Nitartha Digital Library
Tibetan
 
no previousལས་བརྒྱ་ཐམ་པ།next

ལས་བརྒྱ་ཐམ་པ།

སྡོམ་གྱི་ཚིགས་སུ་བཅད་པ་བདུན་པ། སྨད།


DKG074_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་བདུན་པ། གྲུམ་སྟོད་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་ནགས་ཁྲོད་ཅིག་ན་དྲང་སྲོང་ལྔ་བརྒྱ་ཙམ་གནས་ཏེ། དེ་དག་དེ་ན་འཁོད་ཅིང་མེའི་སྦྱིན་སྲེག་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་


DKG074_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་དར། སུ་ནི་རྒུད། སུ་ནི་ཕོངས་ཤིང་འདུག།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས། ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། དྲང་སྲོང་ལྔ་བརྒྱ་པོ་རྣམས་གདུལ་བའི་དུས་ལ་བབ་བོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཅི་ནས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་མེའི་སྦྱིན་སྲེག་གི་ཐབ་དེ་དག་ཐམས་ཅད་ཀྱི་ནང་དུ་སངས་རྒྱས་ཀྱི་ཞབས་ཀྱི་རྗེས་མཐོང་ལ། དེ་ཕྱིན་ཅད་མེ་སྦར་བར་མི་ནུས་པ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། རྗེས་འདིའི་མཐུས་བདག་ཅག་གི་མེའི་ཐབ་རྣམས་ཀྱི་ནང་དུ་མེ་སྦར་མི་ནུས་པར་གྱུར་པ་ལས་ན། རྗེས་


DKG074_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དགེ་བ་ཞིག་ཡིན་པ་འདྲ་སྟེ། རྗེས་འདི་ལྷ་ཆེན་པོའི་རྗེས་མ་ཡིན་གྲང་སྙམ་ནས། དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་སངས་རྒྱས་ཀྱི་རྗེས་དེ་དག་ལ་བསྲེག་བྱ་ཕུལ་ནས། སངས་རྒྱས་ཀྱི་མཐུས་སྦྱིན་སྲེག་དེ་དག་རང་སྦར་བར་གྱུར་ཏེ། མེ་ལྕེ་ཚངས་པའི་འཇིག་རྟེན་དུ་ཐུག་པར་སོང་ངོ་། །དེ་ནས་དྲང་སྲོང་རྣམས་ཀྱིས་དེ་མཐོང་ནས་ཡ་མཚན་དུ་གྱུར་ཏེ། ལྷ་ཆེན་པོས་བདག་ཅག་ལ་དགོངས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་དྲང་བའི་ཕྱིར། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལ་ཐུག་པའི་བར་དུ་ཞབས་ཀྱི་རྗེས་གཅིག་ནས་གཅིག་ཏུ་བྱིན་གྱིས་བརླབས་སོ། །དེ་ནས་དྲང་སྲོང་དེ་དག་གིས། མེའི་སྦྱིན་སྲེག་གི་དྲུང་ནས་རྗེས་གཅིག་ནས་གཅིག་ཏུ་སྤྲུལ་པ་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ལྷ་ཆེན་པོ་ནི་ལམ་འདིར་གཤེགས་སོ་སྙམ་ནས་ཞབས་ཀྱི་རྗེས་གཅིག་ནས་གཅིག་ཏུ་རྗེས་དེ་དག་ལ་མཆོད་པ་བྱེད་ཅིང་དོང་ནས། དེ་དག་མཐར་གྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་པ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་།


DKG074_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་དྲང་སྲོང་དེ་དག་གིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་བདེན་པ་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་དག་གིས་བདེན་པ་མཐོང་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་རྣམས་ལ་ལུང་ཡང་ཕོག་སྟེ། དེ་རྣམས་ཀྱིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དྲང་སྲོང་འདི་རྣམས་ལ་ཞབས་ཀྱི་རྗེས་བསྟན་པས་དྲངས་ཏེ་རབ་ཏུ་ཕྱུང་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་དྲང་སྲོང་ལྔ་བརྒྱ་པོ་འདི་རྣམས་ཇི་ལྟར་ཞབས་ཀྱི་རྗེས་བསྟན་པས་དྲངས་ཏེ་རབ་ཏུ་ཕྱུང་ནས། ཚེ་


DKG074_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དུ་བཅུག་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེར་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཆོ་འཕྲུལ་ཆེན་པོ་བསྟན་པ་དེའི་ཚེ་དེས་སྐྱེ་བོ་ཕྱི་མ་རྣམས་ལ་ཐུགས་བརྩེ་བ་དང་། དྲང་སྲོང་ལྔ་བརྒྱ་པོ་དེ་དག་དྲང་བའི་ཕྱིར། རྟགས་སུ་རུང་བའི་སངས་རྒྱས་ཀྱི་ཞབས་ཀྱི་རྗེས་བྱིན་གྱིས་བརླབས་སོ། །དེའི་ཚེ་ན་ལྷོ་ཕྱོགས་ན་དཀའ་ཐུབ་ཀྱི་ནགས་ཤིག་ན་དྲང་སྲོང་ལྔ་བརྒྱ་ཙམ་གནས་པ་དེ་དག་སྟེང་གི་བར་སྣང་ལས་རི་སྤོས་ཀྱི་ངད་ལྡང་བ་ལ་ཆས་ཏེ། དོང་བ་ལས་དེ་དག་རི་རབ་ལ་རྡུགས་པ་བཞིན་དུ་སངས་རྒྱས་ཀྱི་ཞབས་ཀྱི་རྗེས་རྣམས་ཀྱི་སྟེང་དུ་རྡུགས་ནས་དེ་རྣམས་ཡ་མཚན་དུ་གྱུར་ཏེ། བདག་ཅག་རྫུ་འཕྲུལ་ཡང་མ་ཉམས་ལ། ནམ་མཁའ་ལ་ཡང་ཐོགས་པར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་ལ་དགའ་བའི་ལྷས། དེ་དག་ལ་སྨྲས་པ། ཁྱེད་ནི་རྫུ་འཕྲུལ་མ་ཉམས་མོད་ཀྱི། ཁྱེད་ཀྱི་འོག་ན་སངས་རྒྱས་ཀྱི་ཞབས་ཀྱི་རྗེས་ཡོད་ལ་དེའི་སྟེང་དུ་ནི་བརྒྱ་བྱིན་དང་ཚངས་པ་ལ་སོགས་པས་ཀྱང་འགྲོ་མི་ནུས་སོ། །དེ་ནས་དྲང་སྲོང་དེ་རྣམས་ཞབས་ཀྱི་རྗེས་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏེ། དགའ་བར་གྱུར་ནས་ས་ལ་བབས་ཏེ། ཞབས་ཀྱི་རྗེས་དེ་དག་ལ་བཀུར་སྟི་བྱེད་པ་ལ་ཞུགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དེ་རྣམས་དྲང་བའི་ཕྱིར། དྲང་སྲོང་གནས་པ་ལ་ཐུག་པའི་བར་དུ་ཞབས་ཀྱི་རྗེས་གཅིག་ནས་གཅིག་ཏུ་བྱིན་གྱིས་བརླབས་ནས། དྲང་སྲོང་རྣམས་ཀྱིས་བསམས་པ། རྗེས་འདི་དག་ནི་ལྷ་ཆེན་པོའི་ཡིན་ཏེ། འདི་ནི་ལམ་འདིར་གཤེགས་སོ་སྙམ་ནས། རྗེས་དེ་ཐོག་ཐག་ཏུ་དྲང་སྲོང་གནས་པར་དོང་ནས། དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་ཐག་རིང་པོ་ཞིག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་ངོ་། །


DKG074_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ནས་ཀྱང་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དེ་དག་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་རྣམས་ལ་ལུང་ཡང་ཕོག་སྟེ། དེ་དག་གིས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་། གང་གིས་ཀྱང་ཡོན་ཏན་གྱི་ཚོགས་མ་ཐོབ་ནས། འཆི་ཀར་དེ་དག་གིས་སྨོན་ལམ་བཏབ་པ། འདི་ལྟར་བདག་ཅག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་། གང་གིས་ཀྱང་ཡོན་ཏན་གྱི་ཚོགས་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ། བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་ལྔ་བརྒྱ་པོར་གྱུར་པ་གང་ཡིན་པ་དེ་དག་ནི། དྲང་སྲོང་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ཏེ། དེ་དག་གིས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་


DKG074_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདི་རྣམས་ཀྱིས་ང་མཉེས་པར་བྱས་ནས། མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ལོང་བ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཡུལ་མི་ཐི་ལ་ན། ལྷ་ཆེན་པོའི་ཨ་མྲའི་ཚལ་ན་བཞུགས་ཏེ། དེའི་ཚེ་ཡུལ་མི་ཐི་ལ་ན། ཁྱིམ་བདག་ཚོགས་ཅན་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་བྱེད་དོ། །ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་བྱད་ངན་པོ་ལོང་བ་ཞིག་བཙས་སོ། །དེ་ནས་ཁྱིམ་བདག་དེས་བུ་དེ་མཐོང་ངོ་། །དེ་མཐོང་མ་ཐག་ཏུ་ཕ་མ་གཉིས་སྡུག་བསྔལ་ཆེན་པོ་སྐྱེས་ཏེ། བདག་ཅག་གཉིས་བརྒྱ་ལམ་ལན་ཅིག་ན་བུ་བཙས་ཀྱང་དེ་འདི་འདྲ་བར་གྱུར་ན་བདག་ཅག་གཉིས་ལ་བུ་བྱད་ངན་པོ་ལོང་བ་འདི་ལྟ་བུ་མི་དགོས་ཀྱིས། ཕྱེ་མ་རེད་ནམ་སྲོས་ན་ཕྱིར་ཕྱུང་ལ་ཁྱི་རྣམས་ལ་སྦྱིན་ནོ་ཞེས་བྱས་ནས། ཕ་མ་གཉིས་ཀྱིས་དེ་ཕྱིར་ཕྱུང་སྟེ། ལམ་པོ་ཆེར་བོར་ནས། ཁྱི་རྣམས་ལ་བྱིན་ནོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་། ཡེ་ཤེས་ལ་མངའ་བརྙེས་པ་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་


DKG074_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས། ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱེའུ་འདི་ལུང་བསྟན་པའི་དུས་ལ་བབ་སྟེ། ཁྱེའུ་འདི་ལས་བརྟེན་ནས། གདུལ་བར་བྱ་བའི་སྐྱེ་བོ་མང་པོ་དྲང་བར་བྱ་དགོས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཅི་ནས་ཁྱེའུ་དེ་ཁྱིས་ཟ་བར་མི་འགྱུར་བར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ནང་པར་སྔར་བཞེངས་ནས། ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ཡུལ་མི་ཐི་ལར་གཤེགས་ཏེ། བཅོམ་ལྡན་འདས་ཁྱེའུ་དེ་དང་འདབ་ཉེ་བ་ཞིག་ཏུ་བཞུགས་སོ། །


DKG074_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡུལ་མི་ཐི་ལ་ན་གནས་པའི་སྐྱེ་བོ་མང་པོས། སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་ཡ་མཚན་དུ་གྱུར་ཏེ། སྔོན་གྱི་དགེ་བའི་རྩ་བས་བསྐུལ་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ཅི་ནས་ཁྱེའུ་འདིས་ཚེ་རབས་སྔ་མ་དྲན་པར་འགྱུར་ཞིང་ཚིག་ཀྱང་སྨྲ་ལ། ང་དང་ལྷན་ཅིག་ཏུ་གཏམ་ཟེར་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་དེ་ལྟར་བྱིན་གྱིས་བརླབས་ཏེ། ཁྱེའུ་དེས་སྔོན་གྱི་ཚེ་རབས་དྲན་ནས་ཚིག་སྨྲ་ཞིང་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་གཏམ་ཟེར་བར་གྱུར་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ལ་བཀའ་སྩལ་པ། ཁྱེའུ་ཁྱོད་མི་སྡུག་པ་ཡིན་ནམ། བཅོམ་ལྡན་འདས་མི་སྡུག་པ་ལགས་སོ། །ཁྱེའུ་ཁྱོད་མི་སྡུག་པ་ཡིན་ནམ། བདེ་བར་གཤེགས་པ་མི་སྡུག་པ་ལགས་སོ། །བཀའ་སྩལ་པ། ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མི་སྡུག་པ་ཉམས་སུ་མྱོང་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མི་སྡུག་པ་ཉམས་སུ་མྱོང་བ་མཆིས་ལགས་སོ། །བཀའ་སྩལ་པ། ཁྱོད་ཀྱི་མི་དགེ་བའི་བཤེས་གཉེན་སུ་ཡིན། གསོལ་པ། རང་གི་སེམས་ལགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་རྣམས་ཡ་མཚན་དུ་གྱུར་ཏེ། སེམས་ཅན་འདི་ལྟ་བུ་སྔོན་གྱི་ཚེ་རབས་དྲན་ལ་ཚིག་ཀྱང་སྨྲ་ཞིང་། བཅོམ་ལྡན་འདས་དང་གཏམ་ཟེར་བ་སུ་ཞིག་གུ་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྙན་སླེབས་པར་དཀའ་བ་ཡིན་ཏེ། དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བའི་ཐུགས་མ་ཐུབ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་པ་བཙུན་པ་ཀུན་དགའ་བོ་སེམས་ཅན་འདི་ལྟ་བུ་སྔོན་གྱི་ཚེ་རབས་ཀུན་ཀྱང་དྲན་ལ་ཚིག་སྨྲ་ཞིང་། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་གཏམ་ཟེར་བ་འདི་སུ་ཞིག །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཤིག །དེ་དག་གིས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྙན་སླེབས་པར་


DKG074_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བས་ན། བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བའི་ཐུགས་མི་ཐུབ་བོ། །ཀུན་དགའ་བོས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བདག་གིས་ཀྱང་སྙན་སླེབས་པར་དཀའ་མོད་ཀྱི་ཁྱེད་ལ་སྙིང་བརྩེ་བའི་ཕྱིར་ཞུ་བར་བྱའོ་ཞེས་བྱས་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སེམས་ཅན་འདི་ལྟ་བུ་སྔོན་གྱི་ཚེ་རབས་དྲན་ལ་ཚིག་སྨྲ་ཞིང་། བཅོམ་ལྡན་འདས་དང་བཀའ་མཆིད་བགྱིད་པ་སུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སེམས་ཅན་འདི་སྡིག་པ་བྱེད་བྱེད་པ་ཡིན་ཏེ། འདིས་སྡིག་པའི་ལས་མང་པོ་བྱས་སོ། །ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་ཡུལ་མི་ཐི་ལ་འདི་ཉིད་ན། རྒྱལ་པོ་མི་སྡུག་པ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། རྒྱལ་པོ་དེ་ཕྲག་དོག་ཅན་ཞིག་ཏུ་གྱུར་ནས། དེ་གང་གི་ཚེ་བཙུན་མོའི་འཁོར་གྱིས་ཞབས་འབྲིང་བྱས་ནས། སྐྱེད་མོས་ཚལ་གྱི་སའམ་གཞན་གང་དུ་འགྲོ་བར་འདོད་པ་ན། དེའི་ལམ་ཐམས་ཅད་དུ་མི་མེད་པར་བྱེད་དེ། སྐར་ཁུང་རྣམས་དང་སྒོ་རྣམས་ཀྱང་ཡོལ་བ་སྟུག་པོས་གཅོད་པར་བྱེད་དོ། །བརྒྱ་ལ་འགའ་ཞིག་གིས་གློ་བུར་དུ་བཙུན་མོའི་འཁོར་མཐོང་ན། དེས་དེའི་མིག་འབྱིན་པར་བྱེད་དེ། དེ་ལྟ་བུའི་ཚུལ་གྱིས་དེས་སེམས་ཅན་མང་པོའི་མིག་མེད་པར་བྱས་སོ། །དེ་ནས་ཕྱི་ཞིག་ན་དེའི་བཙུན་མོའི་འཁོར་གྱིས་ཞབས་འབྲིང་བྱས་ཏེ། སྐྱེད་མོས་ཚལ་གྱི་ནང་དུ་སོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་ན་མི་བཞུགས་པ་དེའི་ཚེ། རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་ན་གནས་པ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་བསེ་རུ་ལྟ་བུ་དག་འཇིག་རྟེན་དུ་བྱུང་སྟེ། རང་སངས་རྒྱས་ཞིག་ལམ་དེ་ནས་འོངས་པ་དེ། རྒྱལ་པོའི་ཞབས་འབྲིང་བ་རྣམས་ཀྱིས་མ་ཚོར་ནས། དེ་དེའི་བཙུན་མོའི་འཁོར་གྱི་མདུན་དུ་བབ་སྟེ། བུད་མེད་དེ་དག་གིས་དེའི་ལུས་མཛེས་པ་དང་སེམས་མཛེས་པ་མཐོང་ནས་དེ་དག་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ཀྱང་གདོང་གཡོགས་ཕྱེ་སྟེ།


DKG074_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བཏུད་ཅིང་ཕྱག་བྱས་སོ། །དེ་ནས་རྒྱལ་པོས་ཀྱང་དེ་ཐོས་ཏེ། ཐོས་མ་ཐག་ཏུ་དེ་ཕྲག་དོག་གི་གཞི་ལས་ཁྲོ་བའི་ཀུན་ནས་དསྲེས་པ་ཆེན་པོ་སྐྱེས་ཏེ། དེ་ཁྲོས་ནས་རྒྱལ་པོའི་ཞབས་འབྲིང་བ་རྣམས་ལ་བཀའ་སྩལ་ཏེ། ཁྱེད་དེང་ལ་རབ་ཏུ་བྱུང་བ་དེའི་མིག་གཉིས་ཕྱུང་ཞིག་ཅེས་བསྒོའོ། །དེ་ནས་དེ་ཐོས་མ་ཐག་ཏུ། རྒྱལ་པོའི་ཞབས་འབྲིང་བ་རྣམས་ཀྱིས་རང་སངས་རྒྱས་དེ་བཟུང་ནས་མིག་གཉིས་ཕྱུང་སྟེ། རང་སངས་རྒྱས་དེ་ཡང་སྔོན་གྱི་ལས་མྱོང་བར་འགྱུར་བ་དེ་མངོན་སུམ་དུ་གྱུར་པས་རྫུ་བ་ཡང་མ་དྲན་ན། འཕྲུལ་པ་ལྟ་ཅི་སྨོས། དེ་ནས་རང་སངས་རྒྱས་དེས་བསམས་པ། ཉོན་མོངས་པ་འདི་ནི་མངོན་པར་སྨས་ཤིང་ཉམས་པར་གྱུར་ཏེ། འཁོར་བ་ན་འཁོར་ཞིང་ཡུན་རིང་པོར་སྡུག་བསྔལ་ཆེན་པོ་རྙེད་ན་མི་རུང་གིས། འདིའི་ར་མདའ་བྱ་དགོས་སོ་སྙམ་སྟེ། སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། ལམ་མེར་འདུག་པ་དང་། ཆར་འབེབས་པ་དང་། གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ཏོ། །སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་བྱེད་དེ། རྒྱལ་པོ་དེས་སྡོང་པོ་སོག་ལེས་བཅད་པ་བཞིན་དུ་ཞབས་ལ་ཕྱག་འཚལ་ཏེ་སྨྲས་པ། སྐལ་པ་ཆེན་པོ་དང་ལྡན་པ་མར་སྤྱོན། བདག་ཉེས་པར་སྤྱད་པའི་འདམ་དུ་བྱིང་བའི་ལག་ནས་དྲང་དུ་གསོལ་ཞེས་བྱས་སོ། །བདག་ཉིད་ཆེན་པོ་དེ་ཡང་གཞི་དེས་ཡོངས་སུ་མྱ་ངན་ལས་འདས་ནས་རྒྱལ་པོ་དེས་དེའི་སྐུ་གདུང་ལ་མཆོད་པ་བྱས་ཏེ། སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་སེམས་ཅན་དག་པ་འདི་ལྟ་བུ་ལ་གནོད་པ་བྱེད་དུ་བཅུག་པའི་ལས་འདིའི་འབྲས་བུ་བདག་གིས་ཉམས་སུ་མྱོང་བར་མ་གྱུར་ཅིག །འདི་ལྟར་ཕྱིར་ཡང་བཀུར་སྟི་བྱས་པ་རྣམས་ཀྱི་དགེ་བའི་རྩ་བ་འདིས་ན། བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཤིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཅི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་མི་སྡུག་


DKG074_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་གང་ཡིན་པ་དེ་ནི། ལོང་བ་འདི་ཁོ་ན་ཡིན་ཏེ། དེས་རང་སངས་རྒྱས་དེའི་མིག་གཉིས་ཕྱུང་བ་དང་། སེམས་ཅན་སྟོང་ཕྲག་དུ་མའི་མིག་མེད་པར་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ལོ་བརྒྱ་ཕྲག་དུ་མ་དང་། ལོ་སྟོང་ཕྲག་དུ་མར་དམུས་ལོང་འབའ་ཞིག་ཏུ་གྱུར་ཏེ། སེམས་ཅན་དམྱལ་བར་ཡང་འཚེད་པར་གྱུར་ཏོ། །དེ་ནས་ཤི་འཕོས་ནས་ཀྱང་ཚེ་རབས་ལྔ་བརྒྱར་ཡི་དགས་སུ་སྐྱེས་ཏེ། དེར་ཡང་འདིས་དམུས་ལོང་དུ་གྱུར་པ་འབའ་ཞིག་གི་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ཏོ། །ཡི་དགས་ལས་ཤི་འཕོས་ནས་ཚེ་རབས་ལྔ་བརྒྱར་དུད་འགྲོར་སྐྱེས་ཏེ། དེར་ཡང་དམུས་ལོང་འབའ་ཞིག་ཏུ་གྱུར་ཏོ། །དུད་འགྲོ་ལས་ཤི་འཕོས་ནས་ཚེ་རབས་ལྔ་བརྒྱར་མིར་སྐྱེས་ཏེ། ཐམས་ཅད་དུ་དམུས་ལོང་དུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་གསོལ་པ། བཙུན་པ་སེམས་ཅན་འདི་སྡུག་བསྔལ་འདི་ལས་ནམ་ཐར་བར་འགྱུར། བཀའ་སྩལ་པ། དགེ་སློང་དག་ཉན་ཐོས་དང་རང་སངས་རྒྱས་ལས་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིད་བཟང་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དེའི་གསུང་རབ་ལ་སེམས་ཅན་འདི་མིར་སྐྱེ་བར་འགྱུར་ཏེ། དབང་པོ་ཚང་བར་འགྱུར་རོ། །དེ་ནས་དེའི་གསུང་རབ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེ་ནས་དགྲ་བཅོམ་པ་ཉིད་ཐོབ་ཀྱང་ཉལ་བའི་ཚེ། ལས་ལས་སྐྱེས་པའི་བྱ་རོག་དག་ལྷགས་ནས་མིག་གཉིས་འབྱིན་པར་འགྱུར་ལ། དེ་གཞི་དེས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེར་ལས་འདི་ལས་ཐར་བར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་སྐྱོ་བ་ཆེན་པོ་སྐྱེས་ཏེ། ཉོན་མོངས་པའི་དབང་གིས་འཁོར་བ་ན། སྡུག་བསྔལ་འདི་ལྟ་བུ་དག་རྙེད་པར་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ཡིད་སྐྱོ་བར་གྱུར་པར་ཐུགས་སུ་ཆུད་ནས། དེ་དག་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་སྐྱེ་བོ་མང་པོ་དེ་དག་གིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ། ཁ་ཅིག་གིས་ནི་དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་སྤྱི་བོ་དང་། བདེན་པ་དང་འཐུན་པའི་བཟོད་པ་དང་། འཇིག་རྟེན་གྱི་ཆོས་


DKG074_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཆོག་དང་། མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི་སྟོབས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཁ་ཅིག་གིས་ནི་བརྒྱ་བྱིན་དུ་འགྱུར་བ་དང་། ཁ་ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་བབ་པར་གྱུར་ཏོ།། །།གཅེར་བུ་པ་འོད་སྲུང་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་རི་ཁྲོད་ཅིག་ན་བྲམ་ཟེ་དབུལ་པོ་ཅིག་གནས་པ་དེ་ཞིང་ལས་ཀྱིས་འཚོ་བར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ། བཅུ་ལོན་པ་དང་། བུ་བཙས་ཏེ་དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཅི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཁྱེའུ་འདི་འོད་སྲུང་གི་རིགས་ཡིན་པས་ན། ཁྱེའུ་འདིའི་མིང་འོད་སྲུང་དུ་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་འོད་སྲུང་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། དེ་ཕ་མ་དང་ལྷན་ཅིག་ཏུ་ཞིང་ལས་ལ་འགྲོའོ། །དེ་ནས་དེས་བལྟས་ན་ཕ་དེས་སྲོག་ཆགས་སྟོང་ཕྲག་དུ་མ་ཁ་འདོག་པར་བྱེད་པ་མཐོང་ནས། ཕ་ལ་སྨྲས་པ། ཡབ་ཅིག་ཁྱོད་ཀྱིས་སྲོག་ཆགས་སྟོང་ཕྲག་དུ་མ་གྱིན་ད་ལ་སྡུག་བསྔལ་བར་བྱེད་པ་འདི་ལྟ་བུའི་འཚོ་བ་ཁྱོད་ལ་ཅི་དགོས། ཕས་སྨྲས་པ། བུ་བདག་ཅག་གི་འཚོ་བ་ནི་འདི་ཡིན་ཏེ་གཞན་མེད་དོ། །དེ་ནས་ཁྱེའུ་དེས་བསམས་པ། བདག་འཚོ་བ་འདི་ལྟ་བུ་བཏང་ལ་ནགས་ཁྲོད་དུ་གནས་བཅའོ་སྙམ་ནས།


DKG074_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་བར་ཆས་སོ། །དེ་ནས་དེ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས། མཐར་གྱིས་གདུལ་བར་བྱ་བ་རྣམས་ཀྱི་དོན་མཛད་ཅིང་རྒྱལ་པོའི་ཁབ་ཏུ་གཤེགས་ནས། བཅོམ་ལྡན་འདས་ཀྱི་གྲགས་པ་ཀུན་ཏུ་རྒྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བདུད་རྩིའི་ཆར་འབེབས་ཤིང་བདུད་རྩིས་འགྲོ་བ་རྣམས་ཚིམ་པར་མཛད་དོ། །ཁྱེའུ་འོད་སྲུང་གིས་ཀྱང་དགེ་སྦྱོང་་ཏ་མ་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེས་ནི་བདུད་རྩིའི་ཆར་འབེབས་ཤིང་། བདུད་རྩིས་འགྲོ་བ་རྣམས་ཚིམ་པར་མཛད་དོ་ཞེས་ཐོས་ནས་ཐོས་མ་ཐག་ཏུ་ཕ་མ་ལ་གསོལ་ཏེ། ཡབ་ཡུམ་བདག་དགེ་སྦྱོང་་ཏ་མའི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་དུ་མཆིའོ་ཞེས་བྱས་ནས་སོང་ངོ་། །དེ་ནས་རྒྱལ་པོའི་ཁབ་ཏུ་འགྲོ་ཞེས་བྱས་ནས་དེས་དེར་གཅེར་བུ་པ་གཉེན་གྱི་བུ་མཐོང་ནས་དེས་བསམ་པ། དགེ་སྦྱོང་་ཏ་མ་ནི་འདི་ཡིན་ནོ་སྙམ་ནས། དེ་དེའི་ཐད་དུ་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་དེས་ལྟས་ཀྱི་དཔྱད་ལོབས་ནས། དེ་དེ་ལ་སློབ་དཔོན་གྱི་མཆོག་ཏུ་གྱུར་ཏོ། །དེ་ནས་དེའི་མིང་འོད་སྲུང་ཞེས་བྱ་བ་གང་ཡིན་པ་དེ་མེད་པར་གྱུར་ཏེ། མིང་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་ཞེས་བྱ་བར་གྱུར་ཏོ། །ཕྱི་ཞིག་ན་དེས་བདག་ཉིད་ཚེ་ཟད་པའི་རྟགས་མཐོང་ནས་བསམས་པ། བདག་ནི་ཞག་བདུན་ན་མེད་པར་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགའ་བའི་ལྷས་དེ་ལ་སྦྲན་ཏེ། གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ། མི་དགར་མ་བྱེད་ཅིག །བཅོམ་ལྡན་འདས་དེ་ནི་འཆི་བ་ལས་ངེས་པར་འབྱུང་བར་འགྱུར་བའི་ལམ་སྟོན་པ་ཡིན་ཏེ། དེ་ནི་རྒྱལ་པོའི་ཁབ་འདི་ཉིད་ན་བཞུགས་ཀྱིས། དེ་ལ་བསྙེན་བཀུར་གྱིས་ཤིག །དེ་ལྟར་བྱས་དང་ཁྱོད་ལ་ལེགས་པར་འགྱུར་རོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་རྒྱལ་པོའི་ཁབ་ནས་བྱུང་སྟེ། འོད་མའི་ཚལ་ལོགས་སུ་ཆས་པ་ལས། ལམ་ཕྱེད་དུ་དེའི་བློ་སྐྱེས་པ། དགེ་སློང་རྣམས་ནི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཡིན་ལ། བདག་ནི་གཅེར་བུར་འདུག་པས་ན། དེ་དག་དང་མངོན་སུམ་དུ་ཕྲད་དུ་འགྲོ་མི་


DKG074_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཕོད་ཀྱིས། བདག་རེ་ཞིག་འོད་མའི་ཚལ་དུ་མི་འགྲོ་བར། ལམ་ཕྱེད་འདི་ཉིད་དུ་འདུག་པར་བྱའོ། །ལམ་ཕྱེད་འདི་ཉིད་དུ་འདུག་བཞིན་དུ་བདག་གིས་དགེ་སྦྱོང་་ཏ་མ་ལ་བསྙེན་བཀུར་བྱའོ་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་། ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་། ཐར་པ་དང་། འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ནི་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས། ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །


DKG074_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་གདུལ་པའི་དུས་ལ་བབ་བོ་སྙམ་དུ་དགོངས་ནས། འོད་མའི་ཚལ་ནས་བྱུང་སྟེ། ས་ཕྱོགས་གང་ན་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་འདུག་པའི་ས་ཕྱོགས་དེར་གཤེགས་ནས། གཅེར་བུ་པ་འོད་སྲུང་དང་རུས་གཅིག་པས་ཐག་རིང་པོ་ཞིག་ནས། སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མངོན་སུམ་དུ་ཡང་དག་པར་མགུ་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་་ཏ་མ་གལ་ཏེ་ཞུས་ནས། ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན། གཽ་ཏ་མ་ཁྱོད་ལ་འདི་ཉིད་དུ། ཕྱོགས་འགའ་ཞིག་ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་རེ་ཞིག་ང་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་འགྲོ་དགོས་པས། ཁྱོད་ཀྱིས་ཞུ་བ་ལུང་བསྟན་པའི་སྐབས་སུ་མ་བབ་ཀྱིས། ཀུན་དགའ་ར་བའི་ཕྱིར་རོལ་དུ་ཤོག་ཤིག་དང་དེར་ཁྱོད་ཀྱི་ཞུ་བ་ལུང་བསྟན་པའི་སྐབས་སུ་བབ་བོ། །གསོལ་པ། ཀྱེ་མ་གཽའུ་ཏ་མ་གལ་ཏེ་བདག་ཀྱང་གཞན་དུ་འགྱུར་སྲིད་ལ། ཡང་ན་གཽའུ་ཏ་མ་གཞན་དུ་འགྱུར་ཡང་སྲིད་དོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ། གཅེར་བུ་པ་འོད་སྲུང་དང་རུས་གཅིག་པས་གསོལ་པ། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན། གཽའུ་ཏ་མ་ཁྱོད་ལ་འདི་ཉིད་དུ་ཕྱོགས་འགའ་ཞིག་ཞུའོ། །དེ་ནས་ལན་གཉིས་ལན་གསུམ་གྱི་བར་དུ། བཅོམ་ལྡན་འདས་ཀྱིས་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་རེ་ཞིག་ང་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་འགྲོ་དགོས་པས། ཁྱོད་ཀྱིས་ཞུ་བ་ལུང་བསྟན་པའི་སྐབས་སུ་མ་བབ་ཀྱིས། ཀུན་དགའ་ར་བའི་ཕྱི་རོལ་དུ་ཤོག་ཤིག་དང་། དེར་ཁྱོད་ཀྱི་ཞུ་བ་ལུང་བསྟན་པའི་སྐབས་སུ་བབ་བོ། །གསོལ་པ། ཀྱེ་གཽ་ཏ་མ་


DKG074_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཞུས་ནས། ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན། གཽ་ཏ་མ་ཁྱོད་ལ་འདི་ཉིད་དུ་ཕྱོགས་འགའ་ཞིག་ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁྱོད་དོན་འདི་ཉིད་ལན་གཉིས་ལན་གསུམ་གྱི་བར་དུ་ངེས་པར་གླེང་བར་བྱེད་ན་ནི། འོད་སྲུང་ཁྱོད་ཅི་དང་ཅི་འདོད་པ་ཞུས་ཤིག །གསོལ་པ། གཽའུ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་སམ། བཀའ་སྩལ་པ། འོད་སྲུང་སྡུག་བསྔལ་རང་གིས་བྱས་སོ་ཞེས་ངས་མ་བཤད་དོ། །ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་གཞན་གྱིས་བགྱིས་སམ། འོད་སྲུང་སྡུག་བསྔལ་གཞན་གྱིས་བྱས་ཞེས་བྱ་བ་དེ་ནི་ངས་ལུང་མ་བསྟན་ཏོ། །ཀྱེ་གཽའུ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་ཀྱང་བགྱིས་ལ་གཞན་གྱིས་ཀྱང་བགྱིས་པ་ལགས་སམ། འོད་སྲུང་སྡུག་བསྔལ་རང་གིས་ཀྱང་བྱས་པ་དང་གཞན་གྱིས་ཀྱང་བྱས་ཞེས་བྱ་བ་དེ་ཡང་ངས་ལུང་མ་བསྟན་ཏོ། །ཀྱེ་གཽའུ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་མ་བགྱིས་པ་དང་། གཞན་གྱིས་མ་བགྱིས་པ་དང་། རྒྱུ་ལས་བྱུང་བ་ཡང་མ་ལགས་སམ། འོད་སྲུང་འདི་ཡང་ངས་ལུང་མ་བསྟན་ཏོ། །གཽའུ་ཏ་མ་ཅི་ལགས། སྡུག་བསྔལ་བདག་གིས་བགྱིས་པ་དང་གཞན་གྱིས་བགྱིས་པ་དང་། རྒྱུ་ལས་བྱུང་བ་ཡང་མ་ལགས། ཞེས་བགྱིས་པ་ཡང་ལུང་མ་བསྟན་ཏོ་ཞེས་གསུང་ངམ། འོད་སྲུང་སྡུག་བསྔལ་རང་གིས་བྱས་པ་དང་། གཞན་གྱིས་བྱས་པ་དང་། རྒྱུ་ལས་བྱུང་བ་ཡང་མ་ཡིན་ནམ། ཞེས་འདྲི་ན། ལུང་མ་བསྟན་ཏོ་ཞེས་ང་ཟེར་རོ། །ཀྱེ་གཽའུ་ཏ་མ་ཅི་ལགས། སྡུག་བསྔལ་མ་མཆིས་པ་ཁོ་ན་ལགས་སམ། འོད་སྲུང་སྡུག་བསྔལ་ནི་ཡེ་མེད་པ་མ་ཡིན་ཏེ། ཡོད་པ་ཁོ་ན་ཡིན་ནོ། །ཀྱེ་གཽའུ་ཏ་མ་སྡུག་བསྔལ་རང་གིས་བགྱིས་པ་ལགས་ན། ཅི་ནས་བདག་གིས་སྡུག་བསྔལ་ཤེས་པར་འགྱུར་བ་དང་མཐོང་བར་འགྱུར་བ་དེ་ལྟ་བུའི་ཆོས་བཅོམ་ལྡན་འདས་ཀྱིས་བདག་ལ་བསྟན་པར་སྨོན་ཏོ། །འོད་སྲུང་གང་གི་ཚེ། ཚོར་བ་ཡང་དེ་ཉིད་ཡིན་ལ། མྱོང་བ་ཡང་དེ་ཉིད་ཡིན་ན་ནི། དེ་ལྟ་ན་སྡུག་བསྔལ་རང་གིས་བྱས་པ་ཡིན་པར་འགྱུར་ན། འོད་སྲུང་ང་ནི་དེ་སྐད་མི་ཟེར་རོ། །འོད་སྲུང་གང་གི་ཚོར་བ་ཡང་


DKG074_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡིན་ལ་མྱོང་བ་ཡང་གཞན་ཡིན་ན་ནི། དེ་ལྟ་ན་སྡུག་བསྔལ་གཞན་གྱིས་བྱས་པ་ཡིན་པར་འགྱུར་ན། འོད་སྲུང་ང་ནི་དེ་སྐད་མི་ཟེར་རོ། །འོད་སྲུང་གང་གི་ཚེ་ཚོར་བ་ཡང་དེ་ཉིད་ཡིན་ལ། མྱོང་བ་ཡང་དེ་ཉིད་ཡིན་པ་དང་། གང་གི་ཚེ་ཚོར་བ་ཡང་གཞན་ཡིན་ལ། མྱོང་བ་ཡང་གཞན་ཡིན་ན་ནི། དེ་ལྟ་ན་སྡུག་བསྔལ་རང་གིས་བྱས་པ་ཡང་ཡིན་ལ། གཞན་གྱིས་བྱས་པ་ཡང་ཡིན་པར་འགྱུར་ན། འོད་སྲུང་ང་ནི་དེ་སྐད་མི་ཟེར་རོ། །འོད་སྲུང་གང་གི་ཚེ་སྡུག་བསྔལ་རྐྱེན་རྣམས་མེད་པར་འགྱུར་ན་ནི། དེ་ལྟ་ན་སྡུག་བསྔལ་རང་གིས་བྱས་པ་དང་། གཞན་གྱིས་བྱས་པ་དང་། རྒྱུ་ལས་བྱུང་བ་ཡང་མ་ཡིན་པར་འགྱུར་ན། འོད་སྲུང་ང་ནི་དེ་སྐད་མི་ཟེར་རོ། །དེ་བཞིན་གཤེགས་པ་ནི་མཐའ་དེ་གཉིས་ལ་མི་བརྟེན་པར། དབུ་མའི་ལམ་གྱི་ཆོས་སྟོན་ཅིང་འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་འབྱུང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་འབྱུང་། རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་། ཚོར་བའི་རྐྱེན་གྱིས་ཕྲེད་པ་འབྱུང་། ཕྲེད་པའི་རྐྱེན་གྱིས་ལེན་པ་འབྱུང་། ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་ན་འདི་མི་འབྱུང་ལ། འདི་འགགས་པས་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་


DKG074_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་ཕྲེད་པ་འགག །ཕྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་རོ། །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་། དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པས་ཆོས་མཐོང་། ཆོས་རྙེད་ཆོས་རྟོགས། ཆོས་ཀྱི་གཏིང་སླེབས། སོམ་ཉི་ལས་བརྒལ་ཐེ་ཙོམ་ལས་བརྒལ་ཏེ། གཞན་གྱི་དྲིང་མི་འཇོག་ཅིང་གཞན་གྱིས་བསྲེ་བ་མེད་ལ། སྟོན་པས་བསྟན་པའི་ཆོས་རྣམས་ལ། མི་འཇིགས་པ་ཐོབ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་མངོན་པར་འཕགས་ལགས་སོ། །མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིས་པ་དང་། ཆོས་ལ་སྐྱབས་སུ་མཆིས་པ་དང་། དགེ་འདུན་ལ་སྐྱབས་སུ་མཆིས་པ་ལགས་ཏེ། བདག་དགེ་བསྙེན་ལགས་པར་གཟུང་དུ་གསོལ། བདག་མངོན་པར་དད་པར་གྱུར་ཏེ། དེང་སླན་ཅད་སྙིང་ཐག་པ་ནས་སྐྱབས་སུ་མཆིས་པ་ལགས་སོ་ཞེས་གསོལ་ནས། དེ་ལྟར་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་། རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ནས། རིང་པོར་མ་ལོན་པར་བ་དྲུས་མ་ཞིག་གིས་བརྡུངས་ཏེ་བསད་ནས། དེ་འཆི་ཀར་དབང་


DKG074_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་དང་ཞིང་བཞིན་གྱི་མདོག་ཡོངས་སུ་དག་ལ། པགས་པའི་མདོག་དཀར་པོར་འདུག་གོ །དེ་ནས་དགེ་སློང་མང་པོ་དག་སྔ་དྲོ་ཤམ་ཐབས་དང་། ཆོས་གོས་གྱོན་ནས། ལྷུང་བཟེད་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་དོང་ནས། དགེ་སློང་མང་པོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་རྒྱུ་བ་ན། གཅེར་བུ་པ་འོད་སྲུང་དང་རུས་གཅིག་པས། ལམ་ཕྱེད་དེ་ཉིད་དུ་བཅོམ་ལྡན་འདས་ལ་ཞུ་བ་ཞུས་ཏེ། དེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ནས་རིང་པོ་མ་ལོན་པར་བ་དྲུས་མས་བརྡུངས་ཏེ་བསད་ནས། དེ་འཆི་ཀར་དབང་པོ་རྣམས་དང་ཞིང་བཞིན་གྱི་མདོག་ཀྱང་ཡོངས་སུ་དག་ལ། པགས་པའི་མདོག་དཀར་པོར་འདུག་གོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་ཁབ་ནས་བསོད་སྙོམས་བླངས་ནས། ཟས་ཟོས་ཏེ་ཕྱིས་བསོད་སྙོམས་བླང་བ་སྤངས་ནས། ལྷུང་བཟེད་དང་ཆོས་གོས་བཞག་སྟེ། རྐང་པ་བཀྲུས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། དགེ་སློང་མང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཅག་དགེ་སློང་མང་པོ་སྔ་དྲོ་ཤམ་ཐབས་དང་། ཆོས་གོས་གྱོན་ཏེ། ལྷུང་བཟེད་ཐོགས་ནས། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་མཆིས་པ་ན། བཙུན་པ་བདག་ཅག་དགེ་སློང་མང་པོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་རྒྱུ་བ་རྣམས་ཀྱིས་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པས་ཤུལ་ཕྱེད་དེ་ཉིད་དུ། བཅོམ་ལྡན་འདས་ལ་ཞུ་བ་ཞུས་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ནས་རིང་པོ་མ་ལོན་པར་བ་དྲུས་མས་བརྡུངས་ཏེ་བཀུམ་ནས་དེ་འགུམ་ཀར་དབང་པོ་རྣམས་དང་ཞིང་བཞིན་གྱི་མདོག་ཡོངས་སུ་དག་ལ། པགས་པའི་མདོག་དཀར་པོར་མཆིས་སོ་ཞེས་ཐོས་ལགས་ན། བཙུན་པ་དེའི་འགྲོ་བ་ནི་གང་ལགས། སྐྱེ་བའི་གནས་ནི་གང་ལགས། འཆི་བའི་གནས་ནི་གང་ལགས། བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་དེ་ནི་ནོར་དུ་གྱུར་པ་ཡིན་ཏེ། དེས་ངའི་ཆོས་ཀྱི་


DKG074_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འཐུན་པའི་ཆོས་མངོན་པར་རྟོགས་པས་ན། དེས་ནི་ང་ལ་གནོད་པ་མ་བྱས་ཀྱིས། དགེ་སློང་དག་རིགས་ཀྱི་བུ་དེས་ནི་འདི་ལྟ་སྟེ། ཆོས་ལ་ལྷག་པར་བྱ་བ་བྱས་ནས། མྱ་ངན་ལས་འདས་ཀྱིས། དེའི་རུས་བུ་ལ་རུས་བུའི་མཆོད་པ་གྱིས་ཤིག་ཅེས་བཀའ་སྩལ་ཏེ། དེར་བཅོམ་ལྡན་འདས་ཀྱིས་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་མཆོག་ཏུ་གྱུར་པར་ལུང་བསྟན་ནས། རྒྱལ་པོའི་ཁབ་དེར་ལྷ་རྣམས་ཀྱིས་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བསྒྲགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་གཞན་མུ་སྟེགས་པ་རྣམས་ཀྱིས། རས་ཀྱི་བ་དན་བསྒྲེངས་ཏེ། ལམ་པོ་ཆེ་དང་སྲང་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་བསྒྲགས་ཏེ། དགེ་སྦྱོང་གཽ་ཏ་མ་ན་རེ་ངའི་ཆོས་འདུལ་བ་འབའ་ཞིག་ལ་མཐར་ཐུག་པ་ཡོད་ཀྱིས། གཞན་ལ་མེད་དོ་ཞེ་ན། ངེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་འདི་ཡང་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་སྨྲས་ནས། །དེ་དག་དེའི་ཐད་དུ་དོང་སྟེ། འདིའི་རུས་བུ་ལ་མཆོད་པ་བྱའོ་སྙམ་མོ། །དགེ་སློང་དག་ཀྱང་དེའི་ཐད་དུ་དོང་སྟེ། འདིའི་རུས་བུ་ལ་མཆོད་པ་བྱའོ་སྙམ་མོ། །དེ་ནས་དེར་མུ་སྟེགས་པ་ཀུན་ཏུ་རྒྱུ་བ་རྣམས་ན་རེ་འདི་ནི་བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱིས། བདག་ཅག་གིས་འདིའི་རུས་བུ་ལ་མཆོད་པ་བྱའོ་ཞེས་ཟེར་རོ། །དགེ་སློང་དག་ན་རེ་ཡང་འདི་ནི་བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱིས། བདག་ཅག་གིས་འདིའི་རུས་བུ་ལ་མཆོད་པ་བྱའོ་ཞེས་ཟེར་རོ། །དེ་ནས་གཞན་མུ་སྟེགས་པ་ཀུན་ཏུ་རྒྱུ་བ་དག་ན་རེ། བདག་ཅག་གིས་དབང་པོ་ནི་ལྷ་གང་དག་གིས་རྒྱལ་པོའི་ཁབ་འདིར་བསྒྲགས་པ་ཡིན་ནོ་ཞེས་ཟེར་རོ། །དགེ་སློང་དག་ན་རེ་ཡང་འདི་སུའི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པ། ལྷ་དེ་དག་ཉིད་ལ་དྲི་བར་བྱའོ་ཞེས་ཟེར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་གཞན་མུ་སྟེགས་པ་ཀུན་ཏུ་རྒྱུ་བ་དེ་དག་གིས། ལྷ་དེ་དག་ཉིད་ལ་གསོལ་བ་བཏབ་སྟེ། འདི་སུའི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པ་དང་། སུའི་མ་ཡིན་པ་དེ་ལྷ་རྣམས་གསུངས་ཤིག་ཅེས་བྱས་སོ། །དེ་ནས་ཆོས་རྟོགས་པའི་ལྷ་རྣམས་ན་རེ། འདི་


DKG074_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དགེ་སློང་རྣམས་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ། འདིས་བཅོམ་ལྡན་འདས་ལས་ཆོས་རྟོགས་ནས། དེས་ན་འདི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །ཞེས་ཟེར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་གཞན་མུ་སྟེགས་པ་ཀུན་ཏུ་རྒྱུ་རྣམས་སྐྱེངས་ནས་ས་ཕྱོགས་དེ་ནས་དོང་ངོ་། །དེ་ནས་དགེ་སློང་རྣམས་ཀྱིས་དེའི་རུས་བུ་རྣམས་ལ་རུས་བུའི་མཆོད་པ་བྱས་ཏེ། འོད་མའི་ཚལ་དུ་དོང་ནས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་འདི་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། བ་དྲུས་མས་བརྡུངས་ཏེ་བཀུམ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་དེ་ལྟ་བུ་བྱས་ཤིང་བསྩགས་ཏེ། འདི་སྔོན་གྱི་གཏམ་རྒྱུད་ནི་པུས་ཀ་ར་ས་རའི་གཏམ་རྒྱུད་ལས་འབྱུང་བ་བཞིན་དུ། མིང་པོ་བཞིས་སྲིང་མོ་བཞི་བསད་པའི་བར་དུ་རྒྱས་པར་བརྗོད་པར་བྱའོ། །གསོལ་པ། བཙུན་པ་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ་བཙུན་པ། འདིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གྲགས་པ་ཀུན་ཏུ་རྒྱས་པར་གྱུར་ཏོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིསབཱ་རཱ་ཎ་སེར་གནས་བཅས་ཏེ། བདུད་རྩིའི་ཆར་འབེབས་ཤིང་བདུད་རྩིས་འགྲོ་བ་རྣམས་ཚིམ་པར་མཛད་དོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེའི་ཁྱེའུ་ཞིག་གནས་པ་དེས་ཀྱང་། བཱ་རཱ་ན་སེ་ན། ཡང་དག་


DKG074_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་བདུད་རྩིའི་ཆར་འབེབས་ཏེ། བདུད་རྩིས་འགྲོ་བ་རྣམས་ཚིམ་པར་མཛད་དོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཡུལ་དྲང་སྲོང་སྨྲ་བར་སོང་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དེ་ག་ལ་བཞུགས་པ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལས་ཆོས་ཐོས་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བླངས་ནས་སོང་ངོ་། །དེ་ནས་དེས་ཚེ་གཅིག་ཏུ་སྦྱིན་པ་དག་བྱིན་ཞིང་། བསོད་ནམས་དག་བྱས་ཏེ། སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བསྲུང་ནས། འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བསྲུངས་ཀྱང་། ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་འདི་ཁོ་ན་ཡིན་ཏེ། དེས་དེར་སྦྱིན་པ་དག་བྱིན་ཞིང་། བསོད་ནམས་དག་བྱས་ནས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བསྲུང་ནས། འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་


DKG074_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་བརྒྱད་པ། འོད་སྲུང་གཙོ་བོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་རི་སུལ་ཞིག་ན་དྲང་སྲོང་འཁོར་ཁྲི་ཉིས་སྟོང་ཡོད་པ་ཞིག་གནས་ཏེ། དྲང་སྲོང་དེ་ཡང་བསྟན་བཅོས་ཐམས་ཅད་ཀྱི་མཐར་ཕྱིན་པ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་སྟེ། དེས་བྲམ་ཟེ་ཁྲི་ཉིས་སྟོང་པོ་དེ་དག་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས། མཚོ་ཆེན་པོ་མ་དྲོས་པའི་ནང་དུ་ལས་ཀྱི་རྣམ་པར་སྨིན་པ་ལུང་བསྟན་ནས། མཚོ་དེ་ཉིད་ཀྱི་ནང་ནས་འཁོར་ལྔ་བརྒྱ་དང་། ནམ་མཁའ་ལས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་སོ། །དྲང་སྲོང་དེ་འཁོར་དང་བཅས་པས་ཀྱང་བཅོམ་ལྡན་འདས་མཚོ་དེ་ཉིད་ཀྱི་ནང་ནས་ནམ་མཁའ་ལ་གཤེགས་པ་མཐོང་ངོ་། །མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ལ་དགའ་བར་གྱུར་ནས། ཐམས་ཅད་བོར་ཏེ། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་ཞིང་། དེ་དག་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་ནས། བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཁྲི་ཉིས་སྟོང་པོ་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་དྲང་སྲོང་ཁྲི་ཉིས་སྟོང་པོ་དེ་རྣམས་ཀྱིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་བདེན་པ་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དྲང་སྲོང་གཙོ་བོ་དེས་ནི་ཐོས་པས་རྒྱགས་ཤིང་དྲེགས་པས་ཅི་ཡང་མ་ཐོབ་བོ། །དེ་ནས་དྲང་སྲོང་ཁྲི་ཉིས་སྟོང་པོ་དེ་རྣམས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །


DKG074_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་བདག་ཅག་ལེགས་པ་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཁྲི་ཉིས་སྟོང་པོ་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་རྣམས་ལ་ལུང་ཡང་ཕོག་སྟེ། དེ་རྣམས་ཀྱིས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དྲང་སྲོང་གཙོ་བོ་དེ་ནི་རབ་ཏུ་བྱུང་ཡང་ཅི་ཡང་མ་ཐོབ་བོ། །དེ་ནས་དེས་དེ་ཐོས་ནས་འབད་པ་ལ་ཞུགས་ཏེ། དེས་རིང་པོ་མ་ལོན་པར་སྡེ་སྣོད་གསུམ་ལོབས་ནས། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་བློ་སྐྱེས་པ། བདག་གིས་སེམས་ཅན་སྟོང་ཕྲག་དུ་མ་དག་ལ་ཆོས་སྟོན་ལ་བདག་ཉིད་ནི་ཆོས་སྟོན་པར་མི་འདོད་དེ། བདག་གི་གྲོགས་པོ་འདི་དག་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཉིད་ཐོབ་ལ་བདག་གིས་ནི་དེ་ཐོས་ནས་ཅི་བྱ་གཏོལ་མེད་པར་གྱུར་ཏེ། ཁྱད་པར་ཅི་ཡང་མ་ཐོབ་ཀྱིས། བདག་གིས་མཉན་པ་དང་། བསམ་གཏན་བཏང་ལ་རེ་ཞིག་བསྒྲིམ་པར་བྱའོ་སྙམ་ནས། དེས་ཐོས་པ་དེ་ཉིད་སེམས་པ་དང་། འཇལ་བ་དང་ཉེ་བར་བརྟགས་པས། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་


DKG074_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པ། བཙུན་པ་དྲང་སྲོང་དེ་ཐོས་པའི་རྒྱགས་པས་དྲེགས་ནས་ཅི་ཡང་མ་ཐོབ་ལ། སླད་ཀྱིས་ཐོས་པ་དེ་ཉིད་སེམས་པ་དང་། འཇལ་བ་དང་། ཉེ་བར་བརྟགས་པས། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདིས་སེམས་པ་དང་འཇལ་བ་དང་། བརྟགས་པས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ཅི་ལྟར་བསྐྱེད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། རི་ཁྲོད་ཅིག་ན་བྲམ་ཟེ་འོད་སྲུང་གཙོ་བོ་ཞེས་བྱ་བ་ཞིག་གནས་ཏེ། ཕྱི་ཞིག་ན་དེ་རྩ་བ་དང་། འབྲས་བུ་དག་གི་དོན་ལ་རིའི་སུལ་ཞིག་ཏུ་སོང་བ་ལས། དེས་དེར་དྲང་སྲོང་ཁྲི་ཉིས་སྟོང་མཐོང་ནས། མཐོང་མ་ཐག་ཏུ་དེ་དག་ལ་ཤིན་ཏུ་དགའ་བར་གྱུར་ནས། དེས་བསམས་པ། བདག་ནི་ཁྱིམ་གྱི་ཆོས་ལ་གནས་ལ། འདི་རྣམས་ནི་ཁྱིམ་གྱི་གནས་ནས་ངེས་པར་བྱུང་བ་ལས་ན། འདི་རྣམས་ནི་འཁོར་བ་ལས་གྲོལ་བ་ཡིན་གོར་མ་ཆག་གིས་མ་ལ་བདག་ཀྱང་འདི་ཁོ་ནའི་ཐད་དུ་རབ་ཏུ་འབྱུང་བར་བྱའོ་སྙམ་ནས། དེས་ཐམས་ཅད་བོར་ཏེ། དྲང་སྲོང་དེ་དག་གི་ཐད་དུ་རབ་ཏུ་བྱུང་སྟེ། དེ་དེར་སོང་ནས་བསྟན་བཅོས་ཐམས་ཅད་ཁོང་དུ་ཆུད་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དྲང་སྲོང་གཙོ་བོ་དེ་ཤི་ནས། བྲམ་ཟེའི་ཁྱེའུ་ཁྲི་ཉིས་སྟོང་པོ་དེ་རྣམས་དྲང་སྲོང་དེ་ཤི་བའི་ཕྱིར། ཤིན་ཏུ་མྱ་ངན་བྱེད་ཅིང་སྡུག་བསྔལ་ལ་སྨྲེ་སྔགས་འདོན་པར་བྱེད་དོ། །དེ་ནས་འོད་སྲུང་གཙོ་བོ་དེས་དེ་དག་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཧ་ཅང་མྱ་ངན་མ་བྱེད་ཅིག །སྡུག་བསྔལ་བར་མ་བྱེད་ཅིག །སྨྲེ་སྔགས་འདོན་པར་མ་བྱེད་ཅིག་དང་། ངས་ཁྱོད་ཀྱི་དགོས་པ་ཐམས་ཅད་སྦྱར་བར་བྱའོ་ཞེས་བྱས་ནས། དེས་བྲམ་ཟེའི་ཁྱེའུ་ཁྲི་ཉིས་སྟོང་པོ་དེ་དག་ཐམས་ཅད་བསྡུས་ཏེ། དེ་དག་ལ་ཡིད་ལ་བྱེད་པའི་ལུང་ཡང་ཕོག་ནས། དེ་དག་ཐམས་ཅད་ཀྱིས་ཀྱང་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་ནས་ཕྱི་ཞིག་ན་འོད་སྲུང་གཙོ་བོས་


DKG074_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པ་བདག་གི་སློབ་མ་འདི་རྣམས་ཀྱིས་ནི་བདག་གི་ཡིད་ལ་བྱེད་པས་ཆོས་འདི་ལྟ་བུ་རྟོགས་པར་གྱུར་ལ། བདག་ནི་ཐོས་པའི་རྒྱགས་པས་དྲེགས་པས་ཅི་ཡང་མ་ཐོབ་ན། བདག་ལ་ཐོས་པ་འདི་ཅི་དགོས་སྙམ་ནས། དེས་ཀྱང་སེམས་པ་དང་། འཇལ་བ་དང་། ཉེ་བར་བརྟགས་པས། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་འོད་སྲུང་གཙོ་བོར་གྱུར་པ་གང་ཡིན་པ་དེ་ནི། དྲང་སྲོང་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་ཐོས་པའི་རྒྱགས་པས་དྲེགས་པས་ཅི་ཡང་མ་ཐོབ་ལ། ཕྱིས་ཐོས་པ་དེ་ཉིད་སེམས་པ་དང་འཇལ་བས་ཉེ་བར་བརྟགས་པས། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །ད་ལྟར་ཡང་འདི་ཐོས་པའི་རྒྱགས་པས་དྲེགས་པས་སྔར་ཅི་ཡང་མ་ཐོབ་པ་ལས། ཕྱིས་ཐོས་པ་དེ་ཉིད་སེམས་པ་དང་། འཇལ་བ་དང་། ཉེ་བར་བརྟགས་པས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དྲང་སྲོང་འཁོར་དང་བཅས་པ་འདི་རྣམས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། འདི་རྣམས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ་འདི་རྣམས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་


DKG074_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། གང་གི་ཚེ་དེ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ནས། རྒྱལ་པོ་མཛེས་ལྡན་གྱིས་དེའི་སྐུ་གདུང་ལ་མཆོད་པ་བྱས་ཏེ། སྐུ་གདུང་གི་མཆོད་རྟེན་བརྩིགས་ནས། མཆོད་རྟེན་དེ་ལ་མཆོད་པ་ཆེན་པོ་བྱས་ཏེ། མཆོད་རྟེན་གྱི་དུས་སྟོན་གྱི་ལུགས་བཏོད་དོ། །དེ་ནས་ཕྱི་ཞིག་ན་མཆོད་རྟེན་དེའི་མཆོད་རྟེན་གྱི་དུས་སྟོན་ལ་བབ་པ་ན། རྒྱལ་པོ་མཛེས་ལྡན་གྱི་ཁམས་སུ་གཏོགས་པ། རི་ཁྲོད་ཀྱི་རྒྱལ་པོ་འཁོར་ཁྲི་ཉིས་སྟོང་དང་ལྡན་པ་ཞིག་གིས་ཀྱང་། མཆོད་པའི་ལས་ལ་བརྩོན་པར་བྱས་ནས། སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཤིག །སྟོན་པ་འདི་དང་འདྲ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་ཞབས་འབྲིང་བ་རྣམས་ཀྱིས་དེ་མཐོང་ནས་དྲིས་པ། ལྷ་གཅིག་གིས་སྨོན་ལམ་ཅི་བཏབ་ལགས། དེ་ནས་རྒྱལ་པོས་ཀྱང་དེ་དག་ལ་རྒྱས་པར་བསྙད་དོ། །དེ་ནས་ཞབས་འབྲིང་བ་རྣམས་ཀྱིས་སྨྲས་པ། བདག་ཅག་གིས་ཀྱང་ལྷ་གཅིག་ལས་བརྟེན་ཏེ། སྟོན་པ་འདི་འདྲ་བ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རི་ཁྲོད་ཀྱི་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་དྲང་སྲོང་འདི་ཁོ་ན་ཡིན་ནོ། །དེའི་ཚེ་འཁོར་ཁྲི་ཉིས་སྟོང་པོར་གྱུར་པ་གང་ཡིན་པ་དེ་དག་ནི། བྲམ་ཟེ་ཁྲི་ཉིས་སྟོང་པོ་འདི་དག་ཁོ་ན་ཡིན་ཏེ། དེར་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས། སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་


DKG074_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བའི་རིགས་སུ་སྐྱེས་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དྲང་སྲོང་ཁྲི་ཉིས་སྟོང་པོ་འདི་རྣམས་ཀྱིས་ཀྱང་། དེ་ཉིད་ལ་བརྟེན་ནས། འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་སྟེ། དེར་འདི་དག་ཐམས་ཅད་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།གླང་ཆེན་གནས་ཞེས་བྱ་བ་ནི་གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོའི་གླང་པོ་ཆེའི་བླ། གླང་ཆེན་སྙིང་པོ་ཞེས་བྱ་བ། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་མང་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཅི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་རྒྱུ་སྐར་ནག་པ་ལས་སྐྱེས་ལ། གཅིག་ཏུ་ན་གླང་པོ་ཆེའི་བླ་གླང་ཆེན་སྙིང་པོའི་བུ་ཡིན་པས་ན། ཁྱེའུ་འདིའི་མིང་ནག་པ་གླང་ཆེན་གནས་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་ནག་པ་གླང་ཆེན་གནས། འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ། རྒྱལ་རིགས་


DKG074_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང་། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་བཞོན་པ་དང་། རྟ་བཞོན་པ་དང་། མཚོན་ཆ་བཅང་བ་དང་། འཕོང་དང་། མདུན་དུ་བསྣུར་བ་དང་། ཕྱིར་བསྣུར་བ་དང་། གཡུལ་ལས་ཐར་བར་བྱ་བ་དང་། ལྕགས་ཀྱུས་གཟུང་བ་དང་། ཞགས་པས་གཟུང་བ་དང་། མདའ་བོ་ཆེ་འཕངས་པ་དང་། རྡོ་རྗེ་རྩེ་གཅིག་པ་འཕངས་པ་དང་། མཚོན་རྩེ་གཅིག་པ་གདབ་པ་དང་། འཁོར་ལོ་འཕང་བ་དང་། གཅད་པ་དང་། གཤེག་པ་དང་ལག་པས་གཟུང་བ་དང་། རྐང་པའི་སྟབས་དང་། མགོ་བོ་བསྐྱབ་པ་དང་། རྒྱང་མར་འཕོག་པ་དང་། སྒྲ་གྲགས་པར་འཕོག་པ་དང་། གནད་དུ་འཕོག་པ་དང་། གདོན་མི་ཟ་བར་འཕོག་པར་བྱ་བ་དང་། ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས། གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤི་ནས། དེ་རྒྱལ་པོ་གཟུགས་ཅན་སྙིང་པོས་གླང་པོ་ཆེའི་བླར་བསྐོས་ཏེ། ཕའི་ལས་ཐབས་དེ་ཉིད་བྱིན་ཏོ། །དེ་ནས་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས། སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བླངས་ཏེ། དེས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེས་བསམས་པ། བདག་གིས་ཐོས་པའི་སྒོ་ནས་བྱ་བ་གང་ཡིན་པ་དེ་དག་ནི་བྱས་ཟིན་གྱིས། ད་ཕྱིན་ཅད་ནི་བདག་གིས་ཡིད་ལ་བྱེད་པ་ལ་འབད་པར་བྱའོ་སྙམ་དུ་བསམས་ཏེ། དེས་ཡིད་ལ་བྱེད་པ་བཟུང་ནས། སྲོད་དང་ཐོ་རངས་མི་ཉལ་བ་ཉམས་སུ་བླངས་ཏེ་གནས་པས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བསམ་གཏན་གྱི་བར་དུ་བསྐྱེད་ནས། དེས་སློབ་མ་ལྔ་བརྒྱ་བསྡུས་ཏེ། འཁོར་དང་ལྡན་པར་གྱུར་ཏོ། །དེ་ནས་


DKG074_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཞིག་ན་དེ་འཁོར་དང་བཅས་པ་ལྗོངས་རྒྱུ་ཞིང་དོང་སྟེ། དེ་མཐར་གྱིས་སྤྱོད་ཡུལ་དུ་རྒྱུ་བ་ལས་སླར་ལོག་ནས། བློན་པོ་རྣམས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་དེ་རབ་ཏུ་བྱུང་ངོ་ཞེས་གསོལ་ཏེ། ལྷ་གཅིག་ནག་པ་གླང་ཆེན་གནས་ནི་རབ་ཏུ་བྱུང་ལ། དེ་ཡང་བུ་མ་མཆིས་ཏེ། བུ་མ་མཆིས་པས་ན་དེ་ཅི་བདོག་པ་ཐམས་ཅད་ལྷ་གཅིག་མངའ་ལགས་སོ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་སྨྲས་པ། ང་ནི་ཤི་བའི་ནོར་དབང་དུ་ཟད་ཀྱིས། གསོན་པོའི་ནི་མི་དབང་སྟེ། རིགས་ཀྱི་བུ་དེ་ཡང་ད་དུང་གསོན་པོར་འདུག་ལ་དྲང་སྲོང་རྣམས་ནི་ཕྱིར་ཡང་འབབ་ཅིང་། ཁྱིམ་ན་གནས་པར་འགྱུར་ཡང་སྲིད་དོ་ཞེས་བྱས་ནས། རྒྱལ་པོས་དེའི་ཁྱིམ་ནས་ཅི་ཡང་མ་བཞེས་སོ། །དེ་ནས་ཕྱི་ཞིག་ན་དེའི་ཆུང་མས་ནག་པ་གླང་ཆེན་གནས་འཁོར་ལྔ་བརྒྱ་དང་བཅས་པ། རྒྱལ་པོའི་ཁབ་ཏུ་ལྷགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཁྱིམ་དུ་ཟན་བྱིན་ནོ། །དེ་ནས་དེའི་ཆུང་མས་བསམས་པ། ཅི་འདི་བྱ་བ་བྱས་པ་ཡིན་ནམ། འོན་ཏེ་སོ་སོའི་སྐྱེ་བོ་ཡིན་ཞིག་གུ། གལ་ཏེ་སོ་སོའི་སྐྱེ་བོ་ཡིན་ན་ནི་འདི་དྲང་བའི་ཐབས་ཤིག་བྱའོ་སྙམ་ནས། དེས་དེ་ཟན་ཟ་བའི་ཚེ་ཁང་ཐོག་ནས་ཟངས་གཞོང་གཅིག་དེའི་མདུན་དུ་བོར་ནས། དེ་དེའི་སྒྲས་སྐྲག་པར་གྱུར་ལ། གཅིག་ཏུ་ན་ཟན་ཟ་བའི་ཚེ། དེས་ཟངས་གཞོང་དེ་ལ་གྲིས་བྲུད་པ་ལྟར་ཡང་བྱེད་དེ། དེས་དེ་མཐོང་ནས་བསམས་པ། འདི་ནི་དགྲ་བཅོམ་པ་མ་ཡིན་ཏེ། འདི་ནི་སོ་སོའི་སྐྱེ་བོ་ཡིན་པས་བདག་གིས་འདི་དྲང་ནུས་སོ་སྙམ་ནས། རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། ཇོ་བོ་མི་བཞུགས་པས་བདག་ཅག་གི་ལོངས་སྤྱོད་འདི་དག་དམས་པར་གྱུར་ཏེ། དེ་བས་ན་ཇོ་བོ་སང་ཡང་འཁོར་བརྒྱ་ལྔ་བཅུ་དང་ཁྱིམ་འདིར་བཤོས་གསོལ་བར་ཅི་གནང་ཞེས་བྱས་སོ། །དེ་ནས་ནག་པ་གླང་ཆེན་གནས་ཀྱིས་ཆུང་མ་ལ་ཅང་མི་ཟེར་བར་ཁས་བླངས་ནས། དེས་ཕྱི་དེ་ཉིན་དེའི་འཁོར་བརྒྱ་ལྔ་བཅུ་དང་། ཟན་བྱིན་ནས་ཡང་ཕྱི་དེ་ཉིན་པར་འཁོར་བརྒྱ་དང་ཟན་ལ་བོས་སོ། །དེ་བཞིན་དུ་མཐར་གྱིས་བུད་མེད་དེས་འཁོར་ཇེ་ཉུང་ཇེ་ཉུང་དུ་ཕྲིས་ནས། ཐ་མའི་ཉིན་པར་


DKG074_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་ཟན་ལ་བོས་ཏེ། དེས་ཟན་བྱིན་ནས་དེ་དྲང་བའི་ཕྱིར་ཕོངས་པའི་ཚིག་སྨྲ་ཞིང་། ཇོ་བོ་མི་བཞུགས་པས་འདི་ལྟར་བྲན་རྣམས་ཀྱིས་ཀྱང་བརྙས་སོ་ཞེས་ཟེར་རོ། །དེས་སྔ་ནས་ཁོལ་པོ་ཁྱེའུ་ཞིག་ལ་བསྒོ་སྟེ། གང་གི་ཚེ་ང་ཆོས་ཉན་ཅིང་འདུག་པ་དེའི་ཚེ། ཁྱོད་ཀྱིས་ང་ལན་གསུམ་གྱི་བར་དུ་དགུག་པ་ཐོང་ལ། ངའི་གན་དུ་ཤོག་ཅིག་ཅེས་སྤྲིང་ཤིག་དེ་ནས་ཁྱོད་ཀྱི་ཐད་དུ་འོངས་པ་དང་། དེའི་འོག་ཏུ་ཁྱོད་ཀྱིས་ངའི་ཅོ་ཏོ་ནས་ཟུང་ལ། ཇོ་བོའི་མདུན་དུ་རྡེགས་ཤིག་ཅེས་བྱས་ཏེ་བཞག་གོ །དེ་ནས་ཁོལ་པོའི་ཁྱེའུ་དེས་ཀྱང་དེ་ཁོ་ན་བཞིན་དུ་བྱས་ནས། བུད་མེད་དེས་སྨྲས་པ། ཇོ་བོ་ད་གཟིགས། ཁྱོད་ཉིད་ཀྱི་མདུན་དུ་ཡང་བདག་འདི་ཁོ་ན་ལྟ་ཞིང་མཆིས་སོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ནག་པ་གླང་ཆེན་གནས་ཁྲོ་བའི་ཀུན་ཏུ་དསྲེས་པ་ཆེན་པོ་སྐྱེས་ནས། དེ་ཁྲོས་པས་ཆུང་མས་སྔ་ནས་མལ་དུ་རལ་གྲི་བཞག་པ་དེ་བླངས་ནས། ཤུབས་ནས་ཕྱུང་སྟེ་ཁྱེའུ་དེའི་སྟེང་དུ་བརྒྱུགས་ནས། ཆུང་མས་རྐང་པ་ལ་ཕྱག་བྱས་ཏེ་སྨྲས་པ། ཇོ་བོ་རེ་ཞིག་གཟུ་ལུམས་མ་མཛད་པར་བསླབ་པའི་གཞི་རྣམས་ཕུལ་ལ་དེའི་འོག་ཏུ་འདི་བཅོས་པས་སླེབས་སོ། །དེ་ནས་ནག་པ་གླང་ཆེན་གནས་ཀྱིས་ཆུང་མ་དེ་ཉིད་ཀྱི་མདུན་དུ་བསླབ་པའི་གཞི་རྣམས་ཕུལ་ཏེ། ཆོས་གོས་ཚོན་ཅན་རྣམས་བོར་ནས། ཁྱིམ་པའི་གོས་རྣམས་བགོས་ཏེ་འདུག་གོ །དེ་ནས་ཆུང་མ་ན་རེ། འདི་ནི་བདག་གིས་ཇོ་བོ་དྲང་བའི་ཐབས་བགྱི་བའི་སླད་དུ་དེ་ལྟར་བགྱིས་པར་བས་ཀྱི་ཇོ་བོས་འདི་ལ་ཁོན་དུ་མི་བཟུང་བར་གསོལ། ཇོ་བོའི་ཁྱིམ་གྱི་འབྱོར་པ་ནི་རྒྱ་ཆེ་བ་ལགས་ཀྱིས། ད་སླན་ཅད་ཇོ་བོ་འདོད་པ་རྣམས་ཀྱང་སྤྱོད་ཅིང་བཞུགས་ཤིག །སྦྱིན་པ་དག་ཀྱང་སྦྱིན་པར་མཛོད་ཅིག །བསོད་ནམས་དག་ཀྱང་མཛོད་ཅིག་ཅེས་ཟེར་རོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས། ནག་པ་གླང་ཆེན་གནས་ཀྱིས་བསླབ་པ་རྣམས་ཕུལ་ཏེ། ཉམས་པར་བྱས་སོ་ཞེས་ཐོས་ནས་རྒྱལ་པོས་དེ་དགུག་པ་བཏང་ནས་དེ་ལ་སྔོན་གྱི་ལས་ཐབས་བྱིན་ནོ། །དེ་ནས་དགེ་སློང་མང་པོ་དེ་དག་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་


DKG074_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་བསྣམས་ནས། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་དོང་སྟེ། དགེ་སློང་མང་པོ་དེ་དག་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་རྒྱུ་བ་དང་། ནག་པ་གླང་ཆེན་གནས་ཀྱིས་བསླབ་པ་རྣམས་ཕུལ་ཏེ། ཉམས་པར་བྱས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་ཁབ་ནས་བསོད་སྙོམས་བླངས་ནས། ཟན་ཟོས་ཏེ། ཟས་ཕྱིས་ལེན་པ་སྤངས་ནས་ལྷུང་བཟེད་དང་ཆོས་གོས་བཞག་སྟེ། རྐང་པ་བཀྲུས་ནས། བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། དགེ་སློང་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཅག་དགེ་སློང་མང་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་འཚལ་ཏེ། ལྷུང་བཟེད་ཐོགས་ནས། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་མཆིས་པ་ན། བཙུན་པ་བདག་ཅག་དགེ་སློང་མང་པོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་རྒྱུ་བ་རྣམས་ཀྱིས། ནག་པ་གླང་ཆེན་གནས་ཀྱིས་བསླབ་པ་རྣམས་ཕུལ་ཏེ། ཉམས་པར་བགྱིས་སོ་ཞེས་ཐོས་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་དེ་ནི་ཡུན་རིང་དུ་ཁྱིམ་དུ་མི་གནས་ཏེ། དེ་ནི་ཡང་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་ནས་ཕྱི་ཞིག་ན་བཅོམ་ལྡན་འདས་ཀྱིས་ནག་པ་གླང་ཆེན་གནས་འདུལ་བའི་དུས་ལ་བབ་པར་གཟིགས་ནས། སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་ཏེ། མཐར་གྱིས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བཞེས་ནས། ནག་པ་གླང་ཆེན་གནས་ཀྱི་ཁྱིམ་གང་ན་འདུག་པ་དེར་གཤེགས་ཏེ་བྱོན་ནས། ཁྱིམ་གྱི་སྒོ་ན་གཞེས་ཏེ། དེ་དྲང་བའི་ཕྱིར་འོད་ཟེར་བཀྱེ་ནས་དེས་དེའི་ཁྱིམ་ཐམས་ཅད་གསེར་ཞུན་མའི་ཁ་དོག་ལྟ་བུར་སྣང་བར་གྱུར་ཏོ། །དེ་ནས་ནག་པ་གླང་ཆེན་གནས་ཀྱིས་བསམས་པ། འོད་འདི་


DKG074_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སུའི་ཡིན་ཞིག་གུ་བཅོམ་ལྡན་འདས་ཁོ་ནའི་ཡིན་གོར་མ་ཆག་ན། བཅོམ་ལྡན་འདས་ག་ལ་བ་དེར་བཞུགས་ཏེ། བདག་ལ་དགོངས་ཞིག་གུ་སྙམ་པ་དང་དེའི་སྐབས་སུ་ཕྲིན་པ་འོང་ནས། ནག་པ་གླང་ཆེན་གནས་ལ་སྦྲན་ཏེ། བཅོམ་ལྡན་འདས་སྒོ་ན་བཞུགས་སོ་ཞེས་བྱས་སོ། །དེ་ནས་གུས་པར་བསྒྲིམ་པས་བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་ཅི་སྩལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཁྱིམ་ན་གནས་པ་ཐོང་ལ་ཚུར་ཤོག།ཡང་ངའི་ཐད་དུ་རབ་ཏུ་བྱུང་ཤིག་ཅེས་བཀའ་སྩལ་ཏོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ནི། ཚེ་རབས་གཞན་དང་གཞན་དག་ཏུ་བླ་མ་དང་བླ་མའི་གནས་ལྟ་བུར་གྱུར་པ་སུའི་ངག་ཀྱང་མ་བཅག་པས་ན། བཅོམ་ལྡན་འདས་ཀྱི་བཀའ་ཡང་སུས་ཀྱང་གཅོག་ནུས་པ་མེད་དོ། །དེ་ནས་དེས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་ཅི་ལྟར་སྩལ་པ་བཞིན་དུ་འཚལ་ལོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་དུ་འབྲང་སྟེ། བཅོམ་ལྡན་འདས་ཀྱིས་འོད་མའི་ཚལ་དུ་ཁྲིད་ནས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ནག་པ་གླང་ཆེན་གནས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ་འདིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་


DKG074_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། རི་ཁྲོད་ཀྱི་གྲོང་ཞིག་ན། ཁྱིམ་བདག་ནག་པ་ཞེས་བྱ་བ། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་ལས། ཕྱི་ཞིག་ན་དེ་དཔྱིད་ཀྱི་དུས་ན། ཤིང་ཡལ་ག་འཁྲིགས་ཤིང་མེ་ཏོག་རྒྱས་པའི་སྐྱེད་མོས་ཚལ་གྱི་སར་བྱུང་ངོ་། །སངས་རྒྱས་འཇིག་རྟེན་དུ་མི་འབྱུང་བའི་ཚེ། རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ་བས་མཐའི་གནས་མལ་ན་གནས་པ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། རང་སངས་རྒྱས་ཞིག་རི་ཁྲོད་དེར་བསོད་སྙོམས་ལ་འགྲོ་འདོད་ནས། དེས་སྐྱེད་མོས་ཚལ་དེ་ན་རོལ་མོའི་སྒྲ་གྲགས་པ་ཐོས་ནས། དེས་བསམས་པ། བདག་དགང་དཀའ་བའི་ལྟོ་འདིའི་ཕྱིར་རི་ཁྲོད་དུ་འགྲོ་ཅི་དགོས་ཀྱིས། སྐྱེད་མོས་ཚལ་འདིའི་ནང་དུ་སོང་དང་། འདི་ནས་བདག་གི་བསོད་སྙོམས་འབྱུང་བར་འགྱུར་རོ་སྙམ་སྟེ། རང་སངས་རྒྱས་དེ་སྐྱེད་མོས་ཚལ་དེར་སོང་ནས། ཁྱིམ་བདག་དེས་དེ་ལུས་མཛེས་པ་དང་། སེམས་མཛེས་པ་དེ་མཐོང་ངོ་། །མཐོང་ནས་ཀྱང་ཁྱིམ་བདག་དེ་རང་སངས་རྒྱས་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་དགའ་བར་གྱུར་ནས་བཤོས་གསོལ་ཏེ། སྨྲས་པ། འཕགས་པ་ཁྱོད་ག་ལ་བཞུགས། བདག་གིས་ཁྱོད་ཀྱི་བསྙེན་བཀུར་བགྱིའོ། །རང་སངས་རྒྱས་ཀྱིས་སྨྲས་པ། ནགས་ཁྲོད་ག་གེ་མོ་ཞིག་ན་འདུག་གོ་ཞེས་སྨྲས་ནས། རང་སངས་རྒྱས་དེ་སོང་ངོ་། །དེ་ནས་ཁྱིམ་བདག་དེས་དུས་དུས་སུ་ནགས་ཁྲོད་དེར་བཤོས་འབུལ་ཞིང་བསྙེན་བཀུར་ཡང་བྱེད་དོ། །དེ་ནས་ཡང་ཕྱི་ཞིག་ན་ཁྱིམ་བདག་དེ་དེ་བལྟ་བའི་ཕྱིར་སོང་བ་ལས། རང་སངས་རྒྱས་དེ་ཤིང་ཞིག་གི་དྲུང་དུ་གནས་བཅས་ཏེ། ཀླུའི་རྒྱལ་པོ་ལུས་བསྐྱིལ་ཏེ་གཉིད་ལོག་པ་བཞིན་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ །དེ་ནས་ཁྱིམ་བདག་དེས་རང་སངས་རྒྱས་དེ་རབ་ཏུ་དབེན་པར་གནས་པ་དེ་མཐོང་ནས། དེ་ཡང་རབ་ཏུ་དབྱུང་བར་འདོད་པའི་སེམས་སྐྱེས་སོ། །དེ་ནས་དེ་


DKG074_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རང་སངས་རྒྱས་དེའི་ཐད་དུ་སོང་ནས་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་བདག་རབ་ཏུ་ཕྱུང་ཞིག་དང་། བདག་ཀྱང་ཁྱོད་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །རང་སངས་རྒྱས་ཀྱིས་སྨྲས་པ། ང་ནི་རབ་ཏུ་འབྱིན་པར་མི་བྱེད་དོ། །དྲང་སྲོང་རྣམས་རབ་ཏུ་འབྱིན་པར་བྱེད་ཀྱིས་དྲང་སྲོང་རྣམས་ཀྱི་ནང་དུ་སོང་ལ་རབ་ཏུ་འབྱུང་བར་གྱིས་ཤིག །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་དེས་ཁྱིམ་གྱི་འཁོར་བཏང་ནས། སྦྱིན་པ་བྱིན་ཅིང་བསོད་ནམས་དག་བྱས་ཏེ། དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས། དེ་དེར་རབ་ཏུ་བྱུང་སྟེ། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་རབ་ཏུ་བྱུང་ནས། རང་སངས་རྒྱས་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་དྲང་སྲོང་དེའི་བློ་སྐྱེས་པ་བདག་སོང་ལ་ཡོན་གནས་ཀྱི་མཆོག་དགེ་བའི་བཤེས་གཉེན་དེ་ལ་བསྙེན་བཀུར་བྱའོ། །འོན་ཀྱང་དེ་ལས་བདག་གིས་གོང་མའི་ཁྱད་པར་རྟོགས་པར་འགྱུར་རོ་སྙམ་སྟེ། དེ་ནགས་ཁྲོད་དེར་སོང་བ་ལས། དེས་དེར་རང་སངས་རྒྱས་དེ་ནི་མ་མཐོང་གིས། རང་སངས་རྒྱས་གཞན་ཞིག་ནགས་ཁྲོད་དེར་མཐོང་ནས། དེས་དེ་ལ་དྲིས་པ་འཕགས་པ། དགེ་སློང་ཤ་ཚུགས་དང་། ཁ་དོག་འདི་ལྟ་བུ་ཞིག་ནགས་ཁྲོད་འདི་ན་འདུག་འདུག་པ་གར་སོང་། རང་སངས་རྒྱས་ཀྱིས་སྨས་པ། ཡོངས་སུ་མྱ་ངན་ལས་འདས་སོ། །དེས་སྨྲས་པ། དེ་གང་དུ་མྱ་ངན་ལས་འདས། དེ་ནས་རང་སངས་རྒྱས་དེས་དེའི་སྐུ་གདུང་དེ་དག་བསྟན་ཏོ། །དེ་ནས་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་བདུག་པ་དང་། ཕྱེ་མ་དང་། སྤོས་དང་། མེ་ཏོག་རྣམས་ཀྱིས་བཀུར་སྟི་བྱས་ཏེ། སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཤིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཡོན་ཏན་འདི་ལྟ་བུ་དག་ཀྱང་བདག་གིས་ཐོབ་པར་ཤོག་ཤིག །


