལ་པོ་དེས་དེ་གཉིས་ལས་གཅིག་ལ་ནི་རྒྱལ་པོའི་བུ་དང་རྒྱལ་པོའི་དཀོར་མཛོད་གཏད་དོ། །གཅིག་ལ་ནི་དཔུང་གི་ཚོགས་ཡན་ལག་བཞི་དང་ཡུལ་གཏད་དེ། ང་འདས་པའི་འོག་ཏུ་ཁྱེད་གཉིས་ཀྱིས་རྒྱལ་པོའི་ཕོ་བྲང་སྲུངས་ལ། རྒྱས་པར་གྱིས་ཤིག་ཅེས་བསྒོ་ནས། རྒྱལ་པོ་དེས་བུ་རྒྱལ་སར་བཅུག་སྟེ་དུས་ལས་འདས་སོ། །དེ་ནས་དེ་དུས་ལས་འདས་པའི་འོག་ཏུ་བློན་པོ་དེ་གཉིས་ཀྱིས་འདབ་བཏང་ནས། གཅིག་གིས་ནི་རྒྱལ་པོའི་བུ་དང་རྒྱལ་པོའི་དཀོར་མཛོད་བསྲུངས་སོ། །གཅིག་གིས་ནི་དཔུང་གི་ཚོགས་ཡན་ལག་བཞི་དང་རྒྱལ་སྲིད་བསྲུངས་སོ། །དེ་ནས་གང་གི་ཚེ་རྒྱལ་པོའི་བུ་དེ་ཤེད་བྱེ་ཞིང་མཐུར་སོན་པར་གྱུར་པ་དེའི་ཚེ་དེ་ལ་དེ་གཉིས་ཀྱིས། གཅིག་གིས་ནི་དཀོར་དང་དཀོར་མཛོད་ཕུལ་ལོ། །གཅིག་གིས་ནི་དཔུང་གི་ཚོགས་ཡན་ལག་བཞི་དང་ཡུལ་ཕུལ་ཏེ། ལྷ་འདི་ནི་ཁྱེད་ཀྱི་ཡབ་ཀྱི་ནོར་ལགས་ཀྱིས་ཆོས་བཞིན་དུ་རྒྱལ་པོ་མཛོད་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་བགྲེས་པོར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་གང་གིས་དཔུང་གི་ཚོགས་ཡན་ལག་བཞི་དང་ཡུལ་བསྲུངས་པ་དེ་ནི་དགེ་སློང་འོད་སྲུང་འདི་ཁོ་ན་ཡིན་ནོ། །དེའི་ཚེ་གང་གིས་རྒྱལ་པོའི་བུ་དང་རྒྱལ་པོའི་དཀོར་མཛོད་བསྲུངས་པ་དེ་ནི་ཀུན་དགའ་བོ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་རྒྱལ་པོའི་བུར་གྱུར་པ་གང་ཡིན་པ་དེ་ནི་གསོ་མ་ཅན་ཡིན་ཏེ། དེའི་ཚེ་ཡང་ངས་


DKG073_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྒས་ཀར་གཅིག་ལ་ནི་རྒྱལ་པོའི་བུ་དང་དཀོར་མཛོད་གཏད་དོ། །གཅིག་ལ་ནི་དཔུང་གི་ཚོགས་ཡན་ལག་བཞི་དང་ཡུལ་གཏད་དོ། །དེ་གཉིས་ཀྱིས་ཀྱང་ང་ཤི་སྟེ། དུས་ལས་འདས་པའི་འོག་ཏུ། རྒྱལ་པོའི་ཕོ་བྲང་བསྲུངས་ཏེ་རྒྱས་པར་བྱས་སོ། །ད་ལྟར་ཡང་ངས་དུས་ཀྱི་ཐ་མ་ལ་ཐུག་པ་ན་གཅིག་ལ་ནི་ཐོས་པའི་མཛོད་གཏད་དོ། །གཅིག་ལ་ནི་བསྟན་པ་གཏད་དེ། འདི་གཉིས་ཀྱིས་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་རྒྱས་པར་བྱེད་དོ། །གཞན་ཡང་དགེ་སློང་ཀུན་དགའ་བོ་དང་འོད་སྲུང་གིས་སྨོན་ལམ་བཏབ་སྟེ། གཅིག་གིས་ནི་བདག་དེའི་ཐོས་པ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་ཐོས་པའི་མཛོད་རྒྱས་པར་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །གཅིག་གིས་ཀྱང་ཀྱེ་མ། ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་མཆོག་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བདག་གིས་དེའི་བསྟན་པའི་དོན་བྱེད་པར་ཤོག་ཅེས་བྱས་སོ། །གསོལ་པ། བཙུན་པ་འདི་གཉིས་ཀྱིས་གང་དུ་སྨོན་ལམ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་དགེ་སློང་ཀུན་དགའ་བོ་རབ་ཏུ་བྱུང་ནས། དེ་སུ་ལས་རབ་ཏུ་བྱུང་བ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི། སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་


DKG073_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །ཇི་ལྟར་བདག་གི་མཁན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་། ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་མཆོག་དེས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག། དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་བདག་གིས་ཐོས་པའི་མཛོད་རྒྱས་པར་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི་ཀུན་དགའ་བོ་འདི་ཁོ་ན་ཡིན་ཏེ། དེས་དེར་སྨོན་ལམ་བཏབ་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ལ། འདི་ཡང་ངས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏེ། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་ཐོས་པ་རྒྱས་པར་བྱེད་པར་འགྱུར་རོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དེ་ཉིད་ཀྱི་གསུང་རབ་ལ་རབ་ཏུ་བྱུང་ནས། དེ་གང་ལས་རབ་ཏུ་བྱུང་བ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ། བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་


DKG073_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །འདི་ལྟར་བདག་གི་མཁན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་མཆོག་དེས། སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བྱས་ནས། དེ་དེ་ནས་ཤི་འཕོས་ཏེ། དུས་ལས་འདས་ནས། གྲོང་ཁྱེར་བཱ་རཱ་ཎ་སཱི་དེ་ཉིད་དུ། བློན་པོའི་མཆོག་གི་ཁྱིམ་དུ་ཉིང་མཚམས་བླངས་ནས། དེ་གང་གི་ཚེ་བཙས་ནས་ཆེར་སྐྱེས་པ་དེའི་ཚེ། རྒྱལ་པོ་ཀྲཱི་ཀཱིས་བློན་པོར་བཅུག་གོ །དེ་ནས་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ཟིན་ནས། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ། རྒྱལ་པོ་ཀྲཱི་ཀཱིས་དེའི་སྐུ་གདུང་ལ་མཆོད་པ་བྱས་ནས། རིན་པོ་ཆེའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་པ་ཞིག་བྱེད་དུ་བཅུག་སྟེ། རྒྱལ་པོ་དེས་བློན་པོའི་བུ་དེ་མཆོད་རྟེན་དེའི་ལག་དཔོན་དུ་བསྐོས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཀྲཱི་ཀཱིས་མཆོད་རྟེན་དེ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས། དེར་མཆོད་རྟེན་གྱི་དུས་སྟོན་བྱ་བར་འདོད་དེ། དེས་བཟའ་བ་དང་བཅའ་བ་དང་གོས་མང་པོ་སྦྱར་ནས། དགེ་སློང་རྣམས་ལ་འབོད་དུ་བཅུག་གོ་གཡར་འདྲེན་བཏང་ངོ་། །དེར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡོངས་སུ་མྱ་ངན་ལས་འདས་ནས་ཞག་བདུན་ལོན་ནས་བསྟན་པ་ནུབ་སྟེ། དེ་ཡོངས་སུ་མྱ་ངན་ལས་འདས་ནས། དགེ་སློང་དབང་ཐོབ་པ་གང་ཡིན་པ་དེ་དག་ནི་ཡོངས་སུ་མྱ་ངན་ལས་འདས་སོ། །སོ་སོའི་སྐྱེ་བོ་གང་ཡིན་པ་དེ་དག་ནི་ཁྱིམ་པར་གྱུར་ཏོ། །དེ་ནས་དེར་གཡར་འདྲེན་པ་དེ་དག་གིས་དགེ་སློང་གཅིག་ཀྱང་མ་རྙེད་ནས། རྒྱལ་པོ་ཀྲཱི་ཀཱིས་དགེ་སློང་དེ་དག་གར་དོང་ཞེས་སྨྲས་པ་དང་། བློན་པོ་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ཏེ་ཞག་བདུན་ལོན་ནས་བསྟན་པ་ནུབ་ལགས་སོ་ཞེས་གསོལ་ཏོ། །རྒྱལ་པོས་བཀའ་སྩལ་པ། དེའི་དགེ་སློང་གང་གིས། དེའི་བསྟན་པ་འཛིན་པར་འགྱུར་བ་དེ་ལྟ་བུ་གཅིག་


DKG073_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མེད་དམ་ཞེས་བྱས་ནས། རྒྱལ་པོ་ཀྲཱི་ཀཱིས་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ཏེ་སོང་ངོ་། །བློན་པོའི་བུ་དེས་ཀྱང་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག། གཞན་ཡང་བདག་གིས་དེ་ཡོངས་སུ་མྱ་ངན་ལས་འདས་ནས། བསྟན་པ་འཛིན་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བློན་པོའི་བུ་གང་ཡིན་པ་དེ་ནི་དགེ་སློང་འོད་སྲུང་འདི་ཁོ་ན་ཡིན་ཏེ། འདིས་དེར་སྨོན་ལམ་བཏབ་བོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་བཞི་པ། འཛིན་བྱེད་ཀྱི་བུ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་རྒྱལ་པོའི་ཁབ་ན་བྲམ་ཟེ་ཆེ་ཞིང་མཐོ་བ་འཛིན་བྱེད་ཅེས་བྱ་བ་ཞིག་གནས་སོ། །འདམ་བུ་སྦྱིན་ཞེས་བྱ་བའི་གྲོང་ན་ནི་བྲམ་ཟེ་རྒྱལ་ཞེས་བྱ་བ་ཞིག་གནས་ཏེ། དེ་གཉིས་མཛའ་ཞིང་བཤེས་ལ་གཅུགས་པར་གྱུར་ཏོ། །དེ་ནས་བྲམ་ཟེ་རྒྱལ་ཆུང་མ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། མིང་ཤཱ་རིའི་བུ་ཞེས་བྱ་བ་དང་ཉེ་རྒྱལ་ཞེས་བྱ་བར་བཏགས་སོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་འཛིན་བྱེད་ཀྱི་ཆུང་མ་ལ་ཡང་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་བྲམ་ཟེ་ཆེ་ཞིང་མཐོ་བ་འཛིན་བྱེད་ཀྱི་བུ་ཡིན་པས་ན། ཁྱེའུ་


DKG073_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་མིང་འཛིན་བྱེད་ཀྱི་བུ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་འཛིན་བྱེད་ཀྱི་བུ་འོ་མ་དང་མར་དང་ཞོ་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས། གང་གི་ཚེ་དེ་གཉིས་ཆེར་སྐྱེས་པ་དེའི་ཚེ་དེ་གཉི་ག་བྱིས་པ་སློབ་པའི་གྲྭར་གཏད་ནས། དེ་གཉི་ག་ཡང་ཡི་གེ་མཐར་ཕྱིན་པར་ལོབས་ཏེ། དེ་གཉི་གས་བསྟན་བཅོས་ཐམས་ཅད་ལོབས་སོ། །ཉེ་རྒྱལ་གྱིས་ནི་ལོ་བཅུ་དྲུག་ལོན་ནས་དབང་པོའི་བརྡ་སྤྲོད་པ་ཡང་ལོབས་ཏེ་གཞུང་གིས་རྒོལ་བ་ཐམས་ཅད་ཚར་གཅད་དོ། །དེ་ནས་ཕྱི་ཞིག་ན་དཀའ་ཐུབ་ཀྱི་ནགས་ཚལ་དུ་རྟེན་བཅས་ནས། དེ་ཀུན་དུ་རྒྱུ་དག་གི་ནང་དུ་རབ་ཏུ་བྱུང་ངོ་། །དེར་གང་གི་ཚེ་སངས་རྒྱས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་བྲམ་ཟེའི་བུ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེར་དེ་གཉིས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་དེ་གཉིས་ལས་གཅིག་ནི་ཤེས་རབ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །གཅིག་ནི་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །བྲམ་ཟེའི་ཁྱེའུ་འཛིན་བྱེད་ཀྱི་བུ་ནི་རྒྱལ་པོའི་ཞམ་རིང་བ་དཔའ་བོར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་དེར་རྟག་ཏུ་འགྲོ་བ་ལས་དེ་ཤེས་རབ་དང་ལྡན་པའི་ཕྱིར། རྒྱལ་པོ་གཟུགས་ཅན་སྙིང་པོས་བློན་པོའི་མཆོག་ཏུ་བསྐོས་ནས། ལོངས་སྤྱོད་ཀྱི་གཞི་ཆེན་པོ་ཡང་བྱིན་ཏེ། འཇིག་རྟེན་དག་ནི་འབྱོར་པ་འདོད་པ་ཡིན་ནོ། །དེ་ནས་ཕྱི་ཞིག་ན། དེས་ཀྱང་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ལ། དེས་ཁྱིམ་གྱི་འབྱོར་པ་རྒྱས་པར་བྱས་ཏེ་བཞག་གོ །དེ་ནས་དེས་རྒྱལ་པོའི་ཁབ་དེར་རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ནོར་ལེན་པར་བྱེད་དོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོའི་ནོར་ལེན་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན། ཚེ་དང་ལྡན་པ་ཤཱ་རིའི་བུས། འཛིན་བྱེད་ཀྱི་བུ་གདུལ་བའི་དུས་ལ་བབ་པར་མཐོང་ནས། སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུའི་ཁྱིམ་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བྲམ་ཟེ་འཛིན་


DKG073_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་བུ་ཤིང་མ་ལ་ལི་ཀའི་འདབ་ན་བ་འཇོ་བའི་ཞལ་ཏ་བྱེད་ཅིང་འདུག་པ་ལས། བྲམ་ཟེ་འཛིན་བྱེད་ཀྱི་བུས་ཐག་རིང་པོ་ཞིག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ཡན་ལག་ཐམས་ཅད་ཀྱིས་འཁྱུད་ནས་ཁྱིམ་གྱི་ནང་དུ་ཁྲིད་དེ། སྟན་བཤམས་པ་ལ་འདུག་ཏུ་བཅུག་སྟེ། ཀྱེ་ཤཱ་རིའི་བུ་བཤོས་གསོལ་ལ་འོ་མ་ཡང་གསོལ་ཅིག་ཅེས་བྱས་སོ། །ཤཱ་རིའི་བུ་ན་རེ་འཛིན་བྱེད་ཀྱི་བུ་ང་ལ་སེམས་དགའ་བར་བྱས་ཟིན་གྱིས་དེས་ཆོག་གོ །འཛིན་བྱེད་ཀྱི་བུས་སྨྲས་པ། ཀྱེ་ཤཱ་རིའི་བུ་ཁྱོད་ཡུན་རིང་མོ་ཞིག་ན་གདོད་བདག་གི་ཁྱིམ་དུ་ཕྱིན་ན། ཅིའི་ཕྱིར་ཟན་གཅིག་ཙམ་ཡང་ཟར་མི་བཏུབ། ཤཱ་རིའི་བུས་སྨྲས་པ། འཛིན་བྱེད་ཀྱི་བུ་འདི་ལྟར་ཁྱོད་ནི་ངང་ཚུལ་འཆལ་ཅིང་ངང་ཚུལ་ཉམས་པ་ཡིན་ཏེ། རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ནོར་ལེན་པར་བྱེད་ལ། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོའི་ནོར་ལེན་པར་བྱེད་པའི་ཕྱིར་རོ། །འཛིན་བྱེད་ཀྱི་བུས་སྨྲས་པ། ཀྱེ་ཤཱ་རིའི་བུ་བདག་ནི་ཁྱིམ་པ་སྟེ། ཁྱིམ་ན་གནས་པ་ལགས་པས་ན། བདག་གིས་ནི་བདག་ཉིད་དང་ཕ་མ་དང་བུ་དང་ཆུང་མ་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང་མཛའ་བོ་དང་སྙིང་ཉེ་བ་དང་ཉེ་དུ་དང་རྒན་རབས་ཀྱང་ཡང་དག་པར་བདེ་བས་ཚིམ་པར་བྱ་དགོས་སོ། །རྒྱལ་པོ་ལ་ཡང་ས་གཞིའི་རག་ལུས་ལ། ལྷ་ཡང་རྗེད་དགོས། སྔོན་གྱི་མཚུན་དག་ཀྱང་གཏོར་དགོས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱང་ཟན་སྦྱིན་དགོས་ཏེ། བདག་གིས་ནི་ཆོས་བཞིན་དུ་བྱེད་པ་འབའ་ཞིག་གིས་བདེ་བླག་ཏུ་འབྱོར་པར་མི་ནུས་སོ། །ཤཱ་རིའི་བུས་སྨྲས་པ། འཛིན་བྱེད་ཀྱི་བུ་འོ་ན་ཁྱོད་ཉིད་ལ་དྲི་བར་བྱས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་དེའི་ལན་ཐོབ་ཤིག །དཔེར་ན་མི་ཞིག་གིས་ཕ་མ་གཉིས་ཀྱི་ཕྱིར་ཆོས་མ་ཡིན་པ་སྤྱོད་ཅིང་ལོག་པར་སྤྱོད་དེ། དེ་ཆོས་མ་ཡིན་པ་སྤྱོད་ཅིང་ལོག་པར་སྤྱོད་པ་དེས་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ནས། དེ་སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀྱིས་


DKG073_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ། སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་དུ་བཅུག་ནས། དེ་ན་རེ་སེམས་ཅན་དམྱལ་བའི་སྲུངས་མ་དག་བདག་ལ་གནོད་པ་འདི་དང་འདི་ལྟ་བུ་དག་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ཕ་མའི་ཕྱིར་ཆོས་མ་ཡིན་པ་སྤྱད་ཅིང་ལོག་པར་སྤྱད་པས། བདག་ཆོས་མ་ཡིན་པ་སྤྱད་ཅིང་ལོག་པར་སྤྱད་པ་དེས། ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པར་ཟད་དོ་ཞེས་ཟེར་ན། འཛིན་བྱེད་ཀྱི་བུ་དེ་ཇི་སྙམ་དུ་སེམས། མི་དེ་སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ལས་དོན་དེ་འགྲུབ་པར་འགྱུར་རམ། འཛིན་བྱེད་ཀྱི་བུས་སྨྲས་པ། ཤཱ་རིའི་བུ་དེ་ནི་མི་འགྲུབ་བོ། །ཤཱ་རིའི་བུས་སྨྲས་པ། འཛིན་བྱེད་ཀྱི་བུ་དད་པ་དང་ལྡན་པའི་རིགས་ཀྱི་བུས་ཆོས་དང་ལྡན་པ་དང་ལས་ཀྱི་ཡོན་ཏན་དག་གིས་ལོངས་སྤྱོད་རྣམས་བསྒྲུབས་ཏེ། ཕ་མ་གཉིས་ལ་དུས་དུས་སུ་ཡང་དག་པར་རི་མོ་བྱེད་པ་དང་། ཡང་དག་པར་བསྙེན་བཀུར་བྱེད་པ་དང་། ཡང་དག་པའི་བདེ་བས་སྟེན་པར་བྱེད་དེ། སྡིག་པའི་ལས་ཀྱང་ཅུང་ཟད་ཀྱང་མི་བྱེད་ལ། བསོད་ནམས་ཀྱི་ལམ་ཡང་དག་པར་བླངས་ཏེ། འདུག་ན་དེ་ལ་ཕ་མ་ཡང་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་འདི་ནི་དད་པ་དང་ལྡན་ཞིང་སྒྲུབ་ཕོད་ལ་རིགས་པས་འཚོ་བ་ཡིན་ཏེ། རིགས་ཀྱི་བུ་འདིས་ནི་ཆོས་དང་ལྡན་པ་དང་། ལས་ཀྱི་ཡོན་ཏན་དག་གིས་ལོངས་སྤྱོད་རྣམས་བསྒྲུབས་ནས། དུས་དུས་སུ་བདག་ཅག་ལ་ཡང་ཡང་དག་པར་རི་མོ་བྱེད། ཡང་དག་པར་བསྙེན་བཀུར་བྱེད། ཡང་དག་པར་བདེ་བས་སྟེན་པར་བྱེད་དེ། སྡིག་པའི་ལས་ཀྱང་ཅུང་ཟད་ཀྱང་མི་བྱེད་ལ། བསོད་ནམས་ཀྱི་ལམ་ཡང་ཡང་དག་པར་བླངས་ཏེ་འདུག་གོ་སྙམ་མོ། །རིགས་ཀྱི་བུ་ཕ་མ་ལ་སླར་སྙིང་བརྩེ་བར་བྱེད་པ་དེ་ནི། དགེ་བའི་ཆོས་རྣམས་འཕེལ་བ་འབའ་ཞིག་ཏུ་འགྱུར་བར་རེ་བར་བྱ་སྟེ། ཡོངས་སུ་འགྲིབ་པར་མི་འགྱུར་རོ། །འཛིན་བྱེད་ཀྱི་བུ། དཔེར་ན་མི་ཞིག་གིས་བུ་དང་ཆུང་མ་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་རྣམས་དང་མཛའ་བོ་དང་སྙིང་ཉེ་བ་དང་ཉེ་དུ་དང་རྒན་རབས་རྣམས་དང་རྒྱལ་པོ་དང་ལྷ་རྣམས་དང་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཕྱིར་ཆོས་མ་ཡིན་པ་


DKG073_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཅིང་ལོག་པར་སྤྱོད་དེ། དེ་ཆོས་མ་ཡིན་པ་སྤྱོད་ཅིང་ལོག་པར་སྤྱོད་པ་དེས། ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ནས། དེ་སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀྱིས་བཟུང་སྟེ། སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་དུ་བཅུག་ནས། དེ་ན་རེ་སེམས་ཅན་དམྱལ་བའི་སྲུངས་མ་དག་བདག་ལ་གནོད་པ་འདི་དང་འདི་ལྟ་བུ་དག་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། བདག་གིས་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཕྱིར་ཆོས་མ་ཡིན་པ་སྤྱད་ཅིང་ལོག་པར་སྤྱད་པར་ཟད་དོ་ཞེས་ཟེར་ན། འཛིན་བྱེད་ཀྱི་བུ་ཇི་སྙམ་དུ་སེམས། མི་དེ་སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ལས་དོན་དེ་འགྲུབ་པར་འགྱུར་རམ། འཛིན་བྱེད་ཀྱི་བུས་སྨྲས་པ། ཤཱ་རིའི་བུ་དེ་ནི་མི་འགྲུབ་བོ། །ཤཱ་རིའི་བུས་སྨྲས་པ། འཛིན་བྱེད་ཀྱི་བུ་དད་པ་དང་ལྡན་པའི་རིགས་ཀྱི་བུས་ཆོས་དང་ལྡན་པ་དང་། ལས་ཀྱི་ཡོན་ཏན་དག་གིས་ལོངས་སྤྱོད་རྣམས་བསྒྲུབས་ཏེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ཟས་སྦྱིན་པར་བྱེད་དེ། སྡིག་པའི་ལས་ཀྱང་ཅུང་ཟད་ཀྱང་མི་བྱེད་ལ། བསོད་ནམས་ཀྱི་ལམ་ཡང་ཡང་དག་པར་བླངས་ཏེ། འདུག་ན་དེ་ལ་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་དགེ་བའི་སེམས་ཀྱིས་སླར་སྙིང་བརྩེ་བར་བྱེད་དོ། །འཛིན་བྱེད་ཀྱི་བུ་དེ་ལྟར་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་དགེ་བའི་སེམས་ཀྱིས་སླར་སྙིང་བརྩེ་བར་བྱས་པའི་སྐྱེས་བུ་གང་ཟག་དེའི་ནི། དགེ་བའི་ཆོས་རྣམས་འཕེལ་བ་འབའ་ཞིག་ཏུ་འགྱུར་བར་རེ་བར་བྱས་ཏེ་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །དེ་སྐད་ཅེས་སྨྲས་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ངུས་ཏེ་མཆི་མ་བླགས་སོ། །དེ་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུས་གོས་ཀྱི་མཐའ་མས་མཆི་མ་ཕྱིས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཤཱ་རིའི་བུ་འདི་ནི་བདག་གི་མཆིས་བྲང་བག་སར་བླངས་ནས་རིང་པོ་མ་ལགས་པ་ཞིག་མཆིས་ཏེ། དེའི་སླད་དུ་བདག་གིས་བག་མ་མཆིས་པར་སྡིག་པ་ཁ་ན་མ་ཐོ་བ་མང་པོ་བགྱིས་ཀྱིས། བཙུན་པ་ཤཱ་རིའི་བུ་བག་སར་འདི་བདག་གིས་གཏན་དུ་སླར་བཏང་ལ། དེང་སླན་ཆད་བཙུན་པ་ཤཱ་རིའི་བུ་ལས་ཚངས་པར་སྤྱོད་པ་ལྔ་པའི་བསླབ་པའི་གཞི་རྣམས་ཡང་དག་པར་ནོད་པར་འཚལ་ལོ། །དེ་ནས་ཚེ་དང་


