Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བརྒྱད་ཅུ་པ།


   
   
   
   
   
   
   
   
   
   
   
   
   
   
དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་དཔའ་བོ་གཅིག་པ།


 
previousདཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་དཔའ་བོ་གཅིག་པ།no next

དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་དཔའ་བོ་གཅིག་པ།


DKG080_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨེ་ཀ་བཱི་རཱ་ཁྱ་ཤྲཱི་ཙཎྜ་མ་ཧཱ་རོ་ཥ་ཎ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་དཔའ་བོ་གཅིག་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་སྙིང་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་བྷ་ག་རྣམས་ལ་བཞུགས་སོ། །དཔག་ཏུ་མེད་པའི་རྡོ་རྗེ་རྣལ་འབྱོར་པ་དང་། རྣལ་འབྱོར་མའི་ཚོགས་རྣམས་ཀྱང་ངོ་། །འདི་ལྟ་སྟེ། མི་གཡོ་བ་དཀར་པོའི་རྡོ་རྗེ་རྣལ་འབྱོར་པ་དང་། མི་གཡོ་བ་སེར་པོའི་རྡོ་རྗེ་རྣལ་འབྱོར་པ་དང་། མི་གཡོ་བ་དམར་པོའི་རྡོ་རྗེ་རྣལ་འབྱོར་པ་དང་། མི་གཡོ་བ་ལྗང་གུའི་རྡོ་རྗེ་རྣལ་འབྱོར་པ་དང་། གཏི་མུག་རྡོ་རྗེ་མའི་རྡོ་རྗེ་རྣལ་འབྱོར་མ་དང་། ཕྲ་མ་རྡོ་རྗེ་མའི་རྡོ་རྗེ་རྣལ་འབྱོར་མ་དང་། འདོད་ཆགས་རྡོ་རྗེ་མའི་རྡོ་རྗེ་རྣལ་འབྱོར་མ་དང་། ཕྲག་དོག་རྡོ་རྗེ་མའི་རྡོ་རྗེ་རྣལ་འབྱོར་མ་དང་། དེ་ལྟ་བུ་ལ་སོགས་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་བྱེ་བ་ཁྲི་བརྒྱ་སྟོང་རྣམས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མི་གཡོ་བ་ནག་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་ཉེ་བར་གསུངས་སོ། །དངོས་དང་དངོས་མེད་རྣམ་གྲོལ་བའི། །གཅིག་པུ་དེ་ནི་དགའ་བཞིའི་མཆོག། རྣམ་པར་རྟོག་པ་ཀུན་སྤངས་པའི། །སྤྲོས་པ་མེད་པའི་རང་བཞིན་ང་། །རྨོངས་པ་གང་གིས་ང་མི་ཤེས། །ལུས་དང་ངག་རྣམས་ཀུན་ལ་གནས། །ང་ནི་དེ་རྣམས་ཕན་དོན་ཕྱིར། །རྣམ་པ་ལྔ་ཡིས་ཡང་དག་གནས། །དེ་ནས་བཅོམ་ལྡན་འདས་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེ་སྡང་རྡོ་རྗེ་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་ཉེ་བར་གསུངས་སོ། །སྟོང་དང་སྙིང་རྗེ་དབྱེར་མེད་པའི། །ལྷ་ཡི་འདོད་པས་བདེ་བར་གནས། །བདག་ནི་ཀུན་རྟོག་རྣམ་པར་བྲལ། །སྤྲོས་པ་མེད་ཅིང་གཡོ་བ་མེད། །བུད་མེད་གང་གིས་ང་མི་ཤེས། །བུད་མེད་ཀུན་གྱི་ལུས་ལ་གནས། །བདག་ནི་དེ་རྣམས་ཕན་དོན་ཕྱིར། །རྣམ་པ་ལྔ་ཡིས་ཡང་དག་གནས། །དེ་ནས་བཅོམ་ལྡན་འདས་མི་གཡོ་བ་ནག་པོ་ལ་བཅོམ་ལྡན་འདས་མ་ཞེ་སྡང་རྡོ་རྗེ་མས་དམ་དུ་འཁྱུད་ནས་ཙུམ་པར་