DKG074_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དེས་སྨོན་ལམ་བཏབ་ནས། ས་ཕྱོགས་དེ་ནས་སོང་ངོ་། །དེ་ནས་ཕྱི་ཞིག་ན། དེ་ཤི་འཕོས་ཏེ། དུས་ལས་འདས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ནག་པར་གྱུར་པ་གང་ཡིན་པ་དེ་ནི་ནག་པ་གླང་ཆེན་གནས་འདི་ཁོ་ན་ཡིན་ཏེ། དེས་རང་སངས་རྒྱས་དེ་ལ་བཀུར་སྟི་བྱས་ནས། སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། རང་སངས་རྒྱས་བྱེ་བ་འབུམ་ཕྲག་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ། ང་ལྟ་བུ་འདིས་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ནག་པ་གླང་ཆེན་གནས་མཆིས་བྲང་གིས་ཐབས་བགྱིས་ཏེ། འདོད་པ་སྤྱད་དུ་སྩལ་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདི་ཆུང་མ་དེས་ཐབས་བྱས་ནས། ཇི་ལྟར་འདོད་པ་སྤྱོད་དུ་བཅུག་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་ར་ན་སཱེ་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་གྱི་མདུན་ན་འདོན། བྲམ་ཟེ་མེས་སྦྱིན་ཞེས་བྱ་བ་ཞིག་ཡོད་དེ། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། བུ་མཚེ་མ་གཉིས་བྱུང་སྟེ། དེ་གཉིས་ཀྱི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདི་གཉིས་ཀྱི་མིང་ཅི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་གཉིས་མེས་སྦྱིན་གྱི་བུ་ཡིན་པས་ན། ཁྱེའུ་གཅིག་གི་མིང་ནི་མེའི་བུ་ཞེས་གདགས་སོ། །གཅིག་གི་མིང་ནི་མེ་ལྕེ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་མེའི་བུ་དང་། མེ་ལྕེ་གཉིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་གུས་བསྐྱེད་བསྲིངས་ནས། གང་གི་ཚེ་དེ་གཉིས་ཆེར་སྐྱེས་པ་དེའི་ཚེ། ཡི་གེ་དང་།


DKG074_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་སྤྱོད་ལམ་དང་། སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་། ཐལ་བ་བླང་བ་དང་། རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་། བླང་བ་དང་། ཁ་ཏོན་བྱ་བ་དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས། ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏོ། །དེ་གཉིས་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ཏོ། །ཕྱི་ཞིག་ན་དེ་གཉིས་ཀྱིས་ཕས་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་འཛིན་པ་མཐོང་ངོ་། །དེ་ཕྱི་ཞིག་ན་དེ་གཉིས་ཀྱིས་བློ་སྐྱེས་པ། ཕ་མེད་པའི་འོག་ཏུ་ནི་བདག་ཅག་གཉིས་ཕའི་ལས་ཐབས་སུ་བསྐོ་བར་འགྱུར་གྱི། བདག་ཅག་གཉིས་ཁྱིམ་ན་གནས་པ་བཏང་ངོ་ཞེས་ཟེར་རོ། །འདི་སྐད་ཅེས་ཀྱང་ཟེར་ཏེ། འཇིག་རྟེན་ཕ་རོལ་གྱིས་འཇིགས་པའི་མིས་ནི་རྒྱལ་སྲིད་ཀྱི་ཕྱིར་བསད་པ་དང་། བཅིང་བ་དང་། བརྡེག་པའི་ལས་བྱེད་པ་བས། ནགས་ཁུང་དུ་ཤིང་ཤུན་གྱི་གོས་གྱོན་ཞིང་ཤིང་ཏོག་ཟ་ལ། གཅན་གཟན་དག་དང་ལྷན་ཅིག་གནས་ཀྱང་བླའི་ཞེས་ཟེར་ནས། ཕ་མ་ལ་གསོལ་ཏེ། ཡབ་ཡུམ་བདག་ཅག་གཉིས་དཀའ་ཐུབ་ཀྱི་ནགས་ཚལ་དུ་མཆིའོ་ཞེས་བྱས་སོ། །ཕ་མ་གཉིས་ཀྱིས་སྨྲས་པ། བུ་གཉིས་གང་གི་ཕྱིར། དྲང་སྲོང་རྣམས་དཀའ་ཐུབ་སྤྱོད་པ་དེ་ནི་ཁྱོད་གཉིས་ཀྱི་ལག་ན་འདུག་སྟེ། ངེད་ཤི་བའི་འོག་ཏུ་ཁྱེད་གཉིས་ཅོད་པན་མེད་པའི་རྒྱལ་སྲིད་འཛིན་པར་འོང་ངོ་། །ཁྱེའུ་དེ་གཉིས་ཀྱིས་སྨྲས་པ། བདག་ཅག་གཉིས་འཇིགས་པ་ཡང་འདི་ཁོ་ན་ཡིན་ཏེ། དེའི་ཕྱིར་ན་ནགས་ཁུང་དུ་གནས་བཅའ་བར་འདོད་པས་ན། བདག་ཅག་གཉིས་ནི་འདོད་པ་ལ་ལོངས་སྤྱོད་པའི་རྔོ་མི་ཐོགས་སོ། །དེ་ལྟར་ཕ་མ་གཉིས་ཀྱིས་དེ་གཉིས་ལ་ལན་མང་དུ་བཀག་ཀྱང་དགག་མ་ནུས་ནས། དེ་གཉིས་ལ་ཕ་མས་སྨྲས་པ། རབ་ཏུ་བྱུང་བར་གྱིས་ལ། གལ་ཏེ་ཁྱད་པར་ཅུང་ཟད་ཐོབ་པར་གྱུར་ན། ངེད་གཉིས་ལ་


DKG074_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བལྟར་ཤོག་ཤིག་ཅེས་བྱས་སོ། །དེ་ནས་དེ་གཉིས་ཀྱིས་སྨྲས་པ། ཁྱེད་གཉིས་ཅི་ལྟར་དགྱེས་པ་བཞིན་དུ་འཚལ་ལོ་ཞེས་བྱས་ནས། ཁྱེའུ་དེ་གཉིས་ཀྱིས་ཕ་མ་ལ་འཕྱི་ཕྱག་འཚལ་ཏེ། ནགས་ཁུང་དུ་གནས་བཅས་སོ། །དེ་གཉིས་དེར་རབ་ཏུ་བྱུང་ནས། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ཀྱི་བློ་སྐྱེས་པ། བདག་ཅག་གཉིས་ཀྱིས་ཕ་མ་ལ་དམ་བཅས་པ། གལ་ཏེ་ཁྱད་པར་ཅུང་ཟད་ཐོབ་པར་གྱུར་ན། ཁྱེད་གཉིས་ལ་བལྟར་འོང་ངོ་ཞེས་བྱས་སོ། །འདོང་ངོ་ཞེས་ཟེར་ནས་སྟེང་གི་ནམ་མཁའ་ལ་དོང་སྟེ། ཕ་མ་གཉིས་ཀྱི་ཐད་དུ་ཕྱིན་ཏོ། །དེ་ནས་དེ་མཐོང་མ་ཐག་ཏུ་ཕ་མ་གཉིས་དེ་གཉིས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་དགའ་བར་གྱུར་ནས་སྨྲས་པ། ཁྱེད་གཉིས་ཀྱང་བསོད་སྙོམས་འདོད་ལ། ངེད་གཉིས་ཀྱང་བསོད་ནམས་འདོད་ཀྱིས། འདིར་བདག་ཅག་གི་སྐྱེད་མོས་ཚལ་དུ་གནས་པར་གྱིས་ཤིག་དང་། བདག་ཅག་གཉིས་ཀྱིས་ཁྱེད་གཉིས་ཀྱི་ཟན་སྦྱར་རོ་ཞེས་བྱས་སོ། །དེ་གཉིས་ཀྱིས་སྨྲས་པ། ཁྱེད་གཉིས་ཇི་ལྟར་དགྱེས་པ་བཞིན་དུ་བགྱིའོ་ཞེས་བྱས་ནས། སྐྱེད་མོས་ཚལ་དེ་ཉིད་དུ་ཡལ་ག་དང་། ལོ་མའི་སྤྱིལ་པོ་བཅས་ནས་འཁོད་དོ། །དེ་ནས་དེ་གཉིསབཱ་ར་ན་སེའི་ཕྱོགས་ཀུན་ཏུ་བཀུར་སྟི་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་བྱ་བའི་གནས་སུ་གྱུར་ཏོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་མདུན་ན་འདོན་མེས་སྦྱིན་གྱི་བུ་གཉིས་དེ་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏོ་ཞེས་ཐོས་ནས་ཐོས་མ་ཐག་ཏུ་ངོ་མཚར་དུ་གྱུར་ཏེ། གཡར་དྲངས་ནས་ཟན་བྱིན་ནོ། །ཟན་བྱིན་ནས་རྐང་པ་ལ་ཕྱག་འཚལ་ཏེ། སྨྲས་པ། དུས་དུས་སུ་ཁྱེད་གཉིས་ང་ལ་བལྟར་ཤོག་ཤིག་ཅེས་བྱས་སོ། །དེ་ནས་དེ་གཉིས་ཀྱིས་སྨྲས་པ། ལྷ་ཇི་ལྟར་དགྱེས་པ་བཞིན་དུ་བགྱིའོ་ཞེས་བྱས་ནས་དེ་གཉིས་སོང་ངོ་། །དེ་ནས་དུས་དུས་སུ་དེ་གཉིས་སྟེང་གི་ནམ་མཁའ་ལས་འགྲོ་ཞིང་། རྒྱལ་པོའི་ཕོ་བྲང་དུ་འདོང་བར་བྱེད་དེ། རྒྱལ་པོ་ཚངས་པས་བྱིན་ལ་བལྟར་འགྲོའོ། །རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་དེ་གཉིས་འོང་ནས་ནམ་


DKG074_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དེ་ཉིད་ལས་པང་དུ་བླངས་ཏེ། སྟན་ལ་བཞག་ནས། བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ། ཆོས་མཉན་པའི་ཕྱིར་དེ་མདུན་དུ་འདུག་གོ །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཚངས་པས་བྱིན་གྱིས་འབངས་རི་ཁྲོད་པ་རྣམས་ལོག་ནས་དཔུང་གི་ཚོགས་གོ་བསྐོན་ཏེ་ཆས་ནས། དེས་བུ་མོ་ལ་བསྒོ་བ། བུ་དྲང་སྲོང་དེ་གཉིས་ནམ་འོངས་པ་དང་། ངས་ཅི་ལྟར་བཀུར་སྟི་བྱེད་པ་དེ་ཁོ་ན་བཞིན་དུ་ཁྱོད་ཀྱིས་ཀུན་གྱིས་ཤིག་ཅེས་བྱས་ནས། རྒྱལ་པོ་དེ་སོང་ངོ་། །དེ་ནས་ཕྱི་ཞིག་ན་རྒྱལ་པོའི་ཕོ་བྲང་དུ་དྲང་སྲོང་མེའི་བུ་དོན་ཅི་ཞིག་ཡོད་པའི་ཕྱིར། དེས་དྲང་སྲོང་མེ་ལྕེ་བཏང་སྟེ། དེ་སྟེང་གི་ནམ་མཁའ་ལས་རྒྱལ་པོའི་ཕོ་བྲང་དུ་འོངས་ནས། བུ་མོ་དེས་དྲང་སྲོང་ནམ་མཁའ་ལ་འདུག་པ་པང་དུ་བླངས་ཏེ་འཁྱུད་ནས་སྟན་ལ་བཞག་གོ །བུད་མེད་རྣམས་ནི་རེག་ན་གདུག་པ་ཡིན་ཏེ། བུ་མོ་དེས་རེག་མ་ཐག་ཏུ་དྲང་སྲོང་མེ་ལྕེ་རྫུ་འཕྲུལ་དེ་ལས་ཉམས་སོ། །བུ་མོ་དེ་ཡང་དྲང་སྲོང་དེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མཐོང་ནས་ཆགས་པར་གྱུར་ཏེ། དེ་དེ་དང་གནས་དབེན་པ་ཞིག་ཏུ་ཞུགས་ནས་དེ་དང་ལྷན་ཅིག་ཉལ་པོ་བྱས་སོ། །དེ་ནས་དེའི་བཙུན་མོའི་འཁོར་གྱིས་ཚོར་ཏེ། དེ་དག་གིས་བསམས་པ། གལ་ཏེ་བདག་ཅག་གིས་དྲང་སྲོང་འདི་ལ་ཚིག་འགའ་ཞིག་བྱས་ན་ནི། དྲང་སྲོང་འདི་རྫུ་འཕྲུལ་ཆེ་བས་དམོད་པ་འདོར་སྲིད་དོ་སྙམ་སྟེ། དེ་དག་འཇིགས་སྐྲག་ནས། ཅུང་ཟད་ཀྱང་མ་སྨྲས་སོ། །དྲང་སྲོང་དེ་ཡང་རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་འདུག་ཅིང་རྐང་པས་འགྲོར་ངོ་ཚ་སྟེ་མ་ཕོད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཚངས་པས་བྱིན་གྱིས་རི་ཁྲོད་པ་ཕབ་ནས་ཕྱིར་ལོག་སྟེ། རྒྱལ་པོའི་ཕོ་བྲང་དུ་འོངས་པ་དང་། དེས་དྲང་སྲོང་མེ་ལྕེ་འདིར་འོངས་སོ་ཞེས་ཐོས་ནས། ཐོས་མ་ཐག་ཏུ་རྒྱལ་པོ་དེ་དེ་ལ་བལྟར་སོང་སྟེ། དེས་བཟའ་བ་དང་། བཅའ་བ་གཙང་མ་བཟང་པོ་མང་པོ་དག་ཕུལ་ལོ། །བུ་མོས་ཀྱང་དྲང་སྲོང་དེའི་སྐོམ་ཁྱེར་ཏེ་འོངས་སོ། །དེ་ནས་དེ་མཐོང་མ་ཐག་ཏུ་དྲང་སྲོང་དེ་ཤིན་ཏུ་ཆགས་པར་གྱུར་ཏོ། །དྲང་སྲོང་དེ་མྱོས་པ་ཙམ་དུ་ཆགས་པར་གྱུར་ནས། རྒྱལ་པོ་དེའི་སྤྱན་སྔར་


DKG074_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་བརྐྱང་ནས། ལག་པ་ནས་བཟུང་ཞེས་བྱས་པ་དང་། རྒྱལ་པོ་དེས་མཐོང་ནས་མཐོང་མ་ཐག་ཏུ་རལ་གྲི་རྣོན་པོ་ཐོགས་ཏེ། དྲང་སྲོང་དེ་གསད་པར་བྱས་པ་དང་། བུ་མོས་མཐོང་ནས་དྲང་སྲོང་དེ་ལ་སྨྲས་པ། མཁན་པོ་ཅི་ལགས། ཁྱོད་གསང་ནན་དགོས་པའི་ཕྱིར་འཁྲུལ་ཏེ་ཁྱོད་ཀྱིས་འདིར་ཕྱག་བརྐྱང་ལགས་སམ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་དེ་དེ་བཞིན་དུ་ཡིད་ཆེས་པར་གྱུར་ཏེ། དྲང་སྲོང་འདི་འཁྲུལ་ཏོ་སྙམ་དུ་བསམས་ནས། སྐྱེན་པར་སྐོམ་ཕུལ་ལོ། །དེ་ནས་དེ་ལ་ཟན་བྱིན་ནས་ཆོས་ཉན་པའི་ཕྱིར་མདུན་དུ་འདུག་གོ །དེ་ནས་དྲང་སྲོང་མེའི་བུ་དཀའ་ཐུབ་ཀྱི་ནགས་ཚལ་ན་འདུག་པས་བསམས་པ། ཇི་དྲང་སྲོང་དེ་ད་ཙམ་གྱི་བར་དུ་མ་འོང་ན་ཅི་སྙམ་སྟེ། དེས་བལྟས་ན་འདོད་པ་སྤྱོད་པར་གྱུར་ལ། སྐབས་སུ་ཆུད་ཅིང་འདུག་པ་མཐོང་ནས། འདི་དེང་དུ་སྲོག་ཡལ་བར་གྱུར་སྲིད་དོ་སྙམ་ནས། སྟེང་གི་བར་སྣང་ལས་རྒྱལ་པོའི་ཕོ་བྲང་དུ་འོང་ངོ་། །རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་། དྲང་སྲོང་དེ་ནམ་མཁའ་དེ་ཉིད་ལས་པང་དུ་བླངས་ནས། སྟན་ལ་བཞག་སྟེ། ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ །དེ་ནས་དེས་རྒྱལ་པོ་དེ་ལ་ཆོས་ཐ་གི་ཙམ་བཤད་ནས། ནུ་བོ་ཁྲིད་དེ་སྟེང་གི་ནམ་མཁའ་ལས་དཀའ་ཐུབ་ཀྱི་ནགས་ཚལ་དུ་སོང་ངོ་། །དེ་ནས་དེས་དེ་ལ་ཡིད་ལ་བྱེད་པའི་མན་ངག་ཕོག་ནས། དེས་ཕྱིར་ཡང་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཚངས་པས་བྱིན་གྱི་བཙུན་མོའི་འཁོར་རྣམས་ཀྱིས་བསམས་པ། བུ་མོ་འདིས་མ་ལེགས་པ་འདི་ལྟ་བུ་བྱས་པ་དེ། གལ་ཏེ་བདག་ཅག་གིས་མ་གསོལ་ན། བདག་ཅག་ལ་ཡང་འདིའི་ཕྱིར་གྱོད་འབྱུང་བར་འགྱུར་རོ་སྙམ་ནས། དེ་རྣམས་ཀྱིས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཚངས་པས་བྱིན་ཞེ་སྡང་ཆེན་པོའི་དབང་དུ་གྱུར་ནས། དེས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས། དྲང་སྲོང་དེའི་གནས་སུ་སོང་ནས། དྲང་སྲོང་མེ་ལྕེས་རྒྱལ་པོ་ཚངས་པས་བྱིན་དཔུང་གི་ཚོགས་ཡན་ལག་བཞི་དང་ཆས་ཏེ་འོངས་པ་མཐོང་ངོ་། །མཐོང་ནས་ཀྱང་སེམས་པ་ལ་


DKG074_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཏེ། འདི་བསམ་པ་ཅི་ལྟ་བུ་ཞིག་གིས་འདིར་འོངས་སྙམ་སྟེ། དེས་བལྟས་ན་བདག་གསད་པར་འདོད་དོ་སྙམ་དུ་རིག་ནས། དེ་ཉིད་དད་པ་བསྐྱེད་པའི་ཕྱིར། སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ་འདུག་གོ །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་དྲང་སྲོང་མེ་ལྕེ་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ་འདུག་པ་མཐོང་ནས། མཐོང་མ་ཐག་ཏུ་དེའི་ཁྲོ་བའི་ཀུན་ནས་དསྲེས་པ་དེ་མེད་པར་གྱུར་ཏེ། ཐེ་ཙོམ་སྐྱེས་པ། ཇི་འདི་ངས་ཇི་སྐད་ཐོས་པ་དེ་བཞིན་དུ་གྱུར་ཏམ། འོན་ཏེ་མ་གྱུར་ཞིག་གུ་སྙམ་ནས། ཚིགས་སུ་བཅད་དེ་སྨྲས་པ། བྲམ་ཟེ་མེ་ལྕེ་བདག་གིས་ནི། །འདོད་པ་སྤྱོད་ཅེས་སྔར་ཐོས་ན། །ཚིག་དེ་བདེན་པ་ཡིན་ནམ་ཅི། །འོན་ཏེ་ཅི་ལགས་མི་སྤྱོད་དམ། །རྒྱལ་པོ་ཆེན་པོ་དེ་བདེན་ཏེ། །ཁྱོད་ཀྱིས་གཞན་ལ་ཐོས་པ་བཞིན། །བདག་ནི་ལམ་ངན་ཞུགས་གྱུར་ཏེ། །ཆགས་པའི་གནས་སུ་མྱོས་པར་གྱུར། །དེ་ནས་རྒྱལ་པོ་ཚངས་པས་བྱིན་ཐེ་ཙོམ་སྐྱེས་ཏེ། དྲང་སྲོང་མེའི་བུའི་ཐད་དུ་སོང་ནས། དེས་དྲང་སྲོང་དེ་ལ་དྲིས་པ། དྲང་སྲོང་ཅི་ལགས། དེའི་སླད་དུ་བདག་གིས་ཇི་སྐད་ཐོས་པ་དེ་ཁོ་ན་བཞིན་ལགས་སམ། དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ཁོ་ན་བཞིན་དུ་བདེན་མོད་ཀྱིས། ཉོན་མོངས་པ་རྣམས་ནི་དེ་ལྟར་མཐུ་ཆེའོ། །རྒྱལ་པོས་སྨྲས་པ། འོ་ན་འདི་ལྟར་འདོད་པ་ཡང་ལོངས་སྤྱོད་པར་བྱེད་ལ། རྫུ་འཕྲུལ་འདི་ལྟ་བུ་དག་དང་ཡང་ལྡན། དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་དྲང་སྲོང་འདི་གང་གི་ཚེ། འདོད་པ་ལ་སྤྱོད་པར་གྱུར་པ་དེའི་ཚེ་ནི་རྫུ་འཕྲུལ་ལས་ཉམས་སོ། །འདི་གནས་དེ་ནས་བདག་གིས་ཁྲིད་དེ་དེ་ལ་ལུང་ཡང་ཕོག །ཡིད་ལ་བྱེད་པའི་ཐབས་ཀྱང་བསྟན་ནས། འདིས་ཀྱང་ཕྱིར་ཡང་རྫུ་འཕྲུལ་བསྐྱེད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་དེ་ལ་དགའ་བར་གྱུར་ནས་དེས་དྲང་སྲོང་དེའི་རྐང་པ་ལ་ཕྱག་འཚལ་ཏེ་བཟོད་པ་གསོལ་ནས་སོང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་མེའི་བུར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་ནུ་བོར་གྱུར་པ་གང་ཡིན་པ་དེ་ནི། ནག་


DKG074_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པ་གླང་ཆེན་གནས་འདི་ཁོ་ན་ཡིན་ནོ། །དེའི་ཚེ་རྒྱལ་པོའི་བུ་མོར་གྱུར་པ་གང་ཡིན་པ་དེ་ནི། ཆུང་མ་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་དེས་ཚངས་པར་སྤྱོད་པའི་གནས་ལས་ཉམས་པར་བྱས་ཏེ། འདོད་པ་སྤྱོད་པ་ལ་གནས་པར་བྱས་པ་ལས། དེ་ངས་དེ་ནས་དྲངས་ཏེ་ཕྱིར་ཡང་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་གནས་པར་བྱས་ལ། ད་ལྟར་ཡང་འདིས་འདི་ཚངས་པར་སྤྱོད་པའི་གནས་ལས་ཉམས་པར་བྱས་ནས། འདོད་པ་ལ་སྤྱོད་པ་ལ་གནས་པར་བྱས་པ་ལས་དེ་ངས་དེ་ནས་དྲངས་ཏེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་གོ །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་དགུ་པ། ས་ར་ན་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་ཡུལ་གྱེན་དུ་རྒྱལ་ཞེས་བྱ་བ་ན་ནི། རྒྱལ་པོ་རབ་སྣང་ཞེས་བྱ་བ་རྒྱལ་པོ་བྱེད་དོ། །ཡུལ་དཔའ་རབ་ཅེས་བྱ་བ་ན་ནི། རྒྱལ་པོ་འཆར་ཀ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེ་གཉིས་ཕན་ཚུན་མི་འཐུན་པར་གྱུར་པས། དུས་དུས་སུ་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བྱེད་དོ། །དེ་ནས་གང་གི་ཚེ་ཚེ་དང་ལྡན་པ་་་ཡ་ནའི་བུས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་དེའི་ཚེ། དེས་བསམས་པ་བཅོམ་ལྡན་འདས་ནི་བདག་གི་སྡུག་བསྔལ་དང་། ཡིད་མི་བདེ་བ་མང་པོ་སེལ་བ་ཡིན། བདེ་བ་དང་ཡིད་བདེ་བ་རྣམ་པ་དུ་མ་བསྒྲུབ་པ་ཡིན། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སེལ་བ་ཡིན། དགེ་བའི་ཆོས་རྣམ་པ་དུ་མ་བསྒྲུབ་པ་ཡིན་ལ། དགེ་བའི་བཤེས་གཉེན་སངས་རྒྱས་བཅོམ་ལྡན་འདས་ལ་བརྟེན་ཏེ། རུས་པའི་རི་ལས་ནི་བརྒལ། ཁྲག་དང་། མཆི་མའི་རྒྱ་མཚོ་ནི་བསྐམས་ན། བཅོམ་ལྡན་འདས་དེའི་བཀའ་དྲིན་བདག་གིས་ཅི་ལྟར་བསབ་པར་བྱ་སྙམ་མོ། །དེ་ནས་ཡང་བསམས་པ་སངས་རྒྱས་བཅོམ་ལྡན་འདས་


DKG074_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་འབྱུང་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི། སེམས་ཅན་ལ་ཕན་པའི་ཕྱིར་འབྱུང་བ་ཁོ་ནར་ཟད་ཀྱིས། མ་ལ་བདག་གིས་ཀྱང་སེམས་ཅན་ལ་ཕན་པར་བྱའོ་སྙམ་མོ། །དེ་ནས་དེ་སེམས་པ་ལ་ཞུགས་ཏེ། བདག་གིས་འདུལ་བར་བྱ་བ་འགའ་ལྟ་ཅི་ཡོད་སྙམ་པ་དང་། དེས་བལྟས་ན་ཡུལ་དཔའ་རབ་ཅེས་བྱ་བ་ན་གནས་པའི་སྐྱེ་བོ་མང་པོ་རྣམས་ལྷག་པར་བདག་གིས་གདུལ་བར་བྱ་བ་ཡིན་པར་མཐོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལྗོངས་རྒྱུ་ཞིང་མཆི་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀ་ཏྱ་ནའི་བུ་ཁྱོད་སོང་ལ་བདག་བརྒལ་ནས་གཞན་སྒྲོལ་ཤིག །བདག་གྲོལ་ནས་གཞན་གྲོལ་བར་གྱིས་ཤིག །བདག་དབུགས་ཕྱུང་ནས་གཞན་དབུགས་ཕྱུང་ཤིག །བདག་ཡོངས་སུ་མྱ་ངན་ལས་འདས་ནས། གཞན་ཡོངས་སུ་མྱ་ངན་ལས་ཟློས་ཤིག །དེ་ནས་ཚེ་དང་ལྡན་པ་ཀ་ཏྱ་ནའི་བུས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། འཁོར་ལྔ་བརྒྱ་དང་ལྗོངས་རྒྱུ་ཞིང་སོང་ངོ་། །དེ་ནས་དེ་མཐར་གྱིས་རྒྱུ་ཞིང་སོང་སོང་བ་ལས། ཡུལ་གྱེན་དུ་རྒྱལ་དུ་ཕྱིན་ཏེ། དེ་དེར་ཕྱིན་ནས་རྒྱལ་པོ་གཏུམ་པོ་རབ་སྣང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པར་བྱས་སོ། །ཡུལ་དཔའ་རབ་ཏུ་སོང་ནས། རྒྱལ་པོ་འཆར་ཀ་དད་པ་ཕུན་སུམ་ཚོགས་པ་ལ་གནས་པར་བྱས་སོ། །སྐྱེ་བོ་ཕལ་པོ་ཆེ་ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པར་བྱས་སོ། །དེ་ནས་ཕྱི་ཞིག་ན་ཡུལ་དཔའ་རབ་ཀྱི་རྒྱལ་པོ་འཆར་ཀའི་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། མིང་ས་ར་ན་ཞེས་བཏགས་སོ། །དེ་ནས་ཁྱེའུ་ས་ར་ན་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་


DKG074_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་པད་མ་བཞིན་དུ་སྐུ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང་། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། མཚོན་ཆ་བཅང་བ་དང་། འཕོང་དང་། མདུན་དུ་བསྣུར་བ་དང་། ཕྱིར་བསྣུར་བ་དང་། གཡུལ་ལས་ཐར་བར་བྱ་བ་དང་། ལྕགས་ཀྱུས་གཟུང་བ་དང་། ཞགས་པས་གཟུང་བ་དང་། མདའ་བོ་ཆེ་འཕང་བ་དང་། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་། མཚོན་རྩེ་གཅིག་པ་གདབ་པ་དང་། འཁོར་ལོ་འཕང་བ་དང་། གཅད་པ་དང་། གཤེག་པ་དང་། ལག་པས་གཟུང་བ་དང་། རྐང་པའི་སྟབས་དང་། མགོ་བོ་བསྐྱབ་པ་དང་། རྒྱང་མར་འཕོག་པ་དང་། སྒྲ་གྲག་པར་འཕོག་པ་དང་། གནད་དུ་འཕོག་པ་དང་། གདོན་མི་ཟ་བར་འཕོག་པར་བྱ་བ་དང་། ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་གཞོན་ནུ་ས་ར་ན་ཚེ་དང་ལྡན་པ་ཀ་ཏྱ་ནའི་བུ་ལས་བརྟེན་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ། །དེ་ནས་དེས་བལྟས་ན་ཕ་ཆོས་དང་ཆོས་མ་ཡིན་པས་རྒྱལ་པོ་བྱེད་པ་མཐོང་ངོ་། །དེ་ནས་དེས་བསམས་པ། ཡབ་ནོངས་པའི་འོག་ཏུ་ནི་བདག་རྒྱལ་སར་འཇུག་པར་འོངས་ཏེ། བདག་ལ་རྒྱལ་སྲིད་མི་དགོས་ཀྱིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ལ་ཆུ་བོ་རྣམས་ལས་བརྒལ་བར་བྱ་བ་དང་། སྦྱོར་བ་རྣམས་ལས་འདའ་བར་བྱ་བའི་ཕྱིར། བརྩོན་པ་དང་། བསྒྲུབ་པ་དང་། འབད་པར་བྱའོ་སྙམ་ནས་ཡབ་ཡུམ་ལ་གསོལ་ཏེ། ཚེ་དང་ལྡན་པ་་་ཡ་ནའི་བུའི་ཐད་དུ་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་སོ། །དེ་ནས་ཚེ་དང་ལྡན་པ་་་ཡ་ནའི་བུས་བསམས་པ། ཡུལ་འདི་ནས་བཀར་དགོས་སོ་སྙམ་ནས། དེ་ཁྲིད་དེ་ཡུལ་གྱེན་དུ་རྒྱལ་དུ་སོང་ནས་དེ་ན་འཁོད་དོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་ས་ར་ན་སྔ་དྲོ་ཆོས་གོས་དང་། ཤམ་ཐབས་གྱོན་ཏེ། ལྷུང་བཟེད་ཐོགས་ནས་གྲོང་ཁྱེར་གྱེན་དུ་རྒྱལ་དུ་བསོད་སྙོམས་ལ་


DKG074_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ངོ་། །དེ་ཡང་སྤྱོད་ཡུལ་རྒྱུས་མི་ཤེས་ལ་ལམ་པོ་ཆེ་དང་སྲང་གི་རྒྱུས་ལ་མི་མཁས་པ་ཞིག་སྟེ། དེ་མཐར་གྱིས་བསོད་སྙོམས་རྒྱུ་ཞིང་སོང་སོང་བ་ལས། རྒྱལ་པོ་གཏུམ་པོ་རབ་སྣང་གི་ཕོ་བྲང་གི་ཆབ་སྒོར་ཕྱིན་ནས་ཆབ་སྒོ་བ་རྣམས་མེད་པའི་སྐབས་སུ་དེ་རྒྱལ་པོའི་ཕོ་བྲང་གི་ནང་དུ་སོང་ནས། དེ་རྒྱལ་པོའི་བཙུན་མོ་རྣམས་ཀྱིས་མཐོང་ན། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ཏེ། ལུས་ཀྱི་ཤ་རྒྱས་པར་འདུག་གོ །དེ་ནས་དེ་མཐོང་མ་ཐག་ཏུ་དེ་དག་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏེ། དེ་དག་གིས་བསམས་པ། དགེ་སློང་འདི་འདི་ལྟར་གཟུགས་བཟང་ཞིང་མཛེས་ལ་ན་གཞོན་ལ། ཚངས་པར་སྤྱོད་པ་ལ་ཡང་གནས་སོ་སྙམ་མོ། །དེ་ནས་དེ་དག་དགའ་བར་གྱུར་པས་དེའི་སྟན་བཤམས་ཏེ་འདུག་ཏུ་བཅུག་ནས། བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས། ཚེ་དང་ལྡན་པ་ས་ར་ན་བསྐོར་ཏེ་ཆོས་མཉན་པའི་ཕྱིར་གུང་ལ་བཞག་གོ །དེ་ནས་དེ་དེ་ན་འདུག་པའི་སྐབས་སུ་རྒྱལ་པོ་གཏུམ་པོ་རབ་སྣང་བཙུན་མོའི་འཁོར་དུ་འོངས་སོ། །བཙུན་མོ་རྣམས་ཀྱི་ལུགས་ཀྱིས་ན་གང་གི་ཚེ། རྒྱལ་པོ་བཙུན་མོའི་འཁོར་དུ་འོང་བ་དེའི་ཚེ། ལངས་ཏེ་བསུར་འགྲོ་བ་ཡིན་ན་དེ་རྣམས་ཆོས་ཉན་པ་ལས་འདུན་ཆེས་ནས་ལྡང་བ་དང་བསུ་བ་ཡང་མ་བྱས་སོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་བསམས་པ། མ་ལ་བདག་བཙུན་མོ་རྣམས་ཀྱིས་མ་བསུ་བ་འདི་ཅི་ལས་གྱུར་སྙམ་ནས། རྒྱལ་པོས་དེ་འཕྲིགས་ཏེ། ཁྲོས་བཞིན་དུ་བཙུན་མོའི་འཁོར་དུ་སོང་ངོ་། །དེ་དེར་སོང་སྟེ་བལྟས་ན་ཚེ་དང་ལྡན་པ་ས་ར་ན་བཙུན་མོ་རྣམས་ཀྱིས་བསྐོར་བ་མཐོང་ནས། རྒྱལ་པོ་དེ་ལྷག་པར་ཡང་ཁྲོ་བའི་ཀུན་ནས་དསྲེས་པ་སྐྱེས་ཏེ། དེ་ཁྲོས་ནས་བསམས་པ། དགེ་སློང་གིས་ངའི་ཆུང་མ་མཐོང་གིས་མེད་དོ་སྙམ་མོ། །དེ་ནས་དེས་བསམ་པ། རེ་ཞིག་འདི་འདོད་ཆགས་དང་བྲལ་བ་ཡིན་ནམ། འོན་ཏེ་འདོད་ཆགས་དང་མ་བྲལ་བ་ཡིན་བརྟག་པར་བྱའོ་སྙམ་སྟེ། དེ་ནས་ཚེ་དང་ལྡན་པ་ས་ར་ན་ལ་སྨྲས་པ། ཅི་ཁྱོད་དགྲ་བཅོམ་པ་ཡིན་ནམ། དེས་སྨྲས་པ། རྒྱལ་པོ་ཆེན་པོ་མ་ཡིན་ནོ། །རྒྱལ་པོས་སྨྲས་པ། ཅི་ཁྱོད་ཕྱིར་མི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་


DKG074_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་ཞུགས་པ་ཐོབ་པ་ཡིན་ནམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཐོབ་པ་ཡིན་ནམ། བསམ་གཏན་བཞི་པ་དང་། གསུམ་པ་དང་། གཉིས་པ་དང་། བསམ་གཏན་དང་པོ་ཐོབ་པ་ཡིན་ནམ། དེས་སྨྲས་པ་རྒྱལ་པོ་ཆེན་པོ་མ་ཡིན་ནོ། །དེ་ནས་རྒྱལ་པོས་བསམས་པ། དགེ་སློང་འདི་འདོད་ཆགས་དང་བྲལ་བ་མ་ཡིན་ལ། འདི་མཁན་པོ་དང་སློབ་དཔོན་གྱིས་མ་བསླབས་ཀྱིས་ངས་འདི་བསླབ་པར་བྱའོ་སྙམ་ནས། ཞམ་རིང་བ་རྣམས་བོས་ཏེ་དེ་ལྕག་གིས་ཞེན་པར་བཞུས་ཏེ་བཏང་ངོ་། །དེ་ནས་དེ་ལྕག་གིས་བཞུས་པས་པགས་པ་རལ་ནས་ཁྲོས་ཏེ་བསམས་པ་བདག་མ་ཉེས་པར་དུས་ངན་པའི་རྒྱལ་པོ་གཏུམ་པོ་འདིས་བརྡེགས་ཀྱིས། བདག་ཕའི་ཡུལ་དུ་སོང་ལ་ཕའི་ཡུལ་དུ་འདུག་སྟེ། དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་སོང་ལ། དུས་ངན་པའི་རྒྱལ་པོ་གཏུམ་པོ་འདི། རྡུལ་བཏོན་ཏེ་བཏང་ངོ་སྙམ་ནས། ཚེ་དང་ལྡན་པ་་་ཡ་ནའི་བུ་ག་ལ་འདུག་པ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་་་ཡ་ནའི་བུའི་རྐང་པ་ལ་ཕྱག་འཚལ་ཏེ། སྨྲས་པ། མཁན་པོ་བདག་མ་ནོངས་པར་དུས་ངན་པའི་རྒྱལ་པོ་གཏུམ་པོ་དེས། བདག་མ་ཉེས་པར་བརྡེགས་པས་ན་བདག་ཕ་མའི་ཡུལ་དུ་མཆིས་ཏེ། དེར་མཆིས་ནས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་མཆིས་ལ། དུས་ངན་པའི་རྒྱལ་པོ་གཏུམ་པོ་དེ་རྡུལ་བཏོན་ཏེ་བཏང་གིས། བསླབ་པའི་གཞི་རྣམས་བཞེས་སུ་གསོལ། གནས་བརྟན་གྱིས་སྨྲས་པ། བུ་ཁྲོ་བའི་དབང་དུ་མ་འགྲོ་ཤིག །བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བས་ནི། འཇིག་རྟེན་གྱི་ཆོས་བརྒྱད་དེ། རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། གྲགས་པ་མ་ཡིན་པ་དང་། བསྟོད་པ་དང་། སྨད་པ་དང་། བདེ་བ་དང་། སྡུག་བསྔལ་བ་ཐམས་ཅད་བཟོད་པར་བྱའོ་ཞེས་མ་གསུངས་སམ་ཞེས་བྱས་ཏེ། གནས་བརྟན་དེས་དེ་ལ་ལན་མང་དུ་བཀག་ཀྱང་དགག་མ་ནུས་ནས། ཚེ་དང་ལྡན་པ་་་ཡ་ནའི་བུས་དེ་ལ་སྨྲས་པ། བུ་དེ་ལྟར་ཁྱོད་འགྲོ་འདོད་ན་ད་ལྟར་ནི་ནམ་སྲོས་སུ་ཉེ་སྟེ།


DKG074_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ན་སེང་གེ་དང་། སྟག་དང་། གཟིག་དང་། དྲེད་མོ་རྣམས་ཀྱི་འཇིགས་པ་ཡོད་ཀྱིས་དོ་ནུབ་ཀྱི་ཚེ་ལ་འདིར་འདུག་ལ་ནང་པར་སོང་ཤིག་ཅེས་བྱས་སོ། །དེ་ནས་དེས་སྨྲས་པ། མཁན་པོས་ཅི་སྐད་བཀའ་སྩལ་པ་བཞིན་འཚལ་ལོ་ཞེས་བྱས་ནས། གནས་བརྟན་དེ་དེ་དང་གནས་ཁང་གཅིག་ཏུ་ཉལ་ཏེ། ཚེ་དང་ལྡན་པ་་་ཡ་ནའི་བུས་དེ་བཟློག་པའི་ཕྱིར་དེས་བྱིན་གྱིས་བརླབས་ཏེ། ཅི་ནས་དེ་ཉལ་བའི་རྨི་ལམ་དུ་དེས་བསླབ་པ་ཕུལ་ཏེ། ཕའི་ཡུལ་དུ་སོང་ནས་ཕས་དེའི་རྒྱལ་སྲིད་ལ་དབང་བྱེད་དུ་བཅུག་སྟེ། དཔུང་གི་ཚོགས་ཡན་ལག་བཞི་བྱིན་ནས་འདི་སྐད་ཅེས་བསྒོ་སྟེ། ཁྱོད་ཀྱིས་ཐོག་མ་ཁོ་ནར་ལས་སུ་བྱ་བ་ནི་དགྲ་ཚར་གཅོད་པར་གྱིས་ཤིག །ཅེས་བྱས་ནས། དེ་ཐོས་མ་ཐག་ཏུ་དེས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས། རྒྱལ་པོ་གཏུམ་པོ་རབ་སྣང་གི་ཡུལ་དུ་དམག་དྲངས་པ་ལས། རྒྱལ་པོ་གཏུམ་པོ་རབ་སྣང་གིས་དེའི་གཡུལ་ཕམ་པར་བྱས་ཏེ། ཐུབ་པར་བྱས་ནས། རྒྱབ་ཀྱིས་ཕྱོགས་པར་བྱས་ཏེ། གསོན་པོར་བཟུང་ནས་གསོད་དུ་བཏང་སྟེ། དེ་ནས་གཤེད་མའི་མི་རྣམས་ཀྱིས་ཁྲིད་དེ་གསོད་པའི་སར་ཕྱིན་དུ་ཉེ་བ་དང་། དེས་བལྟས་ན་རྨི་ལམ་ཉིད་ན་ཚེ་དང་ལྡན་པ་་་ཡ་ནའི་བུ་གྲོང་ཁྱེར་གྱེན་དུ་རྒྱལ་ན་བསོད་སྙོམས་བྱེད་ཅིང་འདུག་པ་མཐོང་ནས་དེས་ཀུས་བཏབ་སྟེ། མཁན་པོ་བདག་གི་སྐྱབས་མཛད་དུ་གསོལ། བདག་ལ་དཀའ་བ་མཛད་པ་དང་། སྲོག་ཕངས་པ་སྦྱིན་པར་མཛད་དུ་གསོལ། ཞེས་ཟེར་ཞིང་འདུག་པ་རྨི་ལམ་མཐོང་བར་བྱིན་གྱིས་བརླབས་སོ། །དེ་ནས་དེ་དེས་སྐྲག་ནས་སད་ཀྱང་རྨི་ལམ་ལ་ཡང་དག་པ་ཙམ་དུ་འཛིན་ཅིང་དེ་བཞིན་དུ་རྡོལ་ནས། ཚེ་དང་ལྡན་པ་་་ཡ་ནའི་བུས་དེ་ལ་སྨྲས་པ། བུ་ཁྱོད་ཀྱིས་རྨི་ལམ་མཐོང་བར་ཟད་ཀྱིས་མ་འཇིགས་ཤིག །དེ་ནས་དེ་ཐོས་མ་ཐག་ཏུ་ས་ར་ན་དགའ་བར་གྱུར་ནས་སེམས་པ་ལ་ཞུགས་ཏེ། ས་ར་ན་ཞེས་བྱ་བ་དེ་ནི་ང་ཉིད་ཡིན་ཞིང་འདུག་ལ། བདག་གིས་ནི་སེམས་ཅན་གཅིག་ལ་ཡང་འཚེ་བ་མ་བྱས་ན། ད་བདག་ཁྲོ་བའི་དབང་དུ་སོང་སྟེ། རྨི་ལམ་དུ་ཡང་སྐྱེ་བོ་མང་པོ་དེ་སྙེད་བསད་ཀྱིས། དོན་དུ་གཉེར་བ་འདི་ལྟ་བུ་བདག་གིས་


DKG074_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ངོ་སྙམ་མོ། །དེ་ནས་གནས་བརྟན་གྱིས་དེའི་ཡིད་སྐྱོ་བར་གྱུར་པར་རིག་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ས་ར་ནས་སྟན་དེ་ཉིད་ལ་འདུག་བཞིན་དུ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་བདག་གིས་དགེ་སློང་ལྕག་གིས་བཞུས་པ་གང་ཡིན་པ་དེ། རྒྱལ་པོ་འཆར་ཀའི་བུ་ཡིན་ནོ་ཞེས་ཐོས་ནས། དེའི་ཐད་དུ་སོང་སྟེ་རྐང་པ་ལ་ཕྱག་འཚལ་ནས་བཟོད་པ་གསོལ་ཏེ། དེ་ཉིད་ལས་བརྟེན་ནས་ཚེ་དང་ལྡན་པ་ཀ་ཏྱ་ནའི་བུ་ཞག་བདུན་གྱི་བར་དུ་བཤོས་ལ་སྤྱན་དྲངས་སོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་ཀ་ཏྱ་་ནའི་བུས་བསམས་པ། རྙེད་པ་དང་བཀུར་སྟི་སྐྱེས་ཀྱིས་བཅད་དགོས་སོ་སྙམ་ནས། ཚེ་དང་ལྡན་པ་ས་ར་ན་དང་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཏུ་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་ས་ར་ན་ཇི་ལྟར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ས་ར་ནས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས། རྒྱལ་པོ་གཏུམ་པོ་རབ་སྣང་གིས་ལྕག་གིས་བཞུས་ལ། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་ར་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་རྒྱལ་པོ་བྱེད་དོ། །ཕྱི་ཞིག་ན་དེའི་བཙུན་མོའི་འཁོར་གྱིས་ཞམ་རིང་བྱས་ཏེ། སྐྱེད་མོས་ཚལ་གྱི་སར་སོང་བ་ལས་རྒྱལ་པོ་གཉིད་ཀྱིས་ལོག་གོ །བུད་མེད་རྣམས་ནི་མེ་ཏོག་དང་། འབྲས་བུ་ལ་ཕྲེད་དེ། དེའི་བཙུན་མོ་རྣམས་སྐྱེད་མོས་ཚལ་དེར་ཕན་ཚུན་དུ་རྒྱུ་བ་ལ་ཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་མི་འབྱུང་བ་དེའི་ཚེ། རང་སངས་


DKG074_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་འཇིག་རྟེན་དུ་འབྱུང་སྟེ། རང་སངས་རྒྱས་ཞིག་སྐྱེད་མོས་ཚལ་དེར་མཚན་མོ་དགོངས་མལ་བཏབ་ནས། ལུས་མཛེས་པ་དང་། སེམས་མཛེས་པ་དེ་ལྟ་བུ་བུད་མེད་དེ་དག་གིས་མཐོང་ནས། མཐོང་མ་ཐག་ཏུ་དེ་ལ་སེམས་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་རྐང་པ་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །དེ་ནས་རྒྱལ་པོ་དེ་སང་ནས། བཙུན་མོའི་འཁོར་མི་སྣང་ན། ཁྲོས་ཏེ་རལ་གྲི་རྣོན་པོ་ཐོགས་ནས། རྗེས་གར་བྱུང་བ་ཐོག་ཐག་ཏུ་སོང་བ་ལས། རྒྱལ་པོ་དེས་རང་སངས་རྒྱས་དེ་བཙུན་མོའི་འཁོར་ལ་ཆོས་འཆད་ཅིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དགེ་སློང་གིས་ངའི་ཆུང་མ་མཐོང་ངོ་སྙམ་སྟེ། དེ་ལྷག་པར་ཡང་ཁྲོ་བའི་ཀུན་ཏུ་དསྲེས་པ་སྐྱེས་ནས། དེས་ཞམ་རིང་འཁོར་རྣམས་ལ་བསྒོ་སྟེ། རང་སངས་རྒྱས་དེ་ལྕག་གིས་ཞེན་པར་བཞུས་ཏེ་བཏང་ངོ་། །དེ་ནས་རང་སངས་རྒྱས་དེས་བསམས་པ། ཉོན་མོངས་པ་འདི་ནི་སྨས་ཞིང་ཉམས་པར་གྱུར་ཏེ། འདི་གཏན་དུ་འཁྱམས་ན་མི་རུང་གིས་ར་མདའ་བྱ་དགོས་སོ་སྙམ་དུ་བསམས་ནས། ནམ་མཁའ་ལ་འཕགས་ཏེ་འབར་བ་དང་། ལམ་མེར་འདུག་པ་དང་། ཆར་འབབ་པ་དང་། གློག་འགྱུ་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་ནོ། །སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་གྱུར་ཏེ། དེ་མཐོང་མ་ཐག་ཏུ་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏེ། དགའ་བར་གྱུར་ནས་སྡོང་པོ་སོག་ལེས་བཅད་པ་བཞིན་དུ་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། སྐལ་བ་ཆེན་པོ་དང་ལྡན་པ་མར་སྤྱོན། བདག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བའི་ལག་ནས་དྲོངས་ཤིག་ཅེས་བྱས་སོ། །དེ་ནས་རང་སངས་རྒྱས་དེ་དེ་ཉིད་ལ་སྙིང་བརྩེ་བའི་ཕྱིར་ས་ལ་བབས་ནས་དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ། བཟོད་པར་གསོལ་ནས། ཅི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་བསྟབས་ཏེ། སྐྱེད་མོས་ཚལ་དེ་ཉིད་དུ་ཡལ་ག་དང་ལོ་མ་རྣམས་ཀྱི་སྤྱིལ་པོ་ཕུབ་ནས། ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་སོ། །དེ་ནས་ཕྱི་ཞིག་ན་རང་སངས་རྒྱས་དེས་བསམས་པ། བདག་ལ་ལུས་ཁོལ་བ་འདིས་ཅི་དགོས་ཀྱིས་བདག་ཞི་བ་མྱ་ངན་ལས་འདས་པའི་ཁམས་སུ་འགྲོ་བར་བྱའོ་སྙམ་ནས་འབར་བ་དང་། ལམ་མེར་འདུག་པ་དང་། ཆར་འབབ་པ་དང་། གློག་


DKG074_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུ་བའི་ཆོ་འཕྲུལ་བསྟན་ཏེ། ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་དེས་དེའི་སྐུ་གདུང་ལ་མཆོད་པ་བྱས་ནས། སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ། མཆོད་རྟེན་དེ་ལ་བསྙེན་བཀུར་ཆེན་པོ་བྱས་ནས་སྨོན་ལམ་བཏབ་པ། ཀྱེ་མ་འདི་ལྟར་བདག་གིས་སེམས་ཅན་དག་པ་འདི་ལྟ་བུ་ལ་གནོད་པ་བྱས་པའི་ལས་འདི་བདག་གིས་མྱོང་བར་མ་གྱུར་ཅིག །བདག་གིས་ཕྱིར་ཡང་བཀུར་སྟི་བྱས་པའི་དགེ་བའི་རྩ་བ་འདིས་ན། བདག་གང་དང་གང་དུ་སྐྱེ་བར་འགྱུར་བ། དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཤིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ས་ར་ན་འདི་ཁོ་ན་ཡིན་ཏེ། དེས་དེར་རང་སངས་རྒྱས་ལ་གནོད་པ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ལུས་ལ་ལྕག་གིས་བཞུས་པས་ལྕག་འོག་ཏུ་ཤི་ནས། འདིས་རང་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ང་ལྟ་བུ་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས། འདིས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱད་དེ་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།རི་དགས་ཀྱི་བརྟུལ་ཞུགས་ཅན་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་ཡུལ་བི་དེ་ཧའི་ལྗོངས་ཀྱི་རི་དགས་ཀྱི་བརྟུལ་ཞུགས་ཅན་རི་དགས་ཀྱི་པགས་པ་གྱོན་ཞིང་རྭ་ཐོགས་པ། རི་དགས་རྣམས་དང་ལྷན་ཅིག་ཏུ་རྩྭ་ཟ་ཞིང་ཆུ་འཐུང་བ་ལྔ་བརྒྱ་ཙམ་ཞིག་འཁོད་དོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་


DKG074_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ་འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་། ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་། ཐར་པ་དང་། འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། རི་དགས་ཀྱི་བརྟུལ་ཞུགས་ཅན་ལྔ་བརྒྱ་པོ་རྣམས་གདུལ་བའི་དུས་ལ་བབ་བོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཅི་ནས་རི་དགས་ཀྱི་བརྟུལ་ཞུགས་ཅན་དེ་རྣམས་ཀྱིས་རི་དགས་དེ་དག་རྒྱལ་པོའི་ཁབ་ཏུ་འགྲོ་


DKG074_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཐོང་ལ། མཐོང་ནས་དེ་རྣམས་ཀྱང་རི་དགས་དེ་དག་དང་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཏུ་འགྲོ་བར་འགྱུར་བ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་དེ་དག་དེར་སོང་ནས་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་རི་དགས་དེ་དག་མི་སྣང་བར་བྱས་སོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་དེ་རྣམས་མཐོང་ནས་རྣམ་པར་སྨོད་པར་བྱེད་དོ། །དེ་ལྟར་སྨད་ནས་དེ་རྣམས་རྒྱལ་པོའི་ཁབ་ནས་བྱུང་སྟེ། འོད་མའི་ཚལ་ལོགས་སུ་ཆས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་ཐུགས་བརྩེ་བའི་ཕྱིར་མདུན་དུ་བཞུགས་སོ། །དེ་ནས་རི་དགས་ཀྱི་བརྟུལ་ཞུགས་ཅན་ལྔ་བརྒྱ་པོ་དེ་དག་གིས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་བཅོམ་ལྡན་འདས་ལ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་རི་དགས་ཀྱི་བརྟུལ་ཞུགས་ཅན་ལྔ་བརྒྱ་པོ་དེ་དག་གིས་སྟན་དེ་ཉིད་ལ་འཁོད་བཞིན་དུ། བདེན་པ་མངོན་པར་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་བྱས་ཏེ། དེ་དག་གིས་བདེན་པ་མཐོང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་གོ །དེ་དག་གིས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་


DKG074_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དགེ་སློང་འདི་རྣམས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་རི་དགས་ཀྱི་ཆ་ལུགས་སུ་མཆིས་ལ་རི་དགས་རྣམས་དང་ལྷན་ཅིག་ཏུ་རྩྭ་ཟ་ཞིང་ཆུ་འཐུང་བར་གྱུར་ནས། འདི་རྣམས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་རྣམས་ཉིད་ཀྱིས་ལས་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་དགེ་སློང་གི་དགེ་འདུན་མང་པོ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཤིང་གཤེགས་པ་ལས། རྒྱལ་པོའི་ཁབ་ཏུ་གཤེགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ན་དཀའ་ཐུབ་ཀྱི་གནས་ཞིག་ན་བྲམ་ཟེ་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་གནས་པ་དེས། བཅོམ་ལྡན་འདས་འོད་སྲུང་འཁོར་དང་བཅས་པ་མཐོང་ངོ་། །མཐོང་ནས་ཀྱང་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། ཁྱེའུ་འོད་སྲུང་གི་དགེ་སློང་རི་དགས་བཞིན་དུ་རྒྱུ་བ་འདི་དག་ལ་ལྟོས། འདི་རྣམས་ནི་གནས་མེད་དེ། གང་དགའ་བར་རྒྱུ་བར་བྱེད་དོ་ཞེས་བྱས་སོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས། དེ་བྲམ་ཟེའི་ཁྱེའུ་དེ་དག་དང་ལྷན་ཅིག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་རབ་ཏུ་བྱུང་ངོ་། །དེ་དག་དེར་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ན་ཡང་། ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ནས། དེ་དག་གིས་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་ཅག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་


DKG074_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་ལྔ་བརྒྱར་གྱུར་པ་གང་ཡིན་པ་དེ་དག་ནི་རི་དགས་ཀྱི་བརྟུལ་ཞུགས་ཅན་འདི་དག་ཁོ་ན་ཡིན་ཏེ། དེ་རྣམས་ཀྱིས་དེར་དགེ་སློང་རྣམས་ལ་ཚིག་རྩུབ་པོ་སྨྲས་ཏེ། འདི་དག་ནི་རི་དགས་བཞིན་དུ་རྒྱུའོ་ཞེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས། ཚེ་རབས་ལྔ་བརྒྱར་རི་དགས་སུ་སྐྱེས་ནས། ད་ལྟར་སྲིད་པ་ཐ་མ་དང་། གནས་ཐ་མར་གྱུར་པའི་བར་དུ་ཡང་རི་དགས་ཀྱི་ཆ་ལུགས་འཛིན་པར་གྱུར་ཏོ། །དེ་རྣམས་ཀྱིས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་། ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ཟླ་བ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཆེ་ཞིང་མཐོ་བ་ཟླ་བ་བདེ་བ་ཞེས་བྱ་བ་ཞིག་གནས་ཏེ། དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་


DKG074_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ན་དེའི་ཆུང་མ་ལ་བུ་མོ་ཆགས་ནས། དེ་ལ་ཡིད་ལ་འདོད་པ་འདི་ལྟ་བུ་ཞིག་སྐྱེས་ཏེ། གཞུང་གི་རྩོད་པ་རྣམས་དང་། ལྷན་ཅིག་ཏུ་གཏམ་ཟེར་ཡང་ཅི་མ་རུང་སྙམ་མོ། །དེ་ནས་དེས་ཁྱིམ་ཐབ་ལ་བསྙད་དེ། ཇོ་བོ་བདག་ལ་ཡིད་ལ་འདོད་པ་འདི་ལྟ་བུ་ཞིག་སྐྱེས་ཏེ། བདག་གཞུང་གི་རྩོད་པ་རྣམས་དང་ལྷན་ཅིག་ཏུ་གཏམ་ཟེར་ཡང་ཅི་མ་རུང་སྙམ་བགྱིད་དོ་ཞེས་བྱས་སོ། །བྲམ་ཟེ་དེ་ཡང་ལྟས་ལ་མཁས་པ་ཞིག་སྟེ། དེའི་བློ་སྐྱེས་པ་འདི་ནི་ལྟོ་ན་འདུག་པའི་སེམས་ཅན་དེའི་མཐུ་ཡིན་ཏེ། དེས་ན་དེའི་ཡིད་ལ་འདོད་པ་དེ་ལྟ་བུ་སྐྱེས་སོ་སྙམ་མོ། །དེ་ནས་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། བུ་མོ་འདིའི་མིང་ཅི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། དེ་ནས་བུ་མོ་འདི་ཟླ་བ་བདེ་བའི་བུ་མོ་ཡིན་པས་ན། བུ་མོ་འདིའི་མིང་ཟླ་བ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་ཟླ་བ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ནས། གང་གི་ཚེ་དེ་ཆེན་མོར་གྱུར་པ་དེའི་ཚེ། ཁྱིམ་དེ་ཉིད་དུ་ཡི་གེ་བསླབས་ཏེ། དེ་རིང་པོ་མ་ལོན་པར་ཡི་གེ་མཐར་ཕྱིན་ནས། དེས་ཁྱིམ་དེ་ཉིད་དུ་ཕ་ལས་བསྟན་བཅོས་ཐམས་ཅད་ལོབས་ཏེ། གཞུང་གི་རྩོད་པ་ཐམས་ཅད་ཚར་བཅད་ནས་དེས་ཚིག་ཏུ་བྱ་བ་ཐོས་སོ་ཅོག་ལོབས་སོ། །དེ་ནས་ཕྱི་ཞིག་ན་དེས་མཉན་དུ་ཡོད་པ་འདི་ཉིད་ན་དགེ་སྦྱོང་གཽ་ཏ་མ་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཡིན་པར་བདག་ཉིད་ཁས་འཆེ་བ་ཞིག་ཡོད་དོ་ཞེས་ཐོས་ནས། ཐོས་མ་ཐག་ཏུ་བུ་མོ་དེ་ཡང་ཡ་མཚན་དུ་གྱུར་ཏེ། བདག་སོང་ལ་དགེ་སྦྱོང་གཽ་ཏ་མ་དེ་ཇི་འདྲ་བ་བལྟ་བར་བྱའོ་སྙམ་སྟེ། ཕ་མ་གཉིས་ལ་གསོལ་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། བུ་མོ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་


DKG074_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི་ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་དེ་ལྟར་དགའ་བ་སྐྱེས་ནས། བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་བུ་མོ་ཟླ་བས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽའུ་ཏ་མ་ལ་གཏད་ནས། སྐྱེ་དགུའི་བདག་མོ་ཆེན་མོ་་ཏ་ས་དེ་རབ་ཏུ་ཕྱུང་ནས། བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་གོ །དེས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེར་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་ལས་ལ་འདུ་བ་ལོགས་ཞིག་ཏུ་གྱིས་ཤིག་ཅེས་གསུངས་པ་ལས། སྐྱེ་དགུའི་བདག་མོ་ཆེན་མོ་་ཏ་ས་སོ་སོར་ཐར་པའི་མདོ་འདོན་མི་ནུས་ནས། དེ་བཅོམ་


DKG074_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་སྐྱེ་དགུའི་བདག་མོ་ཆེན་མོ་་ཏ་ས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཀྱང་ལས་ཀྱི་འདུ་བ་ལོགས་ཤིག་ཏུ་གྱིས་ཤིག །དགེ་སློང་མ་རྣམས་ཀྱིས་ཀྱང་ལས་ཀྱི་འདུ་བ་ལོགས་ཤིག་ཏུ་གྱིས་ཤིག །ཅེས་བཀའ་སྩལ་ལ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ནི་སོ་སོར་ཐར་པ་བསྟན། དགེ་སློང་མ་རྣམས་ལ་ནི་མ་བསྟན་ལགས་ན། བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པ་བསྟན་དུ་གསོལ། བཅོམ་ལྡན་འདས་བདག་གིས་གཟུང་བར་འཚལ་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚིག་རེ་རེ་ནས་ཟློས་ཤིང་ཆོས་གསུངས་མི་སྲིད་དེ། དེའི་སྐབས་མེད་དོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽའུ་ཏ་མ་ལ་བཀའ་སྩལ་པ། ཀྱེ་གཽའུ་ཏ་མ་གལ་ཏེ་ལན་ཅིག་སྨྲས་པས་འཛིན་ནུས་ན་ནི་བསྟན་པར་བྱའོ་ཞེས་གསུངས་སོ། །དེ་ནས་དེའི་ཚེ་དགེ་སློང་མ་ཟླ་བ་འཁོར་དེ་ཉིད་དུ་འདུས་ཏེ། དགེ་སློང་མ་ཟླ་བས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པ་བསྟན་དུ་གསོལ། ལན་ཅིག་བཀའ་སྩལ་པས། བདག་གིས་གཟུང་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་སོ་སོར་ཐར་པའི་མདོ་བསྟན་ཏེ། ལན་ཅིག་བཀའ་སྩལ་པས། དགེ་སློང་མ་ཟླ་བས་ལོབས་ནས། དེས་སྡེ་སྣོད་གསུམ་ཡང་ལོབས་སོ། །ཚིག་ཏུ་བྱ་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ཀྱང་ཐོས་མ་ཐག་ཏུ་ལོབས་ནས། བཅོམ་ལྡན་འདས་ཀྱིས་དེ་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་མ་ཟླ་བས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། འདིས་བསྟན་བཅོས་ཐམས་ཅད་ཀྱང་ལོབས་ཏེ། གཞུང་གི་རྩོད་


DKG074_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཚར་བཅད་ནས། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལ། འདིས་ཐོས་པ་ཐམས་ཅད་ཀྱང་འཛིན་ནུས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ་འདིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་ངོ་། །དེ་གང་ལས་རབ་ཏུ་བྱུང་བར་གྱུར་པའི་མཁན་མོ་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །ཇི་ལྟར་བདག་གི་མཁན་མོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོ་དེས་


DKG074_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་ཤོག་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བའི་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི། །དགེ་སློང་མ་ཟླ་བ་འདི་ཁོ་ན་ཡིན་ཏེ། དེས་དེར་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། འཆི་ཀར་སྨོན་ལམ་བཏབ་པ་དེས་ན་དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་། ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། ངས་འདི་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ།། །།མི་འམ་ཅི་གཉིས་ཞེས་བྱ་བ་དེ་ལ། མི་འམ་ཅི་དང་པོ་ནི་གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན། ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ། བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ། གསེར་གྱི་མདོག་ཅན་མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ་དཔྲལ་བའི་དབྱེས་ཆེ་བ་སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ཏེ། ཁྱེའུ་འདིའི་མིང་ཅི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་མཆོག་ཏུ་བྱད་གཟུགས་མཛེས་ཏེ། བྱད་གཟུགས་མི་འམ་ཅི་དང་འདྲ་བས་ན། ཁྱེའུ་འདིའི་མིང་མི་འམ་ཅི་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་མི་འམ་ཅི་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་


DKG074_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཡི་གེ་དང་། ཁོང་རྩིས་དང་། ཤོད་དགོད་པ་དང་། ལག་རྩིས་དང་། དབྱུང་བ་དང་། སྦ་བ་དང་། དགྲམ་པ་དང་། གོས་བརྟག་པ་དང་། ནོར་བུ་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་། སྨན་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་། ཀློག་མཁས་པ་དང་། མཛངས་པ་དང་། བྱ་བ་ལ་གསལ་བ་དང་། ཡིད་གཞུངས་པ་དང་། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་གྲོང་ཁྱེར་ཆེན་པོ་དྲུག་པོ་ཐམས་ཅད་དུ་དེའི་གྲགས་པ་རྒྱས་པར་གྱུར་ཏེ། མཉན་དུ་ཡོད་པ་ན། ཁྱིམ་བདག་ཆེ་གེ་མོའི་བུ་བྱད་གཟུགས་མི་འམ་ཅི་དང་འདྲ་བ་ཞིག་སྐྱེས་སོ་ཞེས་གྲགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་ཡ་མཚན་དུ་གྱུར་ཏེ། དེ་བལྟ་བའི་ཕྱིར་དོང་ངོ་། །དེ་ནས་དེ་བྱད་གཟུགས་ཀྱིས་རྒྱགས་པས་དྲེགས་ནས་སུ་ལ་ཡང་ཕྱག་མི་འཚལ། སུ་ལ་ཡང་མི་ལྡང་སྟེ། བྱད་གཟུགས་ང་དང་མཚུངས་པ་མེད་དོ་སྙམ་མོ། །དེ་ནས་དེའི་ཕ་མ་གཉིས་ཀྱིས་བསམས་པ། འདིའི་ང་རྒྱལ་བསལ་དགོས་ཏེ། འདི་ལ་བཅོམ་ལྡན་འདས་བསྟན་པར་བྱའོ་སྙམ་ནས་སྨྲས་པ། བུ་སུ་ཡང་ང་དང་མཚུངས་པ་མེད་དོ་སྙམ་དུ་བྱད་གཟུགས་ཀྱིས་རྒྱགས་པས་དྲེགས་པར་མ་བྱེད་ཅིག །བུ་ཁྱོད་ཀྱིས་བཅོམ་ལྡན་འདས་མ་མཐོང་སྟེ། ཁྱོད་ནི་དེའི་བརྒྱའི་ཆར་ཡང་ཉེ་བར་མི་ཕོད། སྟོང་གི་ཆར་ཡང་ཉེ་བར་མི་ཕོད། འབུམ་གྱི་ཆར་ཡང་ཉེ་བར་མི་ཕོད་དོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་ཡ་མཚན་དུ་གྱུར་ཏོ། །བདག་པས་དགེ་སྦྱོང་གཽ་ཏ་མ་ཆེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་བལྟ་སྙམ་ནས། སྐྱེ་བོ་མང་པོས་གཡོག་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །ཁྱེའུ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ་མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ།


DKG074_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་དེའི་བྱད་གཟུགས་ཀྱིས་རྒྱགས་པས་དྲེགས་པ་དེ་མེད་པར་གྱུར་ཏོ། །དེ་ནས་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱེའུ་མི་འམ་ཅིས་སྟན་དེ་ཉིད་ལ་འདུག་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་གཉིས་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེའི་བྱད་གཟུགས་ཀྱིས་རྒྱགས་པ་བསལ་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངས་འདིའི་བྱད་གཟུགས་ཀྱིས་རྒྱགས་པ་བསལ་ནས། ཇི་ལྟར་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་གནས་པར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་ར་ན་སཱིན་བྲམ་ཟེ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། དེ་འོ་མ་དང་། ཞོ་དང་མར་


DKG074_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། བྱད་གཟུགས་ཀྱིས་རྒྱགས་པས་དྲེགས་ནས། སུ་ལ་ཡང་གསོང་པོར་སྨྲ་བ་དང་། ཕྱག་འཚལ་བ་དང་། ལྡང་བ་མི་བྱེད་དོ། །དེ་ནས་དེའི་ཚེ་ཕ་མ་གཉིས་ཀྱིས་བསམས་པ། འདིའི་བྱད་གཟུགས་ཀྱིས་རྒྱགས་པ་བསལ་དགོས་སོ། །དེ་ལྟར་མ་བྱས་ན་འདི་ཞི་བར་མི་འགྱུར་རོ་སྙམ་མོ། །དེའི་ཚེ་བཱ་རཱ་ཎ་སཱིའི་ས་ཕྱོགས་ཞིག་ན། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་ཏེ། དེ་ནས་བྲམ་ཟེ་དེས་དྲང་སྲོང་དེ་ལ་གསོལ་པ། ཁྱེའུ་འདི་བྱད་གཟུགས་ཀྱིས་རྒྱགས་པས་དྲེགས་ནས། སུ་ལ་ཡང་གསོང་པོར་སྨྲ་བ་དང་། ཕྱག་འཚལ་བ་དང་ལྡང་བ་ཡང་མི་བགྱིད་ཀྱིས། ཁྱོད་ཀྱིས་དེའི་བྱད་གཟུགས་ཀྱིས་རྒྱགས་པ་བསལ་དུ་གསོལ་ཞེས་བྱས་སོ། །དེ་ནས་དྲང་སྲོང་དེས་བྲམ་ཟེ་དེ་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་བྲམ་ཟེ་དེ་དྲང་སྲོང་དེའི་ཐད་ནས་སོང་ནས། བུ་ལ་སྨྲས་པ་བུ་ཁྱོད་བྱད་གཟུགས་བདག་དང་མཚུངས་པ་མེད་དོ་སྙམ་དུ་བྱད་གཟུགས་ཀྱིས་རྒྱགས་པར་མ་བྱེད་ཅིག །དཀའ་ཐུབ་ཀྱི་གནས་ཆེ་གེ་མོ་ཞིག་ན་དྲང་སྲོང་ཞིག་གནས་ཏེ། དེ་ལ་ནི་ཁྱོད་ཀྱི་བྱད་གཟུགས་ཀྱིས་བརྒྱའི་ཆར་ཡང་ཉེ་བར་མི་ཕོད། སྟོང་གི་ཆར་ཡང་ཉེ་བར་མི་ཕོད། འབུམ་གྱི་ཆར་ཡང་ཉེ་བར་མི་ཕོད་དོ་ཞེས་བྱས་སོ། །དེ་ནས་དེ་ཡ་མཚན་དུ་གྱུར་ཏོ། །དེ་ཡ་མཚན་དུ་གྱུར་ནས། དྲང་སྲོང་དེ་ག་ལ་འདུག་པ་དེར་སོང་སྟེ། དྲང་སྲོང་དེས་ཁྱེའུ་དེ་མཐོང་ནས་དེས་ཁྱེའུ་དེ་བས་ཆེས་བྱད་གཟུགས་བཟང་བར་བདག་ཉིད་སྤྲུལ་ཏོ། །དེ་ནས་ཁྱེའུ་དེས་ཐག་རིང་པོ་ཞིག་ནས་དྲང་སྲོང་དེ་ཆེས་གཟུགས་བཟང་བ་དང་། ཆེས་བལྟ་ན་སྡུག་པ་དང་ཆེས་མཛེས་པ་མཐོང་ངོ་། །མཐོང་ནས་ཀྱང་དེའི་བྱད་གཟུགས་ཀྱིས་རྒྱགས་པ་མེད་པར་གྱུར་ཏེ། དྲང་སྲོང་དེ་ལ་ཡང་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས། དྲང་སྲོང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ །དེ་ནས་དེས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་ཁྱེའུ་དེ་དྲང་སྲོང་དེ་ཉིད་ལས་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་བསམ་


DKG074_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་ཁྱེའུ་དེ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་ཁྱེའུ་མི་འམ་ཅི་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་འདིའི་བྱད་གཟུགས་ཀྱིས་རྒྱགས་པ་བསལ་ནས། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་གནས་པར་བྱས་སོ། །ད་ལྟར་ཡང་ངས་འདིའི་བྱད་གཟུགས་ཀྱིས་རྒྱགས་པ་བསལ་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་གོ །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་སྟེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པས་ན། དེའི་ཕྱིར་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།མི་འམ་ཅི་གཉིས་པ་ནི། གླེང་གཞི་ཡུལ་སེར་སྐྱའི་གནས་ན་བཞུགས་ཏེ། དེར་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཡབ་དང་། སྲས་མཇལ་བར་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས། ཉི་མ་གཅིག་ནི་རྒྱལ་པོ་ཟས་གཙང་གི་དེར་བཤོས་གསོལ་ཏོ། །ཕྱི་ཉིན་ནི་བཙུན་མོའི་འཁོར་དུ་བཤོས་གསོལ་ཏོ། །དེར་གང་གི་ཚེ་བཅོམ་ལྡན་འདས་བཙུན་མོའི་འཁོར་དུ་བཤོས་གསོལ་ནས། སླར་གཤེགས་པ་དེའི་ཚེ། གྲགས་འཛིན་མ་ཁང་ཐོག་ཏུ་སོང་ནས། བཅོམ་ལྡན་འདས་ལ་བལྟ་ཞིང་འདུག་གོ །དེ་ནས་གང་གིས་སྐབས་སུ་མི་མཐོང་བར་གྱུར་པ་དེའི་སྐབས་སུ། ཁང་ཐོག་ནས་མཆོངས་ནས་སངས་རྒྱས་ཀྱི་མཐུས་ས་གཞི་སྟན་ཤིང་བལ་གྱི་ནང་ཚང་ཅན་འདྲ་བར་བསྒྱུར་ཏེ། ཅི་ནས་དེ་ལ་ཅུང་ཟད་ཀྱང་མི་གནོད་པར་མཛད་དོ། །དེ་ནས་སྐབས་དེ་རྣམས་དགེ་སློང་རྣམས་ཀྱིས་ཐོས་ནས། དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་གྲགས་འཛིན་མས་བཅོམ་ལྡན་འདས་ཀྱི་སླད་དུ། རང་གི་སྲོག་བཏང་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངའི་


DKG074_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འདིས་ཅི་ལྟར་རང་གི་སྲོག་བཏང་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན། རྒྱལ་པོ་ཚངས་པས་བྱིན་རྒྱལ་པོ་བྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཚངས་པས་བྱིན་གྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས། རི་དགས་བཤོར་དུ་སོང་བ་ལས། དེ་རྟ་ཁ་མ་ཐུབ་ནས། དཔུང་གི་ཚོགས་ཀྱང་ལོགས་ཤིག་ཏུ་ལུས། རྒྱལ་པོ་ཡང་ལོགས་ཤིག་ཏུ་སོང་སྟེ། དེ་དཔུང་དང་བྲལ་ནས་ལུས་ངལ་བ་དང་། ལུས་སྡུག་བསྔལ་བ་དང་། ལུས་ཞིག་པར་གྱུར་ཏེ་ནགས་ཁྲོད་ཅིག་ཏུ་ཞུགས་ཏེ་འདུག་གོ །ནགས་ཁྲོད་དེ་ན་མི་འམ་ཅི་ཞིག་མི་འམ་ཅི་མོ་དང་ལྷན་ཅིག་ཏུ་པི་ཝང་ཐོགས་ཏེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་རྒྱལ་པོ་དེས་དེ་མཐོང་ནས། མཐོང་མ་ཐག་ཏུ་རྒྱལ་པོ་དེ་མི་འམ་ཅི་མོ་དེ་ལ་ཤིན་ཏུ་ཆགས་པར་གྱུར་ཏོ། །དེ་འདོད་ཆགས་ཀྱི་དབང་དུ་གྱུར་ནས། མི་འམ་ཅི་དེ་དུག་མདས་གནད་དུ་བསྣུན་ཏེ། དེ་ས་ཕྱོགས་དེ་ཉིད་དུ་ཤིའོ། །དེ་ནས་རྒྱལ་པོ་དེས་མི་འམ་ཅི་དེ་བསད་པའི་འོག་ཏུ་མི་འམ་ཅི་མོའི་ཐད་དུ་སོང་སྟེ། སྨྲས་པ། བཟང་མོ་ཚུར་ཤོག་བདག་ཅག་གཉིས་དགའ་མགུར་སྤྱད་པར་བྱའོ། །མི་འམ་ཅི་མོས་སྨྲས་པ། ཁྱིམ་ཐབ་ཤི་བའི་རོ་མདུན་ན་འདུག་བཞིན་དུ་བདག་ཅི་ལྟར་ཁྱོད་དང་དགའ་མགུར་སྤྱོད་པར་བྱ། རེ་ཞིག་འདིའི་རུས་བུ་ལ་མཆོད་པ་བྱས་ནས། དེའི་འོག་ཏུ་ཁྱོད་ཅི་ལྟར་འདོད་པ་བཞིན་དུ་བྱའོ་ཞེས་སྨྲས་ནས། དེས་ཤིང་རྣམས་བསྡུས་ཏེ། སྤུངས་པའི་སྟེང་དུ་མི་འམ་ཅིའི་རུས་བུ་དེ་བཞག་ནས་མེ་བཏང་སྟེ། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་གང་གི་ཚེ་རུས་བུ་དེ་བཕྲེགས་པའི་ཤིང་དེ་དག་ལ་མེ་འབར་བར་གྱུར་པ་དེའི་ཚེ། མི་འམ་ཅི་མོ་དེ་ཉིད་མེའི་ནང་དུ་མཆོངས་ནས། དེ་དེར་ཤིའོ། །དེ་ནས་རྒྱལ་པོ་ཆེན་པོ་དེ་རེ་ཐག་ཆད་ནས། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། བདག་གིས་དོན་གཞན་བསམ་བསམ་ནས། །ལོག་པར་གཞན་དུ་གྱུར་གྱིས་མེད། །མི་འམ་ཅི་མོ་སྤྱད་སྙམ་ནས། །བདག་གིས་སྲོག་ཆགས་གཉིས་བསད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་མི་འམ་ཅིར་གྱུར་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་


DKG074_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་མི་འམ་ཅི་མོར་གྱུར་པ་གང་ཡིན་པ་དེ་ནི་གྲགས་འཛིན་མ་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདིས་ངའི་ཕྱིར་བདག་ཉིད་ཡོངས་སུ་བཏང་ལ། ད་ལྟར་ཡང་འདིས་ངའི་ཕྱིར་བདག་ཉིད་ཡོངས་སུ་བཏང་ངོ་། །ལས་བརྒྱ་ཐམ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པ་རྫོགས་སོ།། །།

སྡོམ་གྱི་ཚིགས་སུ་བཅད་པ་བརྒྱད་པ།


DKG074_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་པ། སྡོམ་ནི། གང་པོ་མཆོད་སྦྱིན་ལེ་ལོ་ཅན། །མགོན་མེད་དང་ནི་ཉམ་ཆུང་བ། །པད་མ་གཉིས་དང་ལྟ་བ་དང་། །རིན་ཆེན་ནོར་དང་སྟོབས་ཕྲོག་པ། །གང་པོ་དང་ནི་དོན་གཟིགས་དང་། །སྟོབས་བརྩོན་རྩལ་དང་མྱ་ངན་མེད། །འཐུན་མཛད་དང་ནི་པད་མ་ཡི། །བླ་མ་གཉིས་དང་ལེགས་མཐོང་དང་། །རིན་ཆེན་གཙུག་ཏོར་ཆུ་རླབས་དང་། །རྣམ་པར་རྒྱལ་བ་ཐ་མའོ། །ཞེས་བྱ་བ་ནི་སྡོམ་གྱི་ཚིགས་སུ་བཅད་པའོ། །གང་པོ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་ལྷོ་ཕྱོགས་ཀྱི་རི་བོའི་ལྗོངས་ན། རི་བྲགས་ཀྱི་གྲོང་ཞིག་ན་བྲམ་ཟེ་ཆེ་ཞིང་མཐོ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ། བྱམས་པའི་རང་བཞིན་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་མཉེས་གཤིན་པ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ། གང་པོ་ཞེས་བྱ་བ་ཞིག་གནས་ཏེ། དེ་ནི་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་། སློང་བ་ཐམས་ཅད་ལ་གཏོང་ཞིང་སྡུད་པར་བྱེད་དོ། །དུས་དུས་སུ་མཆོད་སྦྱིན་གྱི་གནས་བཅས་ནས་མཆོད་སྦྱིན་ཡང་བྱེད་དོ། །དེ་ནས་མཆོད་སྦྱིན་གྱི་དུས་ཞིག་ལ་བབ་པའི་ཚེ། བསྟན་བཅོས་ཐམས་ཅད་ཀྱི་གཞུང་རྣམས་ལ་རྟོག་ཅིང་། གང་དང་གང་གི་ལྟ་བ་ཅི་འདྲ་བ་ཞིག་སྙམ་སྟེ། དེས་གཞུང་དེ་དག་ཡིད་ལ་བཞག་ནས། སེམས་པ་དང་འཇལ་བ་དང་ཡོངས་སུ་རྟོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེས་མཆོད་སྦྱིན་བྱ་བར་བརྩམས་ནས། མཆོད་སྦྱིན་བྱེད་པ་དེར་སྟོན་པ་ཐམས་ཅད་འདུས་པར་གྱུར་ཏོ། །བྲམ་ཟེ་དེས་ཀྱང་སྟོན་པ་ཐམས་ཅད་ཀྱི་གཞུང་ཡིད་ལ་བཞག་ནས་སེམས་པ་ལ་ཞུགས་པ་ལས། ལྟ་


DKG074_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣམ་པ་དེ་དག་ལ་དེའི་སེམས་མགུ་བར་མ་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོའི་ཁབ་ན་གནས་པའི་དགེ་བསྙེན་རྣམས་ཀྱིས་བྲམ་ཟེ་དེའི་མདུན་དུ་སངས་རྒྱས་ཀྱི་བསྔགས་པ་བརྗོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེ་དེས་བཅོམ་ལྡན་འདས་ལ་བལྟ་འདོད་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་བློ་སྐྱེས་པ། དགེ་སྦྱོང་དང་བྲམ་ཟེ་སྟོང་ཕྲག་དུ་མ་དག་གིས་མཆོད་སྦྱིན་ལ་འོངས་ནས་ལོངས་སྤྱོད་པར་བྱེད་ལ། བཅོམ་ལྡན་འདས་གཽ་ཏ་མ་དེ་ནི་མི་འོང་བ་ན། ཀྱེ་མ་དེ་ཡང་བདག་གི་མཆོད་སྦྱིན་ལ་འོང་སྟེ། ལོངས་སྤྱོད་པར་བྱེད་ཀྱང་ཅི་མ་རུང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེའི་སེམས་ཐུགས་ཀྱིས་མཁྱེན་ནས་དགོངས་པ། བྲམ་ཟེ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སེམས་བསྐྱེད་པར་འགྱུར་ལ་དེ་ཁོ་ན་ལ་བརྟེན་ཏེ། བདག་གིས་སྐྱེ་བོ་མང་པོ་ལ་ཕན་གདགས་སོ་སྙམ་དུ་དགོངས་ནས། དགེ་སློང་མང་པོས་ཞབས་འབྲིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། བྲམ་ཟེ་དེ་ལ་ཐུགས་བརྩེ་བའི་ཕྱིར། རི་བྲགས་ཀྱི་གྲོང་ཁྱེར་དེར་གཤེགས་སོ། །བཅོམ་ལྡན་འདས་དེར་གཤེགས་ནས་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ཅི་ནས་མཆོད་སྦྱིན་གྱི་གནས་དེར་མཆོད་སྦྱིན་གྱི་བདག་པོ་དང་། སྐྱེ་བོ་མང་པོ་གཞན་རྣམས་ཀྱིས་བདག་གཅིག་པུ་མཐོང་ལ། དགེ་སློང་གི་དགེ་འདུན་རྣམས་སུས་ཀྱང་མི་མཐོང་བ་དེ་ལྟ་བུར་བྱིན་གྱིས་བརླབ་བོ་སྙམ་དུ་དགོངས་ཏེ། དེ་ལྟར་བྱིན་གྱིས་བརླབས་ནས། མཆོད་སྦྱིན་གྱི་གནས་སུ་གཤེགས་སོ། །དེ་ནས་བྲམ་ཟེ་དེས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཤེགས་པ་ལེགས་སོ། །བཅོམ་ལྡན་འདས་ཚུར་གཤེགས། བཅོམ་ལྡན་འདས་ཀྱིས་བདག་གི་མཆོད་སྦྱིན་གྱི་གནས་སུ་མཆོད་པ་རྣམས་ལ་ལོངས་སྤྱོད་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ཁྱོད་ཀྱིས་ངའི་ལྷུང་བཟེད་འདི་བཟའ་བ་དང་། བཅའ་བ་དག་གིས་མ་བཀང་གི་བར་དུ་ལོངས་སྤྱོད་པར་མི་བྱའོ། །བྲམ་ཟེ་དེས་སྨྲས་པ། བཅོམ་ལྡན་འདས་གཽ་ཏ་མ་ཇི་ལྟར་དགོངས་པ་དེ་བཞིན་


