Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་བདུན་བཅུ་དོན་ལྔ་པ།


  collapse section
   
   
   
   
   
   
སྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ།
   
   
   
   
   
   
   


 
previousསྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ།next

སྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ།


DKG075_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ནི། སྦྲུལ་ནག་དང་ནི་ཟླ་བ་དང་། །སཱ་ལ་དང་ནི་དཔལ་ལྡན་མ། །གོས་དང་ནེ་ཙོ་ཕོ་ཉ་དང་། །མ་ཧེ་དང་ནི་གསོ་སྦྱོང་དང་། །ངང་པ་ཐ་མར་བརྗོད་པ་ཡིན། །སྦྲུལ་ནག་པོ་ཞེས་བྱ་བ་ནི། སངས་རྒྱས་


DKG075_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་ཡོད་དེ། དེ་ཡང་སེར་སྣ་ཅན་འཇུངས་པ། ཡོ་བྱད་རྣམས་ཀུན་ཏུ་འཛིན་པ། ཁྭ་ལ་ཡང་གཏོར་མ་མི་སྟེར་བ་ཞིག་སྟེ། དེས་དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་བཀྲེན་པ་དག་མཐོང་ན་སེམས་སྡང་བར་བྱེད་དོ། །དེ་ནས་དེས་རང་གི་སྐྱེད་མོས་ཚལ་དུ་གསེར་དངུལ་གྱི་ཕུང་པོ་ཆེན་པོ་སྦས་ཏེ་བཞག་ནས། དེ་དེ་ལ་ཆགས་ཏེ་ལྷག་པར་ཞེན་བཞིན་དུ་ཤིའོ། །དེ་ཤི་ནས་དེ་ཉིད་ཀྱི་སྟེང་དུ་སྦྲུལ་གདུག་པ་སྦྲུལ་ནག་པོ་ཆེན་པོ་མིག་གདུག་པ་ཞིག་ཏུ་སྐྱེས་སོ། །དེ་ནས་སྐྱེད་མོས་ཚལ་དེར་སྐྱེ་བོའི་ཚོགས་གང་སོང་བ་དེ་དག་བལྟས་པ་ཙམ་གྱིས་གསོད་པར་བྱེད་དོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཐོག་ཐག་ཏུ་ཡང་ཆེ་གེ་མོའི་སྐྱེད་མོས་ཚལ་དུ་སོང་བ་དེ་དག་ཐམས་ཅད་བརླག་པར་འགྱུར་རོ་ཞེས་སྒྲ་གྲག་པར་གྱུར་ཏོ། །སྐྱེ་བོའི་ཚོགས་ཀྱིས་ཀྱང་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པ་དེ་འདུལ་ནུས་པ་གཞན་སུ་ཞིག་ཡོད་སྙམ་མོ། །


DKG075_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་སྐྱེ་བོ་མང་པོའི་འཁོར་དང་བཅས་པ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་མཛད་དོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་འདི་ན་སྐྱེད་མོས་ཚལ་ག་གེ་མོ་ཞིག་ན་སྦྲུལ་གདུག་པ། སྦྲུལ་ནག་པོ་ཆེན་པོ་མིག་གདུག་པ་ཞིག་མཆིས་ཏེ། སྐྱེ་བོ་མང་པོ་བརླག་པར་བགྱིད་ལགས་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་དེ་གདུལ་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་སྐྱེད་མོས་ཚལ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་གསེར་གྱི་ཁ་དོག་ཅན་ཉི་མ་སྟོང་གི་འོད་པས་ལྷག་པ་དག་བཀྱེ་སྟེ། དེ་དག་གིས་སྐྱེད་མོས་ཚལ་དེ་དག་ཐམས་ཅད་སྣང་བར་བྱས་སོ། །བསྐལ་པ་སྟོང་གི་བར་དུ་ཡོངས་སུ་བསྒོམས་པའི་བྱམས་པའི་འོད་ཟེར་དག་ཀྱང་བཀྱེ་སྟེ། དེ་དག་གིས་དེའི་ལུས་ལ་ཕོག་མ་ཐག་ཏུ་རབ་ཏུ་སིམ་པར་


DKG075_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏོ། །དེ་ནས་སྦྲུལ་གདུག་པ་དེས་ཕན་ཚུན་དུ་བལྟས་ཏེ་སུའི་མཐུས་བདག་གི་ལུས་སིམ་པར་གྱུར་ཞིག་གུ་སྙམ་པ་དང་། །དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་དད་པའི་སེམས་སྐྱེད་དེ། དད་པའི་སེམས་དང་ལྡན་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་དེ་དང་འཐུན་པའི་ཆོས་བསྟན་ཏེ། བཞིན་བཟངས་ཁྱོད་ཉིད་ཀྱིས་རྫས་འདི་བསྒྲུབས་པ་དེས་ན་ཁྱོད་སྦྲུལ་གདུག་པར་ལྷུང་བར་བྱས་སོ། །ད་ཡང་ང་ལ་དད་པའི་སེམས་སྐྱེད་ལ་གཏེར་འདི་ལ་ཡང་སེམས་མ་ཆགས་པར་བྱོས་དང་ལེགས་སོ། །འདི་ནས་ཤི་འཕོས་ནས་ཀྱང་སེམས་ཅན་དམྱལ་བར་སྐྱེ་ས་རེ། དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དེ་ཚེ་རབས་དྲན་པར་མཛད་པ་དེའི་ཚེ་དེ་ངུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱོད་ནི་དུད་འགྲོར་སྐྱེས་པ་ལ། །ད་ནི་ང་ཡིས་ཅི་བྱར་མེད། །མི་ཁོམ་པར་ནི་སྐྱེས་ཟིན་གྱིས། །དོན་མེད་ངུས་པས་ཅི་ལ་ཕན། །འདིར་ནི་རྒྱལ་བ་སྙིང་རྗེ་ཅན། །ང་ལ་དད་པའི་སེམས་སྐྱེད་ལ། །དུད་འགྲོའི་སྐྱེ་གནས་སྤངས་ན་ལེགས། །འོན་ཀྱང་མཐོ་རིས་འགྲོ་བར་འགྱུར། །དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་ཀྱིས་སྦྲུལ་དེ་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ། འོད་མའི་ཚལ་དུ་བསྣམས་སོ། །དེའི་སྐབས་སུ་རྒྱལ་པོ་དང་ཡུལ་མ་ག་དྷཱའི་སྐྱེ་བོའི་ཚོགས་ཀྱིས་སྦྲུལ་གདུག་པ་དེ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཏུལ་བ་ཐོས་སོ། །དེ་ནས་སྦྲུལ་གདུག་པ་དེས་རང་གི་ལུས་ལ་སྨད་དེ་ཁ་འཚོས་ནས་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ་ཤི་ནས། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་སྦྲུལ་གདུག་པ་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་


DKG075_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པར་དེས་མཐོང་ངོ་། །དེ་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། །ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ཏུ་བརྗོད་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་། བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་


DKG075_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡིས། །ཐུབ་པ་ཁྱེད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཆང་བ་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང་། །དེ་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང་། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་དཔའ་བོ་གཡུལ་ལས་རྒྱལ་བ་དང་ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས། དེ་ཉིད་ཀྱི་མཚན་མོ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཐད་དུ་སོང་ནས། རྒྱལ་པོའི་ཕོ་བྲང་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ཏེ། རྒྱལ་པོ་བསླང་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ལོངས་ཉལ་ཏེ་ཅི་བྱ། དེ་ནས་རྒྱལ་པོ་སད་དེ། འོད་ཆེན་པོ་དེ་དང་ལྷའི་བུ་དེ་མཐོང་ངོ་། །མཐོང་ནས་ཀྱང་དགའ་ཞིང་མགུ་སྟེ་ཁྱོད་སུ་ཞིག་ཅེས་དྲིས་སོ། །དེ་ན་རེ་བདག་ནི་སྐྱེད་མོས་ཚལ་དེར་བཅོམ་ལྡན་འདས་ཀྱིས་སྦྲུལ་གདུག་པ་བཏུལ་ཏེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་ཡིན་ཏེ། བཅོམ་ལྡན་འདས་ལ་ཡང་བདག་གིས་བསྙེན་བཀུར་བྱས་ནས་བདེན་པ་མཐོང་བར་གྱུར་ཏོ། །ད་བདག་གིས་ཁྱོད་ལ་བསྟན་གྱིས་ཁྱོད་སོང་ལ་སྐྱེད་མོས་ཚལ་དེའི་ཕྱོགས་ག་གེ་མོ་ཞིག་ནས་གཏེར་ཆེན་པོ་ཕྱུང་ལ་བདག་གི་ཕྱིར། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་ཏེ་ཡོན་གྱི་རབས་ཀྱང་གདོན་པར་གསོལ་ཅིག །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་ལྷའི་བུ་ལ་ཅང་མི་ཟེར་བར་ཁས་བླངས་སོ། །དེ་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུས་རྒྱལ་


DKG075_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཅང་མི་ཟེར་བས་ཁས་བླངས་པར་རིག་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་ཉིད་ཀྱི་མཚན་མོ་ཡུལ་མ་ག་དྷཱའི་ཕོ་བྲང་འཁོར་གྱི་མི་དང་ཡུལ་མི་རྣམས་ལ་བསྒོ་ནས་སྐྱེད་མོས་ཚལ་དེར་སོང་སྟེ་གཏེར་ཕྱུང་ནས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་བཤོས་གསོལ་ཏེ། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུས་ལས་གང་དག་བགྱིས་ན། དེས་སྦྲུལ་གདུག་པར་སྐྱེས་ལགས། ལས་གང་དག་བགྱིས་ན་དེས་ལྷའི་ནང་དུ་སྐྱེས་ནས་བདེན་པ་མཐོང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་ཤས་ཆེར་ཆགས་པ་བསྐྱེད་དེ། དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་བཀྲེན་པ་རྣམས་ལ་སྡང་བའི་སེམས་བསྐྱེད་པ་དེས་ནི་སྦྲུལ་གདུག་པར་སྐྱེས་སོ། །ང་ལ་སེམས་དགའ་བར་བྱས་པ་དེས་ནི་ལྷའི་ནང་དུ་སྐྱེས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་ལ་དགེ་བསྙེན་དུ་གྱུར་ཏེ། སྐྱབས་སུ་སོང་བ་དང་བསླབ་པའི་གཞི་བླངས་པ་དེས་ནི་བདེན་པ་མཐོང་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེ་བས་ན་སེར་སྣ་སྤང་བའི་ཕྱིར་བརྩོན་པར་བྱས་ཏེ། ཅི་ནས་སྦྲུལ་གདུག་པར་གྱུར་པའི་ཉེས་པ་དེ་ལྟ་བུ་དག་འབྱུང་བར་མི་འགྱུར་བ་དང་། དེ་ཉིད་ལྷའི་བུར་གྱུར་པའི་ཡོན་ཏན་གྱི་ཚོགས་དེ་དག་ལྟ་བུར་འགྱུར་བར་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་བསླབ་པར་བྱའོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་སོང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཟླ་བ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་