DKG073_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཤཱ་རིའི་བུས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ཚངས་པར་སྤྱོད་པ་ལྔ་པའི་བསླབ་པའི་གཞི་རྣམས་ལ་གནས་པར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལྷོ་ཕྱོགས་ཀྱི་རིའི་ནགས་ཁྲོད་ག་ལ་བ་དེར་སོང་བ་ལས། དགེ་སློང་གཞན་ཞིག་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ནས། ལྷོ་ཕྱོགས་ཀྱི་རིའི་ནགས་ཁྲོད་ག་ལ་བ་དེར་སོང་ནས་དགེ་སློང་དེས་ཐག་རིང་པོ་ཞིག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ད་གདོད་ག་ལས་འོངས། དགེ་སློང་དེས་སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་ད་གཟོད་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ནས་མཆིས་སོ། །ཤཱ་རིའི་བུས་སྨྲས་པ། བྲམ་ཟེ་འཛིན་བྱེད་ཀྱི་བུ་ཤེས་སམ། ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་འཚལ་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུའི་སྔོན་གྱི་ཁྱིམ་ན་གནས་པའི་ཚེའི་གྲོགས་པོ་ལགས་སོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་བྲམ་ཟེ་འཛིན་བྱེད་ཀྱི་བུ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བདེ་བ་དང་ལྡན་ནམ། ནད་མེད་དམ། སྟོབས་དང་ལྡན་པར་རྒྱལ་པོའི་ཁབ་ན་གནས་སམ། སྟོན་པ་མཐོང་བར་དགའ་འམ། ཆོས་མཉན་པར་དགའ་འམ། དགེ་སློང་དེས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྲམ་ཟེ་འཛིན་བྱེད་ཀྱི་བུ་ནི་སྟོན་པ་བལྟ་བར་ཡང་དགའ། ཆོས་མཉན་པར་ཡང་དགའ་མོད་ཀྱི། གནོད་པ་དང་ལྡན་ཞིང་སྡུག་བསྔལ་དང་ལྡན་ཏེ་ནད་པར་གྱུར་པས་གལ་ཏེ་ན་ནད་དེ་ཁོ་ནས་འཆི་བར་འགྱུར་ཡང་སྲིད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཆོས་གོས་སྣམ་སྦྱར་བགོས་ཏེ། བྲམ་ཟེ་འཛིན་བྱེད་ཀྱི་བུའི་ཁྱིམ་ག་ལ་བ་དེར་སོང་བ་ལས་བྲམ་ཟེ་འཛིན་བྱེད་ཀྱི་བུས་ཐག་རིང་པོ་ཞིག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་མཐོང་ངོ་། །མཐོང་ནས་ཀྱང་ཁྲི་ལས་ལྡང་དུ་སྩོལ་ལོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བྲམ་ཟེ་འཛིན་བྱེད་ཀྱི་བུ་ཁྲི་ལས་ལྡང་བར་སྩོལ་བ་མཐོང་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ལ་སྨྲས་པ། འཛིན་བྱེད་ཀྱི་བུ་ང་འདུག་པའི་སྟན་གཞན་དག་ཀྱང་ཡོད་ཀྱིས། ཁྱོད་ཁྲི་ལས་མ་ལྡང་


DKG073_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅེས་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་བཤམས་པ་ལ་འདུག་གོ །འདུག་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཛིན་བྱེད་ཀྱི་བུ་ཅི་ཁྱོད་བཟོད་པ་དང་ལྡན་ནམ། འཚོ་འམ། ཅི་ཁྱོད་ཀྱི་སྡུག་བསྔལ་དྲག་པ་དང་། མི་བཟད་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་དྲག་པོ་རྣམས་མེད་པར་གྱུར་ཏམ། ཕྱིར་ཐུ་བར་མ་གྱུར་ཏམ། མེད་པར་གྱུར་པར་མངོན་ནམ། ཕྱིས་ཐུ་བར་གྱུར་པར་མི་མངོན་གྲང་། འཛིན་བྱེད་ཀྱི་བུས་སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་ནི་བཟོད་པ་དང་ལྡན་པ་མ་ཡིན། འཚོ་བ་དང་ལྡན་པ་མ་ཡིན་ཏེ། བདག་གི་ལུས་ལ་སྡུག་བསྔལ་དྲག་པ་དང་། མི་བཟད་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་ཚབས་ཆེན་པོ་དག་གིས་ཐེབས་ཏེ། བདག་གི་ཚོར་བ་དེ་དག་ཕྱིས་ཐུ་ཞིང་ཕྱིས་ན་བར་མངོན་གྱི་མེད་པར་མ་གྱུར་ཏོ། །བཙུན་པ་ཤཱ་རིའི་བུ་དཔེར་ན་མི་སྟོབས་ཆེ་རབ་ཅིག་གིས་མི་ཉམ་ཆུང་རབ་ཅིག་གི་མགོ་བོ་འབྲེང་བ་བཟང་པོ་རིང་པོས་དམ་དུ་བཅིངས་ན་དེའི་མགོ་བོ་མི་བཟད་པར་ན་བར་འགྱུར་བ་དེ་བཞིན་དུ་བཙུན་པ་ཤཱ་རིའི་བུ་བདག་གི་མགོ་བོ་ལ་ཚོར་བ་མི་བཟད་ཅིང་འདུག་སྟེ། བདག་གི་ཚོར་བ་དེ་དག་ཕྱིས་ཐུ་ཞིང་ཕྱིས་ལ་ན་བར་མངོན་གྱི་མེད་པར་མ་གྱུར་ཏོ། །བཙུན་པ་ཤཱ་རིའི་བུ་དཔེར་ན་བ་ལང་གསོད་པའམ། བ་ལང་གསོད་པའི་སློབ་མས་བ་ལང་བཤའ་བའི་གྲི་རྣོན་པོས་བ་ལང་གི་ལྟོ་དྲལ་ན་དེའི་ལྟོ་བའི་ཚོར་བ་མི་བཟད་པར་འགྱུར་བ་དེ་བཞིན་དུ་བཙུན་པ་ཤཱ་རིའི་བུ་བདག་གི་ལྟོ་བའི་ནད་མི་བཟད་པར་འདུག་སྟེ་བདག་གི་ཚོར་བ་དེ་དག་ཕྱིས་ཐུ་ཞིང་ཕྱིས་ལ་ན་བར་མངོན་གྱི་མེད་པར་མ་གྱུར་ཏོ། །བཙུན་པ་ཤཱ་རིའི་བུ་དཔེར་ན་མི་སྟོབས་ཆེ་རབ་གཉིས་ཀྱིས་མི་སྟོབས་ཆུང་རབ་ཅིག་དཔུང་པ་གཡས་གཡོན་ནས་བཟུང་སྟེ། མེ་མདག་གི་ནང་དུ་སྲེག་པར་བྱེད་ན་དེའི་ལུས་མི་བཟད་པར་ཚ་བར་འགྱུར་བ་དེ་བཞིན་དུ་བཙུན་པ་ཤཱ་རིའི་བུ་བདག་གི་ལུས་ཤིན་ཏུ་ཚ་ཞིང་འདུག་སྟེ། བདག་གི་ཚོར་བ་དེ་དག་ཕྱིས་ཐུ་ཞིང་ཕྱིས་ལ་ན་བར་མངོན་གྱི་མེད་པར་མ་གྱུར་ཏོ། །བཙུན་པ་ཤཱ་རིའི་བུ་དེས་ན་བདག་ནི་བཟོད་པ་དང་ལྡན་པ་མ་ཡིན། འཚོ་བ་དང་ལྡན་པ་མ་ཡིན་ཏེ། བདག་གི་ལུས་ལ་སྡུག་བསྔལ་དྲག་པ་དང་། མི་བཟད་པ་


DKG073_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་ཚབས་ཆེན་པོ་དག་གིས་ཐེབས་ཏེ། བདག་གི་ཚོར་བ་དེ་དག་ཕྱིས་ཐུ་ཞིང་ཕྱིས་ལ་ན་བར་མངོན་གྱི་མེད་པར་མ་གྱུར་ཏོ། །ཤཱ་རིའི་བུས་སྨྲས་པ། འཛིན་བྱེད་ཀྱི་བུ་འོ་ན་ཁྱོད་ཉིད་ལ་དྲི་བར་བྱས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །འཛིན་བྱེད་ཀྱི་བུ་ཇི་སྙམ་དུ་སེམས། སེམས་ཅན་དམྱལ་བ་དང་དུད་འགྲོ་གང་བདམ། བཙུན་པ་ཤཱ་རིའི་བུ་སེམས་ཅན་དམྱལ་བ་པས་ནི་དུད་འགྲོ་བདམ་མོ། །དུད་འགྲོ་དང་ཡི་དགས་གང་བདམ། བཙུན་པ་ཤཱ་རིའི་བུ་དུད་འགྲོ་བས་ནི་ཡི་དགས་བདམ་མོ། །ཡི་དགས་དང་མི་གང་བདམ། བཙུན་པ་ཤཱ་རིའི་བུ་ཡི་དགས་པས་ནི་མི་བདམ་མོ། །མི་དང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གང་བདམ། བཙུན་པ་ཤཱ་རིའི་བུ་མི་བས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བདམ་མོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་སུམ་ཅུ་རྩ་གསུམ་པའི་ལྷ་གང་བདམ། བཙུན་པ་ཤཱ་རིའི་བུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བས་ནི་སུམ་ཅུ་རྩ་གསུམ་པའི་ལྷ་བདམ་མོ། །སུམ་ཅུ་རྩ་གསུམ་པའི་ལྷ་དང་འཐབ་བྲལ་གྱི་ལྷ་གང་བདམ། བཙུན་པ་ཤཱ་རིའི་བུ་སུམ་ཅུ་རྩ་གསུམ་པའི་ལྷ་བས་ནི་འཐབ་བྲལ་གྱི་ལྷ་བདམ་མོ། །འཐབ་བྲལ་གྱི་ལྷ་དང་དགའ་ལྡན་པའི་ལྷ་གང་བདམ། བཙུན་པ་ཤཱ་རིའི་བུ་འཐབ་བྲལ་བའི་ལྷ་བས་ནི་དགའ་ལྡན་པའི་ལྷ་བདམ་མོ། །དགའ་ལྡན་པའི་ལྷ་དང་འཕྲུལ་དགའི་ལྷ་གང་བདམ། བཙུན་པ་ཤཱ་རིའི་བུ་དགའ་ལྡན་པའི་ལྷ་བས་ནི་འཕྲུལ་དགའ་བའི་ལྷ་བདམ་མོ། །འཕྲུལ་དགའ་བའི་ལྷ་དང་གཞན་འཕྲུལ་དབང་བྱེད་པའི་ལྷ་གང་བདམ། བཙུན་པ་ཤཱ་རིའི་བུ་འཕྲུལ་དགའི་ལྷ་བས་ནི་གཞན་འཕྲུལ་དབང་བྱེད་པའི་ལྷ་བདམ་མོ། །གཞན་འཕྲུལ་དབང་བྱེད་པའི་ལྷ་དང་ཚངས་པའི་འཇིག་རྟེན་ལ་གང་བདམ། བཙུན་པ་ཤཱ་རིའི་བུ་གཞན་འཕྲུལ་དབང་བྱེད་པའི་ལྷ་བས་ནི་ཚངས་པའི་འཇིག་རྟེན་བདམ་མོ། །འཛིན་བྱེད་ཀྱི་བུ་ཚངས་པའི་འཇིག་རྟེན་བདམ་ཞེས་ཟེར་རམ། བཙུན་པ་ཤཱ་རིའི་བུ་ཚངས་པའི་འཇིག་རྟེན་བདམ་ཞེས་མཆིའོ། །དེ་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ཡུད་ཙམ་ཞིག་ཅང་མི་ཟེར་བར་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་དེ་ལྟར་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་བས་ཚངས་པའི་འཇིག་རྟེན་བདམ་


DKG073_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ན་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལམ་མཆིས་སམ། འཛིན་བྱེད་ཀྱི་བུ་ལམ་ཡང་ཡོད། སྲང་ཡང་ཡོད་དེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་དེ་བསྒོམས་ན་འདོད་པའི་འདུན་པ་སྤངས་ནས་དེ་ལ་ཤས་ཆེར་གནས་པས་ཚངས་པའི་འཇིག་རྟེན་དུ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་བ་དེ་ངས་བཤད་ན་དེ་ཁྱོད་ཀྱིས་ཤེས་པར་ནུས་སམ། བཙུན་པ་ཤཱ་རིའི་བུ་ཁྱོད་ཀྱིས་ཤོད་ཅིག་དང་བདག་གིས་མཉན་ཏོ། །ཤཱ་རིའི་བུས་སྨྲས་པ། འཛིན་བྱེད་ཀྱི་བུ་འདི་ན་འཕགས་པ་ཉན་ཐོས་ནི་འདོད་པའི་ཡོན་ཏན་ལྔ་སེམས་ཀྱི་ཉེ་བའི་ཉོན་མོངས་པ་སྐྱེད་པ། ཤེས་རབ་ཀྱི་གནས་ངན་ལེན་སྐྱེད་པ། ཕོངས་པར་འགྱུར་བའི་ཕྱོགས་མྱ་ངན་ལས་འདའ་བར་མི་འགྱུར་བ་སྤངས་ནས་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། དགྲ་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་ཆེན་པོར་གྱུར་པ། གཉིས་སུ་མེད་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་ཕྱོགས་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། བླ་དང་། འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དུ་འཇིག་རྟེན་འདི་དག་ཐམས་ཅད་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། དགྲ་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། ཆེན་པོར་གྱུར་པ། གཉིས་སུ་མེད་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆེན་པོར་གྱུར་པའི་བར་དུ་རྒྱས་པར་བརྗོད་པར་བྱས་ཏེ། འཛིན་བྱེད་ཀྱི་བུ་འདི་ནི་ལམ་ཡིན། འདི་ནི་སྲང་ཡིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་དེ་བསྒོམས་ན་འདོད་པའི་འདུན་པ་སྤངས་ནས་དེ་ལ་ཤས་ཆེར་གནས་པས་ཚངས་པའི་འཇིག་རྟེན་དུ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱས་སོ། །དེ་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ཚད་མེད་པ་བཞི་ལ་གནས་པར་བྱས་ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སོང་ནས་རིང་པོ་མ་ལོན་པར་བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་ཤཱ་རིའི་བུས་བྲམ་ཟེ་འཛིན་བྱེད་ཀྱི་བུ་


DKG073_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེའི་སྟེང་དུ་བདེན་པ་རྣམས་མ་བཤད་པ་ནི་ཚར་ཕྱིན་པ་མ་ཡིན་ནོ་སྙམ་དུ་དགོངས་ནས་འོད་མའི་ཚལ་ནས་མི་སྣང་བར་གྱུར་ཏེ། བྲམ་ཟེ་འཛིན་བྱེད་ཀྱི་ཁྱིམ་དུ་བཞུགས་པར་གྱུར་ཏོ། །དེ་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུས་བཅོམ་ལྡན་འདས་གདན་ལ་བཞུགས་པར་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ཀྱང་ཁྲི་ལས་ལངས་ཏེ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུས་སྟན་དེ་ཉིད་ལ་འདུག་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་མཛད་ནས་འཛིན་བྱེད་ཀྱི་བུའི་ཁྱིམ་ནས་མི་སྣང་བར་གྱུར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འོད་མའི་ཚལ་དུ་མ་ཕྱིན་པར་བཅོམ་ལྡན་འདས་ཆེས་སྔར་འོད་མའི་ཚལ་དུ་གཤེགས་ནས་ཉིད་ཀྱི་གདན་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་གཤེགས་ནས་རིང་པོ་མ་ལོན་པར་བྲམ་ཟེ་འཛིན་བྱེད་ཀྱི་བུ་ཤི་སྟེ་དུས་ལས་འདས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ད་གཟོད་ག་ལས་འོངས། ཤཱ་རིའི་བུས་གསོལ་པ། བཙུན་པ་བདག་གིས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ཚངས་པའི་གནས་བཞི་ལ་གནས་པར་བགྱིས་ན་ད་གཟོད་དེ་ནས་མཆིས་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་ཅིའི་ཕྱིར་ཁྱོད་ཀྱིས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ལ་དེའི་སྟེང་དུ་བདེན་པ་རྣམས་མ་བསྟན། ཇི་སྟེ་བསྟན་དུ་ཟིན་ན་ཆོས་འདུལ་བ་འདི་རྟོགས་པ་ཞིག །ཤཱ་རིའི་བུ་དེ་ལྟ་མོད་ཀྱི་ཁྱོད་སོང་བའི་འོག་ཏུ་ང་འོད་མའི་ཚལ་འདི་ནས་མི་སྣང་བར་གྱུར་ཏེ། བྲམ་ཟེ་འཛིན་བྱེད་ཀྱི་བུའི་ཁྱིམ་དུ་འདུག་ནས་ངས་དེ་ལ་དེའི་སྟེང་དུ་བདེན་པ་རྣམས་བསྟན་ཏེ། དེས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ནས་དེ་ཤི་སྟེ་དུས་ལས་འདས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་


DKG073_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟར་ངས་འཛིན་བྱེད་ཀྱི་བུ་བདེན་པ་རྣམས་ལ་གནས་པར་བྱས་ནས་ཁྱོད་འོད་མའི་ཚལ་དུ་མ་ཕྱིན་པར་ང་ཐོག་མར་ཕྱིན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་ལྟར་ངོ་མཚར་ཀྱི་ཆོས་དང་ལྡན་པ་ནི་ངོ་མཚར་ལགས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྲམ་ཟེ་འཛིན་བྱེད་ཀྱི་བུས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། བཅོམ་ལྡན་འདས་ཀྱང་དེས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ་དེས་སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་འཐབ་མེད་ཅེས་བྱ་བ་ན་རྒྱལ་པོ་ཀླུ་ལྷ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་འཐབ་པ་ཞི་བ་དང་འཁྲུག་པ་དང་ནང་འཁྲུག་དང་། ཆོམ་རྐུན་དང་། ནད་དང་མུ་གེ་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །དེའི་ཚེ་གྲོང་ཁྱེར་འཐབ་མེད་ན་རྒྱལ་པོ་ཀླུ་ལྷའི་མདུན་ན་འདོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ནོར་དང་གསེར་དུ་མ་དང་ལྡན་པ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་འདུག་པ་དེས་རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་ནོར་ལེན་པར་བྱེད། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོའི་ནོར་ལེན་པར་བྱེད་དོ། །དེ་ནས་དེའི་ཚེ་བྲམ་ཟེ་དབུལ་པོ་གཞན་ཞིག་བྲམ་ཟེ་མདུན་ན་འདོན་དེའི་ཐད་ནས་ཐག་མི་རིང་བ་ཞིག་ན་འདུག་པ་དེས། བྲམ་ཟེ་མདུན་ན་འདོན་དེས་རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ནོར་


DKG073_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པར་བྱེད་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོའི་ནོར་ལེན་པར་བྱེད་དེ། གཞི་དེས་ན་ཁང་བཟངས་ཀྱི་སྟེང་ན་འདུག་ཅིང་སྐྱེས་པ་མེད་པར་བུད་མེད་འབའ་ཞིག་དང་སིལ་སྙན་རྣམས་ཀྱིས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་རིག་གོ །དེ་ནས་བྲམ་ཟེ་དབུལ་པོ་དེས་བསམས་པ། འདི་དཔལ་འདི་ལྟ་བུ་དག་ཉམས་སུ་མྱོང་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པའི་ལས་རྣམ་པ་གསུམ་གྱི་འབྲས་བུ་ཡིན་གྱིས། མ་ལ་བདག་གིས་ཀྱང་དགེ་བའི་རྩ་བའི་ཆོས་ཅུང་ཟད་ཙམ་ཡང་དག་པར་བླངས་ཏེ་གནས་པར་བྱ་གོར་མ་ཆག །འོན་ཀྱང་དེས་དབུལ་བ་ཆད་པར་འགྱུར་རོ་སྙམ་དུ་དེ་ལྟ་བུའི་སེམས་སྐྱེས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་རང་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་སྟེ། རང་སངས་རྒྱས་ཞིག་དེའི་ཁྱིམ་སྒོར་འོངས་སོ། །དེ་ནས་བྲམ་ཟེ་དབུལ་པོ་དེས་ཐག་རིང་པོ་ཞིག་ནས་རང་སངས་རྒྱས་དེ་མཐོང་ངོ་། །མཐོང་ནས་ཀྱང་དེ་ལ་ཤིན་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བྲམ་ཟེ་དེས་རང་སངས་རྒྱས་དེ་ལ་བསོད་སྙོམས་ཕུལ་ལོ། །བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་པར་བྱེད་ཀྱི་ངག་གིས་མ་ཡིན་ཏེ། དེས་བསོད་སྙོམས་དེ་བླངས་ནས་དེ་ཁོ་ན་ནས་ནམ་མཁའ་ལ་སོང་ངོ་། །དེ་ནས་བྲམ་ཟེ་དེ་ལྷག་པར་ཡང་དགའ་བ་སྐྱེས་ནས་རྐང་པ་ལ་དམིགས་ཏེ་ཕྱག་འཚལ་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག །བདག་གིས་ཀྱང་རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ནོར་ལེན་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོའི་ནོར་ལེན་པ་དང་འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བྲམ་ཟེ་དབུལ་པོར་གྱུར་པ་གང་ཡིན་པ་དེ་ནི་འཛིན་བྱེད་ཀྱི་བུ་འདི་ཁོ་ན་ཡིན་ཏེ། དེས་རང་སངས་རྒྱས་དེ་ལ་བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པ་དེས་ན་གང་དང་


DKG073_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དེས་དེར་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོའི་ནོར་ལེན་པར་བྱེད། རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ནོར་ལེན་པར་བྱེད་ལ། དགེ་སློང་དག་ང་རང་སངས་རྒྱས་བྱེ་བ་ཕྲག་འབུམ་བས་ཀྱང་ཆེས་ལྷག་པར་ཁྱད་པར་དུ་འཕགས་པ་ང་ལྟ་བུ་འདིས་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་བསྙེན་དུ་གྱུར་ཏེ། དེས་དེར་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཀར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་བསྙེན་དུ་གྱུར་པ་གང་ཡིན་པ་དེ་ནི་འཛིན་བྱེད་ཀྱི་བུ་འདི་ཁོ་ན་ཡིན་ཏེ། དེས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཡིན་པ་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ།། །།རབ་བཟང་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་དྲི་ཟའི་རྒྱལ་པོ་རབ་དགའ་ཞེས་བྱ་བ་ཞིག་ཡོད་དེ། དེས་ལྷའི་དབང་པོ་བརྒྱ་བྱིན་དགའ་བར་བྱ་བའི་ཕྱིར་དེ་དང་འབྲེལ་བའི་གླུ་དབྱངས་སྦྱོར་བ་ལ་ཞུགས་སོ། །དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ལས་རྣམ་པ་བཞིའི་གཟིགས་པས་འཇིག་རྟེན་ལ་གཟིགས་


