Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་བདུན་བཅུ་དོན་ལྔ་པ།


  collapse section
   
   
   
   
   
   
   
   
   
སྡོམ་གྱི་ཚིགས་སུ་བཅད་པ་དགུ་པ།
   
   
   
   


 
previousསྡོམ་གྱི་ཚིགས་སུ་བཅད་པ་དགུ་པ།next

སྡོམ་གྱི་ཚིགས་སུ་བཅད་པ་དགུ་པ།


DKG075_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ནི། རྒྱ་མཚོ་དང་ནི་སྣ་མ་དང་། །ལག་ན་གསེར་ཐོགས་སྡེ་སྣོད་གསུམ། །གྲགས་བཤེས་རྫུས་ཏེ་སྐྱེས་པ་དང་། །མཛེས་ལྡན་དང་ནི་ཀ་པི་ན། །བཟང་ལྡན་དང་ནི་ཡུལ་འཁོར་སྲུང་། །སྡེ་ཚན་དག་ཏུ་བསྟན་པ་ཡིན། །རྒྱ་མཚོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་དེད་དཔོན་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་རེ་ཞིག་ན་དེའི་བློ་སྐྱེས་པ་བདག་ཇི་སྲིད་


DKG075_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལང་ཚོ་ལ་བབ་པ་དེ་སྲིད་དུ་ནི་ནོར་སྤེལ་བར་བྱའོ། །ཕྱིས་རྒས་པའི་ཚེ་ནི་བདེ་བར་ལོངས་སྤྱད་པར་བྱའོ་སྙམ་མོ། །དེ་ནས་དེད་དཔོན་དེ་གཡོག་འཁོར་ཚོང་པ་ལྔ་བརྒྱ་དང་རྒྱ་མཚོའི་གྲུ་ཉོས་ནས་ཆུང་མ་དང་བཅས་ཏེ་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་སོ། །དེ་ནས་རེ་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་རྒྱ་མཚོ་དེ་ཉིད་ཀྱི་ནང་དུ་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་མིང་རྒྱ་མཚོ་ཞེས་བཏགས་སོ། །དེ་ནས་རེ་ཞིག་ན་དེད་དཔོན་དེ་གྲུའི་དོན་གྲུབ་ནས་ཉེ་ཞོ་མེད་པར་རྒྱ་མཚོ་ཆེན་པོ་ནས་ཕྱིར་འཁོར་ཏོ། །དེ་ནས་གང་གི་ཚེ་ཁྱེའུ་རྒྱ་མཚོ་ཆེར་སྐྱེས་པ་དེའི་ཚེ་ཕས་དེད་དཔོན་དུ་བསྐོས་ནས་གཡོག་འཁོར་ཚོང་པ་ལྔ་བརྒྱ་དང་རྒྱ་མཚོ་ཆེན་པོར་བཏང་སྟེ། དེ་མཐར་གྱིས་སོང་སོང་བ་ལས། གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། ཚོང་འདུས་རྣམས་མཐོང་ནས་རྒྱ་མཚོའི་འགྲམ་དུ་ཕྱིན་ཏེ། ཀཱར་ཥཱ་པ་ཎ་ལྔ་བརྒྱས་གྲུའི་གླ་བྱས་ཏེ་ཞོ་ཤས་འཚོ་བ་རྣམ་པ་ལྔ་སྟེ། གྲུ་ཤོལ་བ་དང་། ཆུ་འཕྱག་པ་དང་། མཉན་པ་དང་། བྱེའུ་ཟུལ་མཁན་དང་། རུ་སྐྱ་འཛིན་པ་རྣམས་ཀྱང་ཁྲིད་དེ། དེས་ལན་གསུམ་དུ་དྲིལ་བསྒྲགས་ནས་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་ནས་དེ་དག་རྒྱ་མཚོ་ཆེན་པོར་སོང་བ་དང་། སྲིན་པོ་ནག་པོའི་རླུང་གིས་གྲུ་དེ་ཕུ་མདར་བསྐོར་ཏོ། །དེད་དཔོན་རྒྱ་མཚོ་ནི་མུ་སྟེགས་ཅན་ལ་དགའ་སྟེ། དེ་དུས་མ་ཡིན་པར་འཆི་བས་འཇིགས་སྐྲག་ནས་སྟོན་པ་དྲུག་ལ་གསོལ་བ་འདེབས་པ་ལ་ཞུགས་ཀྱང་གྲུ་དེ་རླུང་གིས་ཡེ་བསྐོར་ཏོ། །དེ་ནས་རེ་ཞིག་ན་ཚོང་པ་གཞན་དག་ཀྱང་ལྷ་སྟོང་སྙེད་ལ་གསོལ་བ་འདེབས་པ་ལ་ཞུགས་ཏེ། སྨྲས་པ། གུ་ལང་ཆུ་ལྷ་ཀུ་བེ་ར་དང་རླུང་ལྷ་མེ་ལྷ་དབང་ཆེན་དང་། །དྲང་སྲོང་སྣ་ཚོགས་ལྷ་དང་ས་ལ་གནས་པའི་ཀླུ་མང་དེ་དག་ལ། །བདག་ཅག་དད་པ་ལགས་ཀྱིས་བདག་ཅག་འདི་ན་འཆི་བའི་གནོད་གྱུར་ལགས། །མྱུར་དུ་སྡུག་བསྔལ་འདི་དག་བསལ་ཏེ་འགྲོན་པོ་རྣམས་ནི་བསྐྱབ་པར་གསོལ། །དེ་ནས་དེ་དག་གིས་དེ་ལྟར་སྨྲེ་སྔགས་བཏོན་ཀྱང་སྐྱབས་བྱེད་པ་སུ་ཡང་མེད་དོ། །དེ་ནས་རེ་ཞིག་ན་དགེ་བསྙེན་ཞིག་གྲུ་དེའི་ནང་ན་འདུག་པ་དེས་སྨྲས་


DKG075_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཀྱེ་སྟོན་པ་དྲུག་དང་ལྷ་གཞན་དག་གིས་ཀྱང་ཁྱེད་ལ་ཅི་བྱར་ཡང་མེད་ཀྱིས། མངོན་སུམ་དུ་ཡོད་པའི་ལྷ་སངས་རྒྱས་བཅོམ་ལྡན་འདས་ལ་སྙིང་ནས་སྐྱབས་སུ་སོང་ཤིག་དང་། དེ་ཁྱེད་ཀྱི་སྐྱབས་སུ་འགྱུར་རོ་ཞེས་བྱས་སོ། །དེ་ནས་དེད་དཔོན་རྒྱ་མཚོ་ལ་སོགས་པ་ཚོང་པ་ལྔ་བརྒྱ་པོ་རྣམས་ཀྱིས་སྐད་བསྙམས་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་སོང་ངོ་། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་། ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ།


DKG075_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་། ཐར་པ་དང་། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པས་ཉི་མ་སྟོང་བས་ལྷག་པའི་འོད་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཀྱེ་ནས་དེ་དག་གིས་ཚོང་པ་དེ་དག་ཀུན་ནས་སྣང་བར་བྱས་སོ། །བསྐལ་པ་སྟོང་དུ་ཡོངས་སུ་བསྒོམས་པའི་བྱམས་པའི་འོད་ཟེར་དག་ཀྱང་བཀྱེ་སྟེ། དེ་དག་གིས་སིམ་པར་བྱས་ནས་སྲིན་པོ་ནག་པོའི་རླུང་ཡང་བཟློག་གོ །དེ་ནས་རེ་ཞིག་ན་དེད་དཔོན་རྒྱ་མཚོ་གྲུའི་དོན་གྲུབ་ནས་ཉེ་ཞོ་མེད་པར་རྒྱ་མཚོ་ཆེན་པོའི་ནང་ནས་ཕྱིར་འཁོར་ཏེ། འཆི་བས་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་སྦྱིན་པ་དང་། རབ་ཏུ་སྦྱིན་པ་དག་བྱིན་ནས་ཉེ་དུའི་སྐྱེ་བོ་རྣམས་དབུགས་ཕྱུང་སྟེ། དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། སྡུག་ཅིང་ཕོངས་པ་རྣམས་ཚིམ་པར་བྱས་ནས། ཚོང་པ་ལྔ་བརྒྱའི་འཁོར་རིལ་གྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་


DKG075_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ལ་སོགས་པ་ཚོང་པ་ལྔ་བརྒྱ་པོ་འདི་དག་སྲོག་ཕངས་པ་སྩལ་ཏེ་ཕོངས་པ་ལས་ཡོངས་སུ་བསྐྱབས་པ་དང་། གཞའ་གསང་གི་མཐར་ཐུག་པ། མྱ་ངན་ལས་འདས་པ་ལ་བཀོད་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་ང་འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བྲལ་བ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བ་ཐམས་ཅད་མཁྱེན་པ་རྣམ་པ་ཐམས་ཅད་མཁྱེན་པ། ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ལ་དབང་ཐོབ་ཟིན་པའི་ཚེ་ངས་རྒྱ་མཚོ་ལ་སོགས་པ་ཚོང་པ་ལྔ་བརྒྱ་པོ་འདི་དག་སྲོག་ཕངས་པ་བྱིན་ཏེ་ཕོངས་པ་ལས་ཡོངས་སུ་བསྐྱབས་པ་དང་། གཞའ་གསང་གི་མཐར་ཐུག་པ། མྱ་ངན་ལས་འདས་པ་ལ་བཀོད་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་ང་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བའི་ཚེ་ཡང་ཚོང་པ་འདི་དག་ཉིད་ངས་ཡོངས་སུ་བསྐྱབས་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རྒྱ་མཚོའི་འགྲམ་ཞིག་ན་དྲང་


DKG075_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། དཀའ་ཐུབ་དྲག་པོ་སྤྱོད་པ། ཟས་སུ་རྩ་བ་དང་འབྲས་བུ་ཟ་ལ་གོས་སུ་རི་དགས་ཀྱི་གཡང་གཞི་དང་ཤིང་ཤུན་གྱོན་པ། མེའི་སྦྱིན་སྲེག་བྱེད་པ་ཞིག་གནས་སོ། །དེ་ཡང་སྙིང་རྗེ་ཅན། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། ཕོངས་པར་གྱུར་པ་རྣམས་ལ་ཡོངས་སུ་སྐྱོབ་པ་ཞིག་གོ །དེ་ནས་རེ་ཞིག་ན་བཱ་རཱ་ཎ་སཱིའི་ཚོང་པ་ལྔ་བརྒྱ་རྒྱ་མཚོ་ཆེན་པོའི་ནང་དུ་འགྲོ་འདོད་པར་གྱུར་ཏེ། དེ་དག་མཐར་གྱིས་སོང་སོང་ནས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང་། དེ་དག་གིས་དྲང་སྲོང་དེ་མཐོང་ནས་དད་པ་སྐྱེས་ཏེ་རྐང་པ་ལ་ཕྱག་འཚལ་ནས་གསོལ་བ་བཏབ་པ། བཅོམ་ལྡན་འདས་གལ་ཏེ་བདག་ཅག་རྒྱ་མཚོའི་ནང་དུ་མཆིས་པ་ལས་ཕོངས་པ་འགའ་ཞིག་བྱུང་བར་གྱུར་ན། བཅོམ་ལྡན་འདས་ཁྱོད་ཀྱིས་བདག་ཅག་ཡོངས་སུ་བསྐྱབ་པར་གསོལ་ཞེས་བྱས་ནས་དེས་ཀྱང་གནང་སྟེ་དེ་ལྟར་བྱའོ་ཞེས་བྱས་སོ། །དེ་ནས་ཚོང་པ་དེ་དག་གིས་རིན་པོ་ཆེ་དག་བླངས་ནས་འཛམ་བུའི་གླིང་ལོགས་སུ་ཆས་སོ། །དེ་ནས་རེ་ཞིག་ན་སྲིན་པོ་ནག་པོའི་རླུང་གིས་ཀུན་ཏུ་བསྐོར་བ་ལས་དྲང་སྲོང་དེས་ཡོངས་སུ་བསྐྱབས་སོ། །དེ་ནས་གྲུའི་དོན་གྲུབ་སྟེ་ཉེ་ཞོ་མེད་པར་ཕྱིར་འཁོར་ནས་དྲང་སྲོང་གི་ཐད་དུ་ཕྱིན་ཏེ་སྨྲས་པ། ཀྱེ་དྲང་སྲོང་ཆེན་པོ་དཀའ་བས་འབད་པ་དང་། སྙིང་རྗེའི་རང་བཞིན་འདིས་ཅི་ཞིག་སྒྲུབ་ཅིང་བཞུགས། དེས་སྨྲས་པ། འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་འགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་དག་གིས་སྨྲས་པ། ནམ་ཁྱོད་སངས་རྒྱས་སུ་གྱུར་པ་དེའི་ཚེ་བདག་ཅག་ལ་ཡང་དགོངས་པར་གསོལ། དྲང་སྲོང་གིས་སྨྲས་པ་དེ་ལྟར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །ཚོང་པ་དེ་དག་ནི་རྒྱ་མཚོ་ལ་སོགས་པ་འདི་དག་ཡིན་ཏེ་དེའི་ཚེ་ཡང་ངས་འདི་དག་ཡོངས་སུ་བསྐྱབས་སོ། །གཞན་ཡང་བཅོམ་ལྡན་འདས་འོད་སྲུང་གི་རིང་


DKG075_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རབ་ཏུ་བྱུང་སྟེ། དེར་དེ་དག་གིས་དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ན་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སྣ་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་


DKG075_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བུ་བཙས་སོ་ཅོག་ཤིའོ། །དེའི་ཚེ་གནས་བརྟན་མ་འགགས་པ་ནི་ཁྱིམ་དེར་འདྲུལ་ལོ། །དེ་ནས་ཁྱིམ་བདག་དེའི་བློ་སྐྱེས་པ། གནས་བརྟན་མ་འགགས་པ་འདི་ནི་བསོད་ནམས་ཀྱི་རྣམ་པར་སྨིན་པས་ཆེ་བར་གྲགས་པ་ཡིན་གྱིས། གལ་ཏེ་བདག་གི་བུ་བཙས་པར་གྱུར་ན་འདིའི་སློབ་མར་དབུལ་ལོ་ཞེས་འདི་ལ་ཇེ་གསོལ་བ་གདབ་བོ་སྙམ་མོ། །དེ་ནས་ཁྱིམ་བདག་དེས་གནས་བརྟན་མ་འགགས་པ་ཁྱིམ་གྱི་ནང་དུ་སྤྱན་དྲངས་ཏེ་བཤོས་གསོལ་ནས་གསོལ་བ་བཏབ་པ། གནས་བརྟན་གལ་ཏེ་བདག་གི་བུ་བཙས་ཏེ་མ་གུམ་ན་གནས་བརྟན་གྱི་སློབ་མར་དབུལ་ལོ་ཞེས་བྱས་སོ། །གནས་བརྟན་མ་འགགས་པས་སྨྲས་པ། དེ་ལྟར་དམ་བཅས་པ་མ་བརྗེད་པར་གྱིས་ཤིག །དེ་ནས་ཕྱིས་རེ་ཞིག་ན་ཡང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཆུང་མ་ལ་བུ་ཆགས་ནས་དེའི་ལུས་ལས་དྲི་བསུང་ཞིམ་པོ་བྱུང་བར་གྱུར་ཏོ། །དེ་ནས་རེ་ཞིག་ན་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ལྷའི་སྣ་མའི་མེ་ཏོག་གི་རལ་ཆུང་གྱོན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་སྣ་མ་ཞེས་མིང་བཏགས་སོ། །དེ་ནས་གནས་བརྟན་མ་འགགས་པ་ཁྱིམ་གྱི་ནང་དུ་བཤོས་ལ་སྤྱན་དྲངས་ནས་ཁྱེའུ་དེ་དེ་ལ་ཕུལ་ལོ། །དེ་ནས་གནས་བརྟན་མ་འགགས་པས་དེ་ལ་ཆོས་གོས་ཚོན་ཅན་དག་བྱིན་ཏེ་ཚེ་རིང་བར་གྱུར་ཅིག་ཅེས་ལེགས་སུ་སྨོན་པ་ཡང་བྱས་སོ། །དེ་ནས་གང་གི་ཚེ་བཙས་ནས་ལོ་བདུན་ལོན་པ་དེའི་ཚེ་ཕ་མ་གཉིས་ཀྱིས་གནས་བརྟན་མ་འགགས་པ་ལ་ཕུལ་ལོ། །གནས་བརྟན་མ་འགགས་པས་ཀྱང་རབ་ཏུ་བྱུང་ནས་ཡིད་ལ་བྱེད་པའི་ལུང་ཕོག་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་