DKG075_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིང་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུརསྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ་ཁྱེའུ་གཟུགས་བཟང་ཞིང་། བལྟ་ན་སྡུག་ལ་མཛེས་པ་སྐྱེ་བོ་ཐམས་ཅད་ཀྱི་མིག་སིམ་པར་བྱེད་པ་ཞིག་བཙས་སོ། །དེ་ཡང་བྲམ་ཟེ་དེས་དཀའ་བས་རྙེད་པ་ཡིན་ཏེ། དེ་ལ་བུ་དང་བུ་མོ་གཞན་ཡང་མེད་ནས་དེ་བསྐྱེད་བསྲིངས་ཏེ་ཆེར་སྐྱེས་ནས་དེ་འཇིག་རྟེན་ཐམས་ཅད་སིམ་པར་བྱེད་པའི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ཁྱེའུ་དེའི་མིང་ཟླ་བ་ཞེས་བཏགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་ཟླ་བ་གྲོང་ཁྱེར་ཐམས་ཅད་དུ་བརྒྱུད་དེ་བསྐོར་ནས། བྲམ་ཟེ་དེ་ཡང་ཁྱེའུ་དེ་ལ་ལྷག་པར་བྱམས་པར་གྱུར་ཏེ། འཆག་པ་དང་འདུག་པ་དང་ཉལ་བ་དག་གི་ཚེ་ཡང་རྟག་ཏུ་ལེགས་པར་བསྲུང་བ་ལྷུར་བྱེད་ཅིང་འདུག་གོ །བྲམ་ཟེ་དེའི་ཁྱིམ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་ཉེ་བ་ཞིག་ན་འདུག་གོ །དེ་ནས་བྲམ་ཟེའི་ཁྱེའུ་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་བསྟེན་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། སངས་རྒྱས་ཀྱི་གསུང་ཐོས་ནས། དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དོ། །དེ་ཡང་ཚེ་ཐུང་སྟེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས། སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་


DKG075_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེས་མཐོང་ངོ་། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ་ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན་ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་སྟོན་ཏེ། དེ་ཐོས་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་


DKG075_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་ལྷ་དང་མིས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་ལྟས་ལྷ་ཡུལ་སོང་། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང་ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་དཔའ་བོ་གཡུལ་ལས་རྒྱལ་བ་དང་ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་ནི་སྲོད་དང་ཐོ་རས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། བྲམ་ཟེའི་བུ་གཅིག་པ་དེ་ཚེ་ཐུང་སྟེ་ཤི་ནས། དེ་ང་ལ་སེམས་དགའ་བར་གྱུར་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས། དེ་མདང་སུམ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་གྱུར་ཏེ་རང་གི་གནས་སུ་སོང་ངོ་། །དེའི་སྐབས་སུ་བྲམ་ཟེ་དེས་བུ་གཅིག་པ་སྡུག་ཅིང་ཕངས་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་དང་། བཟོད་པ་དང་ལྡན་པ་


DKG075_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་འཐུན་པ་མེད་པ་དེ་དུར་ཁྲོད་དུ་ཁྱེར་ནས་པང་པར་བཞག་སྟེ་ཀྱི་ཧུད་བུ། ཀྱི་ཧུད་བུ་ཐུ་བོ། ཀྱི་ཧུད་བུ་གཅིག་ཞེས་ཟེར་ཞིང་འབོད་དེ། དེའི་ཉེ་དུ་རྣམས་ཀྱིས་དེ་ལྟར་བཅུགས་ཀྱང་བསླང་མ་ནུས་ནས་དེ་ཁྭ་དང་། ཆུན་ལག་དང་། བྱ་རྒོད་དང་ཝ་རྣམས་ཀྱིས་ནི་བསྐོར། །བུད་མེད་སྐྲ་བཤིག་པ་དག་དང་ནི་འགྲོགས། སྐྱེ་བོ་མང་པོས་ནི་བལྟ་ཞིང་འདུག་གོ །དེ་ནས་དེའི་བུ་ལྷར་སྐྱེས་པས་ཕ་སྨྲེ་སྔགས་འདོན་པ་མཐོང་ནས་སྙིང་རྗེས་སྙིང་བསྐྱོད་དེ། ཕའི་མྱ་ངན་བསལ་བའི་ཕྱིར་བདག་ཉིད་དྲང་སྲོང་གི་ཆ་ལུགས་སུ་སྤྲུལ་ནས། དུར་ཁྲོད་ཀྱི་འདབ་ཏུ་དཀའ་ཐུབ་ལྔ་བྱེད་ཅིང་འདུག་གོ །དེ་ནས་བྲམ་ཟེ་དེས་དྲང་སྲོང་དེ་ལ་དྲིས་པ། ཀྱེའི་དྲང་སྲོང་ཆེན་པོ་ཁྱོད་དཀའ་ཐུབ་འདིས་ཅི་ཞིག་སྒྲུབ། དྲང་སྲོང་གིས་སྨྲས་པ། ང་ནི་རྒྱལ་སྲིད་སྒྲུབ་སྟེ། ངའི་གསེར་གྱི་ཤིང་རྟ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཉི་མ་དང་ཟླ་བ་གཉིས་ཀྱིས་ཤིང་རྟའི་འཁོར་ལོ་བྱས་ལ། འཇིག་རྟེན་སྐྱོང་བ་བཞིས་ནི་མདུན་ནས་འདྲེན་ཏེ། ཤིང་རྟ་དེ་ལ་ཡང་ཞོན་ཞིང་ས་ཆེན་པོ་འདི་བསྐོར་བར་འདོད་དོ། །བྲམ་ཟེས་སྨྲས་པ། གལ་ཏེ་ལོ་བརྒྱ་ཐམ་པའི་བར། །རྒྱུན་དུ་དཀའ་ཐུབ་སྤྱད་བྱས་ཏེ། །དཀའ་ཐུབ་མཆོག་ནི་སྤྱད་བྱས་ཀྱང་། །གནས་དེ་ཁྱོད་ཀྱིས་རེ་མི་འཐོབ། །དྲང་སྲོང་གིས་སྨྲས་པ། ཁྱོད་ཀྱང་ཤི་བའི་ཁོག་པ་མཆོག་ཏུ་མནམ་ཞིང་མི་གཙང་བའི་རོ་ཤིང་འདྲ་བར་གྱུར་པ་འདིས་ཅི་ཞིག་སྒྲུབ། བྲམ་ཟེས་སྨྲས་པ། སྡུག་པའི་བུ་གཅིག་པ་ཤི་སྟེ་དེ་སྒྲུབ་བོ། །དྲང་སྲོང་གིས་སྨྲས་པ། གལ་ཏེ་ལོ་བརྒྱ་ཐམ་པའི་བར། །རྒྱུན་དུ་ངུ་བའི་ལས་བྱས་ཀྱང་། །བུ་དེ་ཁྱོད་ཀྱིས་རེ་མི་ཐོབ། །ཁྱོད་ནི་ངུས་ཀྱང་ཅི་ལ་ཕན། །དེ་ནས་བྲམ་ཟེ་དེ་དྲང་སྲོང་གི་ཚིག་བདེན་ནོ་སྙམ་ནས་དད་པ་སྐྱེས་སོ། །དད་པ་སྐྱེས་ནས་ཁྱོད་སུ་ཞིག་ཅེས་དྲིས་སོ། །དེ་ནས་དྲང་སྲོང་གིས་ཆ་ལུགས་དེ་མི་སྣང་བར་བྱས་ནས། རང་གི་ཆ་ལུགས་སུ་འདུག་སྟེ། ཕ་ལ་སྨྲས་པ། བདག་ནི་ཁྱོད་ཀྱི་བུ་གཅིག་པ་དེ་ཡིན་ཏེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ནས་ཤི་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས། ཁྱོད་ཀྱི་མྱ་ངན་བསལ་བའི་ཕྱིར་འདིར་འོངས་སོ། །ཡབ་ཁྱོད་ཚུར་སྤྱོན། བཅོམ་ལྡན་འདས་ལ་སྐྱབས་སུ་བཞུད་ཅིག་དང་། ཁྱེད་ཀྱང་འཁོར་བ་ལས་འདའ་བར་གྱུར་ཀྱང་


DKG075_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དོ། །དེ་ནས་བྲམ་ཟེ་དེས་ཤི་བའི་རུས་བུ་བོར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་བྲམ་ཟེ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དེས་མཐོ་བར་འགྱུར་བ་ཐོབ་ཅིང་རྙེད་པ་ཐོབ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ཏེ་སོང་ངོ་། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ལྷའི་བུ་འདིས་འདི་ལྟར་ཕའི་མྱ་ངན་བསལ་ནས་བདེན་པ་མཐོང་བ་ལ་ཡང་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འདིས་བདེན་པ་མཐོང་ནས་ཕ་ཡོངས་སུ་བསྐྱབས་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདིས་ནི་འདས་པའི་དུས་ན་སོ་སོའི་སྐྱེ་བོར་འདུག་པའི་ཚེ་ཡང་ཕ་གསད་པ་ལ་ཐུག་པ་ལ་ལན་གསུམ་སྐྱབས་བྱས་ཏེ། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་གཞན་གྱི་ཆུང་མ་ལ་བྱི་བ་བྱེད་པ་ཞིག་ཡོད་དེ། དེའི་བུ་ནི་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་མི་རྣམས་ཤིན་ཏུ་འགྲང་བ་ཞིག་གོ །དེ་ནས་རེ་ཞིག་ན་དེའི་ཕས་རྐུན་པོ་བྱས་ནས། རྒྱལ་པོས་གཤེད་མ་རྣམས་ལ་སོད་ཅིག་ཅེས་བསྒོའོ། །དེ་ནས་བུས་ལན་གསུམ་གྱི་བར་དུ་རྒྱལ་པོ་ལ་གསོལ་ནས་སྲོག་ཕངས་པ་བྱིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གཞན་གྱི་ཆུང་མ་ལ་བྱི་བ་བྱེད་པ་གང་ཡིན་པ་དེ་ནི་བྲམ་ཟེ་འདི་ཡིན་ནོ། །བྱི་བ་བྱེད་པའི་བུ་གང་ཡིན་པ་དེ་ནི་བྲམ་ཟེའི་ཁྱེའུ་འདི་ཡིན་ནོ། །དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ལས་ཅི་ཞིག་བགྱིས་ན་དེས་ཕ་དང་བུ་གཉིས་ཀ་བདེན་པ་མཐོང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་པར་རྫོགས་


DKG075_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་འོད་སྲུང་གི་རིང་ལ་དེ་གཉིས་ཀ་དགེ་བསྙེན་དུ་གྱུར་ཏེ། སྐྱབས་སུ་སོང་བ་དང་བསླབ་པའི་གཞི་བླངས་པས་ན་དེའི་ཕྱིར་དེ་ལྟར་བདེན་པ་མཐོང་བར་གྱུར་ཏོ། །དགེ་སློང་དག་དེ་བས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་དང་ཆོས་ཐམས་ཅད་བདག་མེད་པ་དང་མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་དུ་མྱ་ངན་ལས་འདས་པ་ལ་འབད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་ལྷ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སཱ་ལ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། །ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པར་སཱ་ལ་གཅོག་པ་ཞེས་བྱ་བའི་དུས་སྟོན་བྱུང་སྟེ། དེར་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་ནས་ཤིང་སཱ་ལའི་མེ་ཏོག་བླངས་ཏེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་རེ་ཞིག་ན་ཚོང་དཔོན་གྱི་བུ་མོ་ཞིག་གིས་སཱ་ལའི་མེ་ཏོག་བླངས་ཏེ།