DKG073_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡུམ་གྱི་ལྷུམས་སུ་གཤེགས་པ་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོ་རབ་དགའ་ལ་སྨྲས་པ། རབ་དགའ་བྱང་ཆུབ་སེམས་དཔའ་ལྷའི་རིས་དགའ་ལྡན་ནས་ཤི་འཕོས་ཏེ། ཡུམ་གྱི་ལྷུམས་སུ་ཉིང་མཚམས་སྦྱར་ནས་གང་གི་ཚེ་དེ་བལྟམས་ཏེ། ཆེར་སྐྱེས་པ་དེའི་ཚེ་བདུད་རྩི་བརྙེས་ནས་དེས་འགྲོ་བ་རྣམས་ཚིམ་པར་མཛད་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་འཛམ་བུའི་གླིང་དུ་ཉིང་མཚམས་སྦྱོར་ཅིག་དང་། ཁྱོད་ལ་ཡང་དེས་བདུད་རྩིའི་སྐལ་བ་སྦྱིན་པར་འགྱུར་རོ། །རབ་དགས་སྨྲས་པ། ཀཽ་ཤི་ཀ་བདག་གིས་གླུ་དབྱངས་སྦྱར་བ་བརྩམས་ལགས་ཏེ། རེ་ཞིག་དེ་ལགས་པར་བགྱིས་ན་སླད་ཀྱིས་སླེབས་སོ་ཞེས་ཟེར་རོ། །དེ་ནས་དེའི་ཚེ་གྲོང་ཁྱེར་ཀུ་ཤི་ན་ཀུན་ཏུ་རྒྱུ་རབ་བཟང་ཞེས་བྱ་བ་རྫུ་འཕྲུལ་ཅན་གྲོང་ཁྱེར་ཀུ་ཤི་ན་གནས་པའི་གྱད་ཀྱི་བུ་ཐམས་ཅད་ཀྱིས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་དགྲ་བཅོམ་པར་བཀུར་བ་ཞིག་ཡོད་དེ། དེ་མཚོ་མ་དྲོས་པའི་འགྲམ་ན་ཉིན་པར་གནས་སོ། །དེར་ཡང་དེ་ལ་ལྷ་དང་ཀླུ་རྣམས་ཀྱིས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད་མཆོད་པར་བྱེད་དོ། །དེ་རེས་འགའ་ནི་མཚོ་མ་དྲོས་པའི་འགྲམ་དེ་ཉིད་ན་ཉིན་པར་གནས་ཤིང་འདུག་གོ །རེས་འགའ་ནི་མཚོ་མ་དྲོས་པ་དེ་ཉིད་ནས་ཐག་མི་རིང་བ་ཞིག་ན་ཤིང་ཨུ་དུམ་བཱ་རའི་ཚལ་ཞིག་ཡོད་པ་དེར་སོང་ནས་འདུག་གོ །དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་བལྟམ་པ་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོ་རབ་དགའ་ལ་སྨྲས་པ། རབ་དགའ་བྱང་ཆུབ་སེམས་དཔའ་བལྟམ་གྱིས་ཚུར་དང་བདག་ཅག་གིས་དེའི་མཆོད་པའི་ལས་ལ་བརྩོན་པར་བྱའོ། །རབ་དགས་སྨྲས་པ། ཀཽ་ཤི་ཀ་བདག་གིས་གླུ་དབྱངས་སྦྱར་བ་བརྩམས་ལགས་ཏེ། དེ་རེ་ཞིག་དེ་ལགས་པར་བགྱིས་ནས་སླད་ཀྱིས་སླེབས་སོ་ཞེས་ཟེར་རོ། །དེ་ནས་བྱང་ཆུབ་སེམས་དཔའི་ཆེ་བ་ཉིད་ཀྱིས་ཨུ་དུམ་བཱ་རའི་ཚལ་དེར་ཨུ་དུམ་བཱ་རའི་མེ་ཏོག་རྣམས་ཁ་འབུས་པར་གྱུར་ཏོ། །དེ་ནས་ཀུན་ཏུ་རྒྱུ་རབ་བཟང་གིས་ཤིང་ཨུ་དུམ་བཱ་རའི་མེ་ཏོག་ཁ་འབུས་པ་མཐོང་ནས། མཐོང་མ་ཐག་ཏུ་ཡིད་དགའ་བར་གྱུར་ཏེ་དེས་བསམས་པ། གནའི་ཀུན་ཏུ་རྒྱུ་རྒས་ཤིང་འཁོགས་ལ་གཏུགས་པ། སྡེ་ཚན་གྱི་


DKG073_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཆེན་པོ་དག་ལས་བདག་གིས་ཐོས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཨུ་དུམ་བཱ་རའི་མེ་ཏོག་ནི་བརྒྱ་ལམ་ན་འབྱུང་བར་ཟད་དོ་ཞེས་ཟེར་བ་ལས་ན། ཨུ་དུམ་བཱ་རའི་ཚལ་འདིར་ཡང་བདག་གི་བསོད་ནམས་ཀྱིས་ཨུ་དུམ་བཱ་ར་རྣམས་ཀྱི་མེ་ཏོག་ཁ་འབུས་པར་གྱུར་ཏོ་སྙམ་མོ། །དེར་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྒན་པོ་དང་། ནད་པ་དང་། ཤི་བ་གཟིགས་ནས་ནགས་ཁྲོད་དུ་གནས་བཅས་པ་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོ་རབ་དགའ་ལ་སྨྲས་པ། རབ་དགའ་བྱང་ཆུབ་སེམས་དཔའ་དེ་ནི་རྒན་པོ་དང་། ནད་པ་དང་། ཤི་བ་གཟིགས་ནས་ནགས་ཁྲོད་དུ་གནས་བཅས་ཀྱིས། བདག་ཅག་དོང་ལ་དེའི་མཆོད་པའི་ལས་ལ་བརྩོན་པར་བྱའོ། །རབ་དགས་སྨྲས་པ། ཀཽ་ཤི་ཀ་བདག་གིས་གླུ་དབྱངས་སྦྱར་བ་བརྩམས་ལགས་ཏེ། དེ་རེ་ཞིག་ལགས་པར་བགྱིས་ནས་སླད་ཀྱིས་སླེབས་སོ་ཞེས་ཟེར་རོ། །དེར་གང་གི་ཚེ་བྱང་ཆུབ་སེམས་དཔས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ཆོས་བཞིན་དུ་བསྐོར་བ་དེའི་ཚེ་བརྒྱ་བྱིན་གྱིས་ཡང་དྲི་ཟའི་རྒྱལ་པོ་རབ་དགའ་ལ་སྨྲས་པ། རབ་དགའ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་བསྐོར་བར་བཞེད་ཀྱིས་ཚུར་བདག་ཅག་སོང་ལ་ཆོས་མཉན་པར་བྱའོ། །རབ་དགས་སྨྲས་པ། ཀཽ་ཤི་ཀ་བདག་གིས་གླུ་དབྱངས་སྔར་བརྩམས་ལགས་ཏེ། རེ་ཞིག་དེ་ལགས་པར་བགྱིས་ནས་སླད་ཀྱིས་སླེབས་སོ་ཞེས་ཟེར་རོ། །དེར་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་བསྐོར་བ་དེའི་ཚེ་ཨུ་དུམ་བཱ་རའི་ཚལ་དེ་དག་རྣམ་པ་ཐམས་ཅད་དུ་མེ་ཏོག་རྒྱས་པར་གྱུར་ཏེ། དེས་ན་དཔག་ཚད་མང་པོར་དྲི་བསུང་གིས་རྒྱས་པར་གྱུར་ཏེ། རྒྱུ་དེས་ན་ཀུན་དུ་རྒྱུ་རབ་བཟང་ལྷག་པར་ཡང་ཡིད་དགའ་བར་གྱུར་ནས་འདི་དག་ནི་བདག་གི་བསོད་ནམས་ལས་གྱུར་པ་ཡིན་ནོ་སྙམ་མོ། །དེར་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་


DKG073_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཞིན་དུ་བསྐོར་བ་དེའི་ཚེ་ལྔ་སྡེ་དང་། ཉེ་བའི་ལྔ་སྡེ་རྣམས་དང་། གྲོང་གི་བྱིས་པ་མགོ་མཐོ་མཐོ་ལྔ་བཅུ་བཏུལ་ཏོ། །ཤིང་བལ་གྱི་ཤིང་གི་ནགས་ཁྲོད་དུ་གཤེགས་ནས་བཟང་སྡེ་དྲུག་ཅུའི་ཕ་ཚན་བདེན་པ་རྣམས་ལ་བཀོད་དོ། །སྡེ་པའི་གྲོང་དུ་གཤེགས་ནས་གྲོང་ན་གནས་པའི་བུ་མོ་དགའ་མ་དང་། དགའ་སྟོབས་མ་གཉིས་བདེན་པ་རྣམས་ལ་བཀོད་དོ། །ལྟེང་རྒྱས་སུ་གཤེགས་ནས་རལ་པ་ཅན་སྟོང་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་དོ། །ག་ཡཱའི་རྩེ་མོའི་མཆོད་རྟེན་གྱི་དྲུང་དུ་གཤེགས་ནས་དགེ་སློང་སྟོང་པོ་དེ་དག་ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཡིད་ཆེས་པར་མཛད་དེ་གཡུང་དྲུང་གི་མཐར་ཐུག་པ། བླ་ན་མེད་པའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །སྨྱིག་མའི་ནགས་ཁྲོད་དུ་གཤེགས་ནས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང་། ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བདེན་པ་རྣམས་ལ་གནས་པར་མཛད་དོ། །རྒྱལ་པོའི་ཁབ་ཏུ་གཤེགས་ནས་འོད་མའི་ཚལ་བཞེས་ཏེ། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཡོག་འཁོར་ཉིས་བརྒྱ་ལྔ་བཅུ་དང་ལྡན་པ་གཉིས་རབ་ཏུ་ཕྱུང་ནས་བསྙེན་པར་རྫོགས་པར་མཛད་དོ། །མཉན་དུ་ཡོད་པར་གཤེགས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བཞེས་ཏེ་ཆོ་འཕྲུལ་ཆེན་པོ་བསྟན་ནས་དགེ་ཚུལ་སྐུལ་བྱེད་རབ་ཏུ་ཕྱུང་སྟེ་དེས་ཀྱང་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་རྫུ་འཕྲུལ་གྱིས་འགྲོ་ཞིང་གནས་གཞན་དང་གཞན་དག་ནས་དུས་མ་ཡིན་པའི་མེ་ཏོག་དང་འབྲས་བུ་རྣམས་བླངས་ཤིང་མཁན་པོ་དང་དགེ་འདུན་ལ་འབུལ་བར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེ་མཚོ་མ་དྲོས་པའི་འགྲམ་དུ་སོང་ནས་དེ་དེར་དགའ་བར་གྱུར་ཏེ། དེས་དེར་ཉིན་པར་གྱི་གནས་བཏབ་པ་ལས་ཀུན་ཏུ་རྒྱུ་རབ་བཟང་གིས་སྨྲས་པ། གྲོགས་པོ་འདི་ནི་ངའི་ཉིན་པར་གྱི་གནས་ཡིན་གྱིས་འདིར་མ་འདུག་ཤིག །དགེ་ཚུལ་སྐུལ་བྱེད་ཀྱིས་སྨྲས་པ། འདི་ནི་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །ཀུན་ཏུ་རྒྱུ་རབ་བཟང་གིས་སྨྲས་པ། ང་དང་རྫུ་འཕྲུལ་གྱིས་འགྲན་པར་གྱིས་ཤིག་དང་། དེ་ནས་འདི་འོ་བུ་ཅག་གཉིས་གང་རྒྱལ་བ་དེའི་ཉིན་བར་གྱི་གནས་སུ་བྱའོ་ཞེས་བྱས་ནས་དེ་གཉིས་རྫུ་འཕྲུལ་


DKG073_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ལ་ཞུགས་པ་ལས་དེར་དགེ་ཚུལ་སྐུལ་བྱེད་ཀྱིས་ཀུན་ཏུ་རྒྱུ་རབ་བཟང་ཕམ་པར་བྱས་ནས་དེ་ཡུལ་ཡུལ་པོར་གྱུར་ཏེ། ཨུ་དུམ་བཱ་རའི་ཚལ་དེ་ཉིད་དུ་སོང་ནས་འདུག་གོ །དེར་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས་ཀུ་ཤའི་གྲོང་ཁྱེར་དུ་གཤེགས་ཏེ། གཟིམས་མལ་གྱི་ཐ་མར་ཞུགས་ནས་བཞུགས་སོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་དགོངས་པ། ད་ནི་དེ་བཞིན་གཤེགས་པས་གདུལ་བར་བྱ་བ་ཀུན་ཏུ་རྒྱུ་རབ་བཟང་དང་། དྲི་ཟའི་རྒྱལ་པོ་རབ་དགའ་གཉིས་ལུས་སོ་སྙམ་དུ་དགོངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པ། ཀུན་ཏུ་རྒྱུ་རབ་བཟང་ངས་གདུལ་བར་སླ་ན་དྲི་ཟའི་རྒྱལ་པོ་རབ་དགའ་ནི་རྒྱགས་ཤིང་བག་མེད་པར་གནས་ཏེ་དེ་ངའི་ཐད་དུ་མི་འོང་གིས། ང་ཉིད་དེའི་ཐད་དུ་འགྲོའོ་སྙམ་དུ་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་དེར་སྤྲུལ་པ་ཞིག་བཞག་ནས་ཤིང་སཱ་ལ་ཟུང་གི་ཚལ་ནས་མི་སྣང་བར་གྱུར་ཏེ། སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་གཤེགས་ནས་དྲི་ཟའི་རྒྱལ་པོ་རབ་དགའི་ཕོ་བྲང་གི་སྒོར་བྱོན་ཏེ། དེར་བཅོམ་ལྡན་འདས་ཀྱིས་དགོངས་པ། འདིའི་ང་རྒྱལ་བཅག་ནས་གདོད་དེའི་འོག་ཏུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་ངོ་སྙམ་དུ་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་དེ་གདུལ་བའི་ཕྱིར་དྲི་ཟའི་རྒྱལ་པོ་ཞིག་ཏུ་སྤྲུལ་ནས་བཻ་དཱུརྱའི་པི་བང་རྒྱུད་སྟོང་པ་ཞིག་བསྣམས་ཏེ། དྲི་ཟའི་རྒྱལ་པོ་རབ་དགའི་སྒོ་དྲུང་དུ་གཞེས་ནས་ཕྲིན་གྱིས་བཟླུགས་ཏེ་དྲི་ཟའི་རྒྱལ་པོ་ཞིག་སྒོ་ན་སྡོད་དེ། དེ་ཁྱོད་དང་ལྷན་ཅིག་ཏུ་པི་བང་ལེན་པར་འདོད་དོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དྲི་ཟའི་རྒྱལ་པོ་རབ་དགས་བསམས་པ། མ་ལ་དྲི་ཟའི་རྒྱལ་པོ་གཞན་འགའ་ཞིག་མ་བྱུང་གྲང་། དེ་ནི་བདག་གིས་ཚར་གཅད་པར་བྱའོ་སྙམ་དུ་བསམས་ནས་སྨྲས་པ། ནང་དུ་བོས་ཤིག་དང་བདག་གིས་ཅི་ནུས་པ་བསྟན་ཏོ་ཞེས་བྱས་ཏེ་དེས་དེ་ནང་དུ་བོས་ནས་པི་བང་ལེན་པ་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་གདུལ་བའི་ཕྱིར་པི་བང་གི་རྒྱུད་གཅིག་བཅད་པ་དང་། དྲི་ཟའི་རྒྱལ་པོ་རབ་དགས་ཀྱང་དེ་མཐོང་ནས་ཀྱང་རྒྱུད་གཅིག་བཅད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཐར་གྱིས་རྒྱུད་ཐམས་ཅད་བཅད་དེ་རྒྱུད་གཅིག་པུ་ལུས་པར་གྱུར་ནས་དེ་ལས་


DKG073_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྒྲ་ཐམས་ཅད་འབྱུང་བར་མཛད་དོ། །དེ་ནས་རབ་དགས་ཀྱང་རྒྱུད་ཐམས་ཅད་བཅད་དེ་དེས་ཀྱང་རྒྱུད་གཅིག་པུ་དེ་ལས་སྒྲ་ཐམས་ཅད་འབྱུང་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་གཅིག་པུ་དེ་ཡང་བཅད་དེ་སྒྲ་ཐམས་ཅད་ཀྱང་འབྱུང་བར་མཛད་དོ། །དེ་ནས་དྲི་ཟའི་རྒྱལ་པོ་རབ་དགས་བསམས་པ། བདག་གིས་ནི་དེ་ལས་ལྷག་པར་ཆུང་ཟད་ཀྱང་བསྟན་པར་མི་ནུས་པས་ན། འདི་ནི་བདག་པས་ཆེས་ཁྱད་པར་དུ་འཕགས་པ་ཞིག་གོ་སྙམ་མོ། །དེ་ནས་དེའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་དགོངས་པ། འདི་ང་རྒྱལ་ང་དང་མཚུངས་པ་སུ་ཡང་མེད་དོ་སྙམ་དུ་དེ་ལྟར་འཛིན་པ་དེ་མེད་པར་གྱུར་ཏོ་སྙམ་དུ་ཐུགས་སུ་ཆུད་དེ། བཅོམ་ལྡན་འདས་ཀྱིས་དེ་ང་རྒྱལ་བཅག་ནས་རང་བཞིན་གྱི་སྐུར་བསྒྱུར་ཏོ། །དེ་ནས་དེས་བཅོམ་ལྡན་འདས་མཐོང་ནས་དེ་ཤིན་ཏུ་དགའ་བ་སྐྱེས་ཏེ་དགའ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་དྲི་ཟའི་རྒྱལ་པོ་རབ་དགའ་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ནས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ནས་མི་སྣང་བར་གྱུར་ཏོ། །དེའི་ཚེ་ཨུ་དུམ་བཱ་རའི་ཚལ་དེའི་མེ་ཏོག་རྣམས་རྙིས་པར་གྱུར་ཏེ། ཀུན་ཏུ་རྒྱུ་རབ་བཟང་གིས་ཨུ་དུམ་བཱ་རའི་ཚལ་དེའི་མེ་ཏོག་རྣམས་རྙིས་པར་གྱུར་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་མྱ་ངན་ཆེན་པོ་སྐྱེས་ཏེ་དེས་བསམས་པ། བདག་གི་བསོད་ནམས་ཀྱིས་ཨུ་དུམ་བཱ་རའི་ཚལ་འདི་རྣམ་པ་ཐམས་ཅད་དུ་མེ་ཏོག་རྒྱས་པར་གྱུར་པ་ལས། ད་ནི་བདག་རྒས་ཤིང་འཁོགས་ལ་གཏུགས་པར་གྱུར་ཏེ། ན་ཚོད་ལོ་བརྒྱ་ཉི་ཤུ་ལོན་ན་ཨུ་དུམ་བཱ་རའི་ཚལ་གྱི་མེ་ཏོག་འདི་དག་རྙིས་པར་གྱུར་པ་ལས་ན། བདག་རིང་པོ་མི་ཐོགས་པར་འཆི་བར་འགྱུར་རོ་སྙམ་ནས་རྒྱུ་དེས་ན་ཤིན་ཏུ་མྱ་ངན་བྱེད་ཅིང་སྡུག་བསྔལ་ལ་སྨྲེ་སྔགས་འདོན་པར་བྱེད་དོ། །དེ་ནས་དེ་ལ་དགའ་བའི་ལྷ་ཞིག་གིས་རབ་


DKG073_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ལ་སྨྲས་པ། ཨུ་དུམ་བཱ་རའི་ཚལ་འདི་ནི་ཁྱོད་ཀྱི་བསོད་ནམས་ཀྱིས་རྣམ་པ་ཐམས་ཅད་དུ་མེ་ཏོག་རྒྱས་པར་གྱུར་པ་མ་ཡིན་གྱི། ས་ཕྱོགས་འདི་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྐྱེད་མོས་ཚལ་གྱིས་ཡིན་ཏེ། གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་ངམ། བྱང་ཆུབ་སེམས་དཔའ་འབྱུང་བར་འགྱུར་བ་དེའི་ཚེ་ནི་ཨུ་དུམ་བཱ་རའི་ཚལ་འདིར་མེ་ཏོག་རྣམས་ཁ་འབུ་བར་འགྱུར་རོ། །གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་སར་ཞུགས་པའམ། བྱང་ཆུབ་སེམས་དཔས་བླ་ན་མེད་པའི་ཡེ་ཤེས་བརྙེས་པར་གྱུར་པ་དེའི་ཚེ་ནི་ཨུ་དུམ་བཱ་རའི་ཚལ་འདི་རྣམ་པ་ཐམས་ཅད་དུ་མེ་ཏོག་རྒྱས་པར་འགྱུར་རོ། །གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲོངས་སུ་ཉེ་བའམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདར་ཉེ་བར་གྱུར་པ་དེའི་ཚེ་ནི་ཨུ་དུམ་བཱ་རའི་ཚལ་གྱི་མེ་ཏོག་འདི་རྣམས་རྙིས་པར་འགྱུར་རོ། །གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲོངས་སམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེའི་ཚེ་ནི་ཨུ་དུམ་བཱ་རའི་ཚལ་འདིའི་མེ་ཏོག་རྣམས་སྐམ་པར་འགྱུར་ཏེ། ད་ལྟར་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་དེ་གཟིམས་མལ་གྱི་ཐ་མར་ཞུགས་ཏེ། དོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ། དེའི་དབང་གིས་ཨུ་དུམ་བཱ་རའི་ཚལ་དེ་རྙིས་པར་གྱུར་གྱིས་ཁྱོད་དེའི་རྒྱུས་ཧ་ཅང་མྱ་ངན་མ་བྱེད་ཅིག །སྡུག་བསྔལ་བར་མ་བྱེད་ཅིག །སྨྲེ་སྔགས་མ་འདོན་ཅིག་ཅེས་བྱས་སོ། །དེ་ནས་ཀུན་ཏུ་རྒྱུ་རབ་བཟང་འདི་སྙམ་དུ་སེམས་ཏེ། བདག་ཆོས་རྣམས་ལ་ཡང་ཐེ་ཙོམ་ཡོད། བདག་ལ་རེ་བ་ཡང་ཡོད་ལ། བཅོམ་ལྡན་འདས་གཽ་ཏ་མ་དེས་ཀྱང་བདག་གི་ཐེ་ཙོམ་དེ་སེལ་བར་ནུས་ཀྱིས། མ་ལ་བདག་བཅོམ་ལྡན་འདས་གཽ་ཏ་མ་དེ་ག་ལ་བ་དེར་སོང་ལ་དེར་ཕྱིན་ནས་ཞུ་བ་ལུང་བསྟན་པར་གནང་ན་ཕྱོགས་འགའ་ཞིག་ཞུའོ་སྙམ་ནས་ཨུ་དུམ་བཱ་རའི་ཚལ་ནས་མི་སྣང་བར་གྱུར་ཏེ་གྲོང་ཁྱེར་ཀུ་ཤི་ན་གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་དུ་ཕྱིན་པར་གྱུར་ཏོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ནི་ཀུན་དགའ་ར་བའི་སྒོའི་ཐད་ཀྱི་འཆག་ས་ན་འཆག་ཅིང་འདུག་གོ །དེ་ནས་ཀུན་ཏུ་རྒྱུ་རབ་བཟང་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ཐག་རིང་པོ་ཞིག་ནས་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་བདག་གིས་