DKG080_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ་གསོལ་བ་བཏབ་པ་དང་། ལྷ་མོ་ལྷ་མོ་དགའ་ཆེན་མོ། །གསང་བ་ཤིན་ཏུའང་རྙེད་དཀའ་བ། །སྙིང་པོ་ལས་སྙིང་མཆོག་གི་གཙོ། །སངས་རྒྱས་ཀུན་གྱིས་ལེགས་གསུངས་པ། །རྒྱུད་ཀྱི་རྒྱལ་པོ་དབང་ཕྱུག་མཆོག། དགའ་མ་རྒྱུད་ཆེན་མཉན་པར་གྱིས། །དཔའ་བོ་གཅིག་པུ་ཞེས་བྱ་བས། །སེམས་ཅན་དངོས་གྲུབ་མྱུར་དུ་འགྲུབ། །དཀྱིལ་འཁོར་མ་མཐོང་བ་རྣམས་ལ། །རྒྱུད་འདི་རབ་ཏུ་བསྟན་མི་བྱ། །དཀྱིལ་འཁོར་གཞན་དུ་ཞུགས་པ་ལའང་། །རྒྱུད་འདི་བསྟན་པར་མི་བྱའོ། །གང་ཞིག་གཏུམ་པོ་ཁྲོ་བོ་ཡི། །དཀྱིལ་འཁོར་རབ་ཞུགས་མཉམ་གཞག་ཅིང་། །དད་དང་བརྩོན་འགྲུས་མཆོག་ལྡན་ལ། །གཏུམ་པོའི་རྒྱུད་འདི་བསྟན་པར་བྱ། །བླ་མ་ལ་གུས་སྙིང་རྗེ་ཅན། །སྔགས་ཀྱི་ཐེག་པར་མཆོག་ཏུ་གཞོལ། །གཏུམ་པོའི་དབང་ཕྱུག་ལ་རྟག་གུས། །དེ་ལ་རྒྱུད་འདི་བསྟན་པར་བྱ། །རྣལ་འབྱོར་པ་གང་ལ་ལ་ཞིག། འདོད་བརྐམ་སངས་རྒྱས་སླུ་བྱེད་པས། །གཏུམ་པོའི་དཀྱིལ་འཁོར་སྟོན་བྱེད་ཅིང་། །བླ་མེད་རྒྱུད་ནི་སྟོན་བྱེད་ན། །དེ་ནི་ནད་ཆེན་གྱིས་གཟིར་ནས། །བཤང་གཅིའི་དྲི་མས་གོས་པར་བྱེད། །ཟླ་བ་དྲུག་གི་ནང་དུ་ནི། །དེ་ནི་འཆི་བའི་སྡུག་བསྔལ་འགྱུར། །དེ་ཕྱིར་གཤིན་རྗེའི་ཕོ་ཉས་བཟུང་། །དུས་ཀྱི་ཞགས་པའི་དབང་དུ་འགྱུར། །གང་ཚེ་སྡིག་ཅན་དམྱལ་བར་འཁྲིད། །སངས་རྒྱས་ཀྱིས་ཀྱང་བསྲུང་མི་ནུས། །ལོ་ནི་འབུམ་དུ་དེ་སྡུག་བསྔལ། །གལ་ཏེ་མྱོང་འགྱུར་ལས་ཟད་ཀྱང་། །གལ་ཏེ་མི་རུ་སྐྱེས་ན་ཡང་། །རྡོ་རྗེའི་གནམ་ལྕགས་ཀྱིས་དེ་འཇིག། སྔགས་རིག་བརྟུལ་ཞུགས་ཅན་གྱིས་ནི། །དེ་ཕྱིར་དཀྱིལ་འཁོར་ལེགས་བྲིས་ནས། །དེ་ཉིད་སྔོན་དུ་ཡོངས་བརྟགས་པའི། །སློབ་མ་བཟང་པོ་རབ་གཞུག་བྱ། །འཇིག་རྟེན་གསུམ་དུ་རྙེད་དཀའ་བའི། །རྒྱུད་ནི་དེ་ཕྱིར་བསྟན་པར་བྱ། །གང་ཡང་མ་ཐོས་རྒྱུད་འཆད་པ། །དེ་ཡང་འོག་ཏུ་འགྲོ་འགྱུར་ཞིང་། །གལ་ཏེ་སངས་རྒྱས་དང་མཚུངས་ཀྱང་། །དེ་ཡི་གདོང་དུ་རྣམ་སྨིན་འགྱུར། །སློབ་མ་དད་པ་དམན་པ་དང་། །ཐེ་ཚོམ་ཟ་བས་ཉན་བྱེད་ན། །མགོ་བོར་རྡོ་རྗེའི་ཐོག་ལྟུང་བ། །ཆར་འབབ་དུས་སུ་ཐེ་ཚོམ་མེད། །མཆོག་གི་ཞལ་མངའ་ལྷ་མོ་ལ། །བདག་གིས་འདི་ནི་བདེན་པར་བཤད། །


