Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་བདུན་བཅུ་དོན་བཞི་པ།


  expand section
  collapse section
   
   
   
   
བཞི་པ། ལུས་བཙོངས་ནས་མཆོད་པ་བྱས་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཞི་པ། ལུས་བཙོངས་ནས་མཆོད་པ་བྱས་པའི་ལེའུ།next

བཞི་པ། ལུས་བཙོངས་ནས་མཆོད་པ་བྱས་པའི་ལེའུ།


DKG074_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་ཁྱིམ་བདག་ཅིག་ལ་བུ་ཁྱེའུ་ཞིག་བཙས་ན། ཁྱེའུ་དེ་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་བཟང་བ་ཞིག་སྟེ། བཙས་ནས་རིང་པོ་མ་ལོན་པར་སྨྲ་ཡང་ཤེས་སོ། །ཁྱེའུ་དེས་ཕ་མ་ལ་བཅོམ་ལྡན་འདས་ད་ལྟར་བཞུགས་སམ་ཞེས་དྲིས་པ་དང་། ད་ལྟར་བཞུགས་སོ་ཞེས་སྨྲས་པ་དང་། འོ་ན་བཙུན་པ་ཤཱ་རིའི་བུ་དང་། ཀུན་དགའ་བོ་ལ་སོགས་པ་བཞུགས་སམ་ཞེས་དྲིས་


DKG074_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དེ་ཡང་བཞུགས་སོ་ཞེས་སྨྲས་སོ། །ཁྱེའུ་དེའི་ཕ་མས་བུ་བཙས་མ་ཐག་ཏུ་སྨྲ་ཤེས་པ་འདི་ནི་མི་མ་ཡིན་ནོ་སྙམ་ནས། ངོ་མཚར་བ་དང་ཡ་མཚན་དུ་གྱུར་པས་བཅོམ་ལྡན་འདས་ལ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཁྱོད་ཀྱི་བུ་འདི་མཚན་དང་ལྡན་ཏེ། ཐེ་ཙོམ་མ་བྱེད་ཅིག་ཅེས་བཀའ་སྩལ་པ་དང་། ཁྱེའུ་དེའི་ཕ་མ་རབ་ཏུ་དགའ་མགུ་རངས་ཏེ་ཕྱིར་ཁྱིམ་དུ་འོངས་སོ། །དེ་ནས་ཁྱེའུ་དེས་ཕ་མ་ལ་སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲོངས་ཤིག་ཅེས་གསོལ་པ་དང་། དེའི་ཕ་མས་སངས་རྒྱས་དང་དགེ་འདུན་སྤྱན་དྲངས་ནས། ཡོ་བྱད་སྦྱར་དགོས་ཏེ། འཕྲལ་དུ་འབྱོར་པ་ཡང་མ་ཡིན་ནོ་ཞེས་བསྒོ་བ་དང་བུས་སྨྲས་པ། ཁང་པའི་ནང་ཕྱག་དར་དང་ཆག་ཆག་བྱོས་ཏེ། གདན་ཐིང་ལ། གདན་མཐོན་པོ་གསུམ་ཞིག་སྒྲིགས་ཏེ་ཐིང་ཤིག་དང་། ཞལ་ཟས་རོ་བརྒྱ་དང་ལྡན་པར་ཡང་རང་འོང་ངོ་། །བདག་གི་ཚེ་སྔ་མའི་ཕ་མ་ཡང་ད་ལྟར་ཡུལབཱ་ར་ཎ་སཱིར་མཆིས་ཀྱི། དེ་ཡང་བོས་ཤིག་ཅེས་སྨྲས་སོ། །དེའི་ཕ་མས་ཀྱང་བུས་སྨྲས་པ་བཞིན་དུ་མི་ཞིག་གླང་པོ་ཆེ་ལ་བསྐྱོན་ཏེ། དེའི་ཕ་མ་ཡང་བོས་ནས་འོངས་སོ། །གདན་མཐོན་པོ་གསུམ་བཤམས་པ་དེ་གཅིག་ལ་ནི་སངས་རྒྱས་བཞུགས་སུ་གསོལ་ཅིག །གཅིག་ལ་ནི་ཚེ་སྔ་མའི་ཕ་མ་བཞུགས་ཅིག །གཅིག་ལ་ནི་ད་ལྟར་ལུས་བསྐྱེད་པའི་ཕ་མ་བཞུགས་ཤིག་སྐད་པ་དང་། དེ་ནས་སངས་རྒྱས་ཀྱང་དགེ་སློང་གི་འཁོར་དང་བཅས་ཏེ་གཤེགས་ནས། གདན་བཏིང་བ་ལ་རིམ་བཞིན་དུ་བཞུགས་ཏེ། ཞལ་ཟས་བཟང་པོས་ཀྱང་ཐམས་ཅད་ཁྱེད་ཅིང་ཆོག་པར་གྱུར་ནས། དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ནས། ཁྱེའུ་དེའི་ཕ་མ་གཉིས་དང་ཁྱིམ་གང་གི་མི་ཆེན་པོ་དང་། ཆུང་ངུ་ཐམས་ཅད་ཀྱིས་ཀྱང་ཆོས་ཐོས་ནས་རབ་ཏུ་དགའ་སྟེ། ཀུན་གྱིས་འབྲས་བུ་དང་པོ་ཐོབ་པར་གྱུར་ཏོ། །ཁྱེའུ་དེ་ཡང་ཕྱིས་ཆེར་སྐྱེས་ནས་རབ་ཏུ་བྱུང་སྟེ། བརྩོན་འགྲུས་བརྩམས་པས་དགྲ་བཅོམ་པ་ཡང་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཀུན་དགའ་བོས་གསོལ་པ། དགེ་སློང་འདིས་སྔོན་ལེགས་པ་ཅི་ཞིག་བགྱིས་ན། ཆེ་ཞིང་མཐོ་བའི་རིགས་སུ་སྐྱེས་ཏེ་