DKG073_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ན་བཅོམ་ལྡན་འདས་གཽ་ཏ་མ་དོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གྲག་ན། བདག་ཆོས་རྣམས་ལ་ཡང་ཐེ་ཙོམ་མཆིས། བདག་ལ་རེ་བ་ཡང་མཆིས་ལ། བཅོམ་ལྡན་འདས་གཽ་ཏ་མ་དེས་ཀྱང་བདག་གི་ཐེ་ཙོམ་དེ་སེལ་བར་ནུས་ན། གལ་ཏེ་བཙུན་པ་ཀུན་དགའ་བོ་འོ་མི་བརྒྱལ་ན་བཅོམ་ལྡན་འདས་གཽ་ཏ་མ་དེ་ག་ལ་བཞུགས་པ་དེར་བཞུད་ལ། དེར་ཕྱིན་ནས་གལ་ཏེ་ཞུ་བའི་བཀའ་ལན་སྩལ་བར་གནང་ན་ཕྱོགས་འགའ་ཞིག་ཞུའོ་ཞེས་བྱས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་ལྟས་ལ་མཁས་ཏེ། དེས་བསམས་ན་བཅོམ་ལྡན་འདས་ཀྱི་སྤྲུལ་པ་ཞིག་བཞག་སྟེ་འདུལ་བའི་དབང་གིས་ག་ཞིག་ཏུ་གཤེགས་པར་རིག་ནས་ཀུན་ཏུ་རྒྱུ་རབ་བཟང་ལ་སྨྲས་པ། རབ་བཟང་ཐོང་། བཅོམ་ལྡན་འདས་ནི་སྐུ་མཉེལ། བདེ་བར་གཤེགས་པ་ནི་སྐུ་མཉེལ་གྱིས། དེ་བཞིན་གཤེགས་པ་ལ་གནོད་པ་མ་བྱེད་ཅིག་ཅེས་བྱས་སོ། །དེ་ནས་ཀུན་དུ་རྒྱུ་རབ་བཟང་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་སྔོན་གྱི་ཀུན་དུ་རྒྱུ་རྒས་ཤིང་འཁོགས་ལ་གཏུགས་པ་རྣམས་ལས་བདག་གིས་ཐོས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བརྒྱ་ལམ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་བར་ཟད་དེ། དཔེར་ན་ཨུ་དུམ་བཱ་རའི་མེ་ཏོག་བཞིན་ནོ་ཞེས་མཆི་ལ། བཅོམ་ལྡན་འདས་གཽ་ཏ་མ་དེ་ཡང་དོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན། བདག་ཆོས་རྣམས་ལ་ཡང་ཐེ་ཙོམ་མཆིས། བདག་ལ་རེ་བ་ཡང་མཆིས་ལ། བཅོམ་ལྡན་འདས་གཽ་ཏ་མ་དེས་ཀྱང་བདག་གི་ཐེ་ཙོམ་སེལ་བར་ནུས་ན། གལ་ཏེ་བཙུན་པ་ཀུན་དགའ་བོ་འོ་མི་བརྒྱལ་ན། བཅོམ་ལྡན་འདས་གཽ་ཏ་མ་དེ་ག་ལ་བཞུགས་པ་དེར་བཞུད་ལ། དེར་ཕྱིན་ནས་གལ་ཏེ་ཞུ་བའི་བཀའ་ལན་སྩལ་བར་གནང་ན་ཕྱོགས་འགའ་ཞིག་ཞུའོ་ཞེས་བྱས་སོ། །དེ་ནས་ལན་གསུམ་གྱི་བར་དུ་ཚེ་དང་ལྡན་པ་ཀུན་དགའ་བོས་ཀུན་ཏུ་རྒྱུ་རབ་བཟང་ལ་སྨྲས་པ། རབ་བཟང་ཐོང་། བཅོམ་ལྡན་འདས་ནི་སྐུ་མཉེལ། བདེ་བར་གཤེགས་པ་ནི་སྐུ་མཉེལ་གྱིས།


DKG073_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ལ་གནོད་པ་མ་བྱེད་ཅིག་ཅེས་བྱས་སོ། །དེ་ནས་དེའི་སྐབས་སུ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ནས་མི་སྣང་བར་གྱུར་ཏེ། གཟིམས་མལ་དུ་ཞུགས་ནས། བཅོམ་ལྡན་འདས་ཀྱིས་ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པ་མངའ་བས་ཚེ་དང་ལྡན་པ་ཀུན་དགའ་བོ་ཀུན་ཏུ་རྒྱུ་རབ་བཟང་དང་དེ་ལྟ་བུའི་ཚིག་བརྗོད་པ་གསན་ཏོ། །གསན་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཐོང་། ཀུན་ཏུ་རྒྱུ་རབ་བཟང་མ་དགག་པར་ནང་དུ་ཐོང་ལ་ཅི་དང་ཅི་འདོད་པ་འདྲིར་ཆུག་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ང་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་དག་དང་བར་སྐབས་ཀྱི་གཏམ་བརྗོད་པའི་ཐ་མ་ཡིན་ནོ། །འདི་ལྟ་སྟེ། ཀུན་ཏུ་རྒྱུ་རབ་བཟང་འདི་ནི་ངས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་བ་རྣམས་ཀྱི་ཐ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ནས་ཀུན་ཏུ་རྒྱུ་རབ་བཟང་དགའ་ཞིང་མགུ་ལ་ཡི་རངས་ཤིང་མགུ་ལ་རབ་ཏུ་དགའ་སྟེ། ཡི་རངས་ཤིང་དགའ་བ་དང་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མངོན་སུམ་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཀུན་ཏུ་རྒྱུ་རབ་བཟང་གིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་འཇིག་རྟེན་ན་མུ་སྟེགས་ཀྱི་གནས་ཐ་དད་པ་འདི་དག་ནི་འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་དེ་རྣམས་ཀྱིས་རང་རང་གིས་དམ་བཅས་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་བཀའ་སྩལ་པ། རབ་བཟང་ང་ནི་ན་ཚོད་ཉི་ཤུ་དགུ་ལོན་ན། །ལེགས་པ་གང་ཡིན་ཚོལ་ཕྱིར་རབ་ཏུ་བྱུང་བར་གྱུར། །རབ་བཟང་ང་ནི་རབ་ཏུ་བྱུང་བའི་ཕྱིན་ཅད་ནས། །ལོ་གྲངས་ལྔ་བཅུའི་བར་དུ་ཏིང་འཛིན་བསྒོམ་པ་བྱས། །ང་ནི་ཚུལ་ཁྲིམས་རྣམས་དང་ཞབས་དང་རིག་པ་དང་། །སེམས་ཀྱི་རྩེ་གཅིག་བཏུད་པ་དག་ཀྱང་བསྒོམ་


DKG073_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱས། །རིགས་པར་ལྡན་པའི་ཆོས་ཀྱི་ཕྱོགས་ཙམ་བརྗོད་པ་ཡང་། །འདི་ལས་ཕྱི་རོལ་པ་ཡི་དགེ་སྦྱོང་གཞན་ལ་མེད། །རབ་བཟང་ཆོས་འདུལ་བ་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མེད་པ་དེ་ལ་ནི་དགེ་སྦྱོང་དང་པོ་ཡང་མེད་དོ། །དེ་ལ་ནི་དགེ་སྦྱོང་གཉིས་པ་དང་། གསུམ་པ་དང་། བཞི་པ་ཡང་མེད་དོ། །རབ་བཟང་ཆོས་འདུལ་བ་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པ་དེ་ལ་ནི་དགེ་སྦྱོང་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་ཡང་ཡོད་དེ། དེ་བས་ན་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་རྣམས་སམ་བྲམ་ཟེ་རྣམས་ནི་མེད་དེ། ཕ་རོལ་རྒོལ་བའི་དགེ་སྦྱོང་རྣམས་སམ་བྲམ་ཟེ་རྣམས་ཀྱིས་སྟོང་ངོ་ཞེས་ང་ནི་དེ་སྐད་དུ་འཁོར་འདིར་སེང་གེའི་སྒྲ་ཡང་དག་པར་སྒྲོགས་སོ་ཞེས་གསུངས་སོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཀུན་ཏུ་རྒྱུ་རབ་བཟང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ལ་རྣམ་པར་དག་སྟེ། ཀུན་ཏུ་རྒྱུ་ཆོས་མཐོང་ལ་ཆོས་རྙེད་པ། ཆོས་རྟོགས་པ། ཆོས་ཀྱི་གཏིང་སླེབས་པ། སོམ་ཉི་ལས་རྒལ་བ། ཐེ་ཙོམ་ལས་རྒལ་བ། གཞན་གྱི་དྲིང་མི་འཇོག་པ། གཞན་གྱིས་བཀྲིར་མེད་པ། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་པར་གྱུར་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་པ། བཙུན་པ་ཀུན་དགའ་བོས་ནི་རྙེད་པ་ལེགས་པར་རྙེད་དོ། །བཙུན་པ་ཀུན་དགའ་བོ་སློབ་དཔོན་ཆེན་པོས་སློབ་དཔོན་ཆེན་པོའི་ཉེ་གནས་སུ་དབང་བསྐུར་བ་ལགས་སོ། །བདག་ཀྱང་རྙེད་པ་ལེགས་པར་རྙེད་པ་ལགས་ཏེ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱད་པ་སྤྱོད་པར་འཚལ་ལོ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཀུན་ཏུ་རྒྱུ་འདི་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་


DKG073_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་པོར་འགྱུར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་རབ་ཏུ་འབྱུང་བར་མཛད་པར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་རབ་བཟང་ལ་དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས། ཚིག་དེ་ཐོས་མ་ཐག་ཏུ་སྐྲ་དང་ཁ་སྤུ་ནི་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། ཆོས་གོས་སྣམ་སྦྱར་ནི་གྱོན། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར། ལག་ན་ནི་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །དེ་ནི་སྐྲ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱིས་ནི་དགོངས་པས་གོས་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ལུང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་བཟང་འདི་སྙམ་དུ་སེམས་ཏེ། བདག་གིས་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བར་བྱ་བ་ནི་བདག་གི་ཆ་མ་ཡིན་གྱིས། མ་ལ་བདག་གིས་བྱིན་གྱི་རླབས་རྣམ་པ་ལྔ་བྱིན་གྱིས་བརླབས་ལ། དེ་བས་སྔར་ཡོངས་སུ་མྱ་ངན་ལས་འདས་པར་བྱའོ་སྙམ་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་བདག་དགེ་སློང་གི་ཆ་ལུགས་སུ་མཐོང་བར་གྱུར་ཅིག །མུ་སྟེགས་པ་གཞན་རྣམས་ཀྱིས་ནི་མུ་སྟེགས་པའི་ཆ་ལུགས་སུ་མཐོང་བར་གྱུར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་བདེ་བླག་ཏུ་བདག་གི་ཐད་དུ་འོང་ནུས་པར་གྱུར་ཅིག། མུ་སྟེགས་པ་གཞན་དག་ཞིག་གིས་ནི་ཆུ་ཆེན་པོས་བསྐོར་བར་མཐོང་བར་གྱུར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་བདག་


DKG073_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གི་རུས་བུ་ཁྱོགས་སུ་ཁྱེར་ནུས་པར་གྱུར་ཅིག། འདི་ལས་ཕྱི་རོལ་པ་རྣམས་ཀྱིས་ནི་བརྒྱའམ་སྟོང་གིས་ཀྱང་ཁྱེར་མི་ནུས་པར་གྱུར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་བདག་གི་རུས་བུ་བསྲེག་པའི་མེ་སྦར་ནུས་པར་གྱུར་ཅིག །འདི་ལས་ཕྱི་རོལ་པ་རྣམས་ཀྱིས་ནི་བརྒྱའམ་སྟོང་གིས་ཀྱང་སྦར་མི་ནུས་པར་གྱུར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་བདག་གི་རུས་བུ་མཐོང་བར་གྱུར་ལ། མཐོང་ནས་ཀྱང་རུས་བུ་ལ་མཆོད་པ་བྱེད་པར་གྱུར་ཅིག། མུ་སྟེགས་པ་གཞན་རྣམས་ཀྱིས་ནི་མཐོང་བར་མ་གྱུར་ཅིག་ཅེས་བྱས་ནས་དེར་ཚེ་དང་ལྡན་པ་རབ་བཟང་གིས་བྱིན་གྱི་རླབས་རྣམ་པ་ལྔ་བྱིན་གྱིས་བརླབས་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ཀུ་ཤིའི་གྲོང་ཁྱེར་དུ་ལྷ་རྣམས་ཀྱིས་རབ་བཟང་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་སྒྲ་བསྒྲགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་མུ་སྟེགས་པ་གཞན་ཀུན་ཏུ་རྒྱུ་རྣམས་ཀྱིས་རས་ཀྱི་བ་དན་དག་བསྒྲེང་སྟེ། ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་སྒྲ་བསྒྲགས་པ། དགེ་སྦྱོང་གཽ་ཏ་མ་ན་རེ་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེ་མེད་དེ། ཕ་རོལ་སྨྲ་བ་རྣམས་ནི་དགེ་སྦྱོང་ངམ་བྲམ་ཟེས་སྟོང་ངོ་ཞེས་དེ་སྐད་དུ་འཁོར་འདིར་ང་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་སོ་ཞེས་ཟེར་ལ། ད་ནི་བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་འདི་ཡང་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་ཀུ་ཤིའི་གྲོང་ཁྱེར་ཐོག་ཐག་ཏུ་བསྒྲགས་ནས་ཤིང་སཱ་ལ་ཟུང་གི་ཚལ་དུ་དོང་སྟེ་རབ་བཟང་ག་ལ་འདུག་པ་དེར་ཆས་པ་ལས་དེའི་ཐད་དུ་འགྲོ་མ་ནུས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་དག་མཐོང་ནས། ཀྱེ་ཁྱེད་རྣམས་འདིར་ཅི་ལ་འོངས། དེ་དག་གིས་སྨྲས་པ། བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡོངས་སུ་མྱ་ངན་ལས་འདས་ཏེ། བདག་ཅག་གིས་དེའི་རུས་བུ་ལ་མཆོད་པ་བྱའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། འདི་ནི་ངེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱིས་ཁྱེད་ཀྱི་མ་ཡིན་ནོ། ། ཅི་ཁྱེད་ཀྱིས་སྐྲ་བྲེགས་ལ་ཆོས་གོས་སྣམ་སྦྱར་གྱོན་པ་མ་མཐོང་ངམ། དེ་དག་གིས་སྨྲས་པ། བདག་ཅག་གིས་ནི་དབྱུག་གུ་གསུམ་དང་། རིལ་བ་སྤྱི་བླུགས་ཐོགས་པ་དེ་ལྟ་བུར་མཐོང་ངོ་། །དགེ་སློང་རྣམས་ཀྱིས་སྨྲས་པ། གལ་ཏེ་འདི་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཞེ་ན། འདིའི་ཐད་དུ་ཤེག་ལ་མཆོད་པ་གྱིས་ཤིག །དེ་ནས་དེ་ཐོས་མ་ཐག་ཏུ་མུ་སྟེགས་


DKG073_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་དག་རབ་བཟང་གི་ཐད་དུ་འགྲོ་འདོད་པ་ལས་ཆུ་ཆེན་པོས་བསྐོར་བར་མཐོང་ནས་འགྲོ་མ་ནུས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། འདི་ནི་ངེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱིས་ཁྱེད་ཀྱི་མ་ཡིན་ནོ། །འདི་ལྟར་ངེད་ནི་འདིའི་ཐད་དུ་བདེ་བླག་ཏུ་འགྲོ་ནུས་པ་ཡིན་ཏེ། ཁྱེད་ཀྱང་ངེད་ཀྱི་མཐུས་འདིའི་ཐད་དུ་ཤེག་ཅིག་ཅེས་བྱས་ནས་དེ་དག་ཐམས་ཅད་རབ་བཟང་གི་རུས་བུའི་ཐད་དུ་དོང་ངོ་། །དེ་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། གལ་ཏེ་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཞེ་ན། འདིའི་ཁྱོགས་ཁྱེར་ཅིག །དེ་ནས་དེ་ཐོས་མ་ཐག་ཏུ་མུ་སྟེགས་པ་གཞན་ཀུན་ཏུ་རྒྱུ་དེ་དག་གིས་ཁྱོགས་བསྐུར་ཞེས་བྱས་ན། གདེག་པར་མ་ནུས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། འདི་ནི་ངེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ། ངེད་ཀྱིས་འདིའི་ཁྱོགས་ཁྱེར་ཏེ་བཀུར་སྟི་བགྱིས་ལྟོས་ཤིག་ཅེས་བྱས་ནས་དགེ་སློང་རྣམས་ཀྱིས་ཁྱོགས་ཁྱེར་ཏེ་གང་དུ་བསྲེག་པའི་གནས་སུ་བཞག་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། གལ་ཏེ་འདི་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཞེ་ན། རུས་བུ་བསྲེག་པའི་མེ་བུས་ཤིག །དེ་ནས་མུ་སྟེགས་པ་གཞན་དག་གིས་རུས་བུ་བསྲེག་པའི་མེ་སྦར་ཞེས་བྱས་ན་སྦར་མ་ནུས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། འདི་ནི་ངེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ། འདིའི་རུས་བུ་བསྲེག་པའི་མེ་བདག་ཅག་གིས་སྦར་རོ་ཞེས་བྱས་ནས་དགེ་སློང་རྣམས་ཀྱིས་དེའི་རུས་བུ་བསྲེག་པའི་མེ་སྦར་རོ། །རུས་བུ་བསྲེག་པའི་མེ་སྦར་ནས་ཡང་སྨྲས་པ། གལ་ཏེ་འདི་ཁྱོད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཞེ་ན། ཁྱོད་ཀྱིས་འདིའི་རུས་བུ་བསྲེགས་པའི་མེ་འོ་མས་སོད་ཅིག་ཅེས་བྱས་ནས། མུ་སྟེགས་པ་གཞན་དག་གིས་དེའི་རུས་བུ་བསྲེགས་པའི་མེ་བསད་ཅེས་བྱས་ན་གསོད་མ་ནུས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། འདི་ནི་ངེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ། ངེད་ཀྱིས་འདིའི་རུས་བུ་བསྲེགས་པའི་མེ་བསད་དོ་ཞེས་བྱས་ནས་དགེ་སློང་རྣམས་ཀྱིས་དེའི་རུས་བུ་བསྲེགས་པའི་མེ་བསད་དོ། །མེ་བསད་ནས་ཡང་སྨྲས་པ། གལ་ཏེ་འདི་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཞེ་ན། འདིའི་རུས་བུ་འདི་རྣམས་ལོང་ལ་མཆོད་པ་གྱིས་ཤིག །དེ་ནས་མུ་སྟེགས་པ་གཞན་ཀུན་ཏུ་


DKG073_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རྣམས་ཀྱིས་རུས་བུ་བླང་ཞེས་བྱས་ནས་རུས་བུ་མ་མཐོང་ངོ་། །དེ་ནས་དགེ་སློང་རྣམས་ཀྱིས་རུས་བུ་དེ་དག་བླངས་ཏེ། རུས་བུ་མཆོད་རྟེན་གྱི་ནང་དུ་བཞག་ནས་བདུག་པ་དང་། ཕྱེ་མ་དང་། མེ་ཏོག་རྣམས་ཀྱིས་བཀུར་སྟི་བྱས་ཏེ་དོང་ངོ་།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་ལྔ་པ། དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ཚེ་དང་ལྡན་པ་རབ་བཟང་འདི་ཀུན་གྱི་འོག་ཏུ་རབ་ཏུ་བྱུང་ལ་ཐོག་མ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་འོག་ཏུ་གདོད་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ་འདིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཀྲཱི་ཀཱི་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་ཚེ་རྒྱལ་པོ་ཀྲཱི་ཀཱིའི་མདུན་ན་འདོན་གྱི་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ་གསེར་གྱི་མདོག་ཅན། མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ། ལུས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདིའི་རུས་འོད་སྲུང་ཡིན་པས་ན་ཁྱེའུ་འདིའི་མིང་འོད་སྲུང་ཉིད་དུ་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་འོད་སྲུང་འོ་མ་དང་། ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་མཚན་མཁན་བྱེ་བྲག་ཕྱེད་པ་དག་གིས་ལུང་བསྟན་པ། ཁྱེའུ་འོད་སྲུང་འདི་གལ་ཏེ་རབ་ཏུ་མ་བྱུང་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་ཚོན་ཅན་གྱོན་ཏེ་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། འཇིག་རྟེན་དུ་གྲགས་པ་ཆེན་པོ་དང་ལྡན་པར་འགྱུར་རོ་ཞེས་


DKG073_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གི་མཛའ་བོ་བཤེས་པ་བྲམ་ཟེའི་ཁྱེའུ་མྱ་ངན་མེད་ཅེས་བྱ་བ་ཞིག་ཡོད་པ་དེས་དེའི་ལུང་བསྟན་པ་དེ་ཐོས་ནས་དེ་ཐོས་མ་ཐག་ཏུ་སྨྲས་པ། གྲོགས་པོ་ཤེས་པར་གྱིས་ལ་ང་དང་མ་འགྲོགས་པར་ཁྱེད་དཀའ་ཐུབ་ཀྱི་ཚལ་དུ་མ་འགྲོ་ཤིག་ཅེས་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདའ་བ་ལ་དགོངས་ནས་ང་ཁྱོད་དང་མ་འགྲོགས་ཀྱི་བར་དུ་མི་འགྲོའོ་ཞེས་བྱས་སོ། །དེ་ནས་དེར་གང་གི་ཚེ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་རྒན་པོ་དང་། ནད་པ་དང་ཤི་བ་གཟིགས་ནས་ནགས་ཚལ་གྱི་ནང་དུ་གཤེགས་པ་དེའི་ཚེ་མྱ་ངན་མེད་མི་དགའ་བར་གྱུར་ཏེ། དེས་ཇི་ལྟར་དམ་བཅས་པ་བཞིན་དུ་མ་བྱས་སོ་སྙམ་མོ། །དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་འོད་སྲུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བཱ་རཱ་ཎ་སཱིར་གཤེགས་པ་དེའི་ཚེ། དེས་དེར་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ཆོས་བཞིན་དུ་བསྐོར་ནས་དེ་རྒྱལ་པོ་ཀྲཱི་ཀཱིས་བཤོས་ལ་སྤྱན་དྲངས་ཏེ། རྒྱལ་པོས་དེ་ཁོ་ནའི་མཚན་མོ་ལམ་ཡང་མཛེས་པར་བྱེད་དུ་བཅུག །དེ་ཁོ་ནའི་མཚན་མོ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་རྣམས་ཀྱང་སྦྱར་ཏེ་གདན་བཤམས་ནས་ཆུ་ར་བཀང་སྟེ། བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་ནས་རྒྱལ་པོ་དེ་ཉིད་ཀྱིས་བདུག་པ་དང་། ཕྱེ་མ་དང་སྤོས་དང་མེ་ཏོག་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཁྱེར་ཏེ། སིལ་སྙན་གྱི་སྒྲ་ཆེན་པོ་སྒྲོགས་ཤིང་དྲང་སྲོང་སྨྲ་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་བསུ་ནས་འབྱོར་པ་ཆེན་པོས་བཱ་རཱ་ཎ་སཱིར་སྤྱན་དྲངས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་མྱ་ངན་མེད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་འོད་སྲུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བཱ་རཱ་ཎ་སཱིར་གཤེགས་ཏེ། དེ་རྒྱལ་པོ་ཀྲཱི་ཀཱིས་བཤོས་ལ་སྤྱན་དྲངས་ནས་རྒྱལ་པོ་དེས་དེ་ཁོ་ནའི་མཚན་མོ་ལམ་ཡང་མཛེས་པར་བྱེད་དུ་བཅུག །དེ་ཁོ་ནའི་མཚན་མོ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་རྣམས་ཀྱང་སྦྱར་ཏེ་གདན་བཤམས་ནས་ཆུ་ར་བཀང་སྟེ། བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་ནས་རྒྱལ་པོ་དེ་ཉིད་ཀྱིས་བདུག་པ་དང་། ཕྱེ་མ་དང་། སྤོས་དང་། མེ་ཏོག་དང་། གདུགས་དང་།