DKG075_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་དུ་ཡོད་པའི་ནང་དུ་སོང་བ་དང་བཅོམ་ལྡན་འདས་ཀྱང་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། མཉན་དུ་ཡོད་པར་བསོད་སྙོམས་མཛད་དེ་སླར་གཤེགས་ནས། བུ་མོ་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་ནས་ཀྱང་དགའ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་སཱ་ལའི་མེ་ཏོག་གིས་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ། ཕྱིར་ལོག་ནས་ཁྱིམ་དུ་དགོས་པའི་ཕྱིར་ཡང་གཞན་དག་བླང་ངོ་སྙམ་པ་དང་། རེ་ཞིག་ན་དེ་སཱ་ལའི་ཤིང་ལ་འཛེགས་པ་ལས་ལྷུང་སྟེ་ཤི་ནས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་ནས། སུམ་ཅུ་རྩ་གསུམ་པའི་ལྷའི་ཡུལ་བཟང་པོར་སྐྱེས་སོ། །དེ་ནས་རེ་ཞིག་ན་ལུས་དང་གཞལ་མེད་ཁང་སཱ་ལའི་མེ་ཏོག་གིས་བརྒྱན་ཏེ། ལྷའི་འདུན་སའི་ནང་དུ་སོང་ངོ་། །དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་འདུན་ས་ཆོས་བཟང་ན་ལྷའི་ཚོགས་ཀྱི་ནང་ན་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བསྔགས་པ་བརྗོད་ཅིང་འདུག་པ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་མོ་ལུས་དང་གཞལ་མེད་ཁང་སཱ་ལའི་མེ་ཏོག་གིས་བརྒྱན་པ་དགེ་བའི་རྩ་བ་འབར་བ་དེ་མཐོང་ངོ་། །མཐོང་ནས་ཀྱང་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཕྱིར་ཁྱོད་ཀྱི་ལུས་མདོག་དག་པའི་གསེར་འདྲ་པད་མ་ཨུད་པལ་ལྟ་བུར་གྱུར། །འདི་ན་ལུས་དཔལ་མཚུངས་མེད་ཁྱོད་ཀྱི་ལུས་ལས་འོད་བྱུང་འདི་དག་ཅི་ལས་གྱུར། །ཅི་ཡི་ཕྱིར་ན་ཁྱོད་ཀྱི་བཞིན་མདོག་པད་མ་རྒྱས་འདྲ་གསེར་མདོག་ལྟ་བུར་གྱུར། །ལས་རྣམས་གང་གི་འབྲས་བུ་མྱོང་གྱུར་འདི་ནི་ལྷ་མོ་ཁྱོད་ཀྱིས་བདག་ལ་སྨྲོས། །ལྷ་མོས་སྨྲས་པ། མཚན་མཆོག་དག་གིས་རྒྱས་པ་ཡི། །མི་ཡི་ཉི་མ་ཉན་ཐོས་བཅས། །སཱ་ལའི་མེ་ཏོག་རྡུལ་མེད་པ། །བཟང་པོ་དག་གིས་ལེགས་པར་གཏོར། །ལས་དགེ་དེ་འདྲ་བྱས་པའི་ཕྱིར། །


DKG075_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་ལྷག་པར་མངོན་དུ་མཛེས། །བཞིན་མདོག་པད་མ་ཟླ་བ་ལྟར། །རྣམ་དག་འོད་ལྡན་བལྟ་ན་སྡུག །བརྒྱ་བྱིན་གྱིས་སྨྲས་པ། ཀྱེ་མ་ཡོན་ཏན་ཉིད་ཀྱི་ཞིང་། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །མཐོ་རིས་སྡུག་པར་སྐྱེ་བའི་ཕྱིར། །དེ་ལ་ཁྱོད་ཀྱིས་ས་བོན་བཏབ། །བཞིན་མཛེས་པད་མའི་འདབ་མ་ཡངས་པ་འདྲ་བའི་མིག་ལྡན་མ། །བུད་མེད་མཆོག་རྣམས་ཀྱིས་ནི་གང་ལ་བཀུར་སྟི་བྱས་པ་ཡི། །སངས་རྒྱས་པད་མ་རྒྱས་པའི་འདབ་ཡངས་འདྲ་བའི་སྤྱན་མངའ་བ། །གསེར་མཆོག་ཕུང་པོ་ལྟ་བུར་མདངས་དཀར་དེ་ལ་སུ་མི་མཆོད། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པར་དེས་མཐོང་ངོ་། །དེ་ནས་ལྷའི་བུ་མོ་དེ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་ལྷའི་བུ་མོ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་ཀ་ལ་སོགས་པས་བྱུགས་པ་དེ། ལྷའི་བུ་མོ་འབུམ་ཕྲག་དུ་མས་གཡོག་བྱས་ནས་དེ་ཉིད་ཀྱི་མཚན་མོ་སཱ་ལའི་མེ་ཏོག་གི་གཞལ་མེད་ཁང་དེ་ཉིད་དེ་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་མོ་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ།


DKG075_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐོས་ནས་ལྷའི་བུ་མོ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་། བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་ལྷ་དང་མིས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང་། །དེ་ནས་ལྷའི་བུ་མོ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང་། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་། དཔའ་བོ་གཡུལ་ལས་རྒྱལ་བ་དང་། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ། འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་ནི་སྲོད་དང་ཐོ་རས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ་དེ་


DKG075_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་ནོ། །བུ་མོ་གང་གིས་ལམ་ཁར་མེ་ཏོག་གིས་གཏོར་བ་དེ་ཁྱོད་ཀྱིས་མཐོང་ངམ། བཙུན་པ་མཐོང་ལགས་སོ། །དེ་ནི་ང་ལ་སེམས་དགའ་བ་བསྐྱེད་ནས་ཤི་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས་དེ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་གྱུར་ཏེ། རང་གི་གནས་སུ་སོང་ངོ་། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་བམ་པོ་བཅུ་གསུམ་པ། དཔལ་ལྡན་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་


DKG075_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱས་ཏེ། ལྷ་དང། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེ་ནས་གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལས་བདེན་པ་མཐོང་བ་དེའི་ཚེ་བཙུན་མོའི་འཁོར་དང་བཅས་ཏེ། དུས་གསུམ་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་འགྲོའོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ཕྱི་ཞིག་ན་དཔྱིད་ཀྱི་དུས་ལ་བབ་པའི་ཚེ། ཤིང་ལྗོན་པ་རྣམས་མེ་ཏོག་རྒྱས་ལ་ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཁྲོད་ན། སྐྱེད་མོས་ཚལ་གྱི་སར་བཙུན་མོ་དམ་པ་དང་བཙུན་མོའི་འཁོར་དང་བཅས་ཏེ་དོང་ནས། དེར་བཙུན་མོའི་འཁོར་གྱིས་རྒྱལ་པོ་ལ་གསོལ་པ། ལྷ་བདག་ཅག་ནི་གདུགས་གཅིག་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་མཆི་བའི་རྔོ་མི་ཐོགས་ན། ལྷ་བཙུན་མོའི་འཁོར་གྱི་ནང་འདིར་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩིགས་ཏེ་ཞལ་བསྲོ་བར་ཅི་གནང་། འོན་ཀྱང་བདག་ཅག་གིས་དེ་ལ་རྒྱུན་དུ་མར་མེ་དང་། བདུག་པ་དང་། མེ་ཏོག་དང་། སྤོས་


DKG075_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བཀུར་སྟི་བགྱིའོ་ཞེས་གསོལ་ཏོ། །དེ་ནས་རེ་ཞིག་ན་རྒྱལ་པོ་གཟུགས་ཅན་སྙིང་པོས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བདག་ལ་དབུ་སྐྲ་དང་སེན་མོ་སྩལ་དུ་གསོལ། འོན་ཏང་བདག་གིས་མཆིས་བྲང་འཁོར་དུ་དེ་བཞིན་གཤེགས་པའི་མཆོད་རྟེན་བརྩིགས་ཏེ། ཞལ་བསྲོ་བར་བགྱིའོ་ཞེས་གསོལ་ཏོ། །དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང་སེན་མོ་བྱིན་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བཙུན་མོའི་འཁོར་དང་བཅས་པས། བཙུན་མོའི་འཁོར་གྱི་ནང་དུ་བཀུར་སྟི་ཆེན་པོ་དང་ལྡན་པས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩིགས་ཏེ་ཞལ་བསྲོས་ནས། དེ་ལ་བཙུན་མོའི་འཁོར་གྱིས་མར་མེ་དང་། བདུག་པ་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་ཀྱང་མཆོད་པ་བྱེད་དོ། །དེ་ནས་གང་གི་ཚེ་རྒྱལ་པོ་མ་སྐྱེས་དགྲ་ལྷ་སྦྱིན་གྱིས་རྦད་དེ། ཡབ་ཆོས་དང་ལྡན་པ་ཆོས་བཞིན་དུ་རྒྱལ་པོ་བྱེད་པ་བསད་ནས་རང་རྒྱལ་པོར་ཞུགས་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་སྦྱིན་པར་བྱ་བའི་ཆོས་ཐམས་ཅད་བཅད་དེ། སུ་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བཀུར་སྟི་མ་བྱེད་ཅིག་ཅེས་ཁྲིམས་ཀྱང་བཅས་སོ། །དེ་ནས་གང་གི་ཚེ་ཚེས་བཅྭ་ལྔ་ལ་སྐབས་འབྱེད་པའི་དུས་ལ་བབ་པ་དེའི་ཚེ་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དེ་ལ་སུ་ཡང་ཕྱག་དར་བྱེད་པའམ། མར་མེ་དང་། བདུག་པ་དང་། མེ་ཏོག་དབུལ་བ་མེད་དོ། །དེ་ནས་བཙུན་མོའི་འཁོར་གྱིས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དེ་དེ་ལྟ་བུར་གྱུར་པ་ཡང་མཐོང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ཡང་དྲན་ནས། སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་ཀྱི་ཧུད་ཆོས་དང་ལྡན་པའི་རྒྱལ་པོ་དང་བྲལ་བས་བདག་ཅག་བསོད་ནམས་ལས་འགྲིབས་སོ་ཞེས་འཛེར་ཏོ། །དེའི་ནང་ནས་བཙུན་མོ་དཔལ་ལྡན་མ་ཞེས་བྱ་བ་དེས་རང་གི་སྲོག་དང་བསྡོས་ཏེ། སངས་རྒྱས་


DKG075_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡོན་ཏན་རྗེས་སུ་དྲན་ནས། དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཕྱག་དར་བྱས་ཏེ། མར་མེའི་ཕྲེང་བ་དངར་ཏོ། །དེ་ནས་རེ་ཞིག་ན་རྒྱལ་པོ་མ་སྐྱེས་དགྲ་ཁང་པ་བརྩེགས་པའི་སྟེང་དུ་བྱུང་སྟེ། སྣང་བ་ཆེན་པོ་དེ་མཐོང་ནས་འདི་ཅི་ཞིག་ཅེས་དྲིས་པ་དང་། རེ་ཞིག་ན་གཞན་ཞིག་གིས་དཔལ་ལྡན་མས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་མར་མེའི་ཕྲེང་བ་དངར་བ་ལགས་སོ་ཞེས་བྱས་སོ། །དེ་ནས་དཔལ་ལྡན་མ་བཀུག་སྟེ་ཅིའི་ཕྱིར་ཁྱོད་ཀྱིས་རྒྱལ་པོའི་བཀའ་བཅག་ཅེས་སྨྲས་ན། དེ་ན་རེ་བདག་གིས་ཁྱོད་ཀྱིས་བཀའ་བཅག་ཏུ་ལགས་ཀྱང་བདག་གིས་ཆོས་དང་ལྡན་པའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཀའ་མ་བཅག་གོ་ཞེས་ཟེར་རོ། །དེ་ནས་དེ་ཁྲོས་ནས་འཁོར་ལོ་འཕངས་ཏེ་བསད་དོ། །དེ་ནས་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །དེའི་ཚེ་ལྷ་མདུན་མ་ཞིག་ཀྱང་འདུས་ནས་ལྷའི་བུ་མོ་དཔལ་ལྡན་མ་ལྷའི་འོད་ཀྱི་དཀྱིལ་འཁོར་སྣང་བ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་པ་དང་ལྡན་པ་དེ་ལྷའི་འདུན་སའི་ནང་དུ་སོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྣང་བ་ཆེན་པོ་དེ་དང་ལྷའི་འོད་དཔག་ཚད་གཅིག་པ་མཐོང་ནས་དྲིས་པ། ཅིའི་ཕྱིར་ཁྱོད་ཀྱི་ལུས་མདོག་དག་པའི་གསེར་འདྲ་པད་མ་ཨུད་པལ་ལྟ་བུར་གྱུར། །འདི་ན་ལུས་དཔལ་མཚུངས་མེད་ཁྱོད་ཀྱི་ལུས་ལས་འོད་འབྱུང་འདི་དག་ཅི་ལས་གྱུར། །ཅི་ཡི་ཕྱིར་ན་ཁྱོད་ཀྱི་བཞིན་མདོག་པད་མ་རྒྱས་འདྲ་གསེར་མདོག་ལྟ་བུར་གྱུར། །ལས་རྣམས་གང་གིས་འབྲས་བུ་མྱོང་གྱུར་འདི་ནི་ལྷ་མོ་ཁྱོད་ཀྱིས་བདག་ལ་སྨྲོས། །ལྷ་མོས་སྨྲས་པ། འཇིག་རྟེན་གསུམ་མགོན་འགྲོ་བའི་སྒྲོན་གཅིག་པོ། །མཚན་མཆོག་རྣམས་ཀྱིས་ཕྱུག་པའི་སངས་རྒྱས་མཐོང་། །སྨྲ་མཆོག་ཉོན་མོངས་མུན་པ་སེལ་བ་ལ། །མུན་པ་སེལ་བའི་མར་མེ་ཡོན་ཏུ་ཕུལ། །ཟླ་བའི་འོད་ཟེར་མདོག་དང་འདྲ་བའི་འོད། །མཐོང་ནས་ཐུབ་ལ་སྙིང་ནས་དད་པ་སྐྱེས། །འོད་ཟེར་མཐོང་ནས་དགའ་བར་གྱུར་པ་ཡིས། །སྟོན་པ་སྨྲ་བའི་མཆོག་ལ་