DKG074_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུ་ནས་སྨྲ་ཡང་འཚལ་ལ། རབ་ཏུ་བྱུང་ནས་ཀྱང་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། མི་འདི་ཚེ་སྔ་མ་ལ་ཡུལ་བཱ་ར་ན་སེའི་ཁྱིམ་བདག་གི་བུ་ལས་ཁྱིམ་བདག་ཚེ་འཕོས་ནས། སོ་ཆིས་ཞིག་སྟེ་དབུལ་ཕོངས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ན་བཞུགས་པ་དང་འཕྲད་ཀྱང་། མཆོད་པ་བྱ་བའི་ལོངས་སྤྱོད་མེད་པས། དེ་མི་དགའ་ནས་རིགས་ཆེ་ཞིང་མཐོ་བ་ཙམ་ལ་གླ་ཟ་བར་ཁས་བླངས་ནས། ལོ་གཅིག་ལོན་པ་དང་གསེར་སྲང་སྟོང་ཙམ་རྙེད་དོ། །དེ་ལ་རིགས་ཆེ་ཞིང་མཐོ་བ་ཞིག་གིས་ཁྱོད་ཆུང་མ་མི་ལེན་ནམ་ཞེས་དྲིས་པ་དང་། ང་མི་འདོད་དོ་ཞེས་སྨྲས་སོ། །དེས་ཡང་དྲིས་པ། འོ་ན་གསེར་འདི་ཅི་ཞིག་བྱ་ཞེས་དྲིས་པ་དང་། དེས་སངས་རྒྱས་དང་འཕགས་པའི་དགེ་འདུན་ལ་བསོད་སྙོམས་ཞིག་གསོལ་བར་དགོས་སོ་ཞེས་སྨྲས་སོ། །རིགས་ཆེ་ཞིང་མཐོ་བ་དེས་སྨྲས་པ། ཁྱོད་སངས་རྒྱས་དང་འཕགས་པའི་དགེ་འདུན་སྤྱན་དྲང་འདོད་ན། ཁོ་བོས་གསེར་སྦྱར་ཏེ། ཞལ་ཟས་ལ་སོགས་པའི་གཡོས་ཀྱང་བཤམས་ཀྱིས། ཁོ་བོའི་ཁྱིམ་དུ་སྤྱན་དྲོངས་ཤིག་ཅེས་སྨྲས་པ་དང་། དབུལ་པོ་དེས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་པ་དང་། ཞལ་ཟས་བཤམས་ཏེ། སངས་རྒྱས་དང་འཕགས་པའི་དགེ་འདུན་སྤྱན་དྲངས་སོ། །དེའི་རྒྱུ་དེའི་རྐྱེན་གྱིས་ཚེའི་དུས་བྱས་ནས་ཀྱང་ཁྱིམ་བདག་དེའི་ཁྱིམ་དུ་སྐྱེས་ཏེ། ད་ཡང་སངས་རྒྱས་སྤྱན་དྲངས་ནས་ཆོས་ཐོས་ནས་ཀྱང་བྱང་ཆུབ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་གྱི་མི་དབུལ་པོ་དེ་ནི་ཁྱིམ་བདག་གི་ཁྱེའུ་དགེ་སློང་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་འཁོར་མང་པོ་ཐམས་ཅད་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །ལུས་བཙོངས་ནས་མཆོད་པ་བྱས་པའི་ལེའུ་སྟེ་བཞི་པའོ།། །།


previousབཞི་པ། ལུས་བཙོངས་ནས་མཆོད་པ་བྱས་པའི་ལེའུ།next