DKG073_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་དང་། བ་དན་རྣམས་ཁྱེར་ཏེ། སིལ་སྙན་གྱི་སྒྲ་ཆེན་པོ་སྒྲོགས་ཤིང་དྲང་སྲོང་སྨྲ་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་བསུ་ནས་འབྱོར་པ་ཆེན་པོས་བཱ་རཱ་ཎ་སཱིར་སྤྱན་དྲངས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་སྔོན་གྱི་མི་དགའ་བར་གྱུར་པས་ཐག་མི་རིང་བ་ཞིག་ཏུ་འདུག་སྟེ་ལྟ་བར་བྱེད་ལ་དྲུང་དུ་ལྟར་འགྲོར་མི་འདོད་དོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དགོངས་ནས། ཕྱག་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་སྟེ་ཕྱག་གིས་བཟུང་ནས་དྲངས་ཏེ་བཀའ་སྩལ་པ། མྱ་ངན་མེད་ཁྱོད་ཅིའི་ཕྱིར་ང་དང་ཕྲད་དུ་འོང་བར་མི་འདོད། དེས་གསོལ་པ། སྔོན་བདག་ལ་དམ་བཞེས་པ་ནི་ང་གང་དུ་འགྲོ་བ་དེར་ཁྱོད་ཁྲིད་དེ་འགྲོའོ་ཞེས་ཁྱོད་ཀྱིས་དམ་བཅས་པ་ལས་གཅིག་པུ་དཀའ་ཐུབ་ཀྱི་ནགས་ཚལ་དུ་བཞུད་དེ། སྔོན་བདག་མི་དགའ་བའི་གཞི་མཆིས་པའི་སླད་དུ་མཆི་མི་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བཀའ་སྩལ་པ། ངས་ནི་མྱ་ངན་ལས་འདའ་བ་ལས་བསམས་ཏེ་སྨྲས་པ་ཡིན་ན། ཡོང་ཡང་ཁྱོད་དེར་ཕྱིན་དུ་ཟིན་ན་ཅི་ལ་ཕན་ཏེ་ད་ནི་དམ་བཅས་པ་དེའི་དུས་ལ་བབ་བོ། །མྱ་ངན་མེད་ཀྱིས་གསོལ་པ། བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་ལུང་དེ་མནོས་པའི་འོག་ཏུ་ལེ་ལོ་བྱེད་ཅིང་འདུག་པ་ལས་དེར་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དགོན་པའི་བསྔགས་པ་བསྟན་པ་དེའི་ཚེ། དེས་ཡིད་ལ་བྱ་བ་མནོས་ནས་དགོན་པའི་གནས་ཤིག་ཏུ་སོང་སྟེ། འདུག་པ་ལས་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས་གཟིམས་མལ་གྱི་ཐ་མར་ཞུགས་པ་དེའི་ཚེ་ལྷ་རྣམས་ཀྱིས་ཀུན་ཏུ་སྒྲ་བསྒྲགས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དོ་ནུབ་ནམ་ཕྱེད་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་སྒྲ་བསྒྲགས་སོ། །དེ་ནས་


DKG073_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མྱ་ངན་མེད་ཀྱིས་ལྷ་ནམ་མཁའ་ལ་འགྲོ་བ་དེ་དག་གི་སྒྲ་ཐོས་སོ། །ཐོས་ནས་ཀྱང་དེ་སྡུག་བསྔལ་ཆེན་པོ་སྐྱེས་ཏེ། བཅོམ་ལྡན་འདས་ནི་མྱ་ངན་ལས་འདའ་བར་འགྱུར་ལ། བདག་གིས་ནི་ཁྱད་པར་ཅི་ཡང་མ་ཐོབ་བོ་སྙམ་ནས་དེ་གཞི་དེ་ལས་ཤིན་ཏུ་མྱ་ངན་བྱེད་ཅིང་སྡུག་བསྔལ་ལ་སྨྲེ་སྔགས་འདོན་པར་བྱེད་དོ། །དེ་ནས་དེ་ལ་དགའ་བའི་ལྷས་དེ་མཐོང་ནས་སྨྲས་པ། མྱ་ངན་མེད་ཅིའི་ཕྱིར་ཁྱོད་ཤིན་ཏུ་མྱ་ངན་བྱེད་ཅིང་སྡུག་བསྔལ་ལ་སྨྲེ་སྔགས་འདོན་པར་བྱེད། གལ་ཏེ་ཁྱོད་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་ན་དེ་ལ་བྱ་བ་ཅི་ཞིག་ཡོད། མྱ་ངན་མེད་ཀྱིས་སྨྲས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་བྱའོ། །དེ་ནས་དེ་ཐོས་མ་ཐག་ཏུ་ལྷ་དེས་ཁྱེར་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བབ་པར་བཞག་ནས། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་མྱ་ངན་མེད་ཀྱིས་སྟན་དེ་ལ་འདུག་བཞིན་དུ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་མྱ་ངན་མེད་ཀྱིས་དགྲ་བཅོམ་པ་ཉིད་ཐོབ་ནས་འདི་སྙམ་དུ་མ་ལ་བདག་གིས་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བར་བྱ་བ་ནི་བདག་གི་ཆ་མ་ཡིན་གྱིས། བདག་སྔར་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་མོ། །དེ་ནས་མྱ་ངན་མེད་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ལྷ་དེས་བསམས་པ་འདིས་ཁྱད་པར་འདི་ལྟ་བུ་ཐོབ་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་བདག་གི་མཐུ་ཡིན་ནོ་སྙམ་ནས། ཀྱེ་མ་དགེ་བའི་རྩ་བ་འདིས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་བདག་དེ་བས་སྔར་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ལ། དེའི་འོག་ཏུ་སྟོན་པ་ཡོངས་སུ་མྱ་ངན་ལས་


DKG073_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ལྷར་གྱུར་པ་གང་ཡིན་པ་དེ་ནི་རབ་བཟང་འདི་ཁོ་ན་ཡིན་ཏེ། དེས་དེར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག། མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ལ། བདག་སྔར་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །བདག་སྔར་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་དེས་དེར་སྨོན་ལམ་དེ་ལྟར་བཏབ་པ་དེས་ནི་འདི་སྔར་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་ང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དགེ་སློང་དག་གཞན་ཡང་འདས་པའི་དུས་ན་ནགས་ཁྲོད་ཅིག་ན་དྲང་སྲོང་ལྔ་བརྒྱ་ཙམ་གནས་སོ། །ནགས་ཁྲོད་དེ་ན་ལྷ་ཞིག་ཀྱང་གནས་ཏེ། དེ་དྲང་སྲོང་དེ་དག་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེར་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་འདུ་བ་ཆེན་པོ་བསྟན་པ་དེའི་ཚེ། ལྷ་དེ་ཡང་འདུ་བ་ཆེན་པོ་དེར་འདུས་ཏེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ལས་ཆོས་ཐོས་ནས་ནགས་ཁྲོད་དུ་སོང་སྟེ། དེས་དྲང་སྲོང་དེ་དག་གི་མདུན་དུ་ཡང་དག་པར་


DKG073_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་བསྔགས་པ་བརྗོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་དྲང་སྲོང་དེ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་མཐོང་འདོད་ཆེས་པའི་སེམས་སྐྱེས་ནས་དེ་དག་གིས་ལྷ་དེ་ཉིད་ཀྱི་མདུན་དུ་བདར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ག་ལ་བ་དེར་དོང་སྟེ། དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་ཐག་རིང་པོ་ཞིག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི་ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་དགའ་བ་སྐྱེས་ནས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་བདེན་པ་རྟོགས་མ་ཐག་ཏུ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་དག་གིས་བདེན་པ་མཐོང་ནས་གསོལ་པ། བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་


DKG073_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་གིས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་སྟེ། དེ་དག་གིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། ། དེ་ནས་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་དེ། གཟིམས་མལ་གྱི་ཐ་མར་བཞུགས་པ་དེའི་ཚེ་དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་བསམས་པ། བདག་ཅག་གི་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བ་ནི་བདག་ཅག་གི་ཆ་མ་ཡིན་གྱིས་མ་ལ་བདག་ཅག་སྔར་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་སྔར་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་འོག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ལྷ་དེས་སྨོན་ལམ་བཏབ་པ། འདི་རྣམས་ཀྱི་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་ཐོབ་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་བདག་གི་མཐུ་ཡིན་གྱིས། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་གིས་ཀྱང་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག། དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ལ། བདག་ཀྱང་སྟོན་པ་དེ་གཟིམས་མལ་གྱི་ཐ་མར་བཞུགས་པའི་སྔ་རོལ་དུ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ལྷར་གྱུར་པ་གང་ཡིན་


DKG073_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་རབ་བཟང་འདི་ཁོ་ན་ཡིན་ཏེ། དེས་དེར་སྨོན་ལམ་བཏབ་པ་དེས་ན་དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་ང་གཟིམས་མལ་གྱི་ཐ་མར་ཞུགས་པ་ན། འདི་སྔར་ཡོངས་སུ་མྱ་ངན་ལས་འདས་ཏེ་དེའི་འོག་ཏུ་ང་ཡོངས་སུ་མྱ་ངན་ལས་འདའོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་འཆི་ཀའི་ན་ཚ་ཉམས་སུ་མྱོང་བ་ན་ཚེ་དང་ལྡན་པ་རབ་བཟང་གི་སྐྱབས་མཛད་དེ། གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་གནས་པར་མཛད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འཆི་ཀའི་ན་ཚ་ཉམས་སུ་མྱོང་བ་ན་འདི་འཇིགས་པ་ཡོད་པའི་ས་ཕྱོགས་ནས་ཕྱུང་སྟེ། འཇིགས་པ་མེད་པའི་གནས་སུ་ཇི་ལྟར་བཞག་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དོ། །རྒྱལ་པོ་ཚངས་པས་བྱིན་གྱི་རྟ་ཅང་ཤེས་མཆོག་ཏུ་བཟང་བ་ཅིག་ཡོད་དེ། དེའི་མཐུས་ན་རྒྱལ་པོ་ཚངས་པས་བྱིན་གྱིས་ཉི་འོག་གི་རྒྱལ་པོ་ཐམས་ཅད་ལ་དཔྱ་ཕབ་བོ། །དེ་ནས་ཕྱི་ཞིག་ན་རྟ་ཅང་ཤེས་དེ་ཤི་ནས་དེའི་གཏམ་ཀུན་ཏུ་གྲགས་པར་གྱུར་ཏེ་རྒྱལ་པོ་ཚངས་པས་བྱིན་གྱི་རྟ་ཅང་ཤེས་དེ་ཤིའོ་ཞེས་འཛེར་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཉི་འོག་གི་རྒྱལ་པོ་ཐམས་ཅད་ཀྱིས་བསམས་པ། དེས་བདག་ཅག་ལ་དཔྱ་ཕབ་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་རྟ་ཅང་ཤེས་དེའི་དྲིན་ཁོ་ནར་ཟད་དེ། ད་ནི་དེ་ཤི་ཟིན་པས་ད་ནི་གལ་ཏེ་བདག་ཅག་གིས་དེ་ཕྱི་རོལ་ཏུ་བྱུང་བ་མཐོང་བ་ན་ནི་བདག་ཅག་གིས་དེ་དེར་ཅི་དགའ་མགུར་བྱར་ཡོད་དོ་སྙམ་ནས་དེ་དག་དེ་ལ་གླགས་ལྟ་ཞིང་འཁོད་དོ། །རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་ཇི་ལྟར་ཉི་འོག་གི་རྒྱལ་པོ་དེ་དག་གླགས་ལྟ་ཞིང་འཁོད་པའི་གཏམ་ཐོས་


DKG073_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཐོས་མ་ཐག་ཏུ་དེ་དག་གིས་འཇིགས་ནས་གྲོང་ཁྱེར་གྱི་ནང་ནས་ཕྱི་རོལ་ཏུ་འབྱུང་བའི་ཐུགས་མི་ཐུབ་བོ། །དེ་ནས་ཕྱི་ཞིག་ན་བྱང་ཕྱོགས་ནས་ཚོང་པ་དག་གིས་ཟོང་དུ་རྟ་དེད་དེ་བཱ་རཱ་ཎ་སཱིར་ལྷགས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བྱང་ཕྱོགས་ནས་ཚོང་པ་དག་གིས་ཟོང་དུ་རྟ་དེད་དེ་འོངས་སོ་ཞེས་ཐོས་ནས་ཐོས་མ་ཐག་ཏུ་རྒྱལ་པོ་དེས་རྟ་བརྟག་པ་ལ་མཁས་པའི་མི་དག་བཏང་སྟེ་ཁྱེད་དེང་ལ་ཟོང་དུ་རྟ་དེད་དེ་འོངས་པ་ཐམས་ཅད་ཉོས་ཤིག །ལྷག་པར་ཡང་དེ་དག་གི་ནང་ན་རྟ་ཅང་ཤེས་འགའ་ཡོད་ཀྱང་སྲིད་ཀྱིས་ལྟོས་ཤིག་ཅེས་བསྒོའོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱི་ཞབས་འབྲིང་བ་རྣམས་ཀྱིས་ལྷ་བཀའ་སྩལ་པ་བཞིན་འཚལ་ལོ་ཞེས་གསོལ་ནས། རྟ་དེ་དག་ཐམས་ཅད་ཉོས་ཏེ་དེ་དག་གིས་བལྟས་ན། དེའི་ནང་ན་རྟའི་མཆོག་གང་ཡིན་པ་དེ་རྟ་ཅང་ཤེས་ཡིན་པར་གྱུར་ནས་དེ་དག་གིས་རྒྱལ་པོ་དེ་ལ་གསོལ་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་ཤིན་ཏུ་མགུ་བར་གྱུར་ནས་དེ་རྟའི་ཚོང་པ་དེ་དག་ལ་གསེར་དང་དངུལ་མང་པོ་བྱིན་ནོ། །དེ་ནས་ཕྱི་ཞིག་ན་རྟ་ཅང་ཤེས་དེ་ལ་ཞོན་ནས་སྐྱེད་མོས་ཚལ་གྱི་སར་བྱུང་བ་དང་། ཉི་འོག་གི་རྒྱལ་པོ་རྣམས་ཀྱིས་རྒྱལ་པོ་ཚངས་པས་བྱིན་སྐྱེད་མོས་ཚལ་དུ་བྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་བཱ་རཱ་ཎ་སཱིར་ལྷགས་ཏེ་སྐྱེད་མོས་ཚལ་བསྐོར་ཏེ་འཁོད་དོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་ཅི་བྱ་གཏོལ་མེད་པར་གྱུར་ཏེ། ད་གར་འགྲོ་བར་བྱ་སྙམ་ནས་དེས་ཐམས་ཅད་བོར་ཏེ་རྟ་ཅང་ཤེས་ལ་ཞོན་ནས་སྐྱེད་མོས་ཚལ་གྱི་ས་ནས་ཕྱིར་འབྱུང་ངོ་སྙམ་པ་ལས་བལྟས་ནས་སྐྱེད་མོས་ཚལ་ཐམས་ཅད་ཕ་རོལ་གྱི་དམག་ཚོགས་ཀྱིས་འཁོར་ཅིང་འདུག་གོ །རྟ་ཅང་ཤེས་ཀྱིས་ནི་ཆོས་ཉིད་ཀྱིས་རྒྱལ་པོའི་སྲོག་འཛིན་པར་འགྱུར་རོ། །སྐྱེད་མོས་ཚལ་དེ་ཡང་གྲོང་ཁྱེར་གྱི་འོབས་ཀྱིས་ཆོད་དེ། གྲོང་ཁྱེར་གྱི་འོབས་དེ་ཡང་ཟབ་ལ་མེ་ཏོག་པད་མས་གང་བར་འདུག་གོ །དེ་ནས་རྟ་ཅང་ཤེས་ཀྱིས་བསམས་པ། བདག་གིས་གུད་དུ་ནི་འབྲོས་མི་ནུས་སོ་སྙམ་ནས་དེས་པད་མའི་འདབ་མ་དེ་དག་ལ་གོམ་པ་བོར་ཏེ་གྲོང་ཁྱེར་ལོགས་སུ་ཆས་ཏེ་སོང་ངོ་། །དེ་ནས་ཉི་འོག་གི་རྒྱལ་པོ་རྣམས་ཀྱིས་མཐོང་ནས་མདའ་སྟེའུ་ཁ་ཉ་རྔས་རྟ་ཅང་ཤེས་དེའི་


DKG073_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་དྲལ་ཏོ། །དེ་ནས་རྒྱལ་པོ་དེས་ཀྱང་དེ་མཐོང་ནས་འཇིགས་ཤིང་སྐྲག་སྟེ། རྟ་འདི་ཆུ་འདིའི་ནང་དུ་ཤི་ནས་བདག་འདི་ཁོ་ནར་བར་མ་དོར་མ་རུང་བར་མི་འགྱུར་གྲང་སྙམ་མོ། །དེ་ནས་རྟ་ཅང་ཤེས་ཀྱིས་རྒྱལ་པོ་འཇིགས་སྐྲག་པར་ཤེས་ནས་རྒྱལ་པོའི་ཡིད་གསོ་བའི་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། འདི་ལྟར་གཡུལ་དུ་བདག་གི་ལུས། །མདས་བསྣུན་པ་ནི་གཟིགས་མོད་ཀྱི། །ཐར་བར་བགྱིས་ནས་གདོད་འགུམ་གྱིས། །རྒྱལ་པོ་ཁྱོད་ནི་མ་བསྙེངས་ཤིག །ཅེས་སྨྲས་ནས་རྟ་ཅང་ཤེས་དེས་རྒྱལ་པོ་དེ་གྲོང་ཁྱེར་གྱི་ནང་དུ་བསྐྱལ་ཏེ་འཇིགས་པ་མེད་པའི་གནས་སུ་བཞག་ནས་ཤིའོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྟ་ཅང་ཤེས་སུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་རབ་བཟང་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ང་འཆི་ཀའི་ན་ཚས་ཐེབས་པ་ན། འདི་འཇིགས་པའི་གནས་དང་ལྡན་པ་ལས་བསྒྲལ་ཏེ་འཇིགས་པ་མེད་པའི་གནས་སུ་བཞག་གོ །ད་ལྟར་ཡང་ང་འཆི་ཀའི་ན་ཚས་ཐེབས་པ་ན་འདི་འཇིགས་པ་དང་ལྡན་པའི་འཁོར་བ་ལས་བསྒྲལ་ཏེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པའི་ས་ལ་བཞག་གོ །གཞན་ཡང་ང་འཆི་ཀའི་ན་ཚས་ཐེབས་པ་ན་འདི་འཇིགས་པའི་གནས་དང་ལྡན་པ་ལས་བསྒྲལ་ནས་འཇིགས་པ་མེད་པའི་གནས་སུ་བཞག་སྟེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཀན་ནྱ་ཀུ་བ་ཙ་ཞེས་བྱ་བ་ན་རྒྱལ་པོ་རྣ་བ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། རྒྱལ་པོ་དེ་ཡང་རི་དགས་ཤོར་བ་ལ་ཤིན་ཏུ་སྲེད་ནས། དེ་ཕྱི་ཞིག་ན་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་རི་དགས་ཤོར་དུ་སོང་བ་ལས། ཆུ་ཀླུང་ཞིག་གི་འགྲམ་ན་རི་དགས་ལྔ་བརྒྱ་ཁྱུ་གཅིག་ཏུ་འཁོད་པ་རྒྱལ་པོ་དེས་དཔུང་གི་ཚོགས་ཡན་ལག་བཞིས་བསྐོར་དུ་བཅུག་ནས་ཅི་ནས་ཀྱང་རི་དགས་གཅིག་ཀྱང་མི་འཆོར་བ་དེ་ལྟ་བུ་བྱས་སོ། །དེ་ནས་རི་དགས་ཁྱུ་མཆོག་གིས་བསམས་པ། བདག་ནི་རི་དགས་ཀྱི་ཁྱུ་འདིའི་གཙོ་བོ་ཡིན་པས་ན་བདག་གིས་འདི་རྣམས་ཀྱི་གྲུབ་པ་དང་། བདེ་བ་བསམ་དགོས་སོ་སྙམ་ནས་ཁོ་ར་ཁོར་ཡུག་ཏུ་བལྟས་ཏེ། རི་དགས་རྣམས་ཕྱོགས་གང་ལོགས་སུ་ཕྱུང་ནས་ཐར་བར་འགྱུར་ཞིག་གུ་སྙམ་པ་ལས། དེས་བལྟས་ན་ཆུ་ཀླུང་


DKG073_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་དེའི་འགྲམ་མ་གཏོགས་པར་དཔུང་གི་ཚོགས་ཡན་ལག་བཞིས་མཚམས་མེད་པར་བསྐོར་ཏེ་ཆུ་ཀླུང་གི་འགྲམ་དེ་ན་ནི་སུ་ཡང་མི་འདུག་པར་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་དེས་བསམས་པ། རི་དགས་འདི་རྣམས་ཀྱིས་ནི་ཆུ་ཀླུང་འདི་འབོག་པའམ་མཆོང་བའམ་འབྲོས་པ་ཡང་མི་ནུས་ཀྱིས་དེ་ལྟ་མ་ཡིན་པར་ང་ཉིད་ཆུ་ཀླུང་འདིའི་དབུས་སུ་རྐང་ལག་བཙུགས་ཏེ་འདུག་པར་བྱའོ་སྙམ་ནས། རི་དགས་དེ་རྣམས་ལ་ཁྱེད་ཀྱིས་མཆོངས་ལ་ངའི་རྒྱབ་ཏུ་རྐང་ལག་གིས་བརྟེན་ཏེ་ཕ་རོལ་གྱི་འགྲམ་དུ་དེང་ཤིག་ཅེས་བྱས་ནས། བྱང་ཆུབ་སེམས་དཔའ་དེས་ཆུ་ཀླུང་གི་དབུས་སུ་རྐང་ལག་བཙུགས་ཏེ་འདུག་གོ །བྱང་ཆུབ་སེམས་དཔའ་རྣམས་ནི་སྟོབས་ཀྱི་ཤུགས་དང་ལྡན་པ་ཡིན་པས་ན། དེ་ཆུ་ཀླུང་དེས་བསྐྱོད་པར་མི་ནུས་པར་འདུག་ནས་དེ་དེ་ན་འདུག་པའི་རྒྱབ་ཏུ་རི་དགས་རྣམས་ཀྱིས་མཆོང་ཞིང་རྐང་ལག་བཙུགས་ཏེ་ཕ་རོལ་གྱི་འགྲམ་དུ་དོང་ངོ་། །དེ་དག་དོང་བའི་རྨིག་པས་བྱང་ཆུབ་སེམས་དཔའ་དེའི་རྒྱབ་ཆོད་པར་གྱུར་ཏོ། །དེ་ནས་རི་དགས་ཐ་མར་ལུས་པ་དེས་མཐོང་ནས་དེ་དོགས་པ་སྐྱེས་ཏེ་བདག་ནི་བསྒྲལ་མི་ནུས་གོར་མ་ཆག་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་དེ་དོགས་པ་སྐྱེས་པར་མཐོང་ནས་ཡིད་གསོས་ཏེ། གྲོགས་པོ་མ་འཇིགས་ཤིག་ཁྱོད་འཆི་བར་དོགས་པ་མེད་དོ་ཞེས་བྱས་ནས་བྱང་ཆུབ་སེམས་དཔའ་དེས་རི་དགས་དེ་བསྒྲལ་ཏེ་ཕ་རོལ་དུ་སོན་ནས་བྱང་ཆུབ་སེམས་དཔའ་དེ་དུས་ལས་འདས་སོ། །དགེ་སློང་དག་དེ་ཇི་སྙམ་དུ་སེམས། དེའི་ཚེ་རི་དགས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རི་དགས་ལྔ་བརྒྱ་པོར་གྱུར་པ་གང་ཡིན་པ་དེ་དག་ནི་གྲོང་ཁྱེར་ཀུ་ཤི་ན་གནས་པའི་གྱད་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ནོ། །དེའི་ཚེ་རི་དགས་ཐ་མར་ལུས་པ་གང་ཡིན་པ་དེ་ནི་རབ་བཟང་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ང་འཆི་ཀའི་ན་ཚ་དང་ལྡན་པར་གྱུར་པ་ན་འདི་འཇིགས་པ་དང་ལྡན་པའི་གནས་ནས་བསྒྲལ་ཏེ་འཇིགས་པ་མེད་པའི་གནས་སུ་བཞག་གོ །ད་ལྟར་ཡང་ང་འཆི་ཀའི་ན་ཚས་ཐེབས་པ་ན་རབ་བཟང་ལ་སོགས་པ་གྱད་ལྔ་བརྒྱ་པོ་འདི་དག་འཇིགས་པ་དང་བཅས་པའི་འཁོར་བ་ལས་བསྒྲལ་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །དེ་