DKG074_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བགྱིའོ་ཞེས་གསོལ་ནས། བྲམ་ཟེ་དེས་མཆོད་སྦྱིན་བྱེད་པ་དེར་བཟའ་བ་དང་། བཅའ་བ་གཙང་མ་བཟང་པོ་མང་པོ་བཤམས་པ་དེ་དག་བླངས་ནས། བཅོམ་ལྡན་འདས་ཀྱི་ལྷུང་བཟེད་དགང་བར་བྱས་ན། དགང་མ་ནུས་ནས་དེས་ང་རྒྱལ་བསྐྱེད་དེ། བདག་གིས་ལྷུང་བཟེད་འདི་མ་བཀང་བར་མི་གཏང་ངོ་སྙམ་ནས། གཡོག་འཁོར་དང་བཅས་པས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བཟའ་བ་དང་བཅའ་བས་དགང་བ་ལ་བརྩོན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ད་ནི་ཁ་ཟས་འདིས་དགེ་སློང་སྟོང་གི་ཟན་ཆོག་གོ་སྙམ་དུ་དགོངས་ནས། ལྷུང་བཟེད་དེ་གང་བར་བསྟན་ཏོ། །དེ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་གང་བར་མཐོང་ནས་དགའ་བར་གྱུར་ཏོ། །གསོལ་པ་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་གཏམས་ལགས་ཀྱིས། བཅོམ་ལྡན་འདས་གཽ་ཏ་མས་ཅི་བདེར་གསོལ་ཤིག་ཅེས་བྱས་སོ། །དེ་ནས་བྲམ་ཟེ་དེ་ལ་ཐུགས་བརྩེ་བའི་ཕྱིར། མཆོད་སྦྱིན་གྱི་གནས་དེ་ཉིད་དུ་དགེ་སློང་སྟོང་གི་སྟན་སྤྲུལ་ཏེ། ཆུ་ར་རྣམས་བཀང་ནས། བཅོམ་ལྡན་འདས་གྲལ་གྱི་གཙོ་བོ་ལ་བཞུགས་སོ། དགེ་སློང་གཞན་རྣམས་ཀྱང་རྒན་རིམ་བཞིན་བཀོད་དོ། །དེ་ནས་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་ནས། འདྲིམ་མཁན་རྣམས་ཀྱིས་བྲིམས་སོ། །དེ་ནས་བྲམ་ཟེ་དེས་ཀྱང་དེ་དག་ཐམས་ཅད་མཐོང་ནས། མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགེ་སྦྱོང་གཽ་ཏ་མ་འདི་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ་སྙམ་སྟེ། །དེ་དགའ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། གསོལ་པ། ཟླ་བ་གསུམ་གྱི་བར་དུ་བཅོམ་ལྡན་འདས་གཽ་ཏ་མ་དགེ་སློང་གི་དགེ་འདུན་དང་བཅས་པའི་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་། སྨན་ཟོང་རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཡོ་བྱད་ཐམས་


DKG074_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྦྱར་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས། ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ཏེ། བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རས་ཟུང་རེ་ཕུལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ་ལེགས་སོ་ལེགས་སོ། །བྲམ་ཟེ་ཁྱོད་མ་འོངས་པའི་དུས་ན། འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་གང་པོ་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནས། མཆོད་སྦྱིན་གྱི་གནས་དེ་ཉིད་དུ་མི་སྣང་བར་གྱུར་ཏེ། འོད་མའི་ཚལ་དུ་ཞུགས་པར་གྱུར་ཏོ།། །།མཆོད་སྦྱིན་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་གནས་ཏེ། དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་


DKG074_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་། སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་། ཐལ་བ་བླང་བ་དང་། རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་བླང་བ་དང་། ཁ་ཏོན་བྱ་བ་དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས། ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེས་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་བསྟན་བཅོས་ཐམས་ཅད་ཁོང་དུ་ཆུད་ནས། གཞུང་གི་རྩོད་པ་ཐམས་ཅད་ཚར་བཅད་དོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤི་ནས་དེས་བསམས་པ། བྱད་གཟུགས་དང་ཐོས་པས་བདག་དང་མཚུངས་པ་ཡང་མེད་ན། ལྷག་པ་ལྟ་ག་ལ་ཡོད་སྙམ་མོ། །དེའི་ཕ་མ་ཡང་སྔོན་དུས་དུས་སུ་མཆོད་སྦྱིན་བྱེད་དེ། བྲམ་ཟེ་རྣམས་ཀྱིས་དེ་ལ་སྨྲས་པ། ཁྱེའུ་ཁྱོད་ཀྱི་ཕ་མ་ཡང་དུས་དུས་སུ་མཆོད་སྦྱིན་བྱེད་ཀྱིས། ཁྱོད་ཀྱིས་ཀྱང་ཕའི་ལུགས་དང་འཐུན་པར་གྱིས་ཤིག །ཁྱེའུ་དེ་ན་རེ་བྱད་གཟུགས་དང་ཐོས་པས་བདག་དང་མཚུངས་པ་མེད་ན། ཅིའི་ཕྱིར་བདག་གིས་འདི་དག་ལ་སྦྱིན་པ་སྦྱིན་ཞེས་ཟེར་རོ། །དེ་ནས་ཐོས་མ་ཐག་ཏུ་བྲམ་ཟེ་དེ་དག་དེ་ལ་མི་དགའ་བར་གྱུར་ཏེ། དེ་དག་གིས་ཕྱིན་ཅད་དེ་དང་མི་འདྲུལ་བར་ནང་ཁྲིམས་བཅས་སོ། །དེ་ཡང་དེ་དག་ལ་མི་དགའ་བར་གྱུར་ཏེ། བདག་ལ་ཡོན་གནས་འདི་ལྟ་བུ་དག་ཅི་དགོས་སྙམ་མོ། །དེ་ནས་ཕྱི་ཞིག་ན་བཅོམ་ལྡན་འདས་ཀྱིས་དགོངས་པ་བྲམ་ཟེའི་ཁྱེའུ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སེམས་བསྐྱེད་པར་འགྱུར་རོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ། བྲམ་ཟེའི་ཁྱེའུ་དེའི་ཁྱིམ་དུ་ས་བརྟོལ་ཏེ་གྱེན་དུ་འཕགས་ནས། བཅོམ་ལྡན་འདས་ཀྱིས་འོད་བཏང་སྟེ། དེའི་ཁྱིམ་


DKG074_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མཐོང་མ་ཐག་ཏུ་གསེར་ཞུན་མའི་ཁ་དོག་ལྟ་བུར་སྣང་བར་བྱས་སོ། །དེ་ནས་དེ་མཐོང་མ་ཐག་ཏུ་བྲམ་ཟེའི་ཁྱེའུ་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་གདན་བཤམས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ། དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ། །བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་སྦྱིན་པ་དང་ལྡན་པའི་ཆོས་དེ་ལྟ་བུ་བསྟན་ཏེ། དེ་ནས་བྲམ་ཟེའི་ཁྱེའུ་དེས་སྦྱིན་པ་བཏང་བའི་འདོད་པ་སྐྱེས་ནས། དེས་སྦྱིན་པ་བྱེད་འདོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བགྱིད་པ་རྔོ་ཐོགས་པར་བགྱིད་པ་དེ་ལྟ་བུར་བདག་ལ་མི་བདོག་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་གཏེར་བསྟན་ཏེ། དེ་མཐོང་མ་ཐག་ཏུ་ཁྱེའུ་དེ་བཅོམ་ལྡན་འདས་ལ་ལྷག་པར་ཡང་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ཞབས་ལ་ཕྱག་འཚལ་ཏེ། གསོལ་པ། ཟླ་བ་གསུམ་གྱི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ན་བཟའ་དང་། ཞལ་ཟས་དང་གཟིམས་ཆ་དང་། གདན་དང་སྙུན་གསོས་དང་། སྨན་ཟོང་རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། མཉན་དུ་ཡོད་པ་དང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་དུ་མཆོད་སྦྱིན་གྱི་གནས་བཅས་ནས་དྲིལ་བསྒྲགས་ཏེ། བདག་ཡ་མཚན་ཅན་ཐམས་ཅད་ལ་མཆོད་སྦྱིན་བགྱིས་ཀྱི་སུ་མཆོད་སྟོན་དང་ཡོན་འདོད་པ་དེ་དག་བདག་གི་མཆོད་སྦྱིན་གྱི་གནས་སུ་ཤོག་ལ་ལོངས་སྤྱད་པར་གྱིས་ཤིག །དེ་ནས་བྲམ་ཟེ་རྣམས་ན་རེ་བྲམ་ཟེ་ལ་སྡང་བ་ལ། བདག་ཅག་ལོངས་སྤྱོད་པར་མི་བྱའོ་ཞེས་ཟེར་རོ། །དེ་ནས་བྲམ་ཟེའི་ཁྱེའུས་སྨྲས་པ། གལ་ཏེ་ལོངས་སྤྱོད་པར་མི་བྱེད་ན། བདག་གིས་ཁྱོད་ཀྱི་ཕྱིར་ཡོན་དཔག་པ་གང་ཡིན་པ་དེ་དག་ཐམས་ཅད་བདག་གིས་དགེ་སྦྱོང་གཽ་ཏ་མ་འཁོར་དང་བཅས་པ་


DKG074_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཕུལ་ལ། དེ་ཁོ་ནའི་བསྟན་པ་ལ་ཚངས་པར་སྤྱོད་པ་སྤྱད་པར་བྱའོ། །དེ་ནས་བྲམ་ཟེ་རྣམས་ཀྱིས་བསམས་པ། བྲམ་ཟེའི་ཁྱེའུ་འདི་ནི་ཇི་སྐད་སྨྲས་པ་བཞིན་དུ་བྱེད་པ་ཡིན་པས་ན། དེས་དེ་ཁོ་ན་ལྟར་བྱེད་སྲིད་དེ། དེ་ལྟར་ན་བདག་ཅག་ཡོན་གྱིས་ཕམ་པར་འགྱུར་རོ་སྙམ་ནས། དེ་དག་གིས་དེའི་ནང་ཁྲིམས་བཤིག་ནས། མཆོད་སྦྱིན་གྱི་གནས་སུ་སོང་སྟེ་ལོངས་སྤྱད་དོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་ཟླ་བ་གསུམ་གྱི་བར་དུ་ཡ་མཚན་ཅན་རྣམས་ཀྱི་བཟའ་བ་དང་། བཅའ་བ་གཙང་བ་བཟང་པོ་སྦྱར་ཏེ། ཐམས་ཅད་ལ་ཡོན་མང་པོ་ཕུལ་ཏེ། ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱས་ནས། བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་རྣམས་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་གསེར་གྱི་མདོག་ལྟ་བུའི་མཚན་གྱིས་བརྒྱན་པ་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་ལེགས་སོ་ལེགས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་འཇིག་རྟེན་ལོང་བ་འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དོན་གཟིགས་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་ནས། བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་སོ།། །།ལེ་ལོ་ཅན་ཞེས་བྱ་བ་ནི།


DKG074_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན། ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །ཁྱེའུ་དེ་ལེ་ལོ་ཅན་མཆོག་ཏུ་ལེ་ལོ་ཆེ་བ་ཞིག་སྟེ། ཁྲི་ལ་ཉལ་ཞིང་ཁྲི་ལས་ལྡང་དུ་མི་བཏུབ་ནས། ཕ་མ་གཉིས་ཀྱིས་དེ་ལ་དྲིས་པ། བུ་ཁྱོད་ལ་ལུས་ཀྱི་ནད་དམ། སེམས་ཀྱི་གདུང་བ་འགའ་ལྟ་ཡོད་དམ་ཞེས་བྱས་ནས། དེ་ལེ་ལོའི་དབང་གིས་དེ་དག་ལ་ཅུང་ཟད་ཀྱང་སྨྲར་མི་བཏུབ་ནས། ཕ་མ་གཉིས་ཀྱིས་དེ་སྨན་པ་ལ་བསྟན་ནས། སྨན་པ་ན་རེ། འདི་ལ་ལུས་ཀྱི་ནད་ཀྱང་ཅི་ཡང་མེད་ལ། སེམས་ཀྱི་གདུང་བ་ཅི་ཡང་མེད་ཀྱིས། ལེ་ལོ་ཁོ་ནས་ཁྲི་ལས་ལྡང་དུ་མི་བཏུབ་པར་ཟད་དོ་ཞེས་ཟེར་རོ། །དེ་ནས་དེ་ལ་ཕ་མ་གཉིས་ཀྱིས་ལན་མང་དུ་བསྒོ་སྟེ། བུ་དེ་ལྟར་མ་བྱེད་ཅིག །ཁྱོད་འདི་ལྟར་འདུག་པས་བདེ་བ་ཐོབ་པར་མི་ནུས་སོ། །མི་རྣམས་ཉེ་བར་འཚོ་བ་ནི་བསྒྲུབ་ཕོད་པའི་འབྲས་བུ་ཡིན་ནོ་ཞེས་ལན་མང་དུ་བརྟུན་ཀྱང་དེ་བསླང་མ་ནུས་སོ། །དེ་ནས་ཕྱི་ཞིག་ན་ཕ་མ་གཉིས་ཀྱི་སེམས་སྐྱེས་པ། ཡོན་གནས་དག་སྤྱན་དྲངས་ལ་བཤོས་གསོལ་ན། དེ་དག་མཐོང་ན་ཞེས་བསྐྱེད་དེ། ལྡང་ཡང་སྲིད་དོ་སྙམ་ནས། དེ་དག་གིས་སྟོན་པ་དྲུག་གཡར་དྲངས་ཏེ་ཟན་བྱིན་ནས་ཁྱེའུ་དེས་དེ་དག་མཐོང་ཡང་མ་ལངས་སོ། །དེ་ནས་ཁྱིམ་བདག་གིས་བསམས་པ། དགེ་སྦྱོང་གཽ་ཏ་མ་ནི་བསོད་ནམས་ཅན་ཆེ་བར་གྲགས་པ། ཚིག་བཙན་པ་ཡིན་པས་ན། ཁྱེའུ་འདིས་དེ་མཐོང་ན་ཞེས་བསྐྱེད་དེ་ལྡང་བར་འགྱུར་ཡང་སྲིད་དོ་སྙམ་ནས། དེའི་


DKG074_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཉིན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་སྤྱན་དྲངས་ཏེ། དེ་ཉིད་ཀྱི་ནུབ་མོ་བཟའ་བ་དང་། བཅའ་བ་གཙང་མ་བཟང་པོ་མང་པོ་སྦྱར་ནས་ནང་པར་སྔར་ལངས་ཏེ། གདན་བཤམས་ལ་ཆུ་ར་བཀང་སྟེ་བཞག་ནས། བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ། གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། ཆོས་གོས་དང་ཤམ་ཐབས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་མང་པོས་ཞམ་རིང་བྱས་ནས། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ཁྱིམ་བདག་དེའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ཁྱེའུ་དེས་ཐག་རིང་པོ་ཞིག་ནས། སངས་རྒྱས་བཅོམ་ལྡན་འདས་མཛེས་ཤིང་ཡིད་དུ་འཐད་ལ། དབང་པོ་ཞི་བ། ཐུགས་མཆོག་ཏུ་དུལ་བ། རྣམ་པར་ཞི་བ་དང་ལྡན་པ། གསེར་གྱི་མཆོད་སྡོང་ལྟར་དཔལ་འབར་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་གུས་པར་སྒྲིམས་པའི་ཤུགས་ཀྱིས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕ་མ་གཉིས་དང་ལྷན་ཅིག་ཏུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས། ཅི་བཞེད་པ་བསྟབས་སོ། །དེ་ནས་བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། བསྩང་སྡེར་ནི་གྱུ། ཕྱག་ནི་བཅབས་པར་རིག་ནས། སྟན་ཆེས་དམའ་བ་དག་བླངས་ཏེ། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ལ་བརྩོན་འགྲུས་ཀྱི་བསྔགས་པ་བརྗོད་དེ། བུ་བརྩོན་འགྲུས་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་ནས་ཁྱེའུ་དེས་བསམས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འདི་


DKG074_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བཟང་སྟེ། བདག་གིས་བརྩོན་འགྲུས་ཞན་པས་བླ་མའི་ཁྱད་པར་ཐོབ་པར་མི་ནུས་ཀྱིས། མ་ལ་བདག་གིས་རྒྱ་མཚོའི་ནང་དུ་འགྲོ་བ་བསྒྲུབས་ལ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བཀུར་སྟི་བྱའོ་སྙམ་ནས། རྒྱ་མཚོའི་ནང་དུ་འགྲོ་བའི་ཟོང་ཁྱེར་ཏེ་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ནས། དེས་རིན་པོ་ཆེའི་གླིང་དུ་འགྲོ་བའི་དོན་དུ་བསྒྲུབས་ཏེ། རྒྱ་མཚོའི་གྲུ་བོ་ཆེའི་དོན་གྲུབ་ནས། མཉན་དུ་ཡོད་པར་འོང་སྟེ། དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་དུ་སྤྱན་དྲངས་ནས་ཡོ་བྱད་ཐམས་ཅད་སྦྱར་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས། ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས། བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ལ་བཀའ་སྩལ་པ། ཁྱེའུ་ལེགས་སོ་ལེགས་སོ། །ཁྱེའུ་ཁྱོད་མ་འོངས་པའི་དུས་ན་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྟོབས་དང་བརྩོན་འགྲུས་ཀྱི་རྩལ་དང་ལྡན་པ་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་སོ།། །།མགོན་མེད་ཟས་སྦྱིན་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་


DKG074_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། བྲམ་ཟེ་དབུལ་པོ་འཚོ་བས་ཕོངས་པ་ཞིག་གནས་ཏེ། དེ་ཡང་གསོ་བ་མང་ཞིང་གཡོག་འཁོར་མང་བ་ཞིག་སྟེ། དེས་བསམས་པ་བདག་གིས་ཕྱུག་པོ་གང་ཞིག་ལ་བརྟེན་ཏེ། འཚོ་བ་བཙལ་བར་བྱ་སྙམ་མོ། །དེ་ནས་དེས་བསམས་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་སྙིང་རྗེ་ཅན་སྦྱིན་པ་ལ་ཕྲེད་པ་ཡིན་ཏེ། དེས་ནི་བདག་ལ་དགོས་པ་ཐམས་ཅད་ཀྱིས་སྡུད་པར་ནུས་སོ་སྙམ་མོ། །དེ་ནས་དེའི་གྲིབ་མ་དང་མི་འབྲལ་བ་བཞིན་དུ་དེའི་ཕྱིར་འབྲང་ངོ་། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འཕྲིགས་ནས་དྲིས་པ། བྲམ་ཟེ་ཁྱོད་ང་ལ་རག་ལས་པ་ཅི་ཡོད། བྲམ་ཟེས་སྨྲས་པ། ཁྱིམ་བདག་རག་ཅི་ཡང་ལས་ཏེ། ཁྱོད་ལ་བརྟེན་ནས་འཚོ་བ་བཙལ་བར་འདོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེའི་འཚོག་ཆས་ཐམས་ཅད་སྦྱོར་བ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་ལྷན་ཅིག་ཏུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ལུགས་ཀྱིས་ན། ཉིན་གཅིག་བཞིན་དུ་གཡོག་འཁོར་ལྔ་བརྒྱ་དང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འགྲོ་ཞིང་ཕྱག་དར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེའི་བྱ་བ་ཞིག་བྱུང་ནས་དེས་བྲམ་ཟེ་དེ་མངགས་ཏེ། དེང་ཁྱོད་ཀྱིས་རྒྱལ་བུ་རྒྱལ་བུ་བྱེད་ཀྱི་ཚལ་དུ་ཕྱག་དར་གྱིས་ཤིག་ཅེས་བྱས་ནས། ཁྱིམ་བདག་དེ་སོང་ངོ་། །བྲམ་ཟེ་དེ་ཡང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བྱི་དོར་བྱེད་པ་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་བྲམ་ཟེ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སེམས་བསྐྱེད་པར་འགྱུར་རོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཅི་ནས་ཅུང་ཟད་ཙམ་ཞིག་བྱི་དོར་བྱས་པ་དེ་ཙམ་ཡང་བྱི་དོར་བྱས་པར་མི་མངོན་པ་དེ་ལྟར་བྱིན་གྱིས་བརླབས་ནས། དེ་དེས་གཡེངས་ཏེ་ཉི་མ་རངས་པ་ཐལ་བར་གྱུར་ཏོ། །དེ་ནས་དེས་བསམས་པ་ད་ནི་བདག་གིས་མཉན་དུ་ཡོད་པར་མི་ཕྱིན་ཏོ་སྙམ་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེ་ཉིད་དུ་དགོངས་མལ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་


DKG074_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་ནང་དུ་བྲམ་ཟེ་དེའི་མལ་ཆོས་ཏེ། ཁྱོད་ཀྱང་དེའི་འདབ་ཏུ་འདུག་ལ། དེས་ཁྱོད་ལ་ཅི་དྲིས་པ་དེའི་ལན་ཁྱོད་ཀྱིས་ཐོབ་ཤིག །གཞན་ཡང་དགེ་སློང་རྣམས་ལ་བསྒོ་བ། དགེ་སློང་དག་གིས་དགེ་བ་བཅབ་པ་དང་། སྡིག་པ་བཤགས་པའི་ཚུལ་གྱིས་གནས་པར་གྱིས་ཤིག་ཅེས་ངས་བསྟན་མོད་ཀྱིས། འོན་ཀྱང་བྲམ་ཟེ་འདི་ལ་སྙིང་བརྩེ་བའི་ཕྱིར། སུས་རྫུ་འཕྲུལ་ཅི་ལྟ་བུ་ཐོབ་ཀྱང་རུང་སྟེ། དེས་རྫུ་འཕྲུལ་དེ་ལྟ་བུ་སྟོན་ཅིག་ཅེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཙུན་པ་དེ་ལྟར་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་བསྒོ་བ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འདིའི་ནང་ན་བྲམ་ཟེ་འདུག་པ་དེའི་མལ་ཆོས་ལ། དེའི་འདབ་ཏུ་འཁོད་ཅིག་ཅེས་བསྒོའོ། །དེ་ནས་དེ་དེ་ན་འདུག་པ་ལ་དགེ་སློང་རྣམས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གཞན་དང་། གཞན་དག་སྟོན་པ་ལ་ཞུགས་སོ། །དེ་ནས་བྲམ་ཟེ་དེས་མཐོང་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་པ། བཙུན་པ་ཀུན་དགའ་བོ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་བ་འདི་དག་སུ་དག་ཅིག །ཅི་འདྲ་བ་ཞིག་གུ་སྙམ་མོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཡིན་ནོ། །དེ་ནས་བྲམ་ཟེ་དེས་བསམས་པ། སློབ་མ་རྣམས་ཀྱང་འདི་ཁོ་ན་ལྟར་ཕུན་སུམ་ཚོགས་པ་དང་ལྡན་ན། དགེ་སྦྱོང་གཽ་ཏ་མ་ལྟ་ཅི་སྨོས་ཏེ། དེ་ཅི་འདྲ་བ་ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་སེམས་བསྐྱེད་དེ། ཀྱེ་མ་སྲོད་ལ་ནི་རྒྱལ་པོ་ཆེན་པོ་བཞི་ང་ལ་བལྟ་བའི་ཕྱིར་འོང་ན་ལེགས་སོ། །ནམ་ཕྱེད་ན་ལྷའི་དབང་པོ་བརྒྱ་བྱིན་ང་ལ་བལྟ་བའི་ཕྱིར་འོང་ན་ལེགས་སོ། །ཐོ་རངས་ན་ནི་མི་མཇེད་ཀྱི་བདག་པོ་ཚངས་པ་ང་ལ་བལྟ་བའི་ཕྱིར་འོང་ན་ལེགས་སོ་སྙམ་དུ་དགོངས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཐུགས་བསྐྱེད་པའི་འཕྲལ་འཕྲལ་དུ་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འོངས་སོ། །དེ་ནས་བྲམ་ཟེ་དེས་མཐོང་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་པ། བཙུན་པ་ཀུན་དགའ་བོ་འདི་འདྲ་བ་འདི་དག་སུ་དག་ཅིག །ཚེ་དང་ལྡན་པ་ཀུན་


DKG074_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོས་སྨྲས་པ། འདི་དག་ནི་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འོངས་པ་ཡིན་ནོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེ་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏེ། མིར་གྱུར་པ་ལ་ཡང་འདི་ལྟ་བུའི་གནས་ཐོབ་པ་ཡོད་པ་ལྟ། ཀྱེ་མ་བདག་ཀྱང་སངས་རྒྱས་སུ་གྱུར་ཏེ། འཇིག་རྟེན་དུ་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དེས་བསམས་པ་གནས་འདི་ལྟ་བུ་ནི་ཡིད་སྨོན་དུ་བྱས་པ་ཙམ་གྱིས་འགྲུབ་པར་མི་འགྱུར་གྱིས། མ་ལ་བདག་གིས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ་སྙམ་མོ། །ནམ་ནངས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། མཉན་དུ་ཡོད་པར་ཆས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་གཡོག་འཁོར་ལྔ་བརྒྱ་དང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དོང་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐག་རིང་པོ་ཞིག་ནས་བྲམ་ཟེ་དེ་མཐོང་ངོ་། །མཐོང་ནས་ཀྱང་བྲམ་དེ་ལ་སྨྲས་པ། བྲམ་ཟེ་ཁྱོད་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དེའི་བར་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཅུང་ཟད་ཅིག་མཐོང་ངམ། དེ་ནས་བྲམ་ཟེ་དེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཐམས་ཅད་བསྙད་དོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་ཁྱོད་ཀྱིས་ངོ་མཚར་རྨད་དུ་བྱུང་བ་དེ་ལྟ་བུ་དག་མཐོང་ན། ཁྱོད་ཅི་འདོད་པར་གྱུར། བྲམ་ཟེ་དེས་སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་མོད་ཀྱིས། ཁྱིམ་བདག་འོན་ཀྱང་གནས་དེ་ལྟ་བུ་ནི་ཡིད་སྨོན་ཙམ་གྱིས་འགྲུབ་པར་མི་འགྱུར་བས་ན། བདག་གིས་སློང་མོ་བྱས་ལ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱ་བར་འདོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བྲམ་ཟེ་དེ་ལ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནོ། །བྲམ་ཟེ་དེས་ཀྱང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་དུ་སྤྱན་དྲངས་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཡོ་བྱད་ཐམས་ཅད་སྦྱར་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་


DKG074_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་བསྙེན་བཀུར་བྱས་ནས། ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱས་ནས། བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ་ལེགས་སོ་ལེགས་སོ། །བྲམ་ཟེ་ཁྱོད་མ་འོངས་པའི་དུས་ན། འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་མེད་ཅེས་བྱ་བར་འགྱུར་རོ་ཞེས་གསུངས་སོ།། །།ཉམ་ཆུང་བ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་མཐར་གྱི་བུ་བདུན་བྱུང་ནས། དེ་དག་རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསམས་པ། བདག་གི་བྱིས་པ་འདི་དག་མཛའ་སྡེ་དག་གི་ནང་དུ་གཟུད་པར་བྱའོ། །དེ་ཡང་དད་པ་དང་ལྡན་པ་རྣམས་ཀྱི་ནང་དུ་གཟུད་པར་བྱའི། མ་དད་པ་རྣམས་ཀྱི་ནང་དུ་ནི་གཟུད་པར་མི་བྱའོ། །གལ་ཏེ་མ་དད་པ་རྣམས་ཀྱི་ནང་དུ་བཙུད་པར་གྱུར་ན་ནི། འདི་དག་ཀྱང་དེ་དག་གི་བསྟན་པས་སངས་རྒྱས་ཀྱི་བསྟན་པ་ལ་མི་ལྟ་བར་འགྱུར་སྲིད་དོ་སྙམ་ནས། སངས་རྒྱས་པའི་མཛའ་སྡེའི་ནང་དུ་བཙུད་དོ། །དེ་


DKG074_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་དད་པའི་མཛའ་སྡེ་གང་ཡིན་པ་དེ་དག་ནི་གར་ཐབས་དང་གྲོང་རྒྱུ་བ་དང་། སྨད་འཚོང་མ་རྣམས་ལ་ཆགས་ཤིང་འཁོད་དོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་རྣམས་ནི། དགེ་བསྙེན་གྱི་མཛའ་སྡེ་རྣམས་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ལྷག་པར་བྱ་བ་བྱེད་པ་དང་། བསྙེན་གནས་དང་། ཆོས་མཉན་པ་ལ་ཆགས་ཤིང་འཁོད་དོ། །མཉན་དུ་ཡོད་པ་དེ་ན་བྲམ་ཟེའི་ཁྱེའུ་དབུལ་ཞིང་འཚོ་བས་ཕོངས་པ་ཞིག་འདུག་པ་དེས་བསམས་པ་བདག་མཛའ་སྡེ་དག་གི་ནང་དུ་ཞུགས་ལ། བདག་གིས་དེ་དག་ལ་བརྟེན་ནས་འཚོ་བ་བཙལ་བར་བྱའོ་སྙམ་ནས། དགེ་བསྙེན་གྱི་མཛའ་སྡེའི་ནང་དུ་འཇུག་པར་འདོད་དེ་དྲིས་པ། ནོར་གྱི་བུངས་ཅི་ཙམ་གྱིས་ན་ཁྱོད་ཀྱི་ནང་དུ་འཇུག་ཏུ་དབང་། དེ་དག་གིས་སྨྲས་པ། ཀར་ཥ་པ་ནི་ལྔ་བརྒྱས་ངེད་ཀྱི་ནང་དུ་འཇུག་ཏུ་དབང་ངོ་། །བྲམ་ཟེའི་ཁྱེའུ་དེས་སྨྲས་པ། བདག་ལ་ཀར་ཥ་པ་ནི་ལྔ་བརྒྱ་ལྟ་ག་ལ་ཡོད། དེའི་སྟེང་དུ་ཁྱེད་ནི་དབང་ཕྱུག་གིས་ཆོག་པར་འདུག་ལ་སྦྱིན་པ་ལ་ཕྲེད་པ་ཡིན་ན། བདག་ནི་དབུལ་པོ་འཚོ་བས་ཕོངས་པ་ཞིག་ཡིན་པས་ན། བདག་གིས་ཁྱོད་ལ་ནོར་དེ་སྙེད་དབུལ་མི་ནུས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་རྣམས་ཀྱིས་སྨྲས་པ། གལ་ཏེ་ཁྱོད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པར་བྱེད་ན་ནི། ངེད་ཀྱིས་ཁྱོད་ལ་ཀར་ཥ་པ་ནི་ལྔ་བརྒྱ་སྦྱིན་ནོ། །བྲམ་ཟེའི་ཁྱེའུས་སྨྲས་པ། དགེ་སྦྱོང་གཽ་ཏ་མ་དེའི་ཡོན་ཏན་རྣམས་བདག་གིས་མི་ཤེས་ན། དགེ་སྦྱོང་གཽ་ཏ་མ་དེའི་ཡོན་ཏན་རྣམས་ཅི་ལྟ་བུ་ཡིན། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་རྣམས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་སངས་རྒྱས་ཀྱི་བསྔགས་པ་བརྗོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེའི་ཁྱེའུ་དེ། སངས་རྒྱས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་སྨྲས་པ། བདག་ཀྱང་ཁྱེད་ཀྱི་ནང་དུ་འཇུག་པར་བགྱིའོ། །བདག་ཀྱང་སངས་རྒྱས་བཅོམ་ལྡན་འདས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆི་བར་བགྱིའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་དེ་རྣམས་ཀྱིས་བྲམ་ཟེའི་ཁྱེའུ་དེས་ཚིག་དེ་ལྟ་བུ་བརྗོད་པ་ཐོས་སོ། །ཐོས་ནས་ཀྱང་དེ་རྣམས་ཀྱིས་དེ་ལ་ཀར་ཥ་པ་ནི་བརྒྱ་ཕྲག་དུ་མ་བྱིན་ནོ། །བྲམ་ཟེའི་ཁྱེའུ་དེ་ཡང་དེ་རྣམས་ཀྱི་ནང་དུ་ཞུགས་


DKG074_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་ཕྱི་ཞིག་ན་མཛའ་སྡེ་བོ་དེ་རྣམས་ཀྱི་བློ་སྐྱེས་པ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱའོ་ཞེས་ཟེར་རོ། །དེའི་ནང་ན་ཁ་ཅིག་ན་རེ་བདག་ཅག་ཀུན་གྱིས་ཟླ་བ་གསུམ་ཐོག་ཐག་ཏུ་དེ་འབའ་ཞིག་བྱེད་ཅིང་འདུག་མི་ནུས་ཀྱི། ཉིན་རེས་ཀྱིས་བཤོས་གསོལ་བར་བྱའོ་ཞེས་ཟེར་རོ། །བྲམ་ཟེའི་ཁྱེའུས་སྨྲས་པ། བདག་ནི་དབུལ་ལ་འཚོ་བས་ཕོངས་ཏེ། ཉིན་རེས་གཟུང་བ་དེ་ལྟ་བུ་བདག་གིས་མི་ནུས་སོ་ཞེས་ཟེར་རོ། །དེར་ཁ་ཅིག་ན་རེ་སུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཤོས་གསོལ་མི་ནུས་པ་དེ་ནི། བདག་ཅག་གི་ནང་ནས་གུད་དུ་བྱུང་ཅིག་ཅེས་ཟེར་རོ། །དེ་ནས་བྲམ་ཟེའི་ཁྱེའུས་བསམས་པ། བདག་གི་འདི་རྣམས་ཀྱི་ནང་དུ་དེའུ་མ་ཆུད་དེ་ཆུད་ན། བདག་འདི་རྣམས་ཀྱི་ནང་ནས་འབྱུང་བ་ནི་ཆ་མ་ཡིན་ནོ་སྙམ་ནས་སྨྲས་པ། བདག་གིས་ཉིན་རེས་མཇུག་ཏུ་གྱིས་ལ། ཁྱོད་ཀྱི་ལྷག་རོལ་ཅི་ཡོད་པ་དེ་དག་ཐམས་ཅད་ཀྱང་བདག་ལ་བྱིན་ཅིག །མཛའ་སྡེ་བོ་རྣམས་ཀྱིས་སྨྲས་པ། ཁྱོད་ཅི་ལྟར་དགའ་བ་དེ་བཞིན་དུ་བྱའོ་ཞེས་བྱས་ནས། དེ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ནས། ཉིན་རེས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་ཟླ་བ་གསུམ་གྱི་བར་དུ་བསྙེན་བཀུར་བྱས་སོ། །དེར་དེ་དག་གི་ལྷག་རོལ་ཅི་ཡོད་པ་དེ་དག་ཐམས་ཅད་བྲམ་ཟེའི་ཁྱེའུ་དེ་ལ་བྱིན་ནས། བྲམ་ཟེའི་ཁྱེའུས་དེ་དག་ཐམས་ཅད་བསྡུས་ཏེ། གཞན་དག་ཀྱང་ཀར་ཥ་པ་ནི་གཞན་དག་འབུལ་དུ་བཅུག་ནས། ཐ་མའི་ཉིན་པར་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་སྤྱན་དྲངས་ཏེ། རྒྱལ་པོ་གསལ་རྒྱལ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཡང་བསྐུལ་ནས། དེས་དེ་ཉིད་ཀྱི་མཚན་མོ་ལམ་ཡང་མཛེས་པར་བྱས། གྲོང་ཁྱེར་ཡང་མཛེས་པར་བྱས་ནས། དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་སྦྱར་རོ། །ནང་པར་སྔར་ལངས་ནས་གདན་བཤམས་ཏེ། ཆུ་ར་བཀང་ནས་བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་


DKG074_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་མང་པོས་ཞབས་འབྲིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། བྲམ་ཟེའི་ཁྱེའུ་དེའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་ཕྱིན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ། ཅི་བཞེད་པ་བསྟབས་ནས། བཅོམ་ལྡན་འདས་ལ་ཆེ་བ་ལ་འོས་པའི་ན་བཟའ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་ལེགས་སོ། །ལེགས་སོ། །མ་འོངས་པའི་དུས་ན་བྲམ་ཟེའི་ཁྱེའུ་ཁྱོད། འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཐུན་མཛད་ཅེས་བྱ་བར་འགྱུར་རོ། །ཞེས་གསུངས་སོ།། །།པད་མ་གཉིས་ཞེས་བྱ་བ་དེ་ལ། པད་མ་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། རྒྱལ་པོ་གསལ་རྒྱལ་གྱི་ལུགས་ཀྱིས་ན། ཉིན་གཅིག་བཞིན་དུ་དུས་གསུམ་དུ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་ཞིང་། བཅོམ་ལྡན་འདས་ལ་བདུག་པ་དང་།


DKG074_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་མ་དང་། སྤོས་དང་མེ་ཏོག་རྣམས་ཀྱིས་མཆོད་པ་བྱས་ནས། ཆོས་ཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེའི་ཚེ་ཀུན་དགའ་ར་བའི་སྲུངས་མའི་གནས་དགའ་ལྡན་གྱི་པད་མའི་མཚོའི་ནང་ན། དུས་མ་ཡིན་པར་པད་མ་ཞིག་སྐྱེས་ནས། དེའི་བློ་སྐྱེས་པ། རྒྱལ་པོ་གསལ་རྒྱལ་ཉིན་གཅིག་བཞིན་དུ་དུས་གསུམ་དུ་དགེ་སྦྱོང་གཽ་ཏ་མ་ལ་བདུག་པ་དང་། ཕྱེ་མ་དང་སྤོས་དང་མེ་ཏོག་རྣམས་ཀྱིས་བཀུར་སྟིར་བྱེད་ཀྱི་པད་མ་འདི་བདག་གིས་དེ་ལ་འབུལ་བར་བྱའོ་སྙམ་ནས། དེ་ཁྱེར་ཏེ་མཉན་དུ་ཡོད་པར་སོང་ངོ་། །དེའི་ཚེ་ཕྲེད་མེད་ཀྱི་བུ་ལ་དད་པ་ཞིག་ཡ་མཚན་ཅན་ཐམས་ཅད་ལ་མཆོད་སྦྱིན་བྱེད་པ་ལ་ཞུགས་སོ། །དེ་ནས་དེས་མི་དེས་དུས་མ་ཡིན་པའི་པད་མ་དེ་ལྟ་བུ་ཁྱེར་ཏེ། འོང་བ་ཡང་མཐོང་ནས། དེས་དེ་ལ་སྨྲས་པ། ཀྱེ་མི་ཁྱོད་ཀྱི་པད་མ་འོ་ནི་བདག་ལ་བྱིན་ཅིག་དང་། འདི་བདག་གིས་ལེགས་ལྡན་ཕྲེད་མེད་ཀྱི་བུ་ལ་མཆོད་པར་བྱའོ། །ཁྱོད་ལ་ཡང་བདག་གིས་ཀར་ཥ་པ་ནི་ལྔ་བརྒྱ་སྦྱིན་ནོ་ཞེས་བྱས་སོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གཡོག་འཁོར་ལྔ་བརྒྱ་དང་། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཆས་པ་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མི་དེ་ཚིག་དེ་སྐད་ཟེར་བ་ཐོས་སོ། །ཐོས་ནས་ཀྱང་དེས་བསམས་པ། འདི་ནི་ཉེས་པར་བཤད་པའི་ཆོས་ཅན་ཡིན་ན། ནོར་གྱི་བུངས་འདི་སྙེད་ཅིག་ཉོས་ཏེ་ཕྲེད་མེད་ཀྱི་བུ་ལ་འབུལ་བར་འདོད་ན། ཅིའི་ཕྱིར་ངས་ནོར་ཆེས་མང་དུ་བསྐྱེད་དེ་ཉོས་ལ། བཅོམ་ལྡན་འདས་ལ་དབུལ་བར་མི་བྱ་སྙམ་ནས། དེས་ཀུན་དགའ་ར་བའི་སྲུངས་མ་ལ་སྨྲས་པ། ངས་ཁྱོད་ལ་ཀར་ཥ་པ་ནི་སྟོང་སྦྱིན་གྱི། པད་མ་འོ་ནི་ང་ལ་བྱིན་ཅིག །དེ་ནས་ཕྲེད་མེད་ཀྱི་བུ་ལ་དད་པ་དེས་ཐོས་ནས་ང་རྒྱལ་སྐྱེས་ཏེ། དེས་ཀར་ཥ་པ་ནི་ཉིས་སྟོང་སྦྱིན་པར་བྱས་སོ། །དེ་བཞིན་དུ་དེ་གཉིས་ཀྱིས་ཀར་ཥ་པ་ནི་འབུམ་གྱི་བར་དུ་གོང་ནས་གོང་དུ་བསྐྱེད་དོ། །དེ་ནས་ཀུན་དགའ་ར་བའི་སྲུངས་མ་དེའི་བློ་སྐྱེས་པ། འདི་ལྟར་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལྟ་བུས་མི་ཞིག་གི་ཕྱིར་འབུམ་གཏོང་བར་བྱེད་པ་དང་སྦྱར་ན། དགེ་སློང་གཽ་ཏ་མ་དེ་ནི་ཆེ་བ་ཞིག་ཡིན་གོར་མ་ཆག་ན། ཅིའི་ཕྱིར་བདག་ཉིད་སོང་ལ། བཅོམ་ལྡན་འདས་དེ་ལ་མཆོད་པར་མི་བྱ་སྙམ་དུ་བསམས་ནས། ཀུན་དགའ་ར་བའི་སྲུངས་མ་དེས་ཁྱིམ་བདག་


DKG074_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་མེད་ཟས་སྦྱིན་ལ་སྨྲས་པ། ཁྱིམ་བདག་བདག་ལ་ནོར་མི་དགོས་ཀྱི། བདག་ཉིད་ཀྱིས་བཅོམ་ལྡན་འདས་དེ་ལ་མཆོད་པར་བྱའོ་ཞེས་བྱས་ནས། པད་མ་དེ་ཁྱེར་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། ཀུན་དགའ་ར་བའི་སྲུངས་མ་དེས། ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ། རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་སྟེང་དུ་བོར་ན། བཅོམ་ལྡན་འདས་ཀྱི་མཐུས་པད་མ་དེ་ཤིང་རྟའི་འཕང་ལོ་ཙམ་དུ་གྱུར་ཏེ། བཅོམ་ལྡན་འདས་གཤེགས་ན་ནི་འགྲོའོ། །གཞེས་ན་ནི་སྡོད་དོ། །དེ་ནས་ཀུན་དགའ་ར་བའི་སྲུངས་མ་དེས། ཆོ་འཕྲུལ་དེ་ལྟ་བུ་མཐོང་ནས། ལྷག་པར་ཡང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་ར་བའི་སྲུངས་མ་དེ་ལ་བཀའ་སྩལ་པ། བཞིན་བཟངས་ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་ཁྱོད་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།


DKG074_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་པད་མའི་བླ་མ་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་སོ།། །།པད་མ་གཉིས་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་དེ་ཉིད་ན། ཀུན་དགའ་ར་བ་སྲུང་བ་ཞིག་འདུག་པ། དེའི་མཚོའི་ནང་ནས་དུས་མ་ཡིན་པར་པད་མ་ཞིག་སྐྱེས་ཏེ། དེའི་བློ་སྐྱེས་པ། པད་མ་འདི་བདག་གིས་རྒྱལ་པོ་གསལ་རྒྱལ་ལ་དབུལ་བར་བྱའོ། །འོན་ཏང་བདག་གི་ལོངས་སྤྱོད་ཆེན་པོ་དག་གི་འབྱུང་ཁུངས་སུ་འགྱུར་རོ་སྙམ་ནས། དེ་ཁྱེར་ཏེ་རྒྱལ་པོའི་ཕོ་བྲང་དུ་ཆས་ཏེ་སོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་། ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་


DKG074_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །འདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ཀུན་དགའ་ར་བའི་སྲུངས་མ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སེམས་བསྐྱེད་པར་འགྱུར་རོ་སྙམ་དུ་དགོངས་ནས། སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས། མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་སོ། །དེ་ནས་ཀུན་དགའ་ར་བའི་སྲུངས་མ་དེས། ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་བསམས་པ། བདག་གིས་རྒྱལ་པོ་གསལ་རྒྱལ་བཏང་ལ། བཅོམ་ལྡན་འདས་ལ་བདག་ཉིད་ཀྱིས་མཆོད་པ་བྱའོ་སྙམ་ནས། དེས་པད་མ་དེ་བཅོམ་ལྡན་འདས་ཀྱི་སྟེང་གི་ནམ་མཁའ་ལ་བོར་བ་ལས། བཅོམ་ལྡན་འདས་ཀྱི་མཐུས་པད་མ་དེ་ཤིང་རྟའི་འཕང་ལོ་ཙམ་དུ་གྱུར་ཏེ། བཅོམ་ལྡན་འདས་གཤེགས་ན་ནི་འགྲོའོ། །གཞེས་ན་ནི་སྡོད་དོ། །དེ་ནས་ཀུན་དགའ་ར་བའི་སྲུངས་མ་དེས་ཆོ་འཕྲུལ་དེ་ལྟ་བུ་མཐོང་ནས། ལྷག་པར་ཡང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་ར་བའི་སྲུངས་མ་དེ་ལ་བཀའ་སྩལ་པ། བཞིན་བཟངས་ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་ཁྱོད་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་


DKG074_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བླ་མ་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་སོ།། །།ལྟ་བ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་ཏེ། ཁྱིམ་བདག་དེ་ཡང་བྱམས་པའི་རང་བཞིན་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། སྦྱིན་པ་ལ་ཕྲེད་པ། ཡ་མཚན་ཅན་ཐམས་ཅད་དང་ལྟ་བ་མཚུངས་པ། སྦྱིན་པ་ལ་བློ་སྙོམས་པ་ཞིག་སྟེ། དེས་དུས་དུས་སུ་མཆོད་སྦྱིན་ཆེན་པོ་བྱེད་ལ། བསྟན་བཅོས་སྤྱོད་པ་རྣམས་ཀྱི་གཞུང་སྤྱོད་པར་བྱེད་དོ། །དེས་བལྟས་ན་ཐམས་ཅད་ཀྱང་བདག་ལ་ནི་སྟོད། གཞན་ལ་ནི་སྨོད་པར་བྱེད་པས། དེ་དག་གིས་ཁྱིམ་བདག་དེའི་སེམས་མ་མགུའོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེས། བཅོམ་ལྡན་འདས་ཀྱི་བསྔགས་པ་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། དེས་ཆོས་ཐམས་ཅད་རྟོགས་པ་ལས་ན། བཅོམ་ལྡན་འདས་དེ་ནི་ཐམས་ཅད་མཁྱེན་པ་ཡིན་པར་ངེས་སོ་སྙམ་ནས། བསྔགས་པ་ཐོས་མ་ཐག་ཏུ་སེམས་སྐྱེས་པ། ཀྱེ་མ་བཅོམ་ལྡན་འདས་དེ་བདག་གི་མཆོད་སྦྱིན་གྱི་གནས་འདིར་གཤེགས་ཀྱང་ཅི་མ་རུང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། བདག་གིས་ཁྱིམ་བདག་དེའི་དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱ་དགོས་ལ། འདི་ལ་བརྟེན་ནས་འདུལ་བར་བྱ་བ་ཕལ་པོ་ཆེ་དྲང་དུ་ཡོད་དོ་སྙམ་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ། ཁྱིམ་བདག་དེའི་མཆོད་སྦྱིན་གྱི་གནས་སུ་ཞུགས་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་


DKG074_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བདག་གི་མཆོད་སྦྱིན་གྱི་གནས་སུ་གཤེགས་ཏེ། ལོངས་སྤྱོད་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ། ཅི་བཞེད་པ་བསྟབས་ནས་ཆོས་ཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྲོ་བ་བསྐྱེད་ནས། ཁྱིམ་བདག་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་སྐྱེས་ནས། དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་སྤྱན་དྲངས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཡོ་བྱད་ཐམས་ཅད་སྦྱར་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ། ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས། བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་བཀའ་སྩལ་པ། ཁྱིམ་བདག་ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་ཁྱོད་འཇིག་རྟེན་ལོང་བ་འདྲེན་པ་མེད་པ། སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་


DKG074_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་ལེགས་མཐོང་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་གཅིག་པ། རིན་པོ་ཆེ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ནས་དེད་དཔོན་ཞིག་གིས་ཟོང་ཁྱེར་ཏེ། རྒྱ་མཚོ་ཆེན་པོའི་ནང་དུ་ཆས་སོ། །དེད་དཔོན་དེ་ཡང་མོ་ལྟས་གཙོ་བོར་འཛིན་པ་ཞིག་སྟེ། དེ་ཟོང་རྣམས་རྔ་མོ་དང་བོང་བུ་ལ་སོགས་པ་ལ་བཀལ་ནས། མཉན་དུ་ཡོད་པའི་ཕྱི་སྒོ་ཆེན་མོ་ལས་བྱུང་སྟེ། ལམ་པོ་ཆེར་ཞུགས་ནས་དེས་སེམས་འདི་ལྟ་བུ་བསྐྱེད་དེ། གལ་ཏེ་བདག་རྒྱ་མཚོ་ཆེན་པོའི་ནང་ནས། ཉེ་ཞོ་མེད་པར་བདེ་བར་འོངས་ཏེ། རྒྱ་མཚོའི་གྲུ་བོ་ཆེའི་དོན་གྲུབ་ནས། ཕྱིར་འཁོར་བར་གྱུར་ན་སྒོ་འདིར་བདག་གི་སྒོའི་དུས་སྟོན་བྱའོ། །ལམ་པོ་ཆེ་འདིར་ཡང་ལམ་གྱི་དུས་སྟོན་བྱའོ་ཞེས་བྱས་ནས་རྒྱ་མཚོ་ཆེན་པོར་སོང་ངོ་། །དེ་ནས་དེ་རིན་པོ་ཆེའི་གླིང་བགྲོད་པར་བསྒྲུབས་ཏེ། རྒྱ་མཚོ་ཆེན་པོའི་ནང་ནས་འགྲམ་དུ་བྱུང་ནས། དེས་བསམས་པ། བདག་གྲུ་བོ་ཆེས་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ཏེ། དེས་ན་བདག་གིས་ནོར་ཆེན་པོ་བསྒྲུབས་ཀྱིས། བདག་གིས་རྒྱ་མཚོའི་འགྲམ་འདི་ཉིད་དུ་རྒྱ་མཚོའི་ལྷ་རྣམས་དང་། གྲུ་བོ་ཆེ་ལ་གནས་པའི་ལྷ་རྣམས་ལ་བཀུར་སྟི་བྱའོ་སྙམ་ནས། དེས་རྒྱ་མཚོའི་འགྲམ་དེ་ཉིད་དུ་ལྷ་རྣམས་ལ་བཀུར་སྟི་ཆེན་པོ་བྱས་ཏེ། མཉན་དུ་ཡོད་པར་ཆས་སོ། །དེ་ནས་དེ་མཐར་གྱིས་རྒྱུ་ཞིང་སོང་སོང་བ་ལས། མཉན་དུ་ཡོད་པར་ཕྱིན་ནས། མཉན་དུ་ཡོད་པར་ཟོང་རྣམས་བཞག་སྟེ། དེས་གྲོང་ཁྱེར་གྱི་ཕྱི་སྒོ་ཆེན་པོ་དང་། ལམ་པོ་ཆེ་དེའི་ལྷ་རྣམས་ལ་མཆོད་པ་ཆེན་པོ་བྱས་ནས། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་ཏེ། དེས་རིན་པོ་ཆེའི་ཕུང་པོ་ཆེན་པོ་སྤུངས་ནས། དགེ་སྦྱོང་དང་བྲམ་ཟེ་དང་། སྤྱོད་པ་པ་དང་ཀུན་ཏུ་རྒྱུ་དང་། སྡུག་ཅིང་ཕོངས་པ་དང་། བཀྲེས་པ་རྣམས་ལ་སྦྱིན་པ་བྱེད་པ་ལ་ཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་། ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་


DKG074_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པར་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག།སུ་ནི་ཉམ་ང་བར་འགྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་། ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་། འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་དེད་དཔོན་འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སེམས་བསྐྱེད་པར་འགྱུར་རོ་སྙམ་དུ་དགོངས་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། སྒོ་དེ་ཉིད་ནས་མཉན་དུ་ཡོད་པའི་ནང་དུ་གཤེགས་པ་དང་། དེད་དཔོན་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་


DKG074_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་དེས་རིན་པོ་ཆེ་སྤར་གྱིས་བཏབ་སྟེ། བཅོམ་ལྡན་འདས་ལ་གཏོར་ནས་དེ་དག་སངས་རྒྱས་ཀྱི་མཐུས། བཅོམ་ལྡན་འདས་ཀྱི་སྟོང་དུ་ལྟིང་ཁང་ལྟ་བུར་ཆགས་ཏེ་འདུག་ནས་བཅོམ་ལྡན་འདས་གཤེགས་ན་ནི་འགྲོའོ། །གཞེས་ན་ནི་སྡོད་དོ། །དེ་ནས་དེད་དཔོན་དེས་ཆོ་འཕྲུལ་དེ་ལྟ་བུ་མཐོང་ནས། ལྷག་པར་ཡང་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། གསོལ་པ། ཟླ་བ་གསུམ་གྱི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་སྙུན་གསོས་དང་། སྨན་ཟོང་རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་དེད་དཔོན་དེ་ལ་གནང་ངོ་། །དེ་ནས་དེད་དཔོན་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཡོ་བྱད་ཐམས་ཅད་སྦྱར་ཏེ། དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས། ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས། བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེད་དཔོན་ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་ཁྱོད་འཇིག་རྟེན་ལོང་བ་


DKG074_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་སོ།། །།ནོར་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། རིགས་དང་འཐུན་པར་མིང་བཏགས་ཏེ། དེ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་། ཤོད་དགོད་པ་དང་། ལག་རྩིས་དང་དབྱུང་བ་དང་། སྦ་བ་དང་། དགྲམ་པ་དང་། གོས་བརྟག་པ་དང་། ནོར་བུ་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་། སྨན་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། གོ་མཚོན་བརྟག་པ་ལ་བསླབས་ཏེ། ཡི་གེ་མཁས་པ་དང་། ཀློག་མཁས་པ་དང་། མཛངས་པ་དང་། བྱ་བ་ལ་གསལ་བ་དང་། ཡིད་གཞུངས་པ་དང་། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེས་ཟོང་ཁྱེར་ཏེ། རྒྱ་མཚོའི་ནང་དུ་སོང་བ་ལས། རྒྱ་མཚོའི་གྲུ་བོ་ཆེའི་དོན་གྲུབ་ནས་ཕྱིར་འོངས་སོ། །ཁྱིམ་བདག་དེས་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ། སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བླངས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་སྤྱན་དྲངས་ཏེ། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས། ཅི་བཞེད་པ་བསྟབས་ཏེ། ཆོས་ཉན་པའི་ཕྱིར་སྤྱན་སྔར་འདུག་གོ །


DKG074_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་ཁྱིམ་བདག་དེ་འཁོར་དང་བཅས་པས། སྟན་དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཡང་དང་ཡང་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འགྲོ་ཞིང་། བཅོམ་ལྡན་འདས་ལ་ཆོས་ཉན་པར་བྱེད་དོ། །བདག་གི་བུ་ཡང་དང་ཡང་དུ་དྲན་པར་བྱེད་དེ། ཀྱེ་མ་དེ་ཡང་འདིར་འོངས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་པར་གྱུར་ལ། ཆོས་འདི་ལྟ་བུ་དག་ཀྱང་ཐོབ་ན་ཅི་མ་རུང་སྙམ་མོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་གི་བུ་དེ་རྒྱ་མཚོའི་གྲུ་བོ་ཆེའི་དོན་གྲུབ་སྟེ། ཕྱིར་འོངས་ནས་དེས་སྐྱེད་མོས་ཚལ་དུ་རྫས་རྣམས་བཞག་ནས། ཕ་མ་གཉིས་བལྟ་བའི་ཕྱིར་ཤིན་ཏུ་རིངས་པར་བདག་གི་ཁྱིམ་དུ་སོང་བ་ལས། དེའི་ཕ་མ་གཉིས་ཆོས་ཉན་པའི་ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། ཁྱིམ་བདག་གི་བུ་དེས་ཕ་མ་གཉིས་ཆོས་ཉན་པའི་ཕྱིར། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་ཡང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེ་ཉིད་དུ་སོང་སྟེ། དེ་དེར་ཕྱིན་ནས་བདག་གི་ཕ་མ་གཉིས་བལྟ་བར་བྱའོ་སྙམ་པ་ལས། ཁྱིམ་བདག་གི་བུ་དེས་ཕ་མ་གཉིས་ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕ་མ་གཉིས་ཀྱི་མགུལ་ནས་འཇུས་ནས་ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེའི་མདུན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྲོ་བ་སྐྱེ་བར་འགྱུར་བའི་གཏམ་བཀའ་སྩལ་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་སྐྱེས་སོ། །དེ་ནས་ཁྱིམ་བདག་དེ་བཅོམ་ལྡན་འདས་ལས་ཆོས་ཐོས་ནས། བུ་དང་ལྷན་ཅིག་ཏུ་བདག་གི་ཁྱིམ་དུ་སོང་ངོ་། །དེར་སོང་ནས་དེ་གཉིས་ཀྱིས་བུ་དེ་ལ་སྨྲས་པ། བུ་ཁྱོད་ཀྱིས་རྒྱ་མཚོ་ཆེན་པོའི་ནང་ནས་བདག་ཅག་གཉིས་ལ་ཅི་ཞིག་ཁྱེར་ཏེ་འོངས། ཁྱེའུས་སྨྲས་པ། རིན་པོ་ཆེ་རིན་ཐང་ཆེ་བ་དག་བཙལ་ཏེ་མཆིས་སོ། །ཕ་མ་གཉིས་ཀྱིས་དེ་ལ་སྨྲས་པ། བུ་ཁྱོད་


DKG074_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་རྒྱ་མཚོའི་ནང་དུ་སོང་ནས་སྡུག་བསྔལ་སྟོང་ཕྲག་གྲངས་མེད་པ་མྱོང་སྟེ། རིན་པོ་ཆེ་ཐ་མལ་པ་དག་ཁྱེར་ཏེ་འོངས་སོ། །བདག་ཅག་གིས་ནི་འདི་ཉིད་ན་འདུག་བཞིན་དུ། ཚེགས་ཆུང་ངུས་རིན་པོ་ཆེ་རིན་ཐང་ཆེན་པོ་དག་རྙེད་དོ། །ཁྱེའུས་སྨྲས་པ། འོ་ན་ཚེགས་ཆུང་ངུས་རྙེད་པའི་རིན་པོ་ཆེ་དག་ཅི་འདྲ་བ་བལྟ་བར་འཚལ་ལོ། །དེ་ནས་ཕ་མ་གཉིས་ཀྱིས་དེ་ལ་བདག་ཅག་ཉིད་ཀྱི་ཡོན་ཏན་རྒྱས་པར་བརྗོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་ཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་རྐྱེན་དུ་འཚམ་པའི་ཆོས་བསྟན་ཏོ། །དེ་ནས་ཁྱིམ་བདག་གི་བུ་དེས། བཅོམ་ལྡན་འདས་ཀྱི་གཏམ་གྱི་མཇུག་རྫོགས་པར་རིག་ནས། སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཟླ་བ་གསུམ་གྱི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་གི་བུ་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཡོ་བྱད་ཐམས་ཅད་སྦྱར་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས། ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས། བཅོམ་ལྡན་འདས་ལ་ན་བཟའ་


DKG074_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ལ་བཀའ་སྩལ་པ། ཁྱིམ་བདག་གི་བུ་ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་ཁྱོད་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཆུ་རླབས་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་སོ།། །།སྟོབས་ཕྲོག་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་དང་། ལྷོ་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་གཉིས་ཕན་ཚུན་མི་འཐུན་པར་གྱུར་ཏེ། དུས་དུས་སུ་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བྱེད་དོ། །དེ་གཉིས་ཀྱི་མཛའ་བོ་བཤེས་ཤིང་གཅུགས་པ་ནི། རྒྱལ་པོ་གསལ་རྒྱལ་ཡིན་ཏེ། རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། བདག་གིས་ཐབས་ཅི་ལྟ་བུ་ཞིག་གིས་དེ་གཉིས་བསྡུམ་པར་བྱ་སྙམ་ནས། དེའི་བློ་སྐྱེས་པ། བཅོམ་ལྡན་འདས་ནི་མ་དུལ་བ་དུལ་བ་ཡིན་ན། མ་ལ་བདག་གིས་བཅོམ་ལྡན་འདས་ལ་གསོལ་བ་གདབ་བོ་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་དང་། ལྷོ་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་


DKG074_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཕན་ཚུན་མི་འཐུན་པར་གྱུར་ཏེ། དེ་གཉིས་ཀྱིས་དུས་དུས་སུ་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བགྱིད་དོ། །བཅོམ་ལྡན་འདས་ནི་མ་དུལ་བ་དུལ་བ་ལགས་ན་ཐུགས་བརྩེ་བའི་སླད་དུ། དེ་གཉིས་ཀྱི་ཁོན་སྦྱང་བའི་སླད་དུ་ནན་ཏན་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ། རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ། བྱང་ཕྱོགས་ཀྱི་ཡུལ་པན་ཙ་ལ་དང་། ལྷོ་ཕྱོགས་ཀྱི་ཡུལ་པན་ཙ་ལ་གཉིས་ཀྱི་བར་མཚམས་སུ་གཤེགས་ཏེ་བཞུགས་ནས། བཅོམ་ལྡན་འདས་ཀྱིས་ཅི་ནས་དེ་དག་འཐབ་པར་སེམས་པ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་དང་། ལྷོ་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་གཉིས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་གཡུལ་འགྱེད་པའི་ཕྱིར། སོ་སོ་ནས་དྲངས་སོ། །དེ་དག་གཡུལ་འགྱེད་པར་བརྩམས་པ་ལས། སངས་རྒྱས་ཀྱི་མཐུས་དེ་གཉི་གས་རང་རང་ཕམ་སྟེ་མ་ནུས་ནས། གཞན་གྱིས་ཐུབ་པར་མཐོང་སྟེ། དེ་གཉིས་སོ་སོ་ནས་ཤིང་རྟ་རེ་རེ་ལ་ཞོན་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཅི་ནས་དེ་གཉིས་གཅིག་གིས་གཅིག་མི་མཐོང་བར་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་ཀྱིས་དགོངས་པ་འདི་གཉིས་ལས་གཅིག་ནི་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །གཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སེམས་བསྐྱེད་པར་འགྱུར་རོ་སྙམ་དུ་དགོངས་ནས། གཅིག་ལ་ནི་འཕགས་པའི་བདེན་པ་བཞིའི་གཏམ་གསུངས་སོ། །གཅིག་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྲོ་བར་འགྱུར་བའི་


DKG074_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་གསུངས་སོ། །དེ་ནས་ལྷོ་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་ཡང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཟླ་བ་གསུམ་གྱི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ན་བཟའ་དང་། ཞལ་ཟས་དང་གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་ལ་ཡང་ཅང་མི་གསུང་བས་གནང་ངོ་། །དེ་ནས་བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོས། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རང་གི་ཡུལ་དུ་སྤྱན་དྲངས་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་སྦྱར་ནས། ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ། ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས། བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ནས། བླ་ན་མེད་པ་ཡང་དག་པར་


DKG074_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་པན་ཙ་ལའི་རྒྱལ་པོ་དེ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་རྒྱལ་པོ་ཆེན་པོ་ཁྱོད་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་རྒྱལ་བ་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་སོ། །ལས་བརྒྱ་ཐམ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་བརྒྱད་པ་རྫོགས་སོ།། །།

སྡོམ་གྱི་ཚིགས་སུ་བཅད་པ་དགུ་པ།


DKG074_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ནི། བུ་དང་རི་ཡི་གཅོང་རོང་གླུད། །འཐབ་དང་རྙིས་བཟུང་གོང་མ་ཕྲེག།ཕག་དང་མི་རྒོད་ཤ་ཟ་དང་། །དབང་པོའི་མགོ་ནི་ཐ་མ་ཡིན། །བུ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན། བྲམ་ཟེ་ཞིག་གནས་ཏེ། དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་སོ། །འདོད་པ་རྣམས་ནི་ཚྭ་ཆུ་དང་འདྲ་སྟེ། ཅི་ཙམ་དུ་བསྟེན་པ་དེ་ཙམ་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཕྱིས་ཀྱང་མཐར་གྱིས་བྲམ་ཟེའི་བུ་གཅིག་ནས་གཉིས་ནས་བདུན་གྱི་བར་དུ་བྱུང་ནས། དེ་རྣམས་རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་། མར་དང་ཞུན་མར་དང་།


DKG074_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་དག་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་། སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་། ཐལ་བ་བླང་བ་དང་། རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་། བླང་བ་དང་། ཁ་ཏོན་བྱ་བ་དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས། ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེས་བུ་དེ་དག་ཐམས་ཅད་ཁྱིམ་ཕུབ་སྟེ། བྲམ་ཟེ་དེའི་ཁྱིམ་ན་ནོར་ཅི་ཡོད་པ་དེ་དག་ཐམས་ཅད་སོ་སོར་བགོས་ནས་བུ་དེ་དག་ལ་བྱིན་ནོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེའི་ཆུང་མ་ཡང་ཤི་བྲམ་ཟེ་དེ་ཡང་རྒས་ཏེ་མིག་གིས་མི་མཐོང་བར་གྱུར་ནས། དེ་བུ་དེ་རྣམས་ཀྱིས་ཁྱིམ་ནས་བསྐྲད་དེ། དེ་གཞན་དག་གི་ཁྱིམ་དུ་སློང་ཞིང་འཚོ་བར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་། ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པར་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་། ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་། འབྲས་བུ་ལ་གཞག་


DKG074_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་གདུལ་བའི་དུས་ལ་བབ་པར་དགོངས་ནས། སྔ་དྲོ་ཆོས་གོས་དང་ཤམ་ཐབས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་ཏེ། བཅོམ་ལྡན་འདས་མཉན་དུ་ཡོད་པར་གཤེགས་པ་ན། བྲམ་ཟེ་རྒས་ཤིང་འཁོགས་ལ་གཏུགས་པ། ཁར་བ་དང་སྣོད་ཐོགས་ཤིང་གཞན་དག་གི་ཁྱིམ་དུ་སློང་བ་དེ་གཟིགས་སོ། །གཟིགས་ནས་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ་རྒས་ཤིང་འཁོགས་ལ་གཏུགས་པ། ཁྱོད་ཅིའི་ཕྱིར་ཁར་བ་དང་སྣོད་ཐོགས་ཤིང་། གཞན་གྱི་ཁྱིམ་དུ་སློང་ཞིང་འདུག།བྲམ་ཟེས་གསོལ་པ། ཀྱེ་མ་གཽ་ཏ་མ་བདག་གི་བུ་བདུན་མཆིས་ཏེ། དེ་རྣམས་བདག་གིས་གསོས་ནས་བསྐྱེད་བསྲིངས་ནས། ཐོས་པས་ཀྱང་མཐར་ཕྱིན་པར་བགྱིས་ཏེ་བཞག་ནས། མཆིས་བྲང་དང་བཅས་ཏེ་བཙེམས་ཏེ་བདག་གི་ཁྱིམ་ན་ཅི་བདོག་པ་དེ་དག་ཐམས་ཅད་ཀྱང་བདག་གིས་སོ་སོར་བགོས་ཏེ་སྩལ་ན། དེ་རྣམས་ཀྱིས་བདག་ཁྱིམ་ནས་བསྐྲད་པས་ན། ཁར་བ་དང་སྣོད་ཐོགས་ཤིང་། གཞན་དག་གི་ཁྱིམ་དུ་སློང་ཞིང་རྒྱུ་བར་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ་ཁྱོད་ཀྱིས་ང་ལས་ཚིགས་སུ་བཅད་པ་བསླབས་ཏེ། ཀུན་ཆུབ་པར་བྱས་ལ། བུ་དེ་རྣམས་འཁོར་གྱི་ནང་ན་འཁོད་པ་ལས་བསྒྲགས་པར་ནུས་སམ། བྲམ་ཟེས་གསོལ་


DKG074_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཀྱེ་མ་གཽ་ཏ་མ་བདག་གིས་རྔོ་ཐོགས་ཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་དག་བཙས་ནས་དགར་འགྱུར་བ། །གང་ཕྱིར་ནོར་ནི་ཀུན་བསགས་པ། །དེ་དག་བདག་གིས་ཚེམས་དང་སྦྱར། །བདག་ནི་ཁྱིམ་ནས་བསྐྲད་པར་གྱུར། །ནོར་ཟད་པས་ནི་གང་དག་གིས། །བདག་སྤངས་དེ་དག་དེ་ན་མིན། །སྲིན་པོ་བུ་ཡི་ཆ་ལུགས་ཅན། །ཕ་ཕ་ཞེས་བརྗོད་དེ་མི་བརྗིད། །རྟ་རྒན་ཞོ་ཤ་ཟད་པ་བཞིན། །ན་ཚོད་ཡལ་བར་གྱུར་པ་ན། །གཞོན་ནུ་རྣམས་ཀྱིས་ཕ་རྒན་ཞིག །གཞན་གྱི་ཁྱིམ་དུ་སློང་བར་གྱུར། །རྟེན་ལ་མ་ཕན་བུ་རྣམས་པས། བདག་གི་ཁར་བ་འདི་བདམ་སྟེ། །ཁར་བ་འདི་ཡི་ཡོན་ཏན་མཐུས། །བ་ལང་རྡུང་ཞིང་འོང་བ་དང་། །སྦྲུལ་དང་ཁྱི་ཟ་ཟློག་པར་བྱེད། །མུན་པའི་ནང་ན་མདུན་དུ་འགྲོ། །ཡ་ངའི་གནས་སུ་ཚོད་ཀྱང་རིག།རྡེག་འཆོས་ན་ཡང་བདག་ལ་རྟོན། །དེ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་དེ་བཀའ་སྩལ་པ་འདི་དག་ཐོས་ནས། བུ་རྣམས་ཀྱི་འཁོར་དུ་སོང་སྟེ་བརྗོད་ནས། བུ་རྣམས་ཀྱིས་དེ་ཐོས་མ་ཐག་ཏུ་ཕ་ལ་བཟོད་པར་གསོལ་ཏེ། སྔ་མཁོ་བཞིན་དུ་ཁྱིམ་གྱི་བདག་པོར་བཞག་གོ །དེ་ནས་ཕྱི་ཞིག་ན། བྲམ་ཟེ་དེས་བསམས་པ། བདག་གི་དཔལ་དང་སྐལ་བ་དང་ལྡན་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། བཅོམ་ལྡན་འདས་གཽ་ཏ་མ་དེའི་བཀའ་དྲིན་ཡིན་ན། མ་ལ་བདག་གིས་བཅོམ་ལྡན་འདས་གཽ་ཏ་མ་དེ་བཤོས་གསོལ་ལ། རིན་ཐང་ཆེ་བའི་ན་བཟའ་དབུལ་བར་བྱ་གོར་མ་ཆག་སྙམ་ནས། བྲམ་ཟེ་དེས་བཅོམ་ལྡན་འདས་སྤྱན་དྲངས་ཏེ། བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་དག་གསོལ་ནས། རིན་ཐང་ཆེ་བའི་ན་བཟའ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་དང་བུ་དེ་རྣམས་ལ་དེ་དག་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་བྲམ་ཟེ་དེ་འཁོར་དང་བཅས་པས། སྟན་དེ་དག་ཉིད་ལ་འཁོད་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་


DKG074_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱད་པ་སྤྱོད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བྲམ་ཟེ་རྒས་ཤིང་འཁོགས་ལ་གཏུགས་པ་འདི་བུ་རྣམས་ཀྱིས་ཁྱིམ་ནས་བསྐྲད་ནས། འདི་བཅོམ་ལྡན་འདས་ཀྱིས་ཐབས་དང་ལྡན་པས། སྔ་མཁོའི་གནས་སུ་སླར་སོར་ཆུད་པར་མཛད་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་བྲམ་ཟེ་འདི་བུ་རྣམས་ཀྱིས་རང་གི་ཁྱིམ་ནས་བསྐྲད་པ་ན། འདི་ངས་སྔ་མཁོའི་གནས་སུ་བཞག་ནས། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་ཇི་ལྟར་གནས་པར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཙམ་པ་ཞེས་བྱ་བ་ན། ཁྱིམ་བདག་ཅིག་གནས་པ་དེ་ལ་སྔ་ཕྱིར་བུ་བདུན་བྱུང་ནས་དེ་དག་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ནས། ཁྱིམ་བདག་དེས་བུ་དེ་དག་ཐམས་ཅད་ཁྱིམ་ཕུབ་སྟེ། དེའི་ཅི་བདོག་པ་དེ་དག་ཐམས་ཅད་ཀྱང་སོ་སོར་བགོས་ནས། དེ་རྣམས་ལ་བྱིན་ནོ། །ཁྱིམ་བདག་དེ་ཡང་རྒས་ཤིང་འཁོགས་ལ་གཏུགས་པར་གྱུར་ནས། དེ་བུ་དེ་རྣམས་ཀྱིས་ཁྱིམ་ནས་བསྐྲད་དེ། དེ་རྒས་བཞིན་ཟོང་ཁྱེར་ཏེ་ཡུལ་གཞན་དུ་ཆས་སོ། །དེའི་ཚེ་དཀའ་ཐུབ་ཀྱི་གནས་ཞིག་ན། དྲང་སྲོང་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་ཏེ། དཀའ་ཐུབ་ཀྱི་གནས་དེའི་འདབ་ཅིག་


DKG074_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དེ་འོངས་ནས། དྲང་སྲོང་དེས་ཁྱིམ་བདག་དེ་མཐོང་ནས་སྨྲས་པ། ཁྱིམ་བདག་རྒས་ཤིང་འཁོགས་ལ་གཏུགས་པ་ཁྱོད་ཅིའི་ཕྱིར་ཡུལ་གཞན་དུ་ཆས་ཏེ་འགྲོ། དེ་ནས་ཁྱིམ་བདག་དེས་གཏམ་དེ་དྲང་སྲོང་དེ་ལ་རྒྱས་པར་བསྙད་དོ། །དེ་ནས་དྲང་སྲོང་གིས་སྨྲས་པ། ཁྱིམ་བདག་ཁྱོད་ངས་ཅི་ནས་བུ་དེ་རྣམས་ཀྱིས་མཆོད་པ་དང་རིམ་གྲོ་བྱེད་པར་འགྱུར་བ་དེ་ལྟར་བྱའོ་ཞེས་སྨྲས་ནས། དྲང་སྲོང་དེས་ཁྱིམ་བདག་དེ་ཕྱིར་ཟློག་སྟེ་རང་གི་གནས་སུ་ཁྲིད་ནས། དྲང་སྲོང་དེས་དེའི་བུ་རྣམས་ལ་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་བུ་དེ་རྣམས་ཀྱིས་ཕ་དེ་ཁྱིམ་དུ་བོས་ནས། སྔ་མཁོ་བཞིན་དུ་བཞག་གོ །དེ་ནས་ཁྱིམ་བདག་དེས་སྔ་མའི་དྲིན་ལན་བསབ་པའི་ཕྱིར་དྲང་སྲོང་དེ་ཁྱིམ་དུ་ཟས་བྱིན་ནས། དེའི་ཐད་དུ་རབ་ཏུ་བྱུང་སྟེ། དེ་རབ་ཏུ་ཕྱུང་ནས་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་བྲམ་ཟེ་འདི་ཁོ་ན་ཡིན་ནོ། །དེའི་བུར་གྱུར་པ་གང་ཡིན་པ་དེ་དག་ནི་བུ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་རྒས་ཤིང་འཁོགས་ལ་གཏུགས་པར་གྱུར་ནས། ཁྱིམ་ནས་བསྐྲད་པ་ལས་ངས་ཐབས་དང་ལྡན་པས་སྔ་མཁོའི་གནས་སུ་བཅུག་སྟེ་བཞག་ནས། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་གནས་པར་བྱས་སོ། ད་ལྟར་ཡང་འདི་རྒས་ཤིང་འཁོགས་ལ་གཏུགས་པར་གྱུར་ནས། ཁྱིམ་ནས་བསྐྲད་པ་ལས་ངས་ཐབས་དང་ལྡན་པས་སྔ་མཁོའི་གནས་སུ་བཅུག་སྟེ་བཞག་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་གོ །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་སྟེ། དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།རི་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་


DKG074_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། རིགས་དང་འཐུན་པར་མིང་བཏགས་ནས། དེ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་། ཁོང་རྩིས་དང་། ཤོད་དགོད་པ་དང་། ལག་རྩིས་དང་། དབྱུང་བ་དང་། སྦ་བ་དང་། དགྲམ་པ་དང་། གོས་བརྟག་པ་དང་། ནོར་བུ་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་། སྨན་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། གོ་མཚོན་བརྟག་པ་ལ་བསླབས་ཏེ། ཡི་གེ་མཁས་པ་དང་། ཀློག་མཁས་པ་དང་། མཛངས་པ་དང་། བྱ་བ་ལ་གསལ་བ་དང་། ཡིད་གཞུངས་པ་དང་། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེ་ཕས་མཛའ་སྡེ་རྣམས་ཀྱི་ནང་དུ་བཏང་ངོ་། །མཛའ་སྡེ་བོ་དེ་རྣམས་ནི་ལྟ་བ་དང་། འདོད་པ་ཐ་དད་པ་ཕན་ཚུན་མི་འཐུན་པར་སྨྲ་བ་ཤ་སྟག་སྟེ། གང་དག་གང་ལ་དགའ་བ་དེ་དག་དེའི་བསྔགས་པ་རྗོད་པར་བྱེད་དོ། །ཁྱིམ་བདག་གི་བུ་དེ་ནི་རང་བཞིན་གྱིས་མཛངས་པ་ཞིག་སྟེ། ཐམས་ཅད་ཀྱི་གཞུང་ལུགས་འདྲི་བར་བྱེད་ན། ལ་ལ་ཅི་ཟེར། ལ་ལ་ཅི་ཟེར་བར་གྱུར་ནས། ལྟ་བའི་རྣམ་པ་དེ་དག་མི་འདོད་ཅིང་། མི་བཟོད་ལ་རུང་བར་མི་འཛིན་ཏོ། །དེ་ནས་ཕྱི་ཞིག་ན་དགེ་བསྙེན་ཞིག་གིས་སངས་རྒྱས་ཀྱི་བསྔགས་པ་ཡང་དག་པ་ཅི་ལྟ་བ་བཞིན་དུ་བརྗོད་ནས། དེ་ཐོས་མ་ཐག་ཏུ་ཁྱིམ་བདག་གི་བུ་དེས་དྲིས་པ། སངས་རྒྱས་ཞེས་བྱ་བའི་སྒྲ་བྱུང་བ་འདི་དག་ནི་སྔོན་མ་བྱུང་ན་སངས་རྒྱས་ཞེས་བྱ་བ་དེ་སུ་ཞིག །དེ་ནས་དགེ་བསྙེན་དེས་དེ་དང་འཐུན་པའི་སངས་རྒྱས་ཀྱི་བསྔགས་པ་བརྗོད་དོ། །དེ་ནས་ཁྱིམ་བདག་གི་བུ་དེ་བཅོམ་ལྡན་འདས་བལྟ་བར་འདོད་པར་གྱུར་ཏོ། །དེ་ནས་དེས་ཐམས་ཅད་བོར་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་ཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་


DKG074_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱིམ་བདག་གི་བུ་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་གི་བུ་དེས་བཅོམ་ལྡན་འདས་ཀྱི་གཏམ་མཇུག་རྫོགས་པར་རིག་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་ཕྱི་ཞིག་ན་དེ་སྦྱིན་པ་གཏོང་བའི་སེམས་སྐྱེས་ལ། ཁྱིམ་ན་ནི་ཅི་ཡང་མི་བདོག་པར་མཐོང་ནས། དེའི་བློ་སྐྱེས་པ། བདག་རྒྱ་མཚོ་ཆེན་པོའི་ནང་དུ་སོང་ལ། གལ་ཏེ་བདག་གི་ལན་ཅིག་ཙམ་རིན་པོ་ཆེའི་གླིང་བགྲོད་པ་བསྒྲུབ་ནུས་པར་གྱུར་ན་ཡང་། དེ་ལྟར་ན་བདེ་བླག་ཏུ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་ཀྱང་བྱེད་ནུས་སོ་སྙམ་ནས། ཚོང་པ་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་ཟོང་ཁྱེར་ཏེ། རྒྱ་མཚོ་ཆེན་པོའི་ནང་དུ་སོང་ནས། དེས་རིན་པོ་ཆེའི་གླིང་བགྲོད་པ་བསྒྲུབས་ཏེ། ཕྱིར་འཛམ་བུའི་གླིང་ལོགས་སུ་ཆས་པ་ལས། དེ་དག་རླུང་མི་བཟོད་པ་བྱུང་ནས། དེས་གྲུ་བོ་ཆེ་དེ་རིའི་གཅོང་རོང་ཞིག་ཏུ་བཙངས་སོ། །དེ་ནས་རྒྱ་མཚོའི་དུས་རླབས་ཕྱིར་ལོག་པ་དང་། ཚོང་པ་དེ་དག་འཇིགས་ཤིང་སྐྲག་སྟེ། བདག་ཅག་ནི་ཤི་ཟིན་ནོ། །བདག་ཅག་གི་སྲོག་ནི་མེད་ཟིན་ནོ། །ད་བདག་ཅག་ལ་དགའ་བ་བྱེད་པ་དང་། སྲོག་ཕངས་པ་སྦྱིན་པ་སུ་ཡོད་ཅེས་འཛེར་ཏོ། །དེ་ནས་དེད་དཔོན་གྱིས་སྨྲས་པ། མ་འཇིགས་ཤིག་མ་འཇིགས་ཤིག །སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་དེང་ཤིག་དང་། དེས་བདག་ཅག་ཕོངས་པ་དང་། དཀོས་ཐག་པ་དང་གནོད་པ་དང་ཕྲད་པ་ལས་སྐྱབས་མཛད་པར་འགྱུར་རོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚོང་པ་དེ་རྣམས་སངས་རྒྱས་ལ་སྐྱབས་སུ་སོང་སྟེ། བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བ་ཅི་ཡང་མི་གཟིགས་པ་དང་། མི་མཁྱེན་པ་དང་། ཐུགས་སུ་མ་ཆུད་པ་མ་མཆིས་ན། ཀྱེ་མ་བཙུན་པ་བདག་ཅག་ཕོངས་ཤིང་དཀོས་ཐག་ལ་གནོད་པ་དང་ཕྲད་པ་རྣམས་ལ་སྐྱབས་མཛད་དུ་གསོལ། སྲོག་ཕངས་པ་སྩལ་དུ་གསོལ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་