DKG075_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཀྱང་བགྱིས། །ལས་དགེ་དེ་འདྲ་བྱས་པའི་ཕྱིར། །བདག་ནི་ལྷག་པར་མངོན་ཏུ་མཛེས། །བཞིན་མདོག་པད་མ་ཟླ་བ་ལྟར། །རྣམ་དག་འོད་ལྡན་བལྟ་ན་སྡུག །བརྒྱ་བྱིན་གྱིས་སྨྲས་པ། ཀྱེ་མ་ཡོན་ཏན་ཉིད་ཀྱི་ཞིང་། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །མཐོ་རིས་སྡུག་པར་སྐྱེ་བའི་ཕྱིར། །དེ་ལ་ཁྱོད་ཀྱིས་ས་བོན་བཏབ། །བཞིན་མཛེས་པད་མའི་འདབ་མ་ཡངས་པ་འདྲ་བའི་མིག་ལྡན་མ། །བུད་མེད་མཆོག་རྣམས་ཀྱིས་ནི་གང་ལ་བཀུར་སྟི་བྱས་པ་ཡི། །སངས་རྒྱས་པད་མ་རྒྱས་པའི་འདབ་ཡངས་འདྲ་བའི་སྤྱན་མངའ་བ། །གསེར་མཆོག་ཕུང་པོ་ལྟ་བུར་མདངས་དཀར་དེ་ལ་སུ་མི་མཆོད། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པར་དེས་མཐོང་ངོ་། །དེ་ནས་ལྷའི་བུ་མོ་དཔལ་ལྡན་མ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་ལྷའི་བུ་མོ་དཔལ་ལྡན་མ་ལྷའི་འོད་ཀྱི་སྣང་བས་གང་བ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་མོ་དཔལ་ལྡན་མའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་གྱུར་པ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ལྷའི་བུ་མོ་དཔལ་ལྡན་མས་


DKG075_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་། བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་འཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང་། །དེ་ནས་ལྷའི་བུ་མོ་དཔལ་ལྡན་མ། ཚོང་པ་ཁེ་སྤོགས་ཕྱིན་པ་དང་། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་། དཔའ་བོ་གཡུལ་ལས་རྒྱལ་བ་དང་། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་ནི་སྲོད་དང་ཐོ་རས་


DKG075_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་དཔལ་ལྡན་མ་ཞེས་བྱ་བས་རང་གི་སྲོག་དང་བསྡོས་ཏེ། སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་མར་མེའི་ཕྲེང་བ་དངར་ནས། རྒྱལ་པོ་མ་སྐྱེས་དགྲ་ཁྲོས་པས་བསད་དེ། དེ་ང་ལ་དགའ་བའི་སེམས་བསྐྱེད་ནས་ཤི་སྟེ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས། དེང་མདང་སུམ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་གྱུར་ཏེ་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། །མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གོས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་


DKG075_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཕུལ་ཏེ། མཐར་གྱིས་གསེར་སྲང་བྱེ་བ་ཕྲག་བརྒྱ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཕུལ་བ་དེའི་ཚེ་དེའི་བློ་སྐྱེས་པ་མ་ལ་བདག་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད་ཀྱིས། བདག་གིས་སྐྱེ་བོ་དབུལ་པོ་རྣམས་ལ་ཕན་གདགས་པའི་ཕྱིར་མཉན་དུ་ཡོད་པ་ན་གནས་པའི་སྐྱེ་བོ་རྣམས་དད་པ་བསྡུས་ཏེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བསྙེན་བཀུར་བྱའོ། །དེ་ལྟར་བྱས་པ་དང་བདག་གིས་སྐྱེ་བོ་མང་པོ་ལ་ཡང་ཕན་གདགས་པར་གྱུར་ལ། བསོད་ནམས་མང་པོ་ཡང་བསྐྱེད་པར་འགྱུར་རོ་སྙམ་མོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཇི་ལྟར་བསམས་པ་དེ། རྒྱལ་པོ་ལ་གསོལ་ནས། རྒྱལ་པོས་ཀྱང་མཉན་དུ་ཡོད་པ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ། མཉན་དུ་ཡོད་པ་ན་གནས་པའི་ཕོ་བྲང་འཁོར་གྱི་མི་ཁྱེད་རྣམས་ཉོན་ཅིག། དེང་ནས་ཞག་བདུན་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱི་ཕྱིར་གླང་པོ་ཆེ་ལ་ཞོན་ཏེ། དད་པ་སྡུད་པར་འདོད་ཀྱིས་ཁྱེད་གང་གིས་ཇི་ཙམ་ཡོངས་སུ་གཏང་བར་བྱ་བ་དེ་ཡོངས་སུ་གཏང་བར་གྱིས་ཤིག་ཅེས་བསྒོའོ། །དེ་


DKG075_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རེ་ཞིག་ན་ཞག་བདུན་ལོན་པ་དང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གླང་པོ་ཆེ་ལ་ཞོན་ཏེ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱི་ཕྱིར་དད་པ་སྡུད་པ་ལ་ཞུགས་ཏེ། དེར་གང་དག་ལ་ཇི་ཙམ་བདོག་པ་དེ་དག་དེ་ཙམ་སྦྱིན་པར་བྱེད་དེ། ཁ་ཅིག་ནི་མགུལ་གྱི་སེ་མོ་དོ་སྦྱིན་པར་བྱེད། ཁ་ཅིག་ནི་གདུ་བུ་སྦྱིན་པར་བྱེད། ཁ་ཅིག་ནི་དཔུང་རྒྱན་སྦྱིན་པར་བྱེད། ཁ་ཅིག་ནི་གསེར་གྱི་ཕྲེང་བ་སྦྱིན་པར་བྱེད། ཁ་ཅིག་ནི་སོར་གདུབ་ཀྱི་རྒྱན་སྦྱིན་པར་བྱེད། ཁ་ཅིག་ནི་མུ་ཏིག་གི་དོ་ཤལ་སྦྱིན་པར་བྱེད། ཁ་ཅིག་ནི་གསེར་སྦྱིན་པར་བྱེད། ཁ་ཅིག་ནི་དངུལ་སྦྱིན་པར་བྱེད། ཁ་ཅིག་ནི་ཐ་ན་ཞོའི་བརྒྱད་ཆ་ཙམ་ཡང་སྦྱིན་པར་བྱེད་དོ། །ཁྱིམ་བདག་དེ་ཡང་གཞན་ལ་ཕན་གདགས་པའི་ཕྱིར་ལེན་པར་བྱེད་དོ། །དེ་ནས་རེ་ཞིག་ན་བུད་མེད་ཤིན་ཏུ་དབུལ་མོ་ཞིག་གིས་ཤ་ཐང་སྟེ། ཟླ་བ་གསུམ་གྱིས་རས་ཡུག་ཅིག་རྙེད་ནས་དེས་རས་དེ་གྱོན་ཏེ་སྲང་དུ་ཞུགས་པ་དང་། དེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དུང་འབུད་ཅིང་རྔ་ཟླུམ་བརྡུང་བཞིན་དུ་རྒྱང་ནས་འོངས་པ་མཐོང་ནས་དེས་དགེ་བསྙེན་ཞིག་ལ་དྲིས་པ་ཇི་སྟེ། ཁྱིམ་བདག་འདི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། གཏེར་སའི་འོག་ཏུ་སྦས་པ་རྣམས་ཀྱང་མཐོང་ན། ཅིའི་ཕྱིར་འདི་གཞན་གྱི་ཁྱིམ་ནས་སློང་ཞིང་སྐོར་བར་བྱེད་ཅེས་བྱས་པ་དང་། དགེ་བསྙེན་དེ་ན་རེ་གཞན་ལ་ཕན་གདགས་པའི་ཕྱིར་ཏེ་གང་དག་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བཤོས་གསོལ་མི་ནུས་པ་དེ་དག་གི་དོན་དུ་ཕན་འདོགས་པར་བྱེད་དེ། ཅི་ནས་མང་པོ་བསྡོངས་ཏེ་བཅོམ་ལྡན་འདས་ལ་དབུལ་དུ་འཇུག་གོ་ཞེས་ཟེར་རོ། །དེ་ནས་བུ་མོ་དེའི་བློ་སྐྱེས་པ། འོ་ན་བདག་ནི་བསོད་ནམས་མ་བྱས་པ་ཡིན་ལ། བདག་གཅིག་པུས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་བའི་མཐུ་བདག་ལ་མེད་ཀྱིས། བདག་གིས་འདི་ལ་ཅུང་ཟད་དབུལ་བར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་བདག་ཉིད་ལ་ཅི་བདོག་ཅེས་བལྟས་ན་རས་ཡུག་གཅིག་མ་གཏོགས་པ་གཞན་ཅི་ཡང་མ་མཐོང་སྟེ། །དེས་བསམས་པ་གལ་ཏེ་བདག་འདི་