DKG073_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཅུང་ཟད་ཅི་མཐོང་གསོལ་པ། བཙུན་པ་མཐོང་ལགས་སོ། །བཀའ་སྩལ་པ། ཁྱོད་ཀྱིས་ཅི་མཐོང་། གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་གདུལ་བའི་དབང་གིས་སྤྲུལ་པ་ཞིག་བཞག་སྟེ། ག་ཞིག་ཏུ་གཤེགས་པ་མཐོང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་ད་ལྟར་དེ་བཞིན་གཤེགས་པའི་གདུལ་བར་བྱ་བ་གཉིས་ཤིག་ལུས་ཏེ། དྲི་ཟའི་རྒྱལ་པོ་རབ་དགའ་དང་། ཀུན་དུ་རྒྱུ་རབ་བཟང་གཉིས་སོ། །དེ་ལ་ང་འདི་སྙམ་དུ་སེམས་ཏེ། ཀུན་ཏུ་རྒྱུ་རབ་བཟང་ནི་ངས་གདུལ་བར་སླ་ན། དྲི་ཟའི་རྒྱལ་པོ་རབ་དགའ་ནི་རྒྱགས་ཤིང་བག་མེད་པར་གནས་པ་ཡིན་པས་ངས་སྤྲུལ་པ་བཞག་སྟེ། སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་སོང་ནས་དྲི་ཟའི་རྒྱལ་པོ་རབ་དགའ་བདེན་པ་རྣམས་ལ་གནས་པར་བྱས་ཏེ་འདིར་འོངས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རབ་དགས་ལས་ཅི་བགྱིས་ཤིང་བསགས་ན་ལས་དེའི་རྣམ་པར་སྨིན་པས་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ་དྲི་ཟའི་རྒྱལ་པོར་གྱུར་ལ། འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ་འདིས་སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ལྷོ་ཕྱོགས་ནས་རོལ་མོ་མཁན་གྱི་སློབ་དཔོན་མཆོག་ཅིག་འོངས་ཏེ་བཱ་རཱ་ཎ་སཱིར་ཕྱིན་ཏོ། །དེ་ནས་དེ་སློབ་དཔོན་ཆེན་པོ་ཡིན་པའི་ཕྱིར་རྒྱལ་པོ་ཀྲཱི་ཀཱིས་བཞེས་ནས་ལོངས་སྤྱོད་ཀྱི་གཞི་ཚོགས་ཆེན་པོ་བྱིན་ནོ། །འཇིག་རྟེན་དག་ནི་འབྱོར་པ་འདོད་པ་ཡིན་ཏེ། དེས་ཁྱིམ་གྱི་འཁོར་རྒྱས་


DKG073_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ཏེ་བཞག་གོ །དེའི་ཚེ་བཱ་རཱ་ཎ་སཱི་དེ་ཉིད་ན་དགེ་བསྙེན་དབུལ་པོ་ཞིག་གནས་ཏེ། དེས་རོལ་མོ་མཁན་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་དེ་མཐོང་ནས་དེའི་ལས་དེ་ལ་ཆགས་པ་སྐྱེས་ཏེ་ལས་དེའི་མཐུས་འདི་བདེ་བ་དེ་ལྟ་བུ་ཉམས་སུ་མྱོང་བར་གྱུར་པ་ལས་ན། ལས་འདི་ནི་བཟང་པོ་ཞིག་ཡིན་ནོ་སྙམ་ནས་དེས་ཚེ་གཅིག་གི་བར་དུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བསྲུངས་ཏེ་འཆི་ཀར་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག །རོལ་མོ་མཁན་ཐམས་ཅད་ཀྱི་རྒྱལ་པོར་ཡང་གྱུར་ཅིག། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་བསྙེན་དུ་གྱུར་པ་གང་ཡིན་པ་དེ་ནི་དྲི་ཟའི་རྒྱལ་པོ་རབ་དགའ་འདི་ཁོ་ན་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཀར་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་འདི་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་འཆི་ཀའི་ན་ཚ་དང་ལྡན་པ་ན་གདུལ་བའི་དབང་གིས་འདི་ལྟ་བུར་འོ་བརྒྱལ་བར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ་འདས་པའི་དུས་ན་ཡང་ང་འཆི་ཀའི་ན་ཚ་དང་ལྡན་པ་ན་གདུལ་བར་བྱ་བའི་ཕྱིར་ཇི་ལྟར་སྡུག་བསྔལ་ཆེན་པོ་དང་ལྡན་པར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཐུབ་མེད་རྒྱལ་ཞེས་བྱ་བ་ན་རྒྱལ་པོ་རྒྱལ་བ་པོ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། ཕྱི་ཞིག་ན་དེའི་བཙུན་མོ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་།


DKG073_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་རྒྱལ་པོའི་སྲས་ཡིན་པས་ན་ཁྱེའུ་འདིའི་མིང་རྣམ་པར་རྒྱལ་བ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་རྣམ་པར་རྒྱལ་བ་འོ་མ་དང་། ཞོ་དང་མར་དང་ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང་། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། མཚོན་ཆ་བཅང་བ་དང་འཕོང་དང་མདུན་དུ་བསྣུར་བ་དང་། ཕྱིར་བསྣུར་བ་དང་། གཡུལ་ལས་ཐར་བར་བྱ་བ་དང་། ལྕགས་ཀྱུས་གཟུང་བ་དང་། ཞགས་པས་གཟུང་བ་དང་། མདའ་བོ་ཆེ་འཕང་བ་དང་། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་། མཚོན་རྩེ་གཅིག་པ་གདབ་པ་དང་། འཁོར་ལོ་འཕང་བ་དང་། གཅད་པ་དང་། གཤེག་པ་དང་། ལག་པས་གཟུང་བ་དང་། རྐང་པའི་སྟངས་དང་། མགོ་བོ་བསྐྱབ་པ་དང་། རྒྱང་མར་འཕང་བ་དང་། སྒྲ་གྲག་པར་འཕང་བ་དང་། གནད་དུ་འཕང་བ་དང་། གདོན་མི་ཟ་བར་ཕོག་པར་བྱ་བ་དང་། ཚབས་ཆེར་བཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་དེ་ཕྱི་ཞིག་ན་ཕས་དེ་ལ་བསྒོ་བ། ཁྱོད་ཀྱི་ཕའི་ཡུལ་འབྱོར་པ་དང་རྒྱས་པར་འདུག་གིས། ཡུལ་ཕྱོགས་དེ་དག་ལྟར་སོང་ཤིག་ཅེས་བྱས་ནས་ཇི་ལྟར་ཡབ་ཀྱིས་བཀའ་སྩལ་པ་དེ་བཞིན་དུ་འཚལ་ལོ་ཞེས་བྱས་ནས། དེ་སྐྱེ་བོ་ཕལ་པོ་ཆེས་ཞབས་འབྲིང་བྱས་ཏེ་ཡུལ་ཕྱོགས་དག་ལྟར་སོང་ངོ་། །དེ་སོང་བའི་འོག་ཏུ་རྒྱལ་པོ་རྒྱལ་བ་པོ་དུས་ལས་འདས་ནས་བློན་པོ་རྣམས་ཀྱིས་རྒྱལ་པོའི་བུ་དེ་ལ་ཕོ་ཉ་བཏང་ནས། ཁྱོད་ཀྱི་ཡབ་ནོངས་ཀྱིས་སླར་གཤེགས་ཏེ་ཡབ་ཀྱི་རྒྱལ་སྲིད་བསྐྱང་དུ་གསོལ་ཞེས་སྤྲིང་ངོ་། །རྒྱལ་པོའི་བུ་དེ་ཡང་བྱམས་པའི་རང་བཞིན་ཅན་སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་བྱམས་པ་ཞིག་སྟེ། དེ་ཐོས་མ་ཐག་ཏུ་དེས་ཀྱང་བློན་པོ་རྣམས་ལ་ཕོ་ཉ་བཏང་ནས་སྣ་གཅིག་ཅིག་རུང་སྟེ། གལ་ཏེ་ངའི་ཡབ་ཀྱི་ཡུལ་ཁམས་ན་སེམས་ཅན་ཇི་སྙེད་གནས་པ་དེ་དག་ཁྱོད་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་ན་ནི་ངས་ཡབ་ཀྱི་


DKG073_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་བསྐྱང་བར་བྱའོ་ཞེས་སྤྲིང་ངོ་། །དེ་ནས་བློན་པོ་རྣམས་ཀྱིས་ཡང་ཕོ་ཉས་བཟླུགས་ཏེ། ཇོ་བོ་ཇི་ལྟར་བཞེད་པ་བཞིན་དུ་བདག་ཅག་གིས་བགྱི་བར་འཚལ་ལོ་ཞེས་སྤྲིང་ནས། དེ་དག་གིས་སྤྱན་དྲངས་ཏེ་རྒྱལ་སར་བཅུག་ནས་དེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་ཏེ། ཟས་འདོད་པ་ལ་ནི་ཟས་སྦྱིན་པར་བྱེད། སྐོམ་འདོད་པ་ལ་ནི་སྐོམ་སྦྱིན་པར་བྱེད། གོས་འདོད་པ་ལ་ནི་གོས་སྦྱིན་པར་བྱེད། རྒྱན་འདོད་པ་ལ་ནི་རྒྱན་སྦྱིན་པར་བྱེད། བཞོན་པ་འདོད་པ་ལ་ནི་བཞོན་པ་སྦྱིན་པར་བྱེད། ཡོ་བྱད་གཞན་འདོད་པ་ལ་ནི་ཡོ་བྱད་གཞན་སྦྱིན་པར་བྱེད་ཅིང་ནད་པ་གསོ་བའི་ནད་བྲང་བཅས་ཏེ་ཡོ་བྱད་ཐམས་ཅད་སྦྱར་ནས། སྨན་པ་རྣམས་དང་། ནད་གཡོག་རྣམས་བསྐོས་ཏེ། ནད་པ་རྣམས་དང་། མགོན་མེད་པ་རྣམས་ཀྱི་རིམ་གྲོ་བྱེད་དོ། །བཟའ་བ་དང་བཅའ་བ་མང་པོ་དག་ཀྱང་སྟ་གོན་བྱས་ཏེ། ནམ་མཁའ་ལ་གནས་པ་དང་། ཆུ་ན་གནས་པ་དང་། ཐང་ལ་གནས་པའི་སྲོག་ཆགས་རྣམས་ལ་སྦྱིན་པར་བྱེད་དོ། །འཇིག་རྟེན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་བྱེད་དེ། དེར་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའི་རྒྱུས་སེམས་ཅན་ཕལ་ཆེར་ལྷའི་ནང་དུ་སྐྱེས་སོ། །དེ་དག་དེར་སྐྱེས་པས་ལྷའི་གནས་རྣམས་གང་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། རྒྱུ་གཉིས་ཀྱིས་ན་ལྷའི་གནས་རྣམས་གང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་འབྱུང་བ་དང་། འཁོར་ལོས་སྒྱུར་བ་འབྱུང་བ་འདི་གཉིས་ཡིན་ན། ཅི་ད་ལྟར་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ངམ། འོན་ཏེ་འཁོར་ལོས་སྒྱུར་བ་འཇིག་རྟེན་དུ་བྱུང་ཞིག་གུ་སྙམ་མོ། །དེ་ནས་དེས་བལྟས་ན་དེ་བཞིན་གཤེགས་པ་ཡང་འཇིག་རྟེན་དུ་མ་བྱུང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་འཇིག་རྟེན་དུ་མ་བྱུང་ངོ་། །འོ་ན་སུའི་མཐུས་ལྷའི་གནས་གང་བར་གྱུར་སྙམ་སྟེ། དེས་བལྟས་ན་རྒྱལ་པོ་རྣམ་པར་རྒྱལ་བའི་མཐུས་དེ་ལྟར་གྱུར་པར་མཐོང་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། འདི་ཅི་ཞིག་སྒྲུབ་ཅིང་འདུག་སྙམ་སྟེ། དེས་བལྟས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་མཐོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། རེ་ཞིག་འདི་


DKG073_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་བརྟན་པོ་ཡིན་ནམ། འོན་ཏེ་སེམས་ཅན་མི་བརྟན་པ་ཡིན་པ་དེ་བརྟགས་ལ་གལ་ཏེ་སེམས་ཅན་བརྟན་པོ་ཞིག་ཡིན་ན་ནི་འདི་ལ་མཆོད་པ་བྱའོ། །དེ་སྟེ་སེམས་ཅན་མི་བརྟན་པ་ཞིག་ཡིན་ན་ནི་འདི་བརྟན་པོར་འགྱུར་བར་བྱའོ་སྙམ་དུ་བསམས་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུལ་དེར་སེམས་ཅན་མང་པོ་སྤྲུལ་ནས་སྤྲུལ་པ་དེ་དག་གིས་བློན་པོ་དེ་དག་ལ་སྨྲས་པ། གལ་ཏེ་རྒྱལ་པོ་འདིས་བདག་ཅག་ཟས་དང་སྐོམ་གྱིས་ཚིམ་པར་བྱེད་ན་ནི་དེའི་འོག་ཏུ་བདག་ཅག་གིས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་རྣམ་པར་རྒྱལ་བ་ལ་གསོལ་ཏོ། །དེ་ནས་རྒྱལ་པོ་རྣམ་པར་རྒྱལ་བས་སྤྲུལ་པ་དེ་དག་བཀུག་སྟེ་བསྒོ་བ་ངས་ཁྱེད་ཟས་དང་སྐོམ་གྱིས་ཚིམ་པར་བྱའོ། །སྤྲུལ་པ་རྣམས་ཀྱིས་སྨྲས་པ། ལྷ་ཁྱོད་ཀྱིས་བདག་ཅག་ཟས་དང་སྐོམ་གྱིས་ཚིམ་པར་བྱེད་མི་ནུས་ཏེ། བདག་ཅག་ནི་གསར་དུ་བསད་པའི་མི་ཤ་ནི་ཟ། མི་ཁྲག་ནི་འཐུང་ངོ་། །དེ་ནས་རྒྱལ་པོས་བསམས་པ། འདི་དག་ནི་མི་མ་ཡིན་ཏེ། འདི་དག་ནི་མི་མ་ཡིན་པ་ཡིན་ལ། ཤ་དང་ཁྲག་འདི་ལྟ་བུ་ནི་མ་བསད་ཀྱི་བར་དུ་མི་རྙེད་དོ། །འོན་ཀྱང་གལ་ཏེ་འདི་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་གྱུར་ན། བདག་གི་ཤ་དང་ཁྲག་གིས་ཚིམ་པར་བྱའོ་སྙམ་དུ་བསམས་ནས་བྱང་ཆུབ་སེམས་དཔའ་དེས་སྤྲུལ་པ་རྣམས་ལ་སྨྲས་པ། གལ་ཏེ་ཁྱེད་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན་ངས་ང་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱའོ། །སྤྲུལ་པ་རྣམས་ཀྱིས་སྨྲས་པ། ཁྱོད་ཇི་ལྟར་བཞེད་པ་བཞིན་དུ་བགྱིའོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔས་ལུས་ཐོག་ཐག་ནས་ཤ་རྣམས་བཅད་དེ་དེ་དག་ལ་བྱིན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ།


DKG073_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་སྤྲུལ་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། བྱང་ཆུབ་སེམས་དཔའ་འདིས་ནི་མཆོག་ཏུ་དཀའ་བ་བྱས་མོད་ཀྱི། འོན་ཀྱང་བདག་གིས་འདིའི་ལུས་སྔ་མཁོ་བཞིན་དུ་འགྱུར་བར་བྱེད་མ་ནུས་སོ། །གཞན་ཡང་འདིའི་སྤྲོ་བ་བསྐྱེད་དགོས་སོ་སྙམ་ནས་བྱང་ཆུབ་སེམས་དཔའ་དེ་ལ་སྨྲས་པ། གྲོགས་པོ་དག་ཁྱོད་ཤ་རྣམས་གཅོད་པ་དང་། ཆུ་བ་དང་རྩ་བྲང་བྲེང་རྣམས་གཅོད་པ་དང་། ཅུང་ཟད་ཙམ་ཡང་སེམས་མི་དགའ་བ་ལྟ་ཡོད་དམ། བྱང་ཆུབ་སེམས་དཔས་སྨྲས་པ། ཀྱེ་ང་ནི་ཤ་རྣམས་གཅོད་པ་དང་། ཆུ་བ་དང་རྩ་བྲང་བྲེང་རྣམས་གཅོད་པ་ན་ཅུང་ཟད་ཀྱང་སེམས་མི་དགའ་བ་མེད་དེ་བདག་ཉིད་ཕོངས་པ་མཐོང་ན་ལྷག་པར་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་སུ་སྐྱེ་བའི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེས་སོ། །བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་ཁྱོད་ཇི་ལྟར་ཡིད་ཆེས་པར་རུང་། བྱང་ཆུབ་སེམས་དཔས་སྨྲས་པ། ངས་གྲོགས་པོ་ཁྱེད་བདེན་པ་བསྐུལ་བས་རངས་པར་བྱའོ་ཞེས་བྱས་ནས་བྱང་ཆུབ་སེམས་དཔས་བདེན་པ་བསྐུལ་བ་བྱས་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་ཇི་ལྟར་བདག་གི་ཤ་རྣམས་གཅོད་པ་དང་། ཆུ་བ་དང་། རྩ་བྲང་བྲེང་རྣམས་གཅོད་པ་ན་ཅུང་ཟད་ཀྱང་སེམས་མི་དགའ་བ་མེད་ན། བདེན་པ་དང་བདེན་པའི་ཚིག་དེས་བདག་གི་ལུས་འདི་སྔ་མཁོ་བཞིན་དུ་གྱུར་ཅིག་ཅེས་བྱས་ནས། དེ་སྐད་བརྗོད་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ལུས་དེ་སྔ་མཁོ་བཞིན་དུ་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རང་བཞིན་གྱི་གཟུགས་སུ་བསྒྱུར་ཏེ་རྐང་པ་ལ་ཕྱག་འཚལ་ནས་བཟོད་པར་གསོལ་ཏེ། གྲོགས་པོ་ཁྱོད་ལ་ངས་གཙེ་བའི་བསམ་པས་གནོད་པ་བྱས་པ་བཟོད་པར་མཛོད་ཅིག །དེ་ལྟ་མོད་ཀྱི་ཁྱོད་ཉིད་སྤྲོ་བ་བསྐྱེད་པའི་ཕྱིར་ཁྱོད་ལ་གནོད་པ་བྱས་པར་ཟད་དོ་ཞེས་སྨྲས་ནས་ལྷའི་དབང་


DKG073_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བྱང་ཆུབ་སེམས་དཔར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེའི་ཚེ་ན་ཡང་ང་འདུལ་བའི་དབང་གིས་སྡུག་བསྔལ་བར་གྱུར་ཏོ། །ད་ལྟར་ཡང་ང་འདུལ་བའི་དབང་གིས་སྡུག་བསྔལ་བར་གྱུར་ཏོ།། །།ཡོན་རབས་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །ཕྱི་ཞིག་ན་དེས་སངས་རྒྱས་ལ་དད་པ་དང་། ཆོས་ལ་དད་པ་དང་། དགེ་འདུན་ལ་དད་པར་གྱུར་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བླངས་ཏེ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་སོ། །དེའི་ཁྱིམ་དེ་ཁྲོན་པ་དང་འདྲ་བར་གྱུར་ཏེ། ཉིན་གཅིག་བཞིན་དུ་དེའི་ཁྱིམ་དུ་དགེ་འདུན་གྱི་ཕྱིར་བསྐོས་པའི་དགེ་སློང་རྣམས་ཟན་ཟའོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ། དེས་དེ་དག་ལ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། བསྩང་སྡེར་ནི་གྱུ། ཕྱག་ནི་བཅབས་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱིམ་བདག་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་གདན་ལས་བཞེངས་


DKG073_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གཤེགས་སོ། །དེ་ནས་ཕྱི་ཞིག་ན་དགེ་སློང་གསར་དུ་དགྲ་བཅོམ་པ་ཞིག་ཁྱིམ་དེར་དགེ་འདུན་གྱི་ཕྱིར་བསྐོས་པའི་མཆོད་སྟོན་གྱི་རེས་ལ་བབ་སྟེ་འོངས་སོ། །དེ་ཕྱི་བཞིན་དུ་གཙུག་ལག་ཁང་གི་སྣ་ལ་གཏོགས་པའི་ཕྱིར་མི་འོང་བ་ཞིག་ཀྱང་འོངས་སོ། །དེ་ནས་ཁྱིམ་བདག་དེས་དེ་གཉིས་ལ་ཟན་སྦྱིན་པར་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། དགེ་སློང་དེས་ནི་ཁྱིམ་བདག་དེ་ལ་ཡོན་གྱི་རབས་གདོན་པར་མི་ནུས་སོ་སྙམ་ནས་ཁྱིམ་དེའི་ནང་དུ་སོང་སྟེ་སྟན་བཤམས་པ་ལ་འདུག་ནས། དགེ་སློང་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་གསོལ་བ་བཏབ་སྟེ། གནས་བརྟན་ཡོན་གྱི་རབས་གདོན་པར་གསོལ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་དེར་ཡོན་གནས་ཚོགས་པ་མཐོང་ནས། དེ་ཁོ་ན་དང་འཐུན་པའི་ཡོན་གྱི་རབས་བཏོན་ནས་བདག་གིས་ནི་སྦྱིན་པའི་འབྲས་བུའི་ཚད་རྒྱས་པར་བརྗོད་པར་མི་ནུས་སོ། །བཅོམ་ལྡན་འདས་ནི་ཐམས་ཅད་གཟིགས་པ་ཡིན་པས་འབྲས་བུ་དང་རྣམ་པར་སྨིན་པ་མཁྱེན་ཏོ་ཞེས་སྨྲས་ཏེ། དེས་ཡོན་གྱི་རབས་བཏོན་ནས་ཁྱིམ་བདག་དེའི་ཆུང་མ་ལ་ཡང་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱིམ་བདག་དེ་དང་ཆུང་མས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེའི་བློ་སྐྱེས་པ་བདག་ཁྱིམ་ན་གནས་པས་ཆོག་གིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངོ་སྙམ་ནས་བཟའ་བྲན་གཉི་གས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ཏེ། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་


DKG073_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་འདི་བཟའ་བྲན་གཉིས་ཀྱིས་སྔོན་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། འདི་གཉིས་ཀྱིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ་འདི་གཉིས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་འདི་གཉིས་རབ་ཏུ་བྱུང་ནས་དེར་འདི་གཉིས་ཀྱིས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ཏེ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་ཅག་གཉིས་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཤིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གཉིས་ཀྱིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་


DKG073_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བའི་བཟའ་བྲན་དེ་གཉིས་ནི་རབ་ཏུ་བྱུང་བ་འདི་གཉིས་ཁོ་ན་ཡིན་ཏེ། དེ་གཉིས་ཀྱིས་དེར་རབ་ཏུ་བྱུང་ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ཏེ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་བསྲུངས་ནས་འཆི་ཀར་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་དྲུག་པ། རྒན་ཞུགས་གཉིས་ཞེས་བྱ་བ་དེ་ལ། རྒན་ཞུགས་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེ་ན་གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཙུག་ལག་ཁང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དུ་བཅུག་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ཏེ། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་པ་དེའི་ཚེ་མཉན་དུ་ཡོད་པ་དེ་ཉིད་ན་ཁྱིམ་བདག་གཞན་ཞིག་གནས་པ་དེས་བསམས་པ། བདག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་སྦྱིན་པ་གཏོང་བས་ཟིལ་གྱིས་ནོན་པར་འགྱུར་བའི་ཐབས་ལྟ་ཅི་ཡོད་སྙམ་མོ། །དེ་ནས་དེས་བསམས་པ། མ་ལ་བདག་གིས་རྒྱ་མཚོའི་ནང་དུ་འགྲོ་བའི་དོན་བསྒྲུབས་ལ། གལ་ཏེ་བདག་གིས་དེར་རྒྱ་མཚོའི་གྲུ་བོ་ཆེའི་དོན་གྲུབ་པར་གྱུར་ཏེ་ཕྱིར་འོངས་ན་ནི་དེ་ལྟ་ན་བདག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྦྱིན་པ་གཏོང་བས་ཟིལ་གྱིས་གནོན་པར་ནུས་སོ་སྙམ་མོ། །དེ་ནས་དེ་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ནས་རིན་པོ་ཆེའི་གླིང་དུ་འགྲོ་བ་བསྒྲུབས་ཏེ་རྒྱ་མཚོའི་གྲུ་བོ་ཆེའི་དོན་གྲུབ་ནས་མཉན་དུ་ཡོད་པར་ཕྱིན་ཏོ། །དེ་དེར་འོངས་ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་ནས། འོན་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཟིལ་གྱིས་མནན་པར་མ་ནུས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་