DKG080_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་གཅིག་ཉིད་རྒྱུད་འདི་ནི། །གཏུམ་པོ་ཁྲོ་བོ་ཤིན་ཏུ་གསང་། ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི། དཔལ་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས་རྒྱུད་ལ་འཇུག་པའི་རིམ་པར་ཕྱེ་བ་ཞེས་བྱ་བ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་མ་ཞེ་སྡང་རྡོ་རྗེ་མས། གཏུམ་པོ་ཆེན་པོ་ཁྲོ་བོ་ལ་དམ་དུ་འཁྱུད་ནས་གསོལ་པ། དཀྱིལ་འཁོར་གྱི་ནི་བྱ་བ་ལ། །གང་གི་ཚད་ཀྱིས་བྲི་བར་བྱ། །དེ་བཞིན་དེ་དབུས་བྲི་བྱ་བ། །གང་ཡིན་གཙོ་བོས་བདག་ལ་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཀྱིལ་འཁོར་ཚད་དུ་གང་གྱུར་པ། །ཁྲུ་གང་དང་ནི་ཁྲུ་དོ་དང་། །ཁྲུ་གསུམ་པ་དང་ཁྲུ་བཞི་པ། །ཁྲུ་ལྔའི་ཚད་ལས་ལྷག་མི་བྱ། །གང་དུ་དེ་ཡི་རྡུལ་ཚོན་ཉིད། །ཁ་དོག་སྣ་ཚོགས་ཀྱིས་བྱས་པ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །སྒོ་ནི་བརྒྱད་ཆ་ཉིད་དུ་ནི། །དེ་ཡི་ཚད་དུ་རབ་ཏུ་བརྟག། སྒོ་ཡི་ཚད་ཀྱིས་སྒོ་ཁྱུད་དང་། །དེ་ཡི་ཕྱེད་ཀྱིས་འགྲམ་དང་ནི། །ལོགས་དང་དེ་བཞིན་སྟེགས་བུ་དང་། །དྲ་བ་དྲ་ཕྱེད་སྣམ་བུ་རྣམས། །རྩ་བའི་ཐིག་གི་ཕྱི་རོལ་དུ། །དེ་ཡི་ཕྱེད་ཀྱི་རྡུལ་ཚོན་ས། །རྡོ་རྗེའི་ཕྲེང་བ་ཉིད་དང་ནི། །ཀ་བ་བརྒྱད་ལྡན་བརྟག་པར་བྱ། །སྒོ་ཡི་སུམ་འགྱུར་ཉིད་ཀྱིས་ནི། །སྒོ་ཡི་རྟ་བབས་མཆོག་ཏུ་བྱ། །མཆོག་ཏུ་སྣ་ཚོགས་རྡོ་རྗེ་བྲི། །རྡོ་རྗེའི་ར་བ་ཁོར་ཡུག་ལྡན། །དཔག་བསམ་ཤིང་སོགས་དང་ལྡན་པ། །ཁྲོ་བོ་གཏུམ་པོའི་དཀྱིལ་འཁོར་ལ། །དཀྱིལ་འཁོར་འཁོར་ལོའི་རྣམ་པ་ལ། །འཕར་མ་གཅིག་པ་ཉིད་དུ་བྱ། །དེ་ཡི་ཤར་ཕྱོགས་ཕྱོགས་བརྒྱད་ལ། །སྣ་ཚོགས་པདྨ་ཡང་དག་བྲི། །དབུས་མ་དང་དགུ་དེ་དབུས་སུ། །རལ་གྲི་སྔོན་པོ་རྡོ་རྗེས་མཚན། །རྡོ་རྗེ་གྲི་གུག་ཐོད་བཅས་འོག། ཤར་དུ་འཁོར་ལོས་མཚན་པ་ཡི། །རལ་གྲི་ཁ་དོག་དཀར་པོ་བྲི། །ལྷོ་རུ་ཁ་དོག་སེར་པོ་ཡི། །རིན་ཆེན་དང་བཅས་ཡང་དག་བྲི། །ནུབ་ཏུ་ཁ་དོག་དམར་པོ་ཡི། །པདྨ་དམར་པོས་མཚན་པ་དང་། །བྱང་དུ་རལ་གྲི་རྐྱང་པ་ཡི། །ཁ་དོག་ལྗང་ཁུ་ཡང་དག་བྲི། །འཁོར་ལོ་དཀར་པོས་མཚན་པ་ཡི། །གྲི་གུག་མེ་ཡི་མཚམས་སུ་བྲི། །རིན་ཆེན་སེར་པོས་རབ་མཚན་པ། །བདེན་