DKG075_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདུག་བཞིན་དུ་རས་འདི་ཕུལ་ན་ནི་བདག་གཅེར་བུར་འབྱུང་གིས་བདག་ཁང་ཐོག་ཏུ་སོང་ལ་རས་དོར་རོ་སྙམ་མོ། །དེ་ནས་དེ་ཁང་ཐོག་ཏུ་སོང་ནས་རང་གི་ལུས་ལས་རས་ཕུད་དེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་སྟེང་དུ་བོར་བ་དང་། ཁྱིམ་བདག་དེས་ཀྱང་འཕྲིགས་ཏེ། འདིས་ཁང་ཐོག་ནས་བོར་བ་ལས་ན། འདི་ལ་ནོར་དེ་ལས་མེད་གོར་མ་ཆག་སྙམ་ནས་རང་གི་གཡོག་རྣམས་ལ་བསྒོ་བ། ཁྱེད་དོང་ལ་རས་འདི་སུས་བོར་བ་ལྟོས་ཤིག་ཅེས་བྱས་ནས། དེ་དག་གིས་བལྟས་པ་དང་རེ་ཞིག་ན་བུ་མོ་དེ་ཙོག་ཙོག་པོར་འདུག་པ་མཐོང་ངོ་། །དེ་ནས་དེ་དག་གིས་དྲིས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བརྗོད་པ་བདག་གིས་ཐོས་ནས་དབུལ་བའི་འཇིགས་པས་སྐྲག་སྟེ་བདག་གིས་གོས་རྙེད་པ་དེ་དེ་བཞིན་གཤེགས་པ་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ལོ་ཞེས་ཟེར་རོ། །དེ་ནས་དེ་དག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བྱས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་མཆོག་ཏུ་ངོ་མཚར་དུ་གྱུར་ནས། བུ་མོ་དེ་ལ་གོས་དང་རྒྱན་རྣམ་པ་སྣ་ཚོགས་བསྐོན་ཏོ། །དེ་ནས་དེ་ཚེ་ཐུང་སྟེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ཏེ། སྐྱེས་མ་ཐག་ཏུ་ལྷའི་བུ་དང་ལྷའི་བུ་མོ་གཞན་སུ་ལ་ཡང་མེད་པ་དེ་ལྟ་བུའི་གོས་དག་དེ་ལ་བྱུང་ངོ་། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་བཅོམ་ལྡན་འདས་ལ་རས་ཕུལ་བར་དེས་མཐོང་ངོ་། །དེ་ནས་སྔོན་རས་འབུལ་འབུལ་བའི་ལྷའི་བུ་མོ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་ཀ་ལ་སོགས་པས་བྱུགས་པ་དེས། དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་


DKG075_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་རས་འབུལ་འབུལ་བའི་ལྷའི་བུ་མོའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་རས་འབུལ་འབུལ་བའི་ལྷའི་བུ་མོས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་། བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། །དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ། །འཕགས་པ་དགྱེས་པ་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །


DKG075_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང་། །དེ་ནས་སྔོན་རས་འབུལ་འབུལ་བའི་ལྷའི་བུ་མོ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང་། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་། དཔའ་བོ་གཡུལ་ལས་རྒྱལ་བ་དང་། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས། བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་ནི་སྲོད་དང་ཐོ་རས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། རས་འབུལ་འབུལ་བའི་བུད་མེད་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དད་པ་སྡུད་པར་བྱེད་པ་ལ་རས་ཕུལ་ནས་ཤི་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས། དེ་མདང་སུམ་ངའི་ཐད་དུ་འོངས་ཏེ་ངས་དེ་ལ་ཆོས་བསྟན་ནས། བདེན་པ་མཐོང་བར་གྱུར་ཏེ་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་བཀུར་སྟི་བྱའི་བཀུར་སྟི་མེད་པར་མི་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ནེ་ཙོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་


DKG075_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ། བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་ཏེ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ་ཞིག་གོ །དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་མཐོང་བར་སྨོན་ཏེ། ལག་པ་ལ་རྐོམ་ཚུགས་བཅས་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཅིའི་སླད་དུ་ཐུགས་ངན་མཛད། རྒྱལ་པོས་སྨྲས་པ། ངས་བཅོམ་ལྡན་འདས་རིང་ཞིག་མ་མཐོང་ངོ་། །ངས་བདེ་བར་གཤེགས་པ་རིང་ཞིག་མ་མཐོང་ངོ་། །ད་ནི་བཅོམ་ལྡན་འདས་མཐོང་བར་འདོད་དོ། །དེ་ནས་བཅོམ་ལྡན་འདས་ཉིན་པར་གནས་པ་ལ་ཞུགས་པས། ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པས་རྒྱལ་པོ་


DKG075_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་སྙིང་པོ་སྨོན་པ་གསན་ཏོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ་མི་གཟིགས་པའམ་མི་རྟོགས་པའམ་ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ་དང་། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས་པ། །སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་


DKG075_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཕན་གདགས་པའི་ཕྱིར། དབྱར་ཟླ་བ་གསུམ་འདས་ནས་ཆོས་གོས་མཛད་དེ་ཆོས་གོས་ཟིན་ནས་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་ལྗོངས་རྒྱུ་ཞིང་མཐར་གྱིས་གཤེགས་པ་ལས་ནགས་ཁྲོད་ཅིག་ཏུ་བྱོན་པ་དང་། ནགས་ཁྲོད་དེ་ན་ནེ་ཙོ་མི་སྐད་ཤེས་པ་ཞིག་གནས་ཏེ། དེས་བཅོམ་ལྡན་འདས་ཐག་རིང་པོ་ཞིག་ནས་མཐོང་ངོ་། །དེ་ནས་ཤིན་ཏུ་རིངས་པར་སོང་སྟེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཚུར་གཤེགས། བཅོམ་ལྡན་འདས་གཤེགས་པ་ལེགས་སོ་ལེགས་སོ། །བདག་ལ་ཕན་གདགས་སུ་གསོལ། ནགས་ཁྲོད་འདི་ཁོ་ནར་གཤེགས་དགོངས་གདབ་པར་གསོལ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ནེ་ཙོ་དེ་ལ་ཕན་གདགས་པའི་ཕྱིར་ཤིང་གང་ལ་ནེ་ཙོ་གནས་པ་དེའི་དྲུང་དུ་རྩྭའི་གདན་བཏིང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །ཉན་ཐོས་ཆེན་པོ་རྣམས་ནི་ཤིང་གཞན་དག་གི་དྲུང་དུ་འཁོད་དོ། །དེ་ནས་ནེ་ཙོས་བཅོམ་ལྡན་འདས་དང་ཉན་ཐོས་རྣམས་ལ་མིའམ། མི་མ་ཡིན་པའམ། གནོད་སྦྱིན་ནམ། སྲིན་པོའམ། རི་དགས་སམ་གཅན་གཟན་གནོད་པ་བྱེད་དུ་དོགས་ཏེ། མཚན་ཐོག་ཐག་ནགས་ཁྲོད་དེ་ན་ཕན་ཚུན་སྐོར་བར་བྱེད་དོ། །དེ་ནས་ནམ་ལངས་པ་དང་། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཟོད་པ་གསོལ་ཏེ། བཅོམ་ལྡན་འདས་བདག་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལགས་པས། བདག་ལ་བཅོམ་ལྡན་འདས་མཆོད་པའི་རྒྱུ་ཅི་ཡང་མ་མཆིས་ན་བཟོད་པ་


DKG075_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུ་གསོལ། །དེ་ལྟ་ལགས་ཀྱིས་ཀྱང་བདག་སྔོན་དུ་མཆིས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བཅོམ་ལྡན་འདས་གཤེགས་སོ་ཞེས་སྦྲན་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་གྱིས་ཤིག །དེ་ནས་རེ་ཞིག་ན་དེ་བཅོམ་ལྡན་འདས་ཀྱི་སྔོན་དུ་ཆས་ཏེ་མཐར་གྱིས་རྒྱལ་པོའི་ཐད་དུ་ཕྱིན་ཏོ། །དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ནི་ཁང་བཟངས་ཀྱི་སྟེང་ན་བུད་མེད་འབའ་ཞིག་དང་སིལ་སྙན་གྱིས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ནེ་ཙོ་མི་སྐད་ཤེས་པ་དེས་རྒྱལ་པོ་ལ་སྨྲས་པ། ཀྱེ་རྒྱལ་པོ་ཁྱོད་མཁྱེན་པར་མཛོད་ཅིག །བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྱོད་ཀྱི་ཡུལ་དུ་གཤེགས་ལགས་ཀྱིས། ལྷ་ཁྱོད་ཀྱིས་བཤོས་སྟ་གོན་མཛད་པའི་རིགས་སོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་ཤིན་ཏུ་རིངས་པར་ཁང་བཟངས་ཀྱི་སྟེང་ནས་བབས་ཏེ། བློན་པོ་ཆེན་པོའི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ། བཅོམ་ལྡན་འདས་ཀྱི་གདན་རྣམས་བཤམས་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་དང་། བདུག་པ་དང་། སྤོས་དང་། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་བསུའོ། །དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བཀུར་སྟི་ཆེན་པོ་དང་ལྡན་པས་ནང་དུ་སྤྱན་དྲངས་ནས་ཞལ་ཟས་བཟང་པོས་ཚིམ་པར་བྱས་སོ། །དེ་ནས་ནེ་ཙོ་དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱི་འབྱོར་པ་འདི་དག་ཐམས་ཅད་ནི་བདག་གི་ཡོན་ཏན་ཡིན་ནོ་སྙམ་དུ་རིག་ནས་དགའ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་རྒྱལ་པོའི་མདུན་ལོགས་སུ་ཕན་ཚུན་དུ་ལྡིང་བ་ལས་ཁྲས་ཁྱེར་ཏེ་བསད་དོ། །བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དེ་ཤི་བས་ནི་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་དུད་འགྲོ་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་


DKG075_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེས་མཐོང་ངོ་། །དེ་ནས་སྔོན་ནེ་ཙོར་གྱུར་པ་ལྷའི་བུ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བ་ནི། བདག་གི་ཆ་མ་ཡིན་གྱིས་བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་ནེ་ཙོར་གྱུར་པ་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན་ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་ཀ་ལ་སོགས་པས་བྱུགས་པ་དེས། དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ནེ་ཙོར་གྱུར་པའི་ལྷའི་བུའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་ནེ་ཙོར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས། དགའ་བའི་ཚིག་ལན་གསུམ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་། བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་


DKG075_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱིས་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ། །འཕགས་པ་དགྱེས་པ་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང་། །དེ་ནས་སྔོན་ནེ་ཙོར་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང་། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་། དཔའ་བོ་གཡུལ་ལས་རྒྱལ་བ་དང་། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས། བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་ནི་སྲོད་དང་ཐོ་རས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་ནོ། །ནེ་ཙོ་གང་གིས་ང་ནགས་ཁྲོད་དེར་ནུབ་མོའི་དགོངས་མལ་ལ་སྤྱན་དྲངས་པ་དེ་ཁྱོད་ཀྱིས་མཐོང་ངམ། དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ནེ་ཙོ་དེ་ཉིད་


DKG075_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དེ་ཡིན་ནོ། །དགེ་སློང་རྣམས་ཀྱིས་གསོལ་པ། བཙུན་པ་སྔོན་ནེ་ཙོར་གྱུར་པའི་ལྷའི་བུས་ལས་གང་དག་བགྱིས་ན། དེས་ནེ་ཙོར་སྐྱེས་ལགས། ལས་གང་དག་བགྱིས་ན་དེས་ལྷའི་ནང་དུ་སྐྱེས་ཏེ་བདེན་པ་མཐོང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་ནེ་ཙོར་གྱུར་པའི་ལྷའི་བུས་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། སྔོན་ནེ་ཙོར་གྱུར་པའི་ལྷའི་བུས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་དེ་ན་དགེ་བསྙེན་ཅིག་འདུག་པ་དེས་བསླབ་པ་ལྷོད་པར་བྱས་ཏེ་ལས་དེའི་རྣམ་པར་སྨིན་པས་ནི་ནེ་ཙོར་སྐྱེས་སོ། །ང་ལ་སེམས་དགའ་བར་བྱས་པ་དེས་ནི་ལྷར་སྐྱེས་སོ། །དེས་བསླབ་པའི་གཞི་ལྷག་མ་རྣམས་བསྲུངས་པ་དེས་ནི་བདེན་པ་མཐོང་བར་གྱུར་ཏོ། །དགེ་སློང་དག་དེ་ལྟར་ན་ལས་