DKG073_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་དྲིས་པ། བཙུན་པ་ཤཱ་རིའི་བུ་ཐབས་ཅི་ཞིག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དགེ་བ་བགྱིས་པས་ཟིལ་གྱིས་གནོན་པར་ནུས། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་བསོད་ནམས་ཅན་ཆེ་བར་གྲགས་པ་ཡིན་ཏེ། དེས་ནི་གཏེར་བདག་པོ་ཡོད་པ་དང་། བདག་པོ་མེད་པ་དང་། ཆུ་ན་ཡོད་པ་དང་། སྐམ་ལ་ཡོད་པ་དང་། རིང་བ་དང་། ཉེ་བ་རྣམས་ཀྱང་མཐོང་བས་ན་དེ་ནི་ཁྱོད་ཀྱིས་སྦྱིན་པ་བཏང་བས་ཟིལ་གྱིས་གནོན་པར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ན་དེ་འབའ་ཞིག་གིས་ཁྱོད་ཀྱིས་ཟིལ་གྱིས་མནན་པར་ནུས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་དེས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་སྟེ། བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཁྱིམ་བདག་ཆེ་གེ་མོ་ཞིག་གིས་ཁྱོད་ཟིལ་གྱིས་མནན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་ལྟར་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ་ཞེས་ཐོས་སོ། །དེ་ཐོས་མ་ཐག་ཏུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དགའ་བར་གྱུར་ཏེ། དགེ་སློང་དེ་ག་ལ་འདུག་པ་དེར་སོང་སྟེ་ཕྱིན་ནས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། ཁྱོད་རབ་ཏུ་བྱུང་བས་བདག་ཟིལ་གྱིས་


DKG073_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ནོན་པར་གྱུར་ཏོ། །ད་བདག་གིས་ཁྱོད་ཇི་སྲིད་འཚོའི་བར་དུ་གོས་དང་། ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་། སྨན་ཟོང་རྣམས་ཅི་བཞེད་པ་བསྟབ་པར་བགྱིའོ་ཞེས་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ཁྱིམ་བདག་འདིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྦྱིན་པ་གཏོང་བས་ཟིལ་གྱིས་མནན་པར་འཚལ་བ་ལས་ཟིལ་གྱིས་གནོན་པར་མ་ནུས་ཏེ་རབ་ཏུ་བྱུང་བས་ཟིལ་གྱིས་ནོན་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ཁྱིམ་བདག་འདིས་ཁྱིམ་བདག་ཆུ་སྟོད་ཟིལ་གྱིས་གནོན་པར་བྱའོ་སྙམ་པ་ལས་ཟིལ་གྱིས་མནན་པར་མ་ནུས་ཏེ། རབ་ཏུ་བྱུང་བས་ཟིལ་གྱིས་མནན་ནས་དེ་དེར་རབ་ཏུ་བྱུང་སྟེ། ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། ཀྱེ་འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་པའི་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཤིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ། བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདིས་ཁྱིམ་བདག་ཆུ་


DKG073_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་སྦྱིན་པ་གཏོང་བ་ཟིལ་གྱིས་མནན་པར་བྱའོ་སྙམ་པ་ལས་ཟིལ་གྱིས་གནོན་པར་མ་ནུས་ནས་རབ་ཏུ་བྱུང་བས་ཟིལ་གྱིས་ནོན་པར་གྱུར་ལ། ད་ལྟར་ཡང་འདིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྦྱིན་པ་གཏོང་བས་ཟིལ་གྱིས་མནན་པར་བྱའོ་སྙམ་པ་ལས་ཟིལ་གྱིས་གནོན་པར་མ་ནུས་ནས་རབ་ཏུ་བྱུང་བས་ཟིལ་གྱིས་ནོན་པར་གྱུར་ཏོ། །དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ། བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་དགེ་སློང་འདི་ནི་རྒྱ་ཆེན་པོ་ལ་མོས་ཏེ། གཞན་རྣམས་ཟིལ་གྱིས་གནོན་པར་འཚལ་ལ་བདག་ནི་གཞན་གྱིས་ཟིལ་གྱིས་གནོན་པར་མི་འཚལ་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདི་ཇི་ལྟར་རྒྱ་ཆེན་པོ་ལ་མོས་ཏེ། གཞན་རྣམས་ཟིལ་གྱིས་གནོན་པར་འདོད་ལ། བདག་ནི་གཞན་གྱིས་ཟིལ་གྱིས་མནན་པར་མི་འདོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་སུམ་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།


DKG073_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་རྒྱལ་པོའི་ཕོ་བྲང་བདེ་ལྡན་དུ་བྱོན་ཏེ། དེའི་ཕྱིར་རྒྱལ་པོ་བདེ་བས་རང་གི་སྐྱེད་མོས་ཚལ་དུ་གཙུག་ལག་ཁང་བརྩིག་པར་བརྩམས་ཏེ། དེས་དེར་གཞོན་ནུ་རྣམས་དང་། བློན་པོ་རྣམས་དང་། དཔའ་བོའི་སྡེ་ཚན་རྣམས་དང་། གྲོང་རྡལ་གྱི་མི་རྣམས་དང་། ཡུལ་གྱི་མི་རྣམས་དང་། སྐྱེ་བོ་མང་པོ་ཐམས་ཅད་བསགས་ནས་བསྒོ་བ། ཁྱེད་ལས་སུ་འདིར་ནོར་ཤིན་ཏུ་མང་པོར་བསྐྱེད་ནུས་པ་དེས་གཙུག་ལག་ཁང་འདི་རྩིགས་ཤིག་ཅེས་བྱས་སོ། །དེའི་ཚེ་ཁྱིམ་བདག་ཅིག་གིས་རྒྱལ་པོ་དེ་དག་དང་གོང་ནས་གོང་དུ་ནོར་བསྐྱེད་པ་ལ་ཞུགས་ཏེ། གསེར་བྱེ་བ་ཕྲག་དགུ་ལ་ཐུག་པར་བསྐྱེད་དོ། །དེ་ནས་དེས་དེ་ཡན་ཆད་དུ་བསྐྱེད་པའི་ཐུགས་མ་ཐུབ་སྟེ། འདི་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡིན་ཏེ། འདི་འདིས་སྐྱེངས་པར་འགྱུར་དུ་འོང་ངོ་སྙམ་ནས་བསྐྱེད་པ་དེ་བཏང་ངོ་། །དེ་ནས་རྒྱལ་པོ་བདེ་བས་གཙུག་ལག་ཁང་དེ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱས་ནས་སངས་རྒྱས་གསེར་ཐུབ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ཏེ། སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཤིག །སྟོན་པ་འདི་ཁོ་ན་དང་འདྲ་བ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་ཁྱིམ་བདག་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་རྒྱ་ཆེན་པོ་ལ་མོས་ཏེ། གཞན་རྣམས་ཟིལ་གྱིས་གནོན་པར་འདོད་ལ། བདག་ནི་གཞན་གྱིས་ཟིལ་གྱིས་གནོན་པར་མི་འདོད་པར་གྱུར་ཏོ། །ད་ལྟར་ཡང་འདི་ནི་རྒྱ་ཆེན་པོ་ལ་མོས་ཏེ་གཞན་རྣམས་ནི་ཟིལ་གྱིས་གནོན་པར་འདོད་ལ། བདག་ནི་གཞན་གྱིས་ཟིལ་གྱིས་གནོན་པར་མི་འདོད་པར་གྱུར་ཏོ།། །།


DKG073_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་ཞུགས་གཉིས་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེར་གང་གི་ཚེ་མི་བླུན་པོ་འཕགས་སྐྱེས་པོས། ཤཱཀྱ་རྣམས་ཁ་བཏག་པ་དེའི་ཚེ་ཡུལ་སེར་སྐྱའི་གནས་ན་ཚེ་དང་ལྡན་པ་ཀུན་དགའ་བོའི་སྲིང་མོའི་བུ་ཕ་མ་གཉིས་དང་བྲལ་ཏེ་སེར་སྐྱའི་གནས་ན་མགོན་མེད་པར་འཁྱམ་ཞིང་འདུག་གོ །དེའི་ཚེ་མཉན་དུ་ཡོད་པ་ན་གནས་པའི་ཁྱིམ་བདག་ཅིག་དེ་གཉིས་ཀྱི་ཕའི་གྲོགས་པོར་གྱུར་པ་དེ་བྱ་བ་ཞིག་ལ་ཡུལ་སེར་སྐྱའི་གནས་སུ་ཕྱིན་ཏེ་དེས་ཁྱེའུ་དེ་གཉིས་མཐོང་མ་ཐག་ཏུ་ངོ་ཤེས་ནས་དྲིས་ཏེ། བུ་ཁྱེད་གཉིས་ཀྱི་ཕ་མ་ག་ལ་འཁོད་ཅེས་བྱས་སོ། །ཁྱེའུ་དེ་གཉིས་ཀྱིས་སྨྲས་པ། འཕགས་སྐྱེས་པོས་བསད་དེ། དེ་གཉིས་དང་བྲལ་བས་བདག་ཅག་གཉིས་མགོན་མེད་དེ་ཕན་ཚུན་འཁྱམ་ཞིང་འདུག་གོ །ཁྱིམ་བདག་དེས་སྨྲས་པ། གལ་ཏེ་ཁྱེད་གཉེན་འདུན་རྣམས་ཀྱིས་བསྐྱང་བ་མེད་ན་མཉན་དུ་ཡོད་པར་དེང་ཤིག་དང་། བཙུན་པ་ཀུན་དགའ་བོ་དེ་ཁྱེད་གཉིས་ཀྱི་ཞང་པོ་ཡིན་ཏེ། དེ་ཡང་གཉེན་ལ་མཉེས་གཤིན་པས་དེས་ཁྱེད་གཉིས་བསྐྱང་བར་འགྱུར་རོ། །ཁྱེའུ་གཉིས་ཀྱིས་སྨྲས་པ། བདག་ཅག་གཉིས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འགྲོ་བའི་ལམ་མི་ཤེས་ན་དེར་འགྲོ་བའི་ལམ་གང་ཡིན། ཁྱིམ་བདག་དེས་སྨྲས་པ། བུ་གཉིས་ཚུར་ཤོག་དང་རེ་ཞིག་ང་ཡུལ་སེར་སྐྱའི་གནས་སུ་དོན་ཅིག་བསྒྲུབས་ལ་དེ་ནས་ངས་ཁྱེད་གཉིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་བཀྲིའོ་ཞེས་བྱས་ནས་ཁྱིམ་བདག་དེར་སོང་ངོ་། །དེས་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་བསྒྲུབས་ནས་ཁྱེའུ་དེ་གཉིས་ཁྲིད་དེ་མཉན་དུ་ཡོད་པར་འོངས་ནས་དེ་གཉིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་བཞག་སྟེ་བསྒོ་བ། ཁྱེད་གཉིས་ཀྱི་ཞང་པོ་དཀའ་ཐུབ་ཀྱི་གནས་འདི་ན་འདུག་སྟེ་དེས་ཁྱེད་གཉིས་བསྐྱང་བར་འགྱུར་རོ་ཞེས་བྱས་ནས་ཁྱིམ་བདག་དེ་སོང་ངོ་། །དེ་སོང་ནས་ཁྱེའུ་དེ་གཉིས་ཀྱིས་སྒོ་གང་གི་ནང་དུ་ཞུགས་ཏེ་འཁོད་པ་ལས་ཀུན་དགའ་བོས་ངོ་མ་ཤེས་ཏེ་དྲིས་པ། བུ་ཁྱེད་གཉིས་སུ་ཡིན་ག་ལས་འོངས། དེ་གཉིས་ཀྱིས་སྨྲས་པ། ཡུལ་སེར་སྐྱའི་གནས་ཀྱི་ཤཱཀྱ་ཆེ་གེ་མོ་ཞིག་གི་བུ་ལགས་སོ། །ཀུན་དགའ་བོས་སྨྲས་པ། ཁྱེད་གཉིས་ཀྱི་ཕ་མ་གར་སོང་། ཁྱེའུ་གཉིས་ཀྱིས་སྨྲས་པ། འཕགས་སྐྱེས་པོས་བསད་དེ་བདག་ཅག་གཉིས་དྭར་ལུས་ནས་མགོན་མ་མཆིས་པར་གྱུར་པས་དེའི་སླད་དུ་བདག་ཅག་གཉིས་ཕན་ཚུན་འཁྱམ་ཞིང་མཆིས་སོ། །


DKG073_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་གཉིས་ཀྱིས་ཐོས་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འདི་ན་བདག་ཅག་གཉིས་ཀྱི་ཞང་པོ་འདུག་གོ་ཞེས་གྲག་ནས་བདག་ཅག་གཉིས་དེའི་ཐད་དུ་མཆིས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚེ་དང་ལྡན་པ་ཀུན་དགའ་བོ་ཡི་མུག་ནས་ད་ཇི་ལྟར་བྱ་སྙམ་མོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་དྲིས་པ། བཙུན་པ་ཀུན་དགའ་བོ་ཁྱོད་ཅིའི་ཕྱིར་ཡི་མུག་པར་གྱུར། ཀུན་དགའ་བོས་སྨྲས་པ། ཁྱེའུ་འདི་གཉིས་བདག་གི་སྲིང་མོའི་བུ་ཡིན་ཏེ། འདི་གཉིས་ཕ་མ་མེད་པར་གྱུར་པས་འདིར་འོངས་ཏེ་བདག་གིས་འདི་གཉིས་མཐོང་ནས་ཡི་མུག་པར་གྱུར་ཏེ་བདག་གིས་འདི་གཉིས་ཇི་ལྟར་བསྐྱང་བར་བྱ། བཅོམ་ལྡན་འདས་ཀྱིས་ཀྱང་དད་པས་བྱིན་པ་ཆུད་གསན་པར་མི་བྱའོ་ཞེས་གསུངས་སོ་སྙམ་མོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཕན་འདོགས་པ་ལ་སྦྱིན་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་མ་གསུངས་སམ། འདི་གཉིས་ཀྱིས་ཀྱང་བདག་ཅག་ལ་ལྷུང་བཟེད་ཀྱི་བྱ་བཏའ་དང་། མེ་ཏོག་དང་། འབྲས་བུ་རྣམས་ཀྱིས་ཕན་ཐོགས་པར་འགྱུར་རོ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེ་གཉིས་བླངས་ཏེ་བསྐྱང་བར་བྱས་སོ། །དགེ་སློང་རྣམས་ཀྱིས་ཀྱང་ཁ་ཟས་ཅུང་ཟད་ཙམ་དག་ཁྱེར་ཏེ་འོང་ཞིང་དེ་གཉིས་ལ་སྦྱིན་པར་བྱེད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོས་ནི་བསོད་སྙོམས་གང་བླངས་ཤིང་དེ་གཉིས་ལ་ཕྱེད་སྦྱིན་པར་བྱེད་དོ། །ཕྱེད་ནི་བདག་ཉིད་ཟ་བར་བྱེད་དེ། དེའི་རྒྱུས་ཀུན་དགའ་བོ་ཉམ་ཆུང་ཞིང་རིད་ལ་སྦེག་ཅིང་ལུས་ཀྱི་མཐུ་མེད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཀུན་དགའ་བོ་ཉམ་ཆུང་ཞིང་རིད་ལ་སྦེག་ཅིང་ལུས་ཀྱི་མཐུ་མེད་པར་གྱུར་པ་གཟིགས་སོ། །གཟིགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཅིའི་ཕྱིར་དགེ་སློང་ཀུན་དགའ་བོ་ཉམ་ཆུང་ཞིང་རིད་ལ་སྦེག་ཅིང་ལུས་ཀྱི་མཐུ་མེད་པར་གྱུར། དགེ་སློང་རྣམས་ཀྱིས་གསོལ་པ། བཙུན་པ་ཚེ་དང་ལྡན་པ་ཀུན་དགའ་བོས་སྲིང་མོའི་བུ་གཉིས་བླངས་ནས་དེས་བསོད་སྙོམས་གང་བ་བླངས་ཤིང་ཕྱེད་ནི་བདག་ཉིད་འཚལ། ཕྱེད་ནི་དེ་གཉིས་ལ་སྩོལ་བར་བགྱིད་དེ། བཙུན་པ་རྒྱུ་ནི་དེ་ལགས། རྐྱེན་ནི་དེ་ལགས་ཏེ། དེས་ན་ཚེ་དང་ལྡན་པ་ཀུན་དགའ་བོ་ཉམ་ཆུང་ཞིང་རིད་ལ་སྦེག་ཅིང་ལུས་ཀྱི་མཐུ་མ་མཆིས་པར་གྱུར་ལགས་སོ། །དེ་ནས་བཅོམ་ལྡན་


DKG073_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱེའུ་འདི་གཉིས་རབ་ཏུ་འབྱུང་ངམ། གསོལ་པ། རབ་ཏུ་འབྱུང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེའི་ཕྱིར་དགེ་འདུན་གྱི་ཟས་ནི་རབ་ཏུ་འབྱུང་བ་ལ་ལྟོས་པར་ངས་གནང་ངོ་། །ཅི་རིགས་པའི་ལས་ལྷུང་བཟེད་ཀྱི་བྱ་བཏའ་དང་། མེ་ཏོག་དང་། འབྲས་བུ་དང་། སོ་ཤིང་རྣམས་ཀྱང་འབུལ་དུ་ཆུག་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་ཟས་ཟར་གནང་སྟེ། དེ་གཉིས་དེ་ཟ་ཞིང་འདུག་པ་དང་རྩེད་མོ་ལ་ཞུགས་ཤིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ན་རེ་ཁྱེའུ་འདི་གཉིས་རབ་ཏུ་འབྱུང་ངོ་ཞེ་ན། ཅིའི་ཕྱིར་རབ་ཏུ་མི་འབྱུང་། གསོལ་པ། བཅོམ་ལྡན་འདས་རབ་ཏུ་འབྱུང་ལགས་སོ། །བཀའ་སྩལ་པ། འོ་ན་རབ་ཏུ་དབྱུང་ན་ཅི་ཉེས། གསོལ་པ། བཅོམ་ལྡན་འདས་ཀྱིས་གང་ཟག་ལོ་བཅོ་ལྔ་མ་ལོན་པ་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱའོ་ཞེས་བཀའ་སྩལ་ཏེ། འདི་གཉིས་ལོ་བདུན་ལས་མ་ལགས་ན་བདག་གིས་འདི་གཉིས་ཇི་ལྟར་རབ་ཏུ་དབྱུང་ལགས། བཀའ་སྩལ་པ། ཀུན་དགའ་བོ་ཁྱེའུ་འདི་གཉིས་དགེ་འདུན་གྱི་ཁ་ཟས་བཤམས་པ་ལས་བྱ་རོག་སྐྲོད་ནུས་སམ། བཅོམ་ལྡན་འདས་རྔོ་ཐོགས་ལགས་སོ། །བཀའ་སྩལ་པ། དེ་བས་ན་ལོ་བདུན་ལོན་པ་བྱ་རོག་སྐྲོད་ནུས་པ་རབ་ཏུ་འབྱུང་བར་ངས་གནང་གིས་རབ་ཏུ་ཕྱུང་ཤིག །དེ་ནས་དེ་ལྟར་བཅོམ་ལྡན་འདས་ཀྱིས་ལོ་བདུན་ལོན་པ་བྱ་རོག་སྐྲོད་ནུས་པ་རབ་ཏུ་འབྱུང་བར་གནང་གིས་རབ་ཏུ་ཕྱུང་ཤིག་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་ཁྱེའུ་དེ་གཉིས་རབ་ཏུ་ཕྱུང་སྟེ་ཁ་ཏོན་སློབ་ཏུ་བཅུག་གོ །དེ་ནས་བདག་གི་གཉེན་ཡིན་སྙམ་སྟེ་བྱམས་པ་སྙེམས་པས་སློབ་ཏུ་མི་བཏུབ་ནས་ཉིན་པར་ནི་བྲེ་མོ་གཏམ་གྱིས་དུས་འདས་པར་བྱེད་དོ། །མཚན་མོ་ནི་རྨུགས་པ་དང་གཉིད་ཀྱིས་དུས་འདས་པར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་གཉིས་མཐོང་ནས་དེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་པ། ཀུན་དགའ་བོ་ཁྱེའུ་འདི་གཉིས་ཅིའི་ཕྱིར་མི་སློབ། ཀུན་དགའ་བོས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་འདི་གཉིས་བདག་ལ་ཉམ་བུ་ཤེད་


DKG073_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་དེ་བདག་ཀྱང་བྱམས་པའི་དབང་དུ་གྱུར་ནས་ཚར་གཅད་མི་ཕོད་དོ། །མཽད་གལ་གྱི་བུས་སྨྲས་པ། ཀུན་དགའ་བོ་ཁྱོད་བྱམས་པའི་དབང་དུ་གྱུར་ཏེ་སློབ་མི་ཕོད་ན་དགེ་སློང་གཞན་དག་ལ་གཏོད་ཅིག །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་སུ་ཞིག་རང་གི་དགེ་བའི་ཕྱོགས་བོར་ཏེ་འདི་གཉིས་སློབ་ཏུ་བཏུབ། དེས་སྨྲས་པ། ཁྱོད་ཀྱི་བཤེས་གང་ཡིན་པ་དེ་ལ་ཚོལ་ཅིག །ཀུན་དགའ་བོས་སྨྲས་པ། བཙུན་པ་ཁྱོད་ཉིད་བདག་གི་བཤེས་ལགས་སོ་ཞེས་བྱས་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་ཁྱེའུ་དེ་གཉིས་ལག་པ་ནས་བཟུང་སྟེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་ཕུལ་ནས་སྨྲས་པ། བུ་ཁྱེད་གཉིས་ང་ལ་སློབ་ཏུ་མི་བཏུབ་ན་བཙུན་པ་འདི་ལ་སློབས་ཤིག་ཅེས་བྱས་སོ། དེ་ནས་ཁྱེའུ་དེ་གཉིས་ཀྱིས་བསམས་པ། དགེ་སློང་འདི་ནི་མི་སྲུན་པ་ཞིག་ཡིན་གོར་མ་ཆག །དེ་བས་དེང་བདག་ཅག་གཉིས་འདི་ལ་གཏད་དོ་སྙམ་ནས་བརྩོན་འགྲུས་སུ་སློབ་པར་གྱུར་ཏོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡང་དེས་ཤིང་འགྲོགས་ན་བདེ་བར་ཁྱེའུ་དེ་གཉིས་ཀྱིས་ཤེས་ནས་ཉམ་བུ་ཤེད་བྱེད་དེ་དེའི་ཐད་དུ་སློབ་ཏུ་མི་བཏུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་ཁྱེའུ་འདི་གཉིས་ཅིའི་སླད་དུ་མི་སློབ། དེས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ལ་ཡང་འདི་གཉིས་ཀྱིས་ཉམ་བུ་ཤེད་བྱེད་དེ་བདག་ལ་སློབ་ཏུ་མི་བཏུབ་བོ། །ཀུན་དགའ་བོས་སྨྲས་པ། འདི་གཉིས་སྐྱོ་བ་བསྐྱེད་འཚལ་ལོ། །དེ་ལྟར་མ་བགྱིས་ན་འདི་གཉིས་སློབ་ཏུ་མི་བཏུབ་བོ། །དེས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ཇི་ལྟར་འདོད་པ་དེ་བཞིན་དུ་བྱའོ་ཞེས་བྱས་ནས། མཽད་གལ་གྱི་བུ་ཆེན་པོས་ཁྱེའུ་དེ་གཉིས་ཁྲིད་དེ་འཆག་ཏུ་སོང་ནས་དེས་དེ་གཉིས་སྐྱོ་བ་བསྐྱེད་པའི་ཕྱིར་སེམས་ཅན་དམྱལ་བ་ཞིག་སྤྲུལ་ཏོ། །དེ་ནས་ཁྱེའུ་དེ་གཉིས་འཆག་པའི་ས་ནས་ཐག་མི་རིང་བ་ཞིག་ནས་འཇིགས་པ་ཆེན་པོའི་སྒྲ་གྲག་སྟེ། དེ་ཐོས་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ཐད་དུ་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་གཉིས་ལ་དྲིས་པ། བུ་གཉིས་སྒྲ་འདི་ཅི་ཞིག་གི་སྒྲ། དེ་གཉིས་ཀྱིས་སྨྲས་པ། སློབ་དཔོན་སྒྲ་ཆེན་པོ་འདི་ཅི་ཞིག་གི་སྒྲ་ལགས་པ་བདག་ཅག་གཉིས་ཀྱིས་ཀྱང་གློ་བར་མ་ཆུད་དོ། །མཽད་གལ་གྱི་བུ་ཆེན་པོས་དེ་གཉིས་ལ་སྨྲས་པ། ཁྱེད་གཉིས་དེང་ལ་སྒྲ་ཆེན་པོ་འདི་ག་ལས་བྱུང་བ་ལྟོས་ཤིག །