DKG075_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ཡང་དབང་པོ་རྣོན་པོ་ཞིག་སྟེ། གང་གི་ཚེ་ཕྱག་དར་ཁྲོད་ཀྱི་གོས་འདྲུབ་པ་དེའི་ཚེ་ཁབ་ལན་རེ་འཛུགས་པ་ལ་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་ཅིང་ལྡང་བར་བྱེད་དོ། །དེ་ནས་ཕྱིས་རེ་ཞིག་ན་གནས་བརྟན་མ་འགགས་པས་བསྒོ་བ། བུ་ཅིག་སོང་ལ་ཆུ་ཀླུང་ཁང་ལྡན་ནས་ཆུ་ལོང་ཤིག་ཅེས་བྱས་སོ། །དེ་ནས་དགེ་ཚུལ་པ་སྣ་མས་བུམ་པ་ཁྱེར་ཏེ་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་སོང་ངོ་། །དེ་ནས་ཁྲུས་བྱས་ཏེ་བུམ་པ་ཆུས་བཀང་ནས་ནམ་མཁའ་ལ་སོང་སྟེ་ཆེད་འགའ་ནི་བུམ་པ་སྔོན་དུ་བཏང་ལ་དགེ་ཚུལ་པ་སྣ་མ་ཕྱི་བཞིན་འོང་ངོ་། །ཆེད་འགའ་ནི་དགེ་ཚུལ་པ་སྣ་མ་སྔོན་དུ་འགྲོ་ལ་བུམ་པ་ཕྱི་བཞིན་འོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་འཁོར་བཞི་པོ་རྣམས་ལ་ཆོས་སྟོན་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་དགེ་ཚུལ་པ་དྲན་པ་དང་ལྡན་པ། དབང་པོ་ཤིན་ཏུ་མཉམ་པར་བཞག་པ། བུམ་པ་ཆུས་བཀང་སྟེ་འོང་བ་འདི་མཐོང་ངམ། འདོད་ཆགས་ཞེ་སྡང་རབ་སྤངས་ཤིང་། །མ་རིག་པ་དང་བྲལ་ནས་ནི། །ལུས་ཀྱི་ཐ་མ་འཛིན་བྱེད་པ། །དེ་ནི་ཆུ་ཆུན་རབ་ཏུ་མཛེས། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་གྱི་མདུན་དུ་དགེ་ཚུལ་པ་སྣ་མ་བསྟོད་ཅིང་བསྔགས་པ་དེའི་ཚེ་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྣ་མ་འདིས་ལས་གང་དག་བགྱིས་ན་དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། ལྷའི་སྣ་མའི་མེ་ཏོག་གི་རལ་ཆུད་འཚལ་བཞིན་དུ་སྐྱེས་ལ། དབང་པོ་རྣོ་བ་དང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་


DKG075_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྣ་མ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན་སྣ་མ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ཡོད་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་དེད་དཔོན་ཞིག་གནས་པ་དེ་གཞོན་ནུའི་ཚེ་ནས་རབ་ཏུ་འབྱུང་བའི་སེམས་སྐྱེས་པ་ལས་དེ་རབ་ཏུ་འབྱུང་མ་ནུས་ནས། གང་གི་ཚེ་རྒས་པར་གྱུར་པ་དེའི་ཚེ་དེ་འགྱོད་པ་སྐྱེས་ཏེ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་མ་བྱུང་བ་ནི་བདག་གིས་མ་ལེགས་པ་བྱས་སོ་སྙམ་མོ། །དེ་ནས་དེས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་སྣ་མའི་མེ་ཏོག་བཏགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡང་བཤོས་གསོལ་ཏེ་ཞབས་ལ་ཕྱག་འཚལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན། བདག་མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་


DKG075_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །གང་གི་བསྟན་པ་ལ་རབ་ཏུ་བྱུང་བ་དེར་གཞོན་ནུའི་ཚེ་ནས་འཕགས་པའི་ཆོས་རྣམས་རྟོགས་པར་གྱུར་ཅིག་ཅེས་བྱས་སོ། །གཞན་ཡང་བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་དེར་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ན་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ལག་ན་གསེར་ཐོགས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་


DKG075_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེ་ལ་བུ་ཡང་མེད། བུ་མོ་ཡང་མེད་པས་དེ་ལག་པ་ལ་རྐོམ་ཚུགས་བཅས་ཏེ་བདག་གི་ཁྱིམ་ནོར་དུ་མ་དང་ལྡན་དུ་ཟིན་ཀྱང་བདག་ལ་བུ་ཡང་མེད། བུ་མོ་ཡང་མེད་པས་བདག་འདས་པའི་འོག་ཏུ་ནི་བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་རོ་སྙམ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ །དེ་ནས་དགེ་སྦྱོང་དང་། བྲམ་ཟེ་དང་། ལྟས་མཁན་དང་། མཛའ་བོ་དང་། གཉེན་དང་། རྩ་ལག་གཞན་དག་གིས་ལྷ་ལ་གསོལ་བ་ཐོབ་ཅིག་ཅེས་དེ་ལ་བསྒོའོ། །འཇིག་རྟེན་ན་ཡང་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་གཏམ་དེ་ཡོད་མོད་ཀྱི་དེ་ཡང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་འོངས་པ་སྟེ་གནས་འདི་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་བའི་རིགས་སོ། །དེ་ཡང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ། སེམས་ཅན་ཞིག་ཀྱང་སེམས་ཅན་གྱི་རིས་གཞན་ཞིག་ནས་ཤི་འཕོས་ནས་དེའི་ཆུང་མའི་ལྟོར་ཞུགས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི་ཐུན་མོང་མ་ཡིན་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པ་ཡང་ཤེས་ལ་མ་ཆགས་པ་ཡང་ཤེས་པ་དང་། དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ་དང་། བུ་ཆགས་པ་ཡང་ཤེས་པ་དང་། གང་ལས་བུ་ཆགས་པ་ཤེས་པ་དང་། ཁྱེའུ་ཡང་ཤེས་ལ་བུ་མོ་ཡང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ནི་ལྟོ་གཡས་ལོགས་སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི་ལྟོ་གཡོན་ལོགས་སུ་རྟེན་


DKG075_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གནས་སོ། །དེ་ནས་དེ་དགའ་ཆེས་ནས་ཁྱིམ་ཐབ་ལ་སྦྲན་པ། ཇོ་བོ་བདག་ལ་སྲས་ཆགས་ཏེ། བདག་གི་རུམ་གཡས་ལོགས་ན་རྟེན་ཅིང་གནས་པ་ལས་ན་ཁྱེའུར་འགྱུར་བར་ངེས་ཀྱིས་དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་སོ། །དེ་ཡང་དགའ་ཆེས་ཏེ་རོ་སྟོད་ནི་བཏེག །ལག་པ་གཡས་པ་ནི་བརྐྱང་ནས་བདག་གིས་ཡུན་རིན་པོ་ནས་སྨོན་སྨོན་པའི་བུའི་ངོ་མཐོང་བར་འོང་ངོ་། །བདག་གི་བུ་རུང་བར་ཤོག་ཤིག །མི་རུང་བར་མ་གྱུར་ཅིག །བདག་གི་བྱ་བ་དག་བྱེད་པར་ཤོག་ཤིག །གསོས་པའི་ལན་ཕྱིར་གསོ་བར་ཤོག་ཤིག། ནོར་སྐལ་ལ་སྤྱོད་པར་ཤོག་ཤིག། བདག་གི་རིགས་རྒྱུད་རིང་དུ་གནས་པར་ཤོག་ཤིག། བདག་ཅག་འདས་ཏེ་ཤི་བའི་འོག་ཏུ་ཡང་བདག་ཅག་གི་ཕྱིར་མང་ཡང་རུང་ཉུང་ཡང་རུང་སྟེ། སྦྱིན་པ་དག་བྱིན་ལ་བསོད་ནམས་དག་བྱས་ནས་དེ་གཉིས་གང་དང་གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཤིག་ཅེས་ཡོན་བསྔོ་བར་ཤོག་ཤིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེ་ནས་དེས་བུ་ཆགས་པར་རིག་ནས་བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟངས་ཀྱི་སྟེང་དུ་ཉམ་རངས་སུ་བཞག་སྟེ། གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང་། ཚ་བའི་ཚེ་ཚ་བའི་ཡོ་བྱད་རྣམས་དང་། སྨན་པས་བསྟན་པའི་ཟས་རྣམས་དང་། ཧ་ཅང་ཁ་བ་མ་ཡིན་པ་རྣམས་དང་། ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང་། ཧ་ཅང་ལན་ཚྭ་ཆེ་བ་མ་ཡིན་པ་རྣམས་དང་། ཧ་ཅང་མངར་བ་མ་ཡིན་པ་རྣམས་དང་། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང་། ཧ་ཅང་བསྐ་བ་མ་ཡིན་པ་རྣམས་ཏེ། ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། མངར་བ་དང་། ཚ་བ་དང་། བསྐ་བ་མེད་པའི་ཟས་རྣམས་ཀྱིས་བསྟེན་ཅིང་དོ་ཤལ་དང་། སེ་མོ་དོས་ལུས་རྣམ་པར་བཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ་ཁྲིའི་སྟེང་ནས་ཁྲིའི་སྟེང་དང་། ཁྲིའུའི་སྟེང་ནས་ཁྲིའུའི་སྟེང་དུ་རྒྱུ་ཞིང་འོག་གི་ས་གཞི་ལ་མི་འབབ་པ་དང་། དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅི་ཡང་མི་ཐོས་པར་བྱས་སོ། །དེ་ནས་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་


DKG075_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཛེས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ནས་དེའི་ལག་པ་གཉིས་ལ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་གསེར་གྱི་དོང་ཙེ་མཚན་མས་བཏབ་པ་གཉིས་བྱུང་སྟེ། གང་གི་ཚེ་དེ་བྱུང་བ་དེའི་ཚེ་ཡང་གཞན་འབྱུང་བར་འགྱུར་རོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་འདི་བཙས་མ་ཐག་ཏུ་ལག་པ་གཉིས་ལ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་གསེར་གྱི་དོང་ཙེ་གཉིས་བྱུང་བས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་ལག་ན་གསེར་ཐོགས་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་ལག་ན་གསེར་ཐོགས་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ། བདག་དང་གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན་ཞིག་སྟེ། གང་གི་ཚེ་སྲང་དུ་འགྲོ་བ་དེའི་ཚེ་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། སྡུག་ཅིང་ཕོངས་པ་རྣམས་མཐོང་ན་ལག་པ་གཉིས་བརྐྱང་ནས་དེ་ལ་གསེར་དངུལ་གྱི་དོང་ཙེ་མཚན་མས་བཏབ་པའི་ཕུང་པོ་དེ་དག་ལ་ཇི་ཙམ་དགོས་པ་འབྱུང་བར་འགྱུར་རོ། །དེ་ནས་དེའི་གྲགས་པས་མཉན་དུ་ཡོད་པ་ཐམས་ཅད་རྒྱས་པར་གྱུར་ཏོ། །དེ་ནས་ཕྱིས་རེ་ཞིག་ན་ཁྱེའུ་ལག་ན་གསེར་ཐོགས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་


DKG075_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དགའ་བ་བསྐྱེད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་ནས་དེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་པ། སློབ་དཔོན་བདག་ནི་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་བར་འཚལ་ལོ། །གནས་བརྟན་ཀུན་དགའ་བོས་སྨྲས་པ། བུ་ཀཱར་ཥཱ་པ་ཎ་དགོས་སོ། །དེ་ནས་ཁྱེའུ་ལག་ན་གསེར་ཐོགས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་སྤྱན་སྔར་འགྲེང་སྟེ་ལག་པ་གཉིས་བརྐྱང་ནས་གསེར་དངུལ་གྱི་ཕུང་པོ་ཆེན་པོ་སྤུངས་སོ། །དེ་ནས་དགེ་འདུན་གྱི་གནས་བརྟན་དང་། དགེ་སློང་གཞན་དག་དང་། གནས་བརྟན་ཀུན་དགའ་བོས་དེ་མཐོང་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་ཁྱེའུ་ལག་ན་གསེར་ཐོགས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཤོས་གསོལ་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱེའུ་ལག་ན་གསེར་ཐོགས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བདེན་པ་མཐོང་ནས་དེས་ཉེ་དུ་རྣམས་ལ་ལོངས་སྤྱོད་ཀྱི་བགོ་བཤའ་བྱས་ཏེ། དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། སྡུག་ཅིང་ཕོངས་པ་རྣམས་ཚིམ་པར་བྱས་ནས་ཕ་མ་ལ་གསོལ་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་


DKG075_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ལག་ན་གསེར་ཐོགས་ཀྱིས་ལས་གང་དག་བགྱིས་ན་དེས་འདིའི་སུག་པ་གཉིས་ལས་གསེར་གྱི་དོང་ཙེ་མཚན་མས་བཏབ་པ་གཉིས་བྱུང་ལ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལག་ན་གསེར་ཐོགས་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ལག་ན་གསེར་ཐོགས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་


DKG075_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ནས། རྒྱལ་པོ་ཀྲཱི་ཀཱིས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ཏེ་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་སོ། །མཆོད་རྟེན་དེའི་དུས་སྟོན་བྱེད་པ་ན་རྒྱན་པོ་པ་ཞིག་གིས་གསེར་གྱི་དོང་ཙེ་གཉིས་མཆོད་རྟེན་དེའི་སྲོག་ཤིང་ལ་བཏགས་སོ། །དེ་ནས་ཞབས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། བདག་གང་དང་གང་དུ་སྐྱེས་པ་དེ་དང་དེར་ལག་པ་ལ་གསེར་ཡོད་པ་ཁོ་ནར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱན་པོ་པར་གྱུར་པ་དེ་ནི་ལག་ན་གསེར་ཐོགས་འདི་ཡིན་ཏེ། དེས་མཆོད་རྟེན་ལ་གསེར་གྱི་དོང་ཙེ་གཉིས་བཏགས་པ་དེས་ན་འདི་ལྟ་བུའི་ཁྱད་པར་ཅན་དུ་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ།


DKG075_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅུ་དགུ་པ། སྡེ་སྣོད་གསུམ་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེ་ནས་རེ་ཞིག་ན་དེ་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གོས་སུ་ཆོས་གོས་ཚོན་ཅན་


DKG075_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གྱོན་ལ་དགེ་སྦྱོང་གི་ཆ་ལུགས་ཅན་ཚེ་རབས་དྲན་པ་ཞིག་བཙས་སོ། །དེ་ནས་སྐྱེས་མ་ཐག་ཏུ་དྲིས་པ། ཅི་མཉན་དུ་ཡོད་པ་འདི་ཁོ་ན་ན་བཅོམ་ལྡན་འདས་དང་། ཤཱ་རིའི་བུ་དང་། མཽང་གལ་གྱི་བུ་དང་། འོད་སྲུང་དང་། ཀུན་དགའ་བོ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་བཞུགས་སམ་ཞེས་ཟེར་རོ། །དེ་ནས་དེའི་མ་ཡ་མཚན་དུ་གྱུར་ཏེ་དགའ་བས་རྒྱས་ནས་སྨྲས་པ། བུ་མཉན་དུ་ཡོད་པ་འདི་ཁོ་ན་ན་བཅོམ་ལྡན་འདས་དང་ཉན་ཐོས་ཆེན་པོ་རྣམས་བཞུགས་སོ་ཞེས་བྱས་སོ། །དེ་ནས་རེ་ཞིག་ན་དོན་དེ་རྒྱལ་པོ་གསལ་རྒྱལ་ལ་གསོལ་ཏེ་ཁྱོད་ཀྱི་སྲས་གོས་སུ་ཆོས་གོས་ཚོན་ཅན་འཚལ་བ་དགེ་སྦྱོང་གི་ཆ་ལུགས་ཅན་ཚེ་རབས་དྲན་པ་ཞིག་བཙས་ཏེ། དེ་བཅོམ་ལྡན་འདས་དང་ཉན་ཐོས་ཆེན་པོ་རྣམས་ག་ལ་བཞུགས་པ་ཡང་རྨེད་དོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བུ་དེ་ལ་ཕན་གདགས་པའི་ཕྱིར་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་ལ་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། རྒྱལ་པོ་གསལ་རྒྱལ་གྱི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བུ་པང་པར་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྲིམས་ནས། བཅོམ་ལྡན་འདས་བདག་གི་བུ་འདི་བཙས་མ་ཐག་ཏུ་བཅོམ་ལྡན་འདས་དང་ཉན་ཐོས་ཆེན་པོ་རྣམས་དྲན་ལགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུ་དེ་ལ་སྡེ་སྣོད་གསུམ་པ་ཁྱོད་ནད་མེད་པར་གྱུར་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་གང་གི་ཚེ་བཙས་ནས་ལོ་བདུན་ལོན་པ་དེའི་ཚེ་ཆོས་གོས་ཚོན་ཅན་དེ་དག་ཉིད་གྱོན་བཞིན་དུ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་


DKG075_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྡེ་སྣོད་གསུམ་པས་ལས་གང་དག་བགྱིས་ན་དེས་ཆོས་གོས་ཚོན་ཅན་འཚལ་བ་དགེ་སྦྱོང་གི་ཆ་ལུགས་ཅན་ཚེ་རབས་དྲན་བཞིན་དུ་བཙས་ཏེ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྡེ་སྣོད་གསུམ་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། སྡེ་སྣོད་གསུམ་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་


DKG075_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་ཀྲཱི་ཀཱིའི་བུ་དྲང་སྲོང་སྨྲ་བར་སོང་ངོ་། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས་མཐོང་མ་ཐག་ཏུ་དེ་དད་པ་སྐྱེས་སོ། །དད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཁོར་བ་ལས་སྐྱོ་བར་འགྱུར་བའི་ཆོས་དེ་ལྟ་བུ་བསྟན་ཏེ། དེ་ཐོས་ནས་འཁོར་བ་ལ་ཉེས་པར་ལྟ་བ་དང་། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ལ་གསོལ་ཏེ། ཡབ་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་འཚལ་ན་གནང་བར་མཛད་དུ་གསོལ་ཞེས་བྱས་སོ། །རྒྱལ་པོས་སྨྲས་པ། ཁྱོད་རིང་པོ་མི་ཐོགས་པར་རྒྱལ་ཚབ་ཏུ་དབང་བསྐུར་དགོས་པས་འདི་ནི་ངས་བཅོས་སུ་མེད་དོ། །བུས་སྨྲས་པ། རྒྱལ་སྲིད་ཉེས་པ་མང་པོ་དང་ལྡན་པ་ཆོས་ཀྱི་དགྲར་གྱུར་པ་བདག་ལ་མི་འཚལ་གྱིས། བདག་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་མི་འབྱུང་དུ་མི་གནང་ངོ་། །དེ་ནས་ཡབ་ཀྱིས་མ་གནང་


DKG075_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེས་ཞག་གཅིག་དང་གཉིས་དང་། གསུམ་ནས་ཞག་དྲུག་གི་བར་དུ་ཁ་འཚོས་སོ། །དེ་ནས་དེའི་ཟླ་གྲོགས་རྣམས་ཀྱིས་རྒྱལ་པོ་ལ་གསོལ་ཏེ། ལྷ་མཁྱེན་པར་མཛད་དུ་གསོལ། སྲས་འདི་ནི་རབ་ཏུ་བྱུང་ན་ལེགས་ཀྱི་དེའུ་རེ་འདིར་འགུམ་ན་མ་ལེགས་སོ། །དེ་ནས་རྒྱལ་པོས་གནང་ནས་དམ་འཆར་བཅུག་སྟེ། ནམ་ཁྱོད་སྡེ་སྣོད་གསུམ་མ་ལོབས་ཀྱི་བར་དུ་ང་དང་ཕྲད་དུ་མ་འོང་ཅིག་ཅེས་བསྒོའོ། །དེ་ནས་རེ་ཞིག་ན་དེ་ཡབ་ཀྱིས་གནང་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་རིང་པོ་མ་ལོན་པར་སྡེ་སྣོད་གསུམ་ལོབས་ཏེ། རིག་པ་དང་གྲོལ་བར་སྨྲ་བར་ཆོས་སྟོན་པར་གྱུར་ནས། དེ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་གིས་སྔོན་དམ་བཅས་པ་གཉེར་དགུམ་གོར་མ་ཆག་སྙམ་ནས་དེ་ཡབ་ཀྱི་ཐད་དུ་སོང་སྟེ་ཕྲད་ནས་དྲིས་པ། བུ་ཅུང་ཟད་ལོབས་པ་ལྟ་ཡོད་དམ། དེས་སྨྲས་པ། སྡེ་སྣོད་གསུམ་ལོབས་ལགས་སོ། །དེ་ནས་དེས་ཡབ་ལ་ཆོས་དེ་ལྟ་བུ་བསྟན་ཏེ་དེ་ཐོས་ནས་རྒྱལ་པོ་མགུ་བར་གྱུར་ཏོ། །དེ་ནས་དགའ་བ་སྐྱེས་ཏེ་སྨྲས་པ། བུ་གཅིག་ཁྱོད་ལ་ཅི་དགོས། དེས་སྨྲས་པ། བདག་ནི་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སྤྱན་དྲངས་ལ་ཡོ་བྱད་དྲུག་དབུལ་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། རྒྱལ་པོའི་ཕོ་བྲང་ནི་རྒྱ་ཆེས་ཅི་དགའ་བ་གྱིས་ཤིག །དེ་ནས་སྡེ་སྣོད་གསུམ་པས་བཅོམ་ལྡན་འདས་ཞབས་འབྲིང་འཁོར་དགེ་སློང་ཉི་ཁྲི་དང་བཅས་ཏེ་ཞལ་ཟས་བཟང་པོས་ཚིམ་པར་བྱས་ནས་དགེ་སློང་རེ་རེ་ལ་ཡང་ཡོ་བྱད་དྲུག་དྲུག་ཕུལ་ལོ། །དེ་ནས་ཞབས་ལ་ཕྱག་འཚལ་ནས་སྨོན་ལམ་བཏབ་པ། བདག་ད་ལྟར་དཀའ་བས་རབ་ཏུ་བྱུང་བ་ཐོབ་ནས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཀུར་སྟི་བྱས་པའི་དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་གང་དང་གང་དུ་སྐྱེས་པ་དེ་དང་དེར་གོས་སུ་ཆོས་གོས་ཚོན་ཅན་གྱོན་ལ་དགེ་སྦྱོང་གི་ཆ་ལུགས་འདི་དང་ལྡན་ཏེ་ཚེ་རབས་དྲན་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་


DKG075_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཀྲཱི་ཀཱིའི་བུར་གྱུར་པ་གང་ཡིན་པ་དེ་ནི་སྡེ་སྣོད་གསུམ་པ་འདི་ཡིན་ཏེ། རྒྱུ་དེ་ཉིད་ཀྱིས་ཕྱུག་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་ཚེ་རབས་དྲན་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གྲགས་བཤེས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་


DKG075_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་དེད་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེའི་ཚེ་མུ་གེ་མི་བཟད་པས་གནོད་པ་བྱུང་སྟེ་སློང་བས་ཀྱང་ཟས་མི་རྙེད་དོ། །ལྟས་མཁན་རྣམས་ཀྱིས་ཀྱང་ཆར་མི་འབབ་པར་བསྟན་པ་ལས་རེ་ཞིག་ན་དེད་དཔོན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ནས་གང་གི་ཉིན་པར་ཁྱེའུ་དེ་བཙས་པ་དེ་ཁོ་ནའི་ཉིན་པར་ནས་ཐན་པ་མེད་པར་གྱུར་ཏོ། །དེ་ནས་དེའི་གྲགས་པས་མཉན་དུ་ཡོད་པ་མཐའ་དག་ཏུ་རྒྱས་པར་གྱུར་ཏོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་འདིའི་གྲགས་པ་ཀུན་དུ་རྒྱས་པས་ན་དེའི་ཕྱིར་ཁྱེའུ་འདིའི་མིང་གྲགས་བཤེས་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་གྲགས་བཤེས་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཁྱེའུ་གྲགས་བཤེས་ཆེར་སྐྱེས་པ་དེའི་ཚེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དོན་ཞིག་ལ་སོང་ངོ་། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་


DKG075_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་དད་པ་སྐྱེས་སོ། །དད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འཁོར་བ་ལས་སྐྱོ་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་འཁོར་བ་ལ་ཉེས་པར་ལྟ་བ་དང་། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བར་གྱུར་ཏེ་ཕ་མ་ལ་གསོལ་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེའི་མཆེ་བ་གཉིས་ལས་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་སྟེ། དེས་ན་དེ་ལ་སྐོམ་པའི་གནོད་པ་མེད་དེ། གང་གི་ཚེ་ཚ་བའི་དུས་སུ་དགེ་སློང་སྐོམ་པ་རྣམས་གུང་སྐྱེམས་ལ་དགེ་འདུན་གྱི་ནང་དུ་འདུ་བ་དེའི་ཚེ་ཡང་དེ་མི་འོང་ངོ་། །དེ་ནས་དེ་དང་བཤེས་པའི་དགེ་སློང་རྣམས་ཀྱིས་དྲིས་པ། ཅིའི་ཕྱིར་ཁྱོད་ལ་སྐོམ་པའི་གནོད་པ་མེད་ཅེས་བྱས་སོ། །དེས་སྨྲས་པ། བདག་གི་མཆེ་བ་གཉིས་ལས་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་སྟེ། དེས་ན་བདག་ལ་སྐོམ་པའི་གནོད་


DKG075_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་དོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གྲགས་བཤེས་འདིས་ལས་གང་དག་བགྱིས་ན་དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། མཆེ་བ་གཉིས་ལས་ཆབ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་ལ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གྲགས་བཤེས་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། གྲགས་བཤེས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་ཚོང་དཔོན་གྱི་བུ་ཞིག་དགེ་སློང་རྒན་པོ་ཞིག་ལ་རབ་ཏུ་བྱུང་བ་ལས། དེ་ཡང་ལེ་ལོ་ཅན་ཞིག་སྟེ་གཞན་ལ་བསྙེན་བཀུར་བྱེད་མི་འདོད་དོ། །


DKG075_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གནས་བརྟན་དེ་ཉིད་ཀྱིས་བསྙེན་བཀུར་བྱེད་པར་བསྐོས་པ་དང་དེ་བདག་ནི་བསྙེན་བཀུར་བྱེད་པ་ཡིན་ནོ་སྙམ་དུ་རྒྱ་ཆེར་འཛིན་ཏེ། དགེ་སློང་ཆེས་རྒན་པ་རྣམས་ཀྱི་བསྙེན་བཀུར་ལེན་པར་བྱེད་པས་ན། དེའི་དགེ་བའི་རྩ་བ་རྣམས་ཟད་དེ་ཕྱིས་རེ་ཞིག་ན་ནད་ཀྱིས་བཏབ་པ་དང་། གནས་བརྟན་གྱིས་སྨན་པའི་ལུང་བཞིན་དུ་སྨན་མར་བླུད་ནས་དེ་མཚན་མོ་སྐོམ་སྟེ་ཅི་བྱ་གཏོལ་མེད་ནས་ཆུ་བཏུང་སྙམ་སྟེ་བདག་གི་ཆུ་སྣོད་ཀྱི་དྲུང་དུ་སོང་ན་ཆུ་མེད་པར་མཐོང་ངོ་། །དེ་བཞིན་དུ་མཁན་པོ་དང་། སློབ་དཔོན་དང་། དགེ་འདུན་གྱི་དྲུང་ཚང་དུ་སོང་ན་དེ་དག་ཀྱང་ཆུ་མེད་པར་མཐོང་ངོ་། །དེ་ནས་རེ་ཞིག་ན་ཆུ་ཀླུང་ཟློག་བྱེད་ཀྱི་འགྲམ་དུ་སོང་ན་དེ་ཡང་ཆུ་མེད་པར་གྱུར་ཏེ། དེ་མི་དགའ་བར་གྱུར་ནས་བདག་གི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་སྐྱོ་བ་སྐྱེད་པ་དང་། དད་པས་བྱིན་པ་ལྕི་བར་བསྟན་པའི་ཕྱིར་ཆུ་ཀླུང་ཟློག་བྱེད་ཀྱི་ཕ་རོལ་ན་ཤིང་ཞིག་ཡོད་པ་ལ་འཛེགས་ཏེ། རས་ཞིག་དེར་བཏགས་ནས་རང་གི་ལས་རྣམས་ལས་བསམས་ཏེ་ལས་ལ་རྟེན་ཅིང་འདུག་གོ །དེ་ནས་རེ་ཞིག་ན་ཕྱི་དེ་ཉིན་པར་ནམ་ནངས་པ་དང་གཏམ་དེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བསྙད་དོ། །དེ་ནས་དེའི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་སྐབས་དེ་ཐོས་ནས་མི་དགའ་བར་གྱུར་ཏེ་ཕན་ཚུན་དུ་བསྙད་དོ། །དེ་ནས་དེའི་མཁན་པོས་ཆུ་བྱིན་ན་དེ་ཡང་མ་མཐོང་ངོ་། །དེ་ནས་དེ་མི་དགའ་བར་གྱུར་ནས་བཅོམ་ལྡན་འདས་འོད་སྲུང་ལ་གསོལ་ཏེ། བཅོམ་ལྡན་འདས་འོད་སྲུང་གིས་གཎྜི་རྡུངས་ཤིག །ཅེས་བཀའ་སྩལ་ཏོ། །དེ་ནས་ཁང་སྐྱོང་གིས་གཎྜཱི་བརྡུངས་པ་དང་། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་འདུས་སོ། །གྲོང་ཁྱེར་བཱ་རཱ་ཎ་སཱི་ཐོག་ཐག་ཏུ་ཡང་གཏམ་དེ་གྲགས་ཏེ་སེམས་ཅན་འབུམ་ཕྲག་དུ་མ་འདུས་སོ། །དེ་ནས་རེ་ཞིག་ན་དེའི་མཁན་པོས་གྲལ་དཔོན་གྱི་མདུན་དུ་འདུག་ཏུ་བཅུག་ནས་རིལ་བ་སྤྱི་བླུགས་ཆུས་བཀང་སྟེ་བྱིན་ནས། བུ་ཆུ་འདི་དགེ་འདུན་ལ་བྲིམས་ཤིག་ཅེས་བྱས་སོ། །དེ་ནས་འབྲས་བུ་མངོན་


DKG075_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་མཐོང་བ་དེས་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་བཅོམ་ལྡན་འདས་དང་ཉན་ཐོས་རྣམས་ལ་དད་པ་བསྐྱེད་ནས་བསམ་པ་དྲག་པོས་ཆུ་དེ་དགེ་འདུན་ལ་བྲིམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཕན་གདགས་པའི་ཕྱིར་ཕྱག་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་ནས་འཇིགས་པ་ཐམས་ཅད་དབུགས་འབྱིན་པར་བྱེད་པའི་ཕྱག་གིས་ཆུ་དེ་བཞེས་ཏེ། ཉན་ཐོས་ཆེན་པོ་རྣམས་ཀྱིས་ཀྱང་བླངས་ན་འོན་ཀྱང་ཟད་པར་མ་གྱུར་ཏོ། །དགེ་འདུན་ཐམས་ཅད་ལ་བྲིམས་ན་ཡང་ཟད་པར་མ་གྱུར་ཏོ། །དེ་ནས་ལྷ་དང་མི་རྣམས་དད་པར་བྱེད་པའི་ཆོ་འཕྲུལ་ཡ་མཚན་ཅན་དེ་མཐོང་ནས་སྲོག་ཆགས་འབུམ་ཕྲག་དུ་མས་བདེན་པ་མཐོང་བར་གྱུར་ཏོ། །དེའི་རྒྱུད་ལ་ཡང་དགེ་བའི་རྩ་བ་རྣམས་སོར་ཆུད་པར་གྱུར་ཏོ། །གང་གི་ཚེ་ནད་སོས་པ་དེའི་ཚེ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆུས་མི་བྲེལ་བར་བྱས་ཏེ། ལོ་ཁྲི་ཉིས་སྟོང་གི་བར་དུ་དེས་དགེ་འདུན་ལ་ཆུ་བྲིམས་སོ། །དེ་ནས་ཕྱིས་རེ་ཞིག་ན་འཆི་བའི་དུས་ལ་བབ་པའི་ཚེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན། བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་གང་ཡིན་པ་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །བདག་གི་མཆེ་བའི་ཕྲག་ནས་ཀྱང་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི་གྲགས་བཤེས་འདི་ཡིན་ཏེ། དེས་ལོ་ཁྲི་ཉིས་སྟོང་གི་བར་དུ་དགེ་འདུན་ལ་ཆུ་བྲིམས་ཏེ་སྨོན་ལམ་བཏབ་པ་དེས་ན་ཚེ་འདི་ལ་མཆེ་བའི་ཕྲག་ནས་ཆུ་འབྱུང་ལ། རྒྱུ་དེ་ཉིད་ཀྱིས་ན་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་


DKG075_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རྫུས་ཏེ་སྐྱེས་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ན་ཤིང་གི་རྒྱལ་པོ་ཡོངས་འདུ་ས་བརྟོལ་གྱི་དྲུང་ནས་ཐག་མི་རིང་བ་ཞིག་ན་རྡོ་ལེབ་སྣམ་བུ་དཀར་པོ་ལྟ་བུའི་སྟེང་དུ་དབྱར་གནས་པར་དམ་བཞེས་ཏེ། སྐུ་སྐྲུན་པའི་ཡུམ་དང་སུམ་ཅུ་རྩ་གསུམ་པའི་ལྷ་གཞན་དག་ལ་ཡང་ཆོས་སྟོན་ཏོ། །དེའི་ཚེ་ཚེ་དང་ལྡན་པ་མཽང་གལ་གྱི་བུ་


DKG075_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ནི་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དབྱར་གནས་པར་དམ་བཅས་སོ། །དེ་ནས་འཁོར་བཞི་པོ་རྣམས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་བྱེད་དོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་ཅང་མི་ཟེར་བར་འདུག་གོ །དེ་ནས་འཁོར་བཞི་པོ་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽང་གལ་གྱི་བུ་ཆེན་པོ་ཁྱོད་ཀྱིས་ད་ལྟར་བཅོམ་ལྡན་འདས་གང་དུ་དབྱར་གནས་པར་དམ་བཞེས་པ་ཆུང་ཟད་གསན་ཏམ། ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་སྨྲས་པ། ཀྱེ་བདག་གིས་ནི་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ན་ཤིང་གི་རྒྱལ་པོ་ཡོངས་འདུ་ས་བརྟོལ་གྱི་དྲུང་ནས་ཐག་མི་རིང་བ་ཞིག་ན་རྡོ་ལེབ་སྣམ་བུ་དཀར་པོ་ལྟ་བུའི་སྟེང་དུ་དབྱར་གནས་པར་དམ་བཞེས་ཏེ། སྐུ་སྐྲུན་པའི་ཡུམ་དང་སུམ་ཅུ་རྩ་གསུམ་པའི་ལྷ་གཞན་དག་ལ་ཡང་ཆོས་སྟོན་ཅིང་བཞུགས་སོ་ཞེས་ཐོས་སོ། །དེ་ནས་འཁོར་བཞི་པོ་རྣམས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་སྨྲས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ཏེ་རྐང་པ་ལ་ཕྱག་འཚལ་ནས་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་འཁོར་བཞི་པོ་རྣམས་དབྱར་ཟླ་བ་གསུམ་འདས་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས། ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོའི་རྐང་


DKG075_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་འཁོར་བཞི་པོ་རྣམས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་བྱེད་དོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་བྱས་ནས་ཅང་མི་ཟེར་བར་འདུག་གོ །དེ་ནས་འཁོར་བཞི་པོ་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽང་གལ་གྱི་བུ་ཆེན་པོ་མཁྱེན་པར་མཛད་དུ་གསོལ། བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཞལ་མ་མཐོང་ནས་རིང་མོ་ཞིག་ལགས་ཏེ། བདག་ཅག་ནི་བཅོམ་ལྡན་འདས་མཐོང་བས་སྐོམ་ལགས་སོ། །བདག་ཅག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་ཏེ། གལ་ཏེ་བཙུན་པ་མཽང་གལ་གྱི་བུ་ཆེན་པོ་ལ་གནོད་པ་མ་མཆིས་ན་བཙུན་པ་མཽང་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་ཞབས་ལ་ཕྱག་བཞེས་ཏེ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། མི་བདེ་བ་མི་མངའ་འམ། བདེ་བ་ལ་རེག་པར་གནས་སམ་ཞེས་གསོལ་ལ་འདི་སྐད་ཅེས་ཀྱང་གསུངས་ཤིག །བཙུན་པ་འཛམ་བུའི་གླིང་པའི་འཁོར་བཞི་པོ་རྣམས་བཅོམ་ལྡན་འདས་མཐོང་བར་འཚལ་ཏེ། འདི་སྐད་དུ་བཙུན་པ་འཛམ་བུའི་གླིང་པའི་མི་རྣམས་ལ་ནི་གང་གིས་འཛམ་བུའི་གླིང་པའི་མི་རྣམས་བཅོམ་ལྡན་འདས་ལ་བལྟ་བ་དང་། ཐད་དུ་མཆི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དུ་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང་མཐུ་མ་མཆིས་ལ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ནི་གང་གིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་


DKG075_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་བལྟ་བ་དང་ཐད་དུ་མཆི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་འཛམ་བུའི་གླིང་དུ་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང་མཐུ་མཆིས་ན་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་གཤེགས་སུ་གསོལ་ཞེས་མཆིའོ་ཞེས་མོལ་དུ་གསོལ། དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་འཁོར་བཞི་པོ་རྣམས་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་འཁོར་བཞི་པོ་རྣམས་ཀྱིས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་ཅང་མི་སྨྲ་བར་ཁས་བླངས་པར་རིག་ནས། ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་འཁོར་བཞི་པོ་རྣམས་དོང་ནས་རིང་པོ་མ་ལོན་པར་རིག་ནས་ཇི་ལྟར་སེམས་མཉམ་པར་བཞག་ན་དཔེར་ན་མི་སྟོབས་པོ་ཆེའི་ལག་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པ་བཞིན་དུ་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། སུམ་ཅུ་རྩ་གསུམ་པའི་ལྷའི་ཡུལ་ན་ཤིང་གི་རྒྱལ་པོ་ཡོངས་འདུས་བརྟོལ་གྱི་དྲུང་ནས་ཐག་མི་རིང་བ་ཞིག་ན་རྡོ་ལེབ་སྣམ་བུ་དཀར་པོ་ལྟ་བུ་འདུག་པ་དེར་སོན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ནི་ལྷའི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལྷའི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་པ་མཐོང་ངོ་། །མཐོང་ནས་ཀྱང་འཛུམ་དམུལ་ཏེ་བཅོམ་ལྡན་འདས་ནི་ཇི་ལྟར་འཛམ་བུའི་གླིང་ན་འཁོར་བཞི་པོ་རྣམས་ཀྱིས་གང་བ་བཞིན་དུ་འདི་ན་ཡང་འཁོར་མང་པོ་དང་བཞུགས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོའི་སེམས་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽང་གལ་གྱི་བུ་འདི་དག་ལ་ནི་རང་དབང་མེད་དེ། གང་གི་ཚེ་ངས་དེང་


DKG075_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཅེས་བསམས་ན་ནི་དེའི་ཚེ་འདོང་བར་འགྱུར་རོ། །གང་གི་ཚེ་ངས་ཤོག་ཤིག་ཅེས་བསམས་ན་ནི་དེའི་ཚེ་འོང་བར་འགྱུར་ཏེ། སེམས་ཀྱིས་ངའི་བསམ་པ་ཤེས་ནས་འོང་བ་དང་འདོང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་ལྷའི་འཁོར་ཐམས་ཅད་ལ་བལྟས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཀྱེ་མ་ལྷའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་ལགས་སོ། །ལྷའི་འཁོར་གྱི་ནང་ན་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་མཆིས་སོ། །ཆོས་དང་དགེ་འདུན་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པ་དག་ཀྱང་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་སྨྲས་པ་ལ་འཐུན་པར་དགོངས་ཏེ་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽང་གལ་གྱི་བུ་ཆེན་པོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀྱེ་མ་ལྷའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་དོ། །ལྷའི་འཁོར་གྱི་ནང་ན་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་ཡོད་དོ། །ཆོས་དང་དགེ་འདུན་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་ཡོད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་སྨྲས་པ་ལ་འཐུན་པར་བསམས་ཏེ། ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽང་གལ་གྱི་བུ་ཆེན་པོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀྱེ་མ་ལྷའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་དོ། །ལྷའི་


DKG075_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ནང་ན་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་ཡོད་དོ། །ཆོས་དང་དགེ་འདུན་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པ་དེ་ལྟ་བུ་དག་ཀྱང་ཡོད་དོ། །དེ་ནས་ལྷའི་བུ་གཞན་ཞིག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་དང་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ་ལ་འཐུན་པར་བསམས་ཏེ། ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽང་གལ་གྱི་བུ་ཆེན་པོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀྱེ་མ་ལྷའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་དོ། །ལྷའི་འཁོར་གྱི་ནང་ན་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་ཡོད་དོ། །ཆོས་དང་དགེ་འདུན་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པ་དེ་ལྟ་བུ་དག་ཀྱང་ཡོད་དོ། །དེ་ནས་ལྷ་ཁ་ཅིག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ནི་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་ལགས་སོ། །ལྷ་གཞན་དག་གིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ནི་ཆོས་དང་དགེ་འདུན་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་ལགས་སོ། །དེ་ནས་དེར་ལྷ་བརྒྱ་ཕྲག་དུ་མ་དང་། ལྷ་སྟོང་ཕྲག་དུ་མ་དང་། ལྷ་འབུམ་ཕྲག་དུ་མ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོ་སོའི་རྒྱུན་དུ་ཞུགས་པའི་འབྲས་བུ་བརྡ་སྤྲོད་པ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་ལྷ་རྣམས་དོང་བར་རིག་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་


DKG075_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འཛམ་བུའི་གླིང་ན་འཁོར་བཞི་པོ་མཆིས་པ་རྣམས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། མི་བདེ་བ་མི་མངའ་འམ། བདེ་བ་ལ་རེག་པ་ལ་གནས་སམ་ཞེས་ཀྱང་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽང་གལ་གྱི་བུ་ཁྱོད་དང་འཛམ་བུའི་གླིང་ན་འཁོར་བཞི་པོ་འཁོད་པ་རྣམས་བདེ་བར་གྱུར་ཅིག་མཽང་གལ་གྱི་བུས་གསོལ་པ། བཙུན་པ་འཛམ་བུའི་གླིང་ན་འཁོར་བཞི་པོ་མཆིས་པ་རྣམས་ནི་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བར་འཚལ་ཏེ་འདི་སྐད་ཅེས་ཀྱང་མཆིའོ། །བཙུན་པ་འཛམ་བུའི་གླིང་པའི་མི་རྣམས་བཅོམ་ལྡན་འདས་ལ་བལྟ་བ་དང་། ཐད་དུ་མཆི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དུ་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང་མཐུ་མ་མཆིས་ལ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ནི་གང་གིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བཅོམ་ལྡན་འདས་ལ་བལྟ་བ་དང་། ཐད་དུ་མཆི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་འཛམ་བུའི་གླིང་དུ་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང་མཐུ་མཆིས་ན། ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་གཤེགས་སུ་གསོལ་ཞེས་ཀྱང་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽང་གལ་གྱི་བུ་འོ་ན་ཁྱོད་འཛམ་བུའི་གླིང་དུ་སོང་ལ་འཁོར་བཞི་པོ་རྣམས་ལ། ཀྱེ་བཅོམ་ལྡན་འདས་ནི་ད་སྟེ་ཞག་བདུན་ན་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་གྲོང་ཁྱེར་སྣང་ལྡན་གྱི་འདབ། ཨ་པད་ཛ་རའི་ནགས་སུ་ཤིང་ཨུ་དུམ་བཱ་རའི་དྲུང་དུ་གཤེགས་སོ་ཞེས་སྦྲོན་ཅིག །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཉན་ཏེ། བཅོམ་ལྡན་འདས་


DKG075_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཇི་ལྟར་སེམས་མཉམ་པར་བཞག་ན། དཔེར་ན་མི་སྟོབས་པོ་ཆེའི་ལག་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པ་བཞིན་དུ་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་མི་སྣང་བར་གྱུར་ཏེ་འཛམ་བུའི་གླིང་དུ་སོན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་འཛམ་བུའི་གླིང་དུ་འོངས་ནས་འཁོར་བཞི་པོ་རྣམས་ལ་སྦྲན་པ། ཀྱེ་བཅོམ་ལྡན་འདས་ནི་ད་སྟེ་ཞག་བདུན་ན་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་གྲོང་ཁྱེར་སྣང་ལྡན་གྱི་འདབ། ཨ་པད་ཛ་རའི་ནགས་སུ་ཤིང་ཨུ་དུམ་བཱ་རའི་དྲུང་དུ་གཤེགས་སོ་ཞེས་བྱས་སོ། །དེ་ནས་ཞག་བདུན་ལོན་པ་དང་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་གྲོང་ཁྱེར་སྣང་ལྡན་གྱི་འདབ། ཨ་པད་ཛ་རའི་ནགས་སུ་ཤིང་ཨུ་དུམ་བཱ་རའི་དྲུང་དུ་གཤེགས་སོ། །གང་གི་ཚེ་བཅོམ་ལྡན་འདས་གྲོང་ཁྱེར་སྣང་ལྡན་དུ་གཤེགས་པ་དེའི་ཚེ་སྲོག་ཆགས་འབུམ་ཕྲག་དུ་མ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འདུས་སོ། །དེ་ནས་དེར་དགེ་སློང་རྫུས་ཏེ་སྐྱེས་པ་ཞིག་བྱུང་སྟེ། དེས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་བཤོས་ལ་སྤྱན་དྲངས་ནས། རེ་ཞིག་ན་གདུགས་ཚོད་ལ་བབ་པ་དང་སེམས་བསྐྱེད་མ་ཐག་ཏུ་ལྷའི་གདན་དར་ཡུག་ཁྱིམ་ཆེན་པོས་གཡོགས་པ་དག་དང་། ལྷའི་ཞལ་ཟས་བཟའ་བ་དང་བཅའ་བ་དག་བྱུང་བར་གྱུར་ཏོ། །དེ་ནས་དགེ་སློང་རྫུས་ཏེ་སྐྱེས་པ་དེས་བཅོམ་ལྡན་འདས་ལྷའི་ཞལ་ཟས་ཀྱིས་ཚིམ་པར་བྱས་ཏེ། ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་ལ་ཡང་བཀུར་སྟི་ལེགས་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་


DKG075_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་དགེ་སློང་རྫུས་ཏེ་སྐྱེས་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྫུས་ཏེ་སྐྱེས་པས་ལས་གང་དག་བགྱིས་ན་དེ་རྫུས་ཏེ་སྐྱེས་པར་གྱུར་ལ། འདིས་སེམས་བསྐྱེད་པའི་མོད་ལ་ཅི་བསམས་པ་དང་། ཅི་འཚལ་བ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྫུས་ཏེ་སྐྱེས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། རྫུས་ཏེ་སྐྱེས་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་


DKG075_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་གཉེན་ལྡན་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་གྲོང་མེད་པ་དགོན་པའི་གནས་ཤིག་ན་དགེ་སློང་ལྔ་དབྱར་གནས་པར་དམ་བཅས་པ་ལས་དེའི་ནང་ནས་དགེ་སློང་གཅིག་གིས་དགེ་སློང་བཞིའི་ཞལ་ཏ་བྱས་ནས། དེ་དག་གིས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་ཅིག་ཤོས་ཀྱིས་ནི་དེ་དག་གི་རྐང་པ་ལ་ཕྱག་འཚལ་ནས་སྨོན་ལམ་བཏབ་པ། འདི་ལྟར་འདི་རྣམས་ཀྱིས་བདག་ལས་བརྟེན་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པའི་དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་རབ་ཏུ་བྱུང་སྟེ་ཡོ་བྱད་ཀྱི་ཁྱད་པར་དག་གིས་བྲེལ་བར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི་རྫུས་ཏེ་སྐྱེས་པ་འདི་ཡིན་ནོ། །གསོལ་པ། བཙུན་པ་རྫུས་ཏེ་སྐྱེས་པས་ལས་གང་དག་བགྱིས་ན་དེས་རྫུས་ཏེ་སྐྱེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་


DKG075_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་དེ་ན་ཚོང་དཔོན་ཞིག་གནས་པ་དེའི་ཆུང་མ་བུ་བཙའ་བའི་ཚེ་སྡུག་བསྔལ་གྱི་ཚོར་བས་ཉེན་ཏེ་ཉམ་ཐག་པའི་སྐད་འབྱིན་ཅིང་ངུ་བ་དང་། དེས་དེའི་སྒྲ་ཐོས་ནས་མཆོག་ཏུ་མི་དགའ་བར་གྱུར་ཏེ། མྱ་ངན་གྱི་ཁང་བུར་ཞུགས་ནས་ལག་པ་ལ་རྐོམ་ཚུགས་བཅས་ཏེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལས་དེའི་བློ་སྐྱེས་པ། མ་ལ་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ལ། ཅི་ནས་བདག་གིས་ནམས་ཀྱང་མངལ་དུ་གནས་པ་ཉམས་སུ་མྱོང་བར་མ་གྱུར་ཅིག་ཅེས་སྨོན་ལམ་གདབ་གོར་མ་ཆག་སྙམ་སྟེ། དེ་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་བཅོམ་ལྡན་འདས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ནས་དེས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་འདིས་ན་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་རྫུས་ཏེ་སྐྱེ་བར་གྱུར་ཅིག །ནམས་ཀྱང་མངལ་དུ་གནས་པ་ཉམས་སུ་མྱོང་བར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་རྫུས་ཏེ་སྐྱེས་པ་འདི་ཡིན་ཏེ། སྨོན་ལམ་བཏབ་པ་དེས་ན་རྫུས་ཏེ་སྐྱེས་པར་གྱུར་ཏོ། །དེས་དེར་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་


DKG075_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མཛེས་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་


DKG075_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བལྟ་ན་སྡུག་ལ་མཛེས་པ། མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་བཙས་ནས། དེ་བཙས་པའི་ཚེ་ཤིན་ཏུ་རྨད་དུ་བྱུང་བ་དུ་མ་བྱུང་བར་གྱུར་ཏེ། དེ་དག་གིས་གྲོང་ཁྱེར་སེར་སྐྱའི་གནས་ཐོག་ཐག་མཛེས་པར་བྱས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་འདི་བཙས་པ་ན་གྲོང་ཁྱེར་སེར་སྐྱའི་གནས་མཛེས་པར་བྱས་པས་ན་དེའི་ཕྱིར་ཁྱེའུ་འདིའི་མིང་མཛེས་པ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་མཛེས་པ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བར་སོང་ངོ་། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱེའུ་མཛེས་པས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་


DKG075_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་མཛེས་པས་ལས་གང་དག་བགྱིས་ན་དེ་གཟུགས་བཟང་ཞིང་། བལྟ་ན་སྡུག་ལ་མཛེས་ཏེ། མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པར་གྱུར་ལ། འདི་བཙས་པའི་ཚེ་ཡང་ཤིན་ཏུ་རྨད་དུ་བྱུང་བ་དུ་མ་བྱུང་བར་གྱུར་ཏེ། དེ་དག་གིས་གྲོང་ཁྱེར་སེར་སྐྱའི་གནས་ཀུན་ཏུ་མཛེས་པར་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མཛེས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། མཛེས་པ་ཉིད་ཀྱིས་ལས་བྱས་


DKG075_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་མཛེས་ལྡན་ན་རྟེན་ཅིང་བཞུགས་སོ། །དེ་ནས་རྒྱལ་པོ་མཛེས་པས་དེའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩིགས་སོ། །དེ་ནས་རེ་ཞིག་ན་དེའི་དུས་སྟོན་ཞིག་བྱུང་བའི་ཚེ་མཛའ་སྡེ་དག་ཅིག་མཆོད་རྟེན་གྱི་དྲུང་དུ་དོང་བ་ལས། དེ་དག་གིས་མཆོད་རྟེན་དེ་མཐོང་ནས་དད་པ་སྐྱེས་ཏེ་མེ་ཏོག་བཏགས་སོ། །དེ་དག་གི་ནང་ནས་མཛའ་སྡེ་བོ་གཅིག་ན་རེ་བདག་ལ་ནི་ཅི་ཡང་མེད་ཀྱིས། བདག་ནི་ཅི་ཡང་མི་བྱེད་དོ་ཞེས་ཟེར་ནས་དེ་མཛའ་སྡེ་དེ་དག་གི་ནང་ནས་ཕྱིར་བྱུང་བ་ལས་དེ་འགྱོད་པ་སྐྱེས་ཏེ། དེས་མེ་ཏོག་རྣམ་པ་སྣ་ཚོགས་བཏུས་ནས་མཆོད་རྟེན་དེ་ཉིད་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མཛའ་སྡེ་བོ་འགྱོད་པ་སྐྱེས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་དབུ་སྐྲ་དང་སེན་མོའི་


DKG075_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ལ་མེ་ཏོག་འབུལ་བ་གང་ཡིན་པ་དེ་ནི་མཛེས་པ་འདི་ཡིན་ནོ། །དགེ་སློང་དག་མཛེས་པས་ནི་ལས་གཞན་དག་ཀྱང་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཚོང་དཔོན་ཞིག་གནས་པ་དེས་རང་སངས་རྒྱས་ནད་པ་ཞིག་མཐོང་ངོ་། །དེ་ནས་དད་པ་སྐྱེས་ཏེ་རྐང་པ་ལ་ཕྱག་འཚལ་ནས་བསོད་སྙོམས་ཀྱང་ཕུལ། གོས་ཀྱང་ཕུལ་ལོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་མཛེས་པ་འདི་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་མི་དབུལ་པོ་ཤིང་ཐུན་ཞིག་ཏུ་གྱུར་ཏེ། དེ་རིའི་སུལ་ཞིག་ཏུ་ཤིང་ཐུར་སོང་བ་དང་། དེས་མཆོད་རྟེན་ཞིག་མཐོང་ན་མཆོད་རྟེན་དེའི་འཁོར་ས་ན་རྩྭ་དག་ཀྱང་སྐྱེས་སོ། །དེ་ནས་དེ་དད་པ་སྐྱེས་ནས་དེས་རྩྭ་རྣམས་ཀྱང་ཕྱུང་སྟེ་ཕྱགས་མ་ཐོགས་ནས་མཆོད་རྟེན་དང་མཆོད་རྟེན་གྱི་འཁོར་ས་ཕྱགས་སོ། །དེ་ནས་ཞབས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་འདིས་ན་བདག་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཅིག །མ་འོངས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དབུལ་པོ་ཤིང་ཐུན་དུ་གྱུར་པ་གང་ཡིན་པ་དེ་ནི་མཛེས་པ་འདི་ཉིད་ཡིན་ཏེ། དེས་མཆོད་རྟེན་དང་མཆོད་རྟེན་གྱི་འཁོར་ས་ཕྱགས་པ་དེས་ན་གང་དང་གང་དུ་སྐྱེས་པ་དེ་དང་དེར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏོ། །རྒྱུ་དེ་ཉིད་ཀྱིས་ན་ད་ལྟར་ཡང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་


DKG075_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་ཉི་ཤུ་པ། ཀ་པི་ན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ལྷོ་ཕྱོགས་ན་རྒྱལ་པོ་རྟོག་ལྡན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་


DKG075_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེ་ནས་ཕྱིས་རེ་ཞིག་ན་དེ་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཀ་པི་ན་ཞེས་མིང་བཏགས་སོ། །དེ་ནས་ཁྱེའུ་ཀ་པི་ན་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །གང་གི་ཉིན་པར་རྒྱལ་པོའི་བུ་ཀ་པི་ན་བཙས་པ་དེ་ཁོ་ནའི་ཉིན་པར་བློན་པོ་ཁྲི་བརྒྱད་སྟོང་གི་བུ་ཡང་བཙས་ཏེ། ཐམས་ཅད་ཀྱང་ཚན་པོ་ཆེའི་སྟོབས་དང་ལྡན་པ་ཤ་སྟག་གོ །དེ་དག་གི་མིང་ཡང་སོ་སོའི་རྐྱེན་རྐྱེན་དུ་འཚམ་པར་བཏགས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་རྟོག་ལྡན་ཤི་ནས་དེའི་འོག་ཏུ་བུ་ཀ་པི་ན་རྒྱལ་པོར་བཅུག་གོ །བློན་པོའི་བུ་ཁྲི་བརྒྱད་སྟོང་པོ་དེ་དག་ཐམས་ཅད་ཀྱང་རྒྱལ་པོའི་བློན་པོར་བསྐོས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཀ་པི་ན་ཆེན་པོ་བློན་པོ་ཁྲི་བརྒྱད་སྟོང་གིས་ཞབས་འབྲིང་བྱས་ཏེ་རི་དགས་ཤོར་དུ་སོང་བ་དང་དེས་མདུན་ལོགས་དང་རྒྱབ་ལོགས་སུ་དཔུང་ཆེན་པོ་ཐམས་ཅད་བལྟས་ནས་བློན་པོ་རྣམས་ལ་དྲིས་པ། ཀྭའེ་ད་ལྟར་ངའི་དཔུང་ཆེན་པོ་འདི་ལྟ་བུ་དག་གཞན་སུ་ལ་ཡོད་ཅེས་བྱས་སོ། །དེ་ནས་བློན་པོ་སྙན་པར་སྨྲ་བ་རྣམས་ཀྱིས་ལྷ་སུ་ལ་ཡང་མ་མཆིས་སོ་ཞེས་བྱས་སོ། །དེ་ནས་ཡུལ་དབུས་ནས་ཚོང་པ་དག་ཅིག་


DKG075_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་སུ་སོང་བ་དེ་དག་གིས་རྒྱལ་པོ་ཀ་པི་ན་ཆེན་པོ་ལ་སྐྱེས་ཕུལ་ལོ། །དེ་ནས་རྒྱལ་པོས་སྨྲས་པ། ཀྱེ་ཚོང་པ་དག་ཡུལ་དེའི་རྒྱལ་པོ་སུ་ཡིན། ཚོང་པ་རྣམས་ཀྱིས་གསོལ་པ། ལྷ་ཡུལ་ཁ་ཅིག་ན་ནི་མང་པོ་ཚོགས་པ་དབང་བགྱིད་དོ། །ཡུལ་ཁ་ཅིག་ན་ནི་རྒྱལ་པོ་དབང་བགྱིད་དོ། །དེ་ནས་རེ་ཞིག་ན་རྒྱལ་པོ་ཀ་པི་ན་ཆེན་པོས་མཉན་དུ་ཡོད་པ་ལ་སོགས་པ་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ཕོ་ཉ་བཏང་སྟེ། གལ་ཏེ་ཁྱོད་འགྲེང་བ་ལ་བབ་པ་ན་ཡང་མ་འདུག་པར་མྱུར་དུ་ཤེག་ཤིག །དེ་ལྟར་མ་བྱས་ན་ཆད་པས་ཆེར་གཅོད་དོ་ཞེས་བྱས་སོ། །དེ་ནས་ཚིག་དེ་ཐོས་ནས་གྲོང་ཁྱེར་ཆེན་པོ་དྲུག་ན་གནས་པའི་རྒྱལ་པོ་རྣམས་འཇིགས་ཤིང་སྐྲག་ལ་མི་དགའ་སྟེ་སྐྱི་བུང་ཞེས་བྱས་ནས་འདུས་ཤིང་ཚོགས་ཏེ་གྲོས་འཐུན་པར་བྱས་ནས་མཉན་དུ་ཡོད་པར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་སྟེ་གཏམ་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་དབུགས་ཕྱུང་སྟེ་ཕོ་ཉ་དེ་ངའི་ཐད་དུ་ཁུག་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་དེ་དག་གིས་ཕོ་ཉ་ལ་ཁོ་བོ་ཅག་གི་རྒྱལ་པོའི་ཡང་རྒྱལ་པོ་ཡོད་ཀྱིས་རེ་ཞིག་དེའི་སྤྱན་སྔར་མཆི་ཤིག་ཅེས་བསྒོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕོ་ཉ་འོང་བར་ཐུགས་སུ་ཆུད་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལྷའི་གྲོང་ཁྱེར་བལྟ་ན་སྡུག་དང་འདྲ་བར་རིན་པོ་ཆེ་སྣ་བཞིར་སྤྲུལ་ཏོ། །རྒྱལ་པོ་ཆེན་པོ་བཞི་ནི་དེའི་སྒོ་དཔོན་ལྟ་བུར་བཀོད་དོ། །གླང་པོ་ཆེ་ས་སྲུང་གི་བུ་ལྟ་བུ་དག་དང་། རྟ་སྤྲིན་གྱི་ཤུགས་ཅན་ལྟ་བུ་དག་དང་། ཤིང་རྟ་དགའ་བྱེད་སྒྲ་ལྟ་བུ་དག་དང་། མི་གནོད་སྦྱིན་མི་བཟད་པ་ལྟ་བུ་དག་ཀྱང་བཀོད་དོ། །བཅོམ་ལྡན་འདས་ཉིད་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་སུ་སྤྲུལ་ཏོ། །སེང་གེའི་ཁྲི་འཕང་དུ་ཏ་ལ་བདུན་ཙམ་ཡོད་པ་ཡང་སྤྲུལ་ཏེ། དེ་ལ་བཅོམ་ལྡན་འདས་བཞུགས་སོ། །དེ་ནས་ཕོ་ཉས་དེ་ལྟ་བུར་མཛེས་པ་དག་མཐོང་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྲིན་ཡིག་བྲིས་ནས་ཕོ་ཉ་དེ་ལ་བཀའ་སྩལ་པ། རྒྱལ་པོ་ཀ་པི་ན་ལ་ང་ན་རེ་ཕྲིན་ཡིག་


DKG075_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ཁོ་ནའི་ཚེ་གལ་ཏེ་ཁྱོད་འགྲེང་བ་ལ་བབ་ན་ཡང་མ་འདུག་པར་མྱུར་དུ་ཤོག་ཤིག །གལ་ཏེ་མ་འོངས་ན་ང་དཔུང་གི་ཚོགས་ཆེན་པོ་དང་འོང་ངོ་ཞེས་གྱིས་ཤིག །དེ་ནས་ཕོ་ཉ་སོང་སྟེ་རྒྱལ་པོ་ཀ་པི་ན་ཆེན་པོ་ལ་ཕྲིན་ཡིག་དང་ཁ་ཐན་དུ་བཏབ་པ་དེ་དག་ཐམས་ཅད་བྱས་སོ། །དེ་ནས་རྒྱལ་པོ་ཀ་པི་ན་ཆེན་པོ་བློན་པོ་ཁྲི་བརྒྱད་སྟོང་གིས་ཞབས་འབྲིང་བྱས་ཏེ་མཐར་གྱིས་སོང་སོང་ནས་མཉན་དུ་ཡོད་པར་ཕྱིན་པ་དང་། ཉི་འོག་གི་རྒྱལ་པོ་རྣམས་ཀྱིས་རྒྱལ་པོ་ཀ་པི་ན་ཆེན་པོ་བསུ་ནས་དེ་དག་གིས་བཀུར་སྟི་ཆེན་པོས་གྲོང་ཁྱེར་དུ་གཤེགས་སུ་གསོལ་ཏེ་མཉེལ་བསོ་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་འོང་བར་ཐུགས་སུ་ཆུད་ནས་ཐམས་ཅད་སྔ་མ་བཞིན་དུ་སྤྲུལ་ཏོ། །དེ་ནས་རྒྱལ་པོ་ཀ་པི་ན་ཆེན་པོ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་མཐོང་མ་ཐག་ཏུ་དེའི་གཟུགས་ལ་གཟུགས་ཀྱི་རྒྱགས་པ་དང་། དབང་ཕྱུག་ལ་དབང་ཕྱུག་གི་རྒྱགས་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །སྟོབས་ཀྱི་དྲེགས་པ་ནི་ད་དུང་ཡོད་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དགོངས་པ་བསྐྱེད་དེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དབང་པོའི་གཞུ་ཁྱེར་ཏེ་འོངས་ན་ལེགས་སོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་བསྐྱེད་པའི་མོད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁ་ལོ་པའི་ཆ་ལུགས་ཀྱིས་དབང་པོའི་གཞུ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཀ་པི་ན་ཆེན་པོ་ལ་བྱིན་ན། དེ་རྒྱལ་པོ་ཀ་པི་ན་ཆེན་པོས་བཏེག་པར་ཡང་མ་ནུས་ན་བདུང་བར་ལྟ་ག་ལ་ནུས། དེ་ནས་བཅོམ་ལྡན་འདས་ཀྱིས་ལྕགས་ཀྱི་རྔ་བོ་ཆེ་བདུན་སྤྲུལ་ཏེ་ཉིད་ཀྱིས་གཞུ་དེ་ཟླ་གམ་བཞིན་དུ་བདུངས་ནས་གནམ་མདའ་འཕངས་ཏེ། དེས་ལྕགས་ཀྱི་རྔ་བོ་ཆེ་བདུན་ཆར་ཐལ་ཕྱུང་ནས་དེ་ལས་སྒྲ་བྱུང་བ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་


DKG075_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་བྱ་བའི་སྒྲ་བྱུང་ནས་སྒྲ་དེ་ཡང་འོག་མིན་གྱི་ལྷའི་ཡུལ་མན་ཆད་དུ་གྲག་གོ །དེ་ནས་རྒྱལ་པོ་ཀ་པི་ན་ཆེན་པོའི་སྟོབས་ཀྱི་དྲེགས་པ་དེ་ཡང་མེད་པར་གྱུར་ཏེ་དེའི་བློ་སྐྱེས་པ། ཨེ་མ་དེ་ཅི་ཞིག་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཀ་པི་ན་ཆེན་པོའི་སེམས་ཀྱི་རྒྱུ་བ་ཐུགས་སུ་ཆུད་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་མི་སྣང་བར་མཛད་དེ་མདོ་འདི་གསུངས་སོ། །དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྟོབས་བཅུ་དང་ལྡན་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་གནས་རྒྱ་ཆེན་པོ་ལ་དམ་བཅས་པ། ཚངས་པའི་འཁོར་ལོ་བསྐོར་བ། འཁོར་གྱི་ནང་དུ་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་སྟེ། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་ན་འདི་མི་འབྱུང་ལ། འདི་འགགས་པས་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་


DKG075_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །དགེ་སློང་དག་ངའི་ཆོས་ནི་ལེགས་པར་གསུངས་པ། གསལ་བར་རྣམ་པར་ཕྱེ་བ། རྒྱུ་བ་གཅོད་པ། ལྷ་དང་མི་མན་ཅད་ལ་ཡང་དག་པར་ལེགས་པར་བསྟན་པ་ཡིན་ཏེ། དེ་ལྟར་ཆོས་ནི་ལེགས་པར་གསུངས་པ། གསལ་བར་རྣམ་པར་ཕྱེ་བ། རྒྱུ་བ་གཅོད་པ། ལྷ་དང་མི་མན་ཅད་ལ་ཡང་དག་པར་ལེགས་པར་བསྟན་པ་ལ་ནི་རིགས་ཀྱི་བུ་དད་པས་རབ་ཏུ་བྱུང་བས་སྟོན་པའི་བསྟན་པ་ལ་བརྩོན་པར་བྱ་བའི་རིགས་པ་ཁོ་ནའོ། །སྦྱོར་བར་བྱ་བའི་རིགས་སོ། །བག་ཡོད་པར་བྱ་བའི་རིགས་སོ། །ལུས་ཀྱི་ཤ་ཁྲག་ཀུན་སྐམས་ཏེ། པགས་པ་དང་། ཆུ་བ་དང་། རུས་པ་འབའ་ཞིག་ལུས་པ་ནི་སླའི། ཆོས་རྣམས་ལ་བརྩོན་འགྲུས་བརྩམས་པ། མཐུ་དང་ལྡན་པ། བརྩོན་འགྲུས་དང་ལྡན་པ། སྤྲོ་བ་དང་ལྡན་པ། མཐུ་རྩལ་དང་ལྡན་པ། བརྩོན་པ་མི་འདོར་བས་ཐོབ་པར་བྱ་བ་གང་ཡིན་པ་དེ་མ་ཐོབ་ཀྱི་བར་དུ་བར་མ་དོར་བརྩོན་འགྲུས་གཏང་བར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལེ་ལོ་ཅན་ནི་སྡུག་བསྔལ་བཞིན་དུ་གནས་པ་སྟེ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་བྱེད་པ། ཡང་སྲིད་པར་སྐྱེ་བར་བྱེད་པ། རིམས་ནད་དང་བཅས་པ། སྡུག་བསྔལ་གྱི་རྣམ་པར་སྨིན་པ་དང་ལྡན་པ། ཕྱི་མ་ལ་སྐྱེ་བ་དང་། རྒ་ཤིར་འགྱུར་བ་རྣམས་དང་འདྲེས་པ་ཡིན་ཏེ། དེའི་ནི་དོན་ཆེན་པོ་ཡང་ཡོངས་སུ་ཉམས་པར་འགྱུར་རོ། །བརྩོན་འགྲུས་བརྩམས་པ་ནི་བདེ་བར་གནས་པ་སྟེ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་བྱེད་པ། ཡང་སྲིད་པར་སྐྱེ་བར་བྱེད་པ་རིམས་ནད་དང་བཅས་པ། སྡུག་བསྔལ་


DKG075_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་པར་སྨིན་པ་དང་ལྡན་པ། ཕྱི་མ་ལ་སྐྱེ་བ་དང་རྒ་ཤིར་འགྱུར་བ་རྣམས་དང་མ་འདྲེས་པ་ཡིན་ཏེ། དེའི་ནི་དོན་ཆེན་པོ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །དགེ་སློང་དག་འདི་ལྟ་སྟེ། སྟོན་པ་ཡང་མངོན་སུམ་དུ་བཞུགས་ལ་ཆོས་ཀྱང་སྟོན་ཏེ་ཉེ་བར་ཞི་བར་བྱེད་པ། ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། བདེ་བར་གཤེགས་པས་གསུངས་པའི་གསུང་རབ་འདི་ནི་སྙིང་ཁུ་བཏུང་བར་འོས་པ་ཡིན་ནོ། །དགེ་སློང་དག་དེ་བས་ན་བདག་གི་དོན་དང་། གཞན་གྱི་དོན་དང་། གཉི་གའི་དོན་ཡང་དག་པར་མཐོང་བ་རྣམས་ཀྱིས་ནི་འདི་ལ་སོ་སོ་ནས་ལེགས་པར་བསླབ་པར་བྱ་སྟེ། ཇི་ལྟར་བྱས་ན་བདག་ཅག་རབ་ཏུ་བྱུང་བ་དོན་ཡོད་པ་དང་། འབྲས་བུ་དང་བཅས་པ་དང་། བདེ་བ་སྐྱེད་པ་དང་། བདེ་བའི་རྣམ་པར་སྨིན་པར་འགྱུར་ལ། གང་དག་གི་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་རྣམས་བདག་ཅག་གིས་ལོངས་སྤྱོད་པ་དེ་དག་གི་བཀུར་སྟི་དེ་དག་ཀྱང་ཇི་ལྟར་བྱས་ན་འབྲས་བུ་ཤིན་ཏུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། བྱིན་ཆེ་བ་དང་། རྒྱ་ཆེ་བར་འགྱུར་བ་ཞིག་གུ་སྙམ་དུ་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་རྒྱལ་པོ་ཀ་པི་ན་ཆེན་པོ་བློན་པོ་ཁྲི་བརྒྱད་སྟོང་གི་འཁོར་དང་བཅས་པས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བདེན་པ་མཐོང་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་


DKG075_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཀ་པི་ནས་ལས་གང་དག་བགྱིས་ན་དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། བློན་པོ་ཁྲི་བརྒྱད་སྟོང་གི་འཁོར་དང་བཅས་པར་ཚན་པོ་ཆེའི་སྟོབས་དང་ལྡན་པར་གྱུར་ལ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཀ་པི་ན་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན་ཀ་པི་ན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


DKG075_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་དེད་དཔོན་ཞིག་གིས་རྒྱ་མཚོ་ཆེན་པོའི་ནང་ནས་རིན་པོ་ཆེ་མང་པོ་ཁྱེར་ཏེ་འོངས་ནས་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་བཤོས་ལ་སྤྱན་དྲངས་སོ། །གཙུག་ལག་ཁང་ཡང་བརྩིགས་ནས་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་ལོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་ཀ་པི་ན་འདི་ཡིན་ནོ། །དགེ་སློང་དག་ཀ་པི་ནས་ནི་ལས་གཞན་དག་ཀྱང་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་ཕྱི་ཞིག་ན་བློན་པོ་ཁྲི་བརྒྱད་སྟོང་གིས་ཞབས་འབྲིང་བྱས་ཏེ། སྐྱེད་མོས་ཚལ་གྱི་ཤིང་རྣམས་མེ་ཏོག་རྒྱས་ལ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཁྲོད་དུ་སོང་བ་ལས་དེས་སྐྱེད་མོས་ཚལ་དེར་རང་སངས་རྒྱས་ནད་པ་ཞིག་མཐོང་ནས། དེས་དེ་ལ་ཟླ་བ་གསུམ་གྱི་བར་དུ་ཕན་པའི་ཟས་ཀྱིས་བསྙེན་བཀུར་བྱས་སོ། །ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་དེའི་སྐུ་


DKG075_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་གི་མཆོད་རྟེན་བརྩིགས་ནས་བློན་པོའི་ཚོགས་དང་བཅས་པས་ཏིལ་མར་གྱིས་བསྐུས་ཏེ། དེས་ན་འཁོར་དང་བཅས་པ་ཚན་པོ་ཆེའི་སྟོབས་དང་ལྡན་པར་གྱུར་ཏོ། །གཞན་ཡང་སངས་རྒྱས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་དེར་དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ན་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བཟང་ལྡན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་


DKG075_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་གཉིས་ལོན་ཏེ། ལོ་བཅུ་གཉིས་འདས་ནས་གྲོང་ཁྱེར་སེར་སྐྱའི་གནས་སུ་བྱོན་པ་དེའི་ཚེ་བྲེ་བོ་ཟས་དང་། བདུད་རྩི་ཟས་ལ་སོགས་པ་ཤཱཀྱ་སྟོང་ཕྲག་དུ་མས་བདེན་པ་མཐོང་སྟེ། རྒྱལ་པོ་ཟས་གཙང་མ་ནི་མ་གཏོགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་སྲས་ཀྱི་ལེགས་པ་དེ་དག་མཐོང་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ་དེའི་བློ་སྐྱེས་པ། གལ་ཏེ་བདག་གི་བུ་རབ་ཏུ་མ་བྱུང་དུ་ཟིན་ན་ནི་འདི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོར་འགྱུར་བ་ཞིག་ན། ད་ནི་འདི་ཐོར་ཚུགས་ཅན་རབ་ཏུ་བྱུང་བའི་གཡོག་བྱས་པ་ནི་རབ་ཏུ་མི་མཛེས་ཀྱིས་བདག་གིས་ཤཱཀྱ་རྣམས་ལས་ཁྱིམ་རེ་མི་རེ་རབ་ཏུ་འབྱུང་དུ་གཞུག་གོར་མ་ཆག་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཤཱཀྱ་ཐམས་ཅད་བསྡུ་བའི་ཕྱིར་གྲོང་ཁྱེར་དུ་དྲིལ་བསྒྲགས་སོ། །དེ་ནས་ཤཱཀྱ་ཐམས་ཅད་འདུས་པའི་ནང་དུ་རྒྱལ་པོ་ཟས་གཙང་གིས་སྨྲས་པ། ཀྱེ་ཤཱཀྱ་ཁྱེད་རྣམས་ཉོན་ཅིག །གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རབ་ཏུ་མ་བྱུང་དུ་ཟིན་ན་ཡང་ཁྱེད་ཁོ་ནས་འདི་ལ་བསྙེན་བཀུར་བྱ་དགོས་ན། ད་འདི་རབ་ཏུ་བྱུང་གིས་ཤཱཀྱ་ཁྱིམ་རེ་མི་རེ་བསྙེན་བཀུར་བྱ་བའི་ཕྱིར་རབ་ཏུ་ཕྱུང་ཤིག་ཅེས་བྱས་སོ། །དེ་ནས་བཟང་ལྡན་དང་། མ་འགགས་པ་དང་། ནམ་གྲུ་དང་། ལྷ་སྦྱིན་ལ་སོགས་པ་ཤཱཀྱའི་བུ་ལྔ་བརྒྱ་རབ་ཏུ་འབྱུང་བར་ཆས་སོ། །དེ་ནས་དེ་དག་གི་འབྲེག་མཁན་བསྙེན་བཀུར་བྱེད་པ་ཉེ་བར་འཁོར་དེས་དེ་དག་རབ་ཏུ་འབྱུང་བ་མཐོང་ནས་ངུས་སོ། །དེ་ནས་ཤཱཀྱ་རྣམས་ཀྱིས་ཉེ་བར་འཁོར་ཁྱོད་ཅིའི་ཕྱིར་ངུ་ཞེས་དྲིས་སོ། །དེ་ནས་དེས་སྙིང་རྗེ་རྗེ་སྐད་ཟེར་ཞིང་སྡུག་སྡུག་སྐད་ཟེར་ལ་གཏི་ཞིང་སྨྲ་སྟེ། ཁྱོད་རབ་ཏུ་བྱུང་ན་ད་བདག་ལ་ཟས་དང་གོས་ཀྱིས་སྐྱོང་བ་སུ་ཞིག་མཆིས། དེ་ནས་


DKG075_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་རྣམས་ཀྱིས་སྨྲས་པ། ཉེ་བར་འཁོར་འོ་ན་རས་ཐིང་ཤིག་ཅེས་བྱས་སོ། །དེ་ནས་དེས་རས་བཏིང་ནས་ཤཱཀྱ་རྣམས་ཀྱིས་ལུས་ལ་ཐོགས་པའི་དོ་ཤལ་དང་། སེ་མོ་དོ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དཔུང་རྒྱན་དང་། སོར་གདུབ་རྣམས་ཕུང་པོ་ཆེན་པོར་སྤུངས་ཏེ་བྱིན་ནོ། །དེ་ནས་འབྲེག་མཁན་ཉེ་བར་འཁོར་གྱིས་རབ་ཏུ་འབྱུང་བ་དེ་དག་ཀྱང་མཐོང་ལ་རྒྱན་རྣམ་པ་སྣ་ཚོགས་ལ་ཡང་བལྟས་ནས་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་ཏེ། ཤཱཀྱ་འདི་དག་ནི་ཆོ་རིགས་དང་། བྱད་གཟུགས་དང་། ལང་ཚོ་དང་། འབྱོར་པ་དང་ལྡན་པ་ཡིན་ན། འོན་ཀྱང་བཙུན་མོ་རྣམས་དང་། རྒྱན་འདི་དག་མཆིལ་མ་བཞིན་དུ་བོར་ནས་རབ་ཏུ་བྱུང་ན་བདག་ཅི་ཡང་མི་བདོག་པ་ཞིག་གིས་ད་རྒྱན་འདི་དག་ཁྱིམ་དུ་བསྐུར་དུ་ཅི་ཡོད་དེ། འདི་དག་བཏང་ལ་བདག་ཀྱང་འདི་དག་གི་རྗེས་སུ་རབ་ཏུ་འབྱུང་གོར་མ་ཆག་སྙམ་མོ། །དེ་ནས་འབྲེག་མཁན་ཉེ་བར་འཁོར་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་ལྟ་བུ་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་མཆིས་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱས་པས་རབ་ཏུ་ཕྱུང་ངོ་། །དེ་ནས་བཟང་ལྡན་ལ་སོགས་པ་ཤཱཀྱ་ལྔ་བརྒྱ་དགེ་སློང་གི་ཆ་ལུགས་ཅན་རྣམས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕྱག་འཚལ་བར་བྱས་པ་ལས་དེ་དག་གིས་ཉེ་བར་འཁོར་གྱི་རྐང་པ་ངོ་ཤེས་ནས་ཆོ་རིགས་དང་། བྱད་གཟུགས་དང་། འབྱོར་པ་དང་ལྡན་པའི་ཕྱིར་ཉེ་བར་འཁོར་ལ་ཕྱག་འཚལ་དུ་མ་བཏུབ་ནས། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བཟང་ལྡན་ལ་བཀའ་སྩལ་པ། བཟང་ལྡན་གང་གི་ཕྱིར་ངའི་བསྟན་པ་འདི་ལ་ནི་ཆོ་རིགས་དང་།


DKG075_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་གཟུགས་དང་། ལང་ཚོ་དང་། དབང་ཕྱུག་དང་། རིགས་བཞི་རྣམ་པར་དག་པ་དང་སྦྱར་བ་མེད་ཀྱིས་འདི་ལ་ཕྱག་འཚོལ་ཅིག །དེ་ནས་བཟང་ལྡན་ལ་སོགས་པ་ཤཱཀྱ་ལྔ་བརྒྱས་ཆོས་ཉིད་བཙན་པར་བྱས་ནས་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་བྱས་སོ། །དེ་དག་གིས་རྐང་པ་ལ་ཕྱག་བྱས་པའི་མོད་ལ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་དེར་ཚེ་དང་ལྡན་པ་བཟང་ལྡན་གྱིས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ཡང་བདག་ཉིད་ཆེ་བ། སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ་ཞིག་སྟེ། ཕྱི་ཞིག་ན་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་སྤྱོད་ཡུལ་ལ་ཆས་སོ། །དེ་ནས་རེ་ཞིག་ན་རིགས་ངན་ཞིག་གི་ཁྱིམ་དུ་བསོད་སྙོམས་ལ་སོང་ངོ་། །དེའི་ཚེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གླང་པོ་ཆེའི་གཙོ་བོ་པད་མ་དཀར་པོ་གཅིག་པུ་ཞེས་བྱ་བ་ལ་ཞོན་ཏེ། ཁ་ལོ་པ་རྒྱུ་བའི་བུ་རིང་པོ་དང་། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཆས་པ་ལས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཟང་ལྡན་དབང་པོ་ཞི་བ། ཡིད་ཞི་བ། སེམས་


DKG075_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་དུལ་ཞིང་ཉེ་བར་ཞི་བ་དང་ལྡན་ལ་ཕྱག་དར་ཁྲོད་ཀྱི་གོས་གྱོན་ཞིང་ཁ་ཟས་ངན་པ་ཁྱེར་ཏེ་རིགས་ངན་གྱི་ཁྱིམ་དེ་ནས་ཕྱིར་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་ཁ་ལོ་པ་རྒྱུ་བའི་བུ་རིང་པོ་ལ་དྲིས་པ། འདི་དགེ་སློང་བཟང་ལྡན་མ་ཡིན་ནམ། ཁ་ལོ་པས་སྨྲས་པ། ལྷ་བཀའ་སྩལ་པ་བཞིན་ཏེ་དེ་ལགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འཁམས་ནས་བརྒྱལ་ཏེ་ས་ལ་ལྷུང་ངོ་། །དེ་ནས་ཆུས་གཏོར་བ་དང་ཕྱིར་སངས་ཏེ་སེམས་རྟས་ནས་ཁ་ལོ་པ་རྒྱུ་བའི་བུ་རིང་པོས་བསླང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བདག་གིས་ནི་རྨད་དུ་བྱུང་བ་ཞིག་མཐོང་སྟེ། ཤཱཀྱའི་རྒྱལ་པོ་བཟང་ལྡན་དེ་ཕྱག་དར་ཁྲོད་ཀྱི་གོས་གྱོན་ཞིང་ཁ་ཟས་ངན་པ་ཐོགས་ཏེ་ལྷ་དང་མི་དད་པར་བགྱིས་པའི་སྤྱོད་ལམ་ཤིན་དུ་ཞི་བས་བསོད་སྙོམས་བླངས་ཏེ་རིགས་ངན་གྱི་ཁྱིམ་ནས་སླར་བྱུང་བ་དེ་ལ་བདག་འདི་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱི་བསྟན་པ་ནི་ཤིན་ཏུ་དུལ་བར་བགྱིད་པ་ལགས་ཏེ། དེ་ལ་བསྟེན་ན་འདི་ལྟ་བུར་སྐྱིད་དེ་བར་མཆིས་ལ་བདེ་བས་བསྐྱེད་པ་དག་ཀྱང་འདི་ལྟར་ཚུལ་དུལ་བར་གྱུར་པ་ནི་ངོ་མཚར་ཆེའོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བཟང་ལྡན་འདི་ལ་ནི་ངོ་མཚར་ཆེ་བ་གཞན་ཡང་ཡོད་ཀྱིས་ཉོན་ཅིག །རྒྱལ་པོ་ཆེན་པོ་བཟང་ལྡན་འདི་ནི་དགོན་པ་ན་གནས་སམ། ཤིང་དྲུང་ན་གནས་སམ། ཁང་སྟོང་ན་གནས་ཀྱང་རུང་སྟེ། ཀྱེ་མ་རེ་སྐྱིད། ཀྱེ་མ་རེ་སྐྱིད། བདག་རབ་ཏུ་མ་བྱུང་བ་ཙམ་ན་རྒྱལ་པོའི་ཕོ་བྲང་གི་ནང་ན་འདུག་སྟེ། བློན་པོ་ཆེན་པོ་དང་། གྲོང་རྡལ་གྱི་མི་དང་ཡུལ་གྱི་མི་རྣམས་ཀྱིས་ཤིན་ཏུ་ལེགས་པར་བསྲུངས་ལ། ར་བ་དང་། འོབས་དང་། སྒོ་དང་། གཅན་རྣམས་ཀྱིས་བསྐྱབས་ཀྱང་སྙིང་གཞན་ལ་དོགས་ཤིང་མི་དགའ་ལ་ཀུན་ལ་ཡང་ཁུ་འཕྲིག་ཟ་བཞིན་ཏེ། གཉིད་ཀྱང་མི་འོང་བ་ལས་ད་ནི་བདག་ལུས་དང་སྲོག་ལ་ཡང་མི་ལྟ་བས། གནས་གང་དང་གང་དུ་ཡང་བདེ་བར་


DKG075_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཏུ་ཡོད་དོ་ཞེས་དགའ་བའི་ཚིག་ལན་གསུམ་དུ་རྗོད་པར་བྱེད་དོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཟང་ལྡན་གྱིས་སྔོན་ཚེ་རབས་གཞན་དག་ཏུ་ལས་གང་དག་བགྱིས་ཤིང་བསགས་ན་དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། རྒྱལ་པོའི་རིགས་ཕྱུག་པོར་སྐྱེས་ལ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བཟང་ལྡན་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། བཟང་ལྡན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་སྤྲང་པོ་ཞིག་གནས་ལ་ལུས་བཀྲེས་ཤིང་ཉམ་ཆུང་བས་ནོན་ནས་ཕན་ཚུན་དུ་འཁོར་འཁོར་བ་ལས་བུ་མོ་ཁུར་བ་ཁྱེར་བ་ཞིག་མཐོང་ངོ་། །དེ་ནས་སྤྲང་པོ་དེས་ཁུར་བ་འདོད་པའི་ཕྱིར་བུ་མོ་དེ་བསྙགས་ཏེ་ནན་གྱིས་ཁུར་བ་ཅིག་ཕྲོགས་ནས་ཕན་ཚུན་དུ་བྲོས་སོ། །བུ་མོ་དེ་ཡང་དེའི་ཕྱི་བཞིན་དུ་འབྲང་བཞིན་ནོ། །དེ་ནས་སྤྲང་པོ་དེས་ཚམ་ཚོམ་མེད་པར་ཆུ་ཀླུང་ཟློག་བྱེད་ལ་འབོགས་སོ། །སངས་རྒྱས་རྣམས་མི་འབྱུང་བའི་ཚེ་ན་


DKG075_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ་བས་མཐའི་གནས་མལ་གྱིས་འཚོ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་བྱུང་སྟེ། རེ་ཞིག་ན་རང་སངས་རྒྱས་ཤིག་སྤྲང་པོ་དེའི་མདུན་དུ་འོངས་སོ། །དེ་ནས་སྤྲང་པོ་དེས་རང་སངས་རྒྱས་སྤྱོད་ལམ་ཞི་བ་དེ་མཐོང་ནས་དགའ་བ་ཆེན་པོ་སྐྱེས་ཏེ། དེ་དགའ་བ་ཆེན་པོས་རང་གི་སྡུག་བསྔལ་དང་བསྔོས་ཏེ་རང་སངས་རྒྱས་ལ་ཁུར་བ་དེ་ཕུལ་ལོ། །དེ་ནས་རང་སངས་རྒྱས་དེས་དེའི་དགའ་བ་རྒྱ་ཆེན་པོ་བསྐྱེད་པའི་ཕྱིར། ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་དུ་ནམ་མཁའ་ལ་མངོན་པར་འཕགས་ནས། ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །དེ་ནས་སྤྲང་པོ་དེས་ལྷ་དང་མི་དད་པར་བྱེད་པའི་ཆོ་འཕྲུལ་ཤིན་དུ་རྨད་དུ་བྱུང་བ་དེ་མཐོང་ནས་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་བརྟུལ་ཞུགས་གྲུབ་པ་ལ་ཕུལ་བའི་དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་གང་དང་གང་དུ་སྐྱེས་པ་དེ་དང་དེར་རིགས་མཐོན་པོར་སྐྱེ་བ་དང་། འདི་ལྟ་བུའི་ཆོས་དག་ཐོབ་པར་གྱུར་ཅིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་དག་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་སྤྲང་པོར་གྱུར་པ་གང་ཡིན་པ་དེ་ནི་བཟང་ལྡན་འདི་ཡིན་ཏེ། དེས་རང་སངས་རྒྱས་ལ་ཁུར་བ་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས་ནི་ཤཱཀྱའི་རིགས་ཕྱུག་པོར་སྐྱེས་སོ། །གཞན་ཡང་སངས་རྒྱས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་དེར་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་


DKG075_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཡུལ་འཁོར་སྐྱོང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡུལ་གསུས་པོ་ཆེ་ཞེས་བྱ་བ་ན་གསུས་པོ་ཆེའི་ནགས་ཁྲོད་ན་བཞུགས་སོ། །དེའི་ཚེ་ཡུལ་གསུས་པོ་ཆེ་ན་རྒྱལ་པོ་སྒྲ་མི་སྙན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་


DKG075_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་ནས་དེའི་ནུ་བོའི་བུ་ཡུལ་འཁོར་སྐྱོང་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་ཡོད་པ་དེ་གདུལ་བའི་དུས་ལ་བབ་པར་བཅོམ་ལྡན་འདས་ཀྱིས་གཟིགས་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཅིང་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་ཡུལ་གསུས་པོ་ཆེར་བསོད་སྙོམས་ལ་གཤེགས་པ་དང་། ཡུལ་འཁོར་སྐྱོང་གིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་རབ་ཏུ་འབྱུང་བར་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། བུ་ཁྱོད་ཕ་མས་གནང་ངམ། ཡུལ་འཁོར་སྐྱོང་གིས་གསོལ་པ། བཙུན་པ་མ་གནང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ནི་ཕ་མས་མ་གནང་བར་རབ་ཏུ་འབྱུང་བའམ། བསྙེན་པར་རྫོགས་པར་མི་མཛད་དོ། །དེ་ནས་ཡུལ་འཁོར་སྐྱོང་ཕ་མའི་ཐད་དུ་སོང་སྟེ་ཕྱིན་ནས་སངས་རྒྱས་ཀྱི་བསྔགས་པ་བརྗོད་དེ། བདག་གིས་ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་རྒྱས་པ་དང་། བཙུན་མོ་དྲུག་ཁྲི་སྤངས་ནས་དབུ་སྐྲ་བྲེགས་ཏེ་ཆོས་གོས་སྣམ་སྦྱར་གསོལ་ནས་ཡུལ་གསུས་པོ་ཆེ་འདི་ཉིད་ན་བསོད་སྙོམས་ལ་རྒྱུ་ཞིང་བཞུགས་པ་མཐོང་གིས། བདག་བཅོམ་


DKG075_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་གནང་བར་མཛད་པའི་རིགས་སོ། །དེ་ནས་དེའི་ཕ་མ་གཉིས་ཀྱིས་མ་གནང་ངོ་། །དེ་ནས་དེ་ཞག་གཅིག་དང་། གཉིས་དང་། གསུམ་ནས་དྲུག་གི་བར་དུ་ཁ་འཚོས་སོ། །དེ་ནས་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་བུ་ཡུལ་འཁོར་སྐྱོང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བུ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །བུ་ཡུལ་འཁོར་སྐྱོང་ཤེས་པར་གྱིས་ཤིག། ཁྱོད་ནི་སྐྱིད་དེ་བར་འདུག་འདུག་པ་བདེ་བ་འདོད་པ་ཡིན་ཏེ། ཁྱོད་ཀྱིས་སྡུག་མ་མྱོང་བ་ཡིན་ལ་ཚངས་པར་སྤྱོད་པ་ནི་སྤྱད་པར་དཀའོ། །དབེན་པར་གནས་པ་ནི་དཀའོ། །གཅིག་པུ་འདུག་པ་ནི་དགའ་བར་བྱ་དཀའོ། །དགོན་པ་དང་། ནགས་ཁུང་དང་། བས་མཐའི་གནས་མལ་དུ་གནས་བཅའ་བ་ནི་ཡིད་ལ་བསམ་པར་ཡང་དཀས། བུ་ཡུལ་འཁོར་སྐྱོང་འདི་ཉིད་དུ་འདུག་ལ་འདོད་པ་རྣམས་ཀྱང་ལོངས་སྤྱད་པར་གྱིས་ཤིག །སྦྱིན་པ་དག་ཀྱང་བྱིན་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་དེ་སྐད་བྱས་ན་ཡང་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཅང་མི་ཟེར་རོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་ཀྱིས་ཉེ་དུ་རྣམས་ལ་བསྐུལ་ཏེ། ཀྱེ་ཉེ་དུ་རྣམས་བུ་ཡུལ་འཁོར་སྐྱོང་སློང་ཤིག་ཅེས་བྱས་སོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཉེ་དུ་རྣམས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །བུ་ཡུལ་འཁོར་སྐྱོང་ཤེས་པར་གྱིས་ཤིག །ཁྱོད་ནི་སྐྱིད་དེ་བར་འདུག་འདུག་པ་བདེ་བ་འདོད་པ་ཡིན་ཏེ། ཁྱོད་ནི་སྡུག་མ་མྱོང་བ་ཡིན་ལ་ཚངས་པར་སྤྱོད་པ་ནི་སྤྱད་པར་དཀའོ། །དབེན་པར་གནས་པ་ནི་དཀའོ། །གཅིག་པུ་འདུག་པ་ནི་དགའ་བར་བྱ་དཀའོ། །དགོན་པ་དང་། ནགས་ཁུང་དང་། བས་མཐའི་གནས་མལ་དུ་གནས་བཅའ་བ་ནི་ཡིད་ལ་བསམ་པར་ཡང་དཀས། བུ་ཡུལ་འཁོར་སྐྱོང་ཁྱོད་འདི་ཉིད་དུ་འདུག་ལ་འདོད་པ་རྣམས་ཀྱང་ལོངས་སྤྱད་པར་གྱིས་ཤིག །སྦྱིན་པ་


DKG075_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་བྱིན་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་དེ་སྐད་བྱས་ན་ཡང་། ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཅང་མི་ཟེར་རོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་ཀྱིས་ཡུལ་འཁོར་སྐྱོང་གི་གྲོགས་པོ་རྣམས་ལ་བསྐུལ་ཏེ། ཀྱེ་བྱིས་པ་དག་བུ་ཡུལ་འཁོར་སྐྱོང་སློང་ཤིག་ཅེས་བྱས་སོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་གྲོགས་པོ་རྣམས་ཡུལ་འཁོར་སྐྱོང་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་ཡུལ་འཁོར་སྐྱོང་ཤེས་པར་གྱིས་ཤིག །ཁྱོད་ནི་སྐྱིད་དེ་བར་འདུག་འདུག་པ་བདེ་བ་འདོད་པ་ཡིན་ཏེ། ཁྱོད་ནི་སྡུག་མ་མྱོང་བ་ཡིན་ལ་ཚངས་པར་སྤྱོད་པ་ནི་སྤྱད་པར་དཀའོ། །དབེན་པར་གནས་པ་ནི་དཀའོ། །གཅིག་པུ་འདུག་པ་ནི་དགའ་བར་བྱ་དཀའོ། །དགོན་པ་དང་། ནགས་ཁུང་དང་། བས་མཐའི་གནས་མལ་དུ་གནས་བཅའ་བ་ནི་ཡིད་ལ་བསམ་པར་ཡང་དཀས། དེས་པ་ཡུལ་འཁོར་སྐྱོང་ཁྱོད་འདི་ཉིད་དུ་འདུག་ལ་འདོད་པ་རྣམས་ཀྱང་ལོངས་སྤྱད་པར་གྱིས་ཤིག །སྦྱིན་པ་དག་ཀྱང་བྱིན་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་དེ་སྐད་བྱས་ན་ཡང་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཅང་མི་ཟེར་རོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་གྲོགས་པོ་རྣམས་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་གཉིས་མཁྱེན་པར་མཛོད་ཅིག །དེས་པ་ཡུལ་འཁོར་སྐྱོང་གུམ་ན་ཅི་རུང་གིས་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་དུ་སྩོལ་ཅིག་དང་། གལ་ཏེ་རབ་ཏུ་འབྱུང་བ་ལ་དགའ་བར་གྱུར་ན་ནི་གསོན་པོར་མཆིས་ན་ནི་ཁྱོད་ཀྱིས་གཟིགས་པར་འགྱུར་གྲང་། གལ་ཏེ་དགའ་བར་མ་གྱུར་ན་ནི་བུ་འགྲོ་བའི་ས་ཕ་མ་མ་གཏོགས་པ་གཞན་མ་མཆིས་སོ། །ཕ་མ་གཉིས་ཀྱིས་སྨྲས་པ། བྱིས་པ་དག་གལ་ཏེ་བུ་ཡུལ་འཁོར་སྐྱོང་རབ་ཏུ་བྱུང་བའི་འོག་ཏུ་ངེད་དང་ཕྲད་དུ་འོང་ན་ནི་དེ་


DKG075_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གནང་ངོ་། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་གྲོགས་པོ་རྣམས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་ཡུལ་འཁོར་སྐྱོང་ཁྱེད་རབ་ཏུ་འབྱུང་བར་ནི་ཕ་མ་གཉིས་ཀྱིས་གནང་མོད་ཀྱི། གལ་ཏེ་རབ་ཏུ་བྱུང་བའི་འོག་ཏུ་ཕྲད་དུ་འོང་ན་གདོད་གནང་ངོ་ཞེས་ཟེར་རོ། །ཡུལ་འཁོར་སྐྱོང་གིས་སྨྲས་པ། ཀྱེ་ཕྲད་པར་བགྱིའོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཁད་ཀྱིས་ལུས་ཀྱི་མཐུ་དང་སྟོབས་བསྐྱེད་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་ཕ་མས་གནང་ལགས་ན་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་། བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ་ཞེས་གསོལ་ནས། རིགས་ཀྱི་བུ་ཡུལ་འཁོར་སྐྱོང་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ་པར་གྱུར་ཏོ། །དེ་དེ་ལྟར་རབ་ཏུ་བྱུང་ནས་དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་


DKG075_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་དགོན་པ་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་ཡུལ་འཁོར་སྐྱོང་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཡུལ་འཁོར་སྐྱོང་གིས་ལས་གང་དག་བགྱིས་ན་དེས་ཕྱུག་པོའི་རིགས་སུ་སྐྱེས་ཏེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཡུལ་འཁོར་སྐྱོང་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཡུལ་འཁོར་སྐྱོང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ལུས་འཕགས་


DKG075_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་པོ་ཕོ་བྲང་འཁོར་གྱི་མི་དང་བཅས་པ་ཕ་རོལ་གྱི་དམག་ཚོགས་བྱུང་སྟེ། ཅི་བྱ་གཏོལ་མེད་ནས་ནགས་ཁུང་དུ་ཞུགས་ཏེ། དེ་ཉི་མ་གུང་ལ་ཉི་མའི་འོད་ཟེར་ཚ་བས་གདུངས་ནས་དཔུང་གི་ཚོགས་དང་བཅས་ཏེ་ཕན་ཚུན་འཁོར་འཁོར་ནས་ལམ་ཡང་མ་རྙེད་དོ། །སངས་རྒྱས་རྣམས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་ན་རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་གྱིས་འཚོ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། རེ་ཞིག་ན་རང་སངས་རྒྱས་ཤིག་དགོན་པའི་ལམ་དེ་ན་གནས་པ་དེས་སྙིང་རྗེ་བསྐྱེད་ནས་ལུས་འཕགས་ཀྱི་རྒྱལ་པོ་དེ་ལ་ལམ་ཡང་བསྟན། ཆུའི་ལྟེང་ཀ་ཡང་བསྟན་ནས་དེས་རྒྱལ་པོ་དེ་འཁོར་དང་བཅས་པའི་སྲོག་ཕངས་པ་བསྐྱངས་སོ། །དེ་ནས་རྒྱལ་པོ་དེ་དད་པ་སྐྱེས་ནས་རང་གི་གྲོང་ཁྱེར་དུ་ཁྲིད་དེ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་སོ། །མྱ་ངན་ལས་འདས་པའི་འོག་ཏུ་ཡང་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག །འདི་བས་ཀྱང་ཆེས་ཁྱད་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ཡུལ་འཁོར་སྐྱོང་འདི་ཡིན་ནོ། །དགེ་སློང་དག་ཡུལ་འཁོར་སྐྱོང་གིས་ནི་ལས་གཞན་དག་ཀྱང་བྱས་ཤིང་བསགས་ཏེ། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་


DKG075_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཀྲཱི་ཀཱི་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་ནས་དེའི་བུ་ཐ་ཆུངས་དྲང་སྲོང་སྨྲ་བར་སོང་བ་དང་། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་འོད་སྲུང་གིས་དེ་ལ་ཆོས་བསྟན་ཏེ། དེ་དད་པ་སྐྱེས་པས་བཅོམ་ལྡན་འདས་འོད་སྲུང་འཁོར་དང་བཅས་པ་ལ་བསྙེན་བཀུར་བྱས་ཏེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བླངས་སོ། །ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་མཆོད་རྟེན་ལ་གདུགས་བུ་ཆུང་བཏགས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་བུར་གྱུར་པ་གང་ཡིན་པ་དེ་ནི་ཡུལ་འཁོར་སྐྱོང་འདི་ཉིད་ཡིན་ནོ། །ཡུལ་འཁོར་སྐྱོང་གིས་ནི་ལས་གཞན་དག་ཀྱང་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་བྲམ་ཟེ་ལས་


DKG075_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྩ་བ་རྐོ་བ་ཞིག་གནས་པ་དེ། རེ་ཞིག་ལ་རྩ་བ་རྐོར་སོང་སྟེ་ནགས་ཁྲོད་དུ་འཁོར་འཁོར་བ་ལས་དེས་དེར་རང་སངས་རྒྱས་ནད་པ་ཞིག་མཐོང་ངོ་། །དེ་ནས་དེ་དད་པ་སྐྱེས་ཏེ་དེ་ལ་བསྙེན་བཀུར་བྱས་ནས་གང་གི་ཚེ་ནད་སོས་པ་དེའི་ཚེ་ཡང་བཤོས་གསོལ་ཏེ་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྩ་བ་རྐོ་བའི་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི་ཡུལ་འཁོར་སྐྱོང་འདི་ཉིད་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་འཁོར་བ་ན་ནམས་ཀྱང་སྡུག་བསྔལ་མྱོང་བ་མེད་པར་གྱུར་ལ་ད་ལྟར་ཡང་རྒྱལ་པོའི་རིགས་ཕྱུག་པོར་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏོ། །རྒྱུ་དེ་ཁོ་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་དགུ་པ་རྫོགས་སྷོ།། །།


previousསྡོམ་གྱི་ཚིགས་སུ་བཅད་པ་དགུ་པ།next