Nitartha Digital Library
Tibetan
 
previousསྡོམ་གྱི་ཚིགས་སུ་བཅད་པ་བདུན་པ། སྟོད།no next

སྡོམ་གྱི་ཚིགས་སུ་བཅད་པ་བདུན་པ། སྟོད།


DKG073_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ནི། འཕྱེ་བོ་གྲུམ་སྟོད་ལོང་བ་དང་། །གཅེར་བུ་འོད་སྲུང་གཙོ་བོ་དང་། །གླང་ཆེན་གནས་དང་ས་ར་ན། །རི་དགས་ཀྱི་ནི་བརྟུལ་ཞུགས་ཅན། །ཟླ་བ་མི་འམ་ཅི་གཉིས་པོ། །འཕྱེ་བོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱིས་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་བཙས་ན་དེ་རོ་སྟོད་ནི་གཟུགས་བཟང་ཞིང་བལྟ་ན་སྡུག་པ་མཛེས་ལ། རོ་སྨད་ནི་ཡན་ལག་མ་ཚང་བ་ཞིག་བྱུང་ངོ་། །དེ་བཙས་པའི་ཚེ་ཁྱིམ་དེར་དོན་ཐམས་ཅད་འབྱོར་གྲུབ་པར་གྱུར་ཏེ། ཐང་ལ་འགྲོ་བའི་ཚོང་པ་དང་། ཆུ་ལ་འགྲོ་བའི་ཚོང་པ་དང་། རྒྱ་མཚོའི་གྲུ་བོ་ཆེའི་དོན་ཡང་གྲུབ་ནས་ཕྱིར་འོངས། བ་ལང་དང་མ་ཧེའི་ཁྱུ་ཡང་འཕེལ་བར་གྱུར། ལས་ཀྱི་སྒོ་ཐམས་ཅད་ཀྱང་འབྱོར་གྲུབ་པར་གྱུར་ནས་ཁྱིམ་བདག་དེས་བསམས་པ། འདི་ནི་ཁྱེའུ་འདིའི་མཐུ་ཡིན་ཏེ་དེས་ན་བདག་ཅག་གི་དོན་ཐམས་ཅད་


DKG073_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གྲུབ་པར་གྱུར་པས་ན་བདག་གི་བུ་འཕྱེ་བོ་བཙས་པ་འདི་ནི་དཔལ་ཡོན་ཅན་ཞིག་ཡིན་ནོ་སྙམ་མོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་འཕྱེ་བོ་ཡིན་པས་མིང་ཡང་འཕྱེ་བོ་ཁོ་ནར་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་འཕྱེ་བོ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་སོ། །དེ་ནས་དེ་ཇི་ཙམ་དུ་ཆེར་སྐྱེས་པ་དེ་ཙམ་དུ་ཁྱིམ་བདག་དེའི་ཁྱིམ་འབྱོར་ཅིང་རྒྱས་པར་གྱུར་ཏོ། །དེ་ནས་དེ་ཀུན་དུ་གྲགས་པར་གྱུར་ཏེ། འདིའི་མཐུས་ལས་ཅིའི་སྒོ་ཅི་བརྩམས་པ་དེ་དག་ཐམས་ཅད་འབྱོར་གྲུབ་པ་ལས་ན་ཁྱེའུ་འདི་ནི་དཔལ་ཡོན་ཅན་ཞིག་ཡིན་ནོ་ཞེས་གྲགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་མཉན་དུ་ཡོད་པ་ན་གནས་པའི་སྐྱེ་བོ་མང་པོ་དག་དུས་དུས་སུ་དེ་ལ་ལྟར་འགྲོ་ཞིང་དོན་ཅི་རྩོམ་པ་དེ་དག་ཐམས་ཅད་དེའི་མིང་གིས་རྩོམ་པར་བྱེད་དེ། དེ་དག་གི་མཐུས་འབྱོར་གྲུབ་པར་འགྱུར་རོ། །དེ་ནས་དེ་ལྷག་པར་ཡང་མཉན་དུ་ཡོད་པ་ཐོག་ཐག་ཏུ་གྲགས་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཕས་དེའི་ཁྱོགས་རིན་པོ་ཆེ་ལས་བྱས་ཏེ་དེ་དེ་ལ་ཞོན་ཞིང་འགྲོའོ། །དེ་ནས་དེ་ཁྱིམ་དེ་ཉིད་དུ་ཡི་གེ་སློབ་ཏུ་བཅུག་སྟེ། ཡི་གེ་དང་། ཁོང་རྩིས་དང་། ཤོད་དགོད་པ་དང་། ལག་རྩིས་དང་། དབྱུང་བ་དང་། སྦ་བ་དང་། དགྲམ་པ་དང་། གོས་བརྟག་པ་དང་། ནོར་བུ་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་། སྨན་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་། ཀློག་མཁས་པ་དང་། མཛངས་པ་དང་། བྱ་བ་ལ་གསལ་བ་དང་། ཡིད་གཞུངས་པ་དང་། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཁྱོགས་ལ་ཞོན་ཏེ་སྐྱེ་བོ་ཕལ་པོ་ཆེས་གཡོག་བྱས་ནས། སྐྱེད་མོས་ཚལ་གྱི་སར་སོང་བ་ལས་དེས་བལྟས་ན། སྐྱེ་བོ་ཕལ་པོ་ཆེ་སྡེ་ཚན་ནས་སྡེ་ཚན་དང་། ཕ་ཚན་ནས་ཕ་ཚན་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འདོང་བ་མཐོང་ནས་ཡ་མཚན་དུ་གྱུར་ཏེ་དྲིས་པ། སྐྱེ་བོ་ཕལ་པོ་ཆེ་འདི་དག་གང་དུ་འདོང་། དེ་དག་གིས་


DKG073_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། བཅོམ་ལྡན་འདས་ལ་ལྟར་འགྲོའོ། །གྲུམ་པོས་སྨྲས་པ། བཅོམ་ལྡན་འདས་ཞེས་བྱ་བ་དེ་ཅི་ལྟ་བུ་ཞིག །དེ་དག་གིས་སྨྲས་པ། གངས་ཀྱི་ངོས་དང་ཉེ་བ་དང་། དྲང་སྲོང་སེར་སྐྱའི་དཀའ་ཐུབ་ཀྱི་གནས་ནས་ཐག་མི་རིང་བ་ཞིག་ཏུ་ཤཱཀྱའི་བུ་ཞིག་སྐྱེས་ནས། དེ་བྲམ་ཟེ་མཚན་མཁན་བྱེ་བྲག་ཕྱེད་པ་དག་གིས་ལུང་བསྟན་པ། གལ་ཏེ་འདི་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་ཚོན་ཅན་གྱོན་ཏེ་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། གྲགས་པ་ཆེན་པོ་དང་ལྡན་པར་འགྱུར་རོ་ཞེས་བྱས་ནས། དེ་ཐོས་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་ལྟ་འདོད་པར་གྱུར་ཏེ། དེ་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་གཡོག་བྱས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཁྱེའུ་འཕྱེ་བོ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི་ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་སངས་རྒྱས་ལ་གུས་པའི་ཕྱིར་ཁྱོགས་ལས་བབས་ཏེ། གཟུགས་བཞིས་འཕྱེ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་


DKG073_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་འཕྱེ་བོ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་བསམས་པ། གལ་ཏེ་བདག་གི་ལུས་འདི་འདྲ་བར་མ་གྱུར་དུ་ཟིན་ན་བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ། ཆུ་བོ་རྣམས་ལས་བརྒལ་བར་བྱ་བ་དང་། སྦྱོར་བ་རྣམས་ལས་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང་། བསྒྲུབ་པ་དང་། འབད་པར་བྱ་བ་ཞིག་གུ་སྙམ་མོ། །དེ་ནས་སེམས་བསྐྱེད་མ་ཐག་ཏུ་དེའི་ལུས་ཀྱི་ཡན་ལག་རངས་པར་གྱུར་ཏོ། །དེ་ནས་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་ནས་བསྙེན་པར་རྫོགས་པར་མཛད་དེ། དེས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ།


DKG073_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་འཕྱེ་བོས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་འཕྱེ་བོར་གྱུར་ལ། འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ། རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་འདིའི་བཀྲ་མི་ཤིས་པ་མ་མཆིས་པར་གྱུར་ནས་བཀྲ་ཤིས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན་དགེ་བསྙེན་མང་དུ་ཐོས་པ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ། དགེ་བསྙེན་གྱི་སྐྱེ་བོ་ཐམས་ཅད་ཀྱིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་ཞིག་གནས་སོ། །དེ་ནས་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་བཱ་རཱ་ཎ་སཱི་ན་གནས་བཅས་ཏེ་བཞུགས་པ་དེའི་ཚེ་དགེ་བསྙེན་གྱི་སྐྱེ་བོ་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་དོང་སྟེ་ཆོས་མཉན་ཏོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལྗོངས་དེ་ནས་གུད་དུ་གཤེགས་པ་


DKG073_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་དགེ་བསྙེན་དེ་དག་དགེ་བསྙེན་དེ་ལ་ཆོས་ཉན་ཏོ། །དགེ་བསྙེན་གྱི་སྐྱེ་བོ་དེ་དག་གིས་ཀྱང་དགེ་བསྙེན་དེ་ལ་ཡོན་དུ་ཀཱ་པ་ཎ་ལྔ་བརྒྱ་སྦྱིན་པར་བྱེད་དོ། །དགེ་བསྙེན་དེས་ཀྱང་ཀཱ་པ་ཎ་ལྔ་བརྒྱ་པོ་དེ་དག་དགེ་འདུན་ལ་འབུལ་བར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དགེ་བསྙེན་དེ་དགེ་བསྙེན་གྱི་སྡེ་ཚན་དེ་དག་དང་ལྷན་ཅིག་ཏུ་གཙུག་ལག་ཁང་དུ་དོང་ངོ་། །དེའི་ཚེ་དགེ་སློང་གི་དགེ་འདུན་རྣམས་འདུལ་བའི་ཆོ་གའི་ལས་བྱ་བ་ཞིག་བྱུང་ནས་གཙུག་ལག་ཁང་སྐྱོང་གིས་དགེ་བསྙེན་ཐམས་ཅད་གཙུག་ལག་ཁང་གི་ཕྱི་རོལ་དུ་བསྐྲད་དེ། འདི་ཁྱེད་ཀྱིས་མཉན་པར་མ་བྱེད་ཅིག་ཅེས་བྱས་སོ། །དེ་ནས་དགེ་བསྙེན་གྱི་སྡེ་ཚན་དེ་དག་གིས་དགེ་བསྙེན་དེ་ལ་སྨྲས་པ། དེ་ལྟར་བདག་ཅག་ནི་དགེ་སློང་རྣམས་ཀྱིས་བསྐྲད་དུ་རུང་ན་ཁྱོད་ལྟ་བུ་མང་དུ་ཐོས་པ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ་ཡིན་ན་ཅི་སྟེ་བསྐྲད་ཅེས་ཟེར་ནས། དེ་དག་དེ་ལ་མཁས་པར་འཛིན་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་དགེ་བསྙེན་དེ་གཞི་དེས་ཁྲོས་ནས། དེས་དགེ་སློང་རྣམས་ལ་སྨྲས་པ། ངས་ནི་འཕྱེ་བོ་ཁྲི་ལ་འདུག་པ་ཁྱེད་རྣམས་ལ་ཅི་རྙེད་པ་བསྒྲུབས་ཏེ་བྱིན་ན་ཁྱེད་ཀྱིས་ནི་བདག་གཅིག་པུ་ལ་མི་ཟེར་བར་མང་པོའི་ནང་དུ་དམའ་ཕབ་བོ་ཞེས་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བསམས་པ། ཉོན་མོངས་འདི་ནི་དམས་ཤིང་ཉམས་པར་གྱུར་ཏོ་སྙམ་ནས་དགེ་བསྙེན་དེ་ལ་སྨྲས་པ། དགེ་བསྙེན་ཁྱོད་ཀྱིས་ཚིག་རྩུབ་པོ་སྨྲས་ཀྱིས། ཉེས་པ་ལ་ཉེས་སོ་ཞེས་བཤགས་པར་གྱིས་ཤིག །ལས་དེའི་འབྲས་བུ་མི་སྡུག་པ་མྱོང་བར་གྱུར་ཏ་རེ་ཞེས་བྱས་སོ། །དེ་ནས་དགེ་བསྙེན་དེ་ཡང་འགྱོད་པ་ཆེན་པོ་སྐྱེས་ཏེ། ཡོན་གནས་འདི་ལྟ་བུ་དག་ལ་ཚིག་རྩུབ་པོ་སྨྲས་པ་ནི་བདག་གིས་མ་ལེགས་པར་བྱས་སོ་སྙམ་སྟེ། ཉེས་པ་ལ་ཉེས་སོ་ཞེས་བཤགས་ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ཏེ། ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ཀྱང་བསྲུངས་ནས་འཆི་ཀར་སྨོན་ལམ་བཏབ་པ། ཀྱེ་མ་འདི་ལྟར་བདག་གིས་སེམས་ཅན་དག་པ་འདི་ལྟ་བུ་དག་ལ་ཚིག་རྩུབ་པོ་


DKG073_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པའི་ལས་འདི་བདག་ལ་འོང་བར་མ་གྱུར་ཅིག། དེ་སྟེ་ཡང་ལས་འདིའི་འབྲས་བུ་གདོན་མི་ཟ་བར་བདག་ལ་སྨིན་པར་གྱུར་ན་ཡང་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་བདག་གི་བཀྲ་མི་ཤིས་པ་མེད་པར་གྱུར་ཏེ། བཀྲ་ཤིས་པར་གྱུར་ཅིག །བདག་གིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བཀུར་སྟི་བྱས་པ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་པ་དང་། ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བསྲུངས་པའི་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེན་པོའི་རིགས་སུ་སྐྱེ་བར་ཤོག་ཤིག །འཇིག་རྟེན་ན་བདག་གི་མིང་འཇིག་རྟེན་ཐམས་ཅད་ཀྱི་བཀྲ་ཤིས་སུ་གྱུར་ཅིག །བདག་གིས་ཅི་བསམས་པ་དང་། ཅི་འདོད་པ་དེ་དག་ཐམས་ཅད་འབྱོར་གྲུབ་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་བསྙེན་དུ་གྱུར་པ་གང་ཡིན་པ་དེ་ནི་འཕྱེ་བོ་འདི་ཁོ་ན་ཡིན་ཏེ། དེས་དགེ་སློང་དེ་དག་ལ་ཚིག་རྩུབ་པོ་སྨྲས་པས། ལས་དེའི་རྣམ་པར་སྨིན་པས་ནི་ཚེ་རབས་ལྔ་བརྒྱར་འཕྱེ་བོར་གྱུར་ཏོ། །དེས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ཏེ། ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཀར་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། འཇིག་རྟེན་ཐམས་ཅད་ཀྱི་བཀྲ་ཤིས་སུ་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་བཀྲ་མི་ཤིས་པ་མེད་པར་གྱུར་ཏེ། བཀྲ་ཤིས་པ་བྱུང་བར་གྱུར་ནས་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།


previousསྡོམ་གྱི་ཚིགས་སུ་བཅད་པ་བདུན་པ། སྟོད།no next