DKG075_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ་ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཕོ་ཉ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་དབྱར་གནས་པར་དམ་བཅས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ལ་རྒྱལ་བར་གྱུར་ཅིག །སྐུ་ཚེ་རིང་བར་ཤོག་ཤིག་ཅེས་བསྟོད་ནས་གསོལ་བ་བཏབ་པ། ལྷ་མཁྱེན་པར་མཛད་དུ་གསོལ། བདག་


DKG075_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཅོམ་ལྡན་འདས་ཡུན་རིང་མོ་ཞིག་ཏུ་མ་མཐོང་སྟེ། བདག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་བས་སྐོམ་ལགས་སོ། །བདག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་ལོ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་དེ་ད་ལྟར་གང་དུ་དབྱར་གནས་པར་བཞེད་པ་ཁྱོད་ཀྱིས་ཅི་ཐོས། མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། ལྷ་བདག་གིས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་དབྱར་གནས་པར་དམ་བཞེས་སོ་ཞེས་ཐོས་ལགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སོགས་པ་ཕོ་བྲང་འཁོར་གྱི་མི་དང་ཡུལ་མི་དང་བློན་པོ་རྣམས་ཀྱིས་མི་ཞིག་ཕོ་ཉར་བཀུག་སྟེ། ཀྱེ་མི་ཁྱོད་ཚུར་ཤོག །བཅོམ་ལྡན་འདས་ག་ལ་བ་དེར་སོང་ལ། དེར་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚོལ་ལ། བདག་ཅག་གི་མཆིད་ནས། བཅོམ་ལྡན་འདས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། མི་བདེ་བ་མི་མངའ་འམ། བདེ་བ་ལ་རེག་པར་གནས་སམ་ཞེས་གསོལ་ལ། འདི་སྐད་དུ་བཙུན་པ་ཀོ་ས་ལའི་རྒྱལ་པོ་དང་མཉན་དུ་ཡོད་པ་ན་གནས་པ་ཕོ་བྲང་འཁོར་གྱི་མི་རྣམས་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བར་འཚལ་ཏེ། བདག་ཅག་གིས་བཅོམ་ལྡན་འདས་ཡུན་རིང་མོ་ཞིག་ཏུ་མ་མཐོང་བས། བདག་ཅག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་བས་སྐོམ་ལགས་སོ། །བདག་ཅག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་ན་ཐུགས་བརྩེ་བའི་སླད་དུ། བཅོམ་ལྡན་འདས་མཉན་དུ་ཡོད་པར་གཤེགས་སུ་གསོལ་ཞེས་མཆིའོ་ཞེས་གསོལ་ཅིག་ཅེས་བསྒོའོ། །དེ་ནས་མི་དེས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། བློན་པོ་དང་། ཕོ་བྲང་འཁོར་ཀྱི་མི་དང་། ཡུལ་མི་རྣམས་ཀྱིས་བསྒོ་བ་བཞིན་དུ་མཉན་ཏེ། རྒྱལ་པོའི་ཁབ་ཏུ་སོང་ནས། མཐར་གྱིས་སོང་སོང་བ་ལས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཕྱིན་ཏོ། །དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཐམས་ཅད་དུ་བལྟས་ནས་བཅོམ་ལྡན་འདས་ག་ལ་


DKG075_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མཁྱེན་པར་མཛད་དུ་གསོལ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་མཉན་དུ་ཡོད་པ་ན་གནས་པའི་ཕོ་བྲང་འཁོར་ཀྱི་མི་རྣམས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། མི་བདེ་བ་མི་མངའ་འམ། བདེ་བ་ལ་རེག་པར་གནས་སམ་ཞེས་མཆིའོ། །འདི་སྐད་དུ་བདག་ཅག་གིས་བཅོམ་ལྡན་འདས་རིང་མོ་ཞིག་ཏུ་མ་མཐོང་སྟེ། བདག་ཅག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་བས་སྐོམ་ལགས་སོ། །བདག་ཅག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་ན། ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་མཉན་དུ་ཡོད་པར་གཤེགས་སུ་གསོལ་ཞེས་ཀྱང་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་གལ་ཏེ་ང་རྒྱལ་པོ་གཟུགས་ཅན་སྙིང་པོས་འགྲོར་སྟེར་ན་འགྲོ་བར་བྱའོ། །དེ་ནས་ཕོ་ཉ་དེས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གསོལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཤེགས་པར་རྒྱལ་པོ་གཟུགས་ཅན་སྙིང་པོས་དད་པ་སྩལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བཅོམ་ལྡན་འདས་དབྱར་ཟླ་གསུམ་འདས་ནས། ཆོས་གོས་མཛད་དེ་ཆོས་གོས་ཟིན་ནས་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་ཞབས་འབྲིང་འཁོར་མང་པོ་དག་དང་མཉན་དུ་ཡོད་པ་ལོགས་སུ་ཆས་ཏེ་གཤེགས་སོ། །ཕོ་ཉ་ཡང་ཤིང་རྟ་ལ་ཞོན་ཏེ་ཆས་སོ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་ཞབས་ཀྱིས་གཤེགས་པ་མཐོང་ནས་ཤིང་རྟ་ལས་བབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཐུགས་བརྩེ་བའི་སླད་


DKG075_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བདག་གི་ཤིང་རྟ་བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྫུ་འཕྲུལ་རྐང་པའི་ཤིང་རྟ་དང་། །ཡང་དག་སྩོལ་ལ་ང་གནས་ནས། །ཉོན་མོངས་ཚེར་མས་མ་སྣད་པར། །ས་སྟེང་ཀུན་ཏུ་རྒྱུ་བར་བྱེད། །ཕོ་ཉས་གསོལ་པ། །བཅོམ་ལྡན་འདས་ནི་རྫུ་འཕྲུལ་གྱི་ཞབས་ཀྱིས་གཤེགས་པ་ལགས་ཀྱིས་ཀྱང་། བདག་ལ་ཕན་གདགས་པ་དང་ཐུགས་བརྩེ་བའི་སླད་དུ་བཅིབས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་ཕོ་ཉ་ལ་ཕན་གདགས་པའི་ཕྱིར་རྫུ་འཕྲུལ་གྱིས་ཤིང་རྟའི་སྟེང་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཤིང་རྟ་ལ་བཅིབས་བཞིན་དུ་མཉན་དུ་ཡོད་པར་བྱོན་ནས་ཕོ་ཉས་ཀྱང་རྒྱལ་པོ་ལ་སྦྲན་ཏོ། །དེ་ནས་རྒྱལ་པོ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་། ཡུལ་མི་རྣམས་ཀྱིས་བཅོམ་ལྡན་འདས་བསུ་ནས། ཆོས་ཉན་པའི་ཕྱིར་དེའི་མཚན་མོ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེ་ཉིད་དུ་འཁོད་དོ། །ཕོ་ཉ་དེ་ནི་ཚེ་ཐུང་སྟེ་ཆོས་ཐོས་པའི་འོག་ཏུ་དེ་ཉིད་ཀྱི་མཚན་མོ་ཤི་སྟེ། དེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེས་མཐོང་ངོ་། །དེ་ནས་སྔོན་ཕོ་ཉར་གྱུར་པའི་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ་བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་ཕོ་ཉར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་ཀ་ལ་སོགས་པས་བྱུགས་པ། དེས་དེ་ཉིད་ཀྱི་མཚན་མོ་ལྷའི་


DKG075_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དང་པད་མ་དཀར་པོ་དང་། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ཕོ་ཉར་གྱུར་པའི་ལྷའི་བུའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་ཕོ་ཉར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་། མཆི་མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་


DKG075_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཤལ་འཕྱང་བ་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང་། །དེ་ནས་སྔོན་ཕོ་ཉར་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང་། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་། དཔའ་བོ་གཡུལ་ལས་རྒྱལ་བ་དང་། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས། བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཁང་བཟངས་ཀྱི་སྟེང་ན་འདུག་པས་སྣང་བ་ཆེན་པོ་དེ་མཐོང་ནས་ནམ་ལངས་པ་དང་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱིས། ཁྱོད་ཀྱི་ཕོ་ཉ་དེ་ང་ལ་སེམས་དགའ་བར་གྱུར་ནས་ཤི་སྟེ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས་དེ་མདང་སུམ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ཏེ་བདེན་པ་མཐོང་བར་གྱུར་ཏེ་རང་གི་གནས་སུ་སོང་ངོ་། །དེ་ནས་རྒྱལ་པོ་དེ་ངོ་མཚར་དུ་གྱུར་ནས་ཀྱེ་མ་སངས་རྒྱས་ཀྱེ་མ་ཆོས་ཀྱེ་མ་དགེ་འདུན་འདི་དག་ལ་ནི་ཆུང་ངུ་ཞིག་བྱས་ཀྱང་རྣམ་པར་སྨིན་པ་ཆེན་པོར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། སྟན་ལས་ལངས་ཏེ་སོང་ངོ་། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་གསུམ་ནི་མཆོག་ཏུ་གདགས་པ་ཡིན་ཏེ། གསུམ་གང་ཞེ་ན། སངས་རྒྱས་མཆོག་ཏུ་གདགས་པ་དང་། ཆོས་མཆོག་ཏུ་གདགས་པ་དང་། དགེ་


DKG075_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་མཆོག་ཏུ་གདགས་པའོ། །སངས་རྒྱས་མཆོག་ཏུ་གདགས་པ་གང་ཞེ་ན། སེམས་ཅན་རྐང་མེད་རྣམས་སམ། རྐང་གཉིས་རྣམས་སམ། རྐང་བཞི་རྣམས་སམ། རྐང་མངས་རྣམས་སམ། གཟུགས་ཅན་རྣམས་སམ། གཟུགས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཅན་རྣམས་སམ། འདུ་ཤེས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པ་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་ཡིན་པར་བསྟན་ཏོ། །སངས་རྒྱས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་སངས་རྒྱས་མཆོག་ཏུ་གདགས་པ་ཞེས་བྱའོ། །ཆོས་མཆོག་ཏུ་གདགས་པ་གང་ཞེ་ན། འདུས་བྱས་སམ་འདུས་མ་བྱས་ཀྱི་ཆོས་རྣམས་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་འདོད་ཆགས་དང་བྲལ་བའི་ཆོས་མཆོག་ཡིན་པར་སྟོན་ཏོ། །ཆོས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་གི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ་མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་ཆོས་མཆོག་ཏུ་གདགས་པ་ཞེས་བྱའོ། །དགེ་འདུན་མཆོག་ཏུ་གདགས་པ་གང་ཞེ་ན་ཚོགས་སམ། འདུས་པའམ། མང་པོའམ། འཁོར་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཡིན་པར་བསྟན་ཏེ། དགེ་འདུན་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་གི་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་


DKG075_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་དགེ་འདུན་མཆོག་ཏུ་གདགས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅུ་བཞི་པ། མ་ཧེ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་ལས་ནགས་ཁྲོད་ཅིག་ཏུ་བྱོན་པ་དང་། ནགས་ཁྲོད་དེ་ན་མ་ཧེའི་ཁྱུ་ཆེན་པོ་དང་མ་ཧེ་རྫི་ལྔ་བརྒྱ་འཁོད་དོ། །དེ་ནས་རེ་ཞིག་ན་དེའི་ནང་ན་མ་ཧེ་སྟོབས་དང་ལྡན་ཞིང་སྟོབས་ཀྱི་མཆོག་དང་ལྡན་པ་ཞིག་ཡོད་དེ། དེ་མི་གཞན་དག་གི་དྲི་ཚོར་ན་ཕྱི་བཞིན་རྒྱུག་པར་བྱེད་དོ། །བཅོམ་ལྡན་འདས་ཀྱང་ཕྱོགས་དེར་གཤེགས་སོ། །དེ་ནས་མ་ཧེ་རྫི་རྣམས་ཀྱིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཐག་རིང་པོ་ཞིག་ནས་མཐོང་ངོ་། །དེ་ནས་དེ་དག་གིས་སྐད་ཆེར་བོས་ཏེ། བཅོམ་ལྡན་འདས་འདི་ན་མ་ཧེ་མ་རུངས་པ་མཆིས་ཀྱིས། ཤུལ་འདིར་མི་གཤེགས་སུ་གསོལ་ཞེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ངས་འདིར་དུས་ལ་བབ་པར་ཤེས་


DKG075_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཁྱེད་སྙིང་མ་ཆུང་ཤིག །དེ་ནས་མ་ཧེ་དེས་བཅོམ་ལྡན་འདས་ཐག་རིང་མོ་ཞིག་ནས་མཐོང་བ་དང་རྔ་མ་ལྡང་དུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེར་བརྒྱུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་མདུན་ལོགས་སུ་སེང་གེ་རལ་པ་ཅན་རལ་པ་གཡེངས་པ་ལྔ་སྤྲུལ་ཏེ། གློ་གཡས་གཡོན་དུ་མི་ཆེན་པོ་ལྔ་སྤྲུལ་ཏོ། །སྟེང་དུ་ནི་ལྕགས་ཀྱི་ཕ་བོང་ཆེན་པོ་ཞིག་སྤྲུལ་ཏོ། །དེ་ནས་མ་ཧེ་དེས་ཕྱོགས་ཀུན་ཏུ་འཇིགས་པ་ཆེན་པོ་མཐོང་ནས། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ལྕེས་བལྡགས་ནས་ཞུམ་པའི་བཞིན་གྱིས་བཅོམ་ལྡན་འདས་ལ་བལྟས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ། དེས་བརྡ་ཕྲད་པའི་སྐད་དུ་བཞིན་བཟངས་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་ཆོས་ཚིག་གསུམ་བསྟན་ནས། ཚེ་རབས་ཀྱང་དྲན་པར་མཛད་དེ་དེ་ཐོས་ནས་ངུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱོད་ནི་དུད་འགྲོར་སྐྱེས་པ་ལ། །ད་ནི་ང་ཡིས་ཅི་བྱར་ཡོད། །མི་ཁོམ་པར་ནི་སྐྱེས་ཟིན་གྱིས། །དོན་མེད་ངུས་པས་ཅི་ལ་ཕན། །འདིར་ནི་རྒྱལ་བ་སྙིང་རྗེ་ཅན། །ང་ལ་དད་པའི་སེམས་བསྐྱེད་ལ། །དུད་འགྲོའི་སྐྱེ་གནས་སྤངས་ན་ལེགས། །འོན་ཀྱང་མཐོ་རིས་འགྲོ་བར་འགྱུར། །དེ་ནས་མ་ཧེ་མ་རུངས་པ་དེས་རང་གི་ལུས་ལ་དམད་དེ་ཁ་འཚོས་ནས། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རྣམས་ནི་མེའི་དྲོད་ཆེ་བས་དེ་སྐྱེན་པར་ཤི་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་དུད་འགྲོ་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེས་མཐོང་ངོ་། །དེ་ནས་སྔོན་མ་ཧེར་གྱུར་པའི་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་


DKG075_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་མ་ཧེར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན་ལུས་གུར་གུམ་དང་། ཏ་མ་ལའི་ལོ་མ་དང་། ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་སྟེ། ནགས་ཁྲོད་དེ་དག་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་མ་ཧེར་གྱུར་པའི་ལྷའི་བུའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་མ་ཧེར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་། བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས་སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་


DKG075_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ། །འཕགས་པ་དགྱེས་པ་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང་། །དེ་ནས་སྔོན་མ་ཧེར་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང་ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་དཔའ་བོ་གཡུལ་ལས་རྒྱལ་བ་དང་ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དེ་ནས་མ་ཧེ་རྫི་དེ་དག་གིས་སྣང་བ་ཆེན་པོ་དེ་མཐོང་ངོ་། །དེ་མཐོང་ནས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་མདང་སུམ་བཅོམ་ལྡན་འདས་ཀྱི་ཐད་དུ་མཆིས་ཏེ། ལྷའི་འོད་ཀྱིས་སྣང་བར་བགྱིས་པ་དེ་སུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་མ་ཧེ་དེ་ང་ལ་སེམས་དགའ་བར་གྱུར་ཏེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ཏེ། དེ་མདང་སུམ་ངའི་ཐད་དུ་འོངས་ནས་ངས་དེ་ལ་ཆོས་བསྟན་ཏེ། བདེན་པ་མཐོང་བར་གྱུར་ནས་རང་གི་གནས་སུ་སོང་ངོ་། །དེ་ནས་མ་ཧེ་རྫི་དེ་དག་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ་ངོ་མཚར་ཏོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་འདི་ཡང་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་དང་ཕྲད་ནས་ལྷའི་ནང་དུ་སྐྱེས་ཏེ། བདེན་པ་མཐོང་བར་གྱུར་ན་བདག་ཅག་གིས་ཅི་སྟེ་ཁྱད་པར་ཐོབ་པར་མི་འགྱུར་སྙམ་མོ། །དེ་ནས་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཞལ་ཟས་བཟང་པོས་ཚིམ་པར་བྱས་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། དེ་དག་གིས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་


DKG075_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྔོན་མ་ཧེར་གྱུར་པའི་ལྷའི་བུས་ལས་གང་དག་བགྱིས་ན་དེས་མ་ཧེར་སྐྱེས་ལགས་ལས་གང་དག་བགྱིས་ན་དེས་ལྷའི་ནང་དུ་སྐྱེས་ཏེ་བདེན་པ་མཐོང་བར་གྱུར་ལགས། མ་ཧེ་རྫི་འདི་རྣམས་ཀྱིས་ནི་ལས་ཅི་བགྱིས་ན་དེས་མ་ཧེ་རྫིར་གྱུར་ལགས། ལས་གང་བགྱིས་པས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་དག་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོངས་པའི་ལས་དེ་དག་བྱས་ཤིང་བསགས་པས་ན། དེ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་


DKG075_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེའི་ཚེ་དགེ་སློང་དག་གཏན་ལ་འབེབས་པར་བྱེད་པ་ན། དགེ་སློང་སྡེ་སྣོད་གསུམ་པ་ཞིག་འཁོར་ལྔ་བརྒྱ་དང་གཏན་ལ་འབེབས་པའི་ནང་ན་འདུག་གོ །དེའི་ནང་ན་སློབ་པ་དང་མི་སློབ་པའི་དགེ་སློང་དག་ཀྱང་ཡོད་དེ། དེ་དག་སྡེ་སྣོད་གསུམ་པ་ལ་འདྲི་བར་བྱེད་ལ། དེས་ནི་ལན་མ་ཐེབས་པ་དང་། དེ་ཁྲོས་ནས་ངག་གི་ལས་རྩུབ་པོ་ཕྱུང་སྟེ། ནགས་ཀྱི་མ་ཧེ་དང་འདྲ་བ་འདི་དག་ཅི་ཤེས་ཞེས་བྱས་སོ། །དེའི་སློབ་མ་རྣམས་ཀྱིས་ཀྱང་མ་ཧེ་རྫི་དང་འདྲ་བ་འདི་དག་ཅི་ཤེས་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དགེ་སློང་སྡེ་སྣོད་གསུམ་པ་གང་ཡིན་པ་དེ་ཉིད་མ་ཧེ་འདི་ཡིན་ནོ། །སློབ་མ་དེ་དག་ནི་མ་ཧེ་རྫི་འདི་དག་ཡིན་ཏེ། ལས་དེས་ན་ཚེ་རབས་ལྔ་བརྒྱར་མ་ཧེར་སྐྱེས་སོ། །སློབ་མ་རྣམས་ཀྱང་མ་ཧེ་རྫི་ལྔ་བརྒྱར་གྱུར་ཏོ། །ང་ལ་སེམས་དགའ་བར་གྱུར་པ་དེས་ནི་ལྷར་སྐྱེས་སོ། །དགེ་སློང་གི་དངོས་པོ་ཐོབ་སྟེ་ཚུལ་ཁྲིམས་བསྲུངས་པས་ནི་བདེན་པ་མཐོང་བ་དང་དགྲ་བཅོམ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་བས་ན་ངག་གི་ཉེས་པ་སྤང་བའི་ཕྱིར་འབད་པར་བྱ་སྟེ། ཅི་ནས་མ་ཧེ་དང་མ་ཧེ་རྫི་རྣམས་ཀྱི་ཉེས་པ་དེ་ལྟ་བུ་དག་འབྱུང་བར་མི་འགྱུར་བ་དང་། ལྷའི་བུ་དེའི་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ཐོབ་པར་འགྱུར་བར་དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བསྙེན་གནས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་


DKG075_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན་ལྷའི་བུ་བསྙེན་གནས་ཞེས་བྱ་བ་ཞིག་ཡོད་དེ། དེ་ཆོས་མཉན་པའི་ཕྱིར་རྟག་ཏུ་བཅོམ་ལྡན་འདས་ཀྱི་ཐད་དུ་འགྲོའོ། །དེ་ནས་ཕྱིས་རེ་ཞིག་ན་ལྷའི་བུ་བསྙེན་གནས་གཡོག་འཁོར་ལྔ་བརྒྱ་དང་བཅས་པ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་བསྙེན་གནས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ལྷའི་བུ་བསྙེན་གནས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་། བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །


DKG075_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ། །འཕགས་པ་དགྱེས་པ་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང་། །དེ་ནས་ལྷའི་བུ་བསྙེན་གནས་ཚོང་པ་ཁེ་སྤོགས་ཕྱིན་པ་དང་ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་། དཔའ་བོ་གཡུལ་ལས་རྒྱལ་བ་དང་། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དེའི་ཚེ་དགེ་སློང་དག་སྲོད་དང་ཐོ་རས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་ཐེ་ཙོམ་སྐྱེས་ཏེ་ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། ལྷའི་བུ་བསྙེན་གནས་གཡོག་འཁོར་ལྔ་བརྒྱ་དང་བཅས་པ་ང་ལ་བལྟ་བའི་ཕྱིར་འོངས་ཏེ་ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་གྱུར་ཏེ། རང་གི་གནས་སུ་སོང་ངོ་། །དེ་ནས་དགེ་སློང་དེ་དག་ཐེ་ཙོམ་སྐྱེས་ཏེ་ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ལྷའི་བུ་བསྙེན་གནས་ག་ལས་བྱུང་ལགས། མིང་


DKG075_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཅི་ལས་བཏགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཉན་པར་འདོད་དམ། གསོལ་པ། བཙུན་པ་ཉན་པར་འཚལ་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །ཕྱིས་རེ་ཞིག་ན་རྒྱལ་པོ་ཀྲཱི་ཀཱི་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་སོང་ངོ་། །དེ་ནས་རེ་ཞིག་ན་བྲམ་ཟེ་གཉིས་དྲང་སྲོང་སྨྲ་བར་དོན་ཞིག་ལ་སོང་བ་དང་། དེ་གཉིས་ཀྱིས་རྒྱལ་པོ་དེ་རྒྱལ་པོའི་འབྱོར་པ་ཆེན་པོ་དང་རྒྱལ་པོའི་མཐུ་སྟོབས་དང་ལྡན་པ་མཐོང་ངོ་། །དེ་ནས་དེ་གཉིས་རྒྱལ་སྲིད་ལ་འདོད་པ་སྐྱེས་ནས། དེ་གཉིས་ཀྱིས་དགེ་བསྙེན་ཞིག་ལ་དྲིས་པ། ཀྱེ་སངས་རྒྱས་ཀྱི་དགེ་བསྙེན་ལས་ཅི་ཞིག་བྱས་ན། དེས་ཅི་བསམས་པ་དང་ཅི་འདོད་པ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་ཞེས་བྱས་སོ། །དགེ་བསྙེན་གྱིས་སྨྲས་པ། གང་གིས་བསྙེན་གནས་ཡན་ལག་བརྒྱད་པ་ཡོངས་སུ་དག་པར་བསྲུངས་པ་དེའི་ནི་ཅི་བསམས་པ་དང་ཅི་འདོད་པ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱས་སོ། །དེ་ནས་བྲམ་ཟེ་དེ་གཉིས་ཀྱིས་ཁྱིམ་བདག་ཆུ་སྟོད་ལས་བསྙེན་གནས་ཡན་ལག་བརྒྱད་པ་བླངས་ཏེ་བསྲུངས་སོ། །དེ་ན་གཅིག་གིས་ནི་ཡོངས་སུ་དག་པར་བསྲུངས་ཏེ། དེ་ནས་ཤི་ནས་རྒྱལ་པོ་ཀྲཱི་ཀཱིའི་བུར་སྐྱེས་ཏེ་དེའི་བུའི་མིང་ལེགས་སྐྱེས་ཞེས་བཏགས་ནས་ཕ་ཤི་བའི་འོག་ཏུ་དེ་རྒྱལ་པོར་བཅུག་གོ །ཅིག་ཤོས་ཀྱིས་ནི་བསྙེན་གནས་ཉམས་པར་བྱས་ཏེ་དེ་ནི་ཤི་ནས་ཀླུའི་ནང་དུ་སྐྱེས་ཏེ། དེའི་སྟེང་དུ་ཉིན་གཅིག་བཞིན་དུ་ལན་བདུན་བདུན་བྱེ་ཚན་བབ་སྟེ་


DKG075_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རུས་པ་འབའ་ཞིག་ལུས་པར་བྱེད་དོ། །དེ་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་ལས་གང་གི་འབྲས་བུ་ཡིན། འདི་ལས་གང་གི་འབྲས་བུ་རྣམ་པར་སྨིན་པ་ཡིན་ན། དེས་བདག་གིས་འདི་ལྟ་བུའི་སྡུག་བསྔལ་མྱོང་ཞིང་འདུག་སྙམ་མོ། །དེ་ནས་དེས་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ། བདག་གིས་བླངས་པ་ལས་བསླབ་པ་ལྷོད་པར་བྱས་པ་དེས་འདི་ལྟ་བུའི་སྡུག་བསྔལ་བདག་གིས་ཉམས་སུ་མྱོང་ལ། གང་གིས་བླངས་ཏེ་བསྲུངས་པ་དེས་ནི་རྒྱལ་སྲིད་ཐོབ་པར་གྱུར་ཏོ་སྙམ་མོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། ད་ཡང་བདག་གིས་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་བསྲུང་བར་བྱའོ། །འོན་ཀྱང་བདག་ཀླུའི་སྐྱེ་གནས་ལས་ཐར་བར་འགྱུར་ཡང་སྲིད་དོ་སྙམ་མོ། །དེ་ནས་བྲམ་ཟེའི་ཆ་ལུགས་སུ་བདག་ཉིད་སྤྲུལ་ནས། རྒྱལ་པོའི་ཐད་དུ་འོངས་ཏེ་ཕྱིན་ནས། རྒྱལ་པོ་ལ་རྒྱལ་བར་གྱུར་ཅིག །སྐུ་ཚེ་རིང་བར་ཤོག་ཅིག་ཅེས་བསྟོད་ནས་སྨྲས་པ། རྒྱལ་པོ་ཆེན་པོ་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་བདག་ལ་འཚལ་གྱིས་ལྷ་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་སྩལ་དུ་གསོལ། གལ་ཏེ་མ་སྩལ་ན་གདོན་མི་འཚལ་བར་ལྷའི་དབུ་ཚལ་པ་བདུན་དུ་འགས་པར་འགྱུར་རོ་ཞེས་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་འཇིགས་ཤིང་སྐྲག་སྟེ། མི་དགའ་ལ་སྐྱི་བུང་ཞེས་བྱས་ནས་གསེར་འབུམ་ཡོད་པའི་སྣོད་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། བདག་གི་ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ནས། སུ་ང་ལ་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་སྟོན་པ་དེ་ལ་གསེར་འབུམ་འདི་སྦྱིན་ནོ། །བཀུར་སྟི་ཆེན་པོས་ཀྱང་བཀུར་བར་བྱའོ་ཞེས་བསྒོའོ། །དེ་ནས་རེ་ཞིག་ན་ཤིང་མཁན་གྱི་བུ་མོ་བུད་མེད་རྒན་མོ་ཞིག་འདུག་པ་དེས། རྒྱལ་པོ་ལ་ཀ་བ་ཞིག་བསྟན་ཏེ། སྔོན་བདག་གི་ཕ་རྟག་ཏུ་ཀ་བ་འདི་ལ་སྤོས་དང་། བདུག་པ་དང་། མེ་ཏོག་གིས་མཆོད་པ་བགྱིད་ན། འདི་ཕྱུང་སྟེ་གཟིགས་ཤིག་ཅེས་བྱས་སོ། །དེ་ནས་རྒྱལ་པོས་ཞམ་རིང་བ་རྣམས་ལ་ཀ་བ་འདི་ཕྱུང་ཤིག་ཅེས་བསྒོའོ། །དེ་ནས་རྒྱལ་པོའི་ཞབས་འབྲིང་རྣམས་ཀྱིས་ཀ་བ་དེ་ཕྱུང་བ་དང་། དེའི་འོག་ནས་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་


DKG075_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་དང་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་སུམ་ཅུ་རྩ་བདུན་གསེར་གྱི་གླེགས་བམ་ལ་བྲིས་པ་ཞིག་རྙེད་དོ། །དེ་ནས་རྒྱལ་པོས་ཀླུ་དེ་ལ་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་ཞིག་བྲིས་ཏེ་བྱིན་ཏོ། །དྲང་སྲོང་སྨྲ་བ་ན་གནས་པའི་དྲང་སྲོང་ཁྲི་ཉིས་སྟོང་གིས་ཀྱང་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་སུམ་དུ་བྱས་སོ། །ཀླུ་དེས་ཀྱང་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་བསྲུངས་ནས་ཐང་ལ་ཕྱུང་སྟེ་ལུས་བོར་ནས་དེ་ཁ་འཚོས་ཏེ་འདུག་གོ །དེ་ནས་དེ་ཤི་སྟེ་གཡོག་འཁོར་ལྔ་བརྒྱ་དང་བཅས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །དགེ་སློང་དག་བསྙེན་གནས་ནི་དེ་ལས་བྱུང་སྟེ་མིང་ཡང་དེ་ལས་བཏགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ངང་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་


DKG075_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །ཕྱིས་རེ་ཞིག་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། པཉྩ་ལའི་རྒྱལ་པོས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ངང་པ་ལྔ་བརྒྱ་སྐྱེས་སུ་བསྐུར་ཏེ། གང་གི་ཚེ་རྒྱལ་པོ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དེའི་ཚེ་ངང་པ་ལྔ་བརྒྱ་པོ་དེ་དག་ཕུལ་ལོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ངང་པ་དེ་དག་ལ་མི་འཇིགས་པ་བྱིན་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེ་ཉིད་དུ་བཏང་ནས། གང་གི་ཚེ་བཅོམ་ལྡན་འདས་ཉན་ཐོས་ཆེན་པོའི་འཁོར་དང་བཅས་པ་བཤོས་གསོལ་ཞིང་བཞུགས་པ་དེའི་ཚེ། ངང་པ་དེ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་འགྲོ་ལ། བཅོམ་ལྡན་འདས་དང་ཉན་ཐོས་ཆེན་པོ་དེ་དག་གིས་ཀྱང་དེ་རྣམས་ལ་ཁྱོས་མ་བྱིན་ཏེ། དེ་དག་གིས་ཟོས་ནས་ཚིམ་ཞིང་མགུ་ལ་དབང་པོ་བརྟས་ཏེ་འཁོད་དོ། །གང་གི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་དེ་དག་ལ་ཆོས་སྟོན་པ་དེའི་ཚེ། ངང་པ་དེ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་སྟེ་ཆོས་ཉན་པར་བྱེད་དོ། །དེ་ནས་དེ་དག་ཚེ་ཐུང་སྟེ། ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་ངང་པ་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེ་དག་གིས་མཐོང་ངོ་། །དེ་ནས་སྔོན་ངང་པར་གྱུར་པའི་ལྷའི་བུ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བའི་


DKG075_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འགྲོ་བ་ནི་བདག་ཅག་གི་ཆ་མ་ཡིན་གྱིས། བདག་ཅག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་ངང་པར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ལུས་གུར་གུམ་དང་། ཏ་མ་ལའི་ལོ་མ་དང་། ཀ་ལ་སོགས་པས་བྱུགས་པ་དེ་དག་གིས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ངང་པར་གྱུར་པའི་ལྷའི་བུ་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་ངང་པར་གྱུར་པའི་ལྷའི་བུ་རྣམས་ཀྱིས། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེ་དག་གིས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ཅག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང། བདག་ཅག་ལྷ་དང་མིའི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ཅག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་


DKG075_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་ལམ་བདག་ཅག་རྣམས་ཀྱིས་ཐོབ། །བདག་ཅག་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ཅག་སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་ལྷ་དང་མིས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དགའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་རྣམས་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང་། །དེ་ནས་སྔོན་ངང་པར་གྱུར་པའི་ལྷའི་བུ་རྣམས་ཚོང་པ་ཁེ་སྤོགས་ཕྱིན་པ་དང་ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་དཔའ་བོ་གཡུལ་ལས་རྒྱལ་བ་དང་ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས། བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དེའི་ཚེ་དགེ་སློང་སྲོད་དང་ཐོ་རས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ་། །མཐོང་བས་ཀྱང་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་ནོ། །དགེ་སློང་དག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། ངང་པ་ལྔ་བརྒྱ་འདིར་བཏང་བ་ཁྱོད་ཀྱིས་མཐོང་ངམ། བཙུན་པ་མཐོང་ལགས་སོ། །བཀའ་སྩལ་པ། དེ་དག་ང་ལ་སེམས་དགའ་བར་གྱུར་ཏེ། ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ཏེ། དེ་དག་མདང་སུམ་ངའི་ཐད་དུ་ལྷགས་ནས་དེ་དག་ལ་


DKG075_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ངས་ཆོས་བསྟན་ཏེ་བདེན་པ་མཐོང་བར་གྱུར་ནས་རང་གི་གནས་སུ་དོང་ངོ་། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ་ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྔོན་ངང་པར་གྱུར་པའི་ལྷའི་བུ་རྣམས་ཀྱིས་ལས་གང་དག་བགྱིས་ན་དེས་ངང་པར་སྐྱེས་ལགས། ལས་གང་དག་བགྱིས་ན་དེས་ལྷའི་ནང་དུ་སྐྱེས་ཏེ་བདེན་པ་མཐོང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་དག་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། སྔོན་ངང་པར་གྱུར་པའི་ལྷའི་བུ་རྣམས་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་འདི་དག་རབ་ཏུ་བྱུང་བ་ལས་བསླབ་པ་ལ་ལྷོད་པར་བྱས་པ་དེས་ནི་ངང་པར་སྐྱེས་སོ། །ང་ལ་


DKG075_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དགའ་བར་བྱས་པ་དེས་ནི་ལྷར་སྐྱེས་སོ། །བསླབ་པ་ལྷག་མ་རྣམས་བསྲུངས་པ་དེས་ནི་བདེན་པ་མཐོང་བར་གྱུར་ཏོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ་རྫོགས་སོ།། །།


previousསྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ།next