DKG074_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་དེ་རང་ཉིད་རིའི་གཅོང་རོང་དེ་ནས་ཕྱིར་ལོག་སྟེ། རྒྱ་མཚོའི་འགྲམ་དུ་འབྱུང་བར་འགྱུར་བ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་དེ་དག་རྒྱ་མཚོ་ཆེན་པོའི་འགྲམ་དུ་བྱུང་ནས། མཐར་གྱིས་མཉན་དུ་ཡོད་པར་སོང་སྟེ། མཉན་དུ་ཡོད་པར་རྫས་རྣམས་བཞག་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་འོ་བྱས་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་བདག་ཅག་ལ་དཀའ་བ་མཛད་མཛད་པ་ལགས། སྲོག་ཕངས་པ་སྩོལ་བ་ལགས་སོ་ཞེས་གསོལ་ནས། ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་དེད་དཔོན་ལ་སོགས་པ་ཚོང་པ་ལྔ་བརྒྱ་པོ་རྣམས་ཀྱིས་སྟན་དེ་ཉིད་ལ་འཁོད་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་རྣམས་ཀྱིས་བདེན་པ་མཐོང་ནས། གསོལ་པ། བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་དག་ལ་ལུང་ཡང་ཕོག་ནས། དེ་དག་གིས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་


DKG074_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ཚོང་པ་ལྔ་བརྒྱ་པོ་འདི་རྣམས་དེད་དཔོན་འདི་ལ་བརྟེན་ཏེ། བཅོམ་ལྡན་འདས་ཀྱིས་འཇིགས་པ་ཆེན་པོ་ལས་བསྐྱབས་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ཚོང་པ་ལྔ་བརྒྱ་པོ་འདི་རྣམས་ཀྱིས། དེད་དཔོན་འདི་ལ་བརྟེན་ཏེ། ངས་འཇིགས་པ་ཆེན་པོ་ལས་བསྐྱབས་ནས། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་ཅི་ལྟར་བཀོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་ར་ཎ་སཱི་ན་དཀའ་ཐུབ་ཀྱི་གནས་ཞིག་ན། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་ཏེ། དེ་ཡང་བཱ་ར་ཎ་སཱི་ན་གནས་པའི་སྐྱེ་བོ་མང་པོས་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བ་ཞིག་གོ །དེ་ནས་ཕྱི་ཞིག་ན་བཱ་ར་ཎ་སཱི་ན་ཚོང་པ་ལྔ་བརྒྱ་ཙམ་གྱིས། དྲང་སྲོང་དེ་ལ་བསྙེན་བཀུར་བྱས་ནས། རྒྱ་མཚོ་ཆེན་པོའི་ནང་དུ་སོང་སྟེ། དེ་དག་གི་རིན་པོ་ཆེའི་གླིང་བགྲོད་པ་བསྒྲུབས་ནས། ཕྱིར་འཛམ་བུའི་གླིང་ལོགས་སུ་ཆས་པ་ལས། དེ་དག་གི་གྲུ་བོ་ཆེ་རྒྱ་མཚོའི་དུས་རླབས་ཀྱིས་ཐང་ལ་འཕངས་ནས། དེ་དག་དེར་འཇིགས་ཤིང་སྐྲག་པར་གྱུར་ཏེ། བདག་ཅག་འཚོ་བའི་དུས་སྐབས་མེད་དོ་སྙམ་ནས། དེ་དག་ལྷ་རྣམས་ལ་གསོལ་བ་འདེབས་པར་བྱེད་དོ། །དེ་ནས་དེད་དཔོན་གྱིས་སྨྲས་པ། བདག་ཅག་གིས་ལྷ་གཞན་དག་ལ་གསོལ་བ་གདབ་ཅི་དགོས། བདག་ཅག་དྲང་སྲོང་དེ་ཉིད་ལ་སྐྱབས་སུ་འགྲོ་བར་བྱའོ། །འོན་ཀྱང་དེས་བདག་ཅག་ཕོངས་ཤིང་དཀོས་ཐག་པ་དང་། གནོད་པ་དང་ཕྲད་པ་ལ་སྐྱབས་བྱེད་པར་འགྱུར་ཞིང་། སྲོག་ཕངས་པ་སྦྱིན་པར་བྱེད་དོ། དེ་ནས་དེ་ཐོས་མ་ཐག་


DKG074_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཚོང་པ་ལྔ་བརྒྱ་པོ་དེ་དག་དྲང་སྲོང་དེ་ཁོ་ན་ལ་སྐྱབས་སུ་དོང་ངོ་། །དེ་ནས་དྲང་སྲོང་དེ་ལ་དགའ་བའི་ལྷས་དྲང་སྲོང་དེ་ལ་སྦྲན་ནས། དྲང་སྲོང་དེས་ཚོང་པ་ལྔ་བརྒྱ་པོ་དེ་དག་རྫུ་འཕྲུལ་གྱིས་རྒྱ་མཚོ་ཆེན་པོའི་ནང་ནས་ཕྱུང་སྟེ། རང་གི་དཀའ་ཐུབ་ཀྱི་ཚལ་དུ་བཀོད་དོ། །དེ་ནས་ཚོང་པ་རྣམས་ཀྱིས་བསམས་པ། བདག་ཅག་གསོན་པོར་གྱུར་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་དྲང་སྲོང་འདིའི་མཐུ་ཡིན་ནོ་སྙམ་ནས། སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས། ཐམས་ཅད་དྲང་སྲོང་དེའི་ཐད་དུ་རབ་ཏུ་བྱུང་སྟེ། དེ་དག་དེར་རབ་ཏུ་བྱུང་ནས། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེད་དཔོན་དུ་གྱུར་པ་གང་ཡིན་པ་དང་། ཚོང་པར་གྱུར་པ་གང་ཡིན་པ་དེ་དག་ནི། ཚོང་པ་འདི་རྣམས་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་རྣམས་ཀྱིས་དེད་དཔོན་འདི་ཁོ་ན་ལ་བརྟེན་ནས། ངས་འཇིགས་པ་ཆེན་པོ་ལས་བསྐྱབས་ཏེ། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །ད་ལྟར་ཡང་འདི་རྣམས་ཀྱིས་དེད་དཔོན་འདི་ལ་བརྟེན་ནས། ངས་འཇིགས་པ་ཆེན་པོ་ལས་བསྐྱབས་ཏེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་སྟེ། དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།གླུད་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ། ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་


DKG074_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དོ། །ཁྱིམ་བདག་དེ་ཡང་བུ་མི་གཤིན་པ་ཞིག་སྟེ། བུ་དང་བུ་མོ་བཙས་སོ་ཅོག་འཆི་བར་འགྱུར་རོ། །ཁྱིམ་བདག་དེའི་བསེན་ནི། ཚེ་དང་ལྡན་པ་མ་འགགས་པ་ཡིན་ཏེ། དེས་ཁྱིམ་བདག་དེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་གནས་པར་བྱས་ནས། སྦྱིན་པ་དག་སྦྱིན་པའི་བགོ་བཤའ་བྱེད་དུ་བཅུག་གོ །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། ཁྱིམ་བདག་དེས་བསམས་པ། ཐབས་ཅི་ལྟར་བྱས་ན། ཁྱེའུ་འདི་ཚེ་རིང་བར་འགྱུར་ཞིག་གུ་སྙམ་ནས། དེའི་བློ་སྐྱེས་པ། འཕགས་པ་མ་འགགས་པ་འདི་ནི་རྫུ་འཕྲུལ་ཆེ་ཞིང་བསོད་ནམས་དང་ལྡན་པ། ཆེ་བར་གྲགས་པ་ཡིན་པས་ན། འདི་ལ་བདག་གི་བུ་འདི་གཡོག་ཏུ་ཕུལ་ན། འདིའི་མཐུས་ཚེ་རིང་བར་འགྱུར་ཡང་སྲིད་དོ་སྙམ་ནས། ཕ་མ་གཉིས་ཀྱིས་ཁྱེའུ་དེ་ཚེ་དང་ལྡན་པ་མ་འགགས་པ་ལ་ཕུལ་ནས། དེ་ཉིན་གཅིག་བཞིན་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་ཅིང་གསོ་བར་བྱེད་ལ། དགེ་སློང་གི་ཆ་ལུགས་སུ་བཅུག་ནས། དགེ་སློང་དག་དང་ལྷན་ཅིག་ཏུ་བསོད་སྙོམས་ལ་རྒྱུ་བར་བྱེད་དོ། །དེ་ནས་དེ་གང་གི་ཚེ་ཤེད་བྱེ་བར་གྱུར་པ་དེའི་ཚེ། ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་སྤྱན་དྲངས་ནས། རང་གི་ལག་ནས་བཟའ་བ་དང་། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ། ཅི་བཞེད་པ་བསྟབས་ནས། ཁྱེའུ་དེའི་གླུད་དུ་གསེར་དངུལ་མང་པོ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཁྱིམ་བདག་དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས། གདན་ལས་བཞེངས་ཏེ་གཤེགས་སོ། །བཅོམ་ལྡན་འདས་གཤེགས་ནས། ཁྱིམ་བདག་དེས་ཁྱེའུ་དེའི་ཆོས་གོས་ཚོན་ཅན་རྣམས་ཕུད་དེ། ཁྱིམ་པའི་གོས་དང་རྒྱན་རྣམས་བསྐོན་ནོ། །དེ་ནས་དེའི་ཁྱིམ་པའི་གོས་དང་རྒྱན་བསྐོན་ནོ་ཅོག་མི་སྣང་བར་གྱུར་ཏེ། ཆོས་གོས་ཚོན་ཅན་དེ་དག་འབའ་ཞིག་བྱུང་བར་གྱུར་ཏོ། །དེ་ནས་གང་གི་ཚེ་ཆ་ལུགས་དེ་བསྒྱུར་


DKG074_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནུས་པ་དེའི་ཚེ། དགེ་སློང་གི་ཆ་ལུགས་སུ་འདུག་བཞིན་དུ་གསོ་བར་བྱེད་དེ། ཁྱིམ་དེ་ཉིད་དུ་ནེའུ་ལྡངས་ཀྱི་གྲོགས་པོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཡི་གེ་སློབ་ཏུ་བཅུག་གོ །དེ་ནས་དེ་རང་གི་ཁྱིམ་དེར་ཡང་དགའ་བ་མེད་ན། གཞན་དུ་ལྟ་ཅི་སྨོས་ཏེ། གཙུག་ལག་ཁང་འབའ་ཞིག་ཏུ་འགྲོ་འདོད་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་དེས་བུ་དེ་གཙུག་ལག་ཁང་དུ་ཁྲིད་ནས་དེ་ཉིད་དུ་གསོས་སོ། །དེ་ནས་དེས་གཙུག་ལག་ཁང་དེ་ཉིད་དུ་བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་ནས། དེ་ཕྱིར་ཁྱིམ་དུ་འགྲོ་མི་འདོད་དོ། །གཙུག་ལག་ཁང་དུ་འདུག་བཞིན་དུ་དེས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ། ཚེ་དང་ལྡན་པ་མ་འགགས་པའི་ཐད་དུ་རབ་ཏུ་བྱུང་ནས། བསྙེན་པར་རྫོགས་ཏེ། ཚེ་དང་ལྡན་པ་མ་འགགས་པས་དེ་ལ་ལུང་ཡང་ཕོག་ནས། དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགྲ་བཅོམ་པར་གྱུར་ནས་བསམས་པ། བདག་གིས་འདུལ་བར་འགྱུར་བ་འགའ་ལྟ་ཅི་ཡོད་སྙམ་སྟེ། དེས་བལྟས་ན་བདག་གི་ཕ་མ་ལ་སོགས་པ་ནེའུ་ལྡངས་ཀྱི་གྲོགས་པོ་ལྔ་བརྒྱ་འདུལ་བར་གྱུར་པ་མཐོང་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ། རང་གི་ཁྱིམ་དུ་ཕ་མ་གཉིས་ཀྱི་མདུན་ནས་ས་བརྟོལ་ཏེ་བྱུང་ངོ་། །དེ་ནས་དེ་མཐོང་མ་ཐག་ཏུ་ཕ་མ་གཉིས་ཀྱིས་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ཆོས་ཉན་པའི་ཕྱིར་མདུན་དུ་འདུག་གོ །དེ་ནས་དེས་ཕ་མ་དེ་གཉིས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་ཤེས་པ་དང་། རང་བཞིན་རྟོགས་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཕ་མ་དེ་གཉིས་འཁོར་དང་བཅས་པ་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བདེན་པ་མཐོང་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་བཀོད་དེ། སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ཡང་བྱེད་དུ་བཅུག་ནས། ཁྱིམ་དེ་ཁྲོན་པ་དང་འདྲ་


DKG074_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱས་ཏེ་བཞག་གོ །དེས་ནེའུ་ལྡངས་ཀྱི་གྲོགས་པོ་ལྔ་བརྒྱ་པོ་དེ་དག་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་བཀོད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ཁྱིམ་བདག་གི་བུ་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ཏེ། འདི་ཉིད་ལ་བརྟེན་ནས་ཕ་མ་ལ་སོགས་པ་དང་། ནེའུ་ལྡངས་ཀྱི་གྲོགས་པོ་ལྔ་བརྒྱས་བདེན་པ་མཐོང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ་འདི་རྣམས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུས་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་བཱ་ར་ཎ་སཱི་ན་ཁྱིམ་བདག་ཅིག་གནས་པ་ལས། ཕྱི་ཞིག་ན་དེའི་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས། སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བླངས་སོ། །དེ་གང་གི་ཉིན་པར་བཙས་པ་དེ་ཁོ་ནའི་ཉིན་པར་ཁྱིམ་བདག་གཞན་གྱི་བུ་ལྔ་བརྒྱ་ཡང་བཙས་ཏེ། གང་གི་ཚེ་དེ་དག་ཆེར་སྐྱེས་པ་དེའི་ཚེ་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏེ། དེ་ནས་དེ་དག་སོ་སོའི་ཕ་མ་རྣམས་ཀྱིས་མཛའ་སྡེའི་ནང་དུ་བཏང་ངོ་། །དེ་ནས་ཕྱི་ཞིག་ན་དཔྱིད་ཀྱི་


DKG074_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་མཛའ་སྡེ་བོ་དེ་རྣམས་སྐྱེད་མོས་ཚལ་ཤིང་ལྗོན་པ་ཡལ་ག་འཁྲིགས་ཤིང་། མེ་ཏོག་རྒྱས་པའི་ནང་དུ་འགྲོ་འདོད་པར་གྱུར་ནས། ནེའུ་ཟླ་རྣམས་ཀྱིས་ཁྱེའུ་དེ་སྔོན་དུ་བཏང་བར་འདོད་དེ། ཁྱོད་སྔར་སོང་ལ་བཟའ་བ་དང་བཅའ་བ་དག་སྟ་གོན་གྱིས་ཤིག་དང་། བདག་ཅག་ཀྱང་དོན་གྲུབ་ནས་འོང་ངོ་ཞེས་བྱས་སོ། །དེ་ནས་དེ་དེར་སོང་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་དག་སྟ་གོན་བྱས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་ཡང་ས་ཕྱོགས་དེ་ལོགས་ནས། བཱ་ར་ཎ་སཱིར་བསོད་སྙོམས་ལ་ཆས་ཏེ་གཤེགས་སོ། །དེ་ནས་ཁྱེའུ་དེས་ཐག་རིང་པོ་ཞིག་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་མཐོང་ངོ་། །མཐོང་ནས་ཀྱང་དེས་བསམས་པ། ཡོན་གནས་ཀྱི་མཆོག་འདི་ལྟ་བུ་བསོད་སྙོམས་ལ་ཆས་ཏེ་གཤེགས་ལ། བདག་གིས་ཀྱང་ཚེགས་ཆུང་ངུས་བཟའ་བ་དང་བཅའ་བ་དག་སྦྱར་བ་ཡོད་ན། བདག་གིས་ཇེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་ལ་བཤོས་གསོལ་ལ། དེའི་འོག་ཏུ་བདག་གིས་གྲོགས་པོ་རྣམས་ཀྱི་བཟའ་བ་དང་བཅའ་བ་གཞན་དག་སྦྱར་བར་བྱའོ་སྙམ་ནས། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་སྐྱེད་མོས་ཚལ་དེ་ཉིད་ཀྱི་ནང་དུ་སྤྱན་དྲངས་ཏེ། བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ། ཅི་བཞེད་པ་བསྟབས་ནས་ཆོས་ཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས། གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་ཁྱེའུ་དེས་མཛའ་སྡེ་བོ་རྣམས་ཀྱི་ཕྱིར་བཟའ་བ་དང་བཅའ་བ་གཞན་དག་སྟ་གོན་བྱེད་པ་ལ་ཞུགས་སོ། །དེ་ནས་མཛའ་སྡེ་བོ་དེ་རྣམས་སྐྱེད་མོས་ཚལ་དེར་ལྷགས་ནས། བདག་ཅག་གི་བཟའ་བ་དང་བཅའ་བ་སྟ་གོན་བྱས་པ་དེ་དག་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་ལ་ཕུལ་ལོ་ཞེས་ཐོས་


DKG074_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ཐོས་མ་ཐག་ཏུ་དེ་དག་ཤས་ཆེར་ཁྲོས་ཏེ། དེ་དག་ཁྲོས་ནས་ཁྱེའུ་དེ་བསད་པར་བྱས་སོ། །དེ་ནས་ཁྱེའུ་དེ་འཇིགས་ཤིང་སྐྲག་པར་གྱུར་ནས། དྲང་སྲོང་སྨྲ་བར་སོང་སྟེ། དེས་གནས་དེ་ནས་ཕ་མ་གཉིས་ལ་བཟླུགས་ཏེ། ཕ་མ་གཉིས་ཀྱིས་འཐབ་མོ་ཞི་བར་བྱ་བར་བརྩམས་པ་ལས། ཞི་བར་བྱེད་མ་ནུས་ནས། ཁྱེའུ་དེས་ཕ་མ་གཉིས་ལ་གསོལ་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལོབས་ཏེ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ནས། དེས་ཕ་མ་གཉིས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་བཀོད་ནས། སྦྱིན་པ་དག་དང་། སྦྱིན་པའི་བགོ་བཤའ་བྱེད་དུ་བཅུག་གོ །དེ་ནས་མཛའ་སྡེ་བོ་དེ་རྣམས་ཀྱིས་དེ་རབ་ཏུ་བྱུང་བ་མཐོང་ནས། འགྱོད་པ་སྐྱེས་ཏེ། བདག་ཅག་གིས་མ་ལེགས་པ་བྱས་སོ། །སྙམ་ནས། དེ་དག་གིས་དེའི་རྐང་པ་ལ་ཕྱག་འཚལ་ཏེ། བཟོད་པ་གསོལ་ཏོ། །དེ་ལས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ཀྱང་བླངས་སོ། །དེ་ནས་ཕྱི་ཞིག་ན་དགེ་སློང་དེ་ནད་ཀྱིས་ཐེབས་ནས། དེ་རྩ་བ་དང་སྡོང་བུ་དང་། ལོ་མ་དང་མེ་ཏོག་དང་། འབྲས་བུའི་སྨན་རྣམས་ཀྱིས་རིམ་གྲོ་བྱས་ཀྱང་། སོས་པར་བྱེད་མ་ནུས་ཏེ། དེས་འཆི་ཀར་སྨོན་ལམ་བཏབ་པ། ཀྱེ་མ་འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ན། དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཤིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེའི་ཕ་མ་གཉིས་དང་མཛའ་སྡེ་བོ་དེ་རྣམས་ཀྱང་དེའི་མདུན་དུ་འདུག་པར་གྱུར་ཏེ། དེ་རྣམས་


DKG074_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་ཐོས་ནས་སྨོན་ལམ་བཏབ་པ། བདག་ཅག་ཀྱང་ཁྱོད་ཁོ་ན་ལ་བརྟེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་རྣམས་ཀྱིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་སྡེ་སྣོད་གསུམ་པར་གྱུར་པ་གང་ཡིན་པ་དེ་ནི། ཁྱིམ་བདག་གི་བུ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་ཕ་མ་གཉིས་སུ་གྱུར་པ་གང་ཡིན་པ་དེ་གཉིས་ནི་ད་ལྟར་གྱི་ཕ་མ་འདི་གཉིས་ཁོ་ན་ཡིན་ནོ། །དེའི་ཚེ་མཛའ་སྡེ་བོར་གྱུར་པ་གང་ཡིན་པ་དེ་དག་ནི། ད་ལྟར་གྱི་ནེའུ་ལྡངས་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ནོ། །དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཀར་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་། ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེར་དེའི་ཕ་མ་གཉིས་དང་མཛའ་སྡེ་བོ་དེ་རྣམས་ཀྱིས་ཀྱང་སྨོན་ལམ་བཏབ་པ་དེས་ན། ད་ལྟར་ཡང་འདི་ཁོ་ན་ལ་བརྟེན་ནས། འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་གཉིས་པ། འཐབ་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་ཡུལ་ཀོ་ས་ལ་དང་། ཡུལ་མ་ག་དྷའི་བར་མཚམས་ན། སེང་གེ་མཐུ་རྩལ་བདོ་བ་གཉིས་འདུག་སྟེ། དེ་གཉིས་དེ་ན་འདུག་པས། སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དེ། འདྲུལ་བཅད་དོ། །དེ་གཉིས་ཀྱིས་ལམ་ཆོད་པས། སུ་ཡང་ལམ་དེར་འགྲོ་མི་ནུས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་། ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་


DKG074_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་། ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་། ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་སྨིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་སེང་གེ་དེ་གཉིས་འདུལ་བའི་དུས་ལ་བབ་པར་དགོངས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་དགེ་སློང་རྣམས་ལ། བཅོམ་ལྡན་འདས་ཡུལ་མ་ག་་ཕྱོགས་སུ་ལྗོངས་རྒྱུ་ཞིང་གཤེགས་ཀྱིས། སུ་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་ལྗོངས་རྒྱུ་ཞིང་འགྲོ་འདོད་པ་དེ་དག་ཆོས་གོས་ལོང་ཤིག་ཅེས་བསྒོ་ཤིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་དབྱར་


DKG074_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་། དབྱར་བཞུགས་ནས། དགེ་སློང་མང་པོས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། རྒྱལ་པོའི་ཁབ་ཏུ་ཆས་ཏེ། མཐར་གྱིས་རྒྱུ་ཞིང་གཤེགས་གཤེགས་ནས། སེང་གེའི་ནགས་ཁུང་དུ་བྱོན་ནས། སེང་གེ་དེ་གཉིས་ཟས་ཚོལ་དུ་སོང་སོང་བ་ལས། དེ་གཉིས་ཕྲད་ནས་འཐབ་པར་ཆས་སོ། །བཅོམ་ལྡན་འདས་ཀྱང་དེ་གཉིས་ལ་ཐུགས་བརྩེ་བའི་ཕྱིར་མདུན་ལོགས་སུ་གཞེས་སོ། །དེ་ནས་ཐག་རིང་པོ་ཞིག་ནས། སེང་གེ་དེ་གཉིས་ཀྱིས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་སེང་གེ་གཉིས་ཁྲོ་བའི་ཀུན་ནས་དསྲེས་པ་མེད་པར་གྱུར་ཏེ། བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ནས། དེ་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟ་ཞིང་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་བཀའ་སྩལ་པ། བཞིན་བཟངས་ཁྱེད་གཉིས་སྔོན་གྱི་ཉེས་པར་སྤྱོད་པའི་ལས་ཀྱིས་དུད་འགྲོའི་ནང་དུ་སྐྱེས་ན། ཁྱེད་གཉིས་ད་ལྟར་ཡང་དེ་འབའ་ཞིག་གི་རྒྱུ་བྱེད་ཅིང་འདུག་གོ །བཞིན་བཟངས་གཉིས་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་གོ །ཆོས་ཐམས་ཅད་ནི་བདག་མེད་དོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང་། དུད་འགྲོའི་སྐྱེ་གནས་དང་བྲལ་བར་འགྱུར་ཡང་སྲིད་དོ་ཞེས་བཀའ་སྩལ་ནས། བཅོམ་ལྡན་འདས་གཤེགས་སོ། །དེ་གཉིས་བཅོམ་ལྡན་འདས་ལས་ཆོས་ཐོས་ནས་ཁ་འཚོས་སོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་ནི་མེའི་དྲོད་ཆེ་སྟེ། བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་བཞིན་དུ་ཤི་ནས་ལྷའི་ནང་དུ་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ནི། ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། བདག་གང་ནས་ཤི་འཕོས་གང་དུ་སྐྱེ། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་དུད་འགྲོ་ལས་ཤི་འཕོས་པ་དང་། ལྷའི་ནང་དུ་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེ་གཉིས་ཀྱིས་མཐོང་ངོ་། །དེ་ནས་དེ་གཉིས་ཀྱིས་


DKG074_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ། བདག་ཅག་གཉིས་ཞག་ལོན་ནས། གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི། བདག་ཅག་གཉིས་ཀྱི་ཆ་མ་ཡིན་གྱི། བདག་ཅག་གཉིས་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་སེང་གེར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་མགུལ་རྒྱན་ཐོགས་པ། ལུས་དོ་ཤལ་དང་། སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན་ལུས་གུར་གུམ་དང་། ཏ་མ་ལའི་ལོ་མ་དང་། སྤྲོ་ཀ་ལ་སོགས་པས་བྱུགས་པ་དེ་གཉིས་ཀྱིས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དག་གིས་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་གཉིས་ཀྱིས་ཆོས་ཐོས་ནས་བདེན་པ་མཐོང་བར་གྱུར་ཏེ། དེ་གཉིས་ཀྱིས་བདེན་པ་མཐོང་ནས་རང་གི་གནས་སུ་སོང་ངོ་། །དེ་ནས་དགེ་སློང་རྣམས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་པ་མཐོང་ནས། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞིའམ། ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གཞན་འགའ་ཞིག །བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞིའམ། ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གཞན་འགའ་ཞིག་ང་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱིས། དགེ་སློང་དག་ཁྱེད་ཀྱིས་ནགས་ཁུང་དགོན་པ་ན། སེང་གེ་གཉིས་ཕན་ཚུན་འཐབ་ཅིང་འདུག་པ་མཐོང་ངམ། གསོལ་པ། བཙུན་པ་མཐོང་ལགས་སོ། །


DKG074_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། ངས་དེ་གཉིས་ལ་ཆོས་བསྟན་ཏེ། དེ་གཉིས་ཀྱིས་ང་ལས་ཆོས་ཐོས་ནས་ཁ་འཚོས་ཏེ། དེ་གཉིས་ཤི་འཕོས་ཏེ་དུས་ལས་འདས་པ་ལས་ལྷའི་ནང་དུ་སྐྱེས་ཏེ་ལྷར་གྱུར་ནས། ངའི་ཐད་དུ་འོངས་ཏེ། དེ་གཉིས་ལ་ངས་ཆོས་བསྟན་ནས། ང་ལས་ཆོས་ཐོས་པ་དེས་ན། དེ་དག་གིས་བདེན་པ་རྣམས་མཐོང་སྟེ། དེ་གཉིས་ཀྱིས་བདེན་པ་མཐོང་ནས། རང་གི་གནས་སུ་སོང་ངོ་། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་སེང་གེ་དེ་གཉིས་ཀྱི་ཁོན་བྱང་བར་མཛད་དེ། མཐོ་རིས་དང་ཐར་པ་ཐོབ་པར་མཛད་ལ། ཡུལ་འཁོར་གཉིས་ཀྱི་འཇིགས་པ་བསལ་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངས་འདི་གཉིས་ཀྱི་ཁོན་བྱང་བར་བྱས་ནས། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་དེ། ཡུལ་འཁོར་གཉིས་ཀྱི་འཇིགས་པ་ཡང་ཅི་ལྟར་བསལ་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ཡུལ་་ཤིའི་རྒྱལ་པོ་ཚངས་པས་བྱིན་དང་། བི་དེ་ཧའི་རྒྱལ་པོ་དབང་ཆེན་སྡེ་གཉིས་ཕན་ཚུན་མི་འཐུན་པར་གྱུར་ནས། དེ་གཉིས་ཀྱིས་དུས་དུས་སུ་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས། གཡུལ་འགྱེད་པར་འདོད་པའི་ཕྱིར། ས་མཚམས་ན་འཁོད་དོ། །དེ་གཉིས་འཁོད་པའི་འདབ་ན་དཀའ་ཐུབ་ཀྱི་གནས་ཞིག་ན། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་པ་དེས། དེ་གཉིས་ལ་སྙིང་བརྩེ་བའི་ཕྱིར། སྟེང་གི་ནམ་མཁའ་ལ་འོངས་ནས། དེ་གཉིས་ཀྱི་བར་མཚམས་སུ་འདུག་གོ །དེ་ནས་དྲང་སྲོང་དེ་མཐོང་ནས་དེ་གཉིས་ཀྱི་ཁྲོ་བའི་ཀུན་ནས་དསྲེས་པ་མེད་པར་གྱུར་ནས། དྲང་སྲོང་དེ་ལ་ཤས་ཆེར་དགའ་བར་གྱུར་ཏོ། །དེ་གཉིས་དགའ་བར་གྱུར་ནས། དྲང་སྲོང་དེ་ལ་སྨྲས་པ། བཀའ་སྩལ་པ་ཅི་མཆིས། དྲང་སྲོང་དེས་སྨྲས་པ། ཁོན་བྱང་བར་གྱིས་ཤིག །རྒྱལ་པོ་དེ་གཉིས་ཀྱིས་སྨྲས་


DKG074_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པ། དྲང་སྲོང་གིས་ཅི་སྐད་བཀའ་སྩལ་པ་དེ་བཞིན་དུ་འཚལ་ལོ་ཞེས་སྨྲས་ནས། མཇལ་དུམ་བྱས་ཏེ། དྲང་སྲོང་གི་རྐང་པ་ལ་ཕྱག་འཚལ་ནས། ཆོས་ཉན་པའི་ཕྱིར། དྲང་སྲོང་གི་མདུན་དུ་འདུག་གོ །དྲང་སྲོང་དེས་ཀྱང་དེ་གཉིས་ལ་དེ་དང་འཐུན་པའི་ཆོས་བསྟན་ཏོ། །དེ་ནས་རྒྱལ་པོ་དེ་གཉིས་ཀྱིས་སོ་སོའི་བུ་རབ་རྒྱལ་སར་བཅུག་ནས། དྲང་སྲོང་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་་ཤིའི་རྒྱལ་པོ་ཚངས་པས་བྱིན་དང་། བི་དེ་ཧའི་རྒྱལ་པོ་དབང་ཆེན་སྡེར་གྱུར་པ་གང་ཡིན་པ་དེ་གཉིས་ནི། སེང་གེ་འདི་གཉིས་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་འདི་གཉིས་ཀྱི་ཁོན་བྱང་བར་བྱས་ནས་རབ་ཏུ་བྱུང་སྟེ། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །ད་ལྟར་ཡང་ངས་འདི་གཉིས་ཀྱི་ཁོན་བྱང་བར་བྱས་ནས། མཐོ་རིས་དང་ཐར་པ་ཐོབ་པར་བྱས་སོ། །གསོལ་པ། བཙུན་པ་འདི་གཉིས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སེང་གེར་སྐྱེས་ལགས། ལས་ཅི་བགྱིས་ན། དེ་ནས་ཤི་འཕོས་ནས་ལྷའི་ནང་དུ་སྐྱེས་ལ་འདི་གཉིས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདས་པའི་ལས་ཀྱང་ཡོད། ད་ལྟར་གྱི་ལས་ཀྱང་ཡོད་དེ། འདས་པའི་ལས་གང་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་གཉིས་དགེ་བསྙེན་དུ་གྱུར་ཏེ། ཁ་མི་མཁས་པ་དེས། འདི་གཉིས་ཁྲོས་པས། སྐྱེ་བོ་མང་པོ་ལ་དུད་འགྲོ་ཞེས་བྱ་བའི་ཚིག་སྨྲས་ལ། དེར་འདི་གཉིས་ཀྱིས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བསྲུངས་ནས། འཆི་ཀར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་


DKG074_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་བསྙེན་དུ་གྱུར་པ་གང་ཡིན་པ་དེ་གཉིས་ནི། སེང་གེ་འདི་གཉིས་ཁོ་ན་ཡིན་ཏེ། དེ་གཉིས་ཀྱིས་དེར་སྐྱེ་བོ་མང་པོ་ལ་དུད་འགྲོ་ཞེས་བྱ་བའི་ཚིག་བརྗོད་པའི་ལས་དེའི་རྣམ་པར་སྨིན་པས་ནི་དུད་འགྲོར་སྐྱེས་སོ། །དེ་གཉིས་ཀྱིས་དེར་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བསྲུངས་ནས། འཆི་ཀར་སྨོན་ལམ་བཏབ་པ་དེས་ནི། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་། ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་པ་འདི་ནི་འདས་པའི་དུས་ཀྱི་ལས་ཡིན་ནོ། །ད་ལྟར་བྱུང་བའི་ལས་གང་ཞེ་ན། འདི་གཉིས་སེང་གེར་གྱུར་ནས། ང་ལ་སེམས་དགའ་བར་བྱས་པ་དེས་ན་ལྷའི་ནང་དུ་སྐྱེས་ཏེ། འདི་ནི་ད་ལྟར་བྱུང་བའི་ལས་ཡིན་ནོ།། །།རྙིས་བཟུང་བ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན། ནགས་ཁྲོད་ཅིག་ན། རི་དགས་ཀྱི་རྔོན་པ་དག་ཅིག་གིས་རི་དགས་བཤོར་པའི་ཕྱིར་རྒྱ་དང་རྙི་དང་། འཇོལ་རླུབས་དང་། རྙི་མང་པོ་དག་བཙུགས་ནས། དེར་རི་དགས་མང་པོ་ཞིག་བཟུང་ངོ་། །རྔོན་པ་དེ་དག་ཀྱང་ནང་པར་སྔར་ལངས་ཏེ། ནགས་ཁྲོད་དེར་སོང་ནས། དེ་དག་གིས་དེར་རི་དགས་ཅི་ཟིན་པ་རྣམས་མདའ་འཕངས་ཏེ་བསད་ནས། དེ་དག་ལས་ཉུང་ཤས་ཅིག་ལུས་སོ། །དེའི་ཚེ་ས་ཕྱོགས་དེར་བཅོམ་ལྡན་འདས་ཀྱང་གཤེགས་སོ། །དེ་ནས་རི་དགས་དེ་རྣམས་དང་། རྔོན་པ་དེ་རྣམས་ཀྱིས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས། རྔོན་པ་དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས། དེ་


DKG074_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་རྔོན་པ་དེ་རྣམས་ཀྱིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་བདེན་པ་མཐོང་ནས། གསོལ་པ། བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་། དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་དག་ལ་ལུང་ཡང་ཕོག་སྟེ། དེ་དག་གིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །རི་དགས་དེ་རྣམས་ཀྱང་བཅོམ་ལྡན་འདས་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ། དུས་ལས་འདས་ནས་ལྷའི་ནང་དུ་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། བདག་གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་དུད་འགྲོ་ལས་ཤི་འཕོས་པ་དང་ལྷའི་ནང་དུ་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེ་དག་གིས་མཐོང་ངོ་། །དེ་ནས་དེ་དག་གིས་བསམས་པ། བདག་ཅག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་ཅག་གི་ཆ་མ་ཡིན་གྱིས། བདག་ཅག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་རི་དགས་སུ་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་མགུལ་རྒྱན་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན་ལུས་གུར་གུམ་དང་། ཏ་མ་ལའི་ལོ་མ་དང་སྤྲིན་ཀ་ལ་སོགས་པས་བྱུག་པ་དག་གིས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་་ར་བ་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། བཅོམ་


DKG074_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དེ་དང་འཐུན་པའི་ཆོས་བསྟན་ཏོ། །དེ་དག་གིས་ཆོས་ཐོས་ནས་བདེན་པ་མཐོང་བར་གྱུར་ཏེ། དེ་དག་གིས་བདེན་པ་མཐོང་ནས་རང་གི་གནས་སུ་དོང་ངོ་། །དེ་ནས་དགེ་སློང་རྣམས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་པ་མཐོང་ནས། བཅོམ་ལྡན་འདས་ལ་ཞུས་པ་བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞིའམ། ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གཞན་འགའ་ཞིག་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞིའམ་ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གཞན་འགའ་ཞིག་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱིས། དགེ་སློང་དག་ཁྱོད་ཀྱིས་ནགས་ཁུང་དགོན་པ་ན། རི་དགས་ལྔ་བརྒྱ་རྔོན་པ་རྣམས་ཀྱིས་མདའ་འཕངས་ཏེ་བསད་པ་མཐོང་ངམ། གསོལ་པ། བཙུན་པ་མཐོང་ལགས་སོ། །བཀའ་སྩལ་པ། དེ་དག་ང་ལ་སེམས་དགའ་བར་གྱུར་བཞིན་དུ་ཤི་འཕོས་ནས་དུས་ལས་འདས་པ་ལས་ལྷའི་ནང་དུ་སྐྱེས་ཏེ། ལྷར་གྱུར་ནས་ངའི་ཐད་དུ་འོངས་ཏེ། དེ་དག་ལ་ངས་ཆོས་བསྟན་ནས། ང་ལས་ཆོས་ཐོས་པ་དེས་ན་དེ་དག་གིས་བདེན་པ་རྣམས་མཐོང་སྟེ། དེ་དག་གིས་བདེན་པ་མཐོང་ནས། རང་གི་གནས་སུ་སོང་ངོ་། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྔོན་པ་དེ་དག་གིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་གདོལ་པའི་རིགས་སུ་སྐྱེས་ལགས། རི་དགས་དེ་དག་གིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་རི་དགས་སུ་སྐྱེས་ནས། འདི་རྣམས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་


DKG074_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་སྟེ། དགེ་སློང་འཐབ་ཀྲོལ་ཅན་ཁ་མི་མཁས་པ་ཤ་སྟག་ཏུ་གྱུར་ཏེ། དགེ་སློང་དག་ལ་དེར་དེ་རྣམས་ཀྱིས་གདོལ་པ་ཞེས་བྱ་བའི་ཚིག་བརྗོད་དོ། །ཁ་ཅིག་གིས་དུད་འགྲོ་ཞེས་བྱ་བའི་ཚིག་བརྗོད་དེ། གང་དག་གིས་དུད་འགྲོ་ཞེས་བྱ་བའི་ཚིག་བརྗོད་པ་དེ་དག་ནི་དུད་འགྲོར་སྐྱེས་སོ། །གང་དག་གིས་གདོལ་པ་ཞེས་བྱ་བའི་ཚིག་བརྗོད་པ་དེ་དག་ནི་གདོལ་པར་སྐྱེས་སོ། །དེ་དག་གིས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ནི་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།གོང་མ་ཕྲེག་ཅེས་བྱ་བ་ནི། བཅོམ་ལྡན་འདས་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཚོང་པ་ལྔ་བརྒྱ་དང་། སྤྲང་པོ་ལྔ་བརྒྱ་དང་། ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ལས། ནགས་ཁྲོད་ཅིག་ཏུ་ལམ་ཕྱུང་སྟེ། བཅོམ་ལྡན་འདས་གཤེགས་པའི་ཚེ། ནགས་ཁྲོད་དེའི་ནང་གི་གནས་སུ་མེ་ཆེན་པོ་འབར་ནས། དེས་སྐྱེ་བོ་ཕལ་པོ་ཆེ་དག་འཇིགས་ཤིང་སྐྲག་པར་གྱུར་ཏེ། བདག་ཅག་ནི་ཚིག་ཟིན་ནོ། །བདག་ཅག་ནི་འཚོ་བར་འགྱུར་བའི་སྐབས་མེད་དོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་དག་འཇིགས་ཤིང་སྐྲག་པར་གཟིགས་སོ། །གཟིགས་ནས་ཀྱང་འགྲོན་པོ་དེ་རྣམས་ཀྱི་མདུན་ལོགས་སུ་གཤེགས་ནས། ཚིགས་སུ་བཅད་དེ་བཀའ་སྩལ་པ། སངས་རྒྱས་ཀུན་གྱི་སྟོབས་གང་དང་། །དགྲ་བཅོམ་རྣམས་ཀྱི་སྟོབས་གང་དང་། །སངས་རྒྱས་དཀོན་མཆོག་གཟི་བརྗིད་ཀྱིས། །མེ་ཁྱོད་ལམ་ནི་དབྱེ་བར་གྱིས། །སངས་རྒྱས་ཀུན་གྱི་སྟོབས་གང་དང་། །དགྲ་བཅོམ་རྣམས་ཀྱི་སྟོབས་གང་དང་། །དམ་ཆོས་དཀོན་མཆོག་གཟི་བརྗིད་ཀྱིས། །མེ་ཁྱོད་ལམ་ནི་དབྱེ་བར་གྱིས། །སངས་རྒྱས་ཀུན་གྱི་སྟོབས་གང་དང་། །དགྲ་བཅོམ་རྣམས་ཀྱི་སྟོབས་གང་དང་། །དགེ་འདུན་དཀོན་མཆོག་གཟི་བརྗིད་ཀྱིས། །མེ་ཁྱོད་ལམ་ནི་དབྱེ་བར་གྱིས། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་མ་ཐག་ཏུ་མེ་ཞི་བར་གྱུར་


DKG074_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཚོང་པ་དེ་དག་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དེ་དང་འཐུན་པའི་ཆོས་བསྟན་ཏོ། །དེ་ནས་དེ་དག་གི་ནང་ནས་ཁ་ཅིག་གིས་ནི་དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་སྤྱི་བོ་དང་། བདེན་པ་དང་འཐུན་པའི་བཟོད་པ་དང་། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་། མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི་སྟོབས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཁ་ཅིག་གིས་ནི་བརྒྱ་བྱིན་དུ་འགྱུར་བ་དང་། ཁ་ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་ཞུགས་ཀྱིས་ཚིག་པར་གྱུར་པ་ལས་ཐར་བར་མཛད་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངས་དུད་འགྲོ་ཕལ་ཆེར་མེའི་འཇིགས་པ་ལས་བསྐྱབས་ནས་ཇི་ལྟར་འཇིགས་པ་མེད་པའི་གནས་སུ་བཀོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ནགས་ཁྲོད་ཅིག་ན་བྱ་ཕལ་ཆེར་གནས་སོ། །དེ་ནས་ནགས་ཁྲོད་དེར་ཤིང་སྐམ་པོ་གཅིག་ལ་གཅིག་དྲུད་པ་ལས་མེ་བྱུང་ནས། བྱ་དེ་དག་གི་


DKG074_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་འགྲོ་ནུས་པ་དེ་དག་ནི་དོང་ངོ་། །འགྲོ་མི་ནུས་པ་དང་། སྒོ་ང་རྣམས་ནི་དེ་ཉིད་དུ་བོར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་གོང་མ་ཕྲེག་ཏུ་སྐྱེ་བ་ཞིག་ཡོད་དེ། བྱང་ཆུབ་སེམས་དཔའ་དེས་ཐག་རིང་པོ་ཞིག་ནས་མེ་འབར་ཞིང་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་སེམས་ཅན་དེ་དག་ལ་སྙིང་རྗེ་སྐྱེས་ཏེ། བདག་གིས་སེམས་ཅན་སྡུག་བསྔལ་དང་ཕྲད་པ་འདི་རྣམས་ཀྱི་ཕྱིར་ཡང་བརྩོན་འགྲུས་མ་བསྐྱེད་ན་བདག་གིས་སེམས་ཅན་རྣམས་འཁོར་བ་ལས་ཇི་ལྟར་བསྒྲལ་བར་བྱ་སྙམ་དུ་བསམས་ནས། བྱང་ཆུབ་སེམས་དཔའ་དེས་འདབ་མ་ཆུར་སྤངས་ནས། མེ་ཆེན་པོའི་སྟེང་གི་ནམ་མཁའ་ལ་འདུག་སྟེ། འདབ་མ་སྤྲུགས་ནས་ཚིགས་སུ་བཅད་དེ་སྨྲས་པ། འདི་དག་འདབ་མ་ཡོད་མོད་ཀྱིས། །འདི་དག་ད་དུང་འཕུར་མི་ནུས། །འདི་དག་རྐང་པ་ཡོད་མོད་ཀྱིས། །འདི་དག་ད་དུང་འགྲོ་མི་ནུས། །འདི་རྣམས་ཕ་མ་འཕུར་ཏེ་སོང་། །མེ་ཁྱོད་སྡོད་ལ་མ་འགུལ་ཞིག །བདེན་དང་བདེན་ཚིག་གང་ཡིན་པ། །བདག་གིས་བྱམས་སེམས་རབ་བསྒོམས་པའི། །བདེན་པའི་ཚིག་ནི་འདི་ཡིས་ན། །མེ་ཁྱོད་སྡོད་ལ་མ་འགུལ་ཞིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་གྱི་ཕྱིར་མི་དགའ་ཞིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དེས་བསམས་པ། འདི་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། སེམས་ཅན་ལ་ཕན་པའི་ཕྱིར་མི་དགའ་ཞིང་འདུག་གིས། མ་ལ་བདག་གིས་གྲོགས་བྱའོ་སྙམ་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆར་མོ་ཆེ་ཕབ་སྟེ། མེ་དེ་ཞི་བར་གྱུར་ནས་སེམས་ཅན་དེ་དག་ཐམས་ཅད་མེའི་འཇིགས་པ་ལས་ཐར་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བྱ་གོང་མ་ཕྲེག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་ནགས་ཁྲོད་དེ་ན་གནས་པའི་སེམས་ཅན་དུ་གྱུར་པ་གང་ཡིན་པ་དེ་དག་ནི་སྐྱེ་བོ་ཕལ་པོ་ཆེ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་དེ་དག་མེའི་འཇིགས་པ་ལས་ཐར་བར་བྱས་ཏེ། འཇིགས་པ་མེད་པའི་གནས་སུ་བཀོད་དོ། །ད་ལྟར་ཡང་ངས་མེའི་འཇིགས་པ་ལས་ཐར་བར་བྱས་ནས།


DKG074_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ། འདི་དག་ཐམས་ཅད་ཁ་ཅིག་ནི་རབ་ཏུ་བྱུང་ངོ་། །ཁ་ཅིག་ནི་དགེ་བསྙེན་དུ་གྱུར་ཏེ། དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པའི་གནས་བསྲུངས་ནས། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ནི་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།ཕ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་རྒྱལ་པོའི་ཁབ་ན་ཁྱིམ་བདག་ནོར་ཅན་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ། གསེར་གྱི་ཁ་དོག་ཅན་མགོ་བོ་གདུགས་ལྟར་འདུག་པ་ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ་ཞིག་བཙས་ཏེ། ཁྱེའུ་དེ་བཙས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེས་བལྟ་ན་སྡུག་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་བཙས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེས་བལྟས་ན་སྡུག་པར་གྱུར་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་བལྟ་ན་སྡུག་ཅེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་བལྟ་ན་སྡུག།འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས། རྒྱལ་པོའི་ཁབ་ཐམས་ཅད་དུ་དེའི་གྲགས་པ་རྒྱས་པར་གྱུར་ཏོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས་མཐར་གྱིས་གདུལ་བར་བྱ་བའི་དོན་མཛད་ཅིང་། རྒྱལ་པོའི་ཁབ་ཏུ་བྱོན་པ་དེའི་ཚེ། དེར་བཅོམ་ལྡན་འདས་ཀྱིས་འོད་མའི་ཚལ་གཞེས་ནས།


DKG074_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་སྟོང་ཕྲག་དུ་མ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་བཀོད་དོ། །སྐྱེ་བོ་མང་པོ་དེ་དག་ཀྱང་སྡེ་ཚན་ནས་སྡེ་ཚན་དང་། ཕ་ཚན་ནས་ཕ་ཚན་དང་། དགའ་སྡེ་ནས་དགའ་སྡེར་དུས་དུས་སུ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འདོང་བར་བྱེད་དོ། །ཕྱིན་ཅད་ཁྱེའུ་དེ་བལྟ་བའི་ཕྱིར་འདོང་བར་མི་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་བལྟ་ན་སྡུག་གིས་དྲིས་པ། སྔོན་ཅད་ནི་སྐྱེ་བོ་མང་པོ་འདི་དག་ང་བལྟ་བའི་ཕྱིར་འོང་ན། ད་ནི་ང་བལྟ་བའི་ཕྱིར་མི་འོང་བ་ཅི་ལས་གྱུར། དེ་དག་གིས་སྨྲས་པ། དེ་དག་ནི་ད་ལྟར་བཅོམ་ལྡན་འདས་བལྟ་བའི་ཕྱིར་འདོང་བར་བྱེད་དོ། །ཁྱེའུས་སྨྲས་པ། བཅོམ་ལྡན་འདས་ཞེས་བྱ་བ་དེ་ལྟ་བུ་སུ་ཞིག །དེ་ནས་ཕ་མ་གཉིས་ཀྱིས་དེ་ལ་བཅོམ་ལྡན་འདས་ཀྱི་བསྔགས་པ་རྒྱས་པར་བརྗོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་ངོ་མཚར་དུ་གྱུར་ཏེ། བདག་བས་ཆེས་བལྟ་ན་སྡུག་པ་དེ་ཇི་ལྟ་བུ་ཞིག་སྙམ་ནས། ཕ་མ་གཉིས་ལ་སྨྲས་པ། ཡབ་ཡུམ་བདག་བཅོམ་ལྡན་འདས་དེ་བལྟ་བའི་སླད་དུ་མཆི་བར་འཚལ་ལོ། །ཕ་མ་གཉིས་ཀྱིས་སྨྲས་པ། བུ་ཐབས་ཅིག་ཏུ་འདོང་ངོ་ཞེས་སྨྲས་ནས། ཕ་མ་གཉིས་ཀྱིས་ཁྱེའུ་དེ་ཁྲིད་དེ། འོད་མའི་ཚལ་དུ་སོང་ནས། ཁྱེའུ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་མཆོག་ཏུ་དགའ་བ་སྐྱེས་ནས་དེ་ལ་ཕའི་འདུ་ཤེས་ཀྱང་བྱུང་སྟེ། དེས་ཕ་ཕ་ཞེས་སྒྲ་ཕྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕ་ཙམ་དུ་འཛིན་ཅིང་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་འདུག་གོ །དེའི་ཕ་མ་གཉིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །


DKG074_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་རྐྱེན་དུ་འཚམ་པའི་ཆོས་བསྟན་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཁྱིམ་བདག་ནོར་ཅན་དང་། དེའི་ཆུང་མས་བཅོམ་ལྡན་འདས་ཀྱི་གཏམ་མཇུག་རྫོགས་པར་རིག་ནས། ཁྱེའུའི་ལག་པ་ནས་བཟུང་སྟེ་འགྲོའོ་ཞེས་བྱས་ན། ཁྱེའུ་དེ་བཅོམ་ལྡན་འདས་ཀྱི་ཐད་ནས་དབྲལ་བར་མ་ནུས་སོ། །དེ་ནས་ཕ་མ་གཉིས་ཀྱིས་བསམས་པ། བཅོམ་ལྡན་འདས་བདག་ཅག་གི་ཁྱིམ་དུ་སྤྱན་དྲངས་དང་། ཐབས་དེས་ན་འདི་བདག་གིས་ཁྱིམ་དུ་དསྲེང་ནུས་པར་འགྱུར་རོ་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགུང་བདུན་གྱི་བར་དུ་བཅོམ་ལྡན་འདས་བདག་ཅག་གི་ཁྱིམ་དུ་བཤོས་གསོལ་བར་ཅི་གནང་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། ཆུང་མ་ལ་སྨྲས་པ། བཟང་མོ་སོང་ལ་བཅོམ་ལྡན་འདས་ཀྱི་ཞལ་ཟས་སྟ་གོན་གྱིས་ཤིག །བདག་ནི་ཁྱེའུ་དང་ལྷན་ཅིག་ཏུ་འདུག་གོ་ཞེས་བྱས་ནས། ཁྱིམ་བདག་ནི་ཁྱེའུ་དེ་དང་ལྷན་ཅིག་ཏུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་མཚན་མོ་དགོངས་མལ་བཏབ་བོ། །ཆུང་མས་ཀྱང་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་། བཅའ་བ་གཙང་མ་བཟང་པོ་མང་པོ་སྦྱར་ནས། ནང་པར་སྔར་ལངས་ཏེ་གདན་བཤམས་ནས། ཆུ་ར་བཀང་སྟེ་བཞག་ནས། བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་མང་པོས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ཁྱིམ་བདག་དེའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་


DKG074_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ། ཅི་བཞེད་པ་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། བསྩང་སྡེར་ནི་གྱུ་ཕྱག་ནི་བཅབས་པར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཆོས་མཉན་པའི་ཕྱིར་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས། དེ་དག་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱིམ་བདག་དེ་འཁོར་དང་བཅས་པས། སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ལྟར་བདེན་པ་མཐོང་ནས། ཁྱེའུ་དེས་ཕ་མ་གཉིས་ལ་གསོལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་། དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ་མ་རིག་པའི་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་། ཉེ་


DKG074_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱིས་པ་སྟོང་ཕྲག་དུ་མས་མཐོང་ཡང་སུ་ཡང་འདི་ཁོ་ན་ལྟར་བཅོམ་ལྡན་འདས་ལ་མཇལ་བར་མི་བགྱིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེའུ་འདི་ནི་ངའི་འདས་མ་ཐག་པའི་ཚེ་རབས་ལྔ་བརྒྱར་བུར་གྱུར་པས་ན། སྔོན་གྱི་བག་ཆགས་དེ་ཁོ་ནས་འདིས་ང་ལ་མཇལ་བར་བྱེད་དོ། །གསོལ་པ། ཁྱེའུ་འདིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། འདི་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ལ། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ནས། མི་མཉེས་པར་མི་བགྱིས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ་བཙུན་པ་འདིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེར་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས། བླ་ན་མེད་པའི་ཡེ་ཤེས་བརྙེས་ནས། རྒྱལ་པོའི་ཕོ་བྲང་མཛེས་ལྡན་དུ་གཤེགས་པ་དེའི་ཚེ། རྒྱལ་པོ་མཛེས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་ཕྱིར། གཙུག་ལག་ཁང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་བྱས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ལ་


DKG074_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ལོ། །རྒྱལ་པོ་མཛེས་པ་དེའི་ལུགས་ཀྱིས་ན། ཉིན་གཅིག་བཞིན་དུ་འཁོར་དང་བཅས་ཏེ། གཙུག་ལག་ཁང་དུ་འགྲོ་ཞིང་གཙུག་ལག་ཁང་གི་བྱི་དོར་བྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་མཛེས་པ་དེ་གཙུག་ལག་ཁང་དུ་སོང་བ་ལས་བྱ་བ་ཞིག་བྱུང་ནས་དེས་བུ་ཐུ་བོ་བསྐོས་ཏེ། དེང་ཁྱོད་ཀྱིས་གཙུག་ཁང་གི་བྱི་དོར་གྱིས་ཤིག་ཅེས་བསྒོ་ནས་རྒྱལ་པོ་སོང་ངོ་། །དེ་ནས་རྒྱལ་པོའི་བུ་འཁོར་དང་བཅས་པ་གཙུག་ལག་ཁང་གི་བྱི་དོར་བྱེད་པ་ལ་ཞུགས་པ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་ཅི་ནས་རྒྱལ་པོའི་བུ་དེ་ཉི་མ་ནུབ་ཀྱི་བར་དུ་ཡང་། གཙུག་ལག་ཁང་གི་བྱི་དོར་བྱེད་མི་ནུས་པ་དེ་ལྟ་བུར་བྱིན་གྱིས་བརླབས་ནས། དེ་གཙུག་ལག་ཁང་དེ་ཉིད་དུ་དགོངས་མལ་བཏབ་བོ། །དེས་དེར་དགོངས་མལ་བཏབ་ནས། དགེ་སློང་རྣམས་ཆོ་འཕྲུལ་དག་བྱེད་པ་ཡང་མཐོང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་འོང་བ་ཡང་མཐོང་ངོ་། །དེ་ནས་དེ་མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ནས། གཙུག་ཁང་དེ་ཉིད་ན་དགེ་སློང་དག་གི་རིམ་གྲོ་བྱེད་པ་ལ་བརྩོན་པར་གྱུར་ཏེ། ཕྱིར་གྲོང་ཁྱེར་དུ་འགྲོ་མི་འདོད་པར་གྱུར་ཏོ། །དེ་དེར་ལོ་ལྔ་སྟོང་གི་བར་དུ་དགེ་སློང་རྣམས་ལ་རིམ་གྲོ་བྱེད་ཅིང་འདུག་སྟེ། བྱམས་པའི་ཏིང་ངེ་འཛིན་ཀྱང་བསྐྱེད་ནས། དེས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བསྲུངས་ནས། འཆི་ཀར་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཅིག །བདག་གིས་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོའི་བུར་གྱུར་པ་གང་ཡིན་པ་དེ་ནི་ཁྱེའུ་འདི་ཁོ་ན་ཡིན་ཏེ། དེས་དེར་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་བཀུར་སྟི་བྱས་ནས།


DKG074_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེས་དེར་བྱམས་པ་བསྒོམས་པའི་ལས་དེའི་རྣམ་པར་སྨིན་པ་དེས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་སྟེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།མི་རྒོད་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ནས། རྒྱལ་པོའི་ཁབ་ཀྱི་བར་མཚམས་ན། ཤིང་་ལའི་ནགས་ཁུང་ན། མི་རྒོད་ལྔ་བརྒྱ་ཙམ་ཞིག་ཁྲོ་ཞིང་གནས་ཏེ། དེ་དག་དེ་ན་འཁོད་པས་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེར་འགྲོན་པོ་མང་པོ་དག་ཅིག་བཅོམ་ནས། ཚོང་པ་རྣམས་རྒྱལ་པོ་གསལ་རྒྱལ་གྱི་ཐད་དུ་དོང་སྟེ། རྒྱལ་པོ་ལ་གསོལ་ནས། རྒྱལ་པོ་གསལ་རྒྱལ་གྱིས་བུ་འཕགས་སྐྱེས་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པ་བསྒྲོགས་ཏེ། དེར་བཏང་ནས་དེས་མི་རྒོད་ལྔ་བརྒྱ་པོ་དེ་དག་གསོན་པོར་བཟུང་སྟེ་འོང་ནས། རྒྱལ་པོ་གསལ་རྒྱལ་ལ་ཕུལ་ལོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་མི་རྒོད་ལྔ་བརྒྱ་གསོད་དུ་བཏང་སྟེ། གཤེད་མ་རྣམས་ཀྱིས་མི་རྒོད་ལྔ་བརྒྱ་པོ་དེ་དག་བསད་པའི་སར་ཁྲིད་པ་ན། སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ་རྣམ་པ་གཉིས་ཀྱི་ཤེས་བྱ་དང་། ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པར་ཉེ་བར་བཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ།


DKG074_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ་སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། །ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་ཤིང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་རྒོད་ལྔ་བརྒྱ་འདུལ་བའི་དུས་ལ་བབ་པར་དགོངས་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ། རྒྱལ་པོའི་ཁབ་ཏུ་གཤེགས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་


DKG074_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཏོ། །བཅོམ་ལྡན་འདས་ཅི་ལ་གཤེགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་ལྔ་བརྒྱ་པོ་དེ་རྣམས་མ་བསད་པར་ཐོང་ཤིག །རྒྱལ་པོས་གསོལ་པ། གལ་ཏེ་རབ་ཏུ་བྱུང་ན་བཏང་བར་འཚལ་ལོ་ཞེས་གསོལ་ནས། དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་མི་རྒོད་ལྔ་བརྒྱ་པོ་དེ་དག་ཕྱིར་ཟློག་སྟེ། བཅོམ་ལྡན་འདས་ལ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་ནས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་དག་ལ་ལུང་ཡང་ཕོག་སྟེ། དེ་དག་གིས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་མི་རྒོད་ལྔ་བརྒྱ་སྲོག་ཕངས་པ་སྩལ་ཏེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངས་རིགས་ཀྱི་བུ་ལྔ་བརྒྱ་པོ་འདི་རྣམས་སྲོག་ཕངས་པ་བྱིན་ཏེ། ཅི་ལྟར་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་བཀོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ཡུལ་བི་དེ་ཧ་ཞེས་བྱ་བ་ན། རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེ་ནས་ཕྱི་ཞིག་ན་རྒྱལ་པོ་དེས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་རི་དགས་བཤོར་དུ་སོང་བ་ལས། རྒྱལ་པོ་དེ་ལ་བློན་པོ་ལྔ་བརྒྱས་གླགས་བཙལ་ཏེ། དེ་དག་གིས་བསམས་པ། ད་ནི་རྒྱལ་པོ་འདི་བདག་གི་ལག་ན་འདུག་གིས། འདི་འདུག་པ་ཁོ་ནའི་ཚེ། བདག་ཅག་གིས་འདི་བསད་དོ་སྙམ་མོ། །འཇིག་རྟེན་པ་དག་ནི་དགྲ་དང་ཟིན་གྱི་ནང་དུ་འདུག་སྟེ། དེར་གཞན་དག་གིས་རྒྱལ་པོ་ལ་སྦྲན་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དབང་ཆེན་སྡེས་བློན་པོ་ལྔ་བརྒྱ་པོ་དེ་དག་གསོད་དུ་བཏང་སྟེ། དེ་དག་གཤེད་མ་རྣམས་ཀྱིས་ཁྲིད་ནས། ནགས་ཁྲོད་ཅིག་ཏུ་ཞུགས་ཏེ་བསད་ཅེས་བྱས་པ་ལས། ནགས་


DKG074_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་དེ་ན་དྲང་སྲོང་ཞིག་གནས་ཏེ། དྲང་སྲོང་དེས་བློན་པོ་ལྔ་བརྒྱ་པོ་དེ་དག་རྒྱལ་པོ་དབང་ཆེན་སྡེ་ལ་གཏོང་དུ་བཅུག་ནས། དཀའ་ཐུབ་ཀྱི་གནས་སུ་ཁྲིད་དེ་རབ་ཏུ་བྱུང་ངོ་། །རབ་ཏུ་ཕྱུང་ནས་དེ་དག་གིས་ཀྱང་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་བློན་པོ་ལྔ་བརྒྱ་པོར་གྱུར་པ་གང་ཡིན་པ་དེ་དག་ནི་རིགས་ཀྱི་བུ་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་དེ་དག་གསོད་དུ་བཏང་བ་ལས་ངས་སྲོག་ཕངས་པ་བྱིན་ཏེ། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །ད་ལྟར་ཡང་འདི་རྣམས་ངས་སྲོག་ཕངས་པ་བྱིན་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་རྣམས་རབ་ཏུ་བྱུང་ནས། འདི་རྣམས་ཀྱིས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།ཤ་ཟ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་དང་། རྒྱལ་པོའི་ཁབ་ཀྱི་བར་མཚམས་ན་ཤ་ཟ་སྟོང་གནས་ཏེ། དེ་དག་གིས་དེ་ཕྱོགས་སུ་འདྲུལ་བཅད་དེ། ཡུལ་མ་ག་་དང་ཡུལ་ཀོ་ས་ལའི་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཕོ་ཉས་བཟླུགས་ཏེ། མཉན་དུ་ཡོད་པ་དང་རྒྱལ་པོའི་ཁབ་ཀྱི་བར་མཚམས་ན། ཤ་ཟ་སྟོང་གནས་ཏེ། དེ་དག་དེ་ན་འཁོད་པས། ཡུལ་གཉིས་ལ་གནོད་པ་ཆེན་པོ་བྱེད་པ་ཁྱོད་ཀྱིས་ཤེས་སམ། བཅོམ་ལྡན་འདས་ཀྱང་ཁྱོད་ཀྱི་ཁམས་ན་བཞུགས་ན། ཤ་ཟ་དེ་རྣམས་ཀྱི་ཕྱིར་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་གསོལ་བའི་རིགས་སོ་ཞེས་སྤྲིང་ངོ་། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་


DKG074_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དེ། ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས། ཅང་མི་གསུང་བར་བཞུགས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས། བཅོམ་ལྡན་འདས་ཀྱི་གཏམ་གྱི་མཇུག་རྫོགས་པར་རིག་ནས། སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཀླུ་མ་རུངས་པ་དག་དགའ་བོ་དང་ཉེ་དགའ་ལ་སོགས་པ་ཡང་བཏུལ། གནོད་སྦྱིན་མ་རུངས་པ་འབྲོག་གནས་ལ་སོགས་པ་ཡང་བཏུལ་ན། ཡུལ་མ་ག་་དང་། ཀོ་ས་ལ་གཉིས་ཀྱི་བར་མཚམས་ན། ཤ་ཟའི་ཚོགས་ཆེན་པོ་གནས་ཏེ། དེ་དག་དེ་ན་འཁོད་པས་སྐྱེ་བོ་མང་པོ་ལ་གནོད་པ་བགྱིད་ན། བཅོམ་ལྡན་འདས་ཀྱིས་ཤ་ཟའི་ཚོགས་དེ་དག་ལ་ཐུགས་བརྩེ་བའི་སླད་དུ་འདུལ་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤ་ཟ་དེ་རྣམས་འདུལ་བའི་དུས་ལ་བབ་པར་གཟིགས་ནས། རྒྱལ་པོའི་ཁབ་ནས་མི་སྣང་བར་གྱུར་ཏེ། ་ལའི་ནགས་ཁུང་ཤ་ཟ་རྣམས་ཀྱི་འདབ་ཏུ་གཤེགས་སོ། །དེ་ནས་ཤ་ཟ་དེ་རྣམས་ཀྱིས་ཐག་རིང་པོ་ཞིག་ནས། སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་གཟུགས་མི་སྡུག་པར་བསྒྱུར་ཏེ། ཤུགས་ཆེན་པོས་བཅོམ་ལྡན་


DKG074_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་ཐོག་ཏུ་བརྒྱུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་དེ། ཀྱེ་མ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་ཆེ་བར་གྲགས་སོ་ཅོག་དང་ལྷན་ཅིག་ཏུ་ང་ལ་བལྟ་བའི་ཕྱིར་འོངས་ན་ལེགས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཐུགས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ། གནོད་སྦྱིན་ཆེ་བར་གྲགས་སོ་ཅོག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། གནོད་སྦྱིན་ཆེ་བར་གྲགས་སོ་ཅོག་གཞན་དག་གིས་ཤ་ཟའི་ཚོགས་རྣམས་གཙེས་ནས་དེ་དག་འཇིགས་ཤིང་སྐྲག་སྟེ། ཕན་ཚུན་དུ་འབྱེར་བར་བརྩམས་པ་ལས། བཅོམ་ལྡན་འདས་ཀྱིས་དེ་དག་འདུལ་བའི་ཕྱིར། ཁོ་ར་ཁོར་ཡུག་ནས་མེ་ལྕེ་ཆེན་པོ་སྤྲུལ་ནས། དེ་དག་གིས་བདག་ཅག་ཉིད་མེ་ལྕེ་ཆེན་པོས་འཁོར་བ་མཐོང་སྟེ། འབྲོས་ཀྱང་མ་ནུས་ནས། བཅོམ་ལྡན་འདས་ཀྱི་ཞབས་དྲུང་འབའ་ཞིག་ཞི་བར་མཐོང་སྟེ། སྐྱབས་འཚོལ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་བསྐོར་ནས་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤ་ཟ་དེ་རྣམས་ལ་བཀའ་སྩལ་པ། ཁྱོད་སྔོན་གྱི་སྡིག་པ་མི་དགེ་བའི་ལས་ཀྱིས་ཤ་ཟའི་སྐྱེ་གནས་དམའ་བར་སྐྱེས་ལ་ད་ལྟར་ཡང་ཁྱེད་སྐྱེ་བོ་མང་པོ་ལ་གནོད་པར་བྱེད་ན། འདི་ནས་ཤི་འཕོས་ན་ཁྱེད་ཀྱི་འགྲོ་བ་ནི་ཅིར་འགྱུར། སྐྱེ་གནས་ནི་ཅི་ཡིན། འགྲོ་བའི་ས་ནི་གང་ཡིན། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བཀའ་ཅི་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ཕྱིན་ཆད་སྡིག་པ་ལས་བཟློག་ལ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ཟུང་ཤིག །ཤ་ཟ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བཀའ་ཅི་སྐད་སྩལ་བ་དེ་བཞིན་དུ་འཚལ་ལོ་ཞེས་གསོལ་ནས། ཤ་ཟ་དེ་རྣམས་ཀྱིས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བླངས་ཏེ། དེ་ཕྱིན་ཅད་སྡིག་པའི་ལས་སྤངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དེ་དག་དང་འཚམ་པའི་


DKG074_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བསྟན་ནས། ཤིང་་ལའི་ནགས་ཁུང་ནས་མི་སྣང་བར་གྱུར་ཏེ། འོད་མའི་ཚལ་དུ་གཤེགས་སོ། །ཤ་ཟ་དེ་རྣམས་ཀྱང་བླ་ན་མེད་པའི་ལམ་ལ་གནས་པར་གྱུར་ནས། ཕན་ཚུན་འདྲུལ་བ་རྣམས་ལ་ཆུ་སྦྱིན་པར་བྱེད་དོ། །ཁ་ཟས་ཀྱང་སྦྱིན་པར་བྱེད་དོ། །ལམ་སྟོར་བ་རྣམས་ལ་ཡང་ལམ་སྟོན་པར་བྱེད་དོ། །དེ་ནས་ཡུལ་་ཤི་དང་། ཡུལ་ཀོ་ས་ལའི་མི་རྣམས་ངོ་མཚར་དུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་འདི་ལྟར་འདུལ་བར་དཀའ་བ་འདི་དག་བཏུལ་ལོ། །ཞེས་འཛེར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཤ་ཟ་འདི་དག་ཀྱང་བཏུལ་ཏེ། སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ཀྱང་འཛིན་དུ་སྩལ་ལ། སྐྱེ་བོ་ཕལ་པོ་ཆེ་ལ་ཡང་སྨན་བཏགས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངས་འདི་རྣམས་སྡིག་པའི་ལས་ལས་བཟློག་སྟེ། ཅི་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ས་ཕྱོགས་འདི་ཉིད་ན་ཤ་ཟའི་ཚོགས་ཆེན་པོ་གནས་གནས་ཏེ། དེ་དག་འདི་ན་གནས་པས་ཡུལ་་ཤི་དང་། ཀོ་ས་ལའི་མི་རྣམས་མ་རུངས་པར་བྱེད་པ་ལས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་དཀའ་ཐུབ་ཀྱི་གནས་ཞིག་ན་དྲང་སྲོང་ཞིག་གནས་ཏེ། སྐྱེ་བོ་མང་པོ་དེ་དག་གིས་ཤ་ཟ་དེ་དག་གདུལ་བའི་ཕྱིར་དྲང་སྲོང་དེ་ལ་གསོལ་བ་བཏབ་ནས། དྲང་སྲོང་དེས་ཤ་ཟ་དེ་དག་བཏུལ་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་ཤ་ཟར་གྱུར་པ་གང་ཡིན་པ་དེ་དག་ནི། ཤ་ཟ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་འདི་དག་བཏུལ་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །ད་ལྟར་ཡང་ངས་འདི་དག་སྡིག་པའི་ལས་ལས་བཟློག་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ།། །།ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་གསུམ་པ། དབང་


DKG074_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མགོ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་ཡུལ་ཡངས་པ་ཅན་ན། འཕོང་གི་སློབ་དཔོན་དབང་པོའི་མགོ་ཞེས་བྱ་བ་འཕོང་གི་རིག་པ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཞིག་གནས་པ་དེས། ལི་ཙ་བྱི་ལྔ་བརྒྱ་ལ་འཕོང་གི་རིག་པ་བསླབས་ནས། དེ་དག་ཀྱང་དེ་ལ་མཐར་ཕྱིན་པར་གྱུར་ཏེ། སྟོབས་པོ་ཆེར་ཡང་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོའི་ཁབ་ན་གནས་པ་རྣམས་དང་། ཡངས་པ་ཅན་ན་གནས་པ་རྣམས་འགྲས་པར་གྱུར་ཏེ། རྒྱལ་པོའི་ཁབ་ན་གནས་པ་རྣམས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས། གཡུལ་འགྱེད་པའི་ཕྱིར་ཡངས་པ་ཅན་ན་གནས་པ་རྣམས་ཀྱི་སྟེང་དུ་དྲངས་སོ། །དེ་ནས་འཕོང་གི་སློབ་དཔོན་དབང་པོའི་མགོས། རྒྱལ་པོའི་ཁབ་ན་གནས་པ་རྣམས་ཀྱིས་གཡུལ་འགྱེད་པའི་ཕྱིར། བདག་ཅག་གི་སྟེང་དུ་དྲངས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་གཡུལ་འགྱེད་པའི་ཕྱིར་འཁོར་ལྔ་བརྒྱ་དང་ཆས་ཏེ། རྒྱལ་པོའི་ཁབ་ཀྱི་དམག་གི་སྟེང་དུ་དྲངས་སོ། །དེ་དག་གིས་དྲངས་ནས་སྐྱེ་བོ་མང་པོ་ཁ་བཏག་སྟེ། དེ་ནས་རྒྱལ་པོའི་ཁབ་ཀྱི་དམག་མི་རྣམས་འབྲོས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་ནས་ལན་ལྔའི་བར་དུ་རྒྱལ་པོའི་ཁབ་ཀྱི་སྐྱེ་བོ་མང་པོ་རྣམས་ཁ་བཏག་གོ །དེ་ནས་འཕོང་གི་སློབ་དཔོན་དབང་པོའི་མགོས་མི་ལྔ་སྟོང་མདའ་འཕངས་ཏེ་བསད་དོ་ཞེས་ཐོག་ཐག་ཏུ་གྲགས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོའི་ཁབ་ན་གནས་པའི་མི་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏེ། བཙུན་པ་དབང་པོའི་མགོ་དེ་ནི་བདག་ཅག་གི་དགྲ་མ་ལགས་པའི་དགྲ། འགྲན་ཟླ་མ་ལགས་པའི་འགྲན་ཟླ་ལགས་ཏེ། བཙུན་པ་དེས་ནི་མི་ལྔ་སྟོང་ཙམ་ཁ་བཏག་ལགས་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ། དབང་པོའི་མགོ་འདུལ་བར་གསོལ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ངོ་། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་མི་སྣང་བར་གྱུར་ཏེ། ཡངས་པ་ཅན་དུ་གཤེགས་


DKG074_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བཅོམ་ལྡན་འདས་ཀྱིས་ཅི་ནས་ཕྱིན་ཅད་དབང་པོའི་མགོ་འཕོང་མི་ཤེས་པ་དེ་ལྟ་བུར་བྱིན་གྱིས་བརླབས་ནས། དེ་རྨོངས་པར་གྱུར་ཏེ། ཅིའི་ཕྱིར་བདག་འདི་ཁོ་ན་ལྟར་མ་རུང་བར་གྱུར་སྙམ་མོ། །དེ་ནས་དེས་ཅི་ལྟར་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་བཞུགས་པ་ལས། དགྱེས་བཞིན་དུ་ཡངས་པ་ཅན་དུ་གཤེགས་པ་ཐོས་ནས། དེས་བསམས་པ་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཡིན་པས་ན། ཅིའི་ཕྱིར་བདག་འཕོང་གི་རིག་པ་མི་ཤེས་པར་གྱུར་པ་ཐུགས་སུ་ཆུད་དོ་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་དབང་པོའི་མགོས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབང་པོའི་མགོ་རེ་ཞིག་སློབ་མ་རྣམས་ལ་སྤྲིན་ཅིག་དང་། དེའི་འོག་ཏུ་ཁྱོད་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོར་བྱ་བ་ནི་སླའོ། །དེས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་བཞིན་དུ་འཚལ་ལོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་སྟེ། དེ་ཡངས་པ་ཅན་དུ་སོང་ནས། ལི་ཙ་བྱི་ལྔ་བརྒྱ་པོ་རྣམས་ཅི་ནས་དེ་དག་ཐམས་ཅད་རབ་ཏུ་འབྱུང་བར་འདོད་པར་འགྱུར་བ་


DKG074_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་ཆོས་བསྟན་ཏོ། །དེ་ནས་དེ་རྣམས་ཀྱིས་ཕ་མ་ལ་གསོལ་ཏེ། དབང་པོའི་མགོ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ལི་ཙ་བྱི་ལྔ་བརྒྱ་པོ་དེ་རྣམས་ཀྱིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་རྣམས་ཀྱིས་བདེན་པ་མཐོང་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་དག་ལ་ལུང་ཡང་ཕོག་སྟེ། དེ་དག་གིས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དབང་པོའི་མགོ་ལ་བརྟེན་ནས། ལི་ཙ་བྱི་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་དབང་པོའི་མགོ་ལ་སོགས་པ་ལི་ཙ་བྱི་ལྔ་བརྒྱ་པོ་འདི་རྣམས་ངས་སྡིག་པ་ལས་བཟློག་སྟེ། ཅི་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་


DKG074_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་གྲུ་འཛིན་ཅེས་བྱ་བ་ན། རྒྱལ་པོ་དབང་ཆེན་ཞེས་བྱ་བ་རྒྱལ་པོ་བྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་དེའི་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ་གསེར་གྱི་མདོག་ཅན། མགོ་བོ་གདུགས་ལྟར་འདུག་པ་ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ་སྣ་ལེགས་པ། སྨིན་མ་སྟུག་པ་ཞིག་བཙས་སོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་དབང་ཆེན་གྱི་བུ་ཡིན་པས་ན། ཁྱེའུ་འདིའི་མིང་དབང་ཆེན་སྡེ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་དབང་ཆེན་སྡེ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང་། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། མཚོན་ཆ་བཅང་བ་དང་། འཕོང་དང་། མདུན་དུ་བསྣུར་བ་དང་། ཕྱིར་བསྣུར་བ་དང་། གཡུལ་ལས་ཐར་བར་བྱ་བ་དང་། ལྕགས་ཀྱུས་གཟུང་བ་དང་། ཞགས་པས་གཟུང་བ་དང་། མདའ་བོ་ཆེ་འཕང་བ་དང་། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་། མཚོན་རྩེ་གཅིག་པས་གདབ་པ་དང་། འཁོར་ལོ་འཕང་བ་དང་། གཅད་པ་དང་། གཤེག་པ་དང་། ལག་པས་གཟུང་བ་དང་། རྐང་པའི་སྟབས་དང་། མགོ་བོ་བསྐྱབ་པ་དང་། རྒྱང་མར་འཕང་བ་དང་། སྒྲ་གྲག་པར་ཕོག་པ་དང་། གནད་དུ་ཕོག་པ་དང་། མ་ཚོར་བར་ཕོག་པ་དང་། གདོན་མི་ཟ་བར་ཕོག་པར་བྱ་བ་དང་། ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས། གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་དེས་བལྟས་ན། ཕ་དང་བློན་པོ་ལྔ་བརྒྱ་པོ་དེ་རྣམས་ཆོས་མ་ཡིན་པས་རྒྱལ་པོ་བྱས་ནས། དེས་བསམས་པ་བདག་གིས་རྒྱལ་སྲིད་བཏང་ལ་དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོ་བར་བྱའོ་སྙམ་སྟེ། ཕ་མ་ལ་གསོལ་ནས་ནགས་འདབ་ཏུ་གནས་བཅས་སོ། །དེ་ནས་ཕྱི་ཞིག་ན་དེའི་


DKG074_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་ཤིའོ། །དེ་ཤི་ནས་ཉི་འོག་གི་རྒྱལ་པོ་དག་གིས་ཡུལ་དུ་གནོད་པ་བྱེད་པ་ལ་ཞུགས་ནས། བློན་པོ་རྣམས་ཀྱིས་བསམས་པ། བདག་ཅག་ཇོ་བོ་མེད་པའི་ཕྱིར་ཉི་འོག་གི་རྒྱལ་པོ་དག་གིས་གནོད་པ་བྱེད་ཀྱིས། རྒྱལ་པོའི་སྲས་སྤྱན་དྲངས་ཏེ། རྒྱལ་སར་གཞུག་གོ་སྙམ་ནས་རྒྱལ་པོའི་བུ་དེའི་ཐད་དུ་བློན་པོ་ཆེན་པོ་སོང་སྟེ། དེས་རྒྱལ་པོའི་བུ་ལ་སྨྲས་པ། ཇོ་བོ་ཁྱོད་ཀྱི་ཡབ་ནོངས་ཀྱིས་ཚུར་གཤེགས། ཡབ་ཀྱི་རྒྱལ་སྲིད་བཞེས་སུ་གསོལ། དེས་སྨྲས་པ་གལ་ཏེ་ཁྱོད་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་གྱུར་ན་དེའི་འོག་ཏུ་བྱས་པ་སླེབ་བོ་ཞེས་བྱས་ནས། དེས་བློན་པོ་ཆེན་པོ་དེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་བྱས་སོ། །བློན་པོ་ཆེན་པོ་དེས་ཀྱང་བློན་པོ་ལྔ་བརྒྱ་པོ་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །དེ་ནས་དེས་རྒྱལ་པོའི་བུ་དེ་སྤྱན་དྲངས་ཏེ། རྒྱལ་སར་བཅུག་གོ །དེ་ནས་དེ་དེར་འོངས་པས་ཡུལ་ཁམས་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་བློན་པོ་ཆེན་པོར་གྱུར་པ་གང་ཡིན་པ་དེ་ནི་དབང་པོའི་མགོ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་བློན་པོ་ལྔ་བརྒྱ་པོར་གྱུར་པ་གང་ཡིན་པ་དེ་ནི་ལི་ཙ་བྱི་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་དབང་པོའི་མགོ་འདི་ཁོ་ན་ལ་བརྟེན་ནས། བློན་པོ་ལྔ་བརྒྱ་པོ་རྣམས་སྡིག་པ་ལས་བཟློག་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །ད་ལྟར་ཡང་ངས་ལི་ཙ་བྱི་ལྔ་བརྒྱ་པོ་འདི་རྣམས་དབང་པོའི་མགོ་འདི་ལ་བརྟེན་ནས། སྡིག་པ་ལས་བཟློག་སྟེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་ནས། དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ། །ལས་བརྒྱ་ཐམ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་དགུ་པ་རྫོགས་སོ།། །།

སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པ།


DKG074_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ནི། བརྒྱ་བྱིན་རྒྱལ་པོ་རྔོན་པ་དང་། །རྨོངས་པ་དང་ནི་བྲམ་ཟེ་གསུམ། །ཁྱབ་འཇུག་དང་ནི་འཐབ་མོ་ཀླུ། །ཤི་བི་གཉིས་དང་་ཤཱ། །བརྒྱ་བྱིན་ཞེས་བྱ་བ་ནི། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན། ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་རྒྱལ་སྲིད་ཀྱི་མངའ་བདག་བྱེད་དོ། །ཆོས་ཉིད་ཀྱིས་ན་ལྷའི་བུ་འཆི་འཕོ་བའི་ཚེ། ཉེ་བའི་སྔ་ལྟས་ལྔ་འབྱུང་བར་འགྱུར་ཏེ། ལྷ་ནི་རང་གི་འོད་དང་ལྡན་པ་ཡིན་ན་དེའི་ཚེ་འོད་ཆུང་བར་འགྱུར་རོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གོས་དང་། རྒྱན་རྣམས་དང་། གོས་དང་རྒྱན་གྱི་ཤིང་རྣམས་དང་། མེ་ཏོག་དང་འབྲས་བུའི་ཤིང་རྣམས་རླུང་གིས་བསྐྱོད་ན། ཡིད་དུ་འོང་བའི་སྒྲ་འབྱུང་བ་ཡིན་ན། དེའི་ཚེ་དེ་དག་གི་སྒྲ་ཡིད་དུ་མི་འོང་བ་འབྱུང་བར་འགྱུར་རོ། །ལྷ་རྣམས་ཀྱི་གོས་རེག་ན་འཇམ་པ་ཡིན་ན། དེའི་ཚེ་དེ་དག་གི་གོས་རེག་ན་རྩུབ་པར་འགྱུར་རོ། །ལྷ་རྣམས་ཀྱི་ལུས་ལ་དྲི་མ་མི་ཆགས་པ་ཡིན་ན། དེའི་ཚེ་དེ་དག་གི་ལུས་ལ་དྲི་མ་ཆགས་པར་འགྱུར་རོ། །ལྷ་རྣམས་ཀྱི་མིག་མི་འཛུམས་པ་ཡིན་ན། དེའི་ཚེ་དེ་དག་གི་མིག་འཛུམས་པར་འགྱུར་རོ། །ཉེ་བའི་ལྟས་ལྔ་ལ་མ་གཏོགས་པ་འཆི་འཕོ་བའི་ལྟས་ལྔ་འབྱུང་བར་འགྱུར་ཏེ། གོས་རྣམས་ལ་དྲི་མ་མི་ཆགས་པ་ལས་དྲི་མ་ཆགས་པར་འགྱུར་རོ། །མེ་ཏོག་ཕྲེང་བ་རྣམས་མི་རྙིང་པ་ལས་རྙིང་པར་འགྱུར་རོ། །ལུས་ལས་དྲི་ང་བ་འབྱུང་བར་འགྱུར་རོ། །མཆན་ཁུང་གཉིས་ནས་རྔུལ་འབྱུང་བར་འགྱུར་རོ། །ལྷའི་བུ་འཆི་འཕོ་བ་ན་རང་གི་སྟན་ལ་འདུག་མི་འདོད་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ལྷའི་དབང་པོ་བརྒྱ་བྱིན་ལ་ཉེ་བའི་ལྟས་ལྔ་པོ་རྣམས་བྱུང་སྟེ། དེས་ཉེ་བའི་ལྟས་དེ་དག་བྱུང་བར་ཚོར་ནས། ཚོར་མ་ཐག་ཏུ་དེ་ཤས་ཆེར་འཇིགས་པ་སྐྱེས་ཏེ། ད་སུ་ལ་སྐྱབས་སུ་འགྲོ་བ་དང་། སུ་ཞིག་གིས་བདག་གནས་འདི་ནས་ཤི་འཕོ་བར་མི་འགྱུར་བར་ནུས་ཞིག་གུ་སྙམ་མོ། །དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་ཀྱིས་སྨྲས་པ། ཀོའུ་ཤི་ཀ་འཛམ་བུའི་གླིང་དུ་བཞུད་ལ། དགེ་སྦྱོང་དང་བྲམ་ཟེ་ཁོང་དགེ་བའི་རང་བཞིན་ཅན་བཀུར་བ་རྣམས་ལ། ཐབས་ཅི་ཞིག་གིས་ན་བདག་གནས་འདི་ནས་འཕོ་བར་མི་འགྱུར་ཞེས་རྨེད་ཅིག །དེ་དག་ཉིད་ལ་སྐྱབས་སུ་བཞུད་ཅིག །དེ་ནས་དེ་ཐོས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་


DKG074_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང་ལྷན་ཅིག་ཏུ། སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ནས་མི་སྣང་བར་གྱུར་ནས། འཛམ་བུའི་གླིང་དུ་འོངས་ཏེ། དེ་དགེ་སྦྱོང་དང་། བྲམ་ཟེ་གཞན་དང་། གཞན་དག་གི་ཐད་དུ་སོང་ནས། ཐབས་ཅི་ཞིག་གིས་ན། ལྷའི་བུ་འཆི་འཕོ་བར་གྱུར་པ་ལས། འཆི་འཕོ་བར་མི་འགྱུར་ཞེས་དྲིས་ན། དེ་དག་གིས་དེ་ཉིད་ལ་ཁྱོད་སུ་ཡིན་ཞེས་ཕྱིར་དྲིས་སོ། །དེས་སྨྲས་པ། ལྷའི་དབང་པོ་བརྒྱ་བྱིན་ཡིན་ནོ། །དེ་ནས་དེ་དག་གཞི་དེ་ལས་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ཏེ། བདག་ཅག་ལ་ལྷའི་དབང་པོ་བརྒྱ་བྱིན་བལྟར་འོངས་པ་འདི་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ་ཞེས་ཟེར་ནས། དེ་དག་དེ་ལ་སྐྱབས་སུ་འགྲོ་བར་བྱེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ནི་འདི་རྣམས་ལ་འདྲི་བར་འདོད་ཅིང་། སྐྱབས་སུ་འགྲོ་བར་འདོད་པ་ལས། འདི་དག་བདག་ལ་སྐྱབས་སུ་འགྲོ་བར་བྱེད་ན། བདག་དགེ་སྦྱོང་དང་བྲམ་ཟེ་འདི་དག་ལྟ་བུ་ལ་དྲི་ཅི་དགོས་སྙམ་ནས་རེ་ཐག་ཆད་དེ། དེ་དག་ལ་རེ་བ་མེད་པར་གྱུར་ཏོ། །དེ་ནས་དེའི་སྐབས་སུ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པས། གཟིགས་པ་རྣམ་པ་བཞིས་འཇིག་རྟེན་ལ་གཟིགས་ནས་འདོད་པ་ལ་སྤྱོད་པའི་རིགས་དྲུག་ཏུ་ཚིག་ཏུ་བརྗོད་ཅིང་ཀུན་ཏུ་སྒྲ་བསྒྲགས་ཏེ། གྲོགས་པོ་དག་ང་ནི་འཛམ་བུའི་གླིང་དུ་ཉིང་མཚམས་སྦྱོར་བ་ལེན་ཅིང་། འགྲོ་བ་རྣམས་ཀྱང་བདུད་རྩིས་ཚིམ་པར་བྱེད་ཀྱིས། ཁྱོད་ལས་སུ་བདུད་རྩི་འདོད་པ་དེ་དག་འཛམ་བུའི་གླིང་དུ་ཉིང་མཚམས་སྦྱོར་བ་ལོང་ཤིག་དང་། དེར་ངས་ཁྱོད་ལ་བདུད་རྩིའི་བགོ་བཤའ་བྱའོ་ཞེས་བྱས་ནས། བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་ཉིང་མཚམས་སྦྱོར་བ་བླངས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། བདག་ཅག་གིས་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་བསྙེན་བཀུར་བྱ་ཅི་དགོས། བྱང་ཆུབ་སེམས་དཔའ་འདི་ཡུམ་གྱི་ལྷུམས་སུ་ཉིང་མཚམས་སྦྱོར་བ་བླངས་པས་ན། དེ་གང་གི་ཚེ་བལྟམས་པ་དེའི་ཚེ། བདུད་རྩི་རྟོགས་པར་འགྱུར་བས། དེའི་འོག་ཏུ་བདག་གིས་བསྙེན་བཀུར་བྱའོ་སྙམ་ནས། དེའི་ཚེ་ལྷའི་བུ་བཞི་དེའི་སྲུངས་མར་བཏང་ངོ་། །བདག་ཉིད་ཀྱང་དུས་དུས་སུ་བྱང་


DKG074_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་ཐད་དུ་སྲུང་བའི་ཕྱིར་འགྲོ་བར་བྱེད་དོ། །བལྟམས་པའི་མོད་ལ་ཡང་བདག་ཉིད་ཀྱིས་བླངས་སོ། །སྐུ་ཆེར་སྐྱེས་པའི་ཚེ་ཡང་དེས་སྐྱོ་བ་བསྐྱེད་དོ། །ངེས་པར་འབྱུང་བར་བྱ་བའི་ཕྱིར་བརྩོན་པར་བྱས་སོ། །བྱང་ཆུབ་ཀྱི་སྙིང་པོར་ཡང་བསྲུང་བའི་ཕྱིར་སོང་ངོ་། །དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས། ལྔ་སྡེ་དང་ཉེ་བའི་ལྔ་སྡེ་དང་། གྲོང་གི་བྱིས་པ་སྟོད་རིམ་ལྔ་བཅུ་དང་། བཟང་སྡེའི་སྡེ་ཚན་རྣམས་བཏུལ་བ་དང་། དགའ་མོ་དང་དགའ་སྟོབས་མ་བདེན་པ་རྣམས་ལ་བཀོད་པ་དང་། ལྗེང་རྒྱས་འོད་སྲུང་དང་། ཆུ་ཀླུང་འོད་སྲུང་སྤུན་རབ་ཏུ་བྱུང་བ་དང་། ག་ར་གཤེགས་ནས་ཆོ་འཕྲུལ་རྣམ་པ་གསུམ་བསྟན་པ་དང་། འོད་མའི་ཚལ་ནགས་ཁྲོད་དུ་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ལྷ་བརྒྱད་ཁྲི་དང་ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་སྟོང་ཕྲག་དུ་མ་བདེན་པ་རྣམས་ལ་བཀོད་པ་དེའི་ཚེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། ད་དུང་འདི་ནི་བདག་གིས་བཅོམ་ལྡན་འདས་ལ་ཞུ་བ་ལུང་བསྟན་པ་ཞུ་བའི་དུས་མ་ཡིན་ནོ་སྙམ་མོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་བདེན་པ་རྣམས་ལ་གནས་པར་བྱས་ནས། རྒྱལ་པོའི་ཁབ་ཏུ་གཤེགས་ཏེ། འོད་མའི་ཚལ་གཞེས་ནས། དགེ་སློང་ཤཱ་རིའི་བུ་དང་། ད་གལ་གྱི་བུ་གཉིས་རབ་ཏུ་ཕྱུང་སྟེ། བསྟན་པ་རྒྱས་པར་མཛད་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་། ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་


DKG074_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་། ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། བདག་གིས་ལྷའི་དབང་པོ་བརྒྱ་བྱིན་འཁོར་བརྒྱད་ཁྲི་དང་བཅས་པ་བདེན་པ་རྣམས་ལ་དགོད་པར་བྱ་དགོས་སོ་སྙམ་དུ་དགོངས་ནས། རྒྱལ་པོའི་ཁབ་ནས་མི་སྣང་བར་གྱུར་ཏེ། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་ན། བྲམ་ཟེའི་གྲོང་ཨ་མྲའི་ནགས་ཁྲོད་ཅེས་བྱ་བ་དེའི་བྱང་ཕྱོགས་ན། རི་བི་དེ་ཧའི་དབང་པོའི་བྲག་ཕུག་ཏུ་གཤེགས་ནས་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། ད་ནི་བདག་གིས་བཅོམ་ལྡན་འདས་ལ་ཞུ་བ་ལུང་བསྟན་པ་ཞུ་བའི་དུས་ལ་བབ་པོ་སྙམ་ནས། ལྷའི་འཁོར་བརྒྱད་ཁྲི་དང་། ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང་། དྲི་ཟའི་བུ་ཟུར་ཕུད་ལྔ་པ་དང་ཐབས་ཅིག་ཏུ་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ནས་མི་སྣང་བར་གྱུར་ཏེ། རི་བི་དེ་ཧ་ལར་འཁོད་ནས། དེར་ལྷའི་དབང་པོ་བརྒྱ་བྱིན་དང་། དེ་མ་ཡིན་པའི་ལྷ་སྟོང་ཕྲག་དུ་མའི་ཁ་དོག་གི་མཐུས་རི་བི་དེ་ཧ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དབང་པོའི་བྲག་ཕུག་ཏུ་


DKG074_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ནས། བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་པར་ཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་དེས་བསམས་པ། སངས་རྒྱས་བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་པར་ཞུགས་པ་ལས་ན། ཡང་བདག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་དང་བལྟ་བ་དང་བསྙེན་བཀུར་བྱ་བའི་དུས་ལ་མ་བབ་པོ་སྙམ་ནས། ཐང་ཅིག་ཅང་མི་ཟེར་བར་འདུག་ནས་དྲི་ཟའི་བུ་གཙུག་ཕུད་ལྔ་པ་ལ་སྨྲས་པ། བུ་གཙུག་ཕུད་ལྔ་པ་ཁྱོད་ཀྱིས་བཅོམ་ལྡན་འདས་སྔར་བཞེངས་པར་བྱེད་ནུས་སམ། དེ་ལྟར་བྱས་པ་དང་། དེའི་འོག་ཏུ་བདག་ཅག་བལྟ་བའི་ཕྱིར་འགྲོ་བ་དང་། བསྙེན་བཀུར་བྱ་བ་སླ་བར་འགྱུར་རོ། །གཙུག་ཕུད་ལྔ་པས་སྨྲས་པ། ཀོའུ་ཤི་ཀ་བདག་གིས་ནུས་ཆེས་སོ་ཞེས་སྨྲས་ནས། གཡོག་འཁོར་ལྔ་བརྒྱ་དང་། རྱའི་པི་བང་བླངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གཙོ་བོ་ལ་འོས་པ་དང་། དགྲ་བཅོམ་པ་ལ་འོས་པའི་ཚིགས་སུ་བཅད་པ་དེ་དག་གིས། བཅོམ་ལྡན་འདས་བཞེངས་སུ་གསོལ་ནས། ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀོའུ་ཤི་ཀ་བཅོམ་ལྡན་འདས་བཞེངས་ལགས་ཏེ། ཁྱོད་ཀྱིས་བཅོམ་ལྡན་འདས་ལ་བལྟ་བར་འགྲོ་བ་དང་། བསྙེན་བཀུར་བྱ་བའི་དུས་ལ་བབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ཀྱེ་མ་དབང་པོའི་བྲག་ཕུག་འདི་ནི་དོག་ཆེས་ལ་ལྷའི་འཁོར་ནི་མང་ཆེས་ཀྱིས། མ་ལ་བདག་གིས་ཕུག་འདི་ཅི་ནས་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ། བདེ་བླག་ཏུ་ཆོས་ཉན་ཅིང་འཁོད་དུ་ཡོད་པ་དེ་ལྟ་བུར་བྱིན་གྱིས་བརླབ་པར་བྱའོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་དབང་པོའི་བྲག་ཕུག་ཡངས་པར་བྱིན་གྱིས་བརླབས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང་ལྷ་བརྒྱད་ཁྲི་དང་ཐབས་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་ཉན་པའི་ཕྱིར་སྤྱན་སྔར་འདུག་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས་གཏམ་རྒྱུད་སྔ་མའི་དོན། བཅོམ་ལྡན་འདས་ལ་གསོལ་ནས། བརྒྱ་བྱིན་གྱིས་ཞུ་བ་ཞུས་པ་བཙུན་པ་ལྷ་རྣམས་དང་། མི་རྣམས་


DKG074_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷ་མ་ཡིན་རྣམས་དང་། ཀླུ་རྣམས་དང་། ནམ་མཁའ་ལྟིང་རྣམས་དང་། དྲི་ཟ་རྣམས་དང་། ལུས་ཐ་དད་པ་གཞན་དག་ཀྱང་རུང་སྟེ། དེ་དག་གི་སྦྱོར་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ལྷ་རྣམས་དང་། མི་རྣམས་དང་། ལྷ་མ་ཡིན་རྣམས་དང་། ཀླུ་རྣམས་དང་། ནམ་མཁའ་ལྟིང་རྣམས་དང་། དྲི་ཟ་རྣམས་དང་། ལུས་ཐ་དད་པ་གཞན་དག་ཀྱང་རུང་སྟེ། དེ་དག་གི་སྦྱོར་བ་ནི་ཕྲག་དོག་དང་སེར་སྣ་ཡིན་ཏེ། དེ་དག་འདི་སྙམ་དུ་ཀྱེ་མ་བདག་ཁོན་མེད་པ་དང་། འགྲན་ཟླ་མེད་པ་དང་། གནོད་པ་མེད་པ་དང་། འཐབ་མོ་མེད་པ་དང་། མཚང་འདྲུ་བ་མེད་པ་དང་འགྱེད་པ་མེད་པ་དང་། རྩོད་པ་མེད་པས་གནས་པར་བྱའོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་དེ་དག་ནི་ཁོན་དང་བཅས་པ་དང་། འགྲན་ཟླ་དང་བཅས་པ་དང་། གནོད་པ་དང་བཅས་པ་དང་། འཐབ་མོ་དང་བཅས་པ་དང་། མཚང་འདྲུ་བ་དང་བཅས་པ་དང་། འགྱེད་པ་དང་བཅས་པ་དང་། རྩོད་པ་དང་བཅས་པ་ལ་གནས་སོ། །བརྒྱ་བྱིན་གྱིས་གསོལ་པ། །བཙུན་པ་དེ་ནི་དེ་ལགས་སོ། །དེ་ནི་དེ་ལགས་ཏེ། ལྷ་རྣམས་དང་། མི་རྣམས་དང་། ལྷ་མ་ཡིན་རྣམས་དང་། ཀླུ་རྣམས་དང་། ནམ་མཁའ་ལྟིང་རྣམས་དང་། དྲི་ཟ་རྣམས་དང་། ལུས་ཐ་དད་པ་གཞན་དག་ཀྱང་རུང་སྟེ། དེ་དག་གི་སྦྱོར་བ་ནི་ཕྲག་དོག་དང་སེར་སྣ་ལགས་ཏེ། དེ་དག་ནི་འདི་སྙམ་དུ་ཀྱེ་མ་བདག་ཁོན་མེད་པ་དང་། འགྲན་ཟླ་མེད་པ་དང་གནོད་པ་མེད་པ་དང་། འཐབ་མོ་མེད་པ་དང་། མཚང་འདྲུ་བ་མེད་པ་དང་། འགྱེད་པ་མེད་པ་དང་། རྩོད་པ་མེད་པར་གནས་པར་བྱའོ། །སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་དེ་དག་ནི་ཁོན་དང་བཅས་པ་དང་། འགྲན་ཟླ་དང་བཅས་པ་དང་། གནོད་པ་དང་བཅས་པ་དང་། འཐབ་མོ་དང་བཅས་པ་དང་། མཚང་འདྲུ་བ་དང་བཅས་པ་དང་། འགྱེད་པ་དང་བཅས་པ་དང་། རྩོད་པ་དང་བཅས་པས་གནས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས། སོམ་ཉི་ལས་བརྒལ་ཏེ། ཐེ་ཙོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་


DKG074_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མངོན་པར་བསྟོད་ཅིང་། རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ་ཕྲག་དོག་དང་། སེར་སྣའི་གཞི་ནི་ཅི་ལགས། ཀུན་འབྱུང་བ་ནི་ཅི་ལགས། རྣམ་པ་ནི་ཅི་ལགས། ཅི་ལས་ནི་སྐྱེས་ལགས། གང་མཆིས་ན་ཕྲག་དོག་དང་སེར་སྣ་འབྱུང་བར་འགྱུར་ལགས། གང་མ་མཆིས་ན་ཕྲག་དོག་དང་སེར་སྣ་འབྱུང་བར་མི་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ཕྲག་དོག་དང་། སེར་སྣའི་གཞི་ནི་དགའ་བ་དང་། མི་དགའ་བའོ། །ཀུན་འབྱུང་བ་ནི་དགའ་བ་དང་མི་དགའ་བའོ། །རྣམ་པ་ནི་དགའ་བ་དང་མི་དགའ་བའོ། །སྐྱེ་བ་ནི་དགའ་བ་དང་མི་དགའ་བ་སྟེ། དགའ་བ་དང་མི་དགའ་བ་ཡོད་ན། ཕྲག་དོག་དང་སེར་སྣ་འབྱུང་བར་འགྱུར་ལ། དགའ་བ་དང་མི་དགའ་བ་མེད་ན་ཕྲག་དོག་དང་སེར་སྣ་འབྱུང་བར་མི་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་དེ་ནི་དེ་ལགས་སོ། །དེ་ནི་དེ་ལགས་ཏེ། ཕྲག་དོག་དང་སེར་སྣའི་གཞི་ནི་དགའ་བ་དང་མི་དགའ་བ་ལགས་སོ། །ཀུན་འབྱུང་བ་ནི་དགའ་བ་དང་མི་དགའ་བ་ལགས་སོ། །རྣམ་པ་ནི་དགའ་བ་དང་མི་དགའ་བ་ལགས་སོ། །སྐྱེ་བ་ནི་དགའ་བ་དང་མི་དགའ་བ་ལགས་ཏེ། དགའ་བ་དང་མི་དགའ་བ་མཆིས་ན། ཕྲག་དོག་དང་སེར་སྣ་འབྱུང་བར་འགྱུར་ལ། དགའ་བ་དང་མི་དགའ་བ་མ་མཆིས་ན། ཕྲག་དོག་དང་སེར་སྣ་འབྱུང་བར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས། སོམ་ཉི་ལས་བརྒལ་ཏེ། ཐེ་ཙོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ་དགའ་བ་དང་མི་དགའ་བའི་གཞི་ནི་ཅི་ལགས། ཀུན་འབྱུང་བ་ནི་ཅི་ལགས། རྣམ་པ་ནི་ཅི་ལགས། ཅི་ལས་ནི་སྐྱེས་ལགས། གང་མཆིས་ན་དགའ་བ་དང་མི་དགའ་བ་འབྱུང་བར་འགྱུར་ལ། གང་མ་མཆིས་ན་དགའ་བ་དང་མི་དགའ་བ་འབྱུང་བར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་


DKG074_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང་། མི་དགའ་བའི་གཞི་ནི་འདུན་པའོ། །ཀུན་འབྱུང་བ་ནི་འདུན་པའོ། །རྣམ་པ་ནི་འདུན་པའོ། །སྐྱེ་བ་ནི་འདུན་པའོ། །འདུན་པ་ཡོད་ན་དགའ་བ་དང་མི་དགའ་བ་འབྱུང་བར་འགྱུར་ལ་འདུན་པ་མེད་ན་དགའ་བ་དང་། མི་དགའ་བ་འབྱུང་བར་མི་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་དེ་ནི་དེ་ལགས་སོ། །དེ་ནི་དེ་ལགས་ཏེ། དགའ་བ་དང་མི་དགའ་བའི་གཞི་ནི་འདུན་པ་ལགས་སོ། །ཀུན་འབྱུང་བ་ནི་འདུན་པ་ལགས་སོ། །རྣམ་པ་ནི་འདུན་པ་ལགས་སོ། །སྐྱེ་བ་ནི་འདུན་པ་ལགས་ཏེ། འདུན་པ་མཆིས་ན་དགའ་བ་དང་མི་དགའ་བ་འབྱུང་བར་འགྱུར་ལ། འདུན་པ་མ་མཆིས་ན་དགའ་བ་དང་མི་དགའ་བ་འབྱུང་བར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས། སོམ་ཉི་ལས་བརྒལ་ཏེ་ཐེ་ཙོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ་འདུན་པའི་གཞི་ནི་ཅི་ལགས། ཀུན་འབྱུང་བ་ནི་ཅི་ལགས། རྣམ་པ་ནི་ཅི་ལགས། ཅི་ལས་ནི་སྐྱེས་ལགས། གང་མཆིས་ན་འདུན་པ་འབྱུང་བར་འགྱུར་ལ། གང་མ་མཆིས་ན་འདུན་པ་འབྱུང་བར་མི་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་འདུན་པའི་གཞི་ནི་རྟོག་པའོ། །ཀུན་འབྱུང་བ་ནི་རྟོག་པའོ། །རྣམ་པ་ནི་རྟོག་པའོ། །སྐྱེ་བ་ནི་རྟོག་པ་སྟེ། རྟོག་པ་ཡོད་ན་འདུན་པ་འབྱུང་བར་འགྱུར་ལ། རྟོག་པ་མེད་ན་འདུན་པ་འབྱུང་བར་མི་འགྱུར་རོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་དེ་ནི་དེ་ལགས་སོ། །དེ་ནི་དེ་ལགས་ཏེ། འདུན་པའི་གཞི་ནི་རྟོག་པ་ལགས་སོ། །ཀུན་འབྱུང་བ་ནི་རྟོག་པ་ལགས་སོ། །རྣམ་པ་ནི་རྟོག་པ་ལགས་སོ། །སྐྱེ་བ་ནི་རྟོག་པ་ལགས་ཏེ། རྟོག་པ་ཡོད་ན་འདུན་པ་འབྱུང་བར་འགྱུར་ལ། རྟོག་པ་མེད་ན་འདུན་པ་འབྱུང་བར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས་སོམ་ཉི་ལས་བརྒལ་ཏེ། ཐེ་ཙོམ་དང་བྲལ་ལགས་སོ། །དེ་ནས་


DKG074_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ་རྟོག་པའི་གཞི་ནི་ཅི་ལགས། ཀུན་འབྱུང་བ་ནི་ཅི་ལགས། རྣམ་པ་ནི་ཅི་ལགས། ཅི་ལས་ནི་སྐྱེས་ལགས། གང་མཆིས་ན་རྟོག་པ་འབྱུང་བར་འགྱུར་ལ། གང་མ་མཆིས་ན་རྟོག་པ་འབྱུང་བར་མི་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་རྟོག་པའི་གཞི་ནི་སྤྲོས་པའོ། །ཀུན་འབྱུང་བ་ནི་སྤྲོས་པའོ། །རྣམ་པ་ནི་སྤྲོས་པའོ། །སྐྱེ་བ་ནི་སྤྲོས་པ་སྟེ། སྤྲོས་པ་ཡོད་ན་རྟོག་པ་འབྱུང་བར་འགྱུར་ལ། སྤྲོས་པ་མེད་ན་རྟོག་པ་འབྱུང་བར་མི་འགྱུར་རོ། །ཀོའུ་ཤི་ཀ་དེ་ལྟར་ན་སྤྲོས་པ་ཡོད་ན་རྟོག་པ་འབྱུང་བར་འགྱུར་རོ། །རྟོག་པ་ཡོད་ན་འདུན་པ་འབྱུང་བར་འགྱུར་རོ། །འདུན་པ་ཡོད་ན་དགའ་བ་དང་མི་དགའ་བ་འབྱུང་བར་འགྱུར་རོ། །དགའ་བ་དང་མི་དགའ་བ་ཡོད་ན་ཕྲག་དོག་དང་སེར་སྣ་འབྱུང་བར་འགྱུར་རོ། །ཕྲག་དོག་དང་སེར་སྣ་ཡོད་ན་དབྱུག་པ་ཐོགས་པ་དང་། མཚོན་ཆ་ཐོགས་པ་དང་། འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་རྩོད་པ་དང་གཡོ་བྱེད་པ་དང་འདྲིད་པ་དང་ཆད་པས་གཅོད་པ་དང་། བརྫུན་ཟེར་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །དེ་ལྟར་ན་སྤྲོས་པ་མེད་ན་རྟོག་པ་འབྱུང་བར་མི་འགྱུར་རོ། །རྟོག་པ་མེད་ན་འདུན་པ་འབྱུང་བར་མི་འགྱུར་རོ། །འདུན་པ་མེད་ན་དགའ་བ་དང་མི་དགའ་བ་འབྱུང་བར་མི་འགྱུར་རོ། །དགའ་བ་དང་མི་དགའ་བ་མེད་ན་ཕྲག་དོག་དང་སེར་སྣ་འབྱུང་བར་མི་འགྱུར་རོ། །ཕྲག་དོག་དང་སེར་སྣ་མེད་ན་དབྱུག་པ་ཐོགས་པ་དང་། མཚོན་ཆ་ཐོགས་པ་དང་། འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པ་དང་། གཡོ་བྱེད་པ་དང་། འདྲིད་པ་དང་། ཆད་པས་གཅོད་པ་དང་། བརྫུན་ཟེར་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་


DKG074_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཙུན་པ་དེ་ནི་དེ་ལགས་སོ། །དེ་ནི་དེ་ལགས་ཏེ། རྟོག་པའི་གཞི་ནི་སྤྲོས་པ་ལགས་སོ། །ཀུན་འབྱུང་བ་ནི་སྤྲོས་པ་ལགས་སོ། །རྣམ་པ་ནི་སྤྲོས་པ་ལགས་སོ། །སྐྱེ་བ་ནི་སྤྲོས་པ་ལགས་སོ། །སྤྲོས་པ་མཆིས་ན་རྟོག་པ་འབྱུང་བར་འགྱུར་ལ། སྤྲོས་པ་མ་མཆིས་ན་རྟོག་པ་འབྱུང་བར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས་སོམ་ཉི་ལས་བརྒལ་ཏེ། ཐེ་ཙོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ་སྤྲོས་པ་འགག་པར་འགྱུར་བའི་ལམ་ཞེས་གསུང་ན། བཙུན་པ་སྤྲོས་པ་འགག་པར་འགྱུར་བའི་ལམ་གང་ལགས། དགེ་སློང་ལམ་གང་ལ་ཞུགས་ན་སྤྲོས་པ་འགག་པར་འགྱུར་བའི་ལམ་ལ་ཞུགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་སྤྲོས་པ་འགག་པར་འགྱུར་བའི་ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །འདི་ནི་སྤྲོས་པ་འགོག་པར་འགྱུར་བའི་ལམ་ཞེས་བྱ་སྟེ། དེ་ལྟ་བུ་ལ་ཞུགས་པའི་དགེ་སློང་ནི་སྤྲོས་པ་འགོག་པར་འགྱུར་བའི་ལམ་ལ་ཞུགས་པ་ཞེས་བྱའོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་དེ་ནི་དེ་ལགས་སོ། །དེ་ནི་དེ་ལགས་ཏེ། སྤྲོས་པ་འགོག་པར་འགྱུར་བའི་ལམ་ལ་ཞུགས་པ་དེ་ནི་དེ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས། སོམ་ཉི་ལས་བརྒལ་ཏེ་ཐེ་ཙོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ལ་ཞུ་བ་


DKG074_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་ཞུས་པ། བཙུན་པ་སྤྲོས་པ་འགོག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་སློང་གིས་སོ་སོར་ཐར་པའི་སྡོམ་པའི་རྒྱུ་ཆོས་དུ་ཞིག་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་སྤྲོས་པ་འགོག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་སློང་གི་སོ་སོར་ཐར་པའི་སྡོམ་པའི་རྒྱུ་ནི་ཆོས་དྲུག་ཡོད་དེ། དྲུག་གང་ཞེ་ན། མིག་གིས་ཤེས་པར་བྱ་བའི་གཟུགས་རྣམས་དང་། རྣ་བས་ཤེས་པར་བྱ་བའི་སྒྲ་རྣམས་དང་། སྣས་ཤེས་པར་བྱ་བའི་དྲི་རྣམས་དང་། ལྕེས་ཤེས་པར་བྱ་བའི་རོ་རྣམས་དང་། ལུས་ཀྱིས་ཤེས་པར་བྱ་བའི་རེག་བྱ་རྣམས་དང་། ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་རྣམས་སོ། །ཀོའུ་ཤི་ཀ་མིག་གིས་ཤེས་པར་བྱ་བའི་གཟུགས་རྣམས་ལ་ཡང་བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པ་རྣམ་པ་གཉིས་ཡོད་དེ། དེ་ལ་མིག་གིས་ཤེས་པར་བྱ་བའི་གཟུགས་གང་ཡིན་པ་རྣམས་བསྒྲུབས་ཏེ། གནས་པར་བྱ་བའི་འོས་མ་ཡིན་པར་ངས་ཤེས་ནས། དེ་དག་ངེས་པར་སྤང་བར་བྱའོ་ཞེས་ང་ཟེར་རོ། །མིག་གིས་ཤེས་པར་བྱ་བའི་གཟུགས་གང་ཡིན་པ་རྣམས་བསྒྲུབས་ཏེ། གནས་པར་འོས་པ་ནི་བསྟེན་པར་བྱའོ་ཞེས་ང་ཟེར་རོ། །དེ་ལ་དེ་བཞིན་གཤེགས་པ་ནི་དེའི་ལུང་སྟོན་པ་ལ་དུས་མཁྱེན་པར་བསྟན་ཏོ། །དེ་བཞིན་དུ་རྣ་བས་ཤེས་པར་བྱ་བའི་སྒྲ་རྣམས་དང་། སྣས་ཤེས་པར་བྱ་བའི་དྲི་རྣམས་དང་། ལྕེས་ཤེས་པར་བྱ་བའི་རོ་རྣམས་དང་། ལུས་ཀྱིས་ཤེས་པར་བྱ་བའི་རེག་བྱ་རྣམས་དང་། ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་རྣམས་ལ་ཡང་བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པ་རྣམ་པ་གཉིས་ཡོད་དོ་ཞེས་ང་ཟེར་རོ། །དེ་ལ་ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་བསྒྲུབས་ཏེ། གནས་པར་བྱ་བའི་འོས་མ་ཡིན་པར་ཤེས་པ་གང་ཡིན་པ་དེ་དག་ནི་མངོན་དུ་ངེས་པར་སྤང་བ་ཡིན་ནོ་ཞེས་ང་ཟེར་རོ། །དེ་ལ་ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་བསྒྲུབས་ཏེ། གནས་པར་བྱ་བའི་འོས་ཡིན་པར་ཤེས་པ་གང་ཡིན་པ་དེ་དག་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་བསྒྲུབ་པར་བྱ་བའི་ལུང་བསྟན་པའི་དུས་མཁྱེན་ནས། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ་ཞེས་ང་ཟེར་རོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ།


DKG074_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་དེ་ནི་དེ་ལགས་སོ། །དེ་ནི་དེ་ལགས་ཏེ། སྤྲོས་པ་འགོག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་སློང་གི་སོ་སོར་ཐར་པའི་སྡོམ་པའི་རྒྱུ་ཆོས་དྲུག་མཆིས་ཏེ། མིག་གིས་ཤེས་པར་བགྱི་བའི་གཟུགས་རྣམས་དང་། རྣ་བས་ཤེས་པར་བགྱི་བའི་སྒྲ་རྣམས་དང་། སྣས་ཤེས་པར་བགྱི་བའི་དྲི་རྣམས་དང་། ལྕེས་ཤེས་པར་བགྱི་བའི་རོ་རྣམས་དང་། ལུས་ཀྱིས་ཤེས་པར་བགྱི་བའི་རེག་བྱ་རྣམས་དང་། ཡིད་ཀྱིས་ཤེས་པར་བགྱི་བའི་ཆོས་རྣམས་ལགས་ཏེ། དེ་ལ་བཙུན་པ་མིག་གིས་ཤེས་པར་བྱ་བའི་གཟུགས་རྣམས་ལ་ཡང་བསྟེན་པར་བགྱི་བ་དང་། བསྟེན་པར་བགྱི་བ་མ་ལགས་པ་རྣམ་པ་གཉིས་མཆིས་ཞེས་ཁྱོད་གསུང་སྟེ། དེ་མིག་གིས་ཤེས་པར་བགྱི་བའི་གཟུགས་རྣམས་བསྒྲུབས་ཏེ། གནས་པར་བགྱི་བའི་འོས་མ་ལགས་པར་ཤེས་པ་གང་ལགས་པ་དེ་དག་ནི། མངོན་དུ་ངེས་པར་སྤང་བ་ལགས་སོ་ཞེས་ཁྱོད་གསུང་། དེ་ལ་མིག་གིས་ཤེས་པར་བགྱི་བའི་གཟུགས་རྣམས་བསྒྲུབས་ཏེ། གནས་པར་བགྱི་བའི་འོས་ལགས་པར་ཤེས་པ་གང་ལགས་པ་དེ་དག་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་ལུང་བསྟན་པའི་དུས་མཁྱེན་ནས། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ་ཞེས་ཁྱོད་གསུང་། ཡིད་ཀྱིས་ཤེས་པར་བགྱི་བའི་ཆོས་རྣམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་དེ་བཞིན་དུ་བདག་གིས་རྟོགས་ལགས་ཏེ། མིག་གིས་ཤེས་པར་བགྱི་བའི་གཟུགས་ཅི་ལྟ་བུ་དག་བསྟེན་ན། མི་དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་ལ། དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དེ་ལྟ་བུའི་མིག་གིས་ཤེས་པར་བགྱི་བའི་གཟུགས་རྣམས་ནི་བསྟེན་པར་མི་བྱའོ་ཞེས་ཁྱོད་གསུང་། མིག་གིས་ཤེས་པར་བགྱི་བའི་གཟུགས་ཅི་ལྟ་བུ་དག་བསྟེན་ན། མི་དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་བ་དེ་ལྟ་བུའི་མིག་གིས་ཤེས་པར་བགྱི་བའི་གཟུགས་རྣམས་ནི་བསྟེན་པར་བྱའོ་ཞེས་ཁྱོད་གསུང་། དེ་བཞིན་དུ་རྣ་བས་ཤེས་པར་བགྱི་བའི་སྒྲ་རྣམས་དང་། སྣས་ཤེས་པར་བགྱི་བའི་དྲི་རྣམས་དང་། ལྕེས་


DKG074_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བགྱི་བའི་རོ་རྣམས་དང་། ལུས་ཀྱིས་ཤེས་པར་བགྱི་བའི་རེག་བྱ་རྣམས་དང་། ཡིད་ཀྱིས་ཤེས་པར་བགྱི་བའི་ཆོས་རྣམས་ཅི་ལྟ་བུ་དག་བསྟེན་ན། མི་དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་ལ། དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དེ་ལྟ་བུ་ཡིད་ཀྱིས་ཤེས་པར་བགྱི་བའི་ཆོས་རྣམས་ནི་བསྟེན་པར་མི་བྱའོ་ཞེས་ཁྱོད་གསུང་། ཡིད་ཀྱིས་ཤེས་པར་བགྱི་བའི་ཆོས་ཅི་ལྟ་བུ་དག་བསྟེན་ན། མི་དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་བ་དེ་ལྟ་བུ་ཡིད་ཀྱིས་ཤེས་པར་བགྱི་བའི་ཆོས་རྣམས་ནི་བསྟེན་པར་བྱའོ་ཞེས་ཁྱོད་གསུང་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས། སོམ་ཉི་ལས་བརྒལ་ཏེ་ཐེ་ཙོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ་སྤྲོས་པ་འགོག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་སློང་གིས་ཆོས་དུ་ཞིག་ནི་སྤང་བར་བགྱི། ཆོས་དུ་ལ་ནི་བརྩོན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་སྤྲོས་པ་འགོག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་སློང་གིས་ཆོས་གསུམ་ནི་སྤང་བར་བྱའོ། །ཆོས་གསུམ་ལ་ནི་བརྩོན་པར་བྱའོ། །འདི་ལྟ་སྟེ་གང་གིས་རྟོག་པར་དཔྱོད་པའོ། །ཀོའུ་ཤི་ཀ་ཚིག་ལ་ཡང་བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པ་རྣམ་པ་གཉིས་ཡོད་དོ་ཞེས་ང་ཟེར་རོ། །དེ་ལ་ཚིག་བསྒྲུབས་ཏེ། གནས་པར་བྱ་བའི་འོས་མ་ཡིན་པར་ཤེས་པ་གང་ཡིན་པ་དེ་དག་ནི། མངོན་དུ་ངེས་པར་སྤང་བར་བྱའོ་ཞེས་ང་ཟེར་རོ། །དེ་ལ་ཚིག་བསྒྲུབས་ཏེ་གནས་པར་བྱ་བའི་འོས་ཡིན་པར་ཤེས་པ་གང་ཡིན་པ་དེ་དག་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་བསྒྲུབ་པར་ལུང་བསྟན་པའི་དུས་མཁྱེན་ནས། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ་ཞེས་ང་ཟེར་རོ། །ཀོའུ་ཤི་ཀ་རྟོག་པ་ལ་ཡང་བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་


DKG074_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་རྣམ་པ་གཉིས་ཡོད་དོ་ཞེས་ང་ཟེར་རོ། །དེ་ལ་དཔྱོད་པ་བསྒྲུབས་ཏེ་གནས་པར་བྱ་བའི་འོས་མ་ཡིན་པར་ཤེས་པ་གང་ཡིན་པ་དེ་དག་ནི། མངོན་དུ་ངེས་པར་སྤང་བར་བྱའོ་ཞེས་ང་ཟེར་རོ། །དེ་ལ་དཔྱོད་པ་བསྒྲུབས་ཏེ་གནས་པར་བྱ་བའི་འོས་ཡིན་པར་ཤེས་པ་གང་ཡིན་པ་དེ་དག་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་ལུང་བསྟན་པའི་དུས་མཁྱེན་ནས། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ་ཞེས་ང་ཟེར་རོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་དེ་ནི་དེ་ལགས་སོ། །དེ་ནི་དེ་ལགས་ཏེ། སྤྲོས་པ་འགོག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་སློང་གིས། ཆོས་གསུམ་ནི་སྤང་བར་བགྱི། ཆོས་གསུམ་ལ་ནི་བརྩོན་པར་བགྱི་སྟེ། འདི་ལྟ་སྟེ་གང་གིས་ཚིག་དང་རྟོག་པ་དང་དཔྱོད་པའོ། །བཙུན་པ་ཚིག་ཀྱང་བསྟེན་པར་བགྱི་བ་དང་། བསྟེན་པར་བགྱི་བ་མ་ལགས་པ་རྣམ་པ་གཉིས་ཡོད་དོ་ཞེས་ཁྱོད་གསུང་སྟེ། དེ་ལ་ཚིག་བསྒྲུབས་ཏེ་གནས་པར་བགྱི་བའི་འོས་མ་ལགས་པར་ཤེས་པ་གང་ལགས་པ་དེ་ནི། མངོན་དུ་ངེས་པར་སྤང་བར་བྱའོ་ཞེས་ཁྱོད་གསུང་། དེ་ལ་ཚིག་བསྒྲུབས་ཏེ། གནས་པར་བགྱི་བའི་འོས་ལགས་པར་ཤེས་པ་གང་ལགས་པ་དེ་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་བསྒྲུབ་པར་ལུང་བསྟན་པའི་དུས་མཁྱེན་ནས། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ་ཞེས་ཁྱོད་གསུང་ངོ་། །བཙུན་པ་རྟོག་པ་དཔྱོད་པ་ཡང་བསྟེན་པར་བགྱི་བ་དང་། བསྟེན་པར་བགྱི་བ་མ་ལགས་པ་རྣམ་པ་གཉིས་ཡོད་དོ་ཞེས་ཁྱོད་གསུང་སྟེ། དེ་ལ་དཔྱོད་པ་བསྒྲུབས་ཏེ། གནས་པར་བགྱི་བའི་འོས་མ་ལགས་པར་ཤེས་པ་གང་ལགས་པ་དེ་དག་ནི། མངོན་དུ་ངེས་པར་སྤང་བ་ལགས་སོ་ཞེས་ཁྱོད་གསུང་། དེ་ལ་དཔྱོད་པ་བསྒྲུབས་ཏེ་གནས་པར་བགྱི་བའི་འོས་ལགས་པར་ཤེས་པ་གང་ལགས་པ་དེ་དག་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་ལུང་བསྟན་པའི་དུས་མཁྱེན་ནས། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ་ཞེས་ཁྱོད་གསུང་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ཏེ། ཚིག་ཅི་ལྟ་བུ་དག་བསྟེན་ན། མི་དགེ་བའི་ཆོས་རྣམས་མངོན་


DKG074_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཕེལ་བར་འགྱུར་ལ། དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དེ་ལྟ་བུའི་ཚིག་ནི་བསྟེན་པར་མི་བྱའོ་ཞེས་ཁྱོད་གསུང་། ཚིག་ཅི་ལྟ་བུ་དེ་དག་བསྟེན་ན་མི་དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་བ་དེ་ལྟ་བུའི་ཚིག་རྣམས་བསྟེན་པར་བྱའོ་ཞེས་ཁྱོད་གསུང་། རྟོག་པ་དང་དཔྱོད་པ་ཅི་ལྟ་བུ་དག་བསྟེན་ན། དེའི་མི་དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་ལ། དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དེ་ལྟ་བུའི་རྟོག་པ་དང་དཔྱོད་པ་ནི་བསྟེན་པར་མི་བྱའོ་ཞེས་ཁྱོད་གསུང་། དཔྱོད་པ་ཅི་ལྟ་བུ་དག་བསྟེན་ན་དེའི་མི་དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་བ་དེ་ལྟ་བུའི་རྟོག་པ་དང་དཔྱོད་པ་རྣམས་ནི་བསྟེན་པར་བྱའོ་ཞེས་ཁྱོད་གསུང་སྟེ། བཅོམ་ལྡན་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས། སོམ་ཉི་ལས་བརྒལ་ཏེ། ཐེ་ཙོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ་སྤྲོས་པ་འགོག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་སློང་གིས་ལུས་རྣམ་པ་དུ་ཞིག་ན། རྣམ་པ་གཉིས་མཆིས་ཞེས་གསུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་སྤྲོས་པ་འགོག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་སློང་གིས་ལུས་རྣམ་པ་གསུམ་ལ། རྣམ་པ་གཉིས་ཡོད་དོ་ཞེས་ང་ཟེར་ཏེ། ཡིད་བདེ་བའི་ལུས་དང་ཡིད་མི་བདེ་བའི་ལུས་དང་བཏང་སྙོམས་ཀྱི་ལུས་སོ། །ཀོའུ་ཤི་ཀ་དེའི་ཡིད་བདེ་བའི་ལུས་ཀྱང་བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པ་རྣམ་པ་གཉིས་ཡོད་དོ་ཞེས་ང་ཟེར་རོ། །དེ་ལ་ཡིད་བདེ་བའི་ལུས་བསྒྲུབས་ཏེ། གནས་པར་བྱ་བའི་འོས་མ་ཡིན་པ་ཤེས་པ་གང་ཡིན་པ་དེ་ནི་མངོན་དུ་ངེས་པར་སྤང་བར་བྱ་བ་ཡིན་ནོ་ཞེས་ང་ཟེར་རོ། །དེ་ལ་ཡིད་བདེ་བའི་ལུས་བསྒྲུབས་ཏེ། གནས་པར་བྱ་བའི་


DKG074_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འོས་ཡིན་པར་ཤེས་པར་བྱ་བ་གང་ཡིན་པ་དེ་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་ལུང་བསྟན་པའི་དུས་མཁྱེན་ནས། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ་ཞེས་ང་ཟེར་རོ། །ཀོའུ་ཤི་ཀ་ཡིད་མི་བདེ་བའི་ལུས་དང་། བཏང་སྙོམས་ཀྱི་ལུས་ཀྱང་བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པ། རྣམ་པ་གཉིས་ཡོད་དོ་ཞེས་ང་ཟེར་རོ། །ཡིད་མི་བདེ་བའི་ལུས་དང་། བཏང་སྙོམས་ཀྱི་ལུས་བསྒྲུབས་ཏེ་གནས་པར་བྱ་བའི་འོས་མ་ཡིན་པར་ཤེས་པ་གང་ཡིན་པ་དེ་ནི་མངོན་དུ་ངེས་པར་སྤང་བར་བྱ་བ་ཡིན་ནོ་ཞེས་ང་ཟེར་རོ། །དེ་ལ་ཡིད་མི་བདེ་བའི་ལུས་དང་། བཏང་སྙོམས་ཀྱི་ལུས་བསྒྲུབས་ཏེ་གནས་པར་བྱ་བའི་འོས་ཡིན་པར་ཤེས་པ་གང་ཡིན་པ་དེ་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་ལུང་བསྟན་པའི་དུས་མཁྱེན་ནས། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ་ཞེས་ང་ཟེར་རོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་དེ་ནི་དེ་ལགས་སོ། །དེ་ནི་དེ་ལགས་ཏེ། སྤྲོས་པ་འགོག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་སློང་གིས་ལུས་རྣམ་པ་གསུམ་ལ། རྣམ་པ་གཉིས་མཆིས་སོ་ཞེས་ཁྱོད་གསུང་སྟེ། ཡིད་བདེ་བའི་ལུས་དང་། ཡིད་མི་བདེ་བའི་ལུས་དང་། བཏང་སྙོམས་ཀྱི་ལུས་སོ། །བཙུན་པ་ཡིད་བདེ་བའི་ལུས་ཀྱང་བསྟེན་པར་བགྱི་བ་དང་། བསྟེན་པར་བགྱི་བ་མ་ལགས་པ་རྣམ་པ་གཉིས་མཆིས་སོ་ཞེས་ཁྱོད་གསུང་སྟེ། དེ་ལ་ཡིད་བདེ་བའི་ལུས་བསྒྲུབས་ཏེ། །གནས་པར་བགྱི་བའི་འོས་མ་ལགས་པར་ཤེས་པ་གང་ལགས་པ་དེ་ནི། མངོན་དུ་ངེས་པར་སྤང་བ་ལགས་སོ་ཞེས་ཁྱོད་གསུང་། དེ་ལ་ཡིད་བདེ་བའི་ལུས་བསྒྲུབས་ཏེ། གནས་པར་བགྱི་བའི་འོས་ལགས་པར་ཤེས་པ་གང་ལགས་པ་དེ་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་ལུང་བསྟན་པའི་དུས་མཁྱེན་ནས། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ་ཞེས་ཁྱོད་གསུང་། །ཡིད་མི་བདེ་བའི་ལུས་དང་། བཏང་སྙོམས་ཀྱི་ལུས་ཀྱང་བསྟེན་པར་བགྱི་བ་དང་། བསྟེན་པར་བགྱི་བ་མ་ལགས་པ་རྣམ་པ་གཉིས་མཆིས་སོ་ཞེས་ཁྱོད་གསུང་སྟེ། དེ་ལ་ཡིད་མི་བདེ་བའི་ལུས་དང་། བཏང་སྙོམས་ཀྱི་ལུས་བསྒྲུབས་


DKG074_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གནས་པར་བགྱི་བའི་འོས་མ་ལགས་པར་ཤེས་པ་གང་ལགས་པ་དེ་ནི། མངོན་དུ་ངེས་པར་སྤང་བར་བགྱི་བ་ལགས་སོ་ཞེས་ཁྱོད་གསུང་། དེ་ལ་ཡིད་མི་བདེ་བའི་ལུས་དང་། བཏང་སྙོམས་ཀྱི་ལུས་བསྒྲུབས་ཏེ། གནས་པར་བགྱི་བའི་འོས་ལགས་པར་ཤེས་པ་གང་ལགས་པ་དེ་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་ལུང་བསྟན་པའི་དུས་མཁྱེན་ནས། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ་ཞེས་ཁྱོད་གསུང་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ཏེ། ཡིད་བདེ་བའི་ལུས་ཅི་ལྟ་བུ་དག་བསྟེན་ན། དེ་མི་དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་ལ། དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དེ་ལྟ་བུའི་ཡིད་བདེ་བའི་ལུས་ནི་བསྟེན་པར་མི་བྱའོ་ཞེས་ཁྱོད་གསུང་། ཡིད་བདེ་བའི་ལུས་ཅི་ལྟ་བུ་དག་བསྟེན་ན། དེ་མི་དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་བ་དེ་ལྟ་བུའི་ཡིད་བདེ་བའི་ལས་ནི་བསྟེན་པར་བྱའོ་ཞེས་ཁྱོད་གསུང་། ཡིད་མི་བདེ་བའི་ལུས་དང་། བཏང་སྙོམས་ཀྱི་ལུས་ཅི་ལྟ་བུ་དག་བསྟེན་ན། དེའི་མི་དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་ལ། དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ། དེ་ལྟ་བུའི་ཡིད་མི་བདེ་བའི་ལུས་དང་། བཏང་སྙོམས་ཀྱི་ལུས་ནི་བསྟེན་པར་མི་བྱའོ་ཞེས་ཁྱོད་གསུང་། ཡིད་མི་བདེ་བའི་ལུས་དང་། བཏང་སྙོམས་ཀྱི་ལུས་ཅི་ལྟ་བུ་དག་བསྟེན་ན། དེས་མི་དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་བ་དེ་ལྟ་བུའི་ཡིད་མི་བདེ་བའི་ལུས་དང་། བཏང་སྙོམས་ཀྱི་ལུས་ནི་བསྟེན་པར་བྱའོ་ཞེས་ཁྱོད་གསུང་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས། སོམ་ཉི་ལས་བརྒལ་ཏེ། ཐེ་ཙོམ་དང་བྲལ་ལགས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་བཞི་པ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་


DKG074_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ་སེམས་ཅན་ཐམས་ཅད་འདོད་པ་གཅིག་པ་དང་། འདུན་པ་གཅིག་པ་དང་། དད་པ་གཅིག་པ་དང་། བསམ་པ་གཅིག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་སེམས་ཅན་ཐམས་ཅད་ནི་འདོད་པ་གཅིག་པ་དང་། འདུན་པ་གཅིག་པ་དང་། དད་པ་གཅིག་པ་དང་། བསམ་པ་གཅིག་པ་མ་ཡིན་ནོ། །ཀོའུ་ཤི་ཀ་འཇིག་རྟེན་འདི་དག་ནི་ཁམས་ཐ་དད་པ་ཡིན་གྱི། ཁམས་གཅིག་པ་མ་ཡིན་ཏེ། དེ་དག་ནི་ཁམས་གང་དང་གང་འཛིན་པ་དེ་དང་དེ་ནན་གྱིས་མཆོག་ཏུ་འཛིན་ཅིང་། མངོན་པར་ཞེན་ནས་རྗེས་སུ་སྤྱོད་པར་བྱེད་དེ། འདི་ནི་བདེན་གྱི་གཞན་ནི་གཏི་མུག་པའོ་སྙམ་དུ་སེམས་སོ། །ཀོའུ་ཤི་ཀ་གལ་ཏེ་འཇིག་རྟེན་འདི་དག་ཁམས་ཐ་དད་པ་དང་། ཁམས་དུ་མ་པ་ཡིན་དུ་ཟིན་ན་ནི། སེམས་ཅན་འདི་དག་ཁམས་གང་དང་གང་འཛིན་པ་དེ་དང་དེ་ནན་གྱིས་མཆོག་ཏུ་འཛིན་ཅིང་། མངོན་པར་ཞེན་ནས། རྗེས་སུ་སྤྱོད་པར་བྱེད་དེ། འདི་ནི་བདེན་གྱི་གཞན་ནི་གཏི་མུག་པའོ་སྙམ་དུ་མི་སེམས་པ་ཞིག་ན་གང་གི་ཕྱིར་འཇིག་རྟེན་འདི་དག་ཁམས་ཐ་དད་པ་དང་། ཁམས་དུ་མ་པ་ཡིན་ཏེ། དེའི་ཕྱིར་སེམས་ཅན་འདི་དག་ཁམས་གང་དང་གང་འཛིན་པ་དེ་དང་དེ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས། རྗེས་སུ་སྤྱོད་པར་བྱེད་དོ། །འདི་ནི་བདེན་གྱི་གཞན་ནི་གཏི་མུག་པའོ་སྙམ་དུ་སེམས་སོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་དེ་ནི་དེ་ལགས་སོ། །དེ་ནི་དེ་ལགས་ཏེ། སེམས་ཅན་ཐམས་ཅད་ནི་འདོད་པ་གཅིག་པ་དང་། འདུན་པ་གཅིག་པ་དང་། དད་པ་གཅིག་པ་དང་། བསམ་པ་གཅིག་པ་མ་ལགས་ཏེ། བཙུན་པ་འཇིག་རྟེན་འདི་དག་ནི་ཁམས་ཐ་དད་པ་དང་། ཁམས་དུ་མ་པ་ལགས་ཏེ། དེ་དག་ཁམས་གང་དང་གང་འཛིན་པ་དེ་དང་དེ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས། རྗེས་སུ་སྤྱོད་པར་བགྱིད་དོ། །འདི་ནི་བདེན་གྱི་གཞན་ནི་གཏི་མུག་པའོ་སྙམ་དུ་སེམས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས། སོམ་ཉི་ལས་བརྒལ་ཏེ། ཐེ་ཙོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་


DKG074_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ་ཅི་ལགས། དགེ་སྦྱོང་དང་བྲམ་ཟེ་ཐམས་ཅད་གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། གཏན་དུ་དྲི་མ་དང་བྲལ་བ་དང་། གཏན་དུ་ཚངས་པར་སྤྱོད་པའི་མཐར་ཕྱིན་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་དགེ་སྦྱོང་དང་བྲམ་ཟེ་ཐམས་ཅད་གཡུང་དྲུང་གི་མཐར་ཐུག་པ་དང་། གཏན་དུ་དྲི་མ་དང་བྲལ་བ་དང་། གཏན་དུ་ཚངས་པར་སྤྱོད་པའི་མཐར་ཕྱིན་པ་མ་ཡིན་གྱིས། དགེ་སྦྱོང་ངམ། བྲམ་ཟེ་སུ་ཡང་རུང་སྟེ། བླ་ན་མེད་པའི་རྣམ་པར་གྲོལ་བ་ལ་སྲིད་པ་ཡང་དག་པར་ཟད་ཅིང་། ཡང་དག་པར་སེམས་ཤིན་ཏུ་རྣམ་པར་གྲོལ་བར་གྱུར་པ་དེ་དག་ནི་གཡུང་དྲུང་གི་མཐར་ཐུག་པ་དང་། གཏན་དུ་དྲི་མ་དང་བྲལ་བ་དང་། གཏན་དུ་ཚངས་པར་སྤྱོད་པའི་མཐར་ཕྱིན་པ་ཡིན་ནོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་དེ་ནི་དེ་ལགས་སོ། །དེ་ནི་དེ་ལགས་ཏེ། དགེ་སྦྱོང་དང་། བྲམ་ཟེ་ཐམས་ཅད་གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། གཏན་དུ་དྲི་མ་དང་བྲལ་བ་དང་། གཏན་དུ་ཚངས་པར་སྤྱོད་པའི་མཐར་ཐུག་པ་མ་ལགས་ཏེ། དགེ་སྦྱོང་ངམ། བྲམ་ཟེ་གང་ཡང་རུང་སྟེ། བླ་ན་མེད་པའི་རྣམ་པར་གྲོལ་བར་གྱུར་པ་ལས། སྲིད་པ་ཡང་དག་པར་ཟད་ཅིང་། ཡང་དག་པར་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དེ་དག་ནི། གཡུང་དྲུང་གི་མཐར་ཐུག་པ་དང་། གཏན་དུ་དྲི་མ་དང་བྲལ་བ་དང་། གཏན་དུ་ཚངས་པར་སྤྱོད་པའི་མཐར་ཕྱིན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ཤིང་། ཆོས་བདག་གིས་རྟོགས་ནས། སོམ་ཉི་ལས་བརྒལ་ཏེ། ཐེ་ཙོམ་དང་བྲལ་ཞིང་ཟུག་རྔུ་ཕྱུང་ནས། ཡོངས་སུ་ཡི་ཆད་པ་མ་མཆིས་པའི་སླད་དུ། བདག་གིས་བདག་གང་ལགས་སྙམ་དུ་བདག་གི་ཡིད་ལ་ཕྱིར་སྐྱེ་བར་མི་འགྱུར་ལགས་སོ། །བཙུན་པ་ཞུ་བ་ལུང་བསྟན་པ་ཁྱད་པར་རྟོགས་པ་གང་དག་བདག་གིས་མ་ཐོབ་པ་ལས། ད་ནི་བདག་གིས་ཡུན་རིང་པོ་ཞིག་


DKG074_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ན། བཅོམ་ལྡན་འདས་ལ་བརྟེན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་ནས། སོམ་ཉི་དང་ཡིད་གཉིས་ཀྱི་ཟུག་རྔུ་རྩ་བ་ནས་བཏོན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་སྔོན་ཅད་དགེ་སྦྱོང་དང་། བྲམ་ཟེ་གཞན་དག་ལ་ཡང་དྲི་བ་འདི་ལྟ་བུ་དྲིས་པ་དྲན་ནམ། ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་གློ་བ་ལ་དྲན་པ་ལགས་ཏེ། དུས་གཅིག་ཅིག་ན་སུམ་ཅུ་རྩ་གསུམ་པའི་ལྷའི་འདུན་ས་ཆོས་བཟང་དུ་ལྷ་རྣམས་འདུས་ཤིང་འཁོད་པར་གྱུར་ཏེ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚོལ་ཞིང་མཆིས་པ་ལས། དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་རྙེད་ནས། སྟན་ལས་ལངས་ཏེ། སོ་སོར་གྱེས་པ་དེ་དག་གི་ནང་ནས། ལྷ་ཆེ་བར་གྲགས་སོ་འཚལ་གནས་ནས་ཤི་འཕོས་ཤིང་མི་སྣང་བར་གྱུར་ནས། བཙུན་པ་ལྷ་ཆེ་བར་གྲགས་སོ་འཚལ་གནས་ནས་ཤི་འཕོས་པས་བདག་ཀྱང་སྐྲག་ཅིང་བག་ཚ་བར་གྱུར་ཏེ། བདག་ཀྱང་གནས་འདི་ནས་ཤི་འཕོས་པར་མི་འགྱུར་གྲང་སྙམ་ནས། བདག་དགེ་སྦྱོང་དང་། བྲམ་ཟེ་གཅིག་པུ་དབེན་པར་གནས་པས་གནས་ཤིང་མཆིས་པ། གང་དང་གང་མཐོང་བ་དེ་དང་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལགས་སྙམ་ནས། དེ་དག་གི་ཐད་དུ་མཆིས་ན། དེ་དག་གིས་བདག་ལ་ཁྱོད་སུ་ཡིན་ཞེས་འདྲི་བར་བགྱིད་དེ། བདག་གིས་དེ་དག་ལ་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་ཡིན་ནོ་ཞེས་བགྱིས་ནས། དེ་དག་དགའ་ཞིང་མགུ་སྟེ། ཀྱེ་མ་བདག་གིས་བརྒྱ་བྱིན་མཐོང་ངོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བགྱིད་དེ། དེ་དག་བདག་ལ་འདྲི་བར་བགྱིད་ཀྱིས། དེ་དག་ལ་བདག་འདྲི་བར་མི་བགྱིད་ལགས་སོ། །དེ་དག་བདག་ལ་སྐྱབས་སུ་མཆི་བར་བགྱིད་ཀྱིས། བདག་དེ་དག་ལ་སྐྱབས་སུ་མཆི་བར་མི་བགྱིད་ལགས་སོ། །ད་སླན་ཅད་བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་ཏེ། བཅོམ་ལྡན་འདས་ལ་སྐྱབས་སུ་མཆིས་ལགས་སོ། །རྟོགས་པ་ལ་ནི་མཐའ་མ་མཆིས། །བདག་


DKG074_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐེ་ཙོམ་ནེམ་ནུར་མཆིས། །དེ་བཞིན་གཤེགས་པ་ཚོལ་བའི་ཕྱིར། །རིང་པོ་ཞིག་ཏུ་འཁྱམ་འཁྱམ་སྟེ། །ལོང་བ་བདག་ནི་རྫོགས་སངས་རྒྱས། །བསྙེན་བཀུར་བགྱིད་དུ་མཆིས་མཆི་ན། །བདག་གིས་ཇི་ལྟར་མཉེས་པའི་ཐབས། །དེ་དག་ལ་ནི་དྲིས་པ་ལས། །ལམ་དང་དེ་བཞིན་བསྒྲུབ་པ་ཡང་། །དེ་དག་ཡང་གི་གཏམ་མ་འཚལ། །བདག་ནི་ཅུང་ཟད་ཅི་འདོད་པ། །རྟོག་པར་གྱུར་དང་དཔྱད་པ་དང་། །ཡིད་ཀྱི་འགྲོ་དང་འོང་བ་ཡིས། །སེམས་ནི་ཐུགས་ཀྱིས་ཐུགས་སུ་ཆུད། །ཡིད་ཀྱང་ཡིད་ཀྱིས་རིག་གྱུར་ནས། །དེ་དག་ཐམས་ཅད་དེ་རིང་དུ། །བཅོམ་ལྡན་འདས་ནི་དགྲ་བཅོམ་གྱིས། །བསྒྲགས་ཤིང་ལུང་ཡང་བསྟན་པར་གྱུར། །ཁྱོད་ནི་སངས་རྒྱས་སྟོན་པ་ཁྱོད། །རྒྱལ་བ་ཁྱོད་ཀྱིས་བདུད་ཀྱང་བཏུལ། །ཁྱོད་ཀྱིས་བག་ཉལ་བཅད་ནས་ཀྱང་། །རྒལ་ནས་སྐྱེ་དགུ་སྒྲོལ་བར་མཛད། །འཇིག་རྟེན་དུ་ནི་ཁྱོད་སངས་རྒྱས། །ཁྱོད་ལས་ལྷག་པ་ཡང་མ་མཆིས། །ལྷ་དང་བཅས་པའི་འཇིག་རྟེན་ན། །གང་ཟག་ཁྱོད་ཀྱི་ཟླ་མ་མཆིས། །དཔའ་བོ་ཆེན་པོ་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །སྲིད་པའི་ཟུག་རྔུ་འབྱིན་པ་སྟེ། །ཉི་མའི་རིགས་སྐྱེས་ཁྱོད་ལ་འདུད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ཁྱོད་ཀྱིས་སྔོན་ཆད་བདེན་པ་ཐོབ་པ་དང་། ཡིད་བདེ་བ་ཐོབ་པ་འདི་ལྟ་བུ་ཉམས་སུ་མྱོང་བར་དྲན་ནམ། བརྒྱ་བྱིན་གྱིས་གསོལ་པ། ཡིད་བདེ་བ་ཐོབ་པ་ནི་བདག་གིས་མྱོང་བར་དྲན་ལགས་སོ། །བདེན་པ་ཐོབ་པ་ནི་ཉམས་སུ་མྱོང་བ་མི་དྲན་ལགས་སོ། །བཙུན་པ་ལན་གཅིག་ཅིག་ན། ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་ན། ལྷ་རྣམས་ནི་རྒྱལ། ལྷ་མ་ཡིན་རྣམས་ནི་ཕམ་ནས། བདག་གིས་འདི་སྙམ་དུ་སེམས་ཏེ། ད་ནི་བདག་ལྷའི་གྲོང་ཁྱེར་དུ་མཆིས་ལ། ལྷའི་ལོངས་སྤྱོད་གང་ལགས་པ་དང་། ལྷ་མ་ཡིན་གྱི་ལོངས་སྤྱོད་གང་ལགས་པ་དེ་དག་ལྷན་ཅིག་ཏུ་ཚོགས་པ་དགའ་བཞིན་དུ་ལོངས་སྤྱོད་པར་བགྱིའོ། །སྙམ་པ་དེ་ནི་ཡིད་བདེ་བ་ཐོབ་པ་ལགས་ཏེ། །དེ་ནི་ཡུན་རིང་པོར་འཐབ་མོའི་མཐའ་ཅན་ལགས། མཚང་འདྲུ་བའི་མཐའ་ཅན་ལགས། འགྱེད་པའི་མཐའ་ཅན་ལགས། རྩོད་པའི་མཐའ་ཅན་ལགས་སོ། །བཙུན་


DKG074_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདག་གིས་ཡིད་བདེ་བ་ཐོབ་པ་དང་། བདེན་པ་མཐོང་བ་འདི་ནི་ཡུན་རིང་པོར་འཐབ་མོ་མ་མཆིས་པའི་མཐའ་ཅན་ལགས། མཚང་འདྲུ་བ་མ་མཆིས་པའི་མཐའ་ཅན་ལགས། འགྱེད་པ་མ་མཆིས་པའི་མཐའ་ཅན་ལགས། རྩོད་པ་མ་མཆིས་པའི་མཐའ་ཅན་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ཆོས་ཀྱི་རྗེས་སུ་འགྲོ་བའི་བཀའ་དྲིན་སྩལ་བ་གང་ལགས་པ་དེ་ལ་བདག་འདི་སྙམ་བགྱིད་དེ། བདག་གནས་འདི་ནས་ཤི་འཕོས་ནས་མི་རྣམས་དང་སྐལ་བ་མཉམ་པར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་དང་། རྫས་དང་ཡོ་བྱད་མང་བ་དང་། བདོག་པ་མང་བ་དང་། ནོར་དང་། འབྲུ་དང་། གསེར་དང་། དངུལ་དང་། མཛོད་དང་། བང་བའི་ཚོགས་མང་བའི་རིགས་གང་ལགས་པ་དང་། མཛའ་བོ་དང་། གྲོགས་པོ་དང་། ཕུ་ནུ་དང་། ཉེ་དུ་མང་བ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ་དེ་ལྟ་བུའི་ཁྱིམ་དུ་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག །དེ་ནས་བདག་མཐར་གྱིས་སྐྱེས་ཏེ། དབང་པོ་རྣམས་སྨིན་ནས། སྦྱིན་བདག་བྱིན་ཞིང་བསོད་ནམས་དག་བགྱིད་ནས། སྐྲ་དང་ཁ་སྤུ་དྲེགས་ཏེ། ཆོས་གོས་ཚོན་ཅན་བགོས་ནས་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། བཙུན་པ་བདག་འོས་པར་གནས་ཤིང་། གལ་ཏེ་བཀའ་ལུང་ཐོབ་ན་བཀའ་ལུང་བཞིན་བགྱིད་པར་གྱུར་ཅིག །དེ་ལྟར་བདག་འོས་པར་གནས་ན། སྡུག་བསྔལ་གྱི་མཐར་ཐུག་པ་ནི་དེ་ལགས་སོ་སྙམ་བགྱིད་དོ། །གལ་ཏེ་བཀའ་ལུང་མ་ཐོབ་ན་ནི་དེ་ལྟར་ན་བདག་གཟུགས་མཆིས་པའི་ལྷའི་ལུས་སྐྱེས་པ། དབང་པོ་མ་ཉམས་ཤིང་དབང་པོ་ཚང་བ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། མདོག་བཟང་བ། རང་ལ་འོད་མཆིས་པ། ནམ་མཁའ་ལ་འགྲོ་བ། དགའ་བའི་ཟས་ཟ་བ། དགའ་བའི་ཟས་དང་ལྡན་པ། ཚེ་རིང་བ་ཡུན་རིང་དུ་གནས་པ་དེར། བདག་འགྲན་ཟླ་མ་མཆིས་པར་སྐྱེ་བར་ཤོག་ཤིག་སྙམ་བགྱིད་དོ། །ལྷ་ལུས་འདི་ལས་ཤི་འཕོས་ཤིང་། །མི་མ་ཡིན་པའི་ཚེ་སྤངས་ནས། །རྨོངས་པ་མེད་པར་མངལ་དུ་འཇུག།བདག་གི་ཡིད་ནི་སྡོམ་ལ་དགའ། །མན་ངག་གིས་ནི་ཕོངས་མི་འགྱུར། །བསྟན་པའི་ལམ་ལ་རྟེན་


DKG074_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཤིང་། །ཚངས་པར་སྤྱོད་ལ་གཞོལ་བགྱིས་ནས། །བསོད་སྙོམས་རྒྱུ་བ་སྤྱད་པར་བགྱི། །བདག་ནི་འོས་པར་གནས་ནས་ཀྱང་། །གལ་ཏེ་བཀའ་ལུང་ཐོབ་གྱུར་ན། །བཀའ་ལུང་སྩལ་བ་བཞིན་དུ་བགྱི། །དེ་ཉིད་བདག་གི་སྡུག་བསྔལ་མཐའ། །གལ་ཏེ་དེ་ལྟར་མ་གྱུར་ནས། །ཚེ་ཡི་མཐའ་ནི་ཟད་པའི་ཚེ། །འོག་མིན་ལྷ་ནི་གང་ཡིན་པ། །དེ་དག་ཏུ་ནི་སྐྱེ་བར་ཤོག།བཅོམ་ལྡན་འདས་བདག་ནི་རྒྱུན་དུ་ཞུགས་པ་ལགས་སོ། །བདེ་བར་གཤེགས་པ་བདག་ནི་རྒྱུན་དུ་ཞུགས་པ་ལགས་སོ། །ལན་ཅིག་ཕྱིར་འོང་བར་འགྱུར་བའི་རེ་བ་ཡང་བདག་ལ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ལེགས་སོ་ལེགས་སོ། །དེའི་སྐལ་བ་ཁྱོད་ལ་ཡོད་དེ། དེ་ཡང་བག་ཡོད་པས་འཐོབ་བོ། །བརྒྱ་བྱིན་གྱིས་གསོལ་པ། གང་གིས་བདག་ནི་ཞི་འགྱུར་ལ། །རྒྱུན་དུ་ཞུགས་པར་ངེས་འབྱུང་བ། །བཅོམ་ལྡན་ཁྱོད་ལས་གཞན་ལ་མེད། །ཁྱོད་ཀྱི་བསྟན་ལས་གཞན་ལ་མེད། །ཁྱད་པར་རྒྱ་ཆེན་དང་པོའི་གཞི། །གཞན་དག་ལྟ་ལ་ག་ལ་མཆིས། །ཁྱད་པར་ཐོབ་པ་ཅི་འདྲ་བ། །སྔོན་ཆད་གཞན་ལས་ཡོང་མ་ཐོབ། །བཙུན་པ་བདག་ནི་འདི་ཉིད་ན། །མཆིས་ཤིང་ལྷ་ལུས་བགྱིད་བཞིན་དུ། །བདག་གིས་ཚེ་རིང་ཐོབ་ལགས་ཀྱིས། །བློ་ལྡན་དེ་ལྟར་གཟུང་དུ་གསོལ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ། དེས་བདེན་པ་མཐོང་ནས། སྟན་དེ་ཁོ་ན་ལས་ཤི་འཕོས་ནས། སྟན་དེ་ཁོ་ན་ཉིད་ལ་ཕྱིར་སྐྱེས་སོ། །དེ་ལྟར་དེ་ཤི་འཕོས་པ་དང་། སྐྱེས་པ་ནི་མིག་མི་འཛུམས་པ་དང་། མི་སྣང་བར་གྱུར་པ་དང་། ལུས་ཀྱི་རེག་པའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་ཏོ། །ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་ཀྱིས་ཀྱང་རྟོགས་སོ། །དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་སྨྲས་པ། ཀོའུ་ཤི་ཀ་ཁྱོད་ཤི་འཕོས་ནས། སྐྱེས་ལགས་སམ། བརྒྱ་བྱིན་གྱིས་སྨྲས་པ། བདེ་སོགས་ང་ཤི་འཕོས་ནས་ཕྱིར་སྐྱེས་ཏེ། འདི་ན་འདུག་བཞིན་དུ་


DKG074_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བདག་གི་ཚེ་ཐོབ་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བདེན་པ་མཐོང་ནས་དགའ་ཞིང་མགུ་ལ་རབ་ཏུ་དགའ་ཞིང་ཡི་རངས་ཏེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་འཕགས་ལགས་སོ། །འཕགས་པ་ལགས་སོ། །དེང་སླན་ཅད་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་ལགས་པ་དང་། ཁོང་ནས་དགའ་སྟེ་སྐྱབས་སུ་མཆིས་ལགས་པར་གཟུང་དུ་གསོལ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་བུ་གཙུག་ཕུད་ལྔ་པ་ལ་སྨྲས་པ། བུ་ཁྱོད་ནི་བདག་ལ་ཕན་པ་དང་བདེ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་འགྲོ་བར་ཐོག་མ་ཁྱོད་ཀྱིས་བསྐུལ་ཏོ། །བུ་ཟུར་ཕུད་ལྔ་པ་བདག་ཅག་འདི་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་ཡུལ་དུ་དོང་ནས། ཁྱོད་ཀྱིས་སྔོན་ཡུན་རིང་པོ་ནས་འདོད་ཅིང་སྨོན་པ་གང་ཡིན་པའི་དྲི་ཟའི་རྒྱལ་པོ་དུམ་བུ་རུའི་བུ་མོ་བཟང་མོ་ཞེས་བྱ་བ་འོད་བཟངས་དེ། ཁྱོད་ཀྱི་ཆུང་མར་སྦྱིན་ནོ། །དྲི་ཟ་རྣམས་ཀྱི་དབང་པོ་ཁྱོད་ཀྱི་ཕའི་རྒྱལ་སར་ཡང་གཞུག་གོ །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་བདག་གིས་སྔོན་ཅད་མི་མཇེད་ཀྱི་བདག་པོ་ཚངས་པ་ལ། དུས་གསུམ་དུ་ཚངས་པ་ལ་འོས་པའི་འདུད་པ་བྱེད་པ་གང་ཡིན་པ་དེ་ནི། བདག་གིས་ད་ཕྱིན་ཅད་བཅོམ་ལྡན་འདས་འདི་ཉིད་ལ་ཚངས་པ་ལ་འོས་པའི་འདུད་པས་འདུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་འདི་ཉིད་ཚངས་པ་ཡིན། ཚངས་པར་གྱུར་པ་ཡིན། ཞི་བ་ཡིན། ཞི་བར་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་གཞན་རྣམས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། མདུན་གྱིས་ཕྱོགས་ཤིང་ཕྱིར་ནུར་ནས། བཅོམ་ལྡན་འདས་ལ་འདུད་བཞིན་དུ། ལྷའི་དབང་པོ་བརྒྱ་བྱིན་གྱིས་མིག་ལམ་དུ་མི་སྣང་བར་གྱུར་པའི་ས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།


DKG074_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཕྱག་འཚལ་ལོ་ཞེས་སྨྲས་ནས། ལྷའི་དབང་པོ་བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ལ། འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ལྷ་བརྒྱད་ཁྲི་བོ་འདི་རྣམས་ཀྱིས་ཀྱང་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བརྒྱ་བྱིན་འདི་ཁོ་ན་ལས་བརྟེན་ནས། འདི་རྣམས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ་འདི་རྣམས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེས་གང་གི་ཚེ་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས། །རྒྱལ་པོའི་ཕོ་བྲང་མཛེས་ལྡན་དུ་གཤེགས་པ་དེའི་ཚེ། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་ཕྱིར་རྒྱལ་པོ་མཛེས་པས། གཙུག་ལག་ཁང་ལྔ་བརྒྱ་བརྩིགས་ཏེ། གནས་ཁང་དྲུག་སྟོང་བྱས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ཏེ། གཙུག་ལག་ཁང་དེ་དག་ཏུ་ཡོ་བྱད་ཐམས་ཅད་སྦྱར་ནས། འཁོར་བརྒྱད་ཁྲི་དང་བཅས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ། མཆོད་པའི་ལས་ལ་བརྩོན་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་


DKG074_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་འཇིག་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། རྒྱལ་པོ་མཛེས་པས་དེའི་སྐུ་གདུང་ལ་མཆོད་པ་བྱས་ནས། སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས། མཆོད་རྟེན་དེ་ལ་མཆོད་པ་ཆེན་པོ་བྱས་ཏེ། སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས། བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་གལ་ཏེ། ལྷར་སྐྱེ་བར་གྱུར་ན་ནི། ལྷ་ཆེ་བར་གྲགས་པ། ལྷ་རྣམས་ཀྱི་མངའ་བདག་ཏུ་གྱུར་ཅིག །གལ་ཏེ་མིར་སྐྱེ་བར་གྱུར་ན་ནི་མི་ཆེ་བར་གྲགས་པ་མི་རྣམས་ཀྱི་ནང་ནས་རྒྱལ་སྲིད་ཀྱི་མངའ་བདག་ཏུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོས་སྨོན་ལམ་འདེབས་པ་ཞམ་རིང་བ་རྣམས་ཀྱིས་མཐོང་ནས་དྲིས་པ། ལྷས་སྨོན་ལམ་ཅི་ཞིག་བཏབ་ལགས། དེ་ནས་དེས་དེ་དག་ལ་རྒྱས་པར་བསྙད་ནས། དེ་ཐོས་མ་ཐག་ཏུ་དེ་དག་གིས་ཀྱང་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས། སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན། བདག་ཅག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་། ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཤིག་རྒྱལ་པོ་འདི་ཁོ་ན་ལ་བརྟེན་ནས། བདག་ཅག་གིས་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་མཛེས་པར་གྱུར་པ་གང་ཡིན་པ་དེ་ནི། ལྷའི་དབང་པོ་བརྒྱ་བྱིན་འདི་ཁོ་ན་ཡིན་ཏེ། དེས་དེར་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བསྙེན་བཀུར་བྱས་ནས། སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས། ཆེད་འགའ་ལྷར་སྐྱེས་པའི་ཚེ་ནི་ལྷ་ཆེ་བར་གྲགས་པར་གྱུར་ཏེ། ལྷ་རྣམས་ཀྱི་མངའ་བདག་བྱས་སོ། །ཆེད་འགའ་མིར་སྐྱེས་པའི་ཚེ་ནི། མི་ཆེ་བར་གྲགས་པར་གྱུར་ནས། མི་རྣམས་ཀྱི་རྒྱལ་སྲིད་ཀྱི་མངའ་བདག་བྱས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་


DKG074_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་སོ། །དེའི་ཚེ་ཞམ་རིང་བ་བརྒྱད་ཁྲིར་གྱུར་པ་གང་ཡིན་པ་དེ་དག་ནི། ལྷ་བརྒྱད་ཁྲི་བོ་འདི་དག་ཁོ་ན་ཡིན་ཏེ། དེ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བསྙེན་བཀུར་བྱས་ནས། སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། བརྒྱ་བྱིན་འདི་ཁོ་ན་ལ་བརྟེན་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་སོ།། །།རྒྱལ་པོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན། བྲམ་ཟེ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས། ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་ན་བུ་བཙས་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་། སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་ཐལ་བ་བླང་བ་དང་། རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་། བླང་བ་དང་། ཁ་ཏོན་བྱ་བ་དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས། ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤིའོ། །དེ་གཉིས་ཤི་ནས་ཁྱེའུ་དེས་བསམས་པ། བྲམ་ཟེ་རྣམས་ཀྱི་ལུགས་ཀྱིས་ན། ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས། དེའི་འོག་ཏུ་ཆུང་མ་ལེན་པར་བྱེད་ཀྱིས། བདག་གིས་ཀྱང་ལོ་བཞི་བཅུ་རྩ་བརྒྱད་ཚངས་པར་སྤྱོད་པ་སྤྱད་པར་བྱའོ་སྙམ་ནས། དེས་ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་ཆུང་མ་བླངས་ཏེ། དེའི་ཆུང་མ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། གཡེམ་


DKG074_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྐྱེས་པ་འདོད་པ་ཞིག་སྟེ། དེ་ཁྱིམ་ཐབ་རྒན་པོ་དང་ལྷན་ཅིག་འདུག་པས་སྙིང་མི་ཚིམ་ནས། དེས་སྐྱེས་པ་གཞན་བཙལ་ཏོ། །དེ་ནས་ཕྱི་ཞིག་ན་དེའི་བློ་སྐྱེས་པ། བདག་གིས་ཁྱིམ་ཐབ་འདི་ཇི་སྲིད་འདི་ན་འདུག་པའི་བར་དུ་ནི། བདག་སྐྱེས་པ་གཞན་དང་ལྷན་ཅིག་ཉལ་བའི་སྐབས་མེད་ཀྱིས། བདག་གིས་འདི་ཡུལ་གཞན་དུ་གཏང་བར་བྱའོ་སྙམ་ནས། བྲམ་ཟེ་དེ་ལ་སྨྲས་པ། ཇི་ལྟར་ཇོ་བོའི་ཁྱིམ་ན་ཇི་ཡང་མི་བདོག་ན། ཁྱོད་ཀྱིས་བདག་བླངས་ཏེ་ཅི་བགྱི། བདག་ཕ་མའི་ཁྱིམ་དུ་སླར་མཆིའོ། །འོན་ཀྱང་བདག་གིས་འཚལ་མ་བདེ་བླག་ཏུ་འཚལ་དུ་མཆིས་སོ། །བྲམ་ཟེས་སྨྲས་པ། བཟང་མོ་མི་དགའ་བར་མ་བྱེད་ཅིག །བདག་ཅག་བྲམ་ཟེ་རྣམས་ལ་སློང་མོས་འཚོ་བ་ཡང་ཡོད་ཀྱིས། བདག་ཡུལ་གཞན་དུ་སོང་ལ་ནོར་བཙལ་ཏེ། ཕྱིར་འོང་ངོ་ཞེས་བྱས་ནས། ཆུང་མ་ལ་བརྒྱགས་ཕོགས་ཏེ་སོང་ངོ་། །དེ་སོང་ནས་ཀར་ཥ་པ་ནི་མང་པོ་ཞིག་རྙེད་ནས་དེ་དག་ཁྱེར་ཏེ། མཉན་དུ་ཡོད་པར་ཆས་པ་ལས། དེ་ལམ་དུ་མི་རྒོད་ཀྱིས་བཅོམ་ནས་དེ་ཤིན་ཏུ་སྡུག་བསྔལ་བར་གྱུར་ཏེ། གལ་ཏེ་བདག་ཁྱིམ་དུ་སོང་ན་ནི་བྲམ་ཟེ་མོ་དང་འཐབ་མོ་ཆེན་པོ་འབྱུང་བར་འགྱུར་གྱིས། བདག་གིས་འཚོ་བ་འདི་ལྟ་བུ་བཏང་ལ། ནགས་ཁུང་ཐིབས་པོར་སོང་སྟེ། བདག་འཆི་བར་བྱའོ་སྙམ་ནས། དེ་ནགས་ཁུང་ཐིབས་པོར་སོང་སྟེ། ཤིང་ཀ་ནས་ཐག་པས་བཏགས་ནས། འགག་པར་བྱས་པ་ལས། དེའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་དགོངས་པ། བྲམ་ཟེ་འདི་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་བ་ཞིག་ན། འདི་ལྟ་བུའི་གཟུ་ལུམས་བྱེད་ཅིང་འདུག་གོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། ནགས་ཁུང་ཐིབས་པོ་དེར་གཤེགས་ནས། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ་གཟུ་ལུམས་མ་བྱེད་ཅིག །ངས་ཁྱོད་ལ་ནོར་སྦྱིན་ནོ་ཞེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་དེ་ལ་གཏེར་བསྟན་ཏེ། བྲམ་ཟེ་ཁྱོད་ཀྱི་ནོར་འདི་ཡིན་གྱི་སྲོག་ཕངས་པ་མ་དོར་ཅིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་སླར་