DKG073_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེ་གཉིས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསྒོ་བ་བཞིན་དུ་མཉན་ཏེ་ཕྱོགས་དེར་སོང་ངོ་། །དེ་གཉིས་ཀྱིས་དེར་སོང་སྟེ་བལྟས་ན་སེམས་ཅན་དམྱལ་བ་མང་པོ་དག་གཅད་པ་དང་། གཏུབ་པ་དང་། བརྡེག་པ་དང་། འཚེད་པ་ལ་སོགས་པའི་སྡུག་བསྔལ་རྣམས་ཉམས་སུ་མྱོང་བ་མཐོང་ནས་དྲིས་པ། ཁྱེད་སུ་དག་ཅིག །སྤྲུལ་པ་རྣམས་ཀྱིས་སྨྲས་པ། སེམས་ཅན་དམྱལ་བ་པ་ཡིན་ནོ། །དེ་གཉིས་ཀྱིས་དེ་ཉིད་ན་ལྕགས་ཀྱི་རྫ་བུམ་ཆེན་པོ་ཞིག་ཁོལ་ཞིང་འདུག་པ་མཐོང་ལ། དེའི་ནང་དུ་འཚེད་པ་ནི་འགའ་ཙམ་ཡང་མི་སྣང་ངོ་། །དེ་ལྟར་མཐོང་ནས་དྲིས་པ། ཅིའི་ཕྱིར་ལྕགས་ཀྱི་རྫ་བུམ་འདི་དོན་མེད་པར་ཁོལ་ཞིང་འདུག །སྤྲུལ་པ་རྣམས་ཀྱིས་སྨྲས་པ། འདི་ནི་དོན་མེད་པ་མ་ཡིན་གྱི་ཀུན་དགའ་བོའི་སྲིང་མོའི་བུ་གཉིས་རབ་ཏུ་བྱུང་ནས་དད་པས་བྱིན་པ་སྤྱོད་ལ་ལེ་ལོ་བྱེད་ཅིང་འདུག་པ་དེ་གཉིས་ཤི་བའི་འོག་ཏུ་འདིར་སྐྱེ་བར་འགྱུར་ཏེ། དེ་གཉིས་ཀྱི་ཕྱིར་ལྕགས་ཀྱི་རྫ་བུམ་འདི་ཁོལ་ཞིང་འདུག་གོ །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་གཉིས་འཇིགས་པ་ཆེན་པོ་སྐྱེས་ཏེ། དེ་གཉིས་འཇིགས་ཤིང་སྐྲག་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ཐད་དུ་སོང་ངོ་། །དེ་ནས་མཽད་གལ་གྱི་བུ་ཆེན་པོས་དེ་གཉིས་མཐོང་ནས་དྲིས་པ། བུ་གཉིས་སྒྲ་ཆེན་པོ་འདི་ག་ལས་བྱུང་། དེ་ནས་ཁྱེའུ་དེ་གཉིས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་ཐམས་ཅད་རྒྱས་པར་བསྙད་དོ། །དེ་ནས་མཽད་གལ་གྱི་བུ་ཆེན་པོས་དེ་གཉིས་ལ་སྨྲས་པ། བུ་གཉིས་དེ་ནི་ངས་ཁྱེད་གཉིས་ལ་བྱས་ན་ཁྱེད་གཉིས་ང་ལ་ཡིད་མི་ཆེས་ཏེ། ད་ནི་དོན་དེ་ཁྱེད་ཅག་གཉིས་ཀྱིས་མངོན་སུམ་དུ་མཐོང་བ་ཡིན་གྱིས་དེའི་ཕྱིར་ཁྱེད་གཉིས་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་བ་དེ་ལྟར་གྱིས་ཤིག །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་གཉིས་བརྩོན་འགྲུས་སུ་སློབ་པ་ལ་ཞུགས་སོ། །དེ་ནས་དེ་གཉིས་ཀྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་གལ་ཏེ་དེ་སྔ་དྲོ་དྲན་པར་གྱུར་ན་ནི་དེ་གཉིས་ཟན་སྟོར་བར་འགྱུར་རོ། །དེ་སྟེ་ཕྱེམ་རེད་དྲན་པར་གྱུར་ན་ནི་ཅི་ཟོས་པ་ཡང་སྐྱུག་པར་འགྱུར་རོ། །རྒྱུ་དེས་ན་དེ་གཉིས་ཉམ་ཆུང་ཞིང་རིད་ལ་སྦེག་ཅིང་ལུས་ཀྱི་མཐུ་མེད་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེ་གཉིས་མཐོང་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་དྲིས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་


DKG073_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་སླད་དུ་ཁྱེའུ་འདི་གཉིས་ཉམ་ཆུང་ཞིང་རིད་ལ་སྦེག་ཅིང་ལུས་ཀྱི་མཐུ་མེད་པར་གྱུར། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་ལ་ཐམས་ཅད་རྒྱས་པར་བསྙད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེ་ལ་སྨྲས་པ། འདི་གཉིས་ཧ་ཅང་མི་དགའ་ཆེས་ཏེ་བྲུ་བས་གཟིར་བར་གྱུར་ན་ན་བར་འགྱུར་དུ་འོང་གིས་སྤྲོ་བ་བསྐྱེད་དགོས་སོ། །མཽད་གལ་གྱི་བུས་སྨྲས་པ། ཁྱོད་ཇི་ལྟར་འདོད་པ་དེ་བཞིན་དུ་བྱའོ་ཞེས་བྱས་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཁྱེའུ་དེ་གཉིས་ལ་སྨྲས་པ། སྟན་ཁྱེར་ལ་འཆག་ཏུ་འདོང་ངོ་། །དེ་གཉིས་ཀྱིས་སྨྲས་པ། འཕགས་པ་བདག་ཅག་གཉི་ག་འཆག་པས་ཆོག་ལགས་སོ། །བདག་ཅག་གཉིས་ནི་འདི་ཉིད་ན་མཆིས་ཤིང་སློབ་པར་འཚལ་ལོ། །མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། བུ་གཉིས་བདག་ཅག་འཆག་ས་དེ་ལོགས་སུ་མི་འདོང་བར་འཆག་ས་གཞན་དུ་འདོང་ངོ་ཞེས་བྱས་ནས་ཁྱེའུ་དེ་གཉིས་ཁྲིད་དེ་འཆག་ས་གཞན་དུ་དོང་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་གཉིས་སྤྲོ་བ་བསྐྱེད་པའི་ཕྱིར་ཐག་མི་རིང་བ་ཞིག་ཏུ་མཐོ་རིས་ཞིག་སྤྲུལ་ཏེ། དེ་ན་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ་ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ལྷའི་བུ་མོ་དག་གིས་བསྐོར་བ་དག་ཕེག་རྡོབ་པར་བྱེད་དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཁྱེའུ་དེ་གཉིས་འཆག་པའི་ས་ནས་ཐག་མི་རིང་བ་ཞིག་ནས་ཕེག་རྡོབ་པའི་སྒྲ་གྲག་སྟེ། དེ་ཐོས་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ཐད་དུ་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་གཉིས་མཐོང་ནས་དྲིས་པ། བུ་གཉིས་སྒྲ་འདི་ཅི་ཞིག་གི་སྒྲ། དེ་གཉིས་ཀྱིས་སྨྲས་པ། སློབ་དཔོན་སྒྲ་འདི་ཅི་ཞིག་གི་སྒྲ་ལགས་པ་བདག་ཅག་གཉིས་ཀྱིས་གློ་བར་མ་ཆུད་དོ། །མཽད་གལ་གྱི་བུ་ཆེན་པོས་དེ་གཉིས་ལ་སྨྲས་པ། ཁྱེད་གཉིས་དེང་ལ་སྒྲ་འདི་ག་ལས་བྱུང་བ་ལྟོས་ཤིག །དེ་ནས་དེ་གཉིས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསྒོ་བ་བཞིན་དུ་མཉན་ཏེ་ཕྱོགས་དེར་སོང་ངོ་། །དེ་གཉིས་དེར་སོང་སྟེ་བལྟས་ན་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ལྷའི་བུ་མོ་དག་གིས་བསྐོར་བ་དག་ཕེག་རྡོབ་པར་བྱེད་དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་མཐོང་ནས་དྲིས་པ། ཁྱེད་སུ་དག་ཅིག །སྤྲུལ་


DKG073_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་སྨྲས་པ། ལྷའི་བུ་ཡིན་ནོ། །དེ་གཉིས་ཀྱིས་དེ་ཉིད་ན་སེང་གེའི་ཁྲི་གཉིས་ལྷའི་བུ་མོ་མང་པོ་དག་གིས་བསྐོར་ཅིང་འདུག་པ་མཐོང་ལ། དེའི་སྟེང་ན་ལྷའི་བུ་སུ་ཡང་མི་འདུག་གོ །དེ་ལྟར་མཐོང་ནས་དེ་གཉིས་ངོ་མཚར་དུ་གྱུར་ཏོ། །ངོ་མཚར་དུ་གྱུར་ནས་དྲིས་པ། ཅིའི་ཕྱིར་སེང་གེའི་ཁྲི་འདི་གཉིས་སྟོང་པར་འདུག་སྟེ་འདི་གཉིས་ལྷའི་བུ་སུ་ཡང་མི་འདུག །སྤྲུལ་པ་རྣམས་ཀྱིས་སྨྲས་པ། ཀུན་དགའ་བོའི་སྲིང་མོའི་བུ་གཉིས་རབ་ཏུ་བྱུང་ནས་བརྩོན་འགྲུས་བརྩམས་ཤིང་འདུག་སྟེ་དེ་གཉིས་ནམ་ཤི་འཕོས་ཏེ་དུས་ལས་འདས་པ་དེའི་ཚེ་འདིར་སྐྱེ་བར་འགྱུར་ཏེ། དེ་གཉིས་དང་བདག་ཅག་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་འགྱུར་བའི་སེང་གེའི་ཁྲི་ཡིན་ནོ། །དེ་ནས་དེ་མཐོང་མ་ཐག་ཏུ་ཁྱེའུ་དེ་གཉིས་དགའ་བར་གྱུར་ནས་བདག་ཅག་གཉིས་ཀྱི་བརྩོན་འགྲུས་ཀྱིས་ནི་འབྲས་བུ་ཆེན་པོ་ཐོབ་པར་གྱུར་ཏེ། སེམས་ཅན་དམྱལ་བར་སྐྱེ་བ་ལས་ཀྱང་ཐར་ལ་ལྷར་སྐྱེ་བ་ཡང་ཐོབ་པར་གྱུར་ཏོ་སྙམ་དུ་རིག་ནས་སེམས་དགའ་བཞིན་དུ་མཽད་གལ་གྱི་བུ་ཆེན་པོའི་ཐད་དུ་སོང་ངོ་། །དེ་ནས་མཽད་གལ་གྱི་བུ་ཆེན་པོས་དེ་གཉིས་མཐོང་ནས་དྲིས་པ། བུ་གཉིས་སྒྲ་འདི་ག་ལས་བྱུང་། དེ་ནས་ཁྱེའུ་དེ་གཉིས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་ཐམས་ཅད་རྒྱས་པར་བསྙད་དོ། །དེ་ནས་མཽད་གལ་གྱི་བུ་ཆེན་པོས་དེ་གཉིས་ལ་སྨྲས་པ། བུ་གཉིས་དེ་ནི་ངས་ཁྱེད་གཉིས་ལ་བྱས་ན་ཁྱེད་གཉིས་ང་ལ་ཡིད་མི་ཆེས་ཏེ། ད་ནི་དོན་དེ་ཁྱེད་ཅག་གཉིས་ཀྱིས་མངོན་སུམ་དུ་མཐོང་བ་ཡིན་གྱིས། དེའི་ཕྱིར་ལྷག་པར་ཡང་བརྩོན་འགྲུས་བརྩམ་པར་གྱིས་ཤིག །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་གཉིས་ལྷག་པར་ཡང་བརྩོན་འགྲུས་སུ་སློབ་པ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ཀྱིས་འཁོར་ལོ་ལྟར་བསྡུས་པའི་མདོ་བརྩམས་ཏེ་དེ་གཉིས་ཀྱིས་དེ་ཐོས་ནས་འདི་སྙམ་སེམས་ཏེ། འཁོར་བ་ན་འཁོར་ཕན་ཆད་ཟོ་ཆུན་རྒྱུད་མོའི་འཁྲུལ་འཁོར་བཞིན་དུ་ཡང་དང་ཡང་དུ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་མིར་འཁོར་དགོས་པས་ན་བདག་ཅག་གཉིས་ལ་ལྷར་སྐྱེ་བ་ཡང་མི་དགོས། མིར་སྐྱེ་བ་ཡང་མི་དགོས་ཀྱིས་བདག་ཅག་གཉིས་ཀྱིས་དངོས་པོ་མེད་པ་ཉིད་དུ་བརྩོན་འགྲུས་བརྩམ་པར་བྱའོ་སྙམ་མོ། །དེ་ནས་ཚེ་དང་


DKG073_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་གཉིས་ཡིད་སྐྱོ་བར་གྱུར་པར་རིག་ནས་ཡིད་ལ་བྱ་བའི་ལུང་ཕོག་སྟེ། དེ་གཉིས་ཀྱིས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་གཉིས་ཀྱིས་དགྲ་བཅོམ་པ་ཉིད་ཐོབ་ནས་རྫུ་འཕྲུལ་གྱིས་གནས་ཐ་དད་པ་གཞན་དང་གཞན་དུ་འགྲོ་ཞིང་དུས་མ་ཡིན་པའི་མེ་ཏོག་རྣམས་དང་འབྲས་བུ་རྣམས་བླངས་ཏེ་དགེ་འདུན་ལ་འབུལ་བར་བྱེད་དོ། །དེ་ནས་ཚངས་པ་མཚུངས་པར་སྤྱོད་པ་གཞན་དག་གིས་ཚོར་ཏེ། འདི་གཉིས་ནི་མཐུ་ཆེ་བ་ཡིན་ནོ་སྙམ་མོ། །དེ་ལྟར་མཐོང་ནས་དེ་རྣམས་བདག་ཅག་གཉིས་ལ་སྐྱོ་བ་སྐྱེས་ཏེ། ལོ་བདུན་ལོན་པ་འདི་གཉིས་ཀྱིས་ཀྱང་ཡོན་ཏན་འདི་ལྟ་བུ་ཐོབ་ན། བདག་ཅག་སྐྲའི་མདོག་ལན་གསུམ་གྱུར་གྱི་བར་དུ་བདག་ཅག་གིས་ཅི་ཡང་མ་ཐོབ་བོ་སྙམ་སྟེ་སྐྱོ་བར་གྱུར་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་ཚུལ་འདི་གཉིས་ཀྱིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ལོ་བདུན་ལོན་པ་ན་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ་འདི་གཉིས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་


DKG073_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཕྱི་ཞིག་ན་དགེ་སློང་གི་དགེ་འདུན་མང་པོས་ཞབས་འབྲིང་བྱས་ཏེ། ཡུལ་ཀཱ་ཤིའི་ཕྱོགས་སུ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་བཱ་རཱ་ཎ་སཱིར་བྱོན་ཏེ། དེའི་ཚེ་མཛའ་སྡེ་ལྔ་བརྒྱ་ཙམ་སྐྱེད་མོས་ཚལ་གྱི་སར་བྱུང་ནས་ཕེག་རྡོབ་པར་བྱེད་དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། མཛའ་སྡེ་དེ་རྣམས་ཀྱིས་ཐག་རིང་པོ་ཞིག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་གིས་བློ་སྐྱེས་པ། ད་ལྟར་སངས་རྒྱས་བྱུང་བས་འཇིག་རྟེན་བརྒྱན་ཏེ་འཛམ་བུའི་གླིང་དགྲ་བཅོམ་པས་གང་ཞིང་འདུག་ན། བདག་ཅག་ཁྱིམ་ན་འདུག་པས་ཆོག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངོ་སྙམ་མོ། །དེར་ཁ་ཅིག་ན་རེ་ཇི་སྲིད་དུ་བདག་ཅག་གི་འབྱུང་བ་ཆེན་པོ་གཞོན་པས་དེ་སྲིད་དུ་འདོད་པ་རྣམས་ལོངས་སྤྱད་ལ། ཕྱིས་རྒས་པའི་ཚེ་རབ་ཏུ་བྱུང་བས་སླེབས་སོ་ཞེས་ཟེར་ནས་དེ་དག་རབ་ཏུ་མ་བྱུང་སྟེ། དེར་དེ་དག་ཁ་ཅིག་ལ་ནི་བུ་ཡང་བྱུང་། བུ་མོ་ཡང་བྱུང་ངོ་། །ཁ་ཅིག་ནི་ཤིའོ། །དེ་ནས་ཕྱི་ཞིག་ན་ཁ་ཅིག་གིས་བློ་སྐྱེས་པ། ད་ནི་བདག་ཅག་གི་ཁྱིམ་སོ་འཛིན་པ་དག་བྱུང་ཟིན་གྱིས། བདག་ཅག་དོང་ལ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་འབྱུང་ངོ་ཞེས་ཟེར་རོ། །དེར་ཁ་ཅིག་ན་རེ་ད་ནི་བདག་ཅག་གིས་བུ་རྣམས་ཀྱི་ཁྱིམ་ཡང་དབུབ་པར་བྱ། བུ་མོ་རྣམས་ཀྱང་བག་མར་གཏང་བར་བྱའོ་སྙམ་ནས་དེའི་སྐབས་སུ་ཡང་རབ་ཏུ་མ་བྱུང་ངོ་། །དེ་ནས་ཕྱི་ཞིག་ན་དེ་དག་ཐམས་ཅད་ཤི་ནས་དེ་དག་གི་ནང་ནས་གཉིས་ཤིག་ལུས་པར་གྱུར་ཏེ། དེ་གཉིས་ཕྱིས་སྐྱོ་བ་སྐྱེས་ནས་བདག་ཅག་སྔོན་ལོ་ཉི་ཤུ་རྩ་ལྔ་ལོན་པ་ན་བདག་ཅག་གཞོན་ནུའི་གནས་སྐབས་སུ་བབ་པའི་ཚེ་རབ་ཏུ་འབྱུང་བར་དད་པ་སྐྱེས་པ་ལས་བདག་ཅག་དེའི་ཚེ་རབ་ཏུ་མ་བྱུང་ནས་ཐམས་ཅད་ཤི་སྟེ་བདག་ཅག་གཉིས་པུ་ལུས་པར་གྱུར་ལ། བདག་ཅག་ཀྱང་ད་ནི་རྒས་ཤིང་འཁོགས་ལ་གཏུགས་པར་གྱུར་ཏེ། བདག་ཅག་


DKG073_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱང་རིང་པོ་མི་ཐོགས་པར་འཆི་བར་འགྱུར་བས་ན། བདག་ཅག་གཉིས་ཁྱིམ་ན་གནས་པས་ཆོག་གིས་འདོང་ལ་བདག་ཅག་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་འབྱུང་ངོ་སྙམ་ནས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །བཅོམ་ལྡན་འདས་ཀྱིས་དགེ་སློང་གསར་བུས་དགེ་འདུན་གྱི་བསྙེན་བཀུར་གྱིས་ཤིག་ཅེས་བཀའ་སྩལ་བས། དེ་གཉིས་དགེ་འདུན་གྱི་གཡོག་བྱེད་ཅིང་འདུག་ལ་གཞན་དག་གིས་ཀྱང་རྒན་ཞུགས་ཞེས་བྱ་བའི་ཚིག་རྗོད་པར་བྱེད་དོ། །དེ་ནས་དེ་གཉིས་ལ་གཅིག་ཤིན་ཏུ་མི་དགའ་བར་གྱུར་ཏོ། །ཅིག་ཤོས་ནི་བཟོད་པ་དང་ལྡན་ཏེ་དེས་དེ་ལ་བཤད་དེ། བཙུན་པ་དགེ་སློང་འདི་དག་ལ་སེམས་སྡང་བར་མ་བྱེད་ཅིག །འདི་ནི་འདི་རྣམས་ཀྱིས་ཉེས་པ་མ་ཡིན་གྱི་འདི་ནི་བདག་ཅག་གཉིས་ཀྱིས་ཉེས་པ་ཡིན་ནོ། །གལ་ཏེ་བདག་ཅག་གཉིས་གཞོན་ནུའི་ཚེ་ནས་རབ་ཏུ་བྱུང་ན་ནི་འདི་རྣམས་ཀྱིས་བདག་ཅག་གཉིས་ལ་རྒན་ཞུགས་ཞེས་བྱ་བའི་ཚིག་རྗོད་པར་བྱེད་པར་མི་འགྱུར་བ་ཞིག་ན། ད་ནི་རྒས་པའི་ཚེ་རབ་ཏུ་བྱུང་བར་གྱུར་ཏེ་དེ་བས་ཏང་བདག་ཅག་གཉིས་ལ་རྒན་ཞུགས་ཞེས་བྱ་བའི་ཚིག་རྗོད་པར་ཟད་དོ་ཞེས་དགེ་སློང་དེས་དེ་ལ་ཤད་ཀྱིས་བྱང་བར་བྱས་ནས་ཅང་མི་ཟེར་བར་འདུག་གོ །དེ་ནས་དེ་གཉིས་ཀྱིས་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་ཅག་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གཉིས་ཀྱིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །གལ་ཏེ་དེས་བྱིས་པ་ཆུང་ཆེས་པ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བསླབ་པའི་གཞི་རྣམས་བཅས་པར་གྱུར་ན་ཡང་དེའི་ཚེ་བདག་ཅག་གཉིས་ལས་བརྟེན་ནས་


DKG073_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་རྒན་ཞུགས་སུ་གྱུར་པ་གང་ཡིན་པ་དེ་གཉིས་ནི་དགེ་ཚུལ་རབ་ཏུ་བྱུང་བ་འདི་གཉིས་ཁོ་ན་ཡིན་ཏེ། དེ་གཉིས་ཀྱིས་དེར་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། འདི་གཉིས་ལོ་བདུན་ལོན་པ་ན་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་འདི་གཉིས་ཁོ་ན་ལས་བརྟེན་ཏེ། ལོ་བདུན་ལོན་པ་བྱ་རོག་སྐྲོད་ནུས་པ་རབ་ཏུ་དབྱུང་བར་ངས་གནང་ངོ་། །ལས་བརྒྱ་ཐམ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ་རྫོགས་སོ།། །།


previousསྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ།next