DKG080_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དུ་ནི་བྲི་བར་བྱ། །པདྨ་དམར་པོས་རབ་མཚན་པ། །རླུང་དུ་དེ་བཞིན་བྲི་བར་བྱ། །དབང་ལྡན་ཁ་དོག་ལྗང་ཁུ་ཡི། །ཨུཏྤལ་སྔོན་པོས་མཚན་པ་བྲི། །ཟླ་བ་ཉི་མའི་སྟེང་གནས་པའི། །མཚན་མ་ཐམས་ཅད་རབ་ཏུ་བརྟག། རྡུལ་ཚོན་དཀྱིལ་འཁོར་སྒྲུབ་ཐབས་འདི། །བདག་གིས་འཇིག་རྟེན་དོན་ཕྱིར་བཤད། །ཡང་ན་དཀྱིལ་འཁོར་བྲི་བྱ་བ། །རས་རིས་ཚུལ་དུ་བྲི་བར་བྱ། །སྔོན་བཞིན་དཀྱིལ་འཁོར་བྲི་བྱས་ནས། །དབུས་སུ་མི་གཡོ་མཐིང་ནག་བྲི། །ཞེ་སྡང་རྡོ་རྗེ་མས་འཁྱུད་པ། །ཤར་དུ་མི་གཡོ་དཀར་པོ་བྲི། །མི་གཡོ་སེར་པོ་དེ་བཞིན་ལྷོར། །ནུབ་ཏུ་མི་གཡོ་དམར་པོ་བྲི། །བྱང་དུ་མི་གཡོ་ལྗང་ཁུ་བྲི། །མེ་མཚམས་གཏི་མུག་རྡོ་རྗེ་དཀར། །བདེན་བྲལ་ཕྲ་མ་རྡོ་རྗེ་སེར། །རླུང་དུ་འདོད་ཆགས་རྡོ་རྗེ་མ། །ལྷ་མོ་དམར་མོ་ཡང་དག་བྲི། །དབང་ལྡན་ཕྲག་དོག་རྡོ་རྗེ་མ། །ལྗང་བྲི་རས་བྲིས་དཀྱིལ་འཁོར་ལ། །དེ་ནས་དཀྱིལ་འཁོར་ལ་སྔགས་ཀྱིས་ལྷག་པར་གནས་པར་བྱ་བ་ནི། ཨོཾ་ཤྲཱི་ཙཎྜ་མ་ཧཱ་རོ་ཥ་ཎ་ས་པ་རི་ཝཱ་ར་ས་ཧི་ཏ། ཨཱ་གཙྪ་ཨཱ་གཙྪ་ཛཿཧཱུྃ་བྃ་ཧོཿཨ་ཏྲ་མཎྜ་ལེ། ཨ་དྷིཥྛཱ་ནཾ་ཀུ་རུ་ཧཱུྃ་ཕཊ་སྭཱ་ཧཱ། འདིས་ཀུན་ནས་དགུག་པ་དང་། རབ་ཏུ་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ་མཆོད་པར་བྱའོ། །དེ་ནས་སྔགས་ཀྱི་མཆོད་པར་གྱུར་པ་ནི། ཨོཾ་ཀྲྀཥྞ་ཙ་ལ་པུཤྤཾ་པྲ་ཏཱིཙྪ་ཧཱུྃ་ཕཊ། ཨོཾ་ཤྭེ་ཏཱ་ཙ་ལ་པུཤྤཾ་པྲ་ཏཱིཙྪ་ཧཱུྃ་ཕཊ། ཨོཾ་པཱི་ཏཱ་ཙ་ལ་པུཤྤཾ་པྲ་ཏཱིཙྪ་ཧཱུྃ་ཕཊ། ཨོཾ་རཀྟཱ་ཙ་ལ་པུཤྤཾ་པྲ་ཏཱིཙྪ་ཧཱུྃ་ཕཊ། ཨོཾ་ཤྱཱ་མཱ་ཙ་ལ་པུཤྤཾ་པྲ་ཏཱིཙྪ་ཧཱུྃ་ཕཊ། ཨོཾ་དྭེ་ཥ་བཛྲཱི་པུཤྤཾ་པྲ་ཏཱིཙྪ་ཧཱུྃ་ཕཊ། ཨོཾ་མོ་ཧ་བཛྲཱི་པུཤྤཾ་པྲ་ཏཱིཙྪ་ཧཱུྃ་ཕཊ། ཨོཾ་བི་ཤུ་ན་བཛྲཱི་པུཤྤཾ་པྲ་ཏཱིཙྪ་ཧཱུྃ་ཕཊ། ཨོཾ་རཱ་ག་བཛྲཱི་པུཤྤཾ་པྲ་ཏཱིཙྪ་ཧཱུྃ་ཕཊ། ཨོཾ་ཨཱིརྵྱ་བཛྲཱི་པུཤྤཾ་པྲ་ཏཱིཙྪ་ཧཱུྃ་ཕཊ། དེ་བཞིན་དུ། དཱི་པཾ་དང་། དྷཱུ་པཾ། གནྡྷཾ། ནཻ་བེ་དྱཾ། དེ་ལྟ་བུའི་ཉེ་བར་སྤྱད་པ་ལྔས་དཀྱིལ་འཁོར་ལ་མཆོད་པར་བྱའོ། །གང་ཚེ་དབུས་སུ་མི་གཡོ་དཀར། །གཏི་མུག་རྡོ་རྗེ་མ་དང་བཅས། །དེ་ཡི་དཀྱིལ་འཁོར་ཉིད་དུ་ཤེས། །དེ་བཞིན་མི་གཡོ་སེར་ལ་སོགས། །རྣལ་འབྱོར་ལྔ་ཡི་རབ་དབྱེ་བས། །དཀྱིལ་འཁོར་ལྔ་རུ་བརྟག་པར་བྱ། །སེམས་ཉིད་རྩེ་གཅིག་གྱུར་པ་ཡིས། །སྔོན་དུ་བསྙེན་པ་བརྩམ་པར་བྱ། །དཀྱིལ་འཁོར་རབ་བཞུགས་རྣལ་འབྱོར་མ། །རྣལ་འབྱོར་