DKG074_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་བྲམ་ཟེ་དེས་ནོར་དེ་དག་ཁྱེར་ཏེ་རང་གི་ཁྱིམ་དུ་སོང་ནས། དེ་ཁྱིམ་གྱི་འབྱོར་པ་རྒྱས་པར་བྱས་ཏེ་བཞག་ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་དེའི་བློ་སྐྱེས་པ། དགེ་སྦྱོང་གཽ་ཏ་མ་ནི་བདག་ལ་ཕན་པ་དང་དབེན་པ་ཡིན་གྱིས། བདག་ཁྱིམ་ན་གནས་པ་བཏང་ལ། དེའི་ཐད་དུ་རབ་ཏུ་འབྱུང་བར་བྱའོ་སྙམ་སྟེ། ཁྱིམ་གྱི་འཁོར་བཏང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་བྲམ་ཟེ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བྲམ་ཟེ་འདི་དབུལ་བས་འཇིགས་ནས། བདག་ཉིད་འགུམ་པར་བགྱིད་པ་ལས་བཅོམ་ལྡན་འདས་ཀྱིས་ནོར་གྱི་ཕུང་པོ་ཆེན་པོ་དང་སྤྲད་དེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་


DKG074_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་བྲམ་ཟེ་འདི་དབུལ་བས་འཇིགས་ནས། བདག་ཉིད་འཆི་བར་བྱས་པ་ལས། ངས་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས། དགེ་བ་བཅུའི་ལས་ཀྱི་ལམ་ལ་ཅི་ལྟར་གནས་པར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་ར་ཎ་སཱི་ན་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་རྒྱལ་པོ་བྱེད་དེ་དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། ནད་དང་། མུ་གེ་མེད་པ་དང་། འབྲས་་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །རྒྱལ་པོ་དེ་ཡང་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་བྱམས་པ། སྦྱིན་པ་ལ་དགའ་བ་ཞིག་སྟེ། དེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དེ། དགེ་སྦྱོང་དང་། བྲམ་ཟེ་དང་། སྡུག་ཅིང་ཕོངས་པ་དང་བཀྲེན་པ་རྣམས་ལ་ཅི་དང་ཅི་འདོད་པ་སྦྱིན་པར་བྱེད་དོ། །བཟའ་བ་དང་བཅའ་བ་མང་པོ་དག་སྟ་གོན་བྱས་ཏེ། སྲོག་ཆགས་ནམ་མཁའ་ལ་གནས་པ་དང་། ཆུ་ན་གནས་པ་དང་། ཐང་ལ་གནས་པ་རྣམས་ལ་སྦྱིན་པར་བྱེད་དོ། །འཇིག་རྟེན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་བྱེད་དོ། །དེ་ནས་ཕྱིན་ཅད་བདག་གིས་སེམས་ཅན་རྣམས་ལ་ཐམས་ཅད་སྦྱིན་ནོ་ཞེས་དམ་བཅས་སོ། །དེ་ནས་ཆོས་བཞིན་དུ་རྒྱལ་པོ་བྱེད་པས། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཀྱང་དེ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་བརྩོན་པར་བྱེད་དེ། དེ་དག་གིས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་འབེབས་ཤིང་འབྲུ་རྣམས་རྒྱས་པར་བྱེད་དོ། །རྒྱལ་པོ་དེའི་འདབ་ཀྱི་ཉི་འོག་གི་རྒྱལ་པོ་ནི། ཆོས་མ་ཡིན་པས་རྒྱལ་པོ་བྱེད་དེ། ཤིང་སྒྲོག་དང་། རྐང་སྒྲིལ་དང་། ལག་སྒྲིལ་དང་། ཨན་པན་གདགས་པ་རྣམས་ཀྱིས། ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ལ་གནོད་པ་བྱེད་དེ། དེའི་མི་རྣམས་ནན་གྱིས་དཔྱ་བླ་སྐྱེས་རྒྱུད་མས་འཇིགས་ཏེ། རྒྱལ་པོ་


DKG074_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་སྡེའི་ཡུལ་དུ་དོང་སྟེ་འཁོད་དོ། །དེ་ནས་ཕྱི་ཞིག་ན་ཉི་འོག་གི་རྒྱལ་པོ་དེ་བློན་པོ་མང་པོས་ཞབས་འབྲིང་བྱས་ནས། ཡུལ་བལྟར་སོང་སོང་བ་ལས། དེས་བལྟས་ན་གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ནགས་ཁྲོད་ཀྱི་གྲོང་དང་། ཚོང་དུས་རྣམས་སྟོངས་པར་མཐོང་ནས། བློན་པོ་རྣམས་ལ་ཀྭའི་ཅིའི་ཕྱིར་ཡུལ་སྟོངས་པ་ལ་ཐུག་པར་གྱུར་ཅེས་དྲིས་ནས་བློན་པོ་རྣམས་ན་རེ། ལྷ་རྒྱལ་པོ་དབང་ཆེན་སྡེའི་ཡུལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་ལྡན་ལ། སྐྱེ་བོ་མང་པོ་དེ་དག་ཀྱང་དཔྱ་ཁྲལ་མ་མཆིས་པ་དང་འདྲ་བར་འཁོད་པས་ན། སྐྱེ་བོ་ཕལ་པོ་ཆེ་རྣམས་དེར་དོང་སྟེ་འཁོད་དོ་ཞེས་ཟེར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཉི་འོག་གི་རྒྱལ་པོ་དེ་ཁྲོས་ནས། དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ། རྒྱལ་པོ་དབང་ཆེན་སྡེ་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེ་ཉི་འོག་གི་རྒྱལ་པོ་དེ་ཁྲོས་ནས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ། བདག་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བློན་པོ་རྣམས་བསོགས་ཏེ་བསྒོ་བ། ཀྱེ་ངས་ནི་ཚེ་གཅིག་གི་འཚོ་བ་ཙམ་གྱི་ཕྱིར་སྡིག་པ་བྱེད་མི་ཕོད་ཀྱིས། གལ་ཏེ་ཁྱོད་ཡུལ་ཕུང་བར་འགྱུར་མི་འདོད་ན་ནི། ཉི་འོག་གི་རྒྱལ་པོ་དེ་ལ་ཕྱག་འཚོལ་ཅིག །ང་ནི་དེ་ལ་གནོད་པ་བྱེད་མི་ཕོད་དོ་ཞེས་བྱས་ནས། ཚིགས་སུ་བཅད་དེ་སྨྲས་པ། ནགས་ཀྱི་ནང་ན་ཤིང་ཤུན་ཤར་བུའི་གོས་གྱོན་ཅིང་། །འབྲས་བུ་ཟ་ལ་གཅན་གཟན་དག་དང་འགྲོགས་ཀྱང་བླའི། །འཇིག་རྟེན་ཕ་རོལ་དག་གིས་འཛེམ་པའི་མི་རྣམས་ཀྱིས། །རྒྱལ་སྲིད་དག་གི་ཕྱིར་ནི་གསོད་དང་བཅིང་མི་བྱ། །དེ་ནས་བློན་པོ་རྣམས་ཀྱིས་བསམས་པ། རྒྱལ་པོ་འདི་ནི་སུ་ལ་ཡང་གསོད་མི་ཕོད་དེ། བདག་ཅག་ཀུན་མེད་པར་གྱུར་ན་མི་རུང་གིས། བདག་ཅག་ཐམས་ཅད་གྱི་ན་ལ་སྡུག་བསྔལ་བར་གྱུར་པ་བས་ནི། བདག་ཅག་གིས་འདི་གཅིག་པུ་བོར་ཡང་བླའོ་སྙམ་ནས་དེ་དག་གིས་རྒྱལ་པོ་བོར་ཏེ། ཉི་འོག་གི་རྒྱལ་པོ་དེ་ལ་བབས་སོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་ཀྱང་ཚོར་ཏེ། བློན་པོ་འདི་རྣམས་ཀྱིས་བདག་བོར་རོ་སྙམ་ནས། ནགས་ཀྱི་ནང་དུ་གནས་བཅས་ཏེ། དེ་དེར་སོང་ནས་


DKG074_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་དང་འབྲས་བུ་ཟ་ཞིང་འདུག་གོ །དེ་སོང་བའི་འོག་ཏུ་ཉི་འོག་གི་རྒྱལ་པོ་དེ་འོངས་ནས་ཡུལ་མི་རྣམས་ཕབ་སྟེ། རྒྱལ་པོ་དེ་གར་སོང་ཞེས་དྲིས་ན། བློན་པོ་རྣམས་ན་རེ་ལྷ་བྲོས་ལགས་སོ་ཞེས་ཟེར་རོ། །དེ་ནས་ཉི་འོག་གི་རྒྱལ་པོས་ཡུལ་དེ་ཆམ་དུ་ཕབ་སྟེ། དཔའ་བོ་ཐམས་ཅད་ཀྱི་བྱ་དགར་བགོ་བཤའ་བྱས་ནས། ཡུལ་དེ་ཉིད་དུ་བཏབ་སྟེ་འདུག་གོ །དེ་ནས་དེའི་ཚེ་རི་ཁྲོད་ཀྱི་གྲོང་ཞིག་ན། བྲམ་ཟེ་དབུལ་པོ་འཚོ་བས་ཕོངས་པ་ཞིག་གནས་ཏེ། མཐར་གྱིས་དེའི་བུ་དང་བུ་མོ་མང་པོ་བཙས་ནས། དེ་གསོ་བ་མང་ལ་ཡུལ་དེར་མུ་གེ་ཡང་བྱུང་ནས། དེ་ཁྱིམ་གྱི་བཟའ་མི་རྣམས་བསྐྱང་མ་ནུས་སོ། །དེ་ནས་བྲམ་ཟེ་དེས་བཱ་ར་ཎ་སཱི་ན་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་བཞུགས་ཏེ། རྒྱལ་པོ་དེ་ཡང་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ་སེམས་ཅན་ལ་བྱམས་པ། སྦྱིན་པ་ལ་དགའ་བ། ཐམས་ཅད་སྦྱིན་པར་བྱེད་པ་ཞིག་གོ་ཞེས་ཐོས་ནས། བདག་དེའི་ཐད་དུ་འགྲོ་བར་བྱའོ། །དེའི་ཐད་དུ་སོང་བ་དང་བདག་ནི་ནོར་དེ་ལས་འོང་ངོ་སྙམ་ནས་བཱ་ར་ཎ་སཱིར་སོང་ངོ་། །དེ་དེར་སོང་ནས་རྒྱལ་པོ་དབང་ཆེན་སྡེས་ནགས་སུ་གནས་བཅས་སོ་ཞེས་ཐོས་སོ། །དེ་ཐོས་མ་ཐག་ཏུ་བྲམ་ཟེ་དེ་ཤིན་ཏུ་སྡུག་བསྔལ་བར་གྱུར་ནས་བསམས་པ། བདག་དེའི་ཐད་དུ་དཀའ་ཐུབ་ཀྱི་ནགས་ཚལ་དུ་སོང་བ་དང་། དེ་དེ་ན་འདུག་ཀྱང་བདག་ལ་ནོར་སྦྱིན་པར་འགྱུར་ཡང་སྲིད་དོ་སྙམ་ནས། ས་ཕྱོགས་གང་ན་བྱང་ཆུབ་སེམས་དཔའ་གནས་པ་དེར་སོང་སྟེ། དེའི་ཐད་དུ་སོང་ནས་བྱང་ཆུབ་སེམས་དཔའ་དེས་དེ་ལ་ཚིག་འཇམ་པོས་མགུ་བར་བྱས་ཏེ། རྩ་བ་དང་འབྲས་བུ་དག་བྱིན་ནས་དྲིས་པ། ཁྱོད་འདིར་ཅི་ལ་འོང་། བྲམ་ཟེས་སྨྲས་པ། ད་ལྟར་མུ་གེ་བྱུང་སྟེ། ཕོངས་ཤིང་གནོད་པར་གྱུར་ལ། བདག་ལ་གསོ་བ་ཡང་མང་ན། བདག་གིས་དེ་དག་གསོ་ཡང་མ་ནུས་ནས། བདག་གིས་ཐོས་ན་རྒྱལ་པོ་དབང་ཆེན་སྡེ་ནི་ཐམས་ཅད་སྦྱིན་པར་བྱེད་དོ་ཞེས་ཐོས་ནས། དེ་བདག་གི་ནོར་གྱི་འབྱུང་ཁུང་དུ་འགྱུར་རོ་སྙམ་སྟེ། ཁྱོད་ཀྱི་ཐད་དུ་མཆིས་སོ། །བྱང་ཆུབ་སེམས་དཔའས་སྨྲས་པ། དེས་ནགས་ཀྱི་ནང་དུ་གནས་བཅས་སོ་ཞེས་ཁྱོད་ཀྱིས་མ་ཐོས་སམ། ད་དེ་ལ་ནོར་ག་ལ་ཡོད།


DKG074_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེ་དེ་རེ་ཐག་ཆད་ནས་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའས་དེའི་གདོང་དུ་ཆུ་གཏོར་ཏེ་དེ་བསླང་ངོ་། །དེ་ནས་དེས་བསམས་པ་བདག་ལ་འཚོ་བ་འདི་ལྟ་བུ་ཅི་དགོས་ཀྱིས་བདག་སོང་ལ་ནགས་སྟུག་པོའི་ནང་དུ་ཞུགས་ཏེ། འཆི་བར་བྱའོ་སྙམ་ནས་ཐག་པ་ཁྱེར་ཏེ་ནགས་སྟུག་པོའི་ནང་དུ་ཞུགས་ནས་ཤིང་ཀ་ནས་ཐག་པས་བཏགས་ཏེ་འགག་པར་བྱས་པ་ལས། བྱང་ཆུབ་སེམས་དཔའས་མཐོང་ནས། མཐོང་མ་ཐག་ཏུ་སྙིང་རྗེ་སྐྱེས་ནས། དེས་བསམས་པ་གལ་ཏེ་བྲམ་ཟེ་འདིས་བདག་ཁྲིད་དེ་དགྲའི་ཐད་དུ་སོང་ན་ནི་དེས་འདི་ལ་ནོར་གྱི་ཕུང་པོ་སྦྱིན་པར་འགྱུར་རོ་སྙམ་ནས། བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་གཟུ་ལུམས་མ་བྱེད་ཅིག་དང་། ངས་ཁྱོད་ཀྱི་དབུལ་བ་གཅད་པར་བྱའོ། །བྲམ་ཟེ་ཁྱོད་ཚུར་ཤོག།ང་ཕྱིན་ཀ་ལོག་ཏུ་དམ་པོར་བཅིངས་ལ། རྒྱལ་པོ་ཆེ་གེ་མོ་ཞིག་གི་ཐད་དུ་ཁྲིད་དེ་སོང་ཤིག་དང་། དེས་ཁྱོད་ལ་ནོར་གྱི་ཕུང་པོ་ཆེན་པོ་སྦྱིན་པར་འགྱུར་རོ། །བྲམ་ཟེས་སྨྲས་པ། བདག་ནི་ཁྱོད་ལྟ་བུ་འཆིངས་མི་ཕོད་དོ། །བྱང་ཆུབ་སེམས་དཔའས་སྨྲས་པ། ཐེ་ཙོམ་མེད་པར་གྱིས་ལ་ང་ཆིངས་ལ་ཁྲིད་དེ་སོང་ཤིག །དེ་ལས་ཐབས་གུད་ན་མ་མཐོང་ངོ་། །དེ་ནས་བྲམ་ཟེ་ན་རེ་ཁྱོད་ཅི་ལྟར་འདོད་པ་བཞིན་དུ་བགྱིའོ་ཞེས་བགྱིས་ནས། བྲམ་ཟེ་དེས་བྱང་ཆུབ་སེམས་དཔའ་ཕྱིན་ཀ་ལོག་ཏུ་བཅིངས་ནས་ཁྲིད་དེ་བཱ་ར་ཎ་སཱིར་ཆས་སོ། །དེ་ནས་དེ་སྐྱེ་བོ་མང་པོ་དེ་དག་གིས་མཐོང་ནས་ངོ་ཤེས་ཏེ། དེ་དག་རྒྱལ་པོའི་ཐད་དུ་སོང་སྟེ་གསོལ་ན། དེ་དག་ལ་རྒྱལ་པོ་ཡིད་མ་ཆེས་ནས། དེ་གཏད་བཞིན་དུ་རྒྱལ་པོའི་ཕོ་བྲང་ནས་ཕྱུང་སྟེ། བྱང་ཆུབ་སེམས་དཔའི་ཐད་དུ་སོང་ནས། བྲམ་ཟེ་དེས། བྱང་ཆུབ་སེམས་དཔའ་དམ་དུ་བཅིངས་ཏེ་ཁྲིད་དེ་འོངས་པ་མཐོང་ངོ་། །མཐོང་ནས་ཀྱང་དྲིས་པ་འདི་ཁྱོད་ཀྱིས་ག་ལས་ཁྲིད་དེ་འོངས། དེས་སྨྲས་པ། འདི་ནི་ལྷའི་དགྲ་ལགས་ཏེ། འདི་ནི་བདག་གིས་དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པ་ལས་མཐུས་བཟུང་ནས་ཁྲིད་དེ་མཆིས་སོ། །དེ་ནས་རྒྱལ་པོས་བསམས་པ། རྒྱལ་པོ་འདི་ནི་ལུས་ཆེ་ཞིང་སྟོབས་ཆེ་ལ། བྲམ་ཟེ་འདི་ནི་ལུས་ཉམ་ཆུང་བས་ན། འདིས་འདི་གཟུང་བར་ག་ལ་


DKG074_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ཏེ། འདི་ནི་སྙིང་རྗེ་ཆེ་ལ་སེམས་ཅན་ལ་བྱམས་པས་ན། འདིས་བདག་གིས་བདག་བཅིངས་ནས། འདི་ལ་བྱིན་གོར་མ་ཆག་སྙམ་སྟེ། བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་འདི་ཁྱོད་ཀྱིས་ཇི་ལྟར་བཟུང་བ་དྲང་པོར་སྨྲོས་ཤིག །དེ་ནས་བྲམ་ཟེ་དེས་རྒྱལ་པོ་དེ་ལ་ཇི་ལྟར་གྱུར་པ་བཞིན་དུ་བསྙད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་དད་པར་གྱུར་ནས་སེམས་ཅན་དག་པ་འདི་ལྟ་བུ་ལ་བདག་གིས་གནོད་པ་བྱས་སོ་སྙམ་ནས་བདག་ཉིད་ཀྱིས་བཀྲོལ་ཏེ། རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ནས་ཡན་ལག་ཐམས་ཅད་ཀྱིས་འཁྱུད་དེ། སེང་གེའི་ཁྲིའི་སྟེང་དུ་བཞག་ནས། ཅོད་པན་གྱི་ཐབས་བུད་དེ། བྱང་ཆུབ་སེམས་དཔའི་དབུ་ལ་བཏགས་ནས་སྨྲས་པ། ཁྱོད་ནི་རྒྱལ་པོའི་འོས་ལགས་ཀྱི། བདག་ནི་འོས་མ་ལགས་སོ་ཞེས་བྱས་ནས། དེས་དེ་ལ་དཔུང་གི་ཚོགས་དང་། དཀོར་མཛོད་རྣམས་ཕུལ་ནས་བཟོད་པ་གསོལ་ཏེ་རང་གི་ཡུལ་དུ་སོང་ངོ་། །དེ་ནས་རྒྱལ་པོ་དབང་ཆེན་སྡེས། བྲམ་ཟེ་དེ་ལ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་བྱས་སོ། །དགེ་སློང་དག་དེའི་ཚེ་རྒྱལ་པོ་དབང་ཆེན་སྡེར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི། བྲམ་ཟེ་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་དབུལ་བས་འཇིགས་པས། བདག་ཉིད་འཆི་བར་བྱས་པ་ལས། ངས་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་བྱས་སོ། །ད་ལྟར་ཡང་འདི་དབུལ་བས་འཇིགས་པས། བདག་ཉིད་འཆི་བར་བྱས་པ་ལས། ངས་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ།། །།རྔོན་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཡུལ་མ་ག་ར་ལྗོངས་རྒྱུ་ཞིང་གཤེགས་པ་ལས། རྒྱལ་པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་ལྷས་བྱིན་ནི་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་པོ་ལ་རྟག་ཏུ་ཉེས་པ་བྱེད་དེ་གང་དང་གང་ལ་ཉེས་པ་བྱེད་པ་དེ་དང་དེ། བཅོམ་ལྡན་འདས་ལ་ཉེས་པས་སྟིང་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་


DKG074_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་ཆོས་གོས་སྣམ་སྦྱར་གྱོན་ཏེ། དགེ་སློང་སུ་ཡང་རུང་བ་ཞིག་གྲོགས་སུ་ཁྲིད་ལ། རྒྱལ་པོའི་ཁབ་ཏུ་ལམ་པོ་ཆེ་དང་སྲང་དང་། བཞི་མདོ་དང་སུམ་མདོ་དག་ཏུ་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ལྷས་བྱིན་ནམ། ལྷས་བྱིན་གྱི་ཕྱོགས་ཀྱིས་སུ་ལ་ཉེས་པ་བྱས་པ་དེས་སངས་རྒྱས་སམ་ཆོས་སམ་དགེ་འདུན་ལ་འདོག་པར་མ་བྱེད་ཅིག་ཅེས་སྒོས་ཤིག །གལ་ཏེ་ལྷས་བྱིན་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ་ཞེས་ཟེར་ན། སྔོན་ནི་རྫུ་འཕྲུལ་ཆེ་ན་ད་ནི་དེའི་རྫུ་འཕྲུལ་ཉམས་སོ། །ཞེས་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་ཀུན་དགའ་བོ་སོང་སྟེ། རྒྱལ་པོའི་ཁབ་ཏུ་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་ཏུ་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་བསྒོ་ནས། ཕྱིན་ཅད་བཅོམ་ལྡན་འདས་ལ་ཉེས་པས་སྟིང་བར་མི་བྱེད་དོ། །དེ་ནས་ཕྱི་ཞིག་ན་བཅོམ་ལྡན་འདས་བསྙུང་བར་གྱུར་ནས། སྨན་པ་འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ལ་སྨན་མར་ལྕགས་མདའ་ཞེས་བྱ་བ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྨན་པའི་རྒྱལ་པོ་འཚོ་བྱེད་ལ་བཀའ་སྩལ་པ། འཚོ་བྱེད་ངོ་མཚར་ཆེའམ། གསོལ་པ་བཅོམ་ལྡན་འདས་ངོ་མཚར་ཆེ་ལགས་སོ། །བཀའ་སྩལ་པ། འཚོ་བྱེད་རྨད་དུ་བྱུང་ངམ། གསོལ་པ། བཅོམ་ལྡན་འདས་རྨད་དུ་བྱུང་ལགས་སོ། །བཀའ་སྩལ་པ། འཚོ་བྱེད་ཁྱོད་ཤེས་སམ། གསོལ་པ། བཅོམ་ལྡན་འདས་བདག་འཚལ་ལགས་སོ། བཀའ་སྩལ་པ། འཚོ་བྱེད་ཁྱོད་མི་ཤེས་སམ། གསོལ་པ་བཅོམ་ལྡན་འདས་བདག་མ་འཚལ་ལགས་སོ། །བཀའ་སྩལ་པ། འཚོ་བྱེད་ཅི་ཞིག་ངོ་མཚར་ཆེ། གསོལ་པ། བཅོམ་ལྡན་འདས་པ་རྣམས་རྩྭ་ཟ་ཞིང་ཆུ་འཐུང་ལ། དེ་དག་ལས་བདུད་རྩི་འདི་གྲུབ་ཅིང་། དེས་སྨན་མར་ལྕགས་མདའ་ཞེས་བགྱི་བ་བསྒྲལ་ལགས་སོ། །བཀའ་སྩལ་པ། འཚོ་བྱེད་ཅི་ཞིག་རྨད་དུ་བྱུང་། གསོལ་པ་བཅོམ་ལྡན་འདས་སངས་རྒྱས་འཇིག་རྟེན་དུ་བྱུང་བ་ལས། དམ་པའི་ཆོས་བསྟན་པ་དང་། དགེ་འདུན་གྱི་བསྒྲུབ་པ་བཟང་པོ་འབྱུང་ལགས་སོ། །བཀའ་སྩལ་པ། འཚོ་བྱེད་ཁྱོད་ཅི་ཞིག་ཤེས། གསོལ་པ། བཅོམ་ལྡན་འདས་སྐྱེས་སླན་


DKG074_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གདོན་མི་འཚལ་བར་འགུམ་པར་འཚལ་ལགས་སོ། །བཀའ་སྩལ་པ། འཚོ་བྱེད་ཁྱོད་ཅི་ཞིག་མི་ཤེས། གསོལ་པ་བཅོམ་ལྡན་འདས་སུ་གང་དུ་མཆི་བ་དེ་མ་འཚལ་ལགས་སོ། །དེ་ནས་དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་གསུངས་པ་རྟོགས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདིས་ངའི་དགོངས་ཏེ་གསུངས་པ། ཅི་ལྟར་རྟོགས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། རི་ཁྲོད་ཀྱི་གྲོང་ཞིག་ན་ཁྱིམ་བདག་ཕྱུག་ཅིང་། ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་ཞིག་བཙས་ཏེ། དེའི་བཙས་སྟོན་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་དུ་རྒྱས་པར་སྦྱར་ནས། རིགས་དང་འཐུན་པར་མིང་བཏགས་སོ། །དེའི་འོག་ཏུ་ཡང་དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བུ་ཞིག་བཙས་ཏེ། དེའི་ཡང་བཙས་སྟོན་རྒྱས་པར་བྱས་ནས། རིགས་དང་འཐུན་པའི་མིང་བཏགས་སོ། །དེ་ནས་དེས་བསམས་པ་བདག་གི་བུ་ལོན་འཚོབ་པ་དང་། ནོར་སྤྱོད་པ་སྐྱེས་ཟིན་གྱི་ཟོང་ཁྱེར་ལ་བདག་ཡུལ་གཞན་དུ་འགྲོ་བར་བྱའོ་སྙམ་མོ། །དེ་ནས་ཡང་བསམས་པ་བདག་གི་ཆུང་མ་འདི་བྱད་གཟུགས་བཟང་བས། བདག་གིས་འདི་ལ་ཀར་ཥ་པ་ནི་མང་པོ་བྱིན་ཏེ་སོང་ན་ནི། སྐྱེས་པ་གཞན་དང་ལྷན་ཅིག་ཏུ་དགའ་མགུར་སྤྱོད་པར་འགྱུར་ཡང་སྲིད་ཀྱིས། མ་ལ་བདག་གིས་འདི་ལ་ཀར་ཥ་པ་ནི་ཉུང་ཞིག་བྱིན་ཏེ་འགྲོ་བར་བྱའོ་སྙམ་ནས། དེས་དེ་ལ་ཀར་ཥ་པ་ནི་ཉུང་ངུ་ཞིག་བྱིན་ནས། དེ་མ་ཡིན་པ་གསེར་རྣམས་ནི་བུམ་པའི་ནང་དུ་བཅུག་སྟེ། བུམ་པའི་མགྲིན་པ་མུ་ཏིག་གི་ཕྲེང་བས་བཅིངས་ནས། དུར་ཁྲོད་དུ་ཤིང་རྟ་རྣ་ཞེས་བྱ་བའི་དྲུང་དུ་སྦས་ཏེ་བཞག་ནས་ཟོང་ཁྱེར་ཏེ་ཡུལ་


DKG074_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་སོང་ནས། དེས་དེར་རྙེད་པ་མང་པོ་གྲུབ་ནས་དེས་དེར་ཡང་ཆུང་མ་བླངས་ཏེ་འདུག་ནས་དེའི་བུ་མང་པོ་བཙས་སོ། །དེ་ནས་ཆུང་མ་སྔ་མ་གདུ་བུ་ཞེས་བྱ་བས་ལག་འོངས་དང་། དེས་ཉེ་དུས་བཤུགས་པ་ཙམ་གྱིས་བུ་གཉིས་གསོས་མནགས་ནས། བུ་གཉིས་ཀྱིས་སྨྲས་པ། བདག་ཅག་གཉིས་ཀྱི་ཕ་གར་སོང་། མས་སྨྲས་པ། བུ་ཡུལ་ག་གེ་མོ་ཞིག་ན་གནས་ཆེ་གེ་མོ་ཞིག་ན་འདུག་སྟེ། དེ་ནོར་ཕུན་སུམ་ཚོགས་པ་ཆེན་པོ་དང་ལྡན་ཞེས་ཀྱང་གྲག་གིས། དེར་སོང་ཤིག་དང་གལ་ཏེ་ན་ཁྱེད་ཀྱི་འཚོ་བའི་ཐངས་ཅུང་ཟད་སྦྱིན་ཡང་སྲིད་དོ་ཞེས་བྱས་སོ། །དེ་ནས་ཕུ་བོ་ཤོས་ཕ་ཚོལ་དུ་སོང་བ་ལས་དེ་ལམ་ནས་ལམ་དུ་འཁོར་འཁོར་ཏེ། མཐར་གྱིས་ཕའི་དྲུང་དུ་ཕྱིན་ནས། ཕས་བཞིན་གྱི་གཟུགས་ལས་ངོ་ཤེས་ནས་སྐད་ཕྱུང་སྟེ་སྨྲས་པ། ཁྱོད་ག་ལས་འོངས། ད་གར་འགྲོ་ཞེས་བྱས་ནས་དེས་རྒྱས་པར་བསྙད་དོ། །དེ་ནས་ཕས་བསམས་པ། འདི་ནི་བདག་གི་བུ་དེ་ཁོ་ན་ཡིན་ནོ་སྙམ་ནས། དེས་དེ་བདག་གི་ཐད་དུ་བཞག་ནས་བསྒོ་བ། བུ་ཁྱོད་ཀྱིས་སུ་ལ་ཡང་བདག་གི་ཕ་ཡིན་ཞེས་མ་ཟེར་ཅིག་ཅེས་བྱས་ནས། དེས་དེ་ལ་བྱམས་པར་གྱུར་ཏོ། །དེ་ནས་བུ་གཞན་རྣམས་ཀྱིས་ཡབ་ཁྱེའུ་འདི་སུའི་ལགས། ཕས་སྨྲས་པ། ངའི་མཛའ་བོའི་བུ་ཡིན་ནོ། །དེ་ནས་དེ་དག་གིས་བསམས་པ། འདི་ལྟར་འདི་ལས་ཤིན་ཏུ་བྱམས་པ་ལས་ན། འདི་ཉིད་ཀྱི་བུ་ཡིན་གོར་མ་ཆག་སྙམ་མོ། །དེ་ནས་དེ་དག་གཅིག་ལ་གཅིག་སྨྲས་ཏེ། འདི་ནི་བདག་ཅག་གི་ཕུ་བོ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་ཕས་བསམས་པ། དགྲའི་ནང་ན་ནི་འདི་ལྟ་སྟེ། མས་དབྱེན་འདི་མ་རུང་བ་ཡིན་ཏེ། འདི་བསད་དུ་འོང་གིས་ཕྱིར་བཏང་ངོ་། །དེ་ལྟ་མོད་ཀྱིས་གལ་ཏེ་བདག་གིས་ཅུང་ཟད་ཅིག་འདི་ལ་བྱིན་ན་ཡང་ལྟོད་པ་ཅན་ཡིན་པའི་ཕྱིར་ལམ་དུ་བསད་དུ་འོང་ན། མ་ལ་བདག་གིས་འདི་ཕྱིར་བཏང་ངོ་སྙམ་ནས། ཡི་གེ་ཞིག་བྲིས་ཏེ་བྱིན་པ། གནས་ནས་ཤར་ཕྱོགས་ལོགས་སུ་དཔག་ཚད་གཅིག་ཙམ་ན། །གྲོང་ནས་གྲོང་དུ་མགྱོགས་ཀྱི་རྣ་བའི་ཤིང་དྲུང་ན། །ཐབས་ལ་མཁས་པ་བག་དང་ལྡན་པས་བརྐོས་ནས་ཀྱང་། །བདག་དང་ནོར་སྐལ་གཅིག་པ་ཁྱོད་ཀྱིས་གསོལ་བར་གྱིས། །མགུལ་ན་འདུག་པ་གང་ཡིན་


DKG074_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གདུ་བུར་བྱིན་ཞེས་ཟེར་བ་ཞིག་ཡི་གེར་བྲིས་ནས་བྱིན་ཏེ། དེས་ཡི་གེ་དེ་ཁྱེར་ནས་ཆས་ཏེ་སོང་བ་ལས། ནུ་བོ་རྣམས་ཀྱིས་ལམ་དུ་བཟུང་སྟེ། ཕ་ལས་ཁྱོད་ཀྱིས་ཅི་ཐོབ་ཅེས་སྨྲས་སོ། །དེས་སྨྲས་པ། ཅི་ཡང་མ་ཐོབ་སྟེ། ཡི་གེ་འདི་བྱིན་པར་ཟད་དོ་ཞེས་བྱས་སོ། །དེ་ནས་དེ་དག་ན་རེ་འདི་ནི་ཕས་བྲིད་པ་ལྟ་སྟེ་སོང་ཤིག་ཅེས་བྱས་ནས་དེ་བཏང་སྟེ། མཐར་གྱིས་རང་གི་ཁྱིམ་དུ་ཕྱིན་ནས། རེ་ཞིག་ངལ་སོ་ཤིང་། འདུག་འདུག་ནས་མས་སྨྲས་པ། ཁྱོད་ཀྱིས་ཕ་ལས་ཅི་ཐོབ། བུས་སྨྲས་པ། ཅི་ཡང་མ་ཐོབ་མོད་ཀྱི། ཡི་གེ་འདི་ལྟ་བུ་ཞིག་ཐོབ་བོ། །མས་སྨྲས་པ། བུ་ཁྱོད་ཕས་བྲིད་དེ། ལམ་གྱི་ཚེགས་བྱུང་བ་ཁོ་ནར་ཟད་དེ་ཅི་ཡང་མ་གྲུབ་བོ། །བུས་སྨྲས་པ། ཡུལ་དེ་ནི་ཆེ་བ་ཡིན་ཏེ། བདག་འདྲིད་པར་མི་བྱེད་དོ་ཞེས་བྱས་ནས། དེ་ཡི་གེ་དེ་དཔྱོད་པ་ལ་ཞུགས་ཏེ། གྲོང་ནས་ཞེས་བྱ་བ་ནི་གང་དུ་སྐྱེས་པ་དེ་ཡིན་ཏེ། དེ་ནི་འདིར་གྲོང་ཞེས་བསྟན་ཏོ། །གྲོང་དུ་ཞེས་བྱ་བ་ནི་གང་དུ་ཕྱུང་སྟེ། བསྲེག་པའི་ས་ཡིན་ནོ། །མགྱོགས་ཀྱི་རྣ་བའི་ཤིང་གི་དྲུང་ཞེས་བྱ་བ་ལ་མགྱོགས་ཞེས་བྱ་བ་ནི་རྟ་ཡིན་ཏེ། དེ་ནི་རྣ་བའི་ཤིང་ཞེས་བྱ་བ་ནི་རྟ་རྣ་ཞེས་བྱ་སྟེ། ཤིང་རྟ་རྣའི་དྲུང་ལ་བྱའོ། །གནས་ནས་ཤར་ཕྱོགས་ལོགས་སུ་ཞེས་བྱ་བ་ནི་ཤར་ཕྱོགས་ཡིན་ནོ། །དཔག་ཚད་གཅིག་ཙམ་ན་ཞེས་བྱ་བ་དེ་ནི་དཔག་ཚད་གཅིག་ཁོ་ན་ལ་བྱའོ། །དེས་ཚིགས་སུ་བཅད་པ་དེ་ལྟ་བུར་དཔྱད་ནས། མཚན་མོ་མི་མི་རྒྱུ་བའི་ཚེ་དུར་ཁྲོད་དུ་སོང་ནས། དེའི་འདབ་ན་རྟ་རྣ་ཞེས་བྱ་བའི་ཤིང་ཞིག་འདུག་སྟེ། དེས་དེའི་ཤར་ཕྱོགས་ལོགས་སུ་བཅལ་ཏེ་གཉའ་ཤིང་གང་ཙམ་ཚུན་ཅད་བརྐོས་པ་དང་། རེ་ཞིག་ན་གསེར་གྱི་བུམ་པ་མགྲིན་པ་མུ་ཏིག་གི་ཕྲེང་བས་བཅིངས་པ་ཞིག་མཐོང་ནས། དེ་དགའ་ཆེས་ཏེ་དེ་བླངས་ནས་ཁྱིམ་དུ་སོང་སྟེ། མུ་ཏིག་གི་ཕྲེང་བ་བཀྲོལ་ནས་མ་གདུ་བུ་ལ་བྱིན་ནོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་བུར་གྱུར་པ་གང་ཡིན་པ་དེ་ནི་འཚོ་བྱེད་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདིས་ངའི་དགོངས་ཏེ་གསུངས་པ་རྟོགས་སོ། །ད་ལྟར་ཡང་འདིས་ངའི་དགོངས་ཏེ་གསུངས་པ་རྟོགས་


DKG074_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་འཚོ་བྱེད་ཀྱིས་བསམས་པ། བཅོམ་ལྡན་འདས་ནི་རྡོ་རྗེ་ལྟ་བུའི་སྐུ་མངའ་ལ་སྐུ་ཆེ་བས་ན། སྨན་མར་ཉུང་ངུས་འདི་གསོ་བར་མི་ནུས་སོ་སྙམ་སྟེ། དེས་བརྟགས་ནས་སྨན་མར་སྲང་སུམ་ཅུ་རྩ་གཉིས་སྲང་ལ་བཅལ་ཏེ། བཅོམ་ལྡན་འདས་ཀྱི་སྐུར་གསོལ་ཏེ། ལྷུང་བཟེད་ཀྱི་ལྷག་མ་ནི་དགེ་སློང་རྣམས་ལ་བསྟབས་པ་ལས། བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ཀྱི་ལྷག་མའོ་སྙམ་ནས། དགེ་སློང་རྣམས་ཀྱིས་བཏུད་ཅིང་བཏུང་ངོ་། །དེ་ནས་ལྷས་བྱིན་གྱིས་བསམས་པ། བདག་གིས་ཀྱང་སྨན་མར་བཏུང་ངོ་སྙམ་ནས། དེས་འཚོ་བྱེད་ལ་དྲིས་པ། འཚོ་བྱེད་དགེ་སྦྱོང་གཽ་ཏ་མས་སྨན་མར་ཅི་ཞིག་འཐུངས། འཚོ་བྱེད་ཀྱིས་སྨྲས་པ། སྲང་སུམ་ཅུ་རྩ་གཉིས་གསོལ་ཏོ། །ལྷས་བྱིན་གྱིས་སྨྲས་པ། ངས་ཀྱང་སྲང་སུམ་ཅུ་རྩ་གཉིས་བཏུང་ངོ་། །འཚོ་བྱེད་ཀྱིས་སྨྲས་པ། བཅོམ་ལྡན་འདས་ནི་རྡོ་རྗེ་ལྟ་བུའི་སྐུ་མངའ་ལ་སྐུ་ཆེ་བས་ན། །སྨན་མར་དེ་སྙེད་གསོལ་བ་དང་། འཇུ་བར་སྤྱོད་ཀྱིས་ཁྱོད་ཀྱིས་ནི་འཇུ་བར་མི་ནུས་སོ། །ལྷས་བྱིན་གྱིས་སྨྲས་པ། ང་ཡང་རྡོ་རྗེ་ལྟ་བུའི་ལུས་ཅན་ཡིན་ན། ཅིའི་ཕྱིར་འཇུ་བར་མི་ནུས་ཞེས་བྱས་ནས། དེས་ཀྱང་སྲང་སུམ་ཅུ་རྩ་གཉིས་འཐུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནི་ཞུ་བར་གྱུར། ལྷས་བྱིན་གྱིས་ནི་ཞུ་བར་མ་གྱུར་ཏོ། །དེ་ནས་ཕྱི་ཉིན་ཡང་འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ལ་སྨན་མར་འབྲས་ཆན་གྱི་ཁུ་བ་དང་སྦྱར་བ་གསོལ་ཏོ། །ལྷས་བྱིན་གྱིས་ཀྱང་བཅོམ་ལྡན་འདས་ཀྱིས་གསོལ་བས། ང་རྒྱལ་གྱི་དབང་གིས་མ་ཞུ་བཞིན་དུ་སྨན་མར་འབྲས་ཆན་གྱི་ཁུ་བར་སྦྱར་ཏེ་འཐུངས་པས། ཟུག་གཟེར་གྱིས་བཏབ་སྟེ། གནད་ལ་བབ་པའི་ན་ཚས་ཐེབས་ནས། གཞི་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་ནས། ཉིན་མཚན་དུ་གཉིད་ཀྱང་མི་ལོག་པར་གྱུར་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ནི། ཕུ་ནུ་བོ་ལ་བྱམས་ཏེ་དེས་གཏམ་དེ། བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གླང་པོ་ཆེའི་སྣ་ལྟ་བུ་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་རིས་དང་ལྡན་པ། བསོད་ནམས་བརྒྱ་ཕྲག་དུ་མ་ལས་བྱུང་བ་འཇིགས་པ་ཐམས་ཅད་


DKG074_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་འབྱིན་པར་བྱེད་པའི་ཕྱག་བརྐྱང་སྟེ། བྱ་རྒོད་ཀྱི་ཕུང་པོའི་རི་ལས་ཐལ་ནས་ལྷས་བྱིན་གྱི་མགོ་ལ་བཞག་སྟེ། བདེན་པ་བསྐུལ་བ་མཛད་པ། བདེན་པ་གང་གིས་ངའི་བུ་གཅིག་པ་སྒྲ་གཅན་ཟིན་བཟང་པོ་སྡུག་གུ་ལ་ཅི་ལྟ་བ་བཞིན་དུ་སེམས་ལྷག་ཆད་མེད་པར་ལྷས་བྱིན་ལ་ཡང་དེ་ཁོ་ན་བཞིན་དུ་སེམས་ན། བདེན་པ་དེས་འདིའི་ནད་ཞི་བར་གྱུར་ཅིག་ཅེས་གསུངས་ནས། བདེན་པ་བསྐུལ་བ་དེ་ཁོ་ནའི་མོད་ལ་ལྷས་བྱིན་གྱི་ནད་ཞི་བར་གྱུར་ཏེ། སྲོག་ཡལ་བ་ལས་ཕྱིར་ཐོབ་པར་གྱུར་ཏོ། །དེ་ནས་དེས་བཅོམ་ལྡན་འདས་ཀྱི་ཕྱག་མཐོང་ནས་ངོ་ཤེས་ཏེ། དེས་བསམས་པ་འདི་ནི་དགེ་སྦྱོང་་ཏ་མའི་ལག་པ་ཡིན་ནོ་སྙམ་ནས། དེ་ཡུན་རིང་པོ་ནས་སེམས་ཀྱི་རྒྱུད་གཡོ་སྒྱུས་བསྒྲུབས་པའི་རྒྱགས་པས་གོས་ཤིང་དབང་དུ་བྱས་པས་ན། དེ་ལྟར་སངས་རྒྱས་ཀྱི་ཆེ་བ་ཉིད་ཀྱིས་ནད་ཞི་བར་བྱས་ཀྱང་། འདི་སྐད་དུ་དོན་གྲུབ་ཁྱོད་ཀྱིས་སྨན་དཔྱད་ལེགས་པར་ལོབས་ཏེ། འདིས་ནི་ཁྱོད་འཚོ་བ་རྙེད་པར་ནུས་སོ་ཞེས་ཟེར་རོ། །དེ་ནས་འཁོར་ན་འཁོད་པ་རྣམས་ཀྱིས་སྒྲ་བསྒྲགས་པ། ལྷས་བྱིན་ནད་ཚབས་ཆེན་པོས་གཟིར་ཏེ་སྲོག་ཡལ་བ་ལ། བཅོམ་ལྡན་འདས་ཀྱིས་བདེན་པ་བསྐུལ་བས་སོས་པར་མཛད་དོ་ཞེས་འཛེར་ཏོ། །ལྷས་བྱིན་གྱི་ཕྱོགས་སུ་ཤིན་ཏུ་ཞེན་ཞེན་པ་རྣམས་ཀྱིས་ཀྱང་དེ་ཐོས་ནས། བཅོམ་ལྡན་འདས་ཀྱི་ངོ་མཚར་ཆེ་བར་བརྗོད་དོ། །ཀྱེ་མ་འདིའི་བྱམས་པ་ནི་ཡང་དག་པར་ཕུན་སུམ་ཚོགས་པར་གྱུར་ཏོ། །ཀྱེ་མ་སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམས་སོ་ཞེས་འཛེར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་ལྷས་བྱིན་ལ་སྨྲས་པ། ལྷས་བྱིན་ཁྱོད་ནི་བཅོམ་ལྡན་འདས་ཀྱིས་སོས་པར་མཛད་དོ། །གྱི་ན་ད་སྲོག་དང་བྲལ་ཟིན་ཏོ། །ལྷས་བྱིན་གྱིས་སྨྲས་པ། འདི་ནི་ཡིད་སྒྱུར་བར་བྱེད་པའི་སྒྱུ་ཤེས་ཏེ། དེས་ན་འཇིག་རྟེན་ཐམས་ཅད་ཞི་བར་བྱེད་དོ། །དེ་ནས་དེ་དག་འདི་ནི་དྲིན་དུ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་ཞིག་གོ་སྙམ་སྟེ། དོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ལྷས་བྱིན་དྲིན་དུ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་དང་། བྱས་པ་ཆུད་གསོན་པ་ལ་གཟིགས།


DKG074_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདི་ཇི་ལྟར་དྲིན་དུ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་དང་། བྱས་པ་ཆུད་གསོན་པར་བྱེད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ཡུལ་བི་དེ་ཧ་ཞེས་བྱ་བ་ན། རྒྱལ་པོ་དབང་ཆེན་སྡེ་རྒྱལ་པོ་བྱེད་དེ། དེའི་ཚེ་ནགས་ཁུང་དགོན་པ་ཞིག་ན་ཁྲོན་པ་ཞིག་ཡོད་དེ། ཁྲོན་པ་དེའི་ནང་དུ་སྲོག་ཆགས་ལྔ་ལྷུང་སྟེ། མི་དང་། སེང་གེ་དང་། སྦྲུལ་དང་། བྱི་བ་དང་། བྱ་ཁྲ་རྣམས་སོ། །རྔོན་པ་ཞིག་ཀྱང་ནགས་ཁུང་དགོན་པ་དེ་ན་རི་དགས་བཤོར་ཞིང་འདུག་པ་ལས། སྐོམ་ཞིང་གདུངས་ནས་ཁྲོན་པ་དེའི་དྲུང་དུ་སོང་སྟེ། དེས་ཁྲོན་པ་དེའི་ནང་དུ་བལྟས་ན་མི་དེས་མཐོང་མ་ཐག་ཏུ་ཀུས་བཏབ་སྟེ། ཀྱེ་གྲོགས་པོ་བདག་ཅག་གི་སྐྱབས་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྔོན་པ་དེ་ཡང་དེ་དག་ལ་སྙིང་རྗེ་སྐྱེས་ནས། གལ་ཏེ་བདག་གིས་འདི་རྣམས་མ་ཕྱུང་ན་ནི། འདི་དག་ཐམས་ཅད་གྱི་ན་ད་ལ་འཆི་བར་འགྱུར་རོ་སྙམ་ནས། དེས་ཐག་པ་ཁྱེར་ཏེ་འོངས་ནས་དེ་དག་ཐམས་ཅད་ཁྲོན་པ་དེའི་ནང་ནས་བཏོན་ཏོ། །དེ་ནས་ཕྱི་ཞིག་ན་རྔོན་པ་དེ་རི་དགས་ཤོར་ཞིང་ནགས་ཁུང་དུ་སོང་བ་ལས། རི་དགས་ཀྱི་རྒྱལ་པོ་སེང་གེ་དེས་མཐོང་ནས། སེང་གེས་རྔོན་པ་ལ་སྨྲས་པ། གྲོགས་པོ་ཁྱོད་ཅིའི་ཕྱིར་ནགས་ཁུང་འདི་ན་རྒྱུ་ཞིང་འདུག།རྔོན་པས་སྨྲས་པ། རི་དགས་བཤོར་བའི་ཕྱིར་བདག་འདི་ན་རྒྱུ་ཞིང་འདུག་སྟེ། བདག་གི་འཚོ་བ་འདི་ཡིན་ནོ། །སེང་གེས་སྨྲས་པ། གྲོགས་པོ་ཁྱོད་ཉོན་མོངས་པར་མ་བྱེད་ཅིག །ངས་ཁྱོད་ལ་དྲིན་ལན་གླན་པར་བྱ་སྟེ། ཁྱོད་འདི་ན་འདུག་ན་ངས་ཉིན་གཅིག་བཞིན་དུ་རི་དགས་བཟང་ངོ་ཅོག་བསད་དེ། ཤ་ཇི་སྙེད་དགོས་པ་དེ་སྙེད་སྦྱིན་ནོ་ཞེས་སྨྲས་ནས། རི་དགས་ཀྱི་རྒྱལ་པོ་སེང་གེ་སོང་སྟེ། དེས་ཉིན་གཅིག་བཞིན་དུ་རི་དགས་བཟང་ངོ་ཅོག་བསད་ནས། མི་དེ་ལ་ཤ་མང་པོ་སྦྱིན་ནོ། །དེ་ནས་ཕྱི་ཞིག་ན་རྔོན་པ་དེས་ཤ་ཁུར་གྱིས་བསྐྱལ་ཏེ། རང་གི་ཁྱིམ་དུ་འགྲོ་བ་ན། དེ་བྱ་ཁྲ་དེས་མཐོང་ནས་ངོ་ཤེས་ཏེ། ཁྲ་དེས་རྔོན་པ་དེ་ལ་སྨྲས་པ། གྲོགས་པོ་ཁྱོད་དཀའ་བས་འཚོ་བ་འདི་


DKG074_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཞིག་གིས་འཚོ་ཞིང་འདུག་གམ། རྔོན་པས་སྨྲས་པ། བདག་ཅག་གི་འཚོ་བ་ནི་འདི་ཡིན་ཏེ། ཐབས་འདིས་བདག་འཚོ་བ་ཚོལ་ལོ། །དེ་ནས་ཁྲ་དེས་བསམས་པ། མི་འདིས་སྔོན་བདག་གི་སྲོག་ཕྱུང་བས་ན། འདི་ལ་བདག་གིས་དྲིན་ལན་བསབ་དགོས་སོ་སྙམ་ནས། དེས་སྨྲས་པ། གྲོགས་པོ་ཁྱོད་འདིར་འདུག་ཤིག་དང་བདག་གིས་ཁྱོད་ཀྱི་དབུལ་བ་གཅད་པར་བྱའོ་ཞེས་བྱས་ནས་སོང་ངོ་། །དེ་ནས་ཁྲ་དེས་རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་ནས། བདག་གི་འདིར་ཅི་ཞིག་རྙེད་པར་གྱུར་ཅིག་གུ་བདག་གིས་དེ་ཁྱེར་ནས་མི་དེ་ལ་སྦྱིན་པར་བྱའོ་སྙམ་སྟེ། སྟེང་གི་ནམ་མཁའ་ལ་ལྟིང་བཞིན་དུ་བལྟས་ན། དེའི་ཚེ་རྒྱལ་པོའི་ཕོ་བྲང་དེ་ན་རྒྱལ་པོ་དབང་ཆེན་སྡེའི་བཙུན་མོ་དམ་པས་རྒྱན་ཐམས་ཅད་བཀྲོལ་ནས་གབ་ཙེའི་ནང་དུ་བཞག་སྟེ། སྐྲ་བཀྲུས་པ་ལས་ཁྲས་རྒྱན་རྣམས་ཁྱེར་ནས་མི་དེ་ལ་བྱིན་ཏེ། དེས་ཁྱེར་ཏེ་རང་གི་ཁྱིམ་དུ་ཆས་པ་ལས། མི་དེས་མཐོང་ནས་ངོ་ཤེས་ཏེ་དྲིས་པ་གྲོགས་པོ་ཁྱོད་ཀྱིས་འདི་ག་ལས་རྙེད། རྔོན་པས་དེ་ལ་སྨྲས་པ། ཁྲས་བདག་ལ་བྱིན་ནོ་ཞེས་སྨྲས་ནས། རྔོན་པ་དེ་བདག་གི་ཁྱིམ་དུ་སོང་ངོ་། །དེ་ནས་རྒྱལ་པོ་དབང་ཆེན་སྡེས། བྱ་བ་ཐམས་ཅད་ལ་བསྒོ་བ། ཁྱོད་དེང་ལ་བྱ་ཚང་ཐམས་ཅད་དུ་སོང་སྟེ། རྒྱན་དེ་དག་ཁྱེར་ཏེ་ཤོག་ཤིག་ཅེས་བྱས་སོ། །མི་སྔ་མ་དེས་ཀྱང་ཚོར་ནས་བསམས་པ། འདིས་བདག་ལ་ལན་གཉིས་ཁྲོན་པར་ལྷུང་བ་ལས་ཕྱུང་ན་མི་རུང་གིས། བདག་རྒྱལ་པོའི་ཐད་དུ་སོང་ལ་གསོལ་བར་བྱའོ། །འོན་ཀྱང་དེས་བདག་ལ་བྱ་དགའ་སྦྱིན་པར་འགྱུར་རོ་སྙམ་ནས། མི་དེ་སོང་སྟེ་རྒྱལ་པོ་ལ་གསོལ་པ། རྔོན་པ་ཆེ་གེ་མོ་ཞིག་གིས་ལྷའི་རྒྱན་རྣམས་ཁྱེར་རོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་ལ་བྱ་དགའ་ཆེན་པོ་བྱིན་ནོ། །དེ་ནས་རྔོན་པ་དེ་བཀུག་སྟེ། རྒྱན་རྣམས་ཀྱང་ཕྲོགས་ནས་ཁྲི་མོན་དུ་བཅུག་གོ །དེ་ཁྲི་མོན་ན་འདུག་པ་ན་བྱི་བ་དེས་མཐོང་ནས་ངོ་ཤེས་ཏེ་དེས་བསམས་པ། མི་གང་གིས་གི་སྲོག་ཕྱུང་བ་དེ་ནི་འདི་ཡིན་གྱིས། འདི་ལ་བདག་གིས་དྲིན་ལན་བསབ་པར་བྱའོ་སྙམ་ནས། དེས་སྨྲས་པ། གྲོགས་པོ་ཁྱོད་ཅི་ཉེས་ཏེ་ཁྲི་མོན་འདིར་བཅུག །དེ་ནས་དེས་དེ་ལ་རྒྱས་པར་ཐམས་ཅད་བསྙད་དོ། །དེ་ནས་


DKG074_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བྱི་བ་དེས་སྨྲས་པ། གྲོགས་པོ་ཁྱོད་བརྟན་པོར་མཛོད་ལ། སྤྲོ་བ་ཆེན་པོ་བསྐྱེད་ཅིག་དང་། ངས་ཁྱོད་འདི་ན་འདུག་པའི་ཚེ། ཟས་དང་སྐོམ་གྱིས་མདོ་མི་གཟུང་བར་བྱའོ་ཞེས་བྱས་ནས། བྱི་བ་དེས་མི་དེ་ཁྲི་མོན་ན་འདུག་པ་དེ་ལ་ཟས་དང་། སྐོམ་གྱིས་མདོ་མི་གཟུང་བར་བྱས་སོ། །དེ་ནས་ཕྱི་ཞིག་ན་མི་དེ་ཁྲི་མོན་ན་འདུག་བཞིན་དུ། སྦྲུལ་གདུག་པ་དེས་སྲོག་གཅིག་ཏུ་བྱས་ཏེ། འདི་ལ་ངས་དྲིན་ལན་གླན་པར་བྱའོ་སྙམ་དུ་བསམས་ནས། མི་དེ་ལ་སྨྲས་པ། ཀྱེ་མི་ཁྱོད་ངས་ཁྲི་མོན་འདི་ནས་ཐར་བར་བྱས་ཏེ། དབང་ཕྱུག་གི་བདག་པོ་ཆེན་པོ་ལ་གཞག་པར་བྱའོ་ཞེས་བྱས་ནས། ངས་རྒྱལ་པོ་འདི་དུག་གིས་ཟིན་པར་བྱས་ལ། དེ་བདག་གི་དུག་གིས་ཅི་བྱ་གཏོལ་མེད་པར་གྱུར་པ་དང་། དེའི་ཚེ་ཁྱོད་ཁྲི་མོན་ན་འདུག་པས། རྒྱལ་པོ་འདི་གཞན་སུས་ཀྱང་སོས་པར་བྱེད་མི་ནུས་ཏེ། ང་འབའ་ཞིག་གིས་གསོ་ནུས་སོ་ཞེས་གྱིས་ཤིག །དེ་ནས་རྒྱལ་པོ་དེས་ཁྱོད་དགུག་པ་དང་། ཁྱོད་དེར་སོང་ལ་བ་ལང་གི་ལྔི་བས་དཀྱིལ་འཁོར་གྱིས་ལ། མེ་སྦར་ཏེ་སྔགས་འདི་བཟླས་བརྗོད་ཀྱིས་ཤིག་དང་། ཁྱོད་ཀྱི་སྒྲ་ཐོས་པས་ང་འོང་གིས་ཁྱོད་ཀྱིས་ང་འོངས་པ་དང་། འདི་སྐད་དུ། ཡང་ན་མེར་མཆོངས་ཤིག །ཡང་ན་རྒྱལ་པོའི་དུག་མེད་པར་གྱིས་ཤིག་ཅེས་བྱོས་ཤིག་དང་། ངས་ཁྱོད་ལ་འདི་སྐད་དུ་བདག་ནི་མེའི་ནང་དུ་མཆོངས་པར་བྱའི། རྒྱལ་པོའི་དུག་ནི་མེད་པར་མི་བྱའོ་ཞེས་བྱའོ། །དེ་ནས་ཁྱོད་ཀྱིས་ང་ལ་འདི་སྐད་དུ་ཁྱོད་ཀྱིས་སྲོག་བོར་དུ་ཟིན་ཀྱང་། ངས་ཀྱང་རྒྱལ་པོའི་སྲོག་མི་གཏོང་གི །ཁྱོད་ཀྱིས་རྒྱལ་པོ་འདིའི་དུག་མེད་པར་མི་བྱར་མི་རུང་ངོ་གྱིས་ཤིག་དང་། ངས་ཁྱོད་ཀྱི་ཚིག་གིས་རྒྱལ་པོའི་དུག་མེད་པར་བྱའོ། །འོན་ཏང་དེའི་ཚེ་རྒྱལ་པོ་ཁྱོད་ལ་མཉེས་པར་གྱུར་ནས། ཁྲི་མོན་ནས་བཏང་སྟེ། ནོར་གྱི་ཕུང་པོ་ཆེན་པོ་སྦྱིན་པར་འགྱུར་རོ་ཞེས་བྱས་ནས། སྦྲུལ་གདུག་པ་དེ་སོང་སྟེ་རྒྱལ་པོ་དེ་དུག་གིས་ཟིན་ནས། རྒྱལ་པོ་དེ་ཅི་བྱ་གཏོལ་མེད་པར་གྱུར་ནས། རྔོན་པ་དེས་བཙོན་སྲུངས་རྣམས་ལ་སྨྲས་པ། རྒྱལ་པོ་འདི་སུས་ཀྱང་དུག་མེད་པར་མི་ནུས་ཏེ། ངས་འདིའི་དུག་མེད་པར་བྱའོ་ཞེས་བྱས་སོ། །དེ་ནས་བཙོན་སྲུངས་རྣམས་ཀྱིས་རྒྱལ་པོ་ལ་གསོལ་


DKG074_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེ་ནས་རྒྱལ་པོས་མི་དེ་བཀུག་སྟེ་སྨྲས་པ། ཀྱེ་གལ་ཏེ་མི་ཁྱོད་ཀྱིས་ངའི་སྲོག་གི་སྐྱབས་བྱེད་ནུས་པར་གྱུར་ན། ངས་ཁྱོད་ལ་ནོར་གྱི་ཕུང་པོ་ཆེན་པོ་སྦྱིན་ནོ་ཞེས་བྱས་སོ། །དེ་ནས་མི་དེས་སྨྲས་པ། ལྷ་བརྟན་པོར་མཛོད་ལ་སྤྲོ་བ་ཆེན་པོ་བསྐྱེད་ཅིག་དང་། བདག་མཆིས་བཞིན་དུ་ཁྱོད་གྲོངས་པར་མི་འགྱུར་རོ་ཞེས་བྱས་ནས། མི་དེས་བ་ལང་གི་ལྔི་བས་དཀྱིལ་འཁོར་བྱས་ནས། མེ་སྦར་ཏེ་སྔགས་བརྗོད་དོ། །དེ་ནས་དེ་ཐོས་ནས་སྦྲུལ་གདུག་པ་དེ་དཀྱིལ་འཁོར་གྱི་དྲུང་དུ་འོངས་ཏེ་འདུག་གོ །དེ་ནས་མི་དེས་སྨྲས་པ། ཁྱོད་ནི་འདི་ན་འདུག་པ་དོན་གཉིས་ཤིག་བྱ་དགོས་ཏེ། ཡང་ན་ནི་རྒྱལ་པོའི་དུག་མེད་པར་གྱིས་ཤིག །ཡང་ན་ནི་མེའི་ནང་དུ་མཆོངས་ཤིག་ཅེས་བྱས་སོ། །དེ་ནས་སྦྲུལ་གདུག་པས་སྨྲས་པ། བདག་ནི་འདི་ན་འདུག་པ་དོན་གཉིས་བྱ་དགོས་པ་ལས། ཡང་ན་བདག་ཉིད་གཏང་བར་བྱ་དགོས་སོ། །ཡང་ན་རྒྱལ་པོ་བསད་དགོས་སོ་ཞེས་བྱས་ནས། སྦྲུལ་གདུག་པ་དེ་མངོན་དུ་ཕྱོགས་ཤིང་འདུག་པ་ལས། མི་དེས་བཟློག་སྟེ་སྨྲས་པ། ཁྱོད་ཀྱིས་སྲོག་བོར་དུ་ཟིན་ཀྱང་ངས་རྒྱལ་པོའི་སྲོག་མི་གཏང་གིས། ཁྱོད་ཀྱིས་རྒྱལ་པོ་འདིའི་དུག་མེད་པར་མི་བྱར་མི་རུང་ངོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྦྲུལ་གདུག་པ་དེས་རྒྱལ་པོའི་དུག་མེད་པར་བྱས་སོ། །དེ་ནས་རྒྱལ་པོ་མཉེས་པར་གྱུར་ནས། རྔོན་པ་དེ་ནོར་གྱི་ཕུང་པོ་བྱིན་ཏེ་བཏང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྔོན་པར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་མིའི་རྒྱལ་པོ་ལ་གསོལ་བ་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་དྲིན་དུ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་དང་། བྱས་པ་ཆུད་གསོན་པར་གྱུར་ཏོ།། །།ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་ལྔ་པ། རྨོངས་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་ཡུལ་ཤུར་པ་ར་ཀ་ན་ཁྱིམ་བདག་ཅིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་


DKG074_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། མིང་རྨོངས་པ་ཞེས་བཏགས་སོ། །དེ་ནས་ཁྱེའུ་རྨོངས་པ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཡི་གེ་དང་། ཁོང་རྩིས་དང་། ཤོད་དགོད་པ་དང་། ལག་རྩིས་དང་། དབྱུང་བ་དང་། སྦ་བ་དང་། དགྲམ་པ་དང་། གོས་བརྟག་པ་དང་། ནོར་བུ་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་། སྨན་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་། ཀློག་མཁས་པ་དང་། མཛངས་པ་དང་། བྱ་བ་ལ་གསལ་བ་དང་། ཡིད་གཞུངས་པ་དང་། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་ལུས་ཤུར་བུ་ཡུངས་འབྲུ་ཙམ་ཤ་སྟག་གིས་ཁྱབ་པར་གྱུར་ཏེ། ཤུར་བུ་དེ་དག་ཀྱང་སྨིན་ཏེ་རྡོལ་ནས། དེའི་ལུས་རྨས་ཞུ་ལུབ་ཏུ་གཡོགས་པར་གྱུར་ཏོ། །དེ་ནས་དེའི་ཕས་སྨན་པ་ཐམས་ཅད་ལས་ཡོ་བྱད་སྦྱར་ཏེ་གསོས་ཀྱང་། དེ་སོས་པར་བྱེད་མ་ནུས་ནས། དེ་ཅི་ཙམ་དུ་ཚབ་ཆེ་བར་གྱུར་པ་དེ་ཙམ་དུ། ལུས་ལས་རྣག་ཁྲག་འཛག་སྟེ། དྲི་ང་བ་བྱུང་ངོ་། །དེ་ནས་དེའི་ལུས་ཐམས་ཅད་སྤོས་ཆུ་སྣ་ཚོགས་ཀྱིས་བྱུགས་ཏེ་གོས་ཀྱིས་གཡོགས་ནས་གསོ་བར་བྱེད་དོ། །དེ་ནས་དེའི་ཕུ་ནུ་རྣམས་ཀྱིས་མཐོང་ནས་མིང་སྤོས་ཏེ། ཁྱེའུ་འདིའི་ལུས་གོས་དང་། རྒྱན་རྣམས་ཀྱིས་གཡོགས་ཏེ་གསོས་པས་ན། འདིའི་མིང་སྦས་པ་ཞེས་བྱའོ་ཞེས་ཟེར་རོ། །དེ་ནས་དེ་ལ་ལ་ལས་ནི་རྨོངས་པ་ཞེས་བྱ་བར་ཤེས་སོ། །ལ་ལས་ནི་སྦས་པ་ཞེས་བྱ་བར་ཤེས་སོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤིའོ། །ཕ་མ་གཉིས་ཤི་ནས་ལས་སུ་བྱ་བ་ཐམས་ཅད་ཁྱེའུ་དེས་ཚིས་བྱེད་དེ། དེ་ལས་གང་བྱེད་ཀྱང་རུང་། ཞིང་བླས་བྱེད་ཀྱང་རུང་། ཚོང་བྱེད་ཀྱང་རུང་། གྲུའི་ལས་བྱེད་ཀྱང་རུང་། དེ་ལས་བྱས་སོ་ཅོག་འཇིག་ཅིང་འགྲུབ་པར་མི་འགྱུར་རོ། །དེ་ནས་ཁྱིམ་བདག་རྨོངས་པ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་འདིར་ལས་གང་བྱེད་ཀྱང་རུང་སྟེ།


DKG074_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བླས་བྱེད་ཀྱང་རུང་། ཚོང་བྱེད་ཀྱང་རུང་། གྲུའི་ལས་བྱེད་ཀྱང་རུང་། བདག་གི་ལས་བྱས་སོ་ཅོག་འཇིག་ཅིང་འགྲུབ་པར་མི་འགྱུར་ན། འཇིག་རྟེན་ན་མི་འཇིག་པའི་ཆོས་གང་འཇིག་པར་མི་འགྱུར་བ་འགའ་ལྟ་ཡོད་དམ་ཞིག་གུ་སྙམ་མོ། །དེ་ནས་ཁྱིམ་བདག་རྨོངས་པ་དེའི་མཛའ་བོ་དང་། གྲོགས་པོ་དང་ཕུ་ནུ་དང་། རྒན་རབས་རྙིང་གི་སྔོན་གྱི་ལྷ་ཞིག་ཁྱིམ་བདག་རྨོངས་པའི་ཁྱིམ་གྱི་སྒོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཁྱིམ་དེ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱས་ཏེ། ཁྱིམ་བདག་རྨོངས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཀྱིས་འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང་། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་མི་ཤེས་སམ། ཁྱིམ་བདག་གིས་སྨྲས་པ། ལྷ་བདག་གིས་ནི་འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང་། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་མི་ཤེས་ན། ལྷ་ཁྱོད་ཀྱིས་འཇིག་རྟེན་ན་འཇིག་པའི་ཆོས་གང་ཡིན་པ་དང་། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་ཤེས་སམ། ལྷས་སྨྲས་པ། ཁྱིམ་བདག་ངས་ཀྱང་འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང་། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་མི་ཤེས་སོ། །ཁྱིམ་བདག་གིས་སྨྲས་པ། ལྷ་འོ་ན་འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང་། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་སུས་ཤེས། ལྷས་སྨྲས་པ། ཁྱིམ་བདག་ཤེས་པ་ཡོད་དེ། དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་བུ། ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་དྲེགས་ཏེ། ཆོས་གོས་ཚོན་ཅན་རྣམས་བགོས་ནས། ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བཅོམ་ལྡན་འདས་དེས་ནི་འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང་། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་མཁྱེན་ཏོ། །ཁྱིམ་བདག་གིས་སྨྲས་པ། ལྷ་བཅོམ་ལྡན་འདས་དེ་ད་ལྟར་ག་ལ་བཞུགས། ལྷས་སྨྲས་པ། ཁྱིམ་བདག་ཤར་ཕྱོགས་ཀྱི་ལྗོངས་ན། ཡུལ་མཉན་དུ་ཡོད་པ་ཞེས་བྱ་བ་ཞིག་ཡོད་དེ། དེའི་ནང་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་


DKG074_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། ད་ལྟར་བཅོམ་ལྡན་འདས་དེ་བཞུགས་ཀྱིས། ཁྱིམ་བདག་ཁྱོད་འདོད་ན། བཅོམ་ལྡན་འདས་ག་ལ་བ་དེར་སོང་ལ་དེར་ཕྱིན་ནས། བཅོམ་ལྡན་འདས་ལ་དོན་འདི་དྲིས་ལ། བཅོམ་ལྡན་འདས་དེས་ཁྱོད་ལ་ཇི་སྐད་དུ་ལུང་བསྟན་པ་དེ་བཞིན་དུ་ཟུང་ཤིག་ཅེས་སྨྲས་ནས། ལྷ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་རྨོངས་པ་བཅོམ་ལྡན་འདས་ལ་བལྟ་འདོད་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཡུལ་ཤུར་པར་ཀའི་ཚོང་པ་མང་པོ་དེ་དག་ཟོང་ཁྱེར་ཏེ། མཉན་དུ་ཡོད་པར་དོང་ནས། དེ་དག་དེར་དོང་བས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་པར་གྱུར་ཏེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ནས། དེ་དག་ཕྱི་ཞིག་ན་ཟོང་དང་རིན་རྣམས་ཁྱེར་ཏེ་ཡུལ་ཤུར་པ་ར་ཀར་འོངས་ནས། དེ་དག་གིས་ཁྱིམ་བདག་རྨོངས་པའི་མདུན་དུ། སངས་རྒྱས་དང་ཆོས་ཀྱི་བསྔགས་པ་བརྗོད་དོ། །འདི་སྐད་ཅེས་ཀྱང་སྨྲས་ཏེ། བཅོམ་ལྡན་འདས་དེ་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཡིན་གྱི། དེ་བལྟ་བའི་ཕྱིར་ཁྱོད་སོང་ཤིག་དང་། དེས་ཁྱོད་ཀྱི་ལུས་དང་སེམས་ཀྱི་ནད་གསོ་བར་འགྱུར་རོ། །དེ་ནས་དེས་ཚིག་དེ་ཐོས་ནས་ལྷག་པར་ཡང་བཅོམ་ལྡན་འདས་ཀྱི་ཐད་དུ་བལྟར་འགྲོ་བའི་སྤྲོ་བ་སྐྱེས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་རྨོངས་པས་རྒྱགས་མང་པོ་ཁྱེར་ཏེ། བཞོན་པ་བཟང་པོ་ལ་ཞོན་ནས་ཡུལ་ཤུར་པ་ར་ཀའི་ས་ནས་བར་ཞག་གིས་མཉན་དུ་ཡོད་པར་ཕྱིན་ཏེ། དེ་ཇི་སྲིད་དུ་བཞོན་དུ་རུང་བའི་ས་དེ་སྲིད་དུ་བཞོན་པས་སོང་ནས། བཞོན་པ་ལས་བབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། ཁྱིམ་བདག་རྨོངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་རྣག་ཅན་གྱི་ལུས་འདི་དམན་པར་གྱུར་པ། ངོ་ཚ་བར་གྱུར་པས་ན་སྤང་བར་འཚལ་ལོ། །སྨད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ལུས་འདི་ནི་ནད་ལྟ་བུ་ཡིན་ནོ། །ཕོལ་མིག་ལྟ་བུ་ཡིན་ནོ། །ཟུག་


DKG074_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྔུ་ལྟ་བུ་ཡིན་ནོ་ཞེས་བཀའ་སྩལ་ཏེ། བཅོམ་ལྡན་འདས་ཀྱིས་ཕུང་པོ་འདི་ཉིད་ལས་བརྩམས་ནས། དེ་ལ་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱིམ་བདག་རྨོངས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་བསམས་པ། གལ་ཏེ་བདག་གི་ལུས་འདི་ཁོ་ན་ལྟ་བུར་མ་གྱུར་ན། བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་སྟེ། ཆུ་བོ་རྣམས་ལས་ཡང་དག་པར་བརྒལ་བར་བྱ་བ་དང་། སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར། བརྩོན་པ་དང་། བསྒྲུབ་པ་དང་། འབད་པར་བྱ་བ་ཞིག་གུ་སྙམ་མོ། །དེ་ལྟར་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་ཁྱིམ་བདག་དེའི་ལུས་ལག་མཐིལ་བཞིན་དུ་རྨ་མེད་པར་གྱུར་ཏོ། །དེ་ནས་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བར་གྱུར་ཏོ། །དེ་ནས་དེ་དགའ་བར་གྱུར་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་། སོ་


DKG074_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་རྨོངས་པ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གྱོན་ཏེ། ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་བ་ལས། བ་དྲུས་མས་བརྡུངས་ཏེ་བསད་ནས། དེ་འཆི་ཀར་དབང་པོ་རྣམས་རྣམ་པར་དང་ཞིང་། བཞིན་གྱི་མདོག་ཡོངས་སུ་དག་པ་ལ་པགས་པའི་མདོག་དཀར་པོར་གྱུར་ཏོ། །དེ་ནས་དགེ་སློང་མང་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གྱོན་ཏེ། ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་དོང་བ་ལས་དགེ་སློང་མང་པོ་མཉན་དུ་ཡོད་པར་བསོད་སྙོམས་ལ་དོང་བ་རྣམས་ཀྱིས་ཡུལ་ཤུར་པ་ར་ཀའི་ཁྱིམ་བདག་རྨོངས་པ་ཞེས་བྱ་བ་གང་ཡིན་པ་དེ། བ་དྲུས་མས་བརྡུངས་ཏེ་བསད་ནས་དེ་འཆི་ཀར་དབང་པོ་རྣམས་རྣམ་པར་དང་ཞིང་བཞིན་གྱི་མདོག་ཡོངས་སུ་དག་སྟེ། པགས་པའི་མདོག་དཀར་བར་གྱུར་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དགེ་སློང་མང་པོ་རྣམས་མཉན་དུ་ཡོད་པར་བསོད་སྙོམས་བླངས་ཏེ། ཟན་ཟོས་ནས་ཟས་ཕྱིས་ལེན་པ་སྤངས་ནས། ལྷུང་བཟེད་དང་ཆོས་གོས་བཞག་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། དགེ་སློང་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཅག་དགེ་སློང་མང་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་འཚལ་ཏེ། ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་མཆིས་པ་ལས། ཡུལ་ཤུར་པ་ར་ཀའི་ཁྱིམ་བདག་རྨོངས་པ་ཞེས་བགྱི་བ་དེ། བ་དྲུས་མས་བརྡུངས་ཏེ་བཀུམ་ནས། དེ་འགུམ་ཀར་དབང་པོ་རྣམས་རྣམ་པར་དང་ཞིང་བཞིན་གྱི་མདོག་ཡོངས་སུ་དག་སྟེ། པགས་པའི་མདོག་དཀར་བར་གྱུར་ཏོ་ཞེས་ཐོས་ལགས་ན། དེའི་འགྲོ་བ་ནི་གང་ལགས། དེའི་སྐྱེ་གནས་ནི་གང་ལགས། འགྲོ་བའི་ས་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་


DKG074_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དག་རིགས་ཀྱི་བུ་དེ་ནི་ངའི་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་རྟོགས་པས་ན་ནོར་དུ་གྱུར་པ་ཡིན་ནོ། །དགེ་སློང་དག་རིགས་ཀྱི་བུ་དེ་མྱ་ངན་ལས་འདས་ཀྱིས། འདིའི་རུས་བུ་ལ་རུས་བུའི་མཆོད་པ་གྱིས་ཤིག །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྨོངས་པ་མཆོག་ཏུ་གྱུར་པར་ལུང་བསྟན་ནས། དགེ་སློང་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་མཉན་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ནས། དེ་དག་གིས་དེའི་རུས་བུ་ལ་རུས་བུའི་མཆོད་པ་བྱས་ཏེ། རུས་བུའི་མཆོད་རྟེན་བརྩིགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚེ་དང་ལྡན་པ་རྨོངས་པས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། བ་དྲུས་མས་བརྡུངས་ཏེ་བཀུམ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་དེ་ལྟ་བུ་བྱས་ཤིང་བསགས་པའི་སྟེང་དུ་ལྷག་པར་ཡང་ངའི་སྨོན་ལམ་ལས་གྱུར་ཏེ། པུསྐ་རའི་སྔོན་གྱི་རྒྱུད་ལས་བྱུང་བ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །གསོལ་པ། བཙུན་པ་ཚེ་དང་ལྡན་པ་རྨོངས་པས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ལུས་རྨའི་ཞུ་ལུབ་ཏུ་ཡོག་པར་གྱུར་ཏེ། འདིའི་ལུས་ལས་རྣག་ཁྲག་འཛག་ཅིང་འདིའི་ལུས་ལས་དྲི་ང་བ་འབྱུང་བར་འགྱུར་ལ། འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ཏེ། རབ་ཏུ་བྱུང་བའི་སེམས་བསྐྱེད་མ་ཐག་ཏུ། དེའི་ལུས་ལ་རྨ་མ་མཆིས་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདིས་ལས་དེ་དག་བྱས་ཤིང་བསགས་པས་ན། འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་


DKG074_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་ར་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཞིག་རྒྱལ་པོ་བྱེད་དེ། དེའི་ཚེ་བཱ་ར་ཎ་སཱི་ན་ཁྱིམ་བདག་གཉིས་ཤིག་གནས་པ་ལས་དེ་གཉིས་ཕན་ཚུན་འགྲས་ནས། དེའི་ནང་ནས་གཅིག་གིས་རྒྱལ་པོ་ལ་ནོར་མང་པོ་ཞིག་ཕུལ་ཏེ། ཁྱིམ་བདག་ཅིག་ཤོས་རྒྱལ་པོ་ལ་བརྙས་ནས་དེ་རྒྱལ་པོ་ཚངས་པས་བྱིན་གྱིས་ཤགས་འགྱེད་པའི་ཚེ་གཡོ་ཤགས་ཀྱིས་ཕམ་པར་བྱས་ནས་ཁྱིམ་བདག་དེ་ལ་བྱིན་ཏེ། དེས་དེ་རང་གི་ཁྱིམ་དུ་ཁྲིད་ནས་ལྕག་གིས་ཞེན་པར་གཞུས་ནས། ལྕག་རྨ་དེ་དག་གི་ནང་དུ་དུག་གི་ཕྱེ་མས་གཏོར་ཏེ། དེའི་ལུས་དེ་ཤ་སྣག་བུ་བཞིན་དུ་གྱུར་ནས། དེ་ཕུ་ནུ་རྣམས་ཀྱིས་ནོར་མང་པོ་ཞིག་གིས་བླུས་ཏེ། སྨན་པའི་ལུང་གིས་དེའི་ལུས་སོས་པར་བྱས་སོ། །དེ་ནས་ཕྱི་ཞིག་ན་དེ་སྐྱོ་བ་སྐྱེས་ནས་བདག་ཁྱིམ་ན་གནས་པས་ཆོག་གིས། དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོའོ་སྙམ་སྟེ། སྦྱིན་བདག་སྦྱིན་ཞིང་བསོད་ནམས་དག་བྱས་ནས། དཀའ་ཐུབ་ཀྱི་ནགས་ཚལ་དུ་རྟེན་བཅས་སོ། །དེ་དེར་སོང་ནས་སློབ་དཔོན་མེད་པ་དང་། མན་ངག་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དྲན་པར་བྱས་ནས། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེ་ནས་དེས་བསམས་པ། ཁྱིམ་བདག་དེས་བདག་གི་རྒྱུད་ལས་བསོད་ནམས་མ་ཡིན་པ་ཆེན་པོ་བསྐྱེད་ཀྱིས། བདག་སོང་ལ་ཁྱིམ་བདག་དེའི་ར་མདའ་བྱའོ་སྙམ་ནས། གནས་དེ་ཉིད་ནས་ནམ་མཁའ་ལས་ཁྱིམ་བདག་དེ་ག་ལ་བ་དེར་སོང་ནས། འབར་བ་དང་། ལམ་མེར་འདུག་པ་དང་། ཆར་


DKG074_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་པ་དང་། གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ཏོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་འགྱུར་ཏེ། དེ་སྡོང་པོ་སོག་ལེས་བཅད་པ་བཞིན་དུ་དེའི་རྐང་པ་ལ་ཕྱག་འཚལ་ཏེ། སྨྲས་པ། སྐལ་བ་ཆེན་པོ་མར་སྤྱོན། བདག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་དུ་གསོལ་ཞེས་བྱས་སོ། །དེ་ནས་དེ་ཁོ་ན་ལ་སྙིང་བརྩེ་བའི་ཕྱིར་ས་ལ་བབས་ནས། དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ། བཟོད་པ་གསོལ་ནས་སྨྲས་པ། འཕགས་པ་ཁྱོད་ཀྱང་བསོད་སྙོམས་བཞེད་ལ། བདག་ཀྱང་བསོད་ནམས་འཚལ་བས། བདག་གི་སྐྱེད་མོས་ཚལ་འདི་ཉིད་དུ་བཞུགས་ཤིག་དང་། བདག་གིས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིའོ། །དེ་ནས་རང་སངས་རྒྱས་དེས་ཁྱིམ་བདག་དེ་ལ་ཅང་མི་སྨྲ་བས་གནང་ངོ་། །དེ་ནས་ཁྱིམ་བདག་དེས་རང་སངས་རྒྱས་དེའི་ཕྱིར་ཡལ་ག་དང་ལོ་མའི་སྤྱིལ་པོ་ཕུབ་ནས། ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་རང་སངས་རྒྱས་དེས་བསམས་པ། བདག་གིས་རྣག་ཅན་གྱི་ལུས་འདིས་བྱ་བ་གང་ཡིན་པ་དེ་ནི་བདག་གིས་བྱས་ཟིན་གྱིས། མ་ལ་བདག་ཞི་བའི་དབྱིངས་སུ་འཇུག་པར་བྱའོ་སྙམ་ནས། འབར་བ་དང་། ལམ་མེར་འདུག་པ་དང་། ཆར་འབབ་པ་དང་། གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ནས། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ཁྱིམ་བདག་དེས་དེའི་སྐུ་གདུང་ལ་མཆོད་པ་བྱས་ནས། སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ། མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ནས། སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཤིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཡོན་ཏན་འདི་ལྟ་བུ་དག་ཀྱང་བདག་གིས་ཐོབ་པར་ཤོག་ཤིག །བདག་གིས་འདི་ལ་གནོད་པར་བྱས་པའི་ལས་དེ་བདག་ལ་འོང་བར་མ་གྱུར་ཅིག །ཅི་སྟེ་ལས་འདིའི་རྣམ་པར་སྨིན་པ་བདག་ལ་གདོན་མི་


