Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་བདུན་བཅུ་དོན་བཞི་པ།


   
   
   
   
   
   
  collapse section
   
   
   
   
   
ལྔ་པ། བསྟན་བཅོས་ཀྱི་ལེའུ།
   
   
   
   
   
   
   
   
   
   


 
previousལྔ་པ། བསྟན་བཅོས་ཀྱི་ལེའུ།next

ལྔ་པ། བསྟན་བཅོས་ཀྱི་ལེའུ།


DKG076_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ། བམ་པོ་གསུམ་པ། དེའི་ཚེ་དེ་བཞིན་གཤེགས་པ་ཡུམ་ལྷ་མཛེས་དང་ལྷ་རྣམས་ཀྱི་དོན་དུ་ཞག་དགུ་བཅུའི་བར་དུ་ལྷ་རྣམས་ལ་ཆོས་སྟོན་དུ་གཤེགས་ཏེ། འཛམ་བུའི་གླིང་གི་མི་རྣམས་ཀྱིས་ཞག་དགུ་བཅུའི་བར་དུ། དེ་བཞིན་གཤེགས་པ་ག་ལ་བཞུགས་པ་མ་རྟོགས་སོ། །མཽང་གལ་གྱི་བུ་ཆེན་པོ་རྫུ་འཕྲུལ་གྱི་མཆོག་ཏུ་གྱུར་པས་ཀྱང་རྫུ་འཕྲུལ་གྱི་མཐུས་གཏུགས་ཏེ་ཕྱོགས་བཅུར་བརྟགས་ཀྱང་མ་རྟོགས་སོ། །འཕགས་པ་ཉེ་བར་སྐྱོང་ལྟ་བུ་ལྷའི་མིག་མཆོག་གིས་ཕྱོགས་བཅུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་བལྟས་ཀྱང་མ་མཐོང་ངོ་། །དེ་བཞིན་དུ་འཕགས་པའི་འཁོར་ལྔ་བརྒྱའི་བར་དུ་ཀུན་གྱིས་བརྟགས་ཀྱང་མ་མཐོང་ངོ་། །དེ་ལྟར་དེ་བཞིན་གཤེགས་པ་མ་མཐོང་བས་དེ་དག་མི་དགའ་སྟེ་མྱ་ངན་གྱིས་སེམས་གདུངས་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཨུ་ཏྲ་ཡ་ནས་དེ་བཞིན་


DKG076_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་མ་མཐོང་བས་མི་དགའ་བའི་སེམས་སྐྱེས་ཏེ། དེ་བཞིན་གཤེགས་པ་དྲན་པའི་ཕྱིར་གླང་མགོའི་ཤིང་ཙན་དན་ལས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ནས་ཕྱག་འཚལ་བ་དང་མཆོད་པ་བྱེད་པ་དེ་ཡང་དེ་བཞིན་གཤེགས་པ་མངོན་སུམ་དང་འདྲ་བར་བཞུགས་པར་དམིགས་ནས་མཆོད་པ་བྱས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོས་མུ་སྟེགས་ཅན་གྱི་སྟོན་པ་དྲུག་པོས་ནས་དེ་བཞིན་གཤེགས་པ་ད་ལྟར་ག་ལ་བཞུགས་ཞེས་དྲིས་ན་སྟོན་པ་དྲུག་གིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་མི་མཁྱེན་ནམ། དགེ་སྦྱོང་གཽ་ཏ་མ་ནི་སྒྱུ་འཕྲུལ་ཅན་ཡིན་ཏེ་དེ་འདྲའོ། །སྒྱུ་འཕྲུལ་གྱི་སྒྱུ་མ་ནི་བདེན་པའི་དངོས་པོ་མེད་པས་བདག་ཅག་གི་གཙུག་ལག་ལས་ལོ་སྟོང་ངམ་ཉིས་སྟོང་ན་སྒྱུ་འཕྲུལ་ཅན་སྒྱུ་མ་ཞིག་འབྱུང་ངོ་ཞེས་འཆད་པས་དགེ་སྦྱོང་གཽ་ཏ་མ་ནི་སྒྱུ་མ་དེ་ཁོ་ན་ཡིན་ནོ། །དེའི་ཚེ་འཕགས་པ་ཉེ་བར་སྐྱོང་རྒྱལ་པོ་ཆེན་པོ་ག་ལ་བར་སོང་ནས། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་མཁྱེན་ཏམ། དེ་བཞིན་གཤེགས་པ་ནི་ད་སྟེ་ཞག་བདུན་ན་སུམ་ཅུ་རྩ་གསུམ་གནམ་ནས་འཛམ་བུའི་གླིང་དུ་གཤེགས་སོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་བའི་སེམས་སུ་གྱུར་ཏེ། ཡུལ་མི་བསྡུས་ནས་ཆག་ཆག་དང་ཕྱག་དར་བྱས་ཏེ། སྤོས་དང་། མེ་ཏོག་ཀྱང་བཤམས། དར་གྱི་ལྡ་ལྡི་དང་། བ་དན་དང་། གདུགས་བྲེས་ཏེ། ཞལ་ཟས་མང་པོ་དང་། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་བཤམས་ཤིང་སྦྱར་བ་དང་། མུ་སྟེགས་ཅན་གྱི་སྟོན་པ་དྲུག་དེར་འོངས་ནས་ཁྱེད་རྣམས་འདི་ལྟར་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་བཤམས་ཤིང་སྦྱར་བ་འདི་རྒྱལ་པོ་སྤྱན་འདྲེན་ནམ། འོན་ཏེ་རྒྱལ་བུ་སྤྱན་འདྲེན་ནམ། དེ་དག་གིས་དེ་མ་ཡིན་ནོ་ཞེས་སྨྲས་པ་དང་། འོ་ན་བློན་པོ་ཆེན་པོ་འབོད་དམ། བྲམ་ཟེའམ་ཁྱིམ་བདག་འབོད་དམ། དེ་མ་ཡིན་ན་གཉེན་བཤེས་ཀྱི་དུས་སྟོན་བྱེད་དམ། སྨྲས་པ། དེ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་གཤེགས་སུ་གསོལ་ལོ། །སྟོན་པ་དྲུག་གིས་སྨྲས་པ། སངས་རྒྱས་ཞེས་བྱ་བ་སུ་ཞིག །སྨྲས་པ། རྣམ་པ་


DKG076_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པའོ། །ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་དེ་སུ་ཞིག །སྨྲས་པ། བྱམས་པ་དང་། སྙིང་རྗེ་ཆེན་པོའི་ཡབ་བོ། །ཁྱེད་མི་ཤེས་སམ། རྒྱལ་པོ་ཟས་གཙང་མའི་རིགས་མཐོ་ཞིང་བཙུན་ལ་མཆོག་ཏུ་གྱུར་པ། ཐོག་མ་བསྐལ་པ་དང་པོ་ནས་བཙུན་མོ་ཆེན་པོའི་སྲས་གཅིག་ཅིག་གིས་གདུང་བསབས་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱས་སོ། །བར་དུ་རབས་གཉིས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མ་བྱས་མོད་ཀྱི་འཛམ་བུའི་གླིང་གི་རྒྱལ་པོ་བྱས་སོ། །རྒྱལ་པོ་དེ་ལ་སྲས་མཆེད་གསུམ་ཞིག་མངའོ། །རབ་ནི་རྒྱལ་པོ་ཟས་གཙང་མ་ཞེས་བྱ། དེའི་བར་ནི་བྲེ་བོ་ཟས་ཞེས་བྱ། དེའི་ཐ་ཆུངས་ནི་ཟས་ཟིལ་དངར་གྱི་ཟས་ཞེས་བྱའོ། །རྒྱལ་པོ་ཟས་གཙང་མ་ལ་སྲས་གཉིས་ཤིག་མངའ། ཆེན་པོ་ནི་དོན་གྲུབ་ཅེས་བྱ། སྲས་ཆུང་ངུ་ནི་དགའ་བོ་ཞེས་བྱ། རྒྱལ་པོ་བྲེ་བོ་ཟས་ལ་སྲས་གཉིས་ཤིག་མངའ། ཆེན་པོ་ནི་ལྷ་སྦྱིན་ཞེས་བྱ། སྲས་ཆུང་ངུ་ནི་ཀུན་དགའ་བོའོ། །རྒྱལ་པོ་ཟིལ་དངར་གྱི་ཟས་ལ་སྲས་མོ་གཅིག་ཡོད་དེ། བུ་མོ་ཟིལ་དངར་གྱི་རོ་ཞེས་བྱའོ། །དེའི་ཚེ་ན་སྤུན་གྱི་རབ་རྒྱལ་བུ་དོན་གྲུབ་ཕོ་བྲང་གི་ཕྱི་རོལ་དུ་འཆག་ཏུ་ལྟད་མོ་ལྟར་སོང་སོང་བ་ལས་རྒས་པ་དང་། ན་བ་དང་། ཤི་བ་དག་མཐོང་ནས་མི་དགའ་བར་གྱུར་ཏེ། ཁ་ཟས་ཀྱང་མི་ཟ་ཞིང་སྙིང་རྗེའི་སེམས་ཀྱིས་སེམས་པ་ལ་ཞུགས་ཏེ། མིར་སྐྱེས་པ་ལ་མཐོན་དམན་མེད་པར་གཟུགས་སུ་རེད་པ་ཐམས་ཅད་ལ་དེ་འདྲ་བའི་ནད་དང་སྐྱོན་ཡོད་དེ་གཅིག་ཀྱང་མི་ཐར་རོ་སྙམ་བསམས་ནས། མཚན་མོ་ཕོ་བྲང་ནས་བྲོས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ལོ་དྲུག་གི་བར་དུ་སྤྱོད་པ་དཀའ་བ་སྤྱད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བར་གྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན་ཞེས་མངོན་པར་སངས་རྒྱས་ཏེ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅྭ་བརྒྱད་དང་ལྡན་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བར་གྱུར་ཏོ། །བལྟམ་ནས་ཞག་བདུན་ལོན་ནས་ཡུམ་ལྷ་མཛེས་དུས་བྱས་ཏེ། སུམ་ཅུ་རྩ་གསུམ་གནམ་གྱི་ལྷའི་ནང་དུ་སྐྱེས་ནས་ཡུམ་ལ་ཞག་


DKG076_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་བཅུའི་བར་དུ་ཆོས་བཤད་དེ། ད་སྟེ་ཞག་བདུན་ན་འཛམ་བུའི་གླིང་དུ་གཤེགས་སོ། །དེའི་ཚེ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་གིས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཕྲག་དོག་གི་སེམས་སྐྱེས་ཏེ། རབ་ཏུ་མི་དགའ་བའི་མྱ་ངན་གྱིས་གདུངས་ནས་སྟོན་པ་དྲུག་འཁོར་དང་བཅས་པ་ལྷན་ཅིག་ཏུ་འདུག་སྟེ་འདི་སྐད་ཅེས་བགྲོས་སོ། །དགེ་སྦྱོང་གཽ་ཏ་མ་གལ་ཏེ་འཛམ་བུའི་གླིང་འདིར་ཕྱིན་ཏེ་འོངས་ན་མི་ཐམས་ཅད་ཀྱིས་བདག་ཅག་སྤོང་ཞིང་དགེ་སྦྱོང་གཽ་ཏ་མ་ལ་མཆོད་པ་བྱེད་པར་འགྱུར་བས་བདག་ཅག་ནི་བྲེལ་ཞིང་ཕོངས་ལ་སྲོག་ལ་བབ་པར་འགྱུར་རོ་ཞེས་བགྲོས་ནས། མུ་སྟེགས་ཅན་གྱི་སྟོན་པ་དྲུག་གིས་ཡང་འདི་སྙམ་བསམས་སོ། །བདག་ཅག་མི་མང་པོ་འདུས་པའི་གནས་སུ་མྱུར་དུ་སོང་ལ་མི་མང་པོའི་ནང་དུ་འདི་སྐད་ཅེས་བསྒྲག་པར་བྱའོ། །དེ་སྐད་ཀུན་ཤེས་པར་གྱིས། དགེ་སྦྱོང་གཽ་ཏ་མ་ནི་ཡང་དག་པར་ན་ཅི་ཡང་ཤེས་པ་མེད་དེ། བྱིས་པ་ཆུང་ངུ་ན་ཁ་ཉག་གཅིག་ཤཱག་རིགས་ཀྱི་ཕོ་བྲང་ནས་བྱུང་སྟེ། བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་འདུག་ནས་ང་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པོ་ཞེས་ཟེར་ཏེ། ཚིག་དེ་ནི་བརྫུན་ཏེ་བདེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཨ་ཁྱི་ཏས་བསོད་སྙོམས་སྦྱིན་པར་བོས་ནས་རྟ་ཆས་འབའ་ཞིག་བྱིན་ཏེ་ངན་དུ་བྱས་ཀྱང་མ་ཤེས་ཏེ་དེར་སོང་བས་ན་ཐམས་ཅད་མཁྱེན་པ་མ་ཡིན་ནོ། །གཞན་ཡང་ཀུན་དགའ་བོ་ལ་ད་སྟེ་ཞག་དུ་ན་ཚུལ་དུ་འཇུག་ཅེས་དྲིས་ན། ཀུན་དགའ་བོས་ཞག་བདུན་ཞིག་ལུས་ཞེས་སྨྲས་སོ། །ཡང་ཀུན་དགའ་བོ་ལ་ཀུན་དགའ་ར་བ་ན་བྱ་མང་པོ་ཅིའི་ཕྱིར་ཅ་ཅོའི་སྐད་འབྱིན་ཅེས་དྲིས་ན། བྱ་མང་པོ་ཟས་གཏོད་པའི་ཕྱིར་རོ་ཞེས་སྨྲས་སོ། །བཙས་ནས་ཞག་བདུན་ལོན་ནས་མ་ཡང་ཤི་བར་གྱུར་པས་དེ་དང་སྦྱར་ན་ཐམས་ཅད་ཤེས་པ་མ་ཡིན་ནོ། །བཀྲ་མི་ཤིས་ཏེ་ཤིན་ཏུ་སྡིག་པ་ཅན་ཡིན་ནོ། །དེར་ཅིས་མངོན་ཞེ་ན། བཙས་མ་ཐག་ཏུ་མ་ཡང་ཤིའོ། །ཡང་གཅིག་ཏུ་ན་སྲི་ཞུས་ཕ་ལ་རིམ་གྲོ་བྱེད་པའི་རིགས་ན། རིམ་གྲོ་མི་བྱེད་པར་རི་ལ་ལངས་ཏེ་སོང་བ་ལས་དྲིན་མི་ཤེས་པ་ཡིན་ནོ། །ཡབ་རྒྱལ་པོས་བཙུན་མོ་སྐྱེ་དགུའི་བདག་མོ་


DKG076_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པ་ལས་ཆུང་མའི་ཚུལ་དུ་མ་བྱས་ཏེ། བཙུན་མོ་སྐྱེ་དགུའི་བདག་མོ་སྡུག་བསྔལ་ཆེན་པོ་མྱོང་བར་བྱས་པས་དྲིན་མི་ཤེས་ཤིང་དྲིན་མི་དྲན་པ་ཡིན་ནོ། །དགེ་སྦྱོང་གཽ་ཏ་མའི་འཁོར་ནི་བཟང་ངན་མེད་དེ་སློབ་མ་ལྔ་བརྒྱ་པོ་ཡང་སོ་སོ་ནས་ང་ནི་མཆོག་ཡིན་ནོ། །ཞེས་ཟེར་ཏེ། མཁན་པོ་ལ་ཡང་ཆོས་ལུགས་མེད་པས་སློབ་མ་ལ་ཡང་ཆོས་ལུགས་སམ་སྤྱོད་པའི་ལས་མེད་དོ། །ཆུང་ངུ་ན་སྟན་འདིངས་པའི་མི་དགེ་སློང་ཐ་བྱེའུ་ལྟ་བུ་ཡང་ང་ནི་ཀུན་གྱི་མཆོག་ཡིན་ནོ་ཞེས་ཟེར། ཡིད་གཞུངས་ཤིང་ཤེས་རབ་ཆེ་བ་བློ་རྣོ་བའི་མཆོག་ཤཱ་རིའི་བུ་ལྟ་བུ་ཡང་དེ་ན་ཡོད། ཤེས་རབ་རྟུལ་བ་ཤེས་པ་མེད་པ་དགེ་སློང་ཕན་ཐིག་དེ་ཡང་དེ་ལ་འཇུག །ཆུང་ངུ་ན་འདོད་ཆགས་ཆུང་བ་དགེ་སློང་མ་གྲགས་འཛིན་ཡང་དེ་ལ་འཇུག །མཉན་དུ་ཡོད་པ་ན་སྦྲུལ་འཚོང་མ་མ་རུང་མ་ཨུད་པ་ལའི་མདོག་ཀྱང་དེ་ལ་འཇུག །ཆུང་ངུ་ན་ཤེད་མ་བྱེ་བ་ཤེས་པ་མེད་པ་བུས་པ་ཙུན་ད་ཡང་དེ་ལ་འཇུག །ནང་གི་རྒས་འཁོགས་པ་དེ་སུ་བར་ཏ་ལ་ཞེས་བྱ་བ་ལོ་བརྒྱ་ཉི་ཤུ་ལོན་པ་དེ་ཡང་དེ་ལ་འཇུག །རིགས་བཙུན་པ་ཆེ་བ་ཤཱཀ་རིགས་ཀྱང་དེ་ལ་འཇུག །མཉན་དུ་ཡོད་པ་ན་ནང་གི་རིགས་ངན་ཕྱག་དར་ལུང་སྐྱེད་པ་ཡང་དེ་ལ་འཇུག་སྟེ། དེ་བས་ན་དགེ་སྦྱོང་གཽ་ཏ་མའི་ཆོས་ནི་གོ་འདུན་བསྡུས་པ་བཟང་ངན་མེད་པ་སྟེ། མཆོད་པར་འོས་པའམ། བཀུར་སྟིར་བྱ་བའི་གནས་མ་ཡིན་ནོ། །དཔེར་ན་རླུང་ཆེན་པོ་ལངས་ན་ཤིང་ལོ་མའམ་འདབ་མ་ཐམས་ཅད་ལྷན་ཅིག་འཕུངས་པ་ལྟར་སངས་རྒྱས་ཀྱི་ཆོས་ཀྱང་དེ་དང་འདྲའོ། །དཔེར་ན་བྱ་མང་པོ་ནི་མིས་བོར་བའི་ཁ་ཟས་སམ་བར་བུར་ལ་འདུ་བ་ལྟར་དགེ་སྦྱོང་གཽ་ཏ་མའི་འཁོར་ཡང་དེ་དང་འདྲ་སྟེ། རྙེད་རྙེད་ལེན་ཅིང་ཟའོ། །དེ་བས་ན་ཁྱེད་རྣམས་ཅིའི་ཕྱིར། དགེ་སྦྱོང་གཽ་ཏ་མ་ལ་མཆོད་པ་བྱ་བར་སེམས་ཞེས་བསྒྲགས་སོ། །དེའི་ཚེ་ན་མི་མང་པོས་དེ་སྐད་སྨྲས་པ་ཐོས་ཀྱང་། དཔེར་ན་ས་ཆེན་པོ་བསྐྱོད་དུ་མེད་པ་བཞིན་དེ་བཞིན་གཤེགས་པ་ལ་སྐོམ་པས་གདུངས་པ་ཙམ་དུ་མོས་ཤིང་འདུད་པའི་སེམས་མ་ནུར་ཏོ། །འཁོར་མང་པོ་རྣམས་སུ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་གིས་སྨྲས་པའི་ཚིག་གིས་སེམས་ཕྱིར་མ་ནུར་བ་ནི་ཇི་ལྟར་


DKG076_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྟར་བརྟན་པར་གྱུར་ཏེ། སྐྱེད་བྲི་མེད་པས་དེ་བཞིན་གཤེགས་པ་ལ་སྐོམ་པས་གདུངས་པ་ལྟར་མོས་ཤིང་དད་པས་ཞག་བདུན་ལོན་ནས། དེ་བཞིན་གཤེགས་པ་ཡང་སུམ་ཅུ་རྩ་གསུམ་གནམ་ནས་སླར་འཛམ་བུའི་གླིང་དུ་གཤེགས་ཏེ། ལྷའི་འཁོར་གྲངས་མེད་པ་བརྒྱ་སྟོང་གིས་བསྐོར་ཅིང་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་ཀུན་ཏུ་སྣང་ལ་གསལ་བར་བྱས་ནས་ལྷའི་རོལ་མོ་ཚད་མེད་པ་བརྒྱ་སྙེད་ཀྱིས་མཆོད་པ་ནས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་བར་དུ་ཐམས་ཅད་འདུས་ཏེ་ཕྱག་འཚལ་ནས་མཆོད་པ་བྱས་སོ། །དེའི་ཚེ་རྒྱལ་པོ་ཨུད་ཏྲ་ཡ་ན་ཡང་འཁོར་དང་བཅས་ཏེ། རྒྱང་མ་ནས་དེ་བཞིན་གཤེགས་པ་བསུ་ནས་མགོ་བོས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་མུ་སྟེགས་ཅན་གྱི་སྟོན་པ་དྲུག་ཀྱང་ཕྱོགས་གཅིག་ཏུ་འདུས་ནས་འདི་སྙམ་དུ་སེམས་པར་གྱུར་ཏོ། །བདག་ཅག་གི་བྱུར་ཞེས་བྱ་བ་འདིར་འོངས་ཏེ། མི་མང་པོའི་ནང་དུ་དེ་སྐད་ཅེས་བསྒྲགས་ཀྱང་ཡིད་ཆེས་ལ་མ་ཕན་པས། ད་ནི་བདག་ཅག་གིས་ལྷ་དང་མིའི་ཚོགས་པའི་ནང་དུ་བསྒྲགས་ན་བྱེ་བྲག་མ་ཕྱེད་དོ་སྙམ་བསམས་སོ། །དེའི་ཚེ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་གིས་དེ་སྙམ་བསམས་ནས་འཁོར་བརྒྱ་སྟོང་སྙེད་དང་མདུན་གྱིས་བྱས་ཏེ། འཁོར་མང་པོ་འདུས་པའི་ནང་དུ་འོངས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་ན་དྲི་ཟའི་བུ་ཆོས་ཀྱི་ཕྲེང་བ་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་པི་བང་ཐོགས་ནས་དེ་བཞིན་གཤེགས་པ་གང་ན་བར་འོངས་ཏེ་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འདུག་ནས་གླུ་དང་བཅས་པའི་རོལ་མོ་བྱས་ནས་རོལ་མོའི་སྒྲ་སྐད་ཤིན་ཏུ་སྙན་པ་དེས་འཁོར་ཐམས་ཅད་ཀྱི་ཡིད་ཀྱང་ཚིམ་པར་གྱུར་ཏེ། ཉན་ཐོས་ཤཱ་རིའི་བུ་ལ་སོགས་པ་མ་ཚོར་བར་ལུས་བསྐྱོད་ཅིང་གཡོས་ཏེ་གར་བྱས་པར་གྱུར། རི་རབ་ལྷུན་པོ་ཡང་འགུལ་ཞིང་གཡོས་པར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་


DKG076_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཚན་མ་ཡོད་ཅེས་བྱ་བའི་ཏིང་ངེ་འཛིན་དུ་ཞུགས་ནས་ཏིང་ངེ་འཛིན་དེའི་མཐུས་པི་བང་གི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་གྲགས་ཤིང་། པི་བང་གི་སྒྲ་དེ་ལས་སྡུག་བསྔལ་བ་དང་། སྟོང་པ་དང་། མི་རྟག་པ་དང་། མི་གཙང་བ་དང་། བདག་མེད་པ་ཞེས་བྱ་བའི་སྒྲ་བྱུང་སྟེ། སེམས་ཅན་ཐམས་ཅད་ཀྱིས་རོལ་མོའི་སྒྲ་དེ་ལས་དེ་བཞིན་གཤེགས་པའི་དྲིན་གཟོ་བ་དང་། དྲིན་ལན་བསབ་པ་དང་། བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་ཕ་མ་ལ་སྲི་ཞུ་བྱ་བའི་སྒྲ་གྲག་པར་གྱུར་ཏོ། །སྒྲ་དེ་ཐོས་པའི་སེམས་ཅན་ཐམས་ཅད་འཛམ་བུའི་གླིང་དུ་སངས་རྒྱས་ག་ན་བ་དེར་ལྷགས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་དུ་ཞུགས་པ་ལ་འཁོར་མང་པོ་རྣམས་མིག་མི་འཛུམས་པར་དེ་བཞིན་གཤེགས་པ་ལ་བལྟ་ཞིང་ཅང་མི་སྨྲ་བར་འཁོད་པ་ལས། འཁོར་གྱི་དཀྱིལ་འཁོར་དེ་ཉིད་དུ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་རྒྱལ་མཚན་དང་། བ་དན་གྲངས་མེད་པས་བརྒྱན་པ། རིན་པོ་ཆེའི་དྲིལ་བུ་བརྒྱ་སྟོང་གིས་བཏགས་པ། རླུང་གིས་བསྐྱོད་ན་ཤིན་ཏུ་སྒྲ་སྙན་པ་འབྱུང་བ། སའི་ནང་ནས་བྱུང་བ་ནམ་མཁའ་ལ་འཕགས་ཏེ་གནས་སོ། །དེའི་ཚེ་འཁོར་མང་པོ་ཐམས་ཅད་རིན་པོ་ཆེའི་མཆོད་རྟེན་ས་ལས་བྱུང་བ་དེ་ལ་ཐེ་ཚོམ་དུ་གྱུར་ཏེ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་རིན་པོ་ཆེའི་མཆོད་རྟེན་འདི་ལྟ་བུ་ས་ལས་བྱུང་སྙམ་ཐེ་ཚོམ་དུ་གྱུར་ཏེ། ཤཱ་རིའི་བུ་ལ་སོགས་པའི་ཤེས་པའི་བློས་གཏུགས་ཏེ་བརྟགས་ཀྱང་མ་རྟོགས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཉིད་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་བར་དུ་ཡང་མ་རྟོགས་སོ། །དེ་ནས་མུ་སྟེགས་ཅན་གྱི་སྟོན་པ་དྲུག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་རིན་པོ་ཆེའི་མཆོད་རྟེན་འདི་ལྟ་བུ་བྱུང་བར་གྱུར་པ། མི་གཞན་ཞིག་གིས་གལ་ཏེ་བདག་ཅག་ལ་དྲིས་ལ། ཅི་དེ་དག་གིས་མ་ཤེས་ན་ཐམས་ཅད་མཐོང་ཞིང་ཤེས་པ་ཞེས་ཀྱང་ཇི་སྐད་བྱ། ད་དགེ་སྦྱོང་གཽ་


DKG076_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་མས་འཁོར་མང་པོ་ལ་མྱུར་དུ་བསྟན་ཅིང་བཤད་ན་ཅི་མ་རུང་སྙམ་པར་སེམས་པར་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་པ་དང་། བརྒྱ་བྱིན་ལྷའི་དབང་པོ་སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་དང་། སེང་གེའི་ཁྲི་བཤམས་ཏེ་ལྷ་རྫས་ཀྱི་གོས་བཏིང་ངོ་། །དེ་ནས་དེ་བཞིན་གཤེགས་པ་སེང་གེའི་ཁྲི་ལ་ཇི་ལྟར་རི་རབ་ལྷུན་པོ་རྒྱ་མཚོའི་ནང་ན་གནས་པ་བཞིན་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བྱམས་པས་འཁོར་མང་པོ་ཐེ་ཙོམ་དུ་གྱུར་པ་ཡང་སེམས་ཀྱིས་ཤེས། བདག་ཀྱང་ཐེ་ཙོམ་དུ་གྱུར་ཏེ། མ་རྟོགས་པས་སྟན་ལས་ལངས་ནས་སངས་རྒྱས་གང་ན་བར་ལོགས་སུ་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་རིན་པོ་ཆེའི་མཆོད་རྟེན་འདི་ལྟ་བུ་བྱུང་བར་གྱུར་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་སྔོན་འདས་པ་བསྐལ་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས་སོ་སོའི་སྐྱེ་བོ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟེན་པར་བྱས་སོ། །སངས་རྒྱས་དེ་མྱ་ངན་ལས་འདས་ནས་གཟུགས་བརྙན་གྱི་ཆོས་ལ་སྤྱོད་པའི་ཚེ་ཡུལ་བཱ་རཱ་ཎ་སཱི་ཞེས་བྱ་བ་ཞིག་ཡོད་དེ། བཱ་རཱ་ཎ་སཱི་ཞེས་བྱ་བའི་རྒྱལ་པོ་ཆེན་པོ་དེ་མཁས་པའི་བློ་དང་ལྡན་ཞིང་རྟག་ཏུ་དྲང་བའི་ཆོས་ཀྱིས་ཡུལ་གྱི་སྲིད་འཚོ་སྟེ། མི་རྣམས་ཀྱང་བདེ་སྐྱིད། རྒྱལ་པོ་ཆེན་པོ་དེ་རྒྱལ་ཕྲན་དྲུག་ཅུ་ལ་དབང་བསྒྱུར་ཏེ། གྲོང་ཁྱེར་བརྒྱད་བརྒྱ་ཡོད་ཀྱང་རྒྱལ་པོ་ལ་སྲས་མེད་དོ། །དེ་ལྟར་སྲས་མེད་པས་འཇིག་རྟེན་གྱི་ལྷ་དང་། ལྷ་ཐམས་ཅད་ལ་ལོ་བཅུ་གཉིས་ཀྱི་བར་དུ་མི་ངལ་མི་སྐྱོ་བར་མཆོད་འབྲང་བྱས་པས་བཙུན་མོ་ཆེན་མོ་ལ་སྲས་ཤིག་མངའ་


DKG076_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ཏེ། ཟླ་བ་བཅུ་ཚང་ནས་སྲས་བུ་གཅིག་བལྟམ་མོ། །སྲས་བུ་དེ་ཡང་སྡུག་ཅིང་མཛེས་ལ་མཚན་ཕུན་སུམ་ཚོགས་པ་གཅིག་བཙས་མ་ཐག་ཏུ་བློན་པོ་ཆེན་པོ་རྣམས་དང་། མཐའི་རྒྱལ་པོ་རྒྱལ་ཕྲན་ཀུན་བསྡུས་ཏེ་རྒྱལ་བུའི་མཚན་བལྟས་ནས་རྒྱལ་བུ་རང་བཞིན་གྱིས་ཁྲོ་མི་ཤེས་ཤིང་དགེ་བ་ཞིག་སྟེ། མཚན་ཡང་རྒྱལ་བུ་བཟོད་པ་ཞེས་བཏགས་སོ། །རྒྱལ་བུ་བཟོད་པ་དེ་ཆེར་སྐྱེས་ནས་སྦྱིན་པ་སྦྱིན་པ་ལ་དགའ་ཞིང་མཁས་པའི་བློ་དང་ལྡན་ཏེ། སེམས་ཅན་མང་པོ་ལ་སྙིང་རྗེའི་སེམས་ཆེར་སྐྱེས་སོ། །དེའི་ཚེ་ན་རྒྱལ་པོ་ཆེན་པོ་དེ་ལ་བློན་པོ་ཆེན་པོ་རང་བཞིན་གྱིས་ཁྲོ་བ། གཡོ་དང་སྒྱུས་འཚོ་བ། ཉེས་པ་མེད་པར་སྟབས་ལས་གཅོད་པ་ཀུན་གྱིས་མི་འདོད་ཅིང་སྙིང་དུ་མི་སྡུག་པ་དྲུག་ཞིག་ཡོད་དོ། །བློན་པོ་ཆེན་པོ་དྲུག་པོ་དེ་དག་བདག་གི་ལུས་ལ་སྐྱོན་ཡོད་པར་ཤེས་ནས་རྟག་ཏུ་ཕྲག་དོག་བྱེད་དོ། །རྒྱལ་བུ་དེ་ལ་མི་དགའོ། །དེའི་ཚེ་རྒྱལ་པོ་ཆེན་པོ་ནད་ཚབས་ཆེན་པོས་བཏབ་ནས་ནད་ཀྱིས་གཟིར་ཏེ། ཉམ་ཆུང་ཞིང་རིད་པར་གྱུར་པས་སྲོག་ལ་བབ་ཏུ་ཉེ་བ་དང་། རྒྱལ་བུ་བཟོད་པས་བློན་པོ་རྣམས་ལ་ཡབ་རྒྱལ་པོ་སྙུན་ཚབས་ཆེའམ། སྐུ་ཚེའི་བར་ཆད་དུ་མི་འགྱུར་རམ་ཞེས་དྲིས་ན། བློན་པོ་རྣམས་ཁྲོས་ཏེ་རྒྱལ་བུ་ལ་རྒྱལ་པོའི་སྐུ་ཚེ་རིང་པོ་མི་ཐོགས་སོ་ཞེས་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། སྨན་བཟང་པོ་མི་རྙེད་པས་དེ་བས་ན་སྐུ་ཚེ་ཡང་རིང་པོ་མི་ཐོགས་སོ། །རྒྱལ་བུས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་མི་དགའ་བའི་སེམས་སུ་གྱུར་ཏེ། འཁམས་ནས་ས་ལ་འགྱེལ་བ་དང་། བློན་པོ་ཆེན་པོ་དྲུག་པོ་གནས་དབེན་པར་སོང་ནས་འདི་སྐད་ཅེས་བགྲོས་སོ། །རྒྱལ་བུ་བཟོད་པ་འདི་མེད་པར་མ་བྱས་ན་བདག་ཅག་ནམ་དུ་ཡང་བདེ་བར་མི་འགྱུར་རོ་སྙམ་བསམས་ཤིང་བགྲོས་པ་ལས། བློན་པོ་གཅིག་གིས་སྨྲས་པ། རྒྱལ་བུ་འདི་ལ་ཉེས་པ་ཡེ་མེད་ན་ཇི་ལྟར་མེད་པར་བྱ། བློན་པོ་གཅིག་གིས་སྨྲས་པ། བདག་ལ་རྒྱལ་བུ་མེད་པར་བྱ་བའི་ཐབས་ཡོད་དོ་ཞེས་སྨྲས་ནས་རྒྱལ་བུ་གང་ན་བ་དེར་སོང་ནས་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་མཐའི་རྒྱལ་ཕྲན་དྲུག་ཅུའི་ཡུལ་དང་། གྲོང་ཁྱེར་བརྒྱད་


DKG076_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱའི་ནང་དུ་སྨན་བཙལ་ཡང་རྙེད་པར་མ་གྱུར་ཏོ། །རྒྱལ་བུས་སྨྲས་པ། རྒྱལ་པོའི་སྨན་དུ་ཅི་ཞིག་དགོས་ན་དེ་ལྟར་མི་རྙེད་ཅེས་བསྒོ་བ་དང་། བློན་པོས་སྨྲས་པ། རྒྱལ་བུ་མཁྱེན་ཏམ། རྒྱལ་པོའི་སྨན་དུ་གཅེས་པ་ནི་ཐོག་མ་བཙས་ནས་ཐ་མ་སྐྱེས་ཀྱི་བར་དུ་ཁྲོ་མི་ཤེས་པའི་མིའི་མིག་གི་འབྲས་བུ་དང་། རྐང་དགོས་ཏེ། སྨན་འདི་ལྟ་བུ་རྙེད་ན་རྒྱལ་པོའི་སྲོག་འཚོའི་གལ་ཏེ་མི་རྙེད་ན་མི་འཚོ་བས། འདི་ལྟ་བུ་ནི་གང་ནས་ཀྱང་མ་བྱུང་ངོ་། །རྒྱལ་བུས་དེ་སྐད་སྨྲས་པ་ཐོས་ནས་མི་དགའ་ཞིང་མྱ་ངན་གྱིས་སེམས་སྐྱེས་ཏེ་བློན་པོ་རྣམས་ལ་དེ་ནི་ད་ལྟར་བདག་དེ་དང་ལྡན་ནོ་ཞེས་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ནི་ཐོག་མ་བཙས་ནས་ད་ཙམ་གྱི་བར་དུ་ཁྲོ་མ་མྱོང་ངོ་། །བློན་པོས་སྨྲས་པ། རྒྱལ་བུ་དེ་དང་ལྡན་ཡང་དོན་འདི་ནི་ཤིན་ཏུ་བྱ་དཀའ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་བདག་གི་ལུས་ལས་ཕངས་པ་མེད་པའི་ཕྱིར་རོ། །རྒྱལ་བུས་སྨྲས་པ། བློན་པོ་ཁྱོད་སྨྲ་བ་ལྟར་མ་ཡིན་ཏེ། ཡབ་རྒྱལ་པོ་སྙུང་བ་ལས་འཚོ་བར་འགྱུར་ན་ལྟ་བདག་གིས་ལུས་བརྒྱ་སྟོང་གཏོང་ན་ཡང་ནུས་ཏེ་དཀའ་བ་མ་ཡིན་ན། བདག་གི་ལུས་མི་གཙང་བ་འདི་བཏང་བ་ལྟ་ཅི་སྨོས། བློན་པོས་སྨྲས་པ། དོན་འདི་ལྟ་བུ་དག་ནི་རྒྱལ་བུས་ཅི་མཛད་དུ་བས་སོ། །དེ་ནས་རྒྱལ་བུ་བཟོད་པ་རབ་ཏུ་དགའ་ནས་དགའ་བའི་སེམས་སྐྱེས་ཏེ། སྨན་འདིས་ཡབ་རྒྱལ་པོའི་སྙུན་འཚོ་ན་ལྟ་མྱུར་དུ་བྱ་བའི་དུས་ལ་བབ་བོ་སྙམ་བསམས་ནས་ཕོ་བྲང་གི་ནང་དུ་སོང་སྟེ། ཡུམ་གྱི་དྲུང་དུ་ཕྱིན་ནས་ཡུམ་གྱི་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ་ཐལ་མོ་སྦྱར་བ་བཏུད་ནས་ཡུམ་ལ་འདི་སྐད་ཅེས་སྨྲས་སོ། །ད་ལྟར་བདག་གི་ལུས་འདི་ཡབ་རྒྱལ་པོའི་སྨན་དུ་བགོས་ཏེ། གལ་ཏེ་ན་སྲོག་མི་འཚོར་དོགས་པས་ཡུམ་ལ་མཆི་ཕྱག་འཚལ་གྱིས་ཡུམ་མི་དགྱེས་པར་མ་མཛད་ཅིག །ཡུམ་གྱིས་དེ་སྐད་ཅེས་སྨྲས་པ་ཐོས་ནས་འཁམས་ཏེ་ཕྱོགས་ཀྱང་བསླད་པར་གྱུར་ནས། དཔེར་ན་མི་བརྣངས་པ་མིད་དུ་ཡང་མེད་སྐྱུག་ཏུ་ཡང་མེད་པ་ལྟར་སྐྲག་ནས་རྒྱལ་བུ་པང་དུ་བླངས་ནས་ས་ལ་འགྱེལ་ཏོ། །དེ་ནས་གདོང་དུ་ཆུ་གྲང་མོ་གཏོར་ནས་རིང་ཞིག་ལོན་པ་དང་ཕྱིར་སངས་ཏེ་ཡུམ་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །ཡབ་


DKG076_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་སྐུ་ཚེ་རིང་པོར་མི་ཐོགས་ཏེ། བདག་གི་དོན་འདི་མྱུར་དུ་བསྒྲུབས་ལ་རྒྱལ་པོའི་སྐུ་ཚེ་འཚོ་བར་བགྱིའོ། །དེ་ནས་རྒྱལ་བུ་བཟོད་པས་བློན་པོ་རྣམས་དང་། རྒྱལ་ཕྲན་རྣམས་དང་། འཁོར་མང་པོ་རྣམས་ལ་བདག་མཆི་ཕྱག་བྱའོ་ཞེས་སྨྲས་སོ། །དེའི་ཚེ་བློན་པོ་ཆེན་པོས་རིགས་ངན་པའི་ཤེན་པ་གཅིག་བོས་ནས་རྒྱལ་བུའི་རུས་པ་ནི་བཅག །རྐང་ནི་ཕྱུང་། མིག་གཉིས་ཀྱི་འབྲས་བུ་ཡང་ཕྱུང་ངོ་། །དེ་ནས་བློན་པོ་དེ་དག་གིས་སྨན་དེ་དག་བརྡུངས་ནས་སྦྱར་ཏེ། རྒྱལ་པོ་ལ་བྱིན་པ་དང་། རྒྱལ་པོ་ཆེན་པོས་ཀྱང་སྨན་དེ་ཟོས་ནས་ནད་ཀྱང་སོས་པར་གྱུར་ཏོ། །རྒྱལ་པོ་ནད་སོས་ནས་བློན་པོ་རྣམས་ལ་ཁྱེད་ཀྱིས་འདི་ལྟ་བུའི་སྨན་བཟང་པོ་ངའི་ནད་སོས་ཤིང་སྲོག་ལས་ཐར་བ་ག་ལས་རྙེད་ཅེས་སྨྲས་སོ། །བློན་པོ་རྣམས་ཀྱིས་གསོལ་པ། སྨན་འདི་ནི་རྒྱལ་བུ་བཟོད་པས་སྦྱར་བ་ལགས་སོ། །བདག་ཅག་གིས་རྙེད་ཅིང་སྦྱར་བ་ནི་མ་ལགས་སོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་དངངས་ཏེ་འགྱེལ་ལོ། །ལུས་ཀྱི་བ་སྤུ་ཡང་ལངས་སོ། །བློན་པོ་རྣམས་ལ་རྒྱལ་བུ་བཟོད་པ་ད་ལྟར་ག་རེ་ཞེས་དལ་གྱིས་དྲིས་སོ། །བློན་པོས་གསོལ་པ། རྒྱལ་བུ་བཟོད་པ་ད་ལྟར་ཕྱི་རོལ་ན་ལུས་ཀྱི་རྨ་གསོ་ཞིང་མཆིས་ཏེ་སྲོག་མི་འཚོར་དོགས་སོ། །རྒྱལ་པོས་ཚིག་དེ་ཐོས་ནས་སྐད་ཆེན་པོ་ཕྱུང་ནས་ཀྱི་ཧུད་ཀྱི་ཧུད་ཅེས་སྨྲས་ནས། ལུས་ས་ལ་བརྡབས་ཏེ་ས་དང་རྡུལ་གྱིས་ལུས་ལ་གོས་ནས་ཁོ་བོ་ནི་ཡང་དག་པར་ཁྲེལ་མེད་པ་ཡིན་ཏེ། ཅིའི་ཕྱིར་བུའི་ཤ་སྨན་དུ་ཟོས་ཞེས་སྨྲས་ནས་བུ་ག་ལ་བར་སོང་བ་ལས་མ་སླེབས་པར་རྒྱལ་བུ་ཡང་ཚེ་འདས་སོ། །རྒྱལ་པོ་དང་བཙུན་མོ་དང་བློན་པོ་རྣམས་དང་འཁོར་མང་པོ་ཐམས་ཅད་ཀྱིས་བསྐོར་ཅིང་། ཡུམ་ཡང་རྒྱལ་བུའི་རོའི་སྟེང་དུ་ལུས་བརྡབས་ནས། བདག་གིས་སྔོན་སྡིག་པ་ཅི་ཞིག་བྱས་ན་བདག་གི་བུ་འདི་ལྟར་སྡུག་བསྔལ་མྱོང་བར་གྱུར། བདག་གི་ལུས་འདི་རྡུལ་དུ་བཏགས་ཀྱང་སླ་ན། ཅིའི་ཕྱིར་བུ་འདི་ཤི་བར་གྱུར་ཅེས་སྨྲེ་སྔགས་འདོན་ཏོ། །དེ་ནས་ཡབ་རྒྱལ་པོ་དང་། རྒྱལ་ཕྲན་རྣམས་ཀྱིས་སྤོས་གླང་མགོའི་ཙན་དན་སྤུངས་ཏེ་རྒྱལ་བུའི་རོ་བསྲེགས་ནས་རྒྱལ་བུའི་རུས་པ་བསྡུས་ཏེ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་སོ། །དེའི་ཚེ་


DKG076_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་རྣམས་ཤེས་པར་གྱིས་ཤིག །དེའི་ཚེ་དེའི་དུས་ན་བཱ་རཱ་ཎ་སཱིའི་རྒྱལ་པོ་ཆེན་པོ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟའོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་དེ་ནི་ད་ལྟར་ངའི་ཡབ་རྒྱལ་པོ་ཟས་གཙང་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་བཙུན་མོ་དེ་ནི་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་བཙུན་མོ་དེ་ནི་ད་ལྟར་ངའི་ཡུམ་ལྷ་མཛེས་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་བཟོད་པ་དེ་ནི་ད་ལྟར་ང་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་ཕ་མ་ལ་སྲི་ཞུ་བྱ་བའི་ཕྱིར་གོས་དང་། ཟས་དང་། བཏུང་བ་དང་། གནས་དང་། མལ་ཆ་དང་། ལུས་ཀྱི་ཤ་དང་། ཁྲག་དང་། རྐང་གི་བར་དུ་སྦྱིན་པར་བྱེད་དེ། དེའི་རྒྱུ་དེའི་རྐྱེན་གྱིས་མངོན་པར་སངས་རྒྱས་པའི་བར་དུའོ། །ད་ལྟར་རིན་པོ་ཆེའི་མཆོད་རྟེན་ས་ལས་བྱུང་བ་འདི་ནི་ངས་སྔོན་ཕ་མའི་ཕྱིར་ལུས་ཀྱི་རྐང་དང་སྲོག་གི་བར་དུ་ཕུལ་ཏེ་འདི་ཉིད་དུ་མཆོད་རྟེན་བརྩིགས་ཏེ་མཆོད་པ་བྱས་པས་ད་མངོན་པར་སངས་རྒྱས་ན་ཡང་མངོན་པར་བྱུང་ནས་སྣང་བར་གྱུར་པ་ཡིན་ནོ། །དེའི་ཚེ་ན་འཁོར་མང་པོ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་ལ་སོགས་པ་གྲངས་མེད་པ་རྣམས་དེ་སྐད་ཅེས་གསུངས་པ་ཐོས་ནས་དགའ་བ་དང་མི་དགའ་བར་འདྲེས་པར་བྱུང་སྟེ། ཐམས་ཅད་མཆི་མ་བླགས་ནས་སྐད་འཐུན་པར། དེ་བཞིན་གཤེགས་པའི་ཡོན་ཏན་བརྒྱ་སྟོང་བསྔགས་ཤིང་བསྟོད་དེ་དུས་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །གཞན་ཡང་སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་སུ་སེམས་བསྐྱེད་དོ། །དེ་མ་ཡིན་པ་གཞན་ཡང་སྐྱེ་བོ་ཚད་མེད་པ་སྙེད་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པར་གྱུར་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་ཡང་དག་པར་ཕ་མ་ལ་སྲི་ཞུ་བྱེད་པའོ། །གཞན་ཡང་


DKG076_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ནི་ཕ་མའི་ཡོན་ཏན་ཤེས་ཤིང་སྔོན་གྱི་སྨོན་ལམ་གྱིས་དེ་བཞིན་གཤེགས་པའི་སྐུ་བཙས་པར་ཤེས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་སྨོན་ལམ་རྫོགས་པར་བྱ་བའི་ཕྱིར་ཡུམ་གྱིས་ཕྱག་བྱ་བར་མི་འདོད་པའི་ཕྱིར་ཚེའི་དུས་བྱས་པ་ཡིན་ནོ། །དེའི་ཚེ་ན་འཁོར་མང་པོ་ཐམས་ཅད་ཀྱིས་ཚིག་འཐུན་པར་ཡུམ་ལྷ་མཛེས་ལ་ལེགས་སོ། །ཡུམ་ལྷ་མཛེས་དེ་བཞིན་གཤེགས་པ་ལྷ་དང་མིའི་སྟོན་པ་འཇིག་རྟེན་ན་དཔེ་ཟླ་མེད་པ་བཙས་པ་ཤིན་ཏུ་ལེགས་སོ། །དེ་ནས་དྲི་ཟའི་བུ་ཆོས་ཀྱི་ཕྲེང་བ་འདུག་པ་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་སངས་རྒྱས་གང་ན་བར་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡུམ་ལྷ་མཛེས་འདི་བསོད་ནམས་ཅི་བགྱིས་ན་ཅིའི་རྒྱུ་ཅིའི་རྐྱེན་གྱིས་དེ་བཞིན་གཤེགས་པ་བལྟམ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་ཁྱོད་ལ་བཤད་པར་བྱའོ། །སྔོན་འདས་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །སངས་རྒྱས་དེའི་དམ་པའི་ཆོས་ནུབ་ནས་གཟུགས་བརྙན་ལ་ཆོས་སྤྱོད་པའི་བར་དུ་ནུབ་པར་གྱུར་ནས། དེའི་ཚེ་ཡུལ་བཱ་རཱ་ཎ་སཱི་ཞེས་བྱ་བ་ན་འཕགས་པ་གནས་ཞེས་བྱ་བའི་རི་ཞིག་ཡོད་དེ། རི་དེ་ལ་རང་སངས་རྒྱས་ཞེས་བྱ་བ་བརྒྱ་སྟོང་སྙེད་གནས་སོ། །རི་དེ་ལ་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་གྲངས་མེད་པ་ཞིག་ཀྱང་རི་དེ་ལ་གནས་སོ། །ངས་དེ་ལྟར་འཕགས་པ་དང་དྲང་སྲོང་མང་པོ་གནས་པའི་ཕྱིར། རི་དེ་ཡང་འཕགས་པ་གནས་ཞེས་བཏགས་སོ། །རི་དེ་ལ་དྲང་སྲོང་གཅིག་ནི་རི་དེའི་ལྷོ་ཕྱོགས་ན་གནས་སོ། །དྲང་སྲོང་གཅིག་ནི་རི་དེའི་བྱང་ཕྱོགས་ན་གནས་ཏེ། དྲང་སྲོང་དེ་གཉིས་གནས་པའི་བར་ན་ཆུ་མིག་གཅིག་


DKG076_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ་ཆུ་མིག་དེའི་དྲུང་ན་ཕ་བོང་ཕྱ་ལེབ་བཟང་པོ་གཅིག་ཡོད་དོ། །དེའི་ཚེ་དེའི་དུས་གཅིག་ན་རིའི་ལྷོ་ཕྱོགས་ལོགས་ན་གནས་པའི་དྲང་སྲོང་དེ་ཕ་བོང་དེའི་སྟེང་དུ་གོས་དང་རྐང་པ་བཀྲུས་ཏེ་ཕྱིར་གནས་སུ་སོང་བ་དང་། རིང་པོ་མ་ལོན་པར་ཤ་བ་ཡུ་མོ་གཅིག་ཆུ་མིག་ལ་ཆུ་འཐུང་དུ་འོངས་པ་དང་། ཆུ་མིག་ལ་ཆུ་འཐུངས་པའི་འོག་ཏུ་ཕ་བོང་དེའི་སྟེང་ན་དྲང་སྲོང་གིས་གོས་བཀྲུས་པའི་ཁུ་བ་འཐུངས་སོ། །གོས་བཀྲུས་པའི་ཁུ་བ་འཐུངས་པའི་འོག་ཏུ་ཕྱིར་འཕོངས་རོལ་དུ་བལྟས་ཏེ་མོ་མཚན་ལ་བལྡགས་སོ། །དེ་ནས་ཤ་བ་ཡུ་མོ་དེའི་ལྟོར་བུ་ཆགས་ཏེ་ཟླ་བ་ཚང་བ་དང་། རི་དགས་ཀྱི་ཆོས་ཀྱིས་བུ་འབྱུང་བ་ན་ཐོག་མ་གནས་གང་དུ་མངལ་དུ་ཆགས་པ་དེར་བུ་འབྱིན་པས་ཆུ་མིག་གི་དངོར་འོངས་ཏེ་ཕ་བོང་དེའི་སྟེང་དུ་ངུ་ཞིང་འགྲེ་ནས་བུ་མོ་གཅིག་བྱུང་ངོ་། །དེའི་ཚེ་ན་ལྷོ་ཕྱོགས་ལོགས་ཀྱི་དྲང་སྲོང་དེས་ཤ་བ་ངུ་བའི་སྐད་ཐོས་ནས་སྙིང་རྗེ་བའི་སེམས་སྐྱེས་ཏེ་ཤ་བའི་དྲུང་དུ་ལྟར་སོང་བ་དང་། ཤ་བ་ཡུ་མོ་དེ་ལ་བུ་མོ་གཅིག་བྱུང་སྟེ་ཤ་བ་དེ་ལ་ལྡག་ཅིང་འདུག་པ་ལས་དྲང་སྲོང་དེར་འོངས་པ་དང་ཤ་བ་ཡང་བུ་བོར་ནས་སོང་ངོ་། །དེ་ནས་དྲང་སྲོང་དེ་ཤ་བ་ལ་བཙས་པའི་བུ་མོ་དེ་མཛེས་ཤིང་སྡུག་ལ། མཚན་དང་ལྡན་པར་མཐོང་བས་སྙིང་རྗེའི་སེམས་ཀྱིས་རྩྭའི་གོས་ཀྱིས་དཀྲིས་ཏེ་པང་དུ་བླངས་ནས་ཕྱིར་གནས་སུ་འོངས་ནས་ཤིང་ཏོག་དང་། འབྲས་བུ་བརྔས་ནས་གསོས་གསོས་པ་དང་། མཐར་གྱིས་ཆེར་སྐྱེས་ནས་ལོ་བཅུ་བཞི་ལོན་པ་དང་། དྲང་སྲོང་ཡང་བུ་མོ་དེ་ལ་ཤིན་ཏུ་བྱམས་ཏེ་རྟག་ཏུ་རྒྱུན་མི་འཆད་པར་མེ་གསོར་བཅུག་པ་ལས་ཉི་མ་གཅིག་ལེ་ལོ་བྱས་ནས་མེ་ཤི་བར་གྱུར་པ་དང་། དྲང་སྲོང་གིས་ཚིག་གིས་སྤྱོས་ཏེ་བུ་མོ་ཐོག་མ་བསྐྱེད་ནས་ད་ཙམ་གྱི་བར་དུ་མེ་ཤི་མ་མྱོང་ན་ཅིའི་ཕྱིར་མེ་བསད་ཅེས་གཤེས་ཏེ། རི་བྱང་ཕྱོགས་ལོགས་ན་གནས་པའི་དྲང་སྲོང་གི་ཐད་དུ་མེ་ལེན་དུ་བཏང་ངོ་། །དེ་ནས་བུ་མོ་དེས་ཕས་བསྒོ་བ་བཞིན་དུ་རི་བྱང་ཕྱོགས་ལོགས་སུ་སོང་བ་ལས་གོམ་པ་རེ་རེ་ཞིང་རྐང་པའི་འོག་ནས་པད་མོ་རེ་རེ་སྐྱེས་ཏེ། འགྲོ་བའི་རྗེས་བཞིན་ཁོད་མཉམ་པར་དངར་བ་དང་པད་མོ་སྐྱེས་ནས་རི་བྱང་ཕྱོགས་ལོགས་སུ་མེ་ལེན་དུ་སོང་ངོ་། །དེའི་ཚེ་ན་དྲང་སྲོང་དེས་བུ་མོ་དེ་ཤིན་ཏུ་བསོད་ནམས་


DKG076_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་ཞིང་རྐང་པའི་འོག་ནས་པད་མོ་སྐྱེས་པ་མཐོང་ནས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་མེ་འདོད་ན་ཁོ་བོའི་སྤྱིལ་པོ་འདི་ལན་བདུན་སྐོར་ལ་གོམ་པའི་བར་མཉམ་པ་དང་། ཉེ་རིང་ཐག་རན་པར་གོམ་པའི་འོག་ནས་པད་མོ་སྐྱེས་པར་བྱོས་ཤིག །དེ་ལྟར་ལན་བདུན་བསྐོར་བ་བྱས་ནས་ཀྱང་བུ་མོ་ལ་ཁྱོད་མེ་འདོད་ན་ཕྱིར་ཡང་གཡས་ཕྱོགས་ནས་བསྐོར་ཏེ་སོང་ཤིག་དང་མེ་སྦྱིན་ནོ་བར་བསྒོའོ། །དེའི་ཚེ་ན་བུ་མོ་དེ་མེ་འདོད་པའི་ཕྱིར་དྲང་སྲོང་གིས་བསྒོ་བ་བཞིན་བྱས་ཏེ་མེ་བླངས་ནས་ཕྱིར་སོང་ངོ་། །བུ་མོ་དེ་ཕྱིར་སོང་ནས་རིང་པོ་མ་ལོན་པར་ཡུལ་བཱ་རཱ་ཎ་སཱིའི་རྒྱལ་པོ་དང་བློན་པོ་ཆེན་པོ་དང་། འཁོར་བརྒྱ་སྟོང་སྙེད་དང་བཅས་སུ་རི་དེ་ལ་འཆག་ཅིང་རི་དགས་ལ་ལིངས་འདེབས་སུ་འོངས་པ་དང་། དེ་ནས་བཱ་རཱ་ཎ་སཱིའི་རྒྱལ་པོ་བལ་གྱི་གླང་པོ་ཆེ་ལ་ཞོན་ནས་རི་བྱང་ཕྱོགས་ལོགས་ཀྱི་དྲང་སྲོང་ག་ལ་བ་དེར་འོངས་ནས་དེར་ཕྱིན་པ་དང་། དྲང་སྲོང་དེའི་སྤྱིལ་པོ་ལ་པད་མོས་འཁོར་བར་བསྐོར་བ་དེ་མཐོང་ནས་རབ་ཏུ་དགའ་རངས་པའི་སེམས་སྐྱེས་ཏེ། དྲང་སྲོང་ཆེན་པོ་ལ་ཤིན་ཏུ་ལེགས་སོ་ལེགས་སོ། །ཡོན་ཏན་ཆེན་པོ་དང་ལྡན་པའི་དྲང་སྲོང་སྟོན་ཅིང་འདྲེན་པའི་ཡོན་ཏན་དང་ལྡན་པ་དགེའོ་ཞེས་བསྟོད་དོ། །དེ་ནས་དྲང་སྲོང་དེས་རྒྱལ་པོ་ལ་འདི་སྐད་གསོལ་ཏོ། །རྒྱལ་པོ་ཆེན་པོ་མཁྱེན་ཏམ། པད་མོ་འདི་དག་ནི་བདག་གི་ནུས་པ་མ་ལགས་སོ། །རྒྱལ་པོས་སྨྲས་པ། འོ་ན་འདི་སུས་བྱས། དྲང་སྲོང་གིས་གསོལ་པ། རྒྱལ་པོ་ཆེན་པོ་རི་ལྷོ་ཕྱོགས་ལོགས་ན་གནས་པའི་དྲང་སྲོང་ལ་རི་དགས་ཀྱིས་བཙས་པའི་བུ་མོ་བྱད་བཞིན་བཟང་ཞིང་སྡུག་པ། མིའི་མཚན་དང་ལྡན་པ། འཇིག་རྟེན་ན་དཀོན་པ་འགྲོ་བའི་རྗེས་བཞིན་རྐང་པའི་འོག་ནས་པད་མོ་སྐྱེ་བ་ཅིག་ཡོད་དོ། །རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས་སེམས་རབ་ཏུ་དགའ་རངས་ཏེ། རིའི་ལྷོ་ཕྱོགས་ལོགས་ཀྱི་དྲང་སྲོང་ག་ལ་བ་ལོགས་སུ་སོང་སྟེ་ཕྱིན་པ་དང་། དྲང་སྲོང་དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་དྲང་སྲོང་དེས་སྒོར་བྱུང་ནས་བསུས་ཏེ་རྒྱལ་པོ་ཆེན་པོ་ཤུལ་རིང་པོ་ནས་གཤེགས་ན་རབ་ཏུ་ངལ་བར་མ་གྱུར་ཏམ་ཞེས་བྲོ་དྲིས་སོ། །དེ་ནས་རྒྱལ་པོ་ཆེན་པོས་དྲང་སྲོང་དེ་ལ་འདི་སྐད་


DKG076_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྨྲས་སོ། །བཙུན་པ་ཁྱོད་ལ་བུ་མོ་ཞིག་ཡོད་པ་དེ་གཉེན་བྱ་བར་འདོད་དོ། །དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ཕོངས་པ་ལ་བུ་མོ་གཅིག་པུ་ཞིག་ཡོད་པ་དེ་ཆུང་ལ་ཅི་ཡང་མི་ཤེས་ཏེ། ཆུང་ནས་རི་ལ་བསྐྱེད་བསྐྱེད་པས་མིའི་ཆོས་ཚུལ་ཅི་ཡང་མ་རྟོགས་ཏེ། རྩྭའི་རྩ་བ་དང་འབྲས་བུ་གཞན་མི་ཟ་ན། ཇི་ལྟར་རྒྱལ་པོ་ལ་དབུལ་དུ་རུང་བུ་མོ་འདི་ཡང་རི་དགས་ཀྱིས་བཙས་ཏེ་དབུལ་དུ་མི་རུང་ངོ་ཞེས་ཇི་ལྟར་གྱུར་པ་རྒྱུས་ཀྱིས་ཞིབ་ཏུ་གསོལ་བའི་བར་དུའོ། །རྒྱལ་པོས་སྨྲས་པ། དེ་ལྟ་བུ་ཡིན་ཡང་སླ་འདི་ལྟར་གང་ན་འདུག་སྟོན་ཅིག །དྲང་སྲོང་གིས་སྨྲས་པ། ད་ལྟར་སྤྱིལ་པོའི་ནང་ན་འདུག་གོ་ཞེས་སྨྲས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོ་སྤྱིལ་པོའི་ནང་དུ་ཞུགས་ནས་བུ་མོ་ལ་བལྟས་ཏེ་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་རི་དགས་ཀྱི་བུ་མོ་སྤོས་ཆུས་བཀྲུས་ནས། རིན་ཐང་མེད་པའི་གོས་བསྐོན་ཏེ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས། བལ་གྱི་གླང་པོ་ཆེའི་སྟེང་དུ་བཞག་ནས། འཁོར་བརྒྱ་སྟོང་སྙེད་ཀྱིས་བསྐོར་ཏེ། རོལ་མོ་བྱེད་ཅིང་ཕྱིར་ཡུལ་དུ་འོངས་སོ། །དེའི་ཚེ་རི་དགས་ཀྱི་བུ་མོ་དེ་ཐོག་མ་བཙས་ནས། དེ་ལྟ་བུའི་མི་མང་པོ་མ་མཐོང་བས་དངངས་ཤིང་སྐྲག་གོ །དེའི་ཚེ་དྲང་སྲོང་དེ་རི་མཐོན་པོའི་ཁར་སོང་ནས་བུ་མོ་དེ་ལ་མིག་མི་འཛུམས་པར་ལྟ་ཞིང་འདི་སྙམ་དུ། ད་ནི་བདག་གི་བུ་མོ་ཡང་ཇེ་རིང་ཇེ་རིང་སོང་བས་མ་མཐོང་བར་གྱུར་ནས་ཕྱིར་གནས་སུ་འགྲོའོ་སྙམ་བསམས་ནས་མིག་མཆི་མ་ཟག་ཅིང་མཆིས་ཏེ། བདག་གིས་བུ་མོ་གསོས་པ་འདི་ཅི་ཡང་ཤེས་པ་མེད་པར་བྲལ་བར་གྱུར་ཏོ། །ཡང་འདི་སྙམ་དུ་བསམས་ཏེ། བདག་ད་དུང་གནས་འདི་ལས་མི་གཡོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བདག་གི་བུ་མོ་ཕྱིར་བདག་ལ་ལྟ་བར་གྱུར་ལ། ཅི་སྟེ་མ་མཐོང་བར་གྱུར་ན་མི་དགའ་ཞིང་སྡུག་བསྔལ་གྱིས་གདུངས་པར་འགྱུར་གྱིས། རེ་ཞིག་འདི་ཁོ་ནར་བསྡད་དོ་སྙམ་ནས། དེ་ནས་ཀྱང་རིང་ཞིག་བསྡད་དེ་མ་མཐོང་གི་བར་དུ་བལྟས་ཀྱང་བུ་མོས་ཕྱིར་མ་བལྟས་སོ། །དེ་ལྟར་བུ་མོས་ཕྱིར་མ་བལྟས་པས་དྲང་སྲོང་དེ་ཁྲོ་བའི་སེམས་སྐྱེས་ནས་འདི་སྐད་ཅེས་སྨྲས་སོ། །ཡང་


DKG076_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱོལ་སོང་ལས་སྐྱེས་པས་ང་ལ་ཡང་ཕྱིར་མ་བལྟས་ཏེ། ངས་ཆུང་ངུ་ནས་གསོས་གསོས་ནས་ད་མིར་གྱུར་ཏེ་རྒྱལ་པོས་ཕྲོགས་པས་བདག་ཡེ་འུར་གྱུར་ཏོ་ཞེས་སྤྱིལ་པོར་ཞུགས་ནས་རིག་སྔགས་བྱས་ཏེ། གལ་ཏེ་རྒྱལ་པོས་བོར་བར་གྱུར་ན་ནི་དེར་ཡང་ཟད་དོ། །ཅི་སྟེ་གཅེས་སུ་བྱས་ལ་བོར་བར་མ་གྱུར་ན་བསམས་པ་ལྟར་མ་གྲུབ་ཅིག་ཅེས་སྔགས་ཀྱིས་བཏབ་བོ། །དེའི་ཚེ་ན་བཱ་རཱ་ཎ་སཱིའི་རྒྱལ་པོ་ཆེན་པོ་དེ་ཕོ་བྲང་དུ་ཕྱིན་ནས་གཅེས་སུ་བྱས་ནས་མཚན་ཡང་བཙུན་མོ་རི་དགས་མ་ཞེས་བཏགས་སོ། །མཐའི་རྒྱལ་ཕྲན་དང་། བློན་པོ་རྣམས་ཀྱང་འདུས་ནས་རྒྱལ་པོ་ལ་ཚིག་སྙན་པས་བསྟོད་ནས་རྒྱལ་པོ་ཡང་རབ་ཏུ་དགའ་རངས་པར་གྱུར་ཏོ། །དེ་ནས་ཀྱང་རིང་པོ་མ་ལོན་པར་མངལ་དུ་བུ་ཆགས་པར་གྱུར་ནས་རྒྱལ་པོ་ཉིད་བཙུན་མོའི་རིམ་གྲོ་བྱེད་དེ། མལ་ཆ་དང་། ཁ་ཟས་དང་། བཏུང་བ་ལ་སོགས་པ་བཟང་ཞིང་འཇམ་པོར་སྦྱོར་ཏོ། །དེ་ནས་ཟླ་བ་བཅུ་ཚང་ནས་བུ་ཁྱེའུ་གཅིག་བཙས་ན་རྒྱལ་པོའི་གདུང་འཚོབ་པར་རེ་བ་ལས་ཟླ་བ་ཚང་ནས་པད་མོ་ཅིག་བཙས་སོ། །དྲང་སྲོང་གི་རིག་སྔགས་ཀྱི་མཐུས་རྒྱལ་པོ་ཁྲོས་པར་གྱུར་ནས་འདི་སྐད་དུ། བྱོལ་སོང་ལས་སྐྱེས་པ་བདེན་ཞེས་བཙུན་མོ་ལས་ཕྱུང་སྟེ་པད་མོ་ཡང་བོར་དུ་བཅུག་གོ །དེ་ནས་རིང་ཞིག་ལོན་པ་དང་བཱ་རཱ་ཎ་སཱིའི་བློན་པོ་རྣམས་དང་སྐྱེད་མོས་ཚལ་དུ་ལྟད་མོ་ལྟ་ཞིང་རྩེར་ཕྱིན་པ་དང་། རྩེ་ཞིང་རོལ་མོ་བྱེད་དེ་རྟ་དང་གླང་པོ་ཆེ་ཡང་འཐབ་ཏུ་བཅུག །གྱད་རྣམས་ཀྱང་སྟོབས་འགྱེད་དུ་བཅུག་པ་ལས་གྱད་ཀྱི་ནང་ན་གྱད་རབ་ཏུ་མཆོག་ཏུ་སྟོབས་ཆེ་བ་གཅིག་རྡོག་པ་ས་ལ་བརྡབས་ན་ས་ཡང་འགུལ་ཏེ། དྲུང་ན་པད་མོའི་རྫིང་ཞིག་ཡོད་པ་ཡང་འགུལ་བར་གྱུར་ཏོ། །པད་མོའི་རྫིང་དེའི་དྲུང་ན་ཕ་བོང་ཞིག་ཡོད་དེ། དེའི་འོག་ན་པད་མོ་ཞིག་ཡོད་པ་རྫིང་གི་ནང་དུ་ལྷུང་ངོ་། །རྫིང་དུ་ལྷུང་བའི་པད་མོ་དེ་མདོག་རབ་ཏུ་བཟང་ལ་ཁ་དོག་ལེ་བརྒན་དུ་འདུག་ལ་འཚེར་བའི་འོད་ཆགས་པ་རྒྱལ་པོས་མཐོང་ནས་སེམས་རབ་ཏུ་དགའ་སྟེ། བློན་པོ་རྣམས་ལ་པད་མོ་འདི་ལྟ་བུ་ནི་སྔོན་ཆད་ཡང་མཐོང་མ་མྱོང་ངོ་ཞེས་སྨྲས་སོ། །དེ་ནས་པད་མོ་དེ་ཆུའི་ནང་ནས་ཕྱུང་ཤིག་ཅེས་བསྒོ་ནས་པད་མོ་ལེན་དུ་བཏང་


DKG076_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས། པད་མོ་དེ་ལ་འདབ་མ་ལྔ་བརྒྱ་ཡོད་དེ། འདབ་མ་རེ་རེའི་འོག་ན་ཁྱེའུ་གཞོན་ནུ་བྱད་བཞིན་བཟང་ཞིང་མཛེས་ལ་ཕལ་ལས་འཕགས་པ་རེ་རེ་ཡོད་པར་མཐོང་ངོ་། །དེ་ནས་པད་མོ་ལེན་པའི་མི་དེས་པད་མོ་དེ་ལ་ངོ་མཚར་ཆེ་བ་དེ་ལྟ་བུ་དག་མཐོང་ནས། རྒྱལ་པོ་ཆེན་པོ་པད་མོ་དེ་ལ་འདབ་མ་ལྔ་བརྒྱ་མཆིས་ཏེ། འདབ་མ་རེ་རེའི་འོག་ན་ལྷའི་བུ་རེ་རེ་ཡོད་དོ་ཞེས་གསོལ་ཏོ། །རྒྱལ་པོས་ཚིག་དེ་ཐོས་ནས་བ་སྤུ་ཀུན་ལངས་པ་ཙམ་དུ་དངངས་ནས་མི་དེ་ལ་ཡང་དག་པར་བདེན་ནམ་ཞེས་བཀའ་སྩལ་ཏོ། །དེ་ཉིད་བཙུན་མོ་རི་དགས་མས་བཙས་པའི་པད་མོ་ཡིན་ནམ་ཞེས་བཙུན་མོ་ལས་བཙས་པའི་པད་མོ་གར་བོར་ཞེས་དྲིས་ན། བཙུན་མོས་གསོལ་པ། རྒྱལ་པོ་ཆེན་པོ་པད་མོ་དེ་རྫིང་གི་འགྲམ་ན་ཕ་བོང་ཞིག་མཆིས་པའི་འོག་ཏུ་སྦས་སོ་ཞེས་གསོལ་པ་དང་། དེ་ཉིད་བཙུན་མོ་རི་དགས་མས་བཙས་པ་ཡིན་པར་ཡིད་ཆེས་པས་ཕྱིར་ཕོ་བྲང་གི་ནང་དུ་འོངས་སོ། །ཕྱིར་ཕོ་བྲང་དུ་ཕྱིན་ནས་བཙུན་མོ་རི་དགས་མ་ལ་བདག་ནི་གཏི་མུག་ཅན། ཤེས་པ་མེད་པ། མཛངས་ངན་མི་རྟོགས་པས་བཙུན་མོ་བདེན་པར་འོང་ངོ་སྙམ་ནས་བཙུན་མོའི་ཡིད་དང་འགལ་བར་གྱུར་པ་བཤགས་སོ་ཞེས་སྨྲས་ནས་ཕྱིར་བཙུན་མོ་དམ་པར་དབང་བསྐུར་རོ། །དེ་ནས་རྒྱལ་པོ་ཤིན་ཏུ་དགའ་ནས་བློན་པོ་རྣམས་དང་། བྲམ་ཟེ་དང་། རྒྱལ་ཕྲན་དང་། མཚན་མཁན་ཀུན་བསྡུས་ནས་རྒྱལ་བུ་ལྔ་བརྒྱ་པང་དུ་བླངས་ནས་མཚན་མཁན་རྣམས་ལ་མཚན་བཟང་ངན་བལྟར་བཅུག་གོ །མཚན་མཁན་གྱིས་གསོལ་པ། རྒྱལ་བུ་འདི་དག་ནི་རྒྱལ་པོའི་བསོད་ནམས་དང་དབང་ཐང་གིས་གྲུབ་སྟེ། གལ་ཏེ་ཁྱིམ་ན་གནས་ན་མཐའ་བཞི་རང་འདུ་ཞིང་ལྷ་རྣམས་ཀྱང་འགོ་བར་འགྱུར། གལ་ཏེ་རབ་ཏུ་བྱུང་ན་གདོན་མི་ཟ་བར་སྐྱེ་ཤིའི་རྩ་བ་གཅོད་ཅིང་འདོད་པའི་ཆུ་ཀླུང་ལས་ཐར་ཏེ་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཅིང་། རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་ལྡན་ཞིང་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུར་རོ། །རྒྱལ་པོས་ཚིག་དེ་ཐོས་ནས་ལྷག་པར་དགའ་བར་གྱུར་ནས། རྒྱལ་བུ་ལྔ་བརྒྱ་གསོ་བའི་མ་མ་ལྔ་བརྒྱ་བཏུས་པ་དང་།


DKG076_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཙུན་མོ་རི་དགས་མས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་ཡུལ་ཁམས་ཀུན་དུ་མ་མ་བཏུ་མི་དགོས་ཏེ། ད་ལྟར་རྒྱལ་པོའི་ཕོ་བྲང་ན་བཙུན་མོ་ལྔ་བརྒྱ་ཡོད་ལ། བཙུན་མོ་དེ་དག་བདག་ལ་བུ་ཡོད་པས་ཐམས་ཅད་ཕྲག་དོག་བྱེད་དོ། །ད་རྒྱལ་པོས་བཙུན་མོ་རེ་རེ་ཞིང་རྒྱལ་བུ་རེ་རེ་གསོར་བཅུག་ན་རྒྱལ་བུ་རྣམས་ཀྱང་སོས་པར་འགྱུར་རོ། །རྒྱལ་པོས་བཙུན་མོ་ལ་སྨྲས་པ། བཙུན་མོ་ལྔ་བརྒྱ་བཙུན་མོ་ལ་ཕྲག་དོག་བྱེད་པར་གྱུར་ན་གཞུ་བ་དང་། བརྡེག་པ་དང་། སྤང་བ་དང་། བསྐྲད་པ་དང་། སྲོག་ལ་དབབ་པའི་བར་དུ་བཙུན་མོའི་ཡིད་དང་མི་འགལ་བར་བདག་བྱེད་ན། ཅིའི་ཕྱིར་དགྲར་གྱུར་པ་དེ་དག་ལ་དེ་ལྟ་བུའི་ཤིན་ཏུ་བཟོད་དཀའ་བ་ཉམས་སུ་ལེན་ཅིང་། གནམ་སའི་བར་ན་དྲིན་ཆེ་བ་བདག་གི་བུ་བཙུན་མོ་རྣམས་ལ་སྦྱིན་པར་སེམས། དེའི་ཚེ་བཙུན་མོ་ལྔ་བརྒྱས་དེ་སྐད་ཅེས་སྨྲས་པ་ཐོས་ཏེ་རབ་ཏུ་དགའ་ནས་བཙུན་མོ་རི་དགས་མས་བདག་ཅག་ལ་བདེ་བ་དང་སྐྱིད་པ་རྒྱུན་དུ་བསྟབས་ལ་ད་ཡང་སྲས་བུ་བདག་ཅག་ལ་བྱིན་པས་རབ་ཏུ་དགའོ་ཞེས་སྨྲས་སོ། །དེའི་ཚེ་ན་འཁོར་བརྒྱ་སྟོང་སྙེད་ཀྱང་ཚིག་དེ་དག་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོས་བཙུན་མོ་ལ་ངོ་མཚར་ཆེ་སྟེ། བདག་ནི་ཁྱོད་ཙམ་མི་ཕོད་དོ་ཞེས་སྨྲས་སོ། །བཙུན་མོས་སྨྲས་པ། ཕྲག་དོག་གི་དབང་གིས་ཞེ་སྡང་སྐྱེ་སྟེ། ཉེས་པའི་གཉེན་པོར་ནི་བཟོད་པ་སྒོམ། ཁྲོ་བའི་གཉེན་པོར་ནི་བྱམས་སེམས་བསྐྱེད་དགོས་ཏེ། བདག་ནི་ཐོག་མ་ནས་ཅི་ལ་ཡང་རྩོད་པ་མ་མྱོང་སྟེ། བཙུན་མོ་རྣམས་རང་ལ་འཚེ་ཞིང་གནོད་པ་བྱེད་དུ་ཟད་དོ། །དཔེར་ན་མི་ཞིག་མཚན་མོ་སོང་སོང་བ་ཞིག་ལས་ཤིང་དུམ་ཅིག་མཐོང་བ་ལས། དགྲའམ་ཡི་དགས་སུ་འདུ་ཤེས་སྐྱེས་ཏེ། མོད་ལ་དངངས་སྐྲག་ནས་བྲོས་སོ། །མུན་ཁུང་དུ་བྲོས་པ་ལས་ལ་ལ་ནི་བྲག་མཐོན་པོ་ལས་གཡང་དུ་ལྷུང་། ལ་ལ་ནི་ཆུའམ། མེའམ། ཚེར་ཕུང་ངམ། ནགས་ཚལ་གྱི་ནང་དུ་ལྷུང་ནས་ལུས་རྨས་ཤིང་ཞིག་པར་གྱུར་ཏེ། དེ་ལྟར་འདུ་ཤེས་ལོག་པའི་རྐྱེན་གྱིས་དེ་ལྟ་བུའི་གནོད་པ་དང་ཕྲད་དོ། །དེ་


DKG076_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་རང་སྐྱེ། རང་འཆི་བ་ནི་དར་གྱི་སྲིན་བུའམ། ཕྱེ་མ་ལེབ་མེར་སོང་བ་དང་འདྲ་སྟེ་སུས་ཀྱང་བཞེན་མ་བཏབ་བོ། །ཉེས་པ་ཐམས་ཅད་ནི་མི་བདེན་པར་འདུ་ཤེས་པ་ལས་བྱུང་སྟེ། བཙུན་མོའི་རྣམས་ཀྱང་དེ་དང་འདྲ་བས་ན་བདག་ནི་ཤེས་པ་མེད་པའམ། ཕལ་དང་རྩོད་པ་ཅི་ཡང་མེད་དོ། །བཙུན་མོ་ལྔ་བརྒྱ་པོ་རྣམས་བཙུན་མོ་རི་དགས་མ་ལ་ཕྱག་བྱས་ཏེ། རང་གི་ཉེས་པ་མཐོལ་བཤགས་ནས་བཙུན་མོ་རི་དགས་མའི་གཡོག་དང་རིམ་གྲོ་བྱེད་ཅིང་མའམ། བུ་མོ་ལྟར་སེམས་ཏེ། རྒྱལ་བུ་ལ་ཡང་བདག་གི་བུ་དང་འདྲ་བར་གསོ་ཞིང་རིམ་གྲོ་བྱེད་དོ། །དེ་ནས་རྒྱལ་བུ་ལྔ་བརྒྱ་བགས་ཀྱིས་ཆེར་སྐྱེས་ནས། རྒྱལ་བུ་གཅིག་ཅིག་གིས་མཐུ་སྟོབས་ནི་མི་སྟོང་ཐུབ་པས། མཐའི་རྒྱལ་ཕྲན་དག་ལྡོག་ཅིང་བཀའ་མི་ཉན་པ་ཡོད་ན། དམག་རྣམ་བཞི་མི་དགོས་པར་རྒྱལ་བུ་ཉིད་འབེབས་ཤིང་རྒོལ་དུ་འགྲོ་སྟེ། དེའི་ཚེ་ན་ཡུལ་ཡང་བདེ་ཞིང་སྐྱིད་ལ་སྲུངས་མའི་ལྷ་ཡང་དགའ་བས། རླུང་དང་ཆར་ཆུ་ཡང་དུས་བཞིན་དུ་ལྡང་ཞིང་འབེབས་སོ། །མི་རྣམས་ཀྱང་དལ་ལ་བདེ་སྐྱིད་དོ། །རྒྱལ་བུ་ལྔ་བརྒྱ་ཡང་བལ་གྱི་གླང་པོ་དམ་པ་ལ་ཞོན་ཞིང་སྐྱེད་མོས་ཚལ་དུ་ཡིད་བཞིན་དུ་རྩེ་དགའ་ཞིང་འཁོད་པ་ལ་ཕ་མ་ཡང་རྒྱལ་བུ་དེ་དག་ལ་མིག་གིས་འབྲས་བུ་དང་འདྲ་བར་སེམས་ཏེ་བྱམས་སོ། །དེའི་ཚེ་རྒྱལ་བུ་ལྔ་བརྒྱ་ཆེར་སྐྱེས་ཏེ། ཤེད་རྫོགས་ནས་ཕྱིས་དུས་གཞན་ཞིག་ན་ཐམས་ཅད་པད་མོའི་རྫིང་དེའི་འགྲམ་དུ་འདུས་ཏེ་འདུག་འདུག་པ་ལས་སོ་སོའི་གཟུགས་བརྙན་རྫིང་གི་ཆུ་ལ་སྣང་བར་གྱུར་ནས་གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ། ཆོས་ཐམས་ཅད་ནི་སྒྱུ་མའམ། སྤྲུལ་པའམ། རྨི་ལམ་འམ། ཆུའི་གཟུགས་བརྙན་ལྟ་བུ་སྟེ། བདེན་པའམ། ཡང་དག་པ་མེད་དོ། །བདག་ཅག་ཀྱང་ད་ལྟར་དེ་དང་འདྲ་སྟེ། རིགས་ཆེ་ཞིང་བཙུན་ལ་ཕོ་བྲང་གི་ནང་ན་གནས་ནས་འདོད་པ་ལྔ་ལ་བག་མེད་པར་སྤྱོད་པས་ལོངས་སྤྱོད་མོད་ཀྱི། དར་བའི་ཚེ་ལོ་དང་གཟུགས་བཟང་པོ་ནི་ཡིད་བརྟན་དུ་མི་རུང་སྟེ། གྲུབ་པ་ཡོད་ན་འཇིག་པར་འགྱུར། སྐྱེ་བ་ཡོད་ན་འཆི་བར་འགྱུར་ཏེ། གཞོན་ཞིང་དར་བ་


DKG076_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རིང་པོར་མི་ཐོགས་ཏེ་རྒས་ཤིང་རྒུད་པར་འགྱུར། ཁ་ཟས་ཀྱི་ཚོད་མ་ཟིན་ན་ན་བར་འགྱུར། ཚེ་ལོ་བརྒྱ་ཐུབ་ན་ཡང་ཐ་མར་ཤི་དགོས་སོ། །ཞེས་རྒྱལ་བུ་རྣམས་མི་དགའ་བའི་མྱ་ངན་གྱིས་ནོན་ཏོ། །ཟས་དང་སྐོམ་ཡང་མི་འདོད་པར་ཕྱིར་ཕོ་བྲང་དུ་འོངས་ནས་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་དག་ནི་སྡུག་བསྔལ་བ་སྟེ་བདེ་བ་མ་མཆིས་པས་ཡབ་རྒྱལ་པོ་བདག་ཅག་རབ་ཏུ་འབྱུང་བར་གསོལ་ལོ། །རྒྱལ་པོས་རྒྱལ་བུ་རྣམས་ལ་སྨྲས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། ཤི་བ་ནི་ཐམས་ཅད་ལ་ཡོད་པར་འདྲ་ན་ཁྱེད་འབའ་ཞིག་མྱ་ངན་བྱར་ཡང་ཅི་ཡོད། རྒྱལ་བུས་གསོལ་པ། བདག་ཅག་ནི་ཤི་ནས་སྐྱེ་བ་ཡང་ནས་ཡང་དུ་ལེན་པའི་ཉོན་མོངས་པ་དང་། འགྲོ་བ་ལྔར་རྒྱུན་དུ་འགྲོ་བར་མི་བཟོད་དོ། །དེ་ནས་རྒྱལ་པོས་ཀྱང་རྒྱལ་བུའི་ཡིད་དམ་མ་བཟློག་སྟེ། རབ་ཏུ་འབྱུང་བར་གནང་ངོ་། །བཙུན་མོས་རྒྱལ་བུ་རྣམས་ལ་སྨྲས་པ། ཁྱེད་རབ་ཏུ་བྱུང་ནས་ཁོ་མོ་སྤངས་ལ་ལམ་རིང་དུ་མ་འགྲོ་བར་ཕོ་བྲང་རྒྱབ་ཀྱི་སྐྱེད་མོས་ཚལ་ན་རབ་ཏུ་དབེན་ལ་ཤིང་དང་ཚལ་ཡང་དབེན་པ་ཡོད་ཀྱིས། དེར་འདུག་ཤིག་དང་། ཡོ་བྱད་རྣམ་བཞིས་མི་བྲེལ་བར་བྱ་ཞིང་འབུལ་ལོ། །རྒྱལ་བུ་རྣམས་རབ་ཏུ་བྱུང་ནས་བཙུན་མོས་གསོལ་པ་བཞིན་རྒྱབ་ཀྱི་སྐྱེད་མོས་ཚལ་ན་གནས་པ་ལས་རྒྱལ་བུ་དེ་དག་ཐམས་ཅད་ཀྱིས་རེ་རེ་ནས་མཐར་གྱིས་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་ཏོ། །དེ་ལྟར་རྒྱལ་བུ་བཞི་བརྒྱ་དགུ་བཅུ་རྩ་དགུ་མཐར་གྱིས་རབ་ཏུ་བྱུང་། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་གྱུར་ནས་རྒྱལ་པོའི་ཕོ་བྲང་དུ་ལྷགས་ཏེ། ཡབ་རྒྱལ་པོ་དང་ཡུམ་ལ་བདག་ཅག་རབ་ཏུ་བྱུང་བའི་དོན་དེ་ཐོབ་བོ་ཞེས་སྨྲས་ནས། དགེ་སློང་དེ་དག་སྟེང་གི་ནམ་མཁའ་ལ་འཕགས་ཏེ་ཤར་ཕྱོགས་ནས་མི་སྣང་བར་གྱུར་ན་ནུབ་ཕྱོགས་ནས་བྱུང་ངོ་། །ནུབ་ཕྱོགས་ནས་མི་སྣང་བར་གྱུར་ན་ཤར་ཕྱོགས་ནས་བྱུང་ངོ་། །ལྷོ་ཕྱོགས་ནས་མི་སྣང་བར་གྱུར་ན་བྱང་ཕྱོགས་ནས་བྱུང་ངོ་། །བྱང་ཕྱོགས་ནས་མི་སྣང་བར་གྱུར་ན། ལྷོ་ཕྱོགས་ནས་བྱུང་ངོ་། །ཆེད་འགའ་ནི་ལུས་ཆེན་པོས་ནམ་མཁའི་ཁམས་གང་བར་གྱུར། ཆེད་འགའ་ནི་ལུས་གཅིག་


DKG076_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལུས་གྲངས་མེད་པར་སྤྲུལ། ཆེད་འགའ་ནི་ལུས་ཀྱི་ཆ་སྟོད་ན་ཆུ་འབབ་ན། ལུས་ཀྱི་ཆ་སྨད་ན་མེ་འབར་བ་ལ་སོགས་པ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་བསྟན་ནས་ལུས་ལ་མེ་བཏང་ནས་མྱ་ངན་ལས་འདས་སོ། །དེ་ནས་བཙུན་མོ་རི་དགས་མས་སྐུ་གདུང་བསྡུས་ནས་རྒྱབ་ཀྱི་སྐྱེད་མོས་ཚལ་དུ་མཆོད་རྟེན་བཞི་བརྒྱ་དགུ་བཅུ་རྩ་དགུ་བྱས་ནས་མཆོད་པ་བྱེད་དོ། །རྒྱལ་བུ་ནང་གི་ཆུང་ངུ་ཡང་ཞག་དགུ་བཅུ་འདས་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་སྟེ། དེ་ཡང་ཡབ་དང་ཡུམ་ལ་ཆོ་འཕྲུལ་ཆེན་པོ་བསྟན་ཏོ། །ཆོ་འཕྲུལ་ཆེན་པོ་བསྟན་ནས་མྱ་ངན་ལས་འདས་སོ། །དེ་ནས་བཙུན་མོ་རི་དགས་མས་སྐུ་གདུང་བསྡུས་ནས་མཆོད་རྟེན་བརྩིགས་ཏེ་མཆོད་པ་བྱས་སོ། །དེའི་ཚེ་ན་བཙུན་མོ་རི་དགས་མས་ཉིན་གཅིག་བཞིན་བདུག་སྤོས་དམ་པ་དང་། མེ་ཏོག་དམ་པ་དང་། རོལ་མོ་སྣ་ཚོགས་ཀྱིས་རང་སངས་རྒྱས་ལྔ་བརྒྱའི་མཆོད་རྟེན་ལ་མཆོད་པ་བྱེད་ཅིང་མཆོད་རྟེན་དེ་དག་གི་དྲུང་ན་མི་དགའ་ཞིང་མྱ་ངན་བྱེད་དེ་འདི་སྐད་ཅེས་སྨྲས་སོ། །བདག་གིས་བུ་ལྔ་བརྒྱ་བཙས་ནས་རབ་ཏུ་བྱུང་མོད་ཀྱི། དེ་ལ་གཅིག་ཙམ་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མེད་པས་འདི་སྐད་ཅེས་སྨོན་ལམ་དུ་བཏབ་བོ། །བདག་གིས་རང་སངས་རྒྱས་ལྔ་བརྒྱ་ལ་མཆོད་པ་བྱས་ཤིང་མཆོད་རྟེན་ལྔ་བརྒྱ་བརྩིགས་ཏེ། སྐུ་གདུང་ལ་མཆོད་པའི་བསོད་ནམས་ཅི་ཡོད་པ་སེམས་ཅན་ཐམས་ཅད་ལ་བསྔོའོ། །བདག་མ་འོངས་པའི་དུས་ན་བུ་མང་དུ་བཙས་ཤིང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་མི་བསྐྱེད་པ་མི་འདོད་ཀྱི། བུ་གཅིག་པུ་ཞིག་བཙས་ལ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཚེ་དེ་ཉིད་ལ་རབ་ཏུ་བྱུང་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པར་ཤོག་ཤིག་ཅེས་སྨོན་ལམ་དུ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་བཙུན་མོ་རི་དགས་མ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་བཙུན་མོ་རི་དགས་མ་དེ་ཉིད་ནི་ད་ལྟར་ཡུམ་ལྷ་མཛེས་ཉིད་ཡིན་ནོ། །ཡུམ་ལྷ་མཛེས་དེ་ལྟར་རང་སངས་རྒྱས་ལྔ་བརྒྱ་ལ་མཆོད་པ་བྱས་ཏེ་དགེ་བའི་རྩ་བ་གྲངས་མེད་པ་བསྐྱེད་པས་དེ་བས་ན་ད་ལྟར་དེ་བཞིན་གཤེགས་པའི་སྐུ་


DKG076_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བལྟམས་པ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་འདི་བསྟན་པ་ན་ལྷ་དང་མི་གྲངས་མེད་པ་འབྲས་བུ་དང་པོ་ཐོབ་པ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་གྱུར་ཏོ། །སེམས་ཅན་ཚད་མེད་པ་སྙེད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡུམ་ལྷ་མཛེས་སྔོན་ལས་ཅི་ཞིག་བགྱིས་ན་དུད་འགྲོའི་ནང་དུ་དུད་འགྲོ་ལ་བཙས་ཏེ་རི་དགས་ཀྱི་བུ་མོར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ལེགས་པར་ཉོན་ཅིག །ཡུམ་ལྷ་མཛེས་སྔོན་འདས་པའི་དུས་ན་ལས་ཅི་བྱས་པའི་རྒྱུ་དང་རྐྱེན་ཁྱོད་ལ་དགྲོལ་ཞིང་བཤད་པར་བྱའོ། །སྔོན་འདས་པའི་དུས་ན་བསྐལ་པ་གྲངས་མེད་ཚད་མེད་པ་འདས་པའི་ཕ་རོལ་ན། དེའི་ཚེ་དེའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་བ་འཇིག་རྟེན་དུ་བྱུང་སྟེ། སེམས་ཅན་གྱི་དོན་མཛད་ནས་མྱ་ངན་ལས་འདས་པའི་འོག་ཏུ་གཟུགས་བརྙན་ལ་ཆོས་སྤྱོད་པ་ན། དེའི་ཚེ་དེའི་དུས་ན་ཡུལ་བཱ་རཱ་ཎ་སཱི་ཞེས་བྱ་བར་བྲམ་ཟེ་ཞིག་ལ་བུ་མོ་གཅིག་པུ་ཞིག་བྱུང་ནས་བྲམ་ཟེ་དེ་ཚེའི་དུས་བྱས་སོ། །བྲམ་ཟེ་དེའི་ཆུང་མ་དེས་བུ་མོ་དེ་གསོས་སོ། །བུ་མོ་དེ་ཡང་བགས་ཀྱིས་ཆེར་སྐྱེས་སོ། །བུ་མོ་མ་སྨད་ལ་བཟའ་ཤིང་གི་ར་བ་ཞིག་ཡོད་དེ་མས་བུ་མོ་ར་བ་སྲུང་དུ་བཅུག་གོ །བུ་མོ་བདག་ནི་ཟས་ཚོལ་ཞིང་ཅི་རྙེད་པ་ཕྱིར་འོངས་ནས་བུ་མོ་དང་ལྷན་ཅིག་ཟའོ། །རྟག་ཏུ་དེ་བཞིན་དུ་ཟས་ཚོལ་བ་ལ་ཉི་མ་གཅིག་འཕྱིས་ནས་དུས་ལས་ཡོལ་ནས་བུ་མོ་བཀྲེས་པ་དང་སྐོམ་པས་གདུངས་པས་ཁྲོ་སེམས་སྐྱེས་ནས་བདག་གི་མ་དེ་རྐྱེན་ཅི་བྱུང་ན་ད་ཙམ་གྱི་བར་དུ་ཁ་ཟས་མ་བྱིན་ཏེ། བདག་འདི་ལྟར་བཀྲེས་ཤིང་སྐོམ་པར་བྱས་ཞེས་ཁྲོས་ནས་བདག་གི་མ་དུད་འགྲོ་ཙམ་ཡང་མི་ཕོད་དེ། དུད་འགྲོས་གཅན་གཟན་དང་། རི་དགས་དང་། བྱ་ཡང་བུ་ལ་བཀྲེས་སྐོམ་


DKG076_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་ཏེ་དུས་བཞིན་དུ་སྙོད་དུ་འོང་ངོ་ཞེས་སྨྲས་སོ། །དེ་སྐད་ཅེས་སྨྲས་པས་རིང་པོ་མ་ལོན་པར་མས་ཟས་ཐོགས་ཏེ་འོངས་ནས་ཟ་བའི་འཕྲོ་ལས་རང་སངས་རྒྱས་དགེ་སྦྱོང་གི་གཟུགས་ཅན་ཞིག་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ནམ་མཁའ་ལ་འགྲོ་བ་དེ་བུ་མོ་དེས་མཐོང་ནས་དགེ་སློང་དེ་ལ་དགའ་བའི་སེམས་སྐྱེས་ཏེ་འདུག་པ་ལས་ལངས་ནས་ཐལ་མོ་སྦྱར་ཏེ། མགོ་བོས་ཕྱག་འཚལ་ནས་སྤྱན་དྲངས་སོ། །སྟན་གཙང་མ་བཏིང་སྟེ་མེ་ཏོག་བཟང་པོས་མཆོད་ནས་ཁ་ཟས་དེ་ལས་བགོས་ནས་དགེ་སློང་དེ་ལ་ཕུལ་ལོ། །དགེ་སློང་དེས་ཟས་ཀྱི་བྱ་བ་བྱས་ནས་དམ་པའི་ཆོས་བསྟན་ནས་སྤྲོ་བ་དང་དགའ་བར་བྱས་པས་དེའི་ཆེ་བུ་མོ་དེས་འདི་སྐད་ཅེས་སྨོན་ལམ་དུ་བཏབ་བོ། །བདག་མ་འོངས་པའི་དུས་ན་འཕགས་པ་དང་ཕྲད་ཅིང་དེ་ལ་རིམ་གྲོ་དང་། མཆོད་པ་དང་། ཕྱག་བྱེད་པར་གྱུར་ཅིག །བདག་བྱད་བཞིན་བཟང་ཞིང་མཛེས་པ་དང་། ཆེ་ཞིང་བཙན་པ་དང་། འགྲོ་བའི་གོམ་པའི་འོག་ནས་པད་མོ་སྐྱེས་ཏེ་རྐང་པ་འདེགས་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ཀྱི་བུ་མོ་དེ་ནི་བཙུན་མོ་རི་དགས་མ་ཡིན་ནོ། །དེ་ལྟར་རང་སངས་རྒྱས་ལ་བསོད་སྙོམས་གཅིག་ཕུལ་ཏེ། མེ་ཏོག་བཟང་པོས་མཆོད་པས་ཚེ་རབས་ལྔ་བརྒྱའི་བར་དུ་ཆེ་ཞིང་བཙན་ལ། གོས་དང་ཟས་ཡིད་བཞིན་དུ་ལྡན་ཏེ་རྐང་པའི་འོག་ནས་པད་མོ་སྐྱེས་སོ། །སྨོན་ལམ་གྱི་མཐུས་ད་ཡང་རང་སངས་རྒྱས་ལྔ་བརྒྱ་དང་ཕྲད་དེ། མཆོད་པ་དང་། རིམ་གྲོ་དང་། ཕྱག་བྱས་པར་གྱུར་ཏོ། །དེའི་ཚེ་དྲིན་མི་ཤེས་ཏེ་ཚིག་ངན་པ་གཅིག་གིས་མ་ལ་དུད་འགྲོ་དང་འདྲའོ་ཞེས་སྨྲས་པའི་ངག་གི་ལས་ངན་པའི་རྐྱེན་གྱིས་ཚེ་རབས་ལྔ་བརྒྱའི་བར་དུ་རི་དགས་ཀྱི་ལྟོར་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། འཇིག་རྟེན་དུ་སྐྱེས་སོ་ཅོག་གི་ཉེས་པ་ནི་རང་གི་ཁ་ནས་བྱུང་བས་ངག་གི་ལས་བསྲུང་བར་བྱའོ། །ངག་གི་ལས་ནི་མེ་འབར་བས་ཚིག་པ་བས་ལྷག་སྟེ། མེ་འབར་བས་ཚིག་པ་དེ་ནི་ཚེ་གཅིག་པར་ཟད་དོ། །ངག་གི་ལས་མི་དགེ་བའི་མེ་འབར་བས་ནི་སྐྱེ་བ་གྲངས་མེད་པར་འཚིག་གོ །མེ་


DKG076_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བས་ནི་འཇིག་རྟེན་གྱི་ནོར་ཙམ་འཚིག་གོ །ངག་མི་དགེ་བའི་མེ་འབར་བས་ནི་འཕགས་པའི་ནོར་བདུན་ཚིག་པར་འགྱུར་རོ། །དེ་བས་ན་ཀུན་དགའ་བོ་སེམས་ཅན་ཐམས་ཅད་ཀྱི་ཉེས་པ་ནི་ཁ་ནས་བྱུང་སྟེ། ཁ་དང་ལྕེ་ནི་ལུས་གཅོད་པའི་མཚོན་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ན་དགེ་བསྙེན་དང་དགེ་བསྙེན་མ་སྟོང་སྙེད་དག་གི་ལས་བསྲུངས་པས་འབྲས་བུ་དང་པོ་ཐོབ་པར་གྱུར་ཏོ། །ལྷ་དང་མི་གྲངས་མེད་པ་སྙེད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་རང་སངས་རྒྱས་ཀྱི་བར་དུ་སེམས་བསྐྱེད་པར་གྱུར་ཏོ། །འཁོར་མང་པོ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ནས་ཕྱག་བྱས་ཏེ་ཕྱིར་དོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་དང་ཀུན་དགའ་བོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བླངས་ནས་སླར་གཤེགས་པ་དང་། གྲོང་ཁྱེར་གྱི་ཕྱི་རོལ་ན་གྲོག་པོ་ཟབ་མོ་ཅིག་ཡོད་དོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་མི་རྣམས་བཤང་གཅི་དང་། མི་གཙང་བ་ཐམས་ཅད་གྲོག་པོ་དེར་སྐྱེལ་ལོ། །ཆར་པ་བབ་ན་གྲུ་ཆར་གྱི་ཆུ་རྣམས་ཀྱང་དེར་འབབ་བོ། །དེའི་ཚེ་གྲོག་པོའི་ཆུ་བཙོག་པ་དེའི་ནང་ན་སྲིན་བུ་མིའི་གཟུགས་འདྲ་བ་ལ་རྐང་ལག་མང་བ་ཞིག་གིས་རྒྱང་མ་ནས་དེ་བཞིན་གཤེགས་པ་བྱོན་པ་མཐོང་ནས་ཆུའི་ནང་ནས་མགོ་བཏེག་ནས་དེ་བཞིན་གཤེགས་པ་ལ་བལྟས་ནས་མིག་ནས་མཆི་མ་ཟག་གོ །བཅོམ་ལྡན་འདས་ཀྱིས་དེ་གཟིགས་ནས་ཐུགས་རྗེ་བར་དགོངས་ཏེ་མི་དགྱེས་པར་གྱུར་ནས་སླར་བྱ་རྒོད་སྤུངས་པའི་རི་ལ་གཤེགས་སོ། །དེ་ནས་ཀུན་དགའ་བོས་དེ་བཞིན་གཤེགས་པའི་གདན་གདིང་བ་བཏིང་ནས་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་སོ། །དེ་ནས་ཀུན་དགའ་བོས་འཁོར་ཐམས་ཅད་ལ་བལྟས་ཏེ་འཁོར་གྱི་བསམ་པ་སེམས་ཀྱིས་ཤེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ཅི་ཆབ་བཙོག་པའི་ནང་ན་སྲིན་བུ་ཞིག་མཆིས་པ་དེ་སྔོན་ལས་ཅི་བགྱིས་པས་ཆབ་བཙོག་པ་དེའི་ནང་དུ་སྐྱེས། དེར་སྐྱེས་ནས་ནི་ཇི་སྲིད་ཅིག་ལགས། ད་ཡང་ནམ་ཞིག་དེ་ལས་ཐར་བར་འགྱུར། བཅོམ་


DKG076_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་ཀུན་དགའ་བོ་དང་འཁོར་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ལེགས་པར་ཉོན་ཅིག །ཁྱོད་ལ་ལེགས་པར་དགྲོལ་བར་བཤད་པར་བྱའོ། །ཀུན་དགའ་བོ་སྔོན་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་སྟོང་འདས་པའི་སྔོན་རོལ་ན། དེའི་ཚེ་དེའི་དུས་ན་སངས་རྒྱས་འཇིག་རྟེན་དུ་གཤེགས་ནས་སེམས་ཅན་གྱི་དོན་མཛད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །མྱ་ངན་ལས་འདས་ནས་གཟུགས་བརྙན་ལ་ཆོས་སྤྱོད་པ་ན་བྲམ་ཟེ་ཞིག་གིས་དགེ་འདུན་གྱི་གནས་ཁང་བྱས་ཏེ་དགེ་འདུན་ལ་ཕུལ་ལོ། །དེའི་ཚེ་ན་ཡོན་བདག་ཞིག་གིས་དགེ་འདུན་ལ་མར་དང་། འབྲུ་མར་དག་ཕུལ་ཏེ་དེ་ན་དགེ་སློང་འདྲོན་པོ་དག་ཅིག་ཀྱང་ལྷགས་སོ། །དེའི་ཚེ་གང་ཟག་གི་ལས་གཙང་སྦྱོར་བྱེད་པ་ཞིག །དགེ་སློང་འདྲོན་པོ་འོངས་པ་མཐོང་ནས་འཁྲེན་ཏེ་མར་དང་། འབྲུ་མར་བཅབས་ཤིང་བསྲེས་ནས་དགེ་འདུན་འདྲོན་པོ་ལ་མ་བྱིན་ནོ། །དགེ་འདུན་འདྲོན་པོས་གཙང་སྦྱོར་ལ་མར་དང་། འབྲུ་མར་དང་། སྦྲང་རྩི་འོངས་པ་ངེད་ལ་མི་སྦྱིན་ནམ་ཞེས་དྲིས་པ་དང་། གཙང་སྦྱོར་གྱིས་ཁྱེད་ནི་འདྲོན་པོ། །ངེད་ནི་གཟའ་ཡིན་ནོ་ཞེས་སྨྲས་སོ། །དགེ་སློང་འདྲོན་པོས་ཡོན་བདག་གིས་མངོན་སུམ་གྱི་དགེ་འདུན་ལ་ཕུལ་བ་མ་ཡིན་ནམ་ཞེས་སྨྲས་པ་དང་། དེའི་ཚེ་ན་གཙང་སྦྱོར་གྱི་ལས་བྱེད་པ་དེ་ཁྲོས་ཤིང་འཇིགས་སུ་རུང་བ་ཞིག་པས། དགེ་སློང་འདྲོན་པོ་ལ་ཁྱེད་བཤང་གཅི་མི་ཟ་བར་ང་ལ་མར་དང་། འབྲུ་མར་འདོད་དམ་ཞེས་ཚིག་ངན་པ་སྨྲས་སོ། །དེ་ལྟར་ཚིག་ངན་པ་སྨྲས་པའི་ལས་ཀྱིས་བསྐལ་པ་བྱེ་བ་དགུ་བཅུའི་བར་དུ་རྒྱུན་དུ་ཆུ་བཙོག་པ་འདིར་སྐྱེས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་གཙང་སྦྱོར་གྱི་ལས་བྱེད་པ་དེ་ནི་ད་ཅི་ཆུ་བཙོག་པའི་ནང་ན་འདུག་པའི་སྲིན་བུ་དེ་ཡིན་ནོ། །དེ་ལྟར་འདས་པའི་དུས་ན་ཚིག་ངན་པ་གཅིག་དགེ་འདུན་ལ་སྨྲས་པས། ཚེ་རབས་བགྲངས་པ་བརྒྱ་སྟོང་གི་བར་དུ་གནས་དེར་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་ཉེ་གནས་རྣམས་ལ་བཀའ་སྩལ་པ། ཁྱེད་རྣམས་ངག་གི་ལས་སྡོམ་ཞིང་སྲུངས་ཤིག །ངག་གི་ཉེས་པ་ནི་མེ་འབར་བ་ལས་ལྷག་གོ །ཕ་མ་དང་


DKG076_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ནི་བསྔགས་ཤིང་བསྟོད་པར་འོས་པས་ཚིག་འཇམ་པོར་སྨྲ་ཞིང་རྒྱུན་དུ་དྲིན་དྲན་པར་བྱའོ། །དགེ་འདུན་ཞེས་བྱ་བ་ནི་ཁམས་གསུམ་ལས་འདའ་བར་བྱེད་པའི་བསོད་ནམས་ཀྱི་ཞིང་ངོ་། །ཕ་མ་ནི་ཁམས་གསུམ་གྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་འདུན་གྱི་ནང་ན་སྐྱེས་བུ་ཟུང་བཞི་ཡ་བརྒྱད་དང་འཕགས་པ་བཅུ་གཉིས་ཡོད་དེ། རིམ་གྲོ་བྱས་ན་བསོད་ནམས་འཐོབ་ལ་བསྒྲུབས་ན་བྱང་ཆུབ་འགྲུབ་བོ། །ཕ་མ་ནི་ཟླ་བ་བཅུའི་བར་དུ་ལྟོར་བཞག་ལ་བྱུང་ནས་ཀྱང་གཤེར་ནི་བོར། སྐམ་ནི་ལེན་ནུ་ཞོ་བསྣུན་ནས་ཆེར་བསྐྱེད་དོ། །སྐྱེས་ནས་ཀྱང་རིག་བྱེད་མཁས་པར་སློབ་ཅིང་དུས་ལས་མི་ཡོལ་བར་རིམ་གྲོ་བྱེད་དོ། །གལ་ཏེ་རབ་ཏུ་བྱུང་ན་བསོད་ནམས་བྱེད་པས་སྐྱེ་ཤིའི་འཁོར་བའི་རྒྱ་མཚོ་ལས་རྒལ་ཏེ། བདག་གི་དོན་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་བྱེད་དོ། །དེ་བས་ན་ཀུན་དགའ་བོ་ཕ་མ་དང་། དགེ་འདུན་ནི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་གཉིས་ཞེས་བྱ་སྟེ། ལྷ་དང་མི་གཉིས་དེ་རྣམས་ཀྱི་རྐྱེན་གྱིས་མྱ་ངན་ལས་འདའ་བ་རྣམ་པར་གྲོལ་བའི་འབྲས་བུ་དམ་པ་ཐོབ་པ་ནས། སངས་རྒྱས་ཀྱི་བར་དུ་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་མི་དང་མི་མ་ཡིན་པ་སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་གྱུར་ཏོ། །ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ལ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་སུ་སེམས་བསྐྱེད་དོ། །སོ་སོ་ནས་ཐལ་མོ་སྦྱར་ནས་སངས་རྒྱས་ལ་ཕྱག་འཚལ་ནས་བསྐོར་བ་བྱས་ཏེ། རབ་ཏུ་དགའ་བས་ཕྱིར་དོང་ངོ་། །གཞན་ཡང་ཡུལ་བཱ་རཱ་ཎ་སཱི་ན། བློན་པོ་བྲམ་ཟེ་རབ་ཏུ་ཕྱུག་པ་ནོར་རིན་པོ་ཆེ་མང་བ། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། མན་ཤེལ་དང་། བྱི་རུ་དང་། སྤུག་དང་། བལ་གྱི་གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ལུག་དང་། ཞིང་འབྲོག་དང་། བྲན་ཁོལ་དང་། ལས་བྱེད་པའི་མི་མང་དུ་ཡོད་པ་ཞིག་ལ། ལོ་བརྒྱད་ཅུ་ལོན་


DKG076_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁྱེའུ་ཞིག་བྱུང་ངོ་། །ཁྱེའུ་དེ་ཡང་བྱད་བཞིན་བཟང་ལ་སྡུག་པ། མཛེས་པ་མིའི་མཚན་རྫོགས་པར་ལྡན་པས་ཕ་མ་གཉིས་རབ་ཏུ་དགའ་ནས་མཚན་མཁན་བོས་ཏེ་མཚན་བལྟས་སོ། །མཚན་མཁན་གྱིས་མཚན་བལྟས་ནས་ཁྱེའུ་དེའི་མིང་ཡང་ཙུན་ད་ཞེས་བཏགས་ནས་གསོས་བསྐྱེད་དེ་ལོ་བདུན་ལོན་ནས་ཕ་མ་གཉིས་བྱམས་ཆེ་བས་རབ་ཏུ་བྱུང་བར་གནང་ངོ་། །རབ་ཏུ་བྱུང་བའི་ཕྱིར་དབང་ཕྱུག་གི་རི་ཞེས་བྱ་བར་དེ་བཞིན་གཤེགས་པ་གང་ན་བཞུགས་པར་ཁྲིད་དོ། །དེའི་ཚེ་ན་དེ་བཞིན་གཤེགས་པ་ལ་འཁོར་རྣམ་བཞི་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དེ་ལ་སོགས་པ་ལ་མདུན་གྱིས་བྱས་ཏེ་འཁོར་མང་པོ་ལ་འཇིག་རྟེན་གྱི་རིག་བྱེད་ཀྱི་གཙུག་ལག་དང་། འཇིག་རྟེན་ལས་འདས་པའི་ཆོས་སྟོན་ཏོ། །དེ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་རྒས་འཁོགས་ནས་ཁྱེའུ་ཞིག་མཆིས་པ། བཅོམ་ལྡན་འདས་ལ་འབུལ་གྱིས། ཐུགས་རྗེ་ཆེན་པོས་བསྐྱབ་ཅིང་བདག་གི་བུ་འདི་ཉེ་གནས་སུ་བཞེས་སུ་གསོལ་ལོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ་ཞེས་བཀའ་སྩལ་ནས། སྐྲ་ཡང་རང་བྱི་ནས་ཆོས་གོས་ལུས་ལ་རང་ཡོད་པར་གྱུར་ཏེ། གཟེངས་བསྟོད། སྤྲོ་བ་དང་དགའ་བའི་སེམས་བསྐྱེད་དེ། ལམ་གྱི་འབྲས་བུ་ཡང་ཐོབ་སྟེ། རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་ལྡན་པར་གྱུར་ཏོ། །དེའི་ཚེ་ཀུན་དགའ་བོས་འཁོར་མང་པོ་ལ་བལྟས་ཏེ། ཀུན་གྱི་ཐེ་ཙོམ་དགྲོལ་བའི་ཕྱིར་སྟན་ལས་ལངས་ཏེ་གོས་ཚགས་བཅོས་ནས། བླ་གོས་ཕྱོགས་གཅིག་བྱས་ནས་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཙུན་ད་སྔོན་འདས་པའི་དུས་ན་བསོད་ནམས་ཅི་ཞིག་བགྱིས་ན་བཅོམ་ལྡན་འདས་དང་འདིར་ཕྲད་དེ་མྱུར་དུ་འབྲས་བུ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སྦྱོང་ཙུན་ད་འདི་དུས་འདི་གཅིག་པུར་མ་ཟད་དེ། སྔོན་འདས་པའི་དུས་སུ་ཡང་ཕ་མ་དང་


DKG076_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ལ་བསོད་ནམས་མཆོག་བྱས་པས་དགེ་བའི་བཤེས་གཉེན་དང་ཕྲད་དེ་ལམ་གྱི་འབྲས་བུ་ཐོབ་པ་ཡིན་ནོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དེའི་དངོས་པོ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ལེགས་པར་ཉོན་ཅིག །སྔོན་འདས་པའི་དུས་ཚེ་ལོ་ཚད་མེད་པ་སྟོང་འདས་པའི་ཕ་རོལ་ན་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ལྷ་དང་མི་ལ་ཕན་པ་དང་བདེ་བའི་དོན་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །མྱ་ངན་ལས་འདས་ནས་དམ་པའི་ཆོས་ལ་སྤྱོད་པའི་དགེ་སློང་གཞོན་ནུ་ཅིག་མ་མོ་དང་། མདོ་སྡེ་དང་། འདུལ་བ་ལ་ཤིན་ཏུ་མཁས་པ། བྱད་གཟུགས་མཛེས་ཤིང་བཟང་བ། མིའི་མཚན་དང་ལྡན་པ། ཆོས་སྟོན་པ་ལ་སྤོབས་པ། ཆོས་སྨྲ་བའི་ང་རོ་དང་ཚིག་སྙན་པས་རྒྱལ་རིགས་དང་བྲམ་ཟེ་རྣམས་ཀྱང་དེ་དང་བཤེས་ཤིང་དེ་ལ་རིམ་གྲོ་དང་མཆོད་པ་བྱེད་དོ། །དེའི་ཚེ་ན་དགེ་སློང་རྒན་པོ་གཅིག་བྱད་བཞིན་རབ་ཏུ་མི་སྡུག་ལ་མིའི་མཚན་དང་ཡང་མི་ལྡན་པ། སྐད་ང་རོ་ཡང་མི་སྙན་པ། རྒྱུན་དུ་དཀོན་མཆོག་གསུམ་ལ་ཚིག་དང་ང་རོར་བཅས་པས་བསྟོད་པ་ཞིག་བྱུང་ངོ་། །དེའི་ཚེ་ན་མཛོད་གསུམ་དང་ལྡན་པའི་དགེ་སློང་གཞོན་ནུ་དེས་དགེ་སློང་ང་རོ་མི་སྙན་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །དེ་ནས་འདི་ལྟ་བུའི་ང་རོ་མི་སྙན་པ་ཟེར་བ་ནི་ཁྱི་ཟུགས་པའི་སྐད་དང་འདྲའོ། །ཞེས་སྨྲས་སོ། །དེ་ནས་དགེ་སློང་རྒན་པོ་དེས་དགེ་སློང་གཞོན་ནུ་ལ་ཅི་ཁྱོད་ང་མི་ཤེས་སམ། ང་ལ་ཚིག་ངན་པ་བརྗོད་ཅེས་སྨྲས་སོ། །དེ་དགེ་སློང་མཛོད་གསུམ་དང་ལྡན་པས་སྨྲས་པ། བདག་ཁྱོད་ཤེས་ཏེ་ཁྱོད་ནི་སངས་རྒྱས་རྣམ་པར་གཟིགས་ཀྱི་དམ་པའི་ཆོས་ལ་རབ་ཏུ་བྱུང་བའི་དགེ་སློང་རྒན་པོ་མ་ཧ་ལ་ཞེས་བྱ་བ་ཡིན་ཏེ། ངས་ཅིའི་ཕྱིར་མི་ཤེས། དགེ་སློང་མ་ཧ་ལས་སྨྲས་པ། ད་ནི་བྱ་བ་བྱས་སོ། །ཚངས་པར་སྤྱོད་པ་སྤྱད་དོ། །སྲིད་པ་ཕྱི་མ་མི་ལེན་ནོ་ཞེས་སྨྲས་སོ། །དེ་ནས་མཛོད་གསུམ་དང་ལྡན་པའི་དགེ་སློང་གཞོན་ནུས་ཚིག་དེ་ཐོས་པ་དང་། སྐྱི་བུང་ཞེས་


DKG076_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་དངངས་པར་གྱུར་ཏོ། །དེ་ནས་དགེ་སློང་གཞོན་ནུས་དགེ་སློང་མ་ཧ་ལ་ལག་པ་གཡས་པས་བཏེག་སྟེ། ལག་པ་ལས་འོད་ཟེར་ཆེན་པོ་བཀྱེ་ནས་ཕྱོགས་བཅུར་སྣང་བར་བྱས་སོ། །དེ་ནས་མཛོད་གསུམ་དང་ལྡན་པའི་དགེ་སློང་གཞོན་ནུས་དགེ་སློང་རྒན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་འགྱོད་ཚངས་བྱས་ཏེ་བདག་ནི་མི་ཤེས་པའི་གཏི་མུག་གིས་ཁེབས་པས་འཕགས་པ་ཡིན་པར་མ་ཤེས་ཏེ། སྡིག་པའི་ལས་བྱས་པ་མ་ཤེས་པ་འདི་སྡིག་པར་མི་འགྱུར་ཞིང་། བདག་མ་འོངས་པའི་དུས་སུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་སྟོན་པ་འཕགས་པ་ཁྱོད་དང་ཕྲད་དེ། ཟག་པ་ཟད་པར་ཤོག་ཤིག་ཅེས་བཤགས་ཤིང་འཐོལ་ལོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་དགེ་སློང་གཞོན་ནུ་མཛོད་གསུམ་དང་ལྡན་པ་དེས་ཚིག་བརླང་པོ་གཅིག་གིས་དགེ་སློང་རྒན་པོ་ལ་སྨྲས་པས་ཚེ་རབས་ལྔ་བརྒྱའི་བར་དུ་ཁྱིའི་ལུས་མྱོང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་འཁོར་མང་པོ་རྣམས་ཨེ་མའོ་ཨེ་མའོ་འཇིག་རྟེན་འདི་ན་གདུག་པའི་མཆོག་ནི་ངག་གི་ལས་ལས་འདའ་བ་མེད་དོ། །ཞེས་འཁོར་མང་པོ་ཐམས་ཅད་ཀྱིས་ཚིགས་སུ་བཅད་དེ་འདི་སྐད་ཅེས་དམ་བཅས་སོ། །ལྕགས་ཀྱི་འཁོར་ལོ་ཚ་བ་དག །སྤྱི་བོའི་སྟེང་ན་རྒྱུན་འཁོར་ཡང་། །སྡུག་བསྔལ་བར་ནི་མི་འཛིན་ཏེ། །ནམ་དུའང་ཚིག་ངན་མི་སྨྲའོ། །ལྕགས་ཀྱི་འཁོར་ལོ་ཚ་བ་དག །སྤྱི་བོའི་ཐོག་ན་རྒྱུན་འཁོར་ཡང་། །སྡུག་བསྔལ་བར་ནི་མི་འཛིན་ཏེ། །ཚིག་ངན་འཕགས་ལ་མི་སྨྲའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ནི་སེམས་ཅན་མང་པོའི་དགེ་བའི་བཤེས་གཉེན་དུ་གྱུར་པས། ཉིན་མཚན་དུས་དྲུག་ཏུ། ལྷའི་མིག་གིས་འགྲོ་བ་ལྔའི་སྐྱེ་བོ་རྣམས་ལ་རྟོག་ཅིང་ལྟ་སྟེ། འདུལ་བའི་དུས་ལ་བབ་ན་དེའི་དོན་བྱེད་དོ། །དེའི་ཚེ་ན་ཡུལ་མ་ག་དྷཱ་དང་། ཡུལ་འདི་གཉིས་ཀྱི་བར་ན་ཚོང་པ་ལྔ་བརྒྱ་ཞིག་རྟག་ཏུ་ཕན་ཚུན་རྒྱུ་བ་ལས། ཕན་ཚུན་དུ་རྒྱུ་བའི་ལམ་དེ་ཡང་འཇིགས་པ་ཆེ་


DKG076_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཚོང་པ་ཅིག་ལ་ཁྱི་དཀར་པོ་ཅིག་ཡོད་དེ། དེའི་ཚེ་ཚོང་པ་དེའི་གྲོགས་པོ་གཅིག་གིས་སྲོད་ལ་ཤ་བཙོས་ནས་བཞག་པ་ལས། ནམ་གྱི་ཆ་སྨད་ལ་ཁྱི་དེས་བརྐུས་ནས་ཟོས་སོ། །ཕྱི་དེ་ཉིན་ནམ་ནངས་ནས་ཚོང་པ་གྲོགས་པོས་ཤ་བཟའ་བར་བྱས་པ་ལས་མ་རྙེད་པས་གདུངས་ནས། ཁྲོས་ཏེ་མཚོན་ཐོགས་ཏེ། ཁྱི་དེའི་རྐང་ལག་བཞི་བཅད་དེ་སུ་ར་ཁུང་དུ་བོར་ནས་དོང་ངོ་། །སུ་ར་ཁུང་ན་ཁྱི་དེ་སྡུག་བསྔལ་ཆེན་པོ་མྱོང་བ་དེ། ཤཱ་རིའི་བུས་ནམ་གྱི་ཆ་སྟོད་ལ་ལྷའི་མིག་གིས་ཀུན་ཏུ་བརྟགས་ནས་རྒྱང་མ་ནས་ཁྱི་སྡུག་བསྔལ་བ་དེ་མཐོང་ངོ་། །དེ་ནས་ཕྱི་དེ་ཉིན་པར་ནམ་ནངས་ནས་ཆོས་གོས་བགོས། ལྷུང་བཟེད་ཐོགས་ནས་གྲོང་ཁྱེར་ནས་བསོད་སྙོམས་བླངས་ནས། གང་ན་འཇིགས་པའི་ལམ་སུ་ར་ཁུང་དུ་ཕྱིན་ནས། བསོད་སྙོམས་བསླངས་པ་ཁྱི་དེ་ལ་བསྙོད་དོ། །དེ་ནས་སྤྲོ་བ་དང་དགའ་བའི་ཆོས་བཤད་དོ། །ཁྱི་དེས་ཆོས་དེ་ཐོས་ནས་ངོ་ཚ་ཞིང་མི་དགའ་སྟེ། དེ་ནས་ཞག་བདུན་ལོན་ནས་སྡིག་པའི་ལས་བོར་ནས་ཐར་ཏེ་དེ་ནས་མིར་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་ཁྱི་དཀར་པོ་དེ་ནི་ད་ལྟར་དགེ་སྦྱོང་ཙུན་ད་འདི་ཡིན་ནོ། །སྔོན་འདས་པའི་དུས་ན་འཕགས་པ་ལ་ཚིག་ངན་པ་སྨྲས་པས་ངན་འགྲོར་སྐྱེས་ཏེ། དེ་མ་ཐག་ཏུ་འགྱོད་ཅིང་བཤགས་ནས་ངོ་ཚ་བའི་སེམས་སྐྱེས་ཏེ། བདག་མ་འོངས་པའི་དུས་ན་དགེ་བའི་བཤེས་གཉེན་དང་ཕྲད་པར་ཤོག་ཤིག་པར་སྨོན་ལམ་བཏབ་བོ། །དེ་ལྟར་སྨོན་ལམ་བཏབ་པས་དགེ་བའི་བཤེས་གཉེན་དང་ཕྲད་དེ་སྡིག་པའི་ལས་བྱང་ནས་མིར་སྐྱེས་ཏེ་སངས་རྒྱས་དང་ཕྲད་པས་ཟག་པ་ཟད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཕ་མ་དང་དགེ་བའི་བཤེས་གཉེན་གྱི་དྲིན་དྲན་པར་གྱིས་ཤིག །དེ་ནས་དེ་ལྟར་དྲིན་དུ་གཟོ་བ་ཤེས་ནས་དྲིན་ལན་བསབ་པར་བྱའོ། །དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་ཕན་པའི་དོན་དུ་འགྱུར་བའི་རྒྱུ་ཡིན་ནོ་ཞེས་བཀའ་སྩལ་པ་དང་། དེའི་ཚེ་སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་


DKG076_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བར་དུ་སེམས་བསྐྱེད་དོ། །འཁོར་མང་པོ་རྣམས་སངས་རྒྱས་ཀྱིས་གསུངས་པ་ལ་རབ་ཏུ་དགའ་ནས་ཕྱག་བྱས་ཏེ་ཕྱིར་དོང་ངོ་། །ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས་བསྟན་བཅོས་ཀྱི་ལེའུ་ཞེས་བྱ་སྟེ་ལྔ་པའོ།། །།


previousལྔ་པ། བསྟན་བཅོས་ཀྱི་ལེའུ།next