DKG080_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་ཡང་དག་ལྡན། །ཕན་ཚུན་དུ་ནི་ཕྱག་བྱས་ནས། །བཟའ་བ་ཤ་དང་ཆང་ཡང་བྱ། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས། དཀྱིལ་འཁོར་གྱི་རིམ་པར་ཕྱེ་བ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་མས་གསོལ་པ། །སློབ་མ་ཇི་ལྟ་བུ་ཉིད་ལ། །རྒྱུད་འདི་རབ་ཏུ་སྦྱར་བར་བྱ། །ཐེ་ཚོམ་མེད་པར་བྱ་བ་ཉིད། །ཁྱབ་བདག་ཆེན་པོ་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོར་སྐྱབས་སུ་འགྲོ་བ་གསུམ་སྦྱིན་པར་བྱའོ། །བསླབ་པ་ལྔ་དང་གསོ་སྦྱོང་དག་ཀྱང་ངོ་། །དེ་ནས་དབང་ལྔ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེ་ནས་སྐལ་ལྡན་སློབ་མ་ལ། །རྒྱུད་ཀྱི་དེ་ཉིད་བསྟན་པར་བྱ། །གཞན་དག་རིང་དུ་སྤང་བར་བྱ། །གཞན་དུ་གུས་བཅས་གྱུར་ཀྱང་སྤང་། །དེ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་འདིའོ། །ཇི་སྲིད་སྙིང་པོ་བྱང་ཆུབ་པར། །སངས་རྒྱས་ལ་ནི་བདག་སྐྱབས་མཆི། །དམ་པའི་ཆོས་ལ་བདག་སྐྱབས་མཆི། །དགེ་འདུན་ལ་ཡང་མི་ཕྱེད་དང་། །དེ་ལ་བསླབ་པ་ལྔའི་ཚིགས་སུ་བཅད་པ་ནི། སྲོག་གཅོད་མ་བྱིན་ལེན་པ་དང་། །གཞན་གྱི་བུད་མེད་རྫུན་སྨྲ་རྣམས། །སྤང་བྱ་ཀུན་ལ་འཕགས་བཞིན་བྱ། །ལྔ་པ་ཆང་གི་བཏུང་བ་ཉིད། །དེ་ལ་འདིར་གསོ་སྦྱོང་གི་ཚིགས་སུ་བཅད་པ་ནི། བདག་གིས་སེམས་ཅན་གསད་མི་བྱ། །ཕ་རོལ་ནོར་ནི་དབྲོག་མི་བྱ། །བདག་ནི་ཚངས་པར་སྤྱོད་པ་སྤྱད། །རྫུན་གྱི་ཚིག་ཀྱང་སྤང་བར་བགྱི། །མྱོས་བྱེད་ཆང་གི་བཏུང་བ་ནི། །བདག་གིས་གང་དུའང་བཏུང་མི་བྱ། །གར་དང་གླུ་དང་རྒྱན་རྣམས་དང་། །རྒོད་བག་རྣམས་ནི་སྤང་བར་བྱ། །ཁྲི་སྟན་མཐོ་དང་ཁྲི་སྟན་ཆེ། །དུས་མིན་ཁ་ཟས་སྤང་བར་བྱ། །དེ་ལྟར་གསོ་སྦྱོང་ཡན་ལག་བརྒྱད། །དགྲ་བཅོམ་རྗེས་སུ་བདག་གིས་བསླབ། །ཇི་ལྟར་སངས་རྒྱས་ཀྱིས་གསུངས་ལྟར། །རྣམ་དག་བདག་གིས་གཟུང་བར་བགྱི། །དེ་ཡིས་གཡོན་ཅན་བདུད་ལས་རྒྱལ། །བླ་མེད་སངས་རྒྱས་མཆོག་ཐོབ་བྱ། །འདིར་ནི་སྲིད་པ་ཞི་གྱུར་ནས། །ལུས་ཅན་ཀུན་གྱི་སྐྱབས་གྱུར་ཏེ། །འཁོར་བ་ཇི་སྲིད་དེ་སྲིད་པར། །སྐྱེས་བུ་བདེ་བར་གཤེགས་པར་སྐྱེ། །