DKG074_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བར་འོང་བར་གྱུར་ན་ཡང་། རབ་ཏུ་བྱུང་བའི་སེམས་བསྐྱེད་མ་ཐག་ཏུ། བདག་གི་བཀྲ་མི་ཤིས་པ་དེ་མེད་པར་གྱུར་ཏེ། བཀྲ་ཤིས་པ་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་རྨོངས་པ་འདི་ཁོ་ན་ཡིན་ཏེ། དེས་ཁྱིམ་བདག་དེའི་ལུས་ལ་ལྕག་གིས་གཞུས་ནས། དུག་གི་ཕྱེ་མས་གཏོར་བའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་ལུས་འདི་ལྟ་བུར་གྱུར་ཏོ། །དེས་ཕྱིར་ཡང་རང་སངས་རྒྱས་དེ་ལ་བཀུར་སྟི་བྱས་ནས། སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་རང་སངས་རྒྱས་བྱེ་བ་ཕྲག་འབུམ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ང་ལྟ་བུ་འདིས་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་དེའི་བཀྲ་མི་ཤིས་པ་མེད་པར་གྱུར་ནས། བཀྲ་ཤིས་པ་བྱུང་བར་གྱུར་ཏེ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་སྟེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།བྲམ་ཟེ་གསུམ་ཞེས་བྱ་བ་དེ་ལ། བྲམ་ཟེ་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་གིས་མཆོད་སྦྱིན་བྱ་བར་བརྩམས་ཏེ། མཆོད་སྦྱིན་བྱེད་པ་དེར་རྒྱལ་ཁམས་ཐ་དད་པའི་བྲམ་ཟེ་རྣམས་འདུས་པར་གྱུར་ཏེ། དེ་དག་གིས་བསམས་པ། མཆོད་སྦྱིན་བྱེད་པ་གང་དུ་འཐབ་མོ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པ་འབྱུང་བའི་མཆོད་སྦྱིན་དེ་ནི་མི་འགྲུབ་བོ་སྙམ་མོ། །དེ་ནས་ཕྱི་ཞིག་ན་མཆོད་སྦྱིན་བྱེད་པ་དེར་ལྗོངས་ན་གནས་པའི་བྲམ་ཟེ་དང་། མཐིལ་ན་གནས་པའི་བྲམ་ཟེ་ཡོན་གྱི་ཕྱིར་འདུས་པ་རྣམས་འཐབ་མོ་བྱུང་ནས། མཐིལ་


DKG074_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ན་གནས་པའི་བྲམ་ཟེ་རྣམས་ཀྱིས་སྨྲས་པ། ཁྱེད་ནི་ཞིང་བླས་ཀྱིས་འཚོ་བ་ཚོལ་བ་ཡིན་པས་ན། ཡོན་འདི་རྣམས་ནི་ཁྱོད་ལ་འོས་པ་མ་ཡིན་ནོ། །ངེད་ནི་ཡོན་གནས་ཡིན་པས་ན། ཡོན་འདི་རྣམས་ནི་ངེད་ལ་འོས་སོ་ཞེས་ཟེར་རོ། །ལྗོངས་ན་གནས་པ་རྣམས་ན་རེ། ཀྱེ་ཁྱོད་རྣམས་ཀྱང་རྒྱལ་པོའི་དཔའ་བོ་ལ་བསྟེན་པ་ཡིན་པས་ན། ཁྱོད་ནི་ཡོན་གྱི་གནས་མ་ཡིན་གྱི་ངེད་ནི་ཡོན་གནས་ཡིན་པས། ཡོན་གྱི་འོས་ཡིན་ནོ་ཞེས་ཟེར་ནས། དེ་དག་དེར་འཐབ་མོ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པས་གཡེམ་སྤྱོ་ཞིང་འཁོད་པའི་སྐབས་སུ། བྲམ་ཟེ་གཞན་ཞིག་གིས་མཆོད་སྦྱིན་བྱེད་པའི་གནས་དེ་ནས་གསེར་དང་། དངུལ་དང་། བཟའ་བ་དང་། བཅའ་བ་མང་པོ་ཁྱེར་ཏེ་བྲོས་པ་ལས། དེ་བྲམ་ཟེ་དེ་དག་གིས་བཟུང་ནས་ཁུ་ཚུར་དང་། རྡོག་པ་དག་གིས་ཤིན་ཏུ་ཞེན་པར་བརྡེགས་ཏེ་བོར་རོ། །དེ་ནས་དེ་བརྡེགས་བཙོགས་པས་འཆི་བས་འཇིགས་ཤིང་སྐྲག་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་སོ། །དེ་དེར་ཞུགས་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱོད་ལམ་མཛེས་ཤིང་སྒྲ་བསྐྱུངས་ཏེ། ཅ་ཅོ་མེད་པར་འཁོད་པ་མཐོང་ངོ་། །མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགའ་བར་གྱུར་ཏོ། །དེ་དགའ་བར་གྱུར་ནས་བསམས་པ། བདག་བྲམ་ཟེ་བྱེད་པས་ཆོག་གིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བར་བྱའོ་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་


DKG074_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེས་དགྲ་བཅོམ་པ་ཉིད་ཐོབ་ནས་བསམས་པ། བདག་གིས་གདུལ་བར་བྱ་བ་འགའ་ལྟ་ཅི་ཡོད་སྙམ་སྟེ། དེས་བལྟས་ན་མཆོད་སྦྱིན་གྱི་བདག་པོ་ལ་སོགས་པ། བྲམ་ཟེ་སྟོང་ཕྲག་མང་པོ་འདུལ་བར་འགྱུར་བ་མཐོང་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ། གནས་དེ་ཉིད་ནས་ནམ་མཁའ་ལ་མཆོད་སྦྱིན་གྱི་གནས་དེར་སོང་ནས་མཆོད་སྦྱིན་གྱི་བདག་པོ་དང་། བྲམ་ཟེ་གཞན་དེ་དག་གིས་དགེ་སློང་དེ་སྟེང་གི་ནམ་མཁའ་ལས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་དགེ་སློང་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་དེ་རྣམས་ཀྱིས་པང་གིས་འཁྱུད་དེ་སྟན་ལ་བཞག་ནས། རྐང་པ་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །དེ་ནས་དགེ་སློང་དེས་དེ་དག་ལ་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་མཆོད་སྦྱིན་གྱི་བདག་པོ་དང་། བྲམ་ཟེ་དེ་དག་གིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྲམ་ཟེ་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། འདིས་སྨོན་ལམ་གང་དུ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་


DKG074_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་ར་ཎ་སཱི་ན་བྲམ་ཟེ་ཞིག་གནས་པ་ལས། གཏན་ཚིགས་སྔ་མ་བཞིན་དུ་གྱུར་ཏེ། རབ་ཏུ་བྱུང་ནས་དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་། ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི། བྲམ་ཟེ་འདི་ཁོ་ན་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།བྲམ་ཟེ་གཉིས་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་


DKG074_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་བཙས་ཏེ། རིགས་དང་འཐུན་པར་མིང་བཏགས་ནས། དེ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། དེ་ཡི་གེ་བསླབས་སོ། །བྲམ་ཟེ་རྣམས་ཀྱི་ལུགས་ཀྱིས་ན། ཚེས་བརྒྱད་དང་བཅོ་ལྔའི་ཉིན་པར་བསང་བར་བྱེད་དེ། རེས་འགའ་ནི་གྲོང་ཁྱེར་ལྟར་འགྲོའོ། །རེས་འགའ་ནི་མུ་སྟེགས་ལྟར་འགྲོ་བའམ། ལྷ་ལྟར་འགྲོ་བའམ། ཡམ་ཕྲེག་ཤིང་ཐུར་འགྲོའོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེའི་ཁྱེའུ་དེས་བསང་དུས་ལ་བབ་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་ནང་ན་བཞུགས་ཤིང་ཆོས་སྟོན་ཏེ། བྲམ་ཟེའི་ཁྱེའུ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་རྐྱེན་དང་འཚམ་པའི་ཆོས་བསྟན་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་གནས་པར་བྱས་སོ། །དེ་ནས་དེས་བཅོམ་ལྡན་འདས་ཀྱི་གཏམ་གྱི་མཇུག་རྫོགས་པར་རིག་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་ཕྱི་ཞིག་ན་བྲམ་ཟེའི་ཁྱེའུ་དེས་མཆོད་སྦྱིན་བྱ་བར་བརྩམས་ནས། བྲམ་ཟེའི་ཁྱེའུ་མཆོད་སྦྱིན་གྱི་གནས་ན་འདུག་པས་བསམས་པ། གལ་ཏེ་བཅོམ་ལྡན་འདས་མཆོད་སྦྱིན་གྱི་གནས་འདིར་གཤེགས་ཏེ། ལོངས་སྤྱོད་པར་མཛད་ཅིང་། བཅོམ་ལྡན་འདས་གྲལ་གྱི་གཙོ་ལ་བཞུགས་ན་མཆོད་སྦྱིན་གྱི་གནས་མཛེས་པར་འགྱུར་རོ་སྙམ་ནས་དེས་བསམས་པ། བཅོམ་ལྡན་འདས་སྤྱན་དྲངས་ཏེ། ཀྱེ་མ་བཅོམ་ལྡན་འདས་མཆོད་སྦྱིན་གྱི་གནས་


DKG074_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ལོངས་སྤྱོད་ཅིང་གཤེགས་པར་གྱུར་ཅིག་ཅེས་བསམས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་སེམས་བསྐྱེད་མ་ཐག་ཏུ། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ། མཆོད་སྦྱིན་གྱི་གནས་སུ་གཤེགས་ནས། མི་སྣང་བར་བྲམ་ཟེ་ཐམས་ཅད་ཀྱི་གྲལ་གྱི་གཙོ་ལ་བཞུགས་སོ། །བྲམ་ཟེའི་ཁྱེའུ་དེས་ནི་སངས་རྒྱས་བཅོམ་ལྡན་འདས་གྲལ་གྱི་གཙོ་ལ་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་བྲམ་ཟེའི་ཁྱེའུ་དེས་བཅོམ་ལྡན་འདས་བདེ་བར་བཞུགས་པར་རིག་ནས། བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་མཆོད་སྦྱིན་གྱི་གནས་དེ་ལོངས་སྤྱོད་ནས། མི་སྣང་བར་བྲམ་ཟེ་ཐམས་ཅད་ལ་འོད་ཟེར་བཏང་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་སོ། །དེ་ནས་བྲམ་ཟེ་དེ་དག་གིས་མཆོད་སྦྱིན་གྱི་གནས་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་ན་རེ་བདག་ཅག་གི་མཆོད་སྦྱིན་གྲུབ་པོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་བདག་ཅག་གི་མཆོད་སྦྱིན་གྱི་གནས་སུ་མི་མཇེད་ཀྱི་བདག་པོ་ཚངས་པ་བྱུང་ངོ་ཞེས་ཟེར་རོ། །གཞན་ཁ་ཅིག་ན་རེ་འདི་ཚངས་པ་མ་ཡིན་གྱིས། དབང་ཕྱུག་དེ་བདག་ཅག་གི་མཆོད་སྦྱིན་གྱི་གནས་སུ་གཤེགས་སོ་ཞེས་ཟེར་རོ། །གཞན་ཁ་ཅིག་ན་རེ་འདི་ཚངས་པ་ཡང་མ་ཡིན། དབང་ཕྱུག་ཀྱང་མ་ཡིན་གྱིས། ཁྱབ་འཇུག་དེ་བདག་གི་མཆོད་སྦྱིན་གྱི་གནས་འདིར་བྱུང་ངོ་ཞེས་ཟེར་རོ། །བྲམ་ཟེའི་ཁྱེའུ་ན་རེ་ཁྱོད་རྣམས་ཐམས་ཅད་ནི་བསླུས་པ་ཡིན་ཏེ། མཆོད་སྦྱིན་གྱི་གནས་འདིར་ནི་བཅོམ་ལྡན་འདས་གཤེགས་སོ་ཞེས་ཟེར་རོ། །དེ་ནས་བྲམ་ཟེ་རྣམས་བྲམ་ཟེའི་ཁྱེའུ་ལ་ཡིད་མ་ཆེས་ནས། བྲམ་ཟེའི་ཁྱེའུས་སྨྲས་པ། བདག་གིས་སང་ནང་པར་ཁྱེད་ཀྱི་མངོན་སུམ་དུ་འགྱུར་བར་བྱའོ་ཞེས་བྱས་ནས། བྲམ་ཟེའི་ཁྱེའུ་དེས་ཕྱི་ཉིན་བྲམ་ཟེ་ཐམས་ཅད་འཚོགས་པའི་ནང་དུ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་བཙུགས་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལོགས་སུ་ཕྱོགས་ཏེ། ཐལ་མོ་སྦྱར་ནས་སེམས་བསྐྱེད་དེ་ཚིག་ཏུ་སྨྲས་པ། བཙུན་པ་བཅོམ་ལྡན་འདས་ནི་འདི་ལྟ་སྟེ། འདས་པ་


DKG074_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཅི་ཡང་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མི་མངའ་ན། ཀྱེ་མ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་། ཐབས་ཅིག་ཏུ་བདག་གི་མཆོད་སྦྱིན་གྱི་གནས་འདིར་གཤེགས་ཏེ་ལོངས་སྤྱོད་པར་གསོལ་ཞེས་བྱས་སོ། །དེ་ནས་དེ་སྐད་ཅེས་བརྗོད་པའི་མོད་ལ། བཅོམ་ལྡན་འདས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ནམ་མཁའ་ལས་མཆོད་སྦྱིན་གྱི་གནས་དེར་གཤེགས་ཏེ། མི་སྣང་བར་བྲམ་ཟེ་དེ་རྣམས་ཀྱིས་གདན་བཤམས་པ་ལ་བཞུགས་ནས། བྲམ་ཟེའི་ཁྱེའུ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་མཆོད་སྦྱིན་གྱི་གནས་ཀྱི་དབུས་སུ་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་མཉེས་པར་བྱས་སོ། །དེ་ནས་བྲམ་ཟེ་རྣམས་ན་རེ་ཁྱེའུ་འདི་ནི་སྨྱོས་ཏེ་གཅིག་པུ་ཅི་ཡང་བླ་ཞིང་འདུག་གོ་ཞེས་ཟེར་རོ། །དེ་ནས་བྲམ་ཟེའི་ཁྱེའུས་སྨྲས་པ། བདག་ནི་སྨྱོས་པ་མ་ཡིན་གྱི། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱིས་ཞམ་རིང་བྱས་ཏེ། མཆོད་སྦྱིན་གྱི་གནས་ཀྱི་དབུས་ན་བཞུགས་སོ་ཞེས་བྱས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་དེ་སྐད་བརྗོད་མ་ཐག་ཏུ། ཅི་ནས་བྲམ་ཟེ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར། མཆོད་སྦྱིན་གྱི་གནས་ཀྱི་དབུས་ན་བཞུགས་པར་མཐོང་བར་འགྱུར་བ་དེ་ལྟ་བུར་བཞུགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་དུ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཟའ་བ་དང་། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ། ཅི་བཞེད་པ་བསྟབས་ནས་བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། བསྩང་སྡེར་ནི་གྱུ། ཕྱག་ནི་བཅབས་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན།


DKG074_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་འཛིན་དུ་བཅུག།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས། གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་བྲམ་ཟེ་རྣམས་གཞི་དེ་ལས་ཁྲོ་བའི་ཀུན་ནས་དསྲེས་པ་ཆེན་པོ་སྐྱེས་ཏེ། ངེད་ཀྱི་ཕྱིར་བཟའ་བ་དང་བཅའ་བ་བཤམས་པ་དེ་དག་དགེ་སྦྱོང་གཽ་ཏ་མ་ལ་བྱིན་ནོ་ཞེས་ཟེར་ཞིང་དེ་དག་ཁྲོས་པས་བྲམ་ཟེའི་ཁྱེའུ་དེ་གསད་པར་བྱས་པ་ལས་བྲོས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ན། འོན་ཀྱང་བྲམ་ཟེའི་ཁྱེའུ་དེ་དག་དེའི་ཕྱི་བཞིན་དུ་འབྲངས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་དུ་སོང་ནས་སྨྲས་པ། བདག་ཅག་གིས་འདི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གསད་པར་མི་ནུས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཡོངས་སུ་གཟུང་བ་ཡིན་པའི་སྟེང་དུ། རྒྱལ་པོ་གསལ་རྒྱལ་གྱིས་ཁྲིམས་བཅས་སོ་སྙམ་དུ་རིག་ནས་ཕྱིར་ལོག་གོ །བྲམ་ཟེའི་ཁྱེའུ་དེ་ནི་འཇིགས་ཤིང་སྐྲག་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་བྲམ་ཟེའི་ཁྱེའུ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་ནས། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ལས་ཕྱུང་སྟེ། ལྷ་དང་མི་རྣམས་ཀྱི་ནང་དུ་གོམ་པ་འདོར་དུ་སྩལ་བ་དང་། འཁོར་བའི་མཐས་གཏུགས་པ་དང་། ཁྲག་དང་མཆི་མའི་རྒྱ་མཚོ་རྣམས་སྐམས་པ་དང་། རུས་པའི་རི་བོ་རྣམས་ལས་བསྒྲལ་བ་དང་། ཐོག་མ་མ་མཆིས་པའི་དུས་ནས་


DKG074_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མཛད་པ་འདི་ལྟ་བུ་ནི། བདག་ཅག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་མང་པོ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་བྲམ་ཟེའི་ཁྱེའུ་འདི་བྲམ་ཟེ་རྣམས་ཀྱིས་འགུམ་པར་ཆད་པ་ལས། དེ་འཇིགས་ཤིང་སྐྲག་ནས་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་བྲམ་ཟེའི་ཁྱེའུ་འདི་བྲམ་ཟེ་འདི་དག་ཁོ་ནས་གསད་པར་བྱས་པ་ལས། འདི་འཇིགས་ཤིང་སྐྲག་ནས་རབ་ཏུ་བྱུང་སྟེ། འདི་ལྟར་ཚེ་གཅིག་གི་བར་དུ་ཚངས་པར་སྤྱོད་པ་སྤྱད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་


DKG074_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་ར་ཎ་སཱི་ན་བྲམ་ཟེ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་དེ་ལ་བུ་ཡང་མེད། བུ་མོ་ཡང་མེད་དེ། ཕྱི་ཞིག་ན་དེའི་ལག་པ་ལ་རྐོམ་ཚུགས་བཅས་ཏེ། བསམ་པ་འདི་ལྟར་བདག་གི་ཁྱིམ་ན་ནོར་དང་། གསེར་དང་ལྡན་པར་འདུག་ཀྱང་བུ་ཡང་མེད། བུ་མོ་ཡང་མེད་པས། བདག་ཤི་སྟེ་དུས་ལས་འདས་པའི་འོག་ཏུ་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་ལ། བདག་ལ་བུ་མེད་པས་འཇིག་རྟེན་དུ་ཡང་རུང་བར་མི་འོང་ངོ་སྙམ་ནས། སེམས་ཁོངས་སུ་ཆུད་ནས་འདུག་གོ །དེ་ནས་དེས་འདི་ལྟ་བུར་ཡི་དམ་བཅས་ཏེ། གལ་ཏེ་བདག་གི་བུ་སྐྱེས་པར་གྱུར་ན་མཆོད་སྦྱིན་དུ་བྱས་ཏེ། བྲམ་ཟེ་རྣམས་ལ་ཡོན་མང་པོ་དབུལ་བར་བྱའོ་ཞེས་ཟེར་ཞིང་དེ་བུ་སྐྱེར་རེ་ཞིང་འདུག་སྟེ། དེ་རིང་ངམ་སང་དུ་བདག་གི་བུ་སྐྱེ་བར་འགྱུར་རོ་སྙམ་སེམས་བཞིན་དུ། དེའི་ངང་དུ་བྲམ་ཟེ་རྒས་ནས་བུ་ཡང་མེད། བུ་མོ་ཡང་མེད་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེས་བསམས་པ། བདག་ལ་བུ་ཡང་མེད། བུ་མོ་ཡང་མེད་པས། སྦྱིན་པ་གཏོང་བ་མ་བྱས་ལ་བདག་ཀྱང་རྒས་ཀྱིས། ད་ནི་བདག་གི་བུ་སྐྱེས་ཀྱང་རུང་། མི་སྐྱེ་ཡང་རུང་སྟེ། སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱའོ་སྙམ་མོ། །དེ་ནས་ཕྱི་ཞིག་ན་དེས་མཆོད་སྦྱིན་བྱས་ཏེ། བྲམ་ཟེ་རྣམས་ལ་ཡོན་མང་པོ་ཕུལ་བས། ཡོན་དེ་དག་འགྱེད་པའི་ཚེ། འཐབ་མོ་ཆེན་པོ་བྱུང་སྟེ། མཆོད་སྦྱིན་གྱི་བདག་པོས་འཐབ་མོ་ཞི་བར་བྱའོ་ཞེས་བྱས་ནས། བྲམ་ཟེ་རྣམས་ཀྱིས་དེ་ཉིད་ཀྱི་སྟེང་དུ་བརྒྱུགས་ཏེ་གསད་དོ་སྙམ་པ་ལས། དེ་འཇིགས་ཤིང་སྐྲག་ནས་དྲང་སྲོང་སྨྲ་བའི་གནས་སུ་སོང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་དེར་རབ་ཏུ་བྱུང་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་


DKG074_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་དེའི་ཚེ་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི་བྲམ་ཟེའི་ཁྱེའུ་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་བྲམ་ཟེ་རྣམས་ཀྱིས་གསད་པར་བྱས་པ་ལས། འདི་འཇིགས་ཤིང་སྐྲག་ནས་རབ་ཏུ་བྱུང་སྟེ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ། བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་། ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ད་ལྟར་ཡང་འདི་བྲམ་ཟེ་རྣམས་ཀྱིས་གསད་པར་བྱས་པ་ལས། འདི་འཇིགས་ཤིང་སྐྲག་ནས་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།བྲམ་ཟེ་གསུམ་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན། བྲམ་ཟེ་ཞིག་གིས་མཆོད་སྦྱིན་བྱས་ནས། གསེར་དང་དངུལ་མང་པོ་བྲམ་ཟེ་རྣམས་ལ་ཡོན་དུ་ཕུལ་བ་ལས། དེ་དག་ཡོན་འགྱེད་པའི་ཚེ། འཐབ་མོ་ཆེན་པོ་བྱུང་ནས། དེར་ལྗོངས་ན་གནས་པའི་བྲམ་ཟེ་རྣམས་ན་རེ། ཁྱེད་ནི་རྒྱལ་པོའི་དཔའ་བོ་རྣམས་ལ་བརྟེན་པ་ཡིན་གྱི། ངེད་


DKG074_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡོན་གནས་ཡིན་ཏེ། ཡོན་དབུལ་བའི་འོས་ཡིན་པས་ན། ཡོན་ཉི་རིམ་དུ་དབང་ངོ་ཞེས་ཟེར་རོ། །མཐིལ་ན་གནས་པའི་བྲམ་ཟེ་རྣམས་ན་རེ། ཁྱོད་ནི་ཞིང་བླས་ཀྱིས་འཚོ་བ་ཚོལ་བ་ཡིན་གྱི། ངེད་ནི་ཡོན་གནས་ཡིན་ཏེ། ཡོན་དབུལ་བའི་འོས་ཡིན་པས་ན། ཡོན་ཉི་རིམ་དུ་དབང་ངོ་ཞེས་ཟེར་རོ། །དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་། ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་། འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས། ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །


DKG074_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་མཉན་དུ་ཡོད་པ་ན་གནས་པའི་བྲམ་ཟེ་རྣམས་འདུལ་བའི་དུས་ལ་བབ་པར་དགོངས་ནས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ས་དེ་ཉིད་ནས་ནམ་མཁའ་ལས་མཆོད་སྦྱིན་གྱི་གནས་དེར་གཤེགས་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་ཏེ། དེ་མཐོང་མ་ཐག་ཏུ་དེ་རྣམས་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་དག་ལ་བཀའ་སྩལ་པ། གྲོགས་པོ་དག་ཆད་པ་དྲག་པོ་རྣམ་པ་ལྔའི་གཞིར་འགྱུར་བའི་འཐབ་མོའི་རྩ་བ་འདིའི་ཕྱིར་འཐབ་ཏུ་ཅི་ཡོད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་ཆགས་པ་དེ་ཉིད་སྤངས་པ་ལས་བརྩམས་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་བྲམ་ཟེ་བརྒྱ་ཕྲག་དུ་མ་དག་གིས་སྟན་དེ་ཉིད་ལ་འཁོད་བཞིན་དུ། ཁ་ཅིག་གིས་ནི་དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་སྤྱི་བོ་དང་བདེན་པ་དང་འཐུན་པའི་བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་དང་མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་དང་། ཁ་ཅིག་གིས་ནི་བརྒྱ་བྱིན་དུ་འགྱུར་བ་དང་། ཁ་ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་


DKG074_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབ་པར་བྱས་ཏེ་བཀོད་ནས། གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྲམ་ཟེ་འདི་རྣམས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཁ་ཅིག་གིས་ནི་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས། ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་དུ་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ། འདི་རྣམས་ལས་ཁ་ཅིག་ནི་དགེ་བསྙེན་དུ་གྱུར་ཏོ། །ཁ་ཅིག་ནི་རབ་ཏུ་བྱུང་ནས་དེར་དེ་དག་གི་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བསྲུངས་ཏེ། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་དྲུག་པ། ཁྱབ་འཇུག་ཅེས་བྱ་བ་ནི། བཅོམ་ལྡན་འདས་ཡུལ་མ་ག་ར་ལྗོངས་རྒྱུ་ཞིང་གཤེགས་པ་ན། དགེ་སློང་གི་དགེ་འདུན་མང་པོ་དགེ་སློང་སྟོང་དང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་སྔོན་གྱི་རལ་པ་ཅན་ཤ་སྟག་གོ །དེ་དག་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས། སེམས་རྣམ་པར་གྲོལ་བ་ཤ་སྟག་དང་ལྷན་ཅིག་ཏུ་ཡུལ་མ་ག་ར་ལྗོངས་རྒྱུ་ཞིང་གཤེགས་པ་ལས། ཡུལ་མ་ག་དྷ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་ཞེས་བྱ་བ་ན་སྨྱིག་མའི་ནགས་ཁྲོད་ཀྱི་རྒྱུད་ཐོག་ཐག་གཤེགས་ནས། དེའི་ཚེ་བཅོམ་ལྡན་འདས་རབ་བརྟན་དུ་བྱོན་ནས། མ་ག་དྷ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་ཕྱོགས་དེར་བཞུགས་སོ། །དེ་ནས་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་མང་པོ་དགེ་སློང་སྟོང་དང་ཐབས་ཅིག་ཏུ་ཡུལ་མ་ག་དྷར་ལྗོངས་རྒྱུ་ཞིང་གཤེགས་ཏེ། ཡུལ་མ་ག་དྷ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་ཞེས་བྱ་བ་ན། སྨྱིག་མའི་ནགས་ཁྲོད་དུ་བྱོན་ཏོ་ཞེས་


DKG074_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོ་དང་། ཤིང་རྟ་ཁྲི་ཉིས་སྟོང་དང་། རྒོད་མ་སྟོང་བརྒྱད་བརྒྱ་དང་། ཡུལ་མ་ག་དྷ་ན་གནས་པའི་བྲམ་ཟེ་དང་། ཁྱིམ་བདག་སྟོང་ཕྲག་དུ་མ་དག་དང་ཐབས་ཅིག་ཏུ་རྒྱལ་པོའི་ཁབ་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་བ་ལས། གྲོང་ཁྱེར་གྱི་སྒོར་བྱུང་བ་ན་དེའི་མགོ་བོ་ལས་ཅོད་པན་ལྷུང་ནས། དེ་འདི་སྙམ་དུ་སེམས་ཏེ་བདག་གིས་བཅོམ་ལྡན་འདས་བལྟ་བ་མ་ལེགས་པ་ཞིག་ཏུ་མི་འགྱུར་གྲང་སྙམ་མོ། །དེ་ནས་ལྷ་རྣམས་ཀྱིས་སྦྲན་པ། འདི་ནི་ལེགས་པར་འགྱུར་ཏེ། ཁྱོད་ཀྱིས་བཅོམ་ལྡན་འདས་ལ་བལྟ་བ་དང་། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བ་ནི་ལེགས་པར་འགྱུར་བ་ཡིན་ནོ། །དེ་ལྟ་མོད་ཀྱིས་ཁྱོད་གང་དག་དང་དགེ་བའི་རྩ་བ་བསྐྲུན་པ་དེ་དག་ཁ་ཅིག་ནི་ཁྲི་མོན་དུ་བཅུག་ཅིང་འདུག།ཁ་ཅིག་ནི་ཡུལ་དག་ན་འདུག་གི །རྒྱལ་པོ་ཁྱོད་ཀྱིས་བཙོན་རྣམས་གཏང་བའི་རིགས་སོ། །ལྗོངས་དག་ཏུ་ཡང་དྲིལ་བསྒྲགས་ཏེ། དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་དེང་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་གཟུགས་ཅན་སྙིང་པོས་བཙོན་རྣམས་བཏང་ནས། ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་བསྡུས་ཏེ། སྐྱེ་བོ་ཕལ་པོ་ཆེ་དེ་དག་དང་ལྷན་ཅིག་ཏུ་ཡུལ་མ་ག་་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་ཞེས་བྱ་བ་ན། སྨྱིག་མའི་ནགས་ཁྲོད་ཀྱི་རྒྱུད་ཐོག་ཐག་ཏུ་སོང་ནས། དེས་རང་གི་དཔུང་གི་ཚོགས་རྣམས་ལ་ཕྱིར་བལྟས་ཏེ། དེས་དམག་ཚོགས་ཆེན་པོ་མཐོང་ནས་རྒྱགས་པ་སྐྱེས་ཏེ། བྱད་གཟུགས་དང་མཐུ་དབང་ང་དང་མཚུངས་པ་མེད་དོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སེམས་ཐུགས་ཀྱིས་མཁྱེན་ནས་དེ་བས་ཀྱང་ཆེས་བལྟ་ན་སྡུག་པ་དང་། ཆེས་བྱད་གཟུགས་བཟང་པོའི་རྒྱལ་པོ་ལྔ་བརྒྱ་མངོན་པར་སྤྲུལ་ནས། དེ་དག་ལ་ཆོས་སྟོན་ཅིང་བཞུགས་སོ། །དེ་ནས་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། དེ་ཇི་སྲིད་བཞོན་པས་འགྲོ་བར་


DKG074_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ས་དེ་སྲིད་དུ་བཞོན་པ་ལ་ཞོན་ཏེ་སོང་ནས། རྒྱལ་ཐབས་རྣམ་པ་ལྔ་སྟེ། གཙུག་ཏོར་དང་། གདུགས་དང་། རལ་གྲི་དང་། ནོར་བུ་དང་། རྔ་ཡབ་རྣམས་དང་། ལྷམ་ཁྲ་བོ་རྣམས་བཞག་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན། རྒྱལ་པོ་ཆེས་གཟུགས་བཟང་ཞིང་ཆེས་མཛེས་པ་ལྔ་བརྒྱ་ཆོས་ཉན་ཅིང་འཁོད་པ་མཐོང་ནས་དེའི་བྱད་གཟུགས་ཀྱིས་རྒྱགས་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་བདག་གི་མིང་དང་རུས་ནས་མ་སྨོས་ན། བདག་བཅོམ་ལྡན་འདས་ཀྱིས་མི་དགོངས་སོ་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། རང་གི་མིང་རུས་ལན་གསུམ་གྱི་བར་དུ་སྨོས་ཏེ། བཙུན་པ་བདག་ནི་ཡུལ་མ་ག་དྷའི་བདག་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ། །བཙུན་པ་བདག་ནི་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ནི་དེ་ཡིན་ཏེ། ཁྱོད་ནི་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡིན་ནོ། །རྒྱལ་པོ་ཆེན་པོ་རང་གི་སྟན་གང་ཡིན་པ་ལ་འདུག་ཅིག །དེ་ནས་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འདུག་གོ །ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་ཁ་ཅིག་ནི་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ། །ཁ་ཅིག་ནི་བཅོམ་ལྡན་འདས་དང་མངོན་སུམ་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དོ། །ཁ་ཅིག་ནི་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཁ་ཅིག་ནི་ཐག་རིང་པོ་ཞིག་


DKG074_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བཅོམ་ལྡན་འདས་མཐོང་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་ཚེ་དང་ལྡན་པ་ལྗེང་རྒྱས་འོད་སྲུང་རལ་པ་ཅན་ཡང་འཁོར་དེ་ཉིད་དུ་འདུས་ཏེ་འདུག་གོ །དེ་ནས་ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། ཅི་དགེ་སྦྱོང་ཆེན་པོ་དེ་འོད་སྲུང་གི་ཐད་ན་ཚངས་པར་སྤྱད་པ་སྤྱོད་དམ། འོན་ཏེ་ལྗེང་རྒྱས་འོད་སྲུང་རལ་པ་ཅན་དགེ་སྦྱོང་ཆེན་པོའི་ཐད་ན་ཚངས་པར་སྤྱད་པ་སྤྱོད་ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་སེམས་ཐུགས་ཀྱིས་མཁྱེན་ནས། ཚེ་དང་ལྡན་པ་ལྗེང་རྒྱས་འོད་སྲུང་ལ་ཚིགས་སུ་བཅད་དེ་སྨྲས་པ། ལྗེང་རྒྱས་གནས་པ་ཁྱོད་ཀྱིས་ཅི་མཐོང་ན། །འདིར་ནི་མེ་སྤངས་དྲང་སྲོང་བརྟུལ་ཞུགས་སྤངས། །འོད་སྲུང་ཁྱོད་ཀྱིས་སྦྱིན་སྲེག་ཅིའི་ཕྱིར་སྤངས། །དོན་དེ་ང་ལ་ཀུན་ནས་བརྗོད་པར་གྱིས། །གསོལ་པ། འདི་ན་ཁ་ཅིག་ཟས་དང་བཏུང་བ་རྣམས། །ཁུ་བཅུད་འཁོར་དང་བུད་མེད་བསྔགས་པར་བགྱིད། །དེ་རྣམས་ཕུང་པོའི་དྲི་མ་མཐོང་བས་ན། །བདག་ནི་མཆོད་སྦྱིན་མེ་ལ་དགའ་མ་མཆིས། །བཀའ་སྩལ་པ། ཁྱོད་ནི་འདོད་པ་རྣམས་ལ་མི་དགའ་ཞིང་། །ཟས་སྐོམ་སྟན་རྣམས་ལ་ཡང་མི་དགའ་ན། །ཁྱོད་ནི་ཇི་ལྟར་ལྷ་མིའི་འཇིག་རྟེན་ན། །ཡིད་དགའ་འོད་སྲུང་དྲིས་པའི་ལན་ཐོབ་ཤིག །གསོལ་པ། ཕུང་པོ་མེད་པ་ཞི་བཅོམ་ཅི་ཡང་མེད། །འདོད་དང་སྲིད་ལ་མ་ཆགས་གཞན་མི་འགྱུར། །གཞན་གྱིས་དསྲེར་མེད་གོ་འཕང་མཐོང་བས་ན། །བདག་ནི་མཆོད་སྦྱིན་མེ་ལ་དགའ་མ་མཆིས། །མཆོད་སྦྱིན་རྣམས་དང་བརྟུལ་ཞུགས་མེ་རྣམས་ཀྱིས། །གྲོལ་བར་འགྱུར་སྙམ་བདག་གི་ཡིད་ཀྱང་རྨོངས། །འཆི་འཕོ་མ་མཆིས་གནས་མཆོག་མ་མཐོང་བས། །སྐྱེ་འཆིའི་རྗེས་འབྲང་བདག་ནི་ལོང་བར་གྱུར། །མི་མཆོག་སྐྱོབ་པས་ལེགས་གསུངས་འདུས་མ་བྱས། །གོ་འཕང་དེ་ནི་བདག་གིས་ད་མཐོང་ངོ་། །ཐུབ་པ་རྣམ་འདྲེན་་ཏམ་བདེན་པའི་རྩལ། །ཁྱོད་ནི་སྐྱེ་བོ་མང་ཕྱིར་བྱུང་བ་ལགས། །བཀའ་སྩལ་པ། རབ་ཏུ་རྣམ་པར་ཕྱེ་བའི་ཆོས་རྣམས་ལ། །གནས་ཀྱིས་གཤེགས་སུ་བབ་པ་གང་ཡིན་པ། དེ་ནི་ཁྱོད་ཀྱིས་


DKG074_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བསམས་པ་ཡིན། །ཁྱོད་ཀྱིས་གཏན་ལ་ཕེབས་པས་ལེགས་པར་འོངས། །འོད་སྲུང་འཁོར་རྣམས་སྐྱོ་བ་རབ་བསྐྱེད་ཅིག །དེ་ནས་ཚེ་དང་ལྡན་པ་ལྗེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་ཇི་ལྟར་སེམས་མཉམ་པར་བཞག་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས། སྤྱོད་ལམ་རྣམ་པ་བཞི་བྱེད་དེ། འཆག་པ་དང་། སྡོད་པ་དང་། འདུག་པ་དང་། ཉལ་བར་བྱེད་དོ། །མེའི་ཁམས་ལ་སྙོམས་པར་འཇུག་པར་བྱེད་དེ། ཚེ་དང་ལྡན་པ་ལྗེང་རྒྱས་འོད་སྲུང་རལ་པ་ཅན་མེའི་ཁམས་ལ་སྙོམས་པར་ཞུགས་པའི་ལུས་ལས་འོད་ཟེར་རྣམ་པ་སྣ་ཚོགས་བྱུང་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་གྱི་ཁ་དོག་ལྟ་བུ་རྣམས་བྱུང་ངོ་། །ཆོ་འཕྲུལ་ཟུང་དུ་ཡང་སྟོན་པར་བྱེད་དོ། །ལུས་ཀྱི་སྟོད་ནས་ནི་མེ་འབར་ལ། ལུས་ཀྱི་སྨད་ནས་ནི་ཆུ་གྲང་མོའི་རྒྱུན་འབབ་བོ། །ལུས་ཀྱི་སྨད་ནས་ནི་མེ་འབར་ལ། ལུས་ཀྱི་སྟོད་ནས་ནི་ཆུ་གྲང་མོའི་རྒྱུན་འབབ་བོ། །ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་སུ་ཡང་དེ་དང་འདྲ་བར་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ལྗེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བཞི་བསྟན་ནས། རྫུ་འཕྲུལ་མངོན་པར་འདུ་བྱེད་པ་བསྡུས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །བདེ་བར་གཤེགས་པ་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་བདེ་བར་གཤེགས་པའི་ཉན་ཐོས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་ནི་དེ་ཡིན་ནོ། །དེ་ནི་དེ་ཡིན་ཏེ། འོད་སྲུང་ཁྱོད་ཀྱི་སྟོན་པ་ནི་ང་ཡིན་ནོ། །ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ། །འོད་སྲུང་ཁྱོད་རང་གི་སྟན་ཇི་ལྟ་བ་བཞིན་དུ་འདུག་ཅིག །དེ་ནས་ཚེ་དང་ལྡན་པ་ལྗེང་རྒྱས་འོད་སྲུང་རལ་པ་ཅན་རང་གི་སྟན་


DKG074_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་བཞིན་དུ་འདུག་གོ །དེ་ནས་ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། ལྗེང་རྒྱས་འོད་སྲུང་རལ་པ་ཅན་དེ་དགེ་སྦྱོང་ཆེན་པོ་་ཏ་མའི་ཐད་ན་ཚངས་པར་སྤྱད་པ་སྤྱོད་པ་ཡིན་གྱིས། དགེ་སྦྱོང་ཆེན་པོ་ལྗེང་རྒྱས་འོད་སྲུང་གི་ཐད་ན་ཚངས་པར་སྤྱད་པ་སྤྱོད་པ་ནི་མ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གཟུགས་ནི་སྐྱེ་ཡང་སྐྱེ་ལ་འགྲིབ་ཀྱང་འགྲིབ་སྟེ། དེའི་སྐྱེ་བ་ཡང་རིག་པར་བྱ་དགོས་ལ། འགྲིབ་པ་ཡང་རིག་པར་བྱ་དགོས་སོ། །རྒྱལ་པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྐྱེ་ཡང་སྐྱེ་ལ། འགྲིབ་ཀྱང་འགྲིབ་སྟེ། དེའི་སྐྱེ་བ་ཡང་རིག་པར་བྱ་དགོས་ལ། འགྲིབ་པ་ཡང་རིག་པར་བྱ་དགོས་སོ། །རྒྱལ་པོ་ཆེན་པོ་གཟུགས་སྐྱེ་བ་དང་། འགྲིབ་པའི་ཆོས་ཅན་ཡིན་པར་རིག་ནས། གཟུགས་དེ་ཡོངས་སུ་ཤེས་སོ། །རྒྱལ་པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྐྱེ་བ་དང་། འགྲིབ་པའི་ཆོས་ཅན་ཡིན་པར་རིག་ནས། རྣམ་པར་ཤེས་པ་དེ་ཡོངས་སུ་ཤེས་སོ། །རྒྱལ་པོ་ཆེན་པོ་གཟུགས་ཡོངས་སུ་ཤེས་ན། གཟུགས་དེ་ལ་བདག་གི་བདག་ཡིན་ནོ་སྙམ་དུ་འཛིན་པར་མི་བྱེད། ལེན་པར་མི་བྱེད། གནས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་ཤེས་ན། རྣམ་པར་ཤེས་པ་དེ་ལ་བདག་གི་བདག་ཡིན་ནོ་སྙམ་དུ་འཛིན་པར་མི་བྱེད། ལེན་པར་མི་བྱེད། གནས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ་གཟུགས་ལ་མི་འཛིན། མི་ལེན་མི་གནས། མངོན་པར་ཞེན་པར་མི་བྱེད་ན། དཔག་ཏུ་མེད་པ། གྲངས་མེད་པ། མྱ་ངན་ལས་འདས་པ་ཞེས་ང་ཟེར་རོ། །རྒྱལ་པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་འཛིན། མི་ལེན་མི་གནས། མངོན་པར་ཞེན་པར་མི་བྱེད་ན། དཔག་ཏུ་མེད་པ། གྲངས་མེད་པ། མྱ་ངན་ལས་


DKG074_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཞེས་ང་ཟེར་རོ། །དེ་ནས་ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། ཇི་སྟེ་གཟུགས་བདག་མ་ཡིན་ཞིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་མ་ཡིན་ན། བདག་གམ་སེམས་ཅན་ནམ། སྲོག་གམ། སྐྱེ་བའམ། གསོ་བའམ། གང་ཟག་གམ། ཤེད་བུའམ། ཤེད་ཅན་ནམ། བྱེད་པའམ། བྱེད་པ་པོའམ། སྨྲ་བ་པོའམ། ཚོར་བ་པོའམ། སྐྱེད་པ་པོའམ། ཀུན་ཏུ་སྐྱེད་པ་པོར་སུ་ཞིག་འགྱུར། མ་སྐྱེས་ཤིང་། མ་བྱུང་ལ་འབྱུང་བར་མི་འགྱུར་ན་ཡང་ཕུང་པོ་འདི་དག་ནི་འདོར་ལ། ཕུང་པོ་གཞན་ནི་ལེན་པར་མི་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་སེམས་ཐུགས་ཀྱིས་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བདག་བདག་ཅེས་བྱ་བ་ནི། སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ཀྱིས་སོ་སོར་བཟུང་བར་ཟད་ཀྱི། འདི་ན་བདག་ཀྱང་མེད། བདག་གི་ཡང་མེད་དོ། །དགེ་སློང་དག་སྐྱེ་བ་ན། སྡུག་བསྔལ་འདི་ཉིད་སྐྱེ་ལ། འགག་པ་ན་སྡུག་བསྔལ་འདི་ཉིད་འགག་གོ །སྐྱེ་བ་ན་འདུ་བྱེད་རྣམས་ཉིད་སྐྱེ་ལ། འགག་པ་ན་འདུ་བྱེད་རྣམས་ཉིད་འགག་གོ །རྒྱུ་དེ་དག་དང་རྐྱེན་དེ་དག་ལ་བརྟེན་ནས། སེམས་ཅན་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུད་འཇུག་པར་འགྱུར་རོ། །དགེ་སློང་དག་དེ་བཞིན་གཤེགས་པས་ནི་སེམས་ཅན་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུད་ཀྱི་ཉིང་མཚམས་སྦྱོར་བ་ཐུགས་སུ་ཆུད་ནས། འཆི་འཕོ་དང་། སྐྱེ་བ་འདོགས་པར་མཛད་དོ། །ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་རྣམས་འཆི་འཕོ་ཞིང་འདུག་པ་དང་། སྐྱེ་ཞིང་འདུག་པ་དང་། ཁ་དོག་བཟང་པོ་དང་། ངན་པ་དང་། བདེ་འགྲོར་འགྲོ་བ་རྣམས་དང་། ངན་འགྲོར་འགྲོ་བ་རྣམས་དང་། སེམས་ཅན་ལས་ཇི་ལྟ་བ་བཞིན་དུ་འགྲོ་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཀྱེ་སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དང་། ངག་གིས་ཉེས་པར་སྤྱོད་པ་དང་ལྡན་པ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དང་། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་


DKG074_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལོག་པར་ལྟ་བ་དང་། ལོག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་བླངས་པའི་ཕྱིར་རྒྱུ་དེ་དང་། རྐྱེན་དེས་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཀྱེ་སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་དང་། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ་དང་། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་དང་། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་དང་། ཡང་དག་པར་ལྟ་བ་དང་། ཡང་དག་པའི་ལས་དང་། ཆོས་ཡང་དག་པར་བླངས་པའི་ཕྱིར་རྒྱུ་དེ་དང་རྐྱེན་དེས་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་ངས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བས་ན། ང་ནི་འདི་སྐད་དུ། ང་ནི་བདག་དེ་ཡིན་ནོ་ཞེའམ། ང་ནི་སེམས་ཅན་ནམ། སྲོག་གམ། སྐྱེ་བའམ། གསོ་བའམ། གང་ཟག་གམ། ཤེད་བུའམ། ཤེད་ཅན་ནམ། བྱེད་པའམ། བྱེད་པ་པོའམ། སྨྲ་བ་པོའམ། ཚོར་བ་པོའམ། སྐྱེད་པ་པོའམ། ཀུན་དུ་སྐྱེད་པ་པོ་ཡིན་ནོ་ཞེས་མི་ཟེར་རོ། །མ་སྐྱེས་ཤིང་མ་བྱུང་ལ་འབྱུང་བར་མི་འགྱུར་ན་ཡང་། ཕུང་པོ་འདི་དག་ནི་འདོར་ལ། ཕུང་པོ་གཞན་ནི་ལེན་པར་མི་འགྱུར་རོ་སྙམ་དུ་མི་འཛིན་ཏོ། །ཆོས་ཀྱི་བརྡ་ཙམ་ནི་མ་གཏོགས་སོ། །དེ་ལ་ཆོས་ཀྱི་བརྡ་ནི་འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་། འདུ་བྱེད་རྣམས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་འབྱུང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་འབྱུང་། རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་། ཚོར་བའི་རྐྱེན་གྱིས་ཕྲེད་པ་འབྱུང་། ཕྲེད་པའི་རྐྱེན་གྱིས་ལེན་པ་འབྱུང་། ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ།


DKG074_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་ན་འདི་མི་འབྱུང་ལ། འདི་འགགས་པས་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག །འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་ཕྲེད་པ་འགག །ཕྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ། །དགེ་སློང་དག་དེ་ལྟར་ན་རྒྱུ་བྱུང་ན། སྡུག་བསྔལ་འབྱུང་བར་འགྱུར་ལ། རྒྱུ་འགགས་ན་སྡུག་བསྔལ་འགག་པར་འགྱུར་ཏེ། ལམ་ཆད་པས་འཇུག་པར་མི་འགྱུར་ལ། ཉིང་མཚམས་སྦྱོར་བ་མེད་པས་འགག་པར་འགྱུར་ཏེ། སྡུག་བསྔལ་གྱི་མཐའ་ནི་དེ་ཁོ་ན་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ལན་གཉིས་སུ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། གཟུགས་རྟག་པ་ཡིན་ནམ། མི་རྟག་པ་ཡིན། གསོལ་པ་བཙུན་པ་དེ་ནི་མི་རྟག་པ་ལགས་སོ། །བཀའ་སྩལ་པ། མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བ་ཡིན་ནམ། སྡུག་བསྔལ་བ་མ་ཡིན། གསོལ་པ། བཙུན་པ་དེ་ནི་སྡུག་བསྔལ་བ་ལགས་སོ། །བཀའ་སྩལ་པ། མི་རྟག་ཅིང་སྡུག་བསྔལ་ལ། རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཅི་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་བདག་ཏུ་འཛིན་ཅིང་། འདི་ནི་བདག་གི་ཡིན་ནོ། །འདི་ནི་བདག་ཡིན་ནོ། །འདི་ནི་བདག་གི་བདག་ཡིན་ནོ་སྙམ་དུ་འཛིན་ཏམ། གསོལ་པ། བཙུན་པ་དེ་ནི་མ་ལགས་སོ། །བཀའ་སྩལ་


DKG074_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པ་ཡིན་ནམ། མི་རྟག་པ་ཡིན། གསོལ་པ། བཙུན་པ་དེ་ནི་མི་རྟག་པ་ལགས་སོ། །བཀའ་སྩལ་པ། མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བ་ཡིན་ནམ། སྡུག་བསྔལ་བ་མ་ཡིན། གསོལ་པ། བཙུན་པ་དེ་ནི་སྡུག་བསྔལ་བ་ལགས་སོ། །བཀའ་སྩལ་པ། མི་རྟག་ཅིང་སྡུག་བསྔལ་ལ། རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ། ཅི་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་བདག་ཏུ་འཛིན་ཅིང་། འདི་ནི་བདག་གི་ཡིན་ནོ། །འདི་ནི་བདག་ཡིན་ནོ། །འདི་ནི་བདག་གི་བདག་ཡིན་ནོ་སྙམ་དུ་འཛིན་ཏམ། གསོལ་པ། བཙུན་པ་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བས་ན་གཟུགས་གང་ཡང་རུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ནང་གིའམ། ཕྱི་རོལ་གྱིའམ། རགས་པའམ། ཆ་ཕྲ་བའམ། ངན་པའམ། བཟང་པོའམ། ཉེ་བའམ། རིང་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི་བདག་གི་ཡང་མ་ཡིན། དེ་ནི་བདག་ཀྱང་མ་ཡིན། དེ་ནི་བདག་གི་བདག་ཀྱང་མ་ཡིན་ཏེ། དེ་ཁོ་ན་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ཡང་རུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ནང་གིའམ། ཕྱི་རོལ་གྱིའམ། རགས་པའམ། ཆ་ཕྲ་བའམ། ངན་པའམ། བཟང་པོའམ། ཉེ་བའམ། རིང་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི་བདག་གི་ཡང་མ་ཡིན། དེ་ནི་བདག་ཀྱང་མ་ཡིན། དེ་ནི་བདག་གི་བདག་ཀྱང་མ་ཡིན་ཏེ། དེ་ཁོ་ན་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །དེ་ལྟར་མཐོང་བའི་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི་གཟུགས་ལས་སྐྱོ་བར་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་སྐྱོ་བར་འགྱུར་རོ། །སྐྱོ་ན་མ་ཆགས་པར་འགྱུར་རོ། །མ་ཆགས་ན་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་


DKG074_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ན་བདག་ནི་རྣམ་པར་གྲོལ་ལོ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་སྟེ། བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་སྤྱད་ཟིན་ཏོ། །བྱ་བ་ནི་བྱས་སོ། །སྲིད་པ་འདི་ལས་གཞན་མེད་དོ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་སོགས་པ་ལྷ་བརྒྱད་ཁྲི་དང་། ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་ཆོས་མཐོང་། ཆོས་རྙེད། ཆོས་རྟོགས། ཆོས་ཀྱི་གཏིང་སླེབས། སོམ་ཉི་ལས་བརྒལ། ཐེ་ཙོམ་ལས་བརྒལ་ཏེ། གཞན་གྱི་དྲིང་མི་འཇོག་ཅིང་གཞན་གྱིས་སྲེ་བ་མེད་ལ་སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་འཕགས་ལགས་སོ། །འཕགས་ལགས་སོ། །བཙུན་པ་བདག་ནི་སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་ཁོང་ནས་དད་པའི་དགེ་བསྙེན་ལགས་པར་གཟུང་དུ་གསོལ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་གཤེགས་སུ་གསོལ། བདག་གིས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་རྣམས་ལ་བསྙེན་བཀུར་བགྱིའོ། །ཇི་སྲིད་འཚོའི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྟན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་སྦྱར་བར་འཚལ་ལོ་ཞེས་གསོལ་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ལྷ་བརྒྱད་ཁྲི་དང་ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་སྟོང་ཕྲག་དུ་མ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་དང་། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་


DKG074_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཞི་དེ་ལས་བཅོམ་ལྡན་འདས་ཀྱི་གྲགས་པས་འཇིག་རྟེན་ཀུན་ཏུ་རྒྱས་པར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ལྷ་བརྒྱད་ཁྲི་དང་། ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་སྟོང་ཕྲག་དུ་མ་མང་པོ་འདི་རྣམས་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་ངས་ཇི་ལྟར་བཀོད་པ་དང་། གཞི་དེས་ན་ངའི་གྲགས་པས་འཇིག་རྟེན་དུ་རྒྱས་པར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་རྡུལ་ལྡན་ཞེས་བྱ་བ་ན། རྒྱལ་པོ་ཕྱོགས་ཀྱི་བདག་པོ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། ནད་དང་། མུ་གེ་མེད་པ་དང་། འབྲས་་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །དེ་ནས་རྒྱལ་པོ་དེ་བཙུན་མོ་དང་། ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། མིང་རྡུལ་ཞེས་བྱ་བར་བརྟགས་སོ། །དེ་ནས་ཁྱེའུ་རྡུལ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས། འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་


DKG074_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བཟོའི་གནས་དང་། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་བཞོན་པ་དང་། རྟ་བཞོན་པ་དང་། མཚོན་ཆ་བཅང་བ་དང་། འཕོང་དང་། མདུན་དུ་བསྣུར་བ་དང་། ཕྱིར་བསྣུར་བ་དང་། གཡུལ་ལས་ཐར་བར་བྱ་བ་དང་། ལྕགས་ཀྱུས་གཟུང་བ་དང་། ཞགས་པས་གཟུང་བ་དང་། མདའ་བོ་ཆེ་འཕང་བ་དང་། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་། མཚོན་རྩེ་གཅིག་པ་གདབ་པ་དང་། འཁོར་ལོ་འཕང་བ་དང་། གཅད་པ་དང་། གཤེག་པ་དང་། ལག་པས་གཟུང་བ་དང་། རྐང་པའི་སྟབས་དང་། མགོ་བོ་བསྐྱབ་པ་དང་། རྒྱང་མར་འཕང་བ་དང་། སྒྲ་གྲགས་པར་འཕང་བ་དང་། གནད་དུ་ཕོག་པ་དང་། གདོན་མི་ཟ་བར་ཕོག་པར་བྱ་བ་དང་། ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །རྒྱལ་པོ་ཕྱོགས་ཀྱི་བདག་པོའི་མདུན་ན་འདོན་ནི་བྲམ་ཟེ་ཁྱིམ་བདག་ཁྱབ་འཇུག་ཅེས་བྱ་བ་ཡིན་ཏེ། དེ་ཡང་མཁས་ཤིང་གསལ་ལ་ཡིད་གཞུངས་པ། རྩིས་མགོའི་ཐབས་ཤེས་པའི་ཤེས་རབ་དང་། དཔྱོད་པ་དང་ལྡན་པ་ཞིག་སྟེ། དེ་རྒྱལ་པོ་ཕྱོགས་ཀྱི་བདག་པོའི་རྒྱལ་པོའི་ཕྲིན་ལས་སུ་བྱ་བ་ཐམས་ཅད་བྱེད་ལ། རྒྱལ་པོ་ཕྱོགས་ཀྱི་བདག་པོས་ཀྱང་། མདུན་ན་འདོན་བྲམ་ཟེ་ཁྱབ་འཇུག་དེ་ལ་རྒྱལ་སྲིད་གཏད་ནས། ཁང་བཟངས་ཀྱི་སྟེང་ན་འདུག་ཅིང་བུད་མེད་འབའ་ཞིག་དང་། སིལ་སྙན་གྱིས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །ཕྱི་ཞིག་ན་བྲམ་ཟེ་ཁྱབ་འཇུག་གི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ཏེ། ཁྱེའུའི་མིང་མེ་སྐྱོང་ཞེས་བཏགས་སོ། །དེ་ནས་ཁྱེའུ་མེ་སྐྱོང་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཡི་གེ་དང་། བྲམ་ཟེའི་སྤྱོད་ལམ་དང་། སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་། ཐལ་བ་བླང་བ་དང་། རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་།


DKG074_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་། བླང་བ་དང་། ཁ་ཏོན་བྱ་བ་དང་། ཁ་དོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས། ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་དེའི་ཕས་ཁྱེའུ་མེ་སྐྱོང་ལ་སྨྲས་པ། བུ་ཁྱོད་ནི་ཡབ་འདས་པའི་འོག་ཏུ་ཡབ་ཀྱི་ཐབས་ཀྱི་རྒྱལ་སར་འཇུག་པར་འགྱུར་ལ། ཁྱོད་ནི་འདིའི་མདུན་ན་འདོན་དུ་འགྱུར་གྱི། འདི་ལ་ཁྱོད་ཀྱིས་སྐོར་ཅིག །སྔ་ནས་བསྐོར་དང་། ཁྱོད་ལ་འབྲས་བུ་ཡོད་པར་འགྱུར་རོ། །མེ་སྐྱོང་གིས་སྨྲས་པ། ཇོ་བོས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ་ཞེས་སྨྲས་ནས། གཞོན་ནུ་རྡུལ་གྱི་ཕྱི་བཞིན་དུ་གྲིབ་མ་བཞིན་དུ་འབྲང་ངོ་། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་ཁྱབ་འཇུག་ཤི་ནས། དེ་ཤི་བའི་ཕྱིར་རྒྱལ་པོ་ཕྱོགས་ཀྱི་བདག་པོ་ཤིན་ཏུ་མྱ་ངན་བྱེད་ཅིང་། སྡུག་བསྔལ་ལ་སྨྲེ་སྔགས་འདོན་པར་བྱེད་དོ། །དེ་ནས་གཞོན་ནུ་རྡུལ་གྱིས་གསོལ་པ། ལྷ་ཁྱོད་ཅིའི་སླད་དུ་བྲམ་ཟེ་ཁྱབ་འཇུག་གུམ་པའི་སླད་དུ། ཤིན་ཏུ་ཐུགས་ངན་མཛད་ཅིང་འོ་བརྒྱལ་ལ། སྨྲེ་སྔགས་འདོན་ཅིང་བཞུགས། རྒྱལ་པོས་སྨྲས་པ། བྲམ་ཟེ་ཁྱབ་འཇུག་ནི་ངའི་རྒྱལ་པོའི་ཕྲིན་ལས་སུ་བྱ་བ་ཐམས་ཅད་བྱེད་བྱེད་དེ། དེའི་མཐུས་པའི་སྙིང་ཁྲལ་ཆུང་ངུར་འདུག་གོ །གཞོན་ནུ་རྡུལ་གྱིས་གསོལ་པ། ལྷ་ཁྱོད་བྲམ་ཟེ་ཁྱབ་འཇུག་གུམ་པའི་སླད་དུ་ཧ་ཅང་ཐུགས་ངན་མ་མཛད། ཧ་ཅང་འོ་བརྒྱལ་བར་མ་མཛད་ཧ་ཅང་སྨྲེ་སྔགས་འདོན་པར་མ་མཛད་ཅིག་དང་། ལྷ་མཁན་པོ་དེ་ཉིད་ཀྱི་བུ་བྲམ་ཟེའི་ཁྱེའུ་མེ་སྐྱོང་ཞེས་བགྱི་བ། ཕ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ཞིག་མཆིས་པ་དེ། ལྷས་མདུན་ན་འདོན་དུ་བསྐོ་བར་གསོལ། འོན་ཏང་དེས་ལྷའི་རྒྱལ་པོའི་ཕྲིན་ལས་སུ་བགྱི་བ་ཐམས་ཅད་བགྱིད་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཕྱོགས་ཀྱི་བདག་པོས། བྲམ་ཟེའི་ཁྱེའུ་མེ་སྐྱོང་དགུག་པ་བཏང་ནས་མདུན་ན་འདོན་དུ་བཅུག་གོ །དེ་ནས་དེས་ཀྱང་རྒྱལ་པོ་དེའི་བྱ་བ་ཐམས་ཅད་ཉམས་སུ་བླངས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཕྱོགས་ཀྱི་བདག་པོས། གཞོན་ནུ་རྡུལ་རྒྱལ་སར་བཅུག་ནས།


DKG074_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་བདག་པོ་ཤིའོ། །དེ་ནས་དེའི་མིང་གཞོན་ནུ་རྡུལ་ཞེས་བྱ་བ་དེ་མེད་པར་གྱུར་ནས། རྒྱལ་པོ་རྡུལ་ཞེས་བྱ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་རྡུལ་གྱིས་ཀྱང་བྲམ་ཟེའི་ཁྱེའུ་མེ་སྐྱོང་དགུག་པ་བཏང་ནས། དེ་ལ་སྨྲས་པ། མཁན་པོ་ཁྱོད་ཀྱིས་ཅི་ལྟར་ངའི་ཡབ་ཀྱི་རྒྱལ་པོའི་ཕྲིན་ལས་སུ་བྱ་བ་ཐམས་ཅད་བྱས་པ་དེ་བཞིན་དུ་ངའི་ཡང་གྱིས་ཤིག །བྲམ་ཟེའི་ཁྱེའུས་གསོལ་པ། ལྷ་དེ་བཞིན་དུ་འཚལ་ལོ་ཞེས་གསོལ་ནས། བྲམ་ཟེའི་ཁྱེའུ་མེ་སྐྱོང་གིས་རྒྱལ་པོ་རྡུལ་གྱི་རྒྱལ་སྲིད་ཀྱི་བྱ་བ་ཐམས་ཅད་ཉམས་སུ་བླངས་སོ། །དེ་ནས་དེའི་མིང་མེ་སྐྱོང་ཞེས་བྱ་བ་གང་ཡིན་པ་དེ་མེད་པར་གྱུར་ནས། མེ་སྐྱོང་ཁྱབ་འཇུག་ཅེས་བྱ་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་རྡུལ་གྱི་སྔོན་གཞོན་ནུའི་ཚེ། མཛའ་ཞིང་བཤེས་ལ་གཅུགས་པ། རྒྱལ་རིགས་གཞོན་ནུ་དྲུག་ཅིག་ཡོད་པ་དེ་དག།རྒྱལ་པོ་དེའི་ཐད་དུ་འོངས་ནས་སྨྲས་པ། ལྷས་བདག་ཅག་གི་ཡུལ་དབོག་ཏུ་གསོལ། དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོས་མེ་སྐྱོང་ཁྱབ་འཇུག་ལ་བཀའ་སྩལ་ཏེ། མཁན་པོ་ཁྱོད་ཀྱིས་ས་ཆེན་པོ་འདི་ཆ་བདུན་དུ་བགོས་ལ། ཆ་དྲུག་ནི་གཞོན་ནུ་འདི་རྣམས་ལ་བྱིན་ཅིག །ཆ་གཅིག་ནི་ངའི་བྱའོ། །དེས་གསོལ་པ། ལྷ་དེ་བཞིན་དུ་འཚལ་ལོ་ཞེས་བྱས་ནས། མེ་སྐྱོང་ཁྱབ་འཇུག་གིས་ས་ཆེན་པོ་འདི་ཆ་བདུན་དུ་བགོས་ཏེ། ཆ་དྲུག་ནི་གཞོན་ནུ་དྲུག་པོ་རྣམས་ལ་བྱིན་ནོ། །ཆ་གཅིག་ནི་རྒྱལ་པོ་རྡུལ་གྱི་སྐལ་བར་ལུས་ཤིང་འདུག་གོ །དེ་ནས་རྒྱལ་པོ་རྡུལ་གྱིས་རྒྱལ་རིགས་དྲུག་པོ་དེ་དག་རང་རང་གི་རྒྱལ་སྲིད་ལ་བཀོད་དོ། །དེ་ནས་མེ་སྐྱོང་ཁྱབ་འཇུག་ནི་འཛམ་བུའི་གླིང་དུ་ཚངས་པར་བཀུར་ཏེ། བྲམ་ཟེ་ཁྱབ་འཇུག་ནི་ཚངས་པའི་ལམ་ཡིན་ནོ་སྙམ་དུ་འཛིན་ཅིང་། ཚངས་པའི་ལམ་ཡིན་པར་བལྟའོ། །དེ་ནས་ཕྱི་ཞིག་ན། བྲམ་ཟེ་ཁྱབ་འཇུག་འདི་སྙམ་དུ་སེམས་ཏེ། བདག་ནི་རྒྱལ་ཁམས་ཐམས་ཅད་ཀྱི་མི་རྣམས་ཀྱིས་ཚངས་པར་བཀུར་ཏེ། བྲམ་ཟེ་ཁྱབ་འཇུག་ནི་ཚངས་པའི་ལམ་ཡིན་ནོ་སྙམ་དུ་འཛིན་ཅིང་། ཚངས་པའི་ལམ་ཡིན་པར་ལྟ་ལ། གནའི་བྲམ་ཟེ་རྒས་ཤིང་འཁོགས་ལ་གཏུགས་པ། སྡེ་ཚན་གྱི་སློབ་དཔོན་ཆེན་པོ་དག་ལས་བདག་གིས་ཐོས་ན། བྲམ་ཟེ་གང་གིས་དབྱར་ཟླ་བ་བཞིའི་


DKG074_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་བྱམས་པ་དང་ལྡན་པའི་སེམས་ཀྱིས་གནས་པ་དེ་ལ། མི་མཇེད་ཀྱི་བདག་པོ་ཚངས་པ་བལྟར་འོང་ངོ་ཞེས་ཟེར་གྱིས་མ་ལ་བདག་གིས་ཐམས་ཅད་སྤངས་ཏེ། ཁང་བཟངས་ཀྱི་སྟེང་དུ་སོང་ལ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ལྡན་པའི་སེམས་ཀྱིས་གནས་པར་བྱ་གོར་མ་ཆག་སྙམ་ནས། རྒྱལ་པོ་ལ་གསོལ་པ། ལྷ་མཁྱེན་པར་མཛད་དུ་གསོལ། བདག་ནི་དབྱར་ཟླ་བ་བཞི་ཚངས་པའི་གནས་ཀྱིས་གནས་པར་འཚལ་ཏེ། དེ་བས་ན་ལྷས་ལྷ་ཉིད་ཀྱི་རྒྱལ་པོའི་ཕྲིན་ལས་སུ་བགྱི་བ་གང་ལགས་པ་ཐམས་ཅད་བགྱིད་པའི་མདུན་ན་འདོན་གཞན་ཞིག་བསྒོ་བར་གསོལ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་རྡུལ་གྱིས་སྨྲས་པ། ཁྱོད་ཅི་ལྟར་དགའ་བ་དེ་བཞིན་དུ་བྱའོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེ་ཁྱབ་འཇུག་ཆེན་པོས་ལས་སུ་བྱ་བ་ཐམས་ཅད་སྤངས་ནས། ཁང་བཟངས་ཀྱི་སྟེང་དུ་སོང་སྟེ། ཁང་བཟངས་ཀྱི་སྟེང་ན་འདུག་ཅིང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་ལྡན་པའི་སེམས་ཀྱིས་གནས་སོ། །དེ་ནས་ཕྱི་ཞིག་ན་དེ་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་བལྟར་འོངས་ནས། མི་མཇེད་ཀྱི་བདག་པོ་ཚངས་པའི་ཁ་དོག་གི་མཐུས། ཁང་བཟངས་དེ་དག་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་དེ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། བདག་གིས་ཁ་དོག་འདི་འདྲ་བ། །སྔོན་ཅད་མ་ཐོས་མ་མཐོང་སྟེ། །ཁ་དོག་བཟང་ཞིང་གཟུགས་བཟང་བ། །གྲོགས་པོ་ཁྱོད་ནི་སུ་ཞིག་ལགས། །མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་པ། གཞོན་ནུ་བརྒྱ་བྱིན་ལ་སོགས་དང་། །དེ་བཞིན་ལུས་ཅན་གཞན་དག་ཀྱང་། །བདག་ནི་ཚངས་པའི་ལུས་སུ་ཤེས། །ཁྱབ་འཇུག་དེ་ལྟར་ཤེས་པར་གྱིས། །བྲམ་ཟེ་ཆེ་ཞིང་མ་ཐོབ་ཁྱབ་འཇུག་གིས་སྨྲས་པ། ཚངས་པ་ཁྱོད་ལ་འདུད་པར་བགྱི། །ཚངས་པ་ཁྱོད་ལ་མཆོད་པར་འཚལ། བདག་གི་ཚིག་ནི་གསན་ནས་ཀྱང་། །ལན་ནི་མྱུར་དུ་བཀའ་སྩོལ་ཅིག །མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་པས། ཁྱབ་འཇུག་ཁྱོད་ཀྱིས་སྨྲས་པ་ཡི། །ཚིག་ནི་བདག་གིས་གཟུང་བར་བྱ། །འདྲི་བ་ཡིད་ལ་ཅི་འདོད་པ། །བྲམ་ཟེས་ང་ལ་དྲི་བར་


DKG074_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཚེ་འདི་ཡི་ནི་དོན་ཡང་རུང་། །ཕྱི་མའི་ཚེ་ཡི་དོན་ཡང་རུང་། །ཁྱོད་ཀྱིས་དྲིས་པ་དེ་དང་དེ། །ངས་ནི་ངེས་པར་དཔྱད་པར་བྱ། །བྲམ་ཟེ་ཁྱབ་འཇུག་ཆེན་པོས་སྨྲས་པ། བདག་གི་ཐེ་ཙོམ་གཞན་བརྟགས་ཐེ་ཙོམ་རྣམས། །བྲམ་ཟེ་ཀུན་འགྱེད་གཞོན་ནུ་དྲི་བར་གྱིས། །གང་ལ་གནས་ཤིང་ཅི་ལ་བསླབ་བགྱིས་ན། །རྡུལ་མེད་མི་ཡིས་ཚངས་པའི་འཇིག་རྟེན་ཐོབ། །མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་པ། ཚངས་པ་མི་ཡིས་ང་རྒྱལ་སྤངས་བྱས་ལ། །རྩེ་གཅིག་བཏུད་དེ་སྙིང་རྗེས་མོས་བྱས་ཤིང་། །དྲི་ང་མེད་ཅིང་འཁྲིག་པ་རབ་སྤངས་ལ། །དེ་ལ་གནས་ཤིང་དེ་ལ་བསླབ་བྱས་ནས། །རྡུལ་མེད་མི་ཡིས་ཚངས་པའི་འཇིག་རྟེན་ཐོབ། །བྲམ་ཟེ་ཁྱབ་འཇུག་ཆེན་པོས་སྨྲས་པ། ཚངས་པ་གང་དག་མི་ཡི་དྲི་ང་ལགས། །ཆུ་འགྲམ་ཆུས་ཡོག་བཞིན་དུ་གང་གིས་གཡོགས། །ངན་སོང་རྒྱུ་སྟེ་འཇིག་རྟེན་ཐམས་ཅད་བསྒྲིབས། །ཚངས་པ་ཐོབ་པའི་ལམ་ཡང་ཡོང་མི་ཤེས། །མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་པ། ཁྲོ་དང་བརྫུན་དང་ངན་སེམས་འཚེ་བ་དང་། །ངན་དུ་བྱེད་དང་བློ་ཕྱེད་ཕྲ་མ་དང་། །ཆགས་དང་སྡང་དང་དེ་བཞིན་གཏི་མུག་དང་། །འཆབ་པ་དང་ནི་སེར་སྣ་གཏུམ་ཚིག་རྣམས། །བྲམ་ཟེ་འདི་དག་མི་ཡི་དྲི་ང་བ། །ཆུ་འགྲམ་ཆུས་ཡོག་བཞིན་དུ་དེ་ཡིས་གཡོགས། །ངན་སོང་རྒྱུ་སྟེ་འཇིག་རྟེན་ཐམས་ཅད་བསྒྲིབས། །ཚངས་པ་ཐོབ་པའི་ལམ་ཡང་ཡོང་མི་ཤེས། །ཆོས་འདི་རྟག་ཏུ་སྤྱོད་པ་ཡིན། །དེ་རྣམས་ལས་ནི་འདས་གྱུར་ན། །ཚངས་པ་དག་ཏུ་སྐྱེ་འགྱུར་གྱིས། །ཁྱོད་ཀྱི་བརྟན་པོར་བསྒྲིམས་པར་གྱིས། །དེ་སྐད་ཅེས་སྨྲས་ནས། མི་མཇེད་ཀྱི་བདག་པོ་ཚངས་པ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །མི་མཇེད་ཀྱི་བདག་པོ་ཚངས་པ་མི་སྣང་བར་གྱུར་ནས། །རིང་པོ་མ་ལོན་པར་བྲམ་ཟེ་ཁྱབ་འཇུག་ཆེན་པོས་བསམས་པ། མི་མཇེད་ཀྱི་བདག་པོ་ཚངས་པས་ཇི་སྐད་བཤད་པའི་དོན་བདག་གིས་ཤེས་ཏེ། འདི་ལྟར་བདག་ཁྱིམ་པར་འདུག་སྟེ། ཁྱིམ་ན་གནས་བཞིན་དུ་ནི་གཅིག་ཏུ་བརྟུལ་ཏེ། ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་སྤྱད་པར་དཀའ་ན། མ་ལ་བདག་


DKG074_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྐྲ་དང་ཁ་སྤུ་དྲེགས་ཏེ་གོས་ཚོན་ཅན་རྣམས་བགོས་ལ། ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་རྡུལ། བྲམ་ཟེ་ཁྱབ་འཇུག་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྲམ་ཟེ་ཁྱབ་འཇུག་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བྲམ་ཟེ་ཁྱབ་འཇུག་ཆེན་པོས་རྒྱལ་པོ་རྡུལ་ལ་འདི་སྐད་ཅེས་སྨྲས་སོ། །ཡུལ་བདག་རྒྱལ་ཆེན་རྡུལ་གྱིས་ནི། །དེ་རིང་བདག་གི་ཚིག་གསོན་ཅིག །ཁྱོད་ཉིད་ཀྱིས་ནི་རྒྱལ་སྲིད་སྲུངས། །ཁྱབ་འཇུག་བདག་ནི་སྤྲོ་བ་མེད། །རྒྱལ་པོ་རྡུལ་གྱིས་སྨྲས་པ། ཁྱོད་ཀྱི་འདོད་པ་མ་སྐོངས་པ། །དེ་ནི་བདག་གིས་ངེས་པར་བསྐང་། །ཁྱོད་ཀྱི་གནོད་པ་བདག་གིས་བསལ། །ཁྱབ་འཇུག་བདག་ནི་མ་དོར་ཅིག །ཁྱབ་འཇུག་ཆེན་པོས་སྨྲས་པ། བདག་ནི་འདོད་པ་མ་སྐོངས་མེད། །བདག་ལ་གནོད་པ་བྱེད་པའང་མེད། །མི་མ་ཡིན་པའི་ཚིག་ཐོས་ནས། །ཁྱིམ་ན་གནས་པར་སྤྲོ་བ་མེད། །རྒྱལ་པོ་རྡུལ་གྱིས་སྨྲས་པ། བྲམ་ཟེ་སུ་ཡི་ཚིག་ཐོས་པས། །ང་དང་འདོད་པ་སྤོང་བྱེད་པ། །མི་མ་ཡིན་པ་ཅི་འདྲ་བ། །དྲིས་པ་དེ་ནི་བདག་ལ་སྨྲོས། །ཁྱབ་འཇུག་ཆེན་པོས་སྨྲས་པ། སྙིང་རྗེ་ལ་ནི་གནས་ནས་ཀྱང་། །དབེན་པའི་བསམ་གཏན་བྱེད་པ་ན། །དེ་ཚེ་ཚངས་པ་བྱུང་ནས་ནི། །ཕྱོགས་རྣམས་ཐམས་ཅད་སྣང་བར་བྱས། །བདག་གིས་དེ་ཡི་ཚིག་ཐོས་ནས། །ཁྱིམ་ན་གནས་པ་སྤྲོ་བ་མེད། །རྒྱལ་པོ་རྡུལ་གྱིས་སྨྲས་པ། མཁན་པོ་ཁྱོད་ནམ་བདག་གི་བུ་ཐུ་བོ་རྒྱལ་སར་མ་བཅུག་གི་བར་དུ་སྡོད་ཅིག་དང་། མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་བདག་ཀྱང་རབ་ཏུ་འབྱུང་བར་བྱའོ་ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། བྲམ་ཟེ་གང་དུ་འགྲོ་བ་དེར། །བདག་ཀྱང་དེར་ནི་འགྲོ་བར་བྱ། །བདག་གིས་ཁྱོད་ཀྱི་སློབ་མ་བྱེད། །བདག་གི་སྟོན་པ་ཁྱབ་འཇུག་ཁྱོད། །ཁྱབ་འཇུག་ཆེན་པོས་སྨྲས་པ། སོ་སོའི་སྐྱེ་བོ་གར་ཆགས་པ། །འདོད་པ་དེ་ནི་སྤངས་པར་གྱིས། །འདོད་པ་རྣམས་ལ་མ་ལྟ་བར། །བདེན་པའི་ཆོས་ལ་གནས་པར་གྱིས། །རྒྱལ་པོ་རྡུལ་གྱིས་སྨྲས་པ། ཚངས་པ་དག་པར་སྐྱེ་བའི་ཕྱིར། །ནམ་མཁའ་དྲི་མེད་ལྟ་བུ་དང་། །ནོར་བུ་རྱ་དག་ལྟར། །


DKG074_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པར་སྤྱོད་པ་སྤྱད་པར་བྱ། །ཁྱབ་འཇུག་ཆེན་པོས་སྨྲས་པ། རྒྱལ་པོ་ཆེན་པོ་དེའི་དུས་ལ་བབ་པར་མཁྱེན་ན། དེ་ལྟར་མཛོད་ཅིག་ཅེས་བྱས་ནས། བྲམ་ཟེ་ཁྱབ་འཇུག་ཆེན་པོས་རྒྱལ་རིགས་ཀྱི་རྒྱལ་པོ་དྲུག་ལ་སྨྲས་པ། ཀྱེ་བདག་ནི་སྐྲ་དང་ཁ་སྤུ་དྲེགས་ཏེ། ཆོས་གོས་ཚོན་ཅན་བགོས་ལ། ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འདོད་ན། ཁྱོད་ཇི་ལྟར་བྱེད། དེ་དག་གིས་སྨྲས་པ། མཁན་པོ་ཁྱོད་ལོ་བདུན་གྱི་བར་དུ་སྡོད་ཅིག་དང་། ལོ་བདུན་ལོན་ནས་བདག་ཅག་གི་བུ་དང་ནུ་བོ་དག་རྒྱལ་སར་བཅུག་ལ། མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་བདག་ཅག་ཀྱང་རབ་ཏུ་འབྱུང་ངོ་། །ཁྱབ་འཇུག་ཆེན་པོས་སྨྲས་པ། ཀྱེ་ལོ་བདུན་ནི་ཧ་ཅང་ཡུན་རིང་ཆེས་སོ། །འདོད་པ་རྣམས་ནི་ཆགས་པར་འགྱུར་བའོ། །ལོངས་སྤྱོད་རྣམས་ནི་རྒྱགས་པར་འགྱུར་བའོ། །འཚོ་བ་དང་འཆི་བ་ནི་དྲོད་གཟུང་དཀའོ། །ལོ་བདུན་ལོན་ནས་ཁྱོད་རབ་ཏུ་འབྱུང་ངམ་མི་འབྱུང་ཡང་གཏོལ་མེད་ཀྱིས། བདག་ཇེ་རབ་ཏུ་འབྱུང་ངོ་། །དེ་དག་གིས་སྨྲས་པ། མཁན་པོ་ཁྱོད་རེ་ཞིག་སྡོད་ཅིག་དང་། ལོ་དྲུག་གམ། ལྔའམ། བཞིའམ། གསུམ་མམ། གཉིས་སམ། གཅིག་གམ། དེ་བཞིན་དུ་ཟླ་བ་བདུན་ནམ། དྲུག་གམ། ལྔའམ། བཞིའམ། གསུམ་མམ། གཉིས་སམ། གཅིག་གམ། ཞག་བདུན་ནམ། དྲུག་གམ། ལྔའམ། བཞིའམ། གསུམ་མམ། གཉིས་སམ། གཅིག་ལོན་ན། བདག་ཅག་གིས་བུ་དང་ནུ་བོ་རྣམས་རྒྱལ་སར་བཅུག་ནས། མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་བདག་ཅག་ཀྱང་རབ་ཏུ་བྱུང་ངོ་། །ཁྱབ་འཇུག་གིས་སྨྲས་པ། ཀྱེ་ཞག་བདུན་ཡང་ཧ་ཅང་ཡང་ཡུན་མ་རིངས་སམ། འདོད་པ་རྣམས་ནི་ཆགས་པར་འགྱུར་བའམ། ལོངས་སྤྱོད་པ་རྣམས་ནི་རྒྱགས་པར་འགྱུར་བའམ། འཚོ་བ་དང་། འཆི་བའི་དྲོད་གཟུང་དཀའོ། །ཞག་བདུན་ལོན་ནས་ཀྱང་ཁྱོད་རབ་ཏུ་འབྱུང་ངམ། མི་འབྱུང་གཏོལ་མེད་ཀྱིས་བདག་ཇེ་རབ་ཏུ་འབྱུང་ངོ་། །དེ་དག་གིས་སྨྲས་པ། ཞག་བདུན་ཡང་བཏང་སྟེ། དེང་ཉིད་དུ་བདག་ཅག་གི་བུ་དང་ནུ་བོ་དག་རྒྱལ་སར་བཅུག་ནས། མཁན་པོ་


DKG074_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འབྱུང་བའི་རྗེས་སུ་བདག་ཅག་ཀྱང་རབ་ཏུ་འབྱུང་ངོ་། །ཁྱབ་འཇུག་གིས་སྨྲས་པ། ཁྱེད་ཀྱིས་དེའི་དུས་ལ་བབ་པར་ཤེས་ན། དེ་ལྟར་གྱིས་ཤིག །དེ་ནས་བྲམ་ཟེ་ཁྱབ་འཇུག་ཆེན་པོས། རྒྱལ་རིགས་ཀྱི་རྒྱལ་པོ་དྲུག་གི་འཁོར་བལྟས་ནས། བྲམ་ཟེ་ཆེ་ཞིང་མཐོ་བ་བདུན་བལྟས་སོ། །བྲམ་ཟེ་ཆེ་ཞིང་མཐོ་བ་བདུན་བལྟས་ནས། བཤེས་པའི་བུད་མེད་བཞི་བཅུ་བལྟས་སོ། །བཤེས་པའི་བུད་མེད་བཞི་བཅུ་བལྟས་ནས། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བལྟས་སོ། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བལྟས་ནས། ཤིང་རྟ་ཁ་ལོ་བ་རྣམས་དང་། གླང་པོ་ཆེའི་ཁ་ལོ་བ་རྣམས་དང་། རྟ་པ་རྣམས་དང་། ཤིང་རྟ་པ་རྣམས་དང་། མཚོན་ཆ་ཅན་རྣམས་དང་། འཕོང་བ་རྣམས་དང་། ཞམ་རིང་བ་རྣམས་དང་། ཚལ་ཟ་བ་རྣམས་དང་། དྲག་ཤུལ་ཅན་རྣམས་དང་། དཔའ་བོ་རྣམས་དང་། རབ་གནོན་རྣམས་དང་། ཚན་པོ་ཆེ་ཆེན་པོ་རྣམས་དང་། རྒྱལ་པོའི་སྲས་དུ་མ་དག་བལྟས་ཏེ། ཀྱེ་བདག་ནི་སྐྲ་དང་ཁ་སྤུ་དྲེགས་ནས། གོས་ཚོན་ཅན་རྣམས་བགོས་ལ་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ན་ཁྱེད་ཅི་ལྟར་བྱེད་སེམས། དེ་དག་གིས་སྨྲས་པ། བདག་ཅག་ཀྱང་མཁན་པོ་རབ་ཏུ་འབྱུང་བའི་རྗེས་སུ་རབ་ཏུ་འབྱུང་ངོ་། །ཁྱབ་འཇུག་གིས་སྨྲས་པ། ཁྱེད་ཀྱིས་དེའི་དུས་ལ་བབ་པར་ཤེས་ན། དེ་བཞིན་དུ་གྱིས་ཤིག་ཅེས་བྱས་ནས། བྲམ་ཟེ་ཁྱབ་འཇུག་ཆེན་པོས་ཁྱིམ་གྱི་འཁོར་ཐམས་ཅད་བཏང་སྟེ། སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ། དུ་མ་ཞིག་དབུལ་པོར་ཏེ་བཏང་ནས། སྐྲ་དང་ཁ་སྤུ་དྲེགས་ཏེ། གོས་ཚོན་ཅན་རྣམས་བགོས་ནས། ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་ནགས་ཁྲོད་ཅིག་ཏུ་གནས་བཅས་ནས། ཡལ་ག་དང་ལོ་མའི་སྤྱིལ་པོ་ཕུབ་སྟེ། དེ་དེ་ན་འདུག་ནས་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དེ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏོ། །ཁྱབ་འཇུག་རབ་ཏུ་བྱུང་ནས་རྒྱལ་པོ་རྡུལ་གཡོག་འཁོར་འབུམ་ཕྲག་དུ་མ་དང་། སྐྲ་དང་ཁ་སྤུ་དྲེགས་ཏེ། གོས་ཚོན་ཅན་རྣམས་བགོས་ནས། ཡང་དག་པའི་དད་པ་ཁོ་


DKG074_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་བཞིན་དུ་རྒྱལ་རིགས་ཀྱི་རྒྱལ་པོ་དྲུག་གི་འཁོར་དང་། བྲམ་ཟེ་ཆེ་ཞིང་མཐོ་བ་བདུན་དང་། བཤེས་པའི་བུད་མེད་བཞི་བཅུ་དང་། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་དང་། ཤིང་རྟའི་ཁ་ལོ་པ་རྣམས་དང་། གླང་པོ་ཆེའི་ཁ་ལོ་པ་རྣམས་དང་། རྟ་པ་རྣམས་དང་། ཤིང་རྟ་པ་རྣམས་དང་། མཚོན་ཆ་ཅན་རྣམས་དང་། ཞམ་རིང་བ་རྣམས་དང་། ཚལ་ཟ་བ་རྣམས་དང་། དྲག་ཤུལ་ཅན་རྣམས་དང་། དཔའ་བོ་རྣམས་དང་། རབ་གནོན་པ་རྣམས་དང་། ཚན་པོ་ཆེ་ཆེན་པོ་རྣམས་དང་། རྒྱལ་པོའི་སྲས་དུ་མ་དག་སྐྲ་དང་ཁ་སྤུ་དྲེགས་ཏེ། གོས་ཚོན་ཅན་རྣམས་བགོས་ནས། ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་ཁྱབ་འཇུག་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་སྟེ། བྲམ་ཟེ་ཁྱབ་འཇུག་གིས་ཐམས་ཅད་ལ་ཡིད་ལ་བྱེད་པའི་ལུང་ཕོག་ནས། དེ་དག་གིས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་ནས་བྲམ་ཟེ་ཆེ་ཞིང་མཐོ་བ་ཁྱབ་འཇུག་གི་མིང་བྲམ་ཟེ་ཆེ་ཞིང་མཐོ་བ་ཁྱབ་འཇུག་ཅེས་བྱ་བར་གྱུར་པ་དེ་མེད་པར་གྱུར་ནས། སྟོན་པ་ཁྱབ་འཇུག་ཅེས་བྱ་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་སྟོན་པ་ཁྱབ་འཇུག་ཅེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་རྒྱལ་པོ་རྡུལ་ཅེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི། རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་རྒྱལ་པོ་རྡུལ་གྱིས་མགོ་དྲངས་པའི་སྐྱེ་བོ་འབུམ་ཕྲག་དུ་མར་གྱུར་པ་གང་ཡིན་པ་དེ་དག་ནི། རྒྱལ་པོ་གཟུགས་ཅན་སྙིང་པོས་མགོ་དྲངས་པའི་ལྷ་བརྒྱད་ཁྲི་དང་། ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་སྟོང་ཕྲག་དུ་མ་མང་པོ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་རྒྱལ་པོ་རྡུལ་ལ་སོགས་པ་ཡུལ་གྱི་མི་དུ་མ་དང་། བྲམ་ཟེ་དང་། ཁྱིམ་བདག་སྟོང་ཕྲག་དུ་མ་རབ་ཏུ་བྱུང་ནས། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་དེ། གཞི་དེས་ན་ངའི་གྲགས་པས་འཇིག་རྟེན་རྒྱས་པར་གྱུར་ཏོ། །ད་ལྟར་ཡང་ངས་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། ལྷ་བརྒྱད་ཁྲི་དང་། མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་


DKG074_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་དུ་མ་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་བྱས་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ།། །།ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་བདུན་པ་སྟེ་ཐ་མ། འཐབ་མོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་སྐྱེ་བོ་ཕལ་པོ་ཆེ་འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པ་ལ་ཞུགས་ཤིང་འཁོད་དོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་། ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་


DKG074_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། སྐྱེ་བོ་ཕལ་པོ་ཆེ་གདུལ་བའི་དུས་ལ་བབ་སྟེ། དེ་དག་ངས་འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོག་པ་ལས་བཟློག་སྟེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་དགོད་པར་བྱ་སྙམ་དུ་དགོངས་ནས། སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་ཏེ། སྐྱེ་བོ་ཕལ་པོ་ཆེ་ག་ལ་བ་དེར་གཤེགས་ནས། སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་ངོ་མཚར་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཕྱིར་གདན་བཤམས་ནས་གསོལ་པ། བཅོམ་ལྡན་འདས་གཤེགས་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཚུར་གཤེགས་བཞུགས་སུ་གསོལ། དེ་ནས་གདན་བཤམས་པ་ལ་བཞུགས་ནས། བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་ལ་བཀའ་སྩལ་པ། གྲོགས་པོ་དག་ཅི་བྱེད་ཅིང་འཁོད་གཞན་དང་འཐབ་དགོས་ན་གཞན་དང་འཐབ་ཅིང་འདུག་གམ། དེ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་སུ་དང་འཐབ་འཚལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་འོ་ན་འཁོད་ཅིག་དང་། ངས་ཁྱོད་ལ་རྒྱས་པར་བཤད་པར་བྱའོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་དེ་དག་ལ་བཀའ་སྩལ་པ། ཁྱོད་ནི་ཉོན་མོངས་པ་རྣམས་དང་འཐབ་དགོས་ཀྱིས། ཉོན་མོངས་པ་སྤོང་བའི་ཕྱིར་འབད་པར་གྱིས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དེ་ལྟ་བུ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་དེ་དག་གི་ཁྲོ་བའི་ཀུན་ནས་དསྲེས་པ་མེད་པར་གྱུར་ནས། སྟན་དེ་དག་ཉིད་ལ་འཁོད་


DKG074_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་བདེན་པ་མཐོང་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས། དེ་དག་ལ་ལུང་ཡང་ཕོག་སྟེ། དེ་དག་གིས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་འཐབ་པ་ལས་ཞི་བར་མཛད་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངས་སྐྱེ་བོ་ཕལ་པོ་ཆེ་འདི་དག་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་ཇི་ལྟར་བཀོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་


DKG074_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ན་རི་ཁྲོད་ཀྱི་གྲོང་ཞིག་ན་བྲམ་ཟེ་ཞིག་གིས་མཆོད་སྦྱིན་བྱས་ཏེ། མཆོད་སྦྱིན་བྱེད་པ་དེར་བྲམ་ཟེ་རྣམས་སྟན་གྱི་ཕྱིར་འཐབ་པ་ལས་དེའི་ཚེ་དཀའ་ཐུབ་ཀྱི་གནས་ཤིག་ན། དྲང་སྲོང་འཁོར་ལྔ་བརྒྱ་ཡོད་པ་ཞིག་གནས་སོ། །དེ་ནས་མཆོད་སྦྱིན་བྱེད་པ་དེར་དྲང་སྲོང་དེས་བྲམ་ཟེ་དེ་དག་འཐབ་པ་ཞི་བར་བྱ་བའི་ཕྱིར། དེ་ལྟ་བུ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་འཐབ་མོ་དེ་ཡང་ཞི་བར་གྱུར་ལ། བྲམ་ཟེ་རྣམས་ཀྱང་སྐྱོ་བ་སྐྱེས་ནས། དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་ངོ་། །དེ་དག་དེར་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་དག་ནི། སྐྱེ་བོ་ཕལ་པོ་ཆེ་འདི་དག་ཁོ་ན་ཡིན་ནོ། །དེའི་ཚེ་ཡང་ངས་སྐྱེ་བོ་ཕལ་པོ་ཆེ་འཐབ་པ་ཞི་བར་བྱས་ནས་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །ད་ལྟར་ཡང་ངས་སྐྱེ་བོ་ཕལ་པོ་ཆེ་འཐབ་པ་ཞི་བར་བྱས་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་ནས། དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།ཀླུ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱི་བློན་པོ་ཆེན་པོ་ཞིག་གྱོད་ཅིག་ལ་བཏགས་ཏེ། ཅི་བདོག་པ་ཕྲོགས་ནས། ཁྲི་མོན་དུ་བཅུག་པ་ལས། དེ་དེར་ཟས་དང་སྐོམ་གྱིས་མནར་ཏེ་ཤིའོ། །དེ་ནས་དེས་སྨོན་ལམ་ལོག་པར་བཏབ་ནས། ཤི་འཕོས་ཏེ་དུས་ལས་འདས་པའི་འོག་ཏུ། གནོད་སྦྱིན་མ་རུངས་པ་ཞིག་ཏུ་སྐྱེས་ནས། དེས་ཡུལ་ཀོ་ས་ལ་དེ་ཐམས་ཅད་དུ་མི་ནད་བཏང་སྟེ། སྐྱེ་བོ་ཕལ་པོ་ཆེ་དེ་དག་ཁ་དག་པར་གྱུར་ནས། ལྟས་མཁན་དག་གིས་སྨྲས་པ། བློན་པོ་ཆེན་པོ་དེས་འཆི་ཀར་སྨོན་ལམ་ལོག་པར་བཏབ་ནས། གནོད་སྦྱིན་


DKG074_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུངས་པར་སྐྱེས་ཏེ། དེས་མི་ནད་འདི་དག་བཏང་ངོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་ཅི་བྱ་གཏོལ་མེད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། འདི་ནི་སུས་ཀྱང་འདུལ་བར་མི་ནུས་ཀྱིས། ད་འདིའི་ཕྱིར་བཅོམ་ལྡན་འདས་ལ་གསོལ་བ་གདབ་དགོས་སོ་སྙམ་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་ཀླུ་མ་རུངས་པ་དགའ་བོ་དང་། ཉེ་དགའ་བོ་ལ་སོགས་པ་གཞན་དང་གཞན་དག་ཀྱང་བཏུལ། གནོད་སྦྱིན་མ་རུངས་པ་འབྲོག་གནས་ལ་སོགས་པ་གཞན་དང་གཞན་དག་ཀྱང་བཏུལ་ན། བཙུན་པ་བློན་པོ་ཆེན་པོ་ཆེ་གེ་མོ་ཞིག་གིས་སྨོན་ལམ་ལོག་པར་བཏབ་སྟེ། གནོད་སྦྱིན་མ་རུངས་པར་སྐྱེས་ནས། དེས་བདག་གི་ཡུལ་དུ་མི་ནད་བཏང་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ། གནོད་སྦྱིན་མ་རུངས་པ་དེ་གདུལ་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས། གནོད་སྦྱིན་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་འདབ་ཏུ་བཞག་ནས། བཅོམ་ལྡན་འདས་ཀྱིས་དེ་བཏུལ་བའི་ཕྱིར་མེ་ཆེན་པོ་སྤྲུལ་ཏེ། དེའི་ཁོ་ར་ཁོར་ཡུག་ནས་བདག་ཉིད་མེ་ཆེན་པོས་འཁོར་བར་མཐོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་འབའ་ཞིག་ཞི་བར་མཐོང་ངོ་། །དེ་ནས་དེ་འཇིགས་ཤིང་སྐྲག་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་མ་རུངས་པ་དེ་ལ་བཀའ་སྩལ་པ། བཞིན་བཟངས་ཁྱོད་ཀྱིས་སྔོན་མི་དགེ་བའི་ལས་བྱས་པས། རྒྱལ་པོ་གསལ་རྒྱལ་གྱིས་


DKG074_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པ་ཡིན་ན། ད་ཡང་ཁྱོད་འདིར་སྐྱེས་ནས་སྐྱེ་བོ་མང་པོ་ཁ་འདོགས་པར་བྱེད་ན། འདི་ནས་ཤི་འཕོས་པའི་འོག་ཏུ་ཁྱོད་ཀྱི་འགྲོ་བ་ནི་གང་ཡིན། སྐྱེ་གནས་ནི་གང་ཡིན། འགྲོ་བའི་ས་ནི་གང་ཡིན། གནོད་སྦྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་ཅི་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པའི་ལས་འདི་ཐོང་ཤིག །གནོད་སྦྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་ཅི་སྩལ་པ་བཞིན་དུ་འཚལ་ལོ། །དེ་སྐད་ཅེས་གསོལ་ཏེ། དེས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བླངས་ནས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བདག་གིས་སྡིག་པའི་ལས་བཏང་ལགས་ཏེ། བཙུན་པ་དེང་སླན་ཅད་མཉན་དུ་ཡོད་པ་ན་གནས་པའི་སྐྱེ་བོ་མང་པོ་རྣམས་ཀྱི་སྲུང་མ་དང་། སྐྱབས་རྣམས་ནི་བདག་ལགས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་མ་རུངས་པ་དེ་བཏུལ་ནས། སྐྱེ་བོ་ཕལ་པོ་ཆེ་དེ་དག་འཇིགས་པ་མེད་པའི་གནས་སུ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངས་གནོད་སྦྱིན་མ་རུངས་པ་འདི་བཏུལ་ནས། སྐྱེ་བོ་ཕལ་པོ་ཆེ་ཇི་ལྟར་འཇིགས་པ་མེད་པའི་གནས་སུ་བཀོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་ར་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་རྒྱལ་པོ་བྱེད་དེ། དེའི་ཚེ་ཡུལ་ཀ་ཤིར་ཀླུ་གདུག་པ་དུག་མི་བཟད་པ་ཞིག་བྱུང་སྟེ། དེས་གྲོང་ཡང་སྟོངས་པར་བྱེད། ལྗོངས་ཀྱང་སྟོངས་པར་བྱེད་ཅིང་། བཱ་ར་ན་སེའི་ཕྱོགས་སུ་ཆས་པ་ལས་རྒྱལ་པོ་ཚངས་པས་བྱིན་གྱིས་ཐོས་ནས། དེ་ཐོས་མ་ཐག་ཏུ་འཇིགས་པ་ཆེན་པོ་སྐྱེས་ཏེ། དེས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་བཏང་ནས། ཁྱེད་དེང་ལ་ཀླུ་གདུག་པ་དེ་སོད་ཅིག་ཅེས་བསྒོའོ། །དེ་ནས་དེ་དག་གིས་དེའི་རྐང་པ་ལ་ཕྱག་འཚལ་ཏེ། གསོལ་པ། ལྷ་དེ་ནི་དཔུང་གི་ཚོགས་ཀྱིས་དགུམ་པར་མི་ནུས་ཀྱིས། སྔགས་སམ་སྨན་གྱིས་དེ་དགུམ་པར་ནུས་ལགས་སོ། །ཡང་ན་དགེ་བའི་ཚུལ་གྱིས་བཀུར་བའི་དགེ་སྦྱོང་དང་། བྲམ་


DKG074_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཟེ་རྣམས་ཀྱིས་གདུལ་བར་ནུས་ལགས་སོ་ཞེས་གསོལ་ཏོ། །དེ་ནས་དེའི་ཚེ་་་ཌ་་དེ་ཉིད་ན་གདོལ་པའི་ཁྱེའུ་བྱམས་པའི་རང་བཞིན་ཅན། སྙིང་རྗེ་ཆེ་བ་སེམས་ཅན་ལ་བྱམས་པ་ཞིག་གནས་པ་དེས། སྐྱེ་བོ་མང་པོ་དེ་དག་ཅི་བྱ་གཏོལ་མེད་པར་གྱུར་པ་མཐོང་ནས། མཐོང་མ་ཐག་ཏུ་དེ་སྙིང་རྗེ་སྐྱེས་ནས་དེས་སྐྱེ་བོ་མང་པོ་རྣམས་ལ་སྨྲས་པ། ཁྱོད་ཅི་བྱ་གཏོལ་མེད་པར་བྱ་མི་དགོས་ཀྱིས། བདག་གིས་ཀླུ་གདུག་པ་དེ་གདུལ་བར་བྱའོ་ཞེས་བྱས་སོ། །དེ་ནས་དེའི་ཕ་མ་གཉིས་ན་རེ། དེ་ནི་དབུགས་གདུག་པ་ཡིན་ཏེ་ཁྱོད་ཀྱིས་དེ་གདུལ་མི་ནུས་སོ། །ཁྱེའུ་དེས་སྨྲས་པ། བྱམས་པའི་གོ་ཆ་གྱོན་པ་ལ་དེས་ཅུང་ཟད་ཀྱང་གནོད་པར་བྱེད་མི་ནུས་སོ་ཞེས་བྱས་ནས། ཁྱེའུ་དེས་ཕྱོགས་གང་ན་ཀླུ་གདུག་པ་འདུག་པའི་ཕྱོགས་དེར་སོང་ནས་ཀླུ་གདུག་པ་དེས་ཐག་རིང་པོ་ཞིག་ནས་ཁྱེའུ་དེ་མཐོང་ངོ་། །མཐོང་ནས་ཀྱང་ཁྲོས་ནས་ཁྱེའུ་དེ་ལ་དབུགས་བཏང་ངོ་། །དེ་ནས་ཁྱེའུ་དེས་བྱམས་པ་ལ་སྙོམས་པར་ཞུགས་ནས་བྱམས་པའི་ལྟ་བས་ཀླུ་གདུག་པ་དེ་ལ་བལྟས་ཏེ། དེས་བལྟས་མ་ཐག་ཏུ་དུག་མེད་པར་གྱུར་ཏོ། །དེ་ནས་ཁྱེའུ་དེས་ཀླུ་སྦྲུལ་དེ་ལག་པ་གཉིས་ཀྱིས་བླངས་ནས་མི་མི་གནས་པའི་ས་ཕྱོགས་སུ་བཞག་གོ །དེ་ནས་རྒྱལ་པོ་ཚངས་པས་བྱིན་དང་། སྐྱེ་བོ་མང་པོ་གཞན་དག་གིས་གདོལ་པའི་ཁྱེའུ་ཆེ་གེ་མོ་ཞིག་གིས་ཀླུ་གདུག་པ་བཏུལ་ལོ་ཞེས་ཐོས་ནས་ཐོས་མ་ཐག་ཏུ་རྒྱལ་པོ་དེ་རང་ཉིད་གདོལ་པའི་ཁྱེའུ་དེའི་ཐད་དུ་སོང་ནས་དེས་ཁྱེའུ་དེ་ལ་དམ་པ་སྣ་གཅིག་འདམ་དུ་བཅུག་སྟེ། ཁྱེའུ་ཁྱོད་ལ་དམ་པ་སྣ་གཅིག་བྱིན་ནོ་ཞེས་བྱས་སོ། །ཁྱེའུས་སྨྲས་པ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ། གནས་པར་མཛོད་ཅིག །ཡུལ་ན་གནས་པའི་མི་རྣམས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་གཟུད་པར་མཛོད་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ཁྱེའུ་དེ་ལ་ལོངས་སྤྱོད་ཀྱི་བྱིངས་ཆེན་པོ་བྱིན་ནས། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་འདུག་གོ །ཡུལ་ན་གནས་པའི་མི་རྣམས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་གདོལ་


DKG074_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྱེའུར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་ཀླུ་གདུག་པར་གྱུར་པ་གང་ཡིན་པ་དེ་ནི། གནོད་སྦྱིན་མ་རུངས་པ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་སྐྱེ་བོ་ཕལ་པོ་ཆེར་གྱུར་པ་གང་ཡིན་པ་དེ་དག་ནི། ཡུལ་ཀོ་ས་ལ་ན་གནས་པའི་སྐྱེ་བོ་མང་པོ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་ཀླུ་གདུག་པ་དེ་བཏུལ་ནས། སྐྱེ་བོ་ཕལ་པོ་ཆེ་འཇིགས་པ་མེད་པའི་གནས་སུ་བཀོད་དོ། །ད་ལྟར་ཡང་ངས་གནོད་སྦྱིན་མ་རུངས་པ་འདི་བཏུལ་ནས། སྐྱེ་བོ་ཕལ་པོ་ཆེ་འཇིགས་པ་མེད་པའི་གནས་སུ་བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་དག་ཐམས་ཅད་དགེ་བསྙེན་དུ་གྱུར་ཏེ། དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།ཤི་བི་གཉིས་ཞེས་བྱ་བ་དེ་ལ། ཤི་བི་དང་པོ་ནི། བཅོམ་ལྡན་འདས་གྱད་ཀྱི་ཡུལ་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ལས། ཆུ་ཀླུང་མཐའ་ལྡན་དང་། གྲོང་ཁྱེར་ཀུ་ཤའི་བར་གྱི་ལམ་ནས་གུད་དུ་བཟུར་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པའི་བླ་གོས་བཞི་བལྟབ་ཏུ་བགྱིས་ཏེ་ཐིང་ཤིག་དང་། ངའི་རྒྱབ་མི་བདེ་བ་དེ་རེ་ཞིག་བསྟི་བར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་མཉན་ནས། བླ་གོས་བཞི་བལྟབ་ཏུ་བྱས་ཏེ། བཏིང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་བཞིན་གཤེགས་པའི་བླ་གོས་བཞི་བལྟབ་ཏུ་བགྱིས་ཏེ་བཏིང་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་གོས་སྣམ་སྦྱར་སྟུག་པོར་བལྟབ་སྟེ་འཕོངས་སུ་བཞག་ནས། སྣང་བའི་འདུ་ཤེས་དང་ལྡན་པ་དང་། དྲན་པ་དང་ལྡན་པ་དང་། ཤེས་བཞིན་དང་ལྡན་པའི་འདུ་ཤེས་ཐུགས་ལ་དགོངས་ཤིང་གློ་གཡས་ཕྱོགས་ཀྱིས་གཟིམས་ཏེ། ཞབས་གཅིག་གི་སྟེང་དུ་གཅིག་བཞག་གོ །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་


DKG074_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ཏེ། འཁོར་འདིར་སོ་སོའི་སྐྱེ་བོའི་དགེ་སློང་ཇི་སྙེད་འདུས་ཤིང་འཚོགས་པ་དེ་དག་ཐམས་ཅད་ཅི་སངས་རྒྱས་ཀྱིས་འདུལ་བ་ཡིན་ནམ། འོན་ཏེ་ཉན་ཐོས་ཀྱིས་འདུལ་བ་ཡིན་ཞིག་གུ་སྙམ་དུ་དགོངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པ། འདི་ན་ཁ་ཅིག་ནི་སངས་རྒྱས་ཀྱིས་འདུལ་བར་འགྱུར་རོ། །ཁ་ཅིག་ནི་ཉན་ཐོས་ཀྱིས་འདུལ་བར་འགྱུར་སྙམ་དུ་དགོངས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་བྱང་ཆུབ་ཀྱི་ཕྱོགས་རྣམས་ལས་སྤོབས་པར་གྱིས་ཤིག །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་ཅི་ནས་འཁོར་ཐམས་ཅད་དུ་སྒྲ་དེས་གང་བར་འགྱུར་བ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་དགེ་སློང་མང་པོ་དག་གིས་ཚིག་དེ་ལྟ་བུ་གསུངས་པའི་སྒྲ་ཐོས་ནས། དེ་དག་གིས་བསམས་པ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་གཏམ་གྱིས་ཤིག་པར་བསྐུལ་བས་ན་ད་ནི་ཚེ་དང་ལྡན་པ་ཀུན་དགའ་བོས་སྦྲང་བུའི་སྦྲང་རྩི་བཙིར་བ་བཞིན་དུ་ཆོས་སྙན་ནོ་ཅོག་སྟོན་པར་འགྱུར་སྙམ་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་བསྐོར་ཏེ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་རྟེན་པ་འདོད་ཆགས་དང་བྲལ་བ་ལ་རྟེན་པ་འགོག་པ་ལ་རྟེན་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ནི། བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་ཤེས་པས། མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་ཏོ་ཚེ་དང་ལྡན་པ་དག་ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་རྟེན་པ། འདོད་ཆགས་དང་བྲལ་བ་ལ་རྟེན་པ། འགོག་པ་ལ་རྟེན་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ནི། བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་ཤེས་པས། མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་ཏོ་ཞེས། ཚེ་དང་ལྡན་པ་ཀུན་དགའ་བོས་བྱང་ཆུབ་ཀྱི་ཡན་ལག་


DKG074_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ཉིད་ལས་བརྩམས་ནས་དགེ་སློང་རྣམས་ལ་དེ་ལྟ་བུ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཉན་ཐོས་དང་དགེ་བའི་རྩ་བ་འདྲེལ་པ་གང་ཡིན་པ་དེ་དག་གིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་གཏམ་གྱི་མཇུག་རྫོགས་པར་ཐུགས་སུ་ཆུད་ནས་བཞུགས་ཏེ། སྐྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་པོར་བསྲངས་ཏེ། དྲན་པ་མངོན་དུ་བཞག་ནས་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་བརྩོན་འགྲུས་སྟོན་ཏམ། གསོལ་པ། བཅོམ་ལྡན་འདས་བརྩོན་འགྲུས་སྟོན་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་བརྩོན་འགྲུས་སྟོན་ཏམ། གསོལ་པ། བདེ་བར་གཤེགས་པ་བརྩོན་འགྲུས་སྟོན་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་བརྩོན་འགྲུས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་འདི་དག་ཉིད་ལས་བརྩམས་ནས། དེ་ལྟ་བུ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་བཅོམ་ལྡན་འདས་དང་དགེ་བའི་རྩ་བ་འདྲེལ་པ་གང་ཡིན་པ་དེ་དག་གིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དེའི་ཚེ་དགེ་སློང་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། སྙན་པའི་ཆོས་ནི་གསན་པའི་ཕྱིར། །སྟོན་པ་སྙུན་བཞིན་ཉིད་


DKG074_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐུལ། །ཁྱོད་ལ་བྱང་ཆུབ་ཡན་ལག་རྣམས། །ཡོད་ན་དགེ་སློང་ཁྱོད་ཤོད་ཅིག །གནས་བརྟན་ཀུན་དགའ་མཁས་ཤིང་གྲགས། །བྱང་བར་གྱུར་པས་ལེགས་ཞེས་གསོལ། །དཔའ་བོ་ཁྱོད་ཀྱི་གསུང་རབ་ལ། །དཀར་བའི་ཆོས་རྣམས་དེ་དག་མངའ། །དྲན་དང་རྣམ་འབྱེད་བརྩོན་འགྲུས་དང་། །དགའ་དང་རབ་སྦྱངས་ཏིང་འཛིན་དང་། །བཏང་སྙོམས་འདི་དག་རྡུལ་མེད་པ། །ཁྱོད་ཀྱི་བྱང་ཆུབ་ཡན་ལག་ལགས། །བྱང་ཆུབ་ཡན་ལག་བཅུད་ཐོས་ནས། །བྱང་ཆུབ་ཡན་ལག་བཅུད་ཀྱང་རྟོགས། །བཅོམ་ལྡན་སྙུན་ཚབས་ཆེ་བ་ལས། །གནོད་པ་དེ་ལས་ཞི་བར་གྱུར། །དམ་ཆོས་རིན་ཆེན་འདི་སྟོན་པའི། །ཆོས་ཀྱི་མངའ་བདག་དེ་ཉིད་ཀྱང་། །དམ་ཆོས་གསན་པར་བཞེད་གྱུར་ན། །གཞན་ལྟ་ཅི་ལྟར་དེ་མི་ཉན། །སྟོབས་བཅུ་མངའ་བས་ཉེ་རྒྱལ་ནི། །དགེ་སློང་རྣམས་ཀྱི་ཤེས་རབ་མཆོག།བསྟན་པ་གང་ཡིན་དེ་ཉིད་ཀྱང་། །ཆོས་མཉན་འདོད་པས་གཟིར་བར་འགྱུར། །མདོ་སྡེ་འདུལ་བ་མ་མོ་འཛིན། །མཁས་ཤིང་ཚུལ་དང་ཚུལ་མིན་ཤེས། །དེ་དག་དམ་ཆོས་ཉན་བྱེད་ན། །གཞན་ལྟ་ཇི་ལྟར་དེ་མི་ཉན། །མཁས་པ་ཤེས་འདོད་སེམས་བཞག་ནས། །ཆོས་བཞིན་ཉན་པར་བྱེད་པ་ནི། །སངས་རྒྱས་གསུང་རབ་སྐྱོན་མེད་ལ། །དེ་བཞིན་དགའ་བ་ཐོབ་པར་འགྱུར། །ཡིད་དགའ་ལུས་ཀྱང་ཤིན་ཏུ་སྦྱངས། །བདེ་བ་ཡང་ནི་མྱོང་བར་འགྱུར། །བདེ་བར་གྱུར་ནས་སེམས་ཉིད་ཀྱིས། །ཏིང་འཛིན་ལ་ཡང་རེག་པར་འགྱུར། །སེམས་ནི་མཉམ་པར་གཞག་པ་ཡིས། །འདུ་བྱེད་ཡུལ་གྱི་རྣམ་པར་རིག །སྲིད་པའི་འགྲོ་ལས་སྐྱོ་བར་འགྱུར། །ཆགས་མེད་སེམས་ཀྱིས་གྲོལ་བར་འགྱུར། །རྟག་ཏུ་སྲིད་འགྲོ་སྐྱོ་གྱུར་ན། །ལྷ་དང་མི་ལ་ཆགས་པ་མེད། །བུད་ཤིང་མེད་པའི་མེ་བཞིན་དུ། །དགྲ་བཅོམ་རྣམས་ནི་མྱ་ངན་འདའ། །དམ་ཆོས་མཉན་པའི་ཕན་ཡོན་ནི། །མང་པོ་གཞན་ཡང་རྒྱལ་བས་བསྟན། །དེ་ཕྱིར་འདི་ནི་ཡོད་སྙམ་དུ། །སྟོན་པའི་བཀའ་ནི་མཉན་པར་བྱ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ནི་ལེགས་པར་སྨྲས་པ་གསུང་བ་དང་། ལེགས་


DKG074_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨྲས་པར་བཞེད་པ་ལགས་ཏེ། ལེགས་པར་སྨྲས་པའི་དོན་གྱི་སླད་དུ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བསྐུལ་བ་མཛད་ནས། བཀུར་སྟི་དང་ལྡན་པས་གསན་ཀྱང་གསན། བཤད་ཀྱང་བཤད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ནི་ད་ལྟར་འབའ་ཞིག་ལེགས་པར་སྨྲས་པ་གསུང་བ་དང་། ལེགས་པར་སྨྲས་པ་བཞེད་པ་མ་ཡིན་གྱིས། དེ་བཞིན་གཤེགས་པ་ནི་འདས་པའི་དུས་ན་ཡང་ལེགས་པར་སྨྲས་པ་གསུང་བ་དང་། ལེགས་པར་སྨྲས་པ་བཞེད་པ་ཡིན་ཏེ། ལེགས་པར་སྨྲས་པའི་དོན་གྱི་ཕྱིར། ངས་མཆོག་ཏུ་དཀའ་བ་ཇི་ལྟར་སྤྱད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོའི་ཕོ་བྲང་བཞི་ལྡན་ཞེས་བྱ་བ་ན། རྒྱལ་པོ་ཤི་བི་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། ནད་དང་། མུ་གེ་མེད་པ་དང་། འབྲས་་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །རྒྱལ་པོ་དེ་ཡང་བྱམས་པའི་རང་བཞིན་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་བྱམས་པའི་སྦྱིན་པ་ལ་ཕྲེད་པ་ཞིག་སྟེ། དེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་ཏེ། ཟས་འདོད་པ་ལ་ནི་ཟས་སྦྱིན་པར་བྱེད། སྐོམ་འདོད་པ་ལ་ནི་སྐོམ་སྦྱིན་པར་བྱེད། གོས་འདོད་པ་ལ་ནི་གོས་སྦྱིན་པར་བྱེད། རྒྱན་འདོད་པ་ལ་ནི་རྒྱན་སྦྱིན་པར་བྱེད། མལ་སྟན་འདོད་པ་ལ་ནི་མལ་སྟན་སྦྱིན་པར་བྱེད། བཞོན་པ་འདོད་པ་ལ་ནི་བཞོན་པ་སྦྱིན་པར་བྱེད། ཡོ་བྱད་གཞན་འདོད་པ་ལ་ནི་ཡོ་བྱད་གཞན་སྦྱིན་པར་བྱེད་དོ། །ནད་གསོ་བའི་ནད་བྲང་བཅས་ཏེ། ཡོ་བྱད་ཐམས་ཅད་སྦྱར་ནས། སྨན་པ་རྣམས་དང་། ནད་གཡོག་རྣམས་བསྐོས་ཏེ། ནད་པ་རྣམས་དང་། མགོན་མེད་པ་རྣམས་ཀྱི་རིམ་གྲོ་བྱེད་དོ། །


DKG074_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བ་དང་བཅའ་བ་མང་པོ་དག་ཀྱང་སྟ་གོན་བྱས་ཏེ། ནམ་མཁའ་ལ་གནས་པ་དང་། ཆུ་ལ་གནས་པ་དང་། ཐང་ལ་གནས་པའི་སྲོག་ཆགས་རྣམས་ལ་སྦྱིན་པར་བྱེད་དོ། །དེས་ཡི་དམ་འདི་ལྟ་བུ་ཡང་བཅས་ཏེ། དེང་ཕྱིན་ཅད་བདག་གིས་ཐམས་ཅད་ལ་ཐམས་ཅད་སྦྱིན་པར་བྱ་སྟེ། འཇིག་རྟེན་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་དགོད་པར་བྱའོ་ཞེས་དམ་བཅས་ནས། དེས་འཇིག་རྟེན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །དེར་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའི་ཕྱིར་སེམས་ཅན་ཕལ་ཆེར་ཤི་བའི་འོག་ཏུ་ལྷའི་ནང་དུ་སྐྱེས་ནས། དེ་དག་གིས་ལྷའི་གནས་རྣམས་གང་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། འདི་ཅི་ཞིག་སྒྲུབ་བརྒྱ་བྱིན་དུ་འགྱུར་བ་སྒྲུབ་བམ། འོན་ཏེ་ཚངས་པར་འགྱུར་བ་སྒྲུབ་ཞིག་གུ་སྙམ་མོ། །དེ་ནས་དེས་བལྟས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་ཅིང་འདུག་གོ །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། ཅི་འདི་སེམས་ཅན་བརྟན་པོ་ཡིན་ནམ། འོན་ཏེ་སེམས་ཅན་མི་བརྟན་པ་ཡིན་པ་བདག་གིས་ཇེ་བརྟགས་ལ། གལ་ཏེ་སེམས་ཅན་བརྟན་པོ་ཡིན་ན་ནི་མཆོད་པར་བྱའོ། །འདི་ལྟ་སྟེ། སེམས་ཅན་བརྟན་པོ་མ་ཡིན་ན་ཡང་། འདིའི་སེམས་སྟོབས་བསྐྱེད་པར་བྱའོ་སྙམ་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས། བདག་ཉིད་སྲིན་པོའི་གཟུགས་སུ་མངོན་པར་སྤྲུལ་ནས། རྒྱལ་པོ་ཤི་བིའི་ཁང་བཟངས་ཀྱི་ཆར་ཁེབས་ལ་འདུག་སྟེ། ཚིགས་སུ་བཅད་པའི་ཕྱེད་སྨྲས་པ། ཀྱེ་མ་འདུ་བྱེད་རྣམས་མི་རྟག།སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་སྨྲས་ནས། ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ཅན་ཅང་མི་ཟེར་བར་འདུག་གོ །དེ་ནས་རྒྱལ་པོ་ཤི་བིས་ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ཅན་གྱིས་ཚིག་དེ་ལྟ་བུ་བརྗོད་པ་ཐོས་སོ། །ཐོས་ནས་ཀྱང་དེས་བསམས་པ། གཅིག་ཏུ་ན་ནི་མྱ་ངན་ལས་འདས་པའི་རྟེན་ཅིང་འདྲེལ་པར་འབྱུང་བའི་སྒོ་ཕྱེའོ། །གཅིག་ཏུ་ན་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་བསྟན་ཏོ་སྙམ་མོ། །དེ་ནས་རྒྱལ་པོ་ཤི་བིས་ལྷའི་དབང་པོ་བརྒྱ་བྱིན་མི་མ་


DKG074_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཆ་ལུགས་ཅན། ཁང་བཟངས་ཀྱི་ཆར་ཁེབས་ལ་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་སྐྱེན་པར་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ཅན་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། སྨྲས་པ། གྲོགས་པོ་ཚིགས་སུ་བཅད་པ་དེ་ཚང་བར་སྨྲོས་ཤིག་དང་། བདག་གིས་སློབ་མ་བགྱིས་ཏེ་མཉན་ཏོ། །བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་ཀྱིས་བདག་གི་སློབ་མ་བྱས་པས་ཅི་ལ་ཕན། བདག་ནི་བཀྲེས་ཤིང་སྐོམ་པས་གཟིར་ཏེ། ཅི་ཟ་གཏོལ་མེད་པར་བླ་ཞིང་འདུག་གོ །བྱང་ཆུབ་སེམས་དཔས་སྨྲས་པ། གྲོགས་པོ་ཚིགས་སུ་བཅད་པ་ཚང་བར་སྨྲོས་ཤིག་དང་། བདག་གིས་ཁྱོད་ཁ་ཟས་ཀྱིས་ཚིམ་པར་བྱའོ། །ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ཅན་གྱིས་སྨྲས་པ། གྲོགས་པོ་ཁྱོད་ཀྱིས་ང་ཁ་ཟས་ཀྱིས་ཚིམ་པར་བྱེད་ནུས་སམ། ངའི་ཁ་ཟས་དང་སྐོམ་ཇི་ལྟ་བུ་ཡིན་པ་དེ་ནི་ཁྱོད་ཀྱིས་སྦྱིན་པར་དཀའོ། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱི་ཟས་སྐོམ་ཅི་ཡིན། དེས་སྨྲས་པ། མི་འཕྲལ་དུ་བསད་པའི་ཤ་དྲོན་མོ་ནི་ཟ། ཁྲག་དྲོན་མོ་ནི་འཐུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། དེ་ལྟ་བུའི་ཤ་ཁྲག་ནི་གསོད་པར་མ་བྱས་ཀྱི་བར་དུ་མི་རྙེད་ལ། བདག་གིས་ལེགས་པར་སྨྲས་པའི་དོན་གྱི་ཕྱིར་སེམས་ཅན་གཞན་སུ་ལ་ཡང་གནོད་པར་བྱེད་མི་ཕོད་དོ་སྙམ་ནས་སྨྲས་པ། གལ་ཏེ་བདག་གི་ཤ་ཁྲག་ཁྱོད་ཟ་ཞིང་འཐུང་ཕོད་ན་ནི་གྲོགས་པོ་བདག་གིས་སྦྱིན་ནུས་ཆེས་ཀྱིས། ཚིགས་སུ་བཅད་པ་ཚང་བར་སྨྲོས་ཤིག་དང་། ལེགས་པར་སྨྲས་པའི་དོན་གྱི་ཕྱིར་བདག་གིས་ཁྱོད་ལ་རང་གི་ཤ་ཁྲག་སྦྱིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིགས་སུ་བཅད་པ་ཚང་བར་སྨྲས་པ། ཀྱེ་མ་འདུ་བྱེད་རྣམས་མི་རྟག།སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འགག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །དེ་ནས་བྱང་ཆུབ་སེམས་དཔས་ཚིགས་སུ་བཅད་པ་ཚང་བ་དེ་གུས་པར་མནོས་ནས། ཡུན་རིང་པོ་ཞིག་ཏུ། ཁ་ཏོན་དུ་སྦྱངས་ནས་བསམས་པ། འདི་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་རྟེན་ཅིང་འདྲེལ་བར་


DKG074_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་སྒོ་ཡིན་ནོ། །འདི་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་ལམ་ཡིན་ནོ། །ལམ་འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ངེས་པར་འབྱུང་ངོ་སྙམ་ནས། མཚོན་ཆ་རྣོན་པོ་བླངས་ཏེ་སྨྲས་པ། གྲོགས་པོ་ལེགས་པར་སྨྲས་པའི་དོན་གྱི་ཕྱིར་ཡོན་བཞེས་ཤིག་ཅེས་བྱས་ནས། བྲང་གི་ཕྱོགས་གཅིག་ནས་ཤ་བཅད་དེ། ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ཅན་ལ་བྱིན་ཏེ་སྨྲས་པ། གྲོགས་པོ་འགྲངས་སམ། དེས་སྨྲས་པ། མ་འགྲངས་སོ། །དེ་བཞིན་དུ་བྲང་གི་ཕྱོགས་ཡ་གཅིག་ནས་ཤ་བཅད་དེ་བྱིན་ནོ། །དེ་བཞིན་དུ་དཔུང་པའི་ཤ་རྣམས་དང་། ལུས་ཐམས་ཅད་ཀྱི་ཤ་བཅད་ཅིང་བྱིན་ནས་སྨྲས་པ། གྲོགས་པོ་འགྲངས་སམ། དེས་སྨྲས་པ། མ་འགྲངས་སོ། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། ད་ནི་ལུས་རིལ་གྱིས་ཡོངས་སུ་གཏང་བའི་དུས་ཁོ་ན་ལ་བབ་བོ་སྙམ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་ནས། ཚིགས་སུ་བཅད་དེ་སྨྲས་པ། སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །སྲིད་པ་དག་ཏུ་རང་བྱུང་སངས་རྒྱས་ཤོག།སྔོན་གྱི་རྒྱལ་དབང་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོ་ཕལ་ཆེན་བརྒལ་ནས་བསྒྲལ་བར་བགྱི། །དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས། སྨྲས་པ། གྲོགས་པོ་བདག་གིས་ལུས་འདི་ཅི་ལྟར་དགའ་བར་གྱིས་ཤིག །དེ་ནས་བྱང་ཆུབ་སེམས་དཔས་སེམས་བསྐྱེད་མ་ཐག་ཏུ་ས་རྣམ་པ་དྲུག་ཏུ་གཡོས་སོ། །ནམ་མཁའ་ལ་འཁོད་པའི་ལྷ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་ཕབ་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། གྲོགས་པོ་ལེགས་སོ། །


DKG074_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ་ཁྱོད་ཀྱིས་མཆོག་ཏུ་དཀའ་བའི་ལས་བྱས་སོ་ཞེས་འཛེར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། བྱང་ཆུབ་སེམས་དཔའ་འདིས་མཆོག་ཏུ་དཀའ་བ་བྱས་ཏེ། བདག་གིས་འདིའི་ལུས་སྔ་མཁོ་བཞིན་དུ་བསྒྱུར་བར་ནི་ནུས་མོད་ཀྱིས། འོན་ཀྱང་བདག་གིས་འདི་ཉིད་ཀྱི་སྤྲོ་བ་ཚོད་ཟིན་པར་བསྐྱེད་དགོས་སོ་སྙམ་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། གྲོགས་པོ་ཁྱོད་བདག་གིས་ཤ་རྣམས་གཅོད་ཅིང་རྒྱུས་པ་དང་། རྩ་བྲང་དྲེང་རྣམས་གསེ་བ་ན། སེམས་མི་དགའ་བ་ཅུང་ཟད་ཙམ་སྐྱེས་སམ། བྱང་ཆུབ་སེམས་དཔས་སྨྲས་པ། གྲོགས་པོ་བདག་གི་ཤ་རྣམས་གཅོད་ཅིང་། རྒྱུས་པ་དང་རྩ་བྲང་དྲེང་རྣམས་གསེ་བ་ན། སེམས་མི་དགའ་བ་ཅུང་ཟད་ཀྱང་མ་སྐྱེས་ཀྱིས། བདག་གིས་སྡུག་བསྔལ་མྱོང་བ་ན། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་སུ་སྐྱེས་པའི་སེམས་ཅན་རྣམས་འབའ་ཞིག་ལ། སྙིང་རྗེའི་དབང་དུ་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ཅན་གྱིས་སྨྲས་པ། གྲོགས་པོ་ཁྱོད་ཀྱི་ཚིག་དེ་ལ་སུ་ཞིག་ཡིད་ཆེས། བྱང་ཆུབ་སེམས་དཔས་སྨྲས་པ། བདག་གིས་ཁྱོད་ལ་བདེན་པ་བསྐུལ་བ་དེ་ལྟ་བུས་ཡིད་ཆེས་པར་བསྟན་ཏོ། །བརྒྱ་བྱིན་གྱིས་སྨྲས་པ། དེ་ལྟར་ཁྱོད་ཀྱིས་བདེན་པ་བསྐུལ་བར་ཆད་ན། ཇེ་ཁྱོད་བདག་གིས་ལུས་འདི་བདེན་པ་བསྐུལ་བས་སྔ་མཁོ་བཞིན་དུ་གྱུར་ཅིག །དེ་སྐད་ཅེས་སྨྲས་མ་ཐག་ཏུ་བྱང་ཆུབ་སེམས་དཔས་སྨྲས་པ། བདེན་པ་དང་བདེན་པའི་ཚིག་གང་གིས་འདི་ལྟར་བདག་གི་ཤ་རྣམས་གཅོད་ཅིང་། རྒྱུས་པ་དང་རྩ་བྲང་དྲེང་རྣམས་གསེ་བ་ན། སེམས་ཅུང་ཟད་ཙམ་ཡང་མི་དགའ་མ་སྐྱེས་ཏེ། བདག་གིས་སྡུག་བསྔལ་མྱོང་བ་ན། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་སུ་སྐྱེས་པའི་སེམས་ཅན་རྣམས་འབའ་ཞིག་ལ་སྙིང་རྗེ་བའི་དབང་དུ་གྱུར་ན། བདེན་པ་དང་བདེན་པའི་ཚིག་དེ་དག་གིས་བདག་གི་ལུས་སྔ་མཁོ་བཞིན་དུ་གྱུར་ཅིག་ཅེས་བྱས་སོ། །དེ་སྐད་ཅེས་བརྗོད་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ལུས་སྔ་མཁོ་བཞིན་དུ་གྱུར་ཏོ། །དེ་ནས་དེ་མཐོང་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་ཡི་རངས་ཏེ། ཆ་ལུགས་མི་སྣང་བར་


DKG074_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། རང་བཞིན་གྱི་གཟུགས་སུ་བསྒྱུར་ཏེ། བྱང་ཆུབ་སེམས་དཔའི་རྐང་པ་ལ་ཕྱག་འཚལ་ནས་སྨྲས་པ། བདག་གིས་ཁྱོད་ལ་གནོད་པའི་བསམས་པས་མི་དགའ་བ་བྱས་པ་ནི་མ་ཡིན་གྱིས། ཁྱོད་ཉིད་ཀྱི་སྤྲོ་བ་བསྐྱེད་པའི་ཕྱིར་བདག་གིས་ཁྱོད་མི་དགའ་བར་བྱས་པར་ཟད་དོ། །ཁྱོད་ཀྱི་བརྩོན་འགྲུས་འདི་འདྲ་བ་དང་། སྤྲོ་བ་འདི་འདྲ་བ་ལས་ན། གདོན་མི་ཟ་བར་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱིས། དེའི་ཚེ་བདག་དྲན་པར་མཛོད་ཅིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་སེམས་དཔའ་ལ་བཟོད་པ་གསོལ་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་ཤི་བིར་གྱུར་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེའི་ཚེ་ཡང་ང་ལེགས་པར་སྨྲ་བས་སྨྲ་བ་དང་། ལེགས་པར་སྨྲ་བར་འདོད་པར་གྱུར་ན། ད་ལྟར་དེ་བཞིན་གཤེགས་པར་གྱུར་པ་ན་ལེགས་པར་སྨྲ་བས་སྨྲ་བ་དང་། ལེགས་པར་སྨྲ་བར་འདོད་པར་ཅི་སྟེ་མི་མཛད། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ང་ནི་ཆོས་དང་པོ་བྱེད་པ་ཡིན་པའི་ཕྱིར་རོ།། །།ཤི་བི་གཉིས་པ་ནི། གཏན་ཚིགས་དང་། སྔོན་གྱི་རྒྱུ་སྔ་མ་དང་འདྲ་བ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་ཀྱིས་བདག་གི་སློབ་མ་བྱས་པས་ཅི་ལ་ཕན། ང་ཁྱོད་ལ་གནོད་པ་ཞིག་ཟེར་གྱིས། གལ་ཏེ་གནོད་པ་དེ་ཁྱོད་ཀྱིས་བྱེད་ཕོད་ན་ནི། དེའི་འོག་ཏུ་ཚིགས་སུ་བཅད་པ་དེ་ངས་ཁྱོད་ལ་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔས་སྨྲས་པ། གྲོགས་པོ་ཚིགས་སུ་བཅད་པ་དེ་ཇེ་བརྗོད་ཅིག་དང་། ཁྱོད་ཀྱིས་བདག་ལ་གནོད་པ་ཅི་བྱེད་དུ་བཅུག་པ་དེ་དག་ཐམས་ཅད་བདག་གིས་བགྱིའོ། །གྲོགས་པོ་ཚིགས་སུ་བཅད་པ་དེ་ཚང་བར་སྨྲོས་ཤིག་དང་། དེ་སྐད་ཅེས་བརྗོད་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་མདུན་དུ་ཚིགས་སུ་བཅད་པ་དེ་ཚང་བར་བརྗོད་དོ། །དེ་ནས་བྱང་ཆུབ་སེམས་དཔས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ཅན་ག་ལ་བ་དེ་


DKG074_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཚིགས་སུ་བཅད་པ་དེ་ཚང་བར་མནོས་ཏེ། ཡུན་རིང་མོ་ཞིག་ཏུ་ཁ་ཏོན་སྦྱངས་ནས། ཁབ་སོར་བཞི་པ་སྟོང་ཤིང་ལེབ་ལ་བཙུགས་པ་དེ་ལྟ་བུ་ཤིང་ལེབ་གཉིས་ཀྱི་བར་དུ་བདག་ཉིད་ཉལ་ཏེ་འཚིར་བར་བྱེད་དོ། །དེ་དེ་ན་འདུག་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་ནས། ཚིགས་སུ་བཅད་དེ་སྨྲས་པ། སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །སྲིད་པ་དག་ཏུ་རང་བྱུང་སངས་རྒྱས་ཤོག།སྔོན་གྱི་རྒྱལ་དབང་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོ་ཕལ་ཆེན་བརྒལ་ནས་བསྒྲལ་བར་བགྱི། །དེ་ནས་ཡང་ཤིང་ལེབ་ཀྱི་བར་དུ་བཙིར་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ལུས་ཐམས་ཅད་ལ་ཁྲག་འབབ་པར་གྱུར་ནས། ས་རྣམ་པ་དྲུག་ཏུ་གཡོས་སོ། །ནམ་མཁའ་ལ་འཁོད་པའི་ལྷ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་ཕབ་ནས་ལེགས་སོ་ཞེས་བྱ་བ་བྱིན་ནོ། །ལྷག་མ་རྣམས་ནི་ཤི་བིའི་གཏམ་རྒྱུད་སྔ་མ་བཞིན་དུ་བདེན་པས་བསྐུལ་ནས། ལུས་སྔ་མཁོ་བཞིན་དུ་སོར་ཆུད་པར་གྱུར་པའི་བར་དུ་བརྗོད་པར་བྱའོ།། །།ཀོའུ་ཤམ་བི་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀོའུ་ཤམ་བི་ན། ཁྱིམ་བདག་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་ཀོའུ་ཤམ་བི་འི་དགེ་སློང་མ་རུངས་པ་མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཞིག་གནས་ཏེ། དེའི་དགེ་སློང་གྲོགས་པོ་མང་པོ་གཞན་དག་ཀྱང་ཡོད་ལ། དེ་དག་ཀྱང་མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཤ་སྟག་གོ །ཡུལ་ཡངས་པ་ཅན་གྱི་དགེ་སློང་ཞིག་ཀྱང་ཡུལ་ཀོའུ་ཤམ་བིར་


DKG074_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་ཏེ། དེ་ཡང་མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཞིག་ཡིན་ལ། དེའི་དགེ་སློང་གྲོགས་པོ་གཞན་དག་ཀྱང་ཡོད་ལ། དེ་དག་ཀྱང་མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཤ་སྟག་གོ །དེ་ནས་དེ་དེ་དག་དབྱར་གནས་བཅས་ནས། ནང་ཁྲིམས་བཅས་ཏེ། བདག་ཅག་གི་ནང་ནས་གང་གིས་ཆུ་ར་སྟོང་པ་ཅི་ཡང་མེད་པ། ཆུ་མེད་པ་མཐོང་ན་དེ་ཉིད་ཀྱིས་དགང་བར་བྱའོ། །ཡང་ན་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྦྲན་པར་བྱའོ། །བདག་གིས་ཀྱང་མ་བཀང་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་ཡང་མ་སྦྲན་ན། དེ་བདག་ཅག་གིས་གཞི་དེ་ལས་ཉེས་པ་འཆགས་སུ་གཞུག་གོ་ཞེས་ཟེར་རོ། །དེ་ནས་དེར་དབྱར་གནས་བཅས་པ་རྣམས་ཡང་དག་པའི་གཏམ་གཏན་ལ་འབེབས་པ་ན། ཚིག་རྩུབ་པོས་འདྲེས་ནས་གཅིག་ལ་གཅིག་གླགས་འབའ་ཞིག་ལྟ་ཞིང་འཁོད་དོ། །དེའི་ཚེ་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་བཤོས་ལ་སྤྱན་དྲངས་ནས། བཅོམ་ལྡན་འདས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ། ཁྱིམ་བདག་དེའི་ཁྱིམ་དུ་གཤེགས་སོ། །བཅོམ་ལྡན་འདས་གཤེགས་ནས། ཡངས་པ་ཅན་གྱི་དགེ་སློང་དེ་ཆབ་ཁུང་སར་སོང་སྟེ། བཀྲུ་བཤལ་བྱས་ནས། ཆུ་རའི་ནང་དུ་ཆུ་ཉུང་ངུ་ཞིག་ལས་མ་ལུས་པར་མཐོང་ནས་བསམས་པ། དགེ་སློང་ཐམས་ཅད་དོང་ཟིན་པས། ད་ནི་སུ་ཡང་ཆབ་ཁུང་སར་འགྲོ་བ་མེད་ཀྱིས། ཆུ་ར་འདི་རང་གིས་དགང་བར་ཡང་མི་དགོས། ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྦྲན་ཡང་མི་དགོས་སོ་སྙམ་ནས། དེས་ཆུ་ཉུང་བཞིན་དུ་བོར་ཏེ་སོང་ངོ་། །དེ་སོང་ནས་རིང་ཞིག་ལོན་པའི་འོག་ཏུ་ཀོའུ་ཤམ་བིའི་དགེ་སློང་དེ་ཆབ་ཁུང་སར་འགྲོ་བར་ཆས་པ་ལས། དེས་བལྟས་ན་ཆུ་རའི་ནང་ན་ཆུ་ཉུང་ངུ་ཞིག་ལས་མེད་པ་མཐོང་ནས། དེས་ཀྱང་སྔར་ཡངས་པ་ཅན་གྱི་དགེ་སློང་དེས་བཀྲུ་བཤལ་བྱས་ཏེ་སོང་བ་མཐོང་ནས། དེས་བསམས་པ། དགེ་སློང་འདི་ནི་ལས་རྣམ་གཉིས་བྱེད་པར་འགྱུར་ཏེ། ཡང་ན་ནི་བདག་ཉིད་


DKG074_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཆུ་ར་འགེངས་པར་བྱེད་པར་འགྱུར་རོ། །ཡང་ན་ནི་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྤྲོན་པར་བྱེད་དོ་སྙམ་ནས་དེ་ལ་སྡོད་ཅིང་འདུག་གོ །དེ་ནས་དེ་ལ་ལྷན་ཅིག་འཁོད་པའི་སློབ་མ་རྣམས་ཀྱིས་སྨྲས་པ། མཁན་པོ་དགེ་སློང་ཐམས་ཅད་ནི་དོང་ལགས་ན། ཁྱོད་འདི་ན་ཅི་ལ་གཞེས། དེས་སྨྲས་པ། བཀྲུ་བཤལ་བྱ་བར་འདོད་དེ། ཡངས་པ་ཅན་གྱི་དགེ་སློང་དེས་བཀྲུ་བཤལ་བྱས་ཏེ་སོང་བས་ན། དེ་འོངས་ཏེ་ཡང་ན་ནི་ཁོ་བདག་གིས་ཆུ་ར་འགེངས་པར་བྱེད་པར་འགྱུར་རོ། །ཡང་ན་ནི་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྤྲོན་པར་འགྱུར་རོ། །དེ་དག་གིས་སྨྲས་པ། མཁན་པོ་དེ་འཁོར་དང་བཅས་པ་ནི་དོང་ལགས་ཀྱིས། འདིར་མ་གཞེས་ཤིག །དེ་ནས་དེས་ཆུ་ར་དེ་དགེ་སློང་རྣམས་ལ་བསྟན་ཏེ། ཁྱོད་ལྟོས་ཤིག་ཆུ་འདི་ཙམ་གྱིས་བཀྲུ་བཤལ་བྱ་བར་རུང་ངམ། དེ་དག་གིས་སྨྲས་པ། མཁན་པོ་ཁྱོད་ཀྱིས་འདི་ན་ཆུ་མེད་དོ་ཞེས་དེ་ཉི་ཚེ་ཞིག་གསུངས་ཤིག་དང་། བདག་ཅག་གིས་ཁྱོད་ཀྱི་རྩ་འཇིང་དང་། མཐུ་དང་གྲོགས་བགྱིའོ་ཞེས་བྱས་ནས་དོང་ངོ་། །ཡངས་པ་ཅན་གྱི་དགེ་སློང་དེ་ཡང་འགྱོད་པ་སྐྱེས་ནས། དེས་ལྷན་ཅིག་གནས་པའི་སློབ་མ་རྣམས་ལ་སྨྲས་པ། ཀྱེ་བདག་གིས་འདིར་བཀྲུ་བཤལ་བྱས་པ་ལས། ཆུ་རའི་ནང་ན་ཆུ་ཉུང་ཤས་ཅིག་ལས་མ་ལུས་བཞིན་དུ་བོར་ཏེ་འོངས་ལ། དགེ་འདུན་གྱི་ནང་ཁྲིམས་བཅས་པ་ནི་ཡང་ན་བདག་ཉིད་ཀྱིས་དགང་བར་བྱ་བ་དང་། ཡང་ན་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྦྲན་དགོས་པ་ཡིན་ན། དེ་བདག་རང་གིས་ཀྱང་མ་བཀང་ལ། ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་ཡང་མ་སྦྲན་ན། བདག་འདིར་འོངས་པའི་འོག་ཏུ་དགེ་སློང་འགའ་ཞིག་བཀྲུ་བཤལ་བྱེད་པར་མི་འགྱུར་གྲང་ཞེས་བྱས་སོ། །དེ་ནས་དེ་དག་གིས་སྨྲས་པ། མཁན་པོ་ཁྱོད་ཀྱིས་འདི་སྐད་དུ། དེའི་ནང་ན་ཆུ་ཡོད་དོ་ཞེས་ཉི་ཚེ་ཞིག་གསུངས་ཤིག་དང་། བདག་གིས་ཁྱོད་ཀྱི་རྩ་འཇིང་དང་། མཐུ་དང་གྲོགས་བགྱིའོ་ཞེས་བྱས་ནས་དོང་ངོ་། །དེ་ནས་དེ་དག་ཁྱིམ་དེར་ཟན་ཟོས་ནས་ཕྱིར་དོང་ངོ་། །དེ་དག་གི་ནང་ནས་་་་པ་རྣམས་ཀྱིས་བསམས་པ། ཡངས་པ་ཅན་གྱི་དགེ་སློང་དེས་དགེ་འདུན་གྱི་ནང་ཁྲིམས་ལས་འགལ་བར་བྱས་ཀྱིས། དེས་ཉེས་པར་བྱས་པའི་ཕྱིར། བདག་ཅག་གི་ཉེས་པ་འཆགས་སུ་གཞུག་གོ་སྙམ་སྟེ། གདན་


DKG074_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ནས་ག་་བརྡུངས་ཏེ། དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པར་གྱུར་ནས། ་་འི་དགེ་སློང་དེས་ཡངས་པ་ཅན་གྱི་དགེ་སློང་དེ་ལ་གླེང་བ་དང་། དེས་སྨྲས་པ། འདིའི་ནང་ན་ཆུ་ཡོད་དོ། །དེས་སྨྲས་པ། ཆུ་དེ་ཙམ་གྱིས་བཀྲུ་བཤལ་བྱར་ཆོག་གམ་ཞེས་བྱས་ནས་དེ་དག་གིས་དེ་ལ་ཡུས་མེད་པར་བསྙོན་པའི་ཕྱིར་དགར་བའི་ལས་བྱས་སོ། །དེ་ནས་ཡངས་པ་ཅན་གྱི་དགེ་སློང་དེ་དག་གིས་ལས་དེ་བཤིག་སྟེ། གྱེས་ནས་གསོ་སྦྱོང་གི་ལས་ལོགས་ཤིག་ཏུ་བྱས་སོ། །དེ་ནས་གཞི་དེ་ལས་དེ་དག་འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པར་གྱུར་ནས་དེ་དག་འཐབ་ཅིང་མཚང་བྲུས་ལ། བཀྱེ་ཞིང་རྩོད་ནས་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགར་བར་བཅད་པའི་དགེ་སློང་དང་། དགར་བར་བཅད་པའི་རྗེས་སུ་འབྲང་བ་དང་། དགར་བར་བཅད་པའི་རྗེས་སུ་འབྲང་བའི་རྗེས་སུ་འབྲང་བ་རྣམས་བཀུག་ནས་བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་པར་གྱུར་པ་བདེན་ནམ། གསོལ་པ། བཅོམ་ལྡན་འདས་མད་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་མ་འཁོད་ཅིག །དགེ་སློང་དག་ཁྱོད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་པར་གྱུར་ཅིང་འཁོད་ན་ནི་དགེ་བའི་ཆོས་རྣམས་འགྲིབ་པར་འགྱུར་གྱིས། འཕེལ་བར་མི་འགྱུར་བར་རིག་པར་གྱིས་ཤིག །དགེ་སློང་དག་ཁྱེད་མི་འཐབ་སྟེ། མཚང་མི་འདྲུ་ཞིང་མི་འགྱེད་ལ། མི་རྩོད་པར་འཁོད་ན་ནི། དགེ་བའི་ཆོས་རྣམས་འཕེལ་བ་འབའ་ཞིག་ཏུ་འགྱུར་གྱིས་འགྲིབ་པར་མི་འགྱུར་བར་རིག་པར་གྱིས་ཤིག །དགེ་སློང་དག་གཞན་ཡང་དགར་བར་བཅད་པའི་དགེ་སློང་གིས་ནི་འདི་ལྟར་བྱ་དགོས་ཏེ། དགར་བར་བཅད་པའི་དགེ་སློང་ནི་མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཡིན་ལ། དགེ་སློང་གྲོགས་པོ་མང་པོ་གཞན་དག་ཀྱང་མ་རུངས་པ་མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ་གཡོག་འཁོར་མང་བ་ཡིན་ན། དེ་དག་གིས་བདག་ལ་འདོད་པ་མ་ཡིན་པས་གླེང་བར་བྱེད། འདོད་པ་མ་ཡིན་པས་དྲན་པར་བྱེད་ཀྱིས། བདག་གིས་ཀྱང་དེ་དག་གི་ཉེས་པ་


DKG074_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་བ་དེ་ཆོས་བཞིན་དུ་མཉན་པར་མི་བྱའོ། །དེ་དག་གིས་ཀྱང་བདག་མི་སྣང་བར་དགར་བར་བྱེད་དོ། །ཕྱིར་བཅོས་སུ་མེད་པ་དང་། ཕྱིར་འབྱུང་དུ་མེད་པར་སྡིག་པའི་ལྟ་བས་དགར་བར་བྱེད་དེ། གཞི་དེས་ན་དགེ་འདུན་གྱི་འཐབ་མོ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་རྩོད་པ་འབྱུང་བར་འགྱུར་རོ་སྙམ་དུ་རིག་ནས། གླེང་བའི་དགེ་སློང་གི་ཉེས་པ་ཆོས་བཞིན་དུ་ཕྱིར་བཅོས་ན་ནི་ལེགས། དེ་ལྟར་ཕྱིར་མ་བཅོས་ན་ནི་འགལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགར་བར་བཅད་པའི་དགེ་སློང་དང་། དགར་བར་བཅད་པའི་རྗེས་སུ་འབྲང་བ་དང་། དགར་བར་བཅད་པའི་རྗེས་སུ་འབྲང་བའི་རྗེས་སུ་འབྲང་བ་རྣམས་བཏང་ནས། དགར་བར་བྱེད་པའི་དགེ་སློང་དང་། དགར་བར་བྱེད་པའི་རྗེས་སུ་འབྲང་བ་དང་། དགར་བར་བྱེད་པའི་རྗེས་སུ་འབྲང་བར་བྱེད་པའི་རྗེས་སུ་འབྲང་བ་རྣམས་བཀུག་ནས་བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་པར་གྱུར་པ་བདེན་ནམ། གསོལ་པ་བཅོམ་ལྡན་འདས་མད་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་མ་འཁོད་ཅིག །དགེ་སློང་དག་ཁྱེད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་ན་ནི། དགེ་བའི་ཆོས་རྣམས་འགྲིབ་པར་འགྱུར་གྱིས་འཕེལ་བར་མི་འགྱུར་བར་རིག་པར་གྱིས་ཤིག །དགེ་སློང་དག་ཁྱེད་མི་འཐབ་སྟེ། མཚང་མི་འདྲུ་ཞིང་མི་འགྱེད་ལ། མི་རྩོད་པར་འཁོད་ན་ནི། དགེ་བའི་ཆོས་རྣམས་འཕེལ་བ་འབའ་ཞིག་ཏུ་འགྱུར་གྱིས། འགྲིབ་པར་མི་འགྱུར་བར་རིག་པར་གྱིས་ཤིག །དགེ་སློང་དག་གཞན་ཡང་དགར་བར་བྱེད་པའི་དགེ་སློང་གིས་འདི་ལྟར་བྱ་དགོས་སོ། །དགར་བར་བྱེད་པའི་དགེ་སློང་ནི་མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཡིན་ལ། དགེ་སློང་གྲོགས་པོ་མང་པོ་གཞན་དག་ཀྱང་མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཡིན་ཏེ། བདག་གིས་དེ་ལ་འདོད་པ་མ་ཡིན་པས་གླེང་བར་བྱས། འདོད་པ་མ་ཡིན་པས་དྲན་པར་བྱས་ནས། དེས་ཉེས་པ་དེ་ཆོས་བཞིན་དུ་མཉན་པར་མི་བྱེད་ན། དེ་བདག་གིས་


DKG074_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྣང་བར་དགར་བར་བྱས་ཏེ། ཕྱིར་བཅོས་སུ་མེད་པ་དང་། ཕྱིར་འབྱུང་དུ་མེད་པར་སྡིག་པའི་ལྟ་བས་དགར་བར་བྱས་ཏེ། གཞི་དེས་ན་དགེ་འདུན་གྱི་འཐབ་མོ་དང་། མཚང་འདྲུ་བ་དང་འགྱེད་པ་དང་། རྩོད་པ་འབྱུང་བར་འགྱུར་རོ་སྙམ་དུ་རིག་ནས། འདོད་པ་མ་ཡིན་པས་གླེང་བར་མ་བྱེད་ཅིག །འདོད་པ་མ་ཡིན་པས་དྲན་པར་མ་བྱེད་ཅིག །གལ་ཏེ་འདོད་པ་མ་ཡིན་པས་གླེང་བར་བྱེད་ན་འགལ་བར་འགྱུར་རོ། །དེ་ལྟར་དེ་དག་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཀྱང་། དེ་བཞིན་དུ་འཐབ་ཅིང་མཚང་འདྲུ་ལ་འགྱེད་ཅིང་རྩོད་དེ་འཁོད་ནས་ད་དུང་ཡང་གསོ་སྦྱོང་བྱས་པར་མི་རྩི་ན། སྐབས་ཀྱི་གཏམ་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགར་བར་བཅད་པའི་དགེ་སློང་དང་། དགར་བར་བཅད་པའི་རྗེས་སུ་འབྲང་བ་དང་། དགར་བར་བཅད་པའི་རྗེས་སུ་འབྲང་བའི་རྗེས་སུ་འབྲང་བ་རྣམས་བཀུག་ནས་བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་མ་འཁོད་ཅིག་ཅེས་ངས་བསྒོ་ཡང་། དེ་བཞིན་དུ་ཁྱེད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ། རྩོད་ཅིང་འཁོད་དེ་ད་དུང་ཡང་གསོ་སྦྱོང་བྱས་པར་མི་རྩི་བ་བདེན་ནམ། གསོལ་པ་བཅོམ་ལྡན་འདས་མད་ལགས་སོ། །དགེ་སློང་དག་ཁྱེད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་པར་མ་བྱེད་ཅིག་དགེ་སློང་དག་ཁྱེད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་ན་ནི། གསོ་སྦྱོང་བྱེད་དམ་སྐབས་འབྱེད་པའི་ལས་བྱེད་དམ། གསོལ་བ་དང་གཉིས་ཀྱི་ལས་བྱེད་དམ། གསོལ་བ་དང་བཞིའི་ལས་བྱེད་ཀྱང་རུང་སྟེ། ལས་དེ་དག་འཇིག་པར་གྱུར་ཏེ། བཞག་དགོས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཁྱེད་ནི་དེ་དག་ལས་ཐ་དད་པར་གནས་པར་བྱེད་ལ་དེ་དག་ཀྱང་ཁྱེད་ལས་ཐ་དད་པར་གནས་པར་བྱེད་པའི་ཕྱིར་རོ། །དགེ་སློང་དག་ཐ་དད་པར་གནས་པ་ནི་འདི་གཉིས་ཡིན་ཏེ། གང་བདག་ཉིད་ཀྱིས་བདག་ཐ་དད་པར་གནས་པར་འདོགས་པ་དང་། གང་དགེ་འདུན་འཐུན་པས་ཐ་དད་པར་གནས་པར་འདོགས་པའོ། །དེ་ལ་དགེ་སློང་དག་བདག་གིས་བདག་ཐ་དད་དུ་གནས་པར་འདོགས་པ་ཅི་ལྟ་བུ་ཞེ་ན། འདི་ལྟར་དགེ་སློང་གིས་ཤེས་བཞིན་དུ་ཆོས་བཞིན་གྱི་ཕྱོགས་ལ་ཆོས་བཞིན་མ་ཡིན་པའི་ཕྱོགས་ཡིན་པར་འཇོག་པ་དེ་ལྟ་བུ་ནི། བདག་གིས་བདག་ཐ་དད་པར་


DKG074_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་འདོགས་པ་ཡིན་ནོ། །དགེ་འདུན་གྱི་ཆོས་བཞིན་དུ་ཐ་དད་པར་འདོགས་པ་ཅི་ལྟ་བུ་ཞེ་ན། འདི་ལྟར་དགེ་འདུན་གྱིས་དགེ་སློང་མི་སྣང་བར་དགར་བར་བྱས་ཏེ། ཕྱིར་བཅོས་སུ་མེད་པ་དང་། ཕྱིར་འབྱུང་དུ་མེད་པར་སྡིག་པའི་ལྟ་བས་དགར་བར་བྱེད་པ་སྟེ། དེ་ལྟ་བུ་ནི་དགེ་འདུན་གྱི་ཐ་དད་པར་གནས་པར་འདོགས་པ་ཡིན་ནོ། །དགེ་སློང་དག་ལྷན་ཅིག་ཏུ་གནས་པ་ནི་འདི་གཉིས་ཡིན་ཏེ། གང་བདག་གིས་བདག་ལྷན་ཅིག་ཏུ་གནས་པར་འདོགས་པ་དང་། གང་དགེ་འདུན་གྱིས་ཆོས་བཞིན་དུ་ལྷན་ཅིག་ཏུ་གནས་པར་འདོགས་པའོ། །དེ་ལ་བདག་གིས་བདག་ལ་ལྷན་ཅིག་ཏུ་གནས་པར་འདོགས་པ་ཅི་ལྟ་བུ་ཞེ་ན། འདི་ལྟར་དགེ་སློང་གིས་ཤེས་བཞིན་དུ་ཆོས་བཞིན་མ་ཡིན་པའི་ཕྱོགས་ལ་ཆོས་བཞིན་གྱི་ཕྱོགས་ཡིན་པར་འཇོག་པ་སྟེ། དེ་ལྟ་བུ་ནི་བདག་གིས་བདག་ལྷན་ཅིག་ཏུ་གནས་པར་འདོགས་པ་ཡིན་ནོ། །དགེ་འདུན་གྱིས་ཆོས་བཞིན་དུ་ལྷན་ཅིག་ཏུ་གནས་པར་འདོགས་པ་ཅི་ལྟ་བུ་ཞེ་ན། འདི་ལྟར་དགེ་འདུན་གྱིས་དགེ་སློང་མི་སྣང་བར་དགར་བར་བྱ་སྟེ། ཕྱིར་བཅོས་སུ་མེད་པ་དང་། ཕྱིར་འབྱུང་དུ་མེད་པར་སྡིག་པའི་ལྟ་བས་དགར་བར་བྱེད་པ་སྟེ། དེ་ལྟ་བུ་ནི་དགེ་འདུན་གྱིས་ཆོས་བཞིན་དུ་ལྷན་ཅིག་ཏུ་གནས་པར་འདོགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགར་བར་བཅད་པའི་དགེ་སློང་དང་། དགར་བར་བཅད་པའི་རྗེས་སུ་འབྲང་བ་དང་། དགར་བར་བཅད་པའི་རྗེས་སུ་འབྲང་བའི་རྗེས་སུ་འབྲང་བ་རྣམས་བཏང་ནས། དགར་བར་བྱེད་པའི་དགེ་སློང་དང་། དགར་བར་བྱེད་པའི་རྗེས་སུ་འབྲང་བ་དང་། དགར་བར་བྱེད་པའི་རྗེས་སུ་འབྲང་བའི་རྗེས་སུ་འབྲང་བ་རྣམས་བཀུག་ནས་བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་མ་འཁོད་ཅིག་ཅེས་ངས་བསྒོ་ན་ཡང་། དེ་བཞིན་དུ་ཁྱེད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་དེ་ད་དུང་ཡང་གསོ་སྦྱོང་བྱས་པ་ལ་གསོ་སྦྱོང་བྱས་པར་མི་རྩི་བ་བདེན་ནམ། གསོལ་པ། བཅོམ་ལྡན་མད་ལགས་སོ་ཞེས་བྱས་ནས། དེ་ལྟ་བུའི་དགེ་འདུན་གྱི་ཆོས་བཞིན་དུ་ལྷན་ཅིག་ཏུ་གནས་པར་འདོགས་པའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །དེ་ལྟར་དེ་དག་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཀྱང་དེ་བཞིན་དུ་འཐབ་ཅིང་མཚང་འདྲུ་ལ་འགྱེད་ཅིང་རྩོད་དེ་འཁོད་དོ། །དེ་ནས་ཁྱིམ་བདག་ཅིག་


DKG074_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་བཤོས་ལ་སྤྱན་དྲངས་ནས། དགེ་སློང་དེ་དག་དེར་དོང་ངོ་། །དེ་ནས་དེ་དག་བཅོམ་ལྡན་འདས་ཀྱིས་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་བཤོས་འདིར་དྲོངས་ཤིག་ཅེས་བཀའ་སྩལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྣམ་པ་ལྔའི་ཕྱིར། ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་བཤོས་ལེན་དུ་འཇུག་པར་མཛད་དེ། ནང་དུ་ཡང་དག་པར་འཇོག་པར་བཞེད་པ་དང་། ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང་། ནད་པ་གཟིགས་པར་བཞེད་པ་དང་། མལ་སྟན་གཟིགས་པར་བཞེད་པ་དང་། ཉན་ཐོས་རྣམས་ལ་བསླབ་པའི་གཞི་བཅའ་བར་བཞེད་པ་རྣམས་ཀྱི་ཕྱིར་རོ། །སྐབས་འདིར་ནི་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་པའི་ཕྱིར་རོ། །ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་བཤོས་ལེན་དུ་བཏང་ངོ་། །དེ་ནས་དགེ་སློང་མང་པོ་ཁྱིམ་དེར་དོང་བ་རྣམས་སྟན་ལ་འཁོད་ནས་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་པར་གྱུར་ཏོ། །དེ་དག་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་དོ། །འཚམ་པ་མ་ཡིན་པའི་ལུས་ཀྱི་ལས་དང་། འཚམ་པ་མ་ཡིན་པའི་ངག་གི་ལས་བྱེད་ཅིང་འདུག་ལ། ཅི་ཙམ་ན་རྡེག་པར་བྱེད་དོ། །དེ་ནས་བཤོས་ལེན་དུ་སོང་བས་བཤོས་བླངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་བཤོས་ལེན་པའི་དགེ་སློང་དེ་ལ་བཀའ་སྩལ་པ། དགེ་སློང་ཅི་དགེ་སློང་གི་དགེ་འདུན་ཁ་ཟས་བཟང་པོས་ཚིམ་པར་གྱུར་ཏམ། གསོལ་པ་བཙུན་པ་དེ་ནི་དེ་ལགས་ཏེ། དགེ་སློང་གི་དགེ་འདུན་ཁ་ཟས་བཟང་པོས་ནི་ཚིམ་པར་གྱུར་ལགས་ན། བཙུན་པ་འོན་ཀྱང་དགེ་སློང་མང་པོ་ཁྱིམ་དེར་མཆིས་པ་རྣམས་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་པར་གྱུར་ཏོ། །དེ་དག་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་དེ། འཚམ་པ་མ་ལགས་པའི་ལུས་ཀྱི་ལས་དང་། འཚམ་པ་མ་ལགས་པའི་ངག་གི་ལས་བགྱིད་ཅིང་འཁོད་ལ་ཅི་ཙམ་ན་རྡེག་པར་ཡང་བགྱིད་དོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་བཤོས་གསོལ་


DKG074_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ནས། གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་བཀྲུས་ཏེ། ནང་དུ་ཡང་དག་འཇོག་པའི་ཕྱིར་གཙུག་ལག་ཁང་གི་ནང་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱེ་མ་རེད་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །གདན་ལ་བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཁྱིམ་དེར་དོང་བ་རྣམས་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་པར་གྱུར་ནས་ཁྱེད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་དེ། འཚམ་པ་མ་ཡིན་པའི་ལུས་ཀྱི་ལས་དང་། འཚམ་པ་མ་ཡིན་པའི་ངག་གི་ལས་བྱེད་ཅིང་འཁོད་ལ། ཅི་ཙམ་ན་རྡེག་པར་ཡང་བྱེད་པ་བདེན་ནམ། བཙུན་པ་མད་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱིམ་བདག་དེར་དོང་བའི་དགེ་སློང་སྡེ་སྡེར་ཆད་པ་རྣམས་ལ་ཁྲིམས་སུ་བྱ་བའི་ཆོས་རྣམས་ངས་བཅའ་བར་བྱ་སྟེ། དགེ་སློང་སྡེ་སྡེར་ཆད་པ་རྣམས་ཀྱིས་རྩོད་པའི་གཅུགས་ཀྱི་གནས་སོ་ཅོག་སྤོངས་ཤིག །དགེ་སློང་ཐ་མལ་པར་འདུག་པ་རྣམས་ཀྱིས་ནི་དགེ་སློང་སྡེ་སྡེ་ར་ཆད་པ་རྣམས་དང་། ཉིན་བར་ཡང་རུང་། མཚན་མོ་ཡང་རུང་། ནང་པར་ཡང་རུང་། དྲོ་ལ་ཡང་རུང་སྟེ། གཙུག་ལག་ཁང་གཅིག་གམ། དགོན་པའམ། གྲོང་འདབ་གཅིག་ཏུ་གནས་པར་མ་བྱེད་ཅིག །ལྷན་ཅིག་ཏུ་ཡང་གནས་པར་མ་བྱེད་ཅིག །ལམ་གཅིག་ཏུ་ཡང་མ་འགྲོ་ཤིག །ལམ་དུ་ཡང་མ་འགྲོགས་ཤིག །བརྡ་ཡང་མ་བྱེད་ཅིག །བརྡ་སྐད་ཀྱང་མ་བྱེད་ཅིག །ཐ་མལ་པར་གནས་པས། རྩོད་པའི་གཅུགས་དེ་ཁོང་དུ་ཆུད་ནས། ཆོས་བཞིན་དང་འདུལ་བ་བཞིན་དུ་ཞི་བར་བྱེད་ནུས་ལ། སྟོན་པའི་བསྟན་པ་བསྲུང་བའི་ཕྱིར། འཐུན་པར་བྱེད་ནུས་ན་ནི་ཞི་བར་བྱེད་པའི་ཐབས་དག་ཅིང་། འདུལ་བ་དང་འཐུན་པ་གཅིག་གིས་རྩོད་པའི་གཅུགས་དེ་ཞི་བར་བྱས་པ་ཞེས་བྱའོ། །ལས་བརྒྱ་ཐམ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པ་རྫོགས་ཏེ་ལས་བརྒྱ་ཐམ་པ་རྫོགས་སོ།། །།


no previousལས་བརྒྱ་ཐམ་པ།next