DKG080_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་བཟང་པོ་དང་འགྲོགས་འདིར། །བློ་ལྡན་འཇིག་རྟེན་ལ་ཕན་དགའ། །དེ་ལ་འདིར་ཆུའི་དབང་ནི། སློབ་མ་དྲི་མ་དང་བྲལ་ཞིང་ཤེལ་དག་པ་བཞིན་དུ་བསམས་ནས། རྣམ་པར་རྒྱལ་བའི་བུམ་པ་ནས་ཆུ་བླངས་ཏེ། ལོ་མ་དང་བཅས་པའི་ལག་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པ་འདིས་དབང་བསྐུར་བར་བྱའོ། །དེ་ལ་འདིར་དབུ་རྒྱན་གྱི་དབང་བསྐུར་བ་ནི་གོས་ལ་སོགས་པ་ལ་བྱས་པའི་དབུ་རྒྱན་རིན་པོ་ཆེ་ཀུན་ལས་གྲུབ་པར་བསམས་ནས། སློབ་མ་ཡང་འཁོར་ལོས་སྒྱུར་བ་ལྟར་བསམས་ནས། མགོ་བོར་དབུ་རྒྱན་སྦྱིན་པར་བྱའོ། །སྔོན་བཞིན་དུ་དབང་བསྐུར་བར་བྱ་སྟེ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨཱ་བི་ཤ་ཨཱ་བི་ཤ་ཨ་སྱ་ཧྲྀ་ད་ཡྃ་ཧཱུྃ་ཕཊ། དེ་ལ་རལ་གྲིའི་དབང་བསྐུར་བ་ནི། ལྕགས་ལ་སོགས་པའི་རང་བཞིན་ལས་རལ་གྲི་དེའི་ལག་པ་གཡས་སུ་བྱིན་ནས། སྔོན་བཞིན་དུ་དབང་བསྐུར་བར་བྱ་སྟེ། ཨོཾ་ཧ་ན་ཧ་ན། མཱ་ར་ཡ་མཱ་ར་ཡ། སརྦ་ཤ་ཏྲཱུྃ་ཛྙཱ་ན་ཁཌྒ་ཧཱུྃ་ཕཊ། དེ་ལ་འདིར་ཞགས་པའི་དབང་བསྐུར་བ་ནི། ཟངས་མ་ལ་སོགས་པ་ལས་བྱས་པའི་ཞགས་པ་དེའི་སྡིགས་མཛུབ་དང་བཅས་པའི་ལག་པ་གཡོན་པར་བྱིན་ནས། སྔོན་བཞིན་དུ་དབང་བསྐུར་བར་བྱ་སྟེ། ཨོཾ་གྲྀཧྞ་གྲྀཧྞ། ཀ་ཧ་ཀ་ཧ། ཀཌྜྷྱ་ཀཌྜྷྱ་སརྦ་དུ་པཱ་ཤེ་ན་བནྡྷ་བནྡྷ། མ་ཧཱ་ས་ཏྱ་ཏེ་དྷརྨྨ་ཏེ་སྭཱ་ཧཱ། དེ་ལ་འདིར་མིང་གི་དབང་ནི། སློབ་མ་ཁྲོ་བོ་གཏུམ་པོ་ཆེན་པོའི་ཕྱག་རྒྱ་རུ་ཉེ་བར་བཀོད་ནས། དེའི་རྣམ་པར་སེམས་ཀྱིས་དམིགས་ཏེ། ཨོཾ་ཧེ་ཤྲཱི་བྷ་ག་བ་ན་ཀྲྀཥྞ་ཙ་ལ་སིཌྜྷོ་སྟྭཾ་ཧཱུྃ་ཕཊ། དེ་ནས་སྔོན་བཞིན་དུ་དབང་བསྐུར་བར་བྱའོ། །དེ་བཞིན་དུ་སྒྲུབ་པ་པོས་ནག་པོ་ལ་སོགས་པའི་དབྱེ་བས། མི་གཡོ་བ་རྣམ་པ་ལྔའི་མིང་གིས་དབང་བསྐུར་བ་སྦྱིན་པར་བྱའོ། །ཞེས་བྱ་བ་ནི་དབང་ལྔའོ། །བུད་མེད་རྣམས་ཀྱི་དབུ་རྒྱན་གྱི་དབང་བསྐུར་བ་བཞག་ནས། སིན་དྷུ་རའི་དབང་བསྐུར་བ་སྦྱིན་པར་བྱའོ། །རྒྱལ་སྲིད་ཀྱི་ལྷ་མོ་ཆེན་མོའི་ཚུལ་དུ་སློབ་མ་དམིགས་ཏེ། ཨོཾ་བྷ་ག་ཝ་ཏཱི་ཨཱ་བི་ཤ་ཨཱ་བི་ཤ་ཨ་སྱ་ཧྲྀ་ད་ཡཾ་ཧཱུྃ་ཕཊ། ལྕགས་ལ་སོགས་པའི་གྲི་གུག་དེའི་ལག་པ་གཡས་སུ་སྦྱིན་པར་བྱའོ། །ཨོཾ་ཀརྟི་ཀེ་སརྦྦ་མཱ་རཱ་སྨཱ་མཱྃ་སྃ་ཀཱརྟ་ཡ་ཀཱརྟ་ཡ་ཧཱུྃ་ཕཊ། ལག་པ་གཡོན་


DKG080_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མིའི་ཐོད་པའམ། རྫ་ལས་བྱས་པ་སྦྱིན་པར་བྱའོ། །ཨོཾ་བཛྲ་ཀ་པཱ་ལ་སརྦྦ་ཤ་ཏྲུ་ཎཱཾ་རཀྟཾ་དྷཱ་ར་ཡ་དྷཱ་ར་ཡ་ཧཱུྃ་ཕཊ། དེ་ནས་བཅོམ་ལྡན་འདས་མའི་ཕྱག་རྒྱ་རུ་རྣམ་པར་བཀོད་ནས། དེའི་རྣམ་པར་དམིགས་ཏེ། ཨོཾ་ཧེ་ཤྲཱི་དྭེ་ཥ་བཛྲི་སིཌྜྷོ་སྟྭཾ་ཧཱུྃ་ཕཊ། དེ་བཞིན་དུ་བུད་མེད་ནི་ནག་མོ་ལ་སོགས་པའི་ཁ་དོག་གི་དབྱེ་བས་རྣལ་འབྱོར་མ་ལྔ་པོ་རྣམས་ཀྱི་མིང་གི་དབང་བསྐུར་བར་བྱའོ། །འདིར་ཤེས་རབ་ཀྱི་དབང་བསྐུར་བའི་གནས་སུ་ཐབས་ཀྱི་དབང་བསྐུར་བ་སྦྱིན་པར་བྱའོ་ཞེས་སོ། །དེ་ནས་གསང་བའི་དབང་བསྐུར་བར་གྱུར་པ་ནི་བླ་མ་ལ་སློབ་མས་གོས་ལ་སོགས་པས་ཡང་དག་པར་མཆོད་ནས། དེ་ལ་རང་ཡིད་དུ་འོང་བའི་གཟུགས་དང་། ལང་ཚོས་བརྒྱན་པའི་ཤེས་རབ་མ་དབུལ་བར་བྱའོ། །ཁྱོད་ལ་འདི་ནི་འབུལ་ལགས་ཀྱིས། །འདོད་ཀུན་བདེ་བར་རབ་ཏུ་སྩོལ། །བདག་ནི་འདོད་པའི་བདེ་དོན་ཕྱིར། །མགོན་པོ་ཁྱོད་ཀྱིས་བརྩེ་བས་ཟུང་། །དེ་ནས་བླ་མ་ལ་ཕྱག་འཚལ་ནས་སློབ་མ་ཕྱིར་བྱུང་སྟེ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཞེས་པའི་སྔགས་བཟླས་ཤིང་གནས་པར་བྱའོ། །ཡང་བླ་མས་ཆང་དང་ཤ་ལ་སོགས་པ་རྣམས་ཀྱིས་བདག་ཉིད་མཆོད་ནས། ཤེས་རབ་ཀྱང་ཚིམ་པར་བྱས་ཏེ། ཡང་དག་པར་སྦྱོར་བ་ལས་ཉེ་བར་བྱུང་བའི་དཀར་དམར་ལོ་མའི་སྐྱོང་བུ་ལ་སོགས་པར་བཞག་ནས་སློབ་མ་བོས་ཏེ། དེའི་ལྕེ་ལ་མཐེ་བོང་དང་མིང་མེད་ཀྱིས་རྫས་བཟུང་ནས། ཧཱུྃ་ཕཊ་ཀྱི་ཡི་གེ་བྲི་བར་བྱའོ། །དེ་ནས། ཨ་ཧོ་སུ་ཁྃ་ཞེས་བརྗོད་པར་བྱའོ། །དེ་ནས་འདི་བརྗོད་པར་བྱ་སྟེ། དེ་རིང་བདག་གིས་སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་པར་བྱ་ཡིས། གང་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་གྱིས། འོན་ཀྱང་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་འདི་སྨྲ་བར་མི་བྱའོ། །དེ་ནས་སློབ་མའི་སྙིང་གར་རལ་གྲི་བཞག་ནས། འདི་སྐད་བརྗོད་པར་བྱ་སྟེ། གལ་ཏེ་སྨྲས་ན་དེ་ཡི་ཚེ། །ཤིན་ཏུ་རྣོ་བའི་རལ་གྲི་འདི། །ཁྲོ་བོ་གཏུམ་པོའི་ཕྱག་ན་གནས། །གང་གིས་དམ་ཚིག་འཇིག་བྱེད་པ། །དེ་ལ་འདི་ཡིས་མཆོག་ཏུ་གཅོད། །


DKG080_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་བྱེ་བ་སྟོང་རྣམས་སུ། །མི་རྣམས་རལ་གྲི་ལག་ཕྱར་བས། །ཡན་ལག་ཀུན་གཅོད་མགོ་བོ་ནི། །འདི་ཡིས་མཆོག་ཏུ་གཅོད་པར་བྱེད། །གལ་ཏེ་དམ་ཚིག་འདི་ཉིད་ཀྱིས། །ཁྱོད་ཀྱིས་འཇིགས་པ་ཐོབ་པར་འགྱུར། །དེ་ནས་སློབ་མས་བརྗོད་པར་བྱ་སྟེ། དེ་ལྟར་ངེས་ཞེས་སོ། །དེ་ནས་གདོང་གཡོགས་བཅིངས་ནས། དཀྱིལ་འཁོར་དུ་མེ་ཏོག་དབུལ་བར་བྱའོ། །དེ་ནས་གདོང་གཡོགས་བསལ་ནས། དཀྱིལ་འཁོར་རབ་ཏུ་བསྟན་པར་བྱའོ། །གང་དང་གང་གི་མཚན་མ་དེ་ནས་བསྟན་པར་བྱའོ། །དེ་ནས་སློབ་མ་ལ་ཤེས་རབ་མ་དེ་སྦྱིན་པར་བྱའོ། །གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་གསུངས། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །དེ་ནས་དགའ་བ་བཞིའི་རྣམ་པར་དབྱེ་བ་བླ་མས་རྣ་བར་སྨྲ་བར་བྱའོ། །དེ་ནས་བླ་མ་ཕྱི་རོལ་དུ་བྱུང་ནས། ཤེས་རབ་གཅེར་བུར་ཙོག་པུས་གསང་གནས་མཛུབ་མོས་བསྟན་ནས། ཅི་སྟེ་བུ་ཁྱོད་འདི་སྤྲོ་འམ། །ང་ལས་མི་གཙང་བ་དང་ནི། །བཤང་གཅི་རཀྟ་ཟ་བ་དང་། །བྷ་གའི་གནས་ལ་འོ་བྱེད་དམ། །སྒྲུབ་པ་པོས་སྨྲ་བར་བྱ་སྟེ། ཁྱོད་ལས་མི་གཙང་བཟའ་བ་ནི། །ཅི་ཡི་ཕྱིར་ན་བདག་མི་སྤྲོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་གིས་མི་མོ་ཀུན་གུས་བྱ། །དེས་ཀྱང་། ཨ་ཧོ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་སྟེན་བྱེད་ན། །བདག་ནི་དངོས་གྲུབ་སྩོལ་མཛད་མ། །བློ་ལྡན་བརྟན་པར་རབ་སྦྱོར་བས། །པདྨར་བྱ་བ་ཇི་བཞིན་གྱིས། །རང་ཉིད་ཁྲོ་བོ་གཏུམ་པོ་ཆེན་པོར་གནས་པས་བདེ་བ་ཆེན་པོ་སྟེ། དེ་ནས་སྒྲུབ་པ་པོ་བདག་ཉིད་ཁྲོ་བོ་གཏུམ་པོ་ཆེན་པོའི་རྣམ་པར་བསམས་ལ། ཤེས་རབ་ཀྱང་ཞེ་སྡང་རྡོ་རྗེ་མའི་ཚུལ་གྱིས་ཡང་དག་པར་སྦྱོར་བས། དགའ་བ་བཞི་མཚོན་པར་བྱའོ། །དེ་ནས་ཡོངས་སུ་རྫོགས་པ་དང་། བླ་མ་ལ་སོགས་པ་ལ་ཆང་དང་ཤ་ལ་སོགས་པའི་ཚོགས་ཀྱི་འཁོར་ལོའི་མཆོད་པ་དབུལ་བར་བྱའོ་ཞེས་པ་ནི་ཤེས་རབ་ཀྱི་དབང་ངོ་ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས། དབང་བསྐུར་


DKG080_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་མས་གསོལ་པ། ཇི་ལྟར་སྒོམ་པ་པོ་ཡི་ཕྱིར། །ཁྲོ་ཆེན་གཏུམ་པོ་བསྒོམ་པར་བྱ། །སྔགས་ཀྱི་བཟླས་པ་ཇི་ལྟར་བྱ། །དབང་ཕྱུག་དམ་པ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་དང་མཐུན་པའི་ས་ཕྱོགས་ནི། །བར་དུ་གཅོད་པ་ཀུན་བྲལ་བར། །ཇི་ལྟར་རྙེད་པའི་སྟན་ཉིད་ལ། །དེ་ལ་མཉམ་གཞག་བརྟག་པར་བྱ། །དང་པོ་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་བསྒོམ་པར་བྱ། །གསུམ་པ་ལ་ནི་དགའ་བ་བསྒོམ། །ཀུན་གྱི་མཐའ་ལ་བཏང་སྙོམས་སོ། །དེ་ནས་རང་གི་ཐུགས་ཀའི་ས་བོན་ལས་པདྨ་དང་ཟླ་བ་དང་ཉི་མ་ལ་གནས་པའི་འོད་ཟེར་རྣམས་ཀྱིས་མདུན་དུ་བསམ་གཏན་གྱི་ཁྲོ་བོ་གཏུམ་པོ་བསམས་ནས་ཡིད་ཀྱིས་མཆོད་པ་བྱ་སྟེ། མཁས་པས་མེ་ཏོག་ལ་སོགས་པས། །ཡིད་ཀྱིས་དེ་རྣམས་མཆོད་པར་བྱ། །དེ་མདུན་སྡིག་པ་བཤགས་པར་བགྱི། །བསོད་ནམས་ལ་ཡང་རྗེས་ཡི་རང་། །གསུམ་ལ་སྐྱབས་སུ་འགྲོ་བར་བྱ། །བསྐུལ་ཞིང་གསོལ་བ་རབ་ཏུ་འདེབས། །བདག་ཉིད་ཡོངས་སུ་འབུལ་བ་དང་། །བསོད་ནམས་ཡོངས་སུ་བསྔོ་བར་བྱ། །དེ་ནས་སྨོན་ལམ་བཏབ་ནས་ནི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །དེ་ནས་ཕྱག་ནི་བཙལ་བྱས་ལ། །འོད་ཟེར་རྣམས་ཀྱིས་སླར་ཡང་བསྡུ། །མཁས་པས་སྟོང་པར་བསམས་པ་ནི། །སྔགས་འདི་ཉིད་ནི་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧྃ། རབ་ཏུ་འབར་བས་ཧཱུྃ་ཡིག་ནི། འོད་ཟེར་དེ་ཡིས་བསྲེགས་པར་བསམ། །ག་བུར་བསྲེགས་པ་ཇི་བཞིན་བསམ། །འོད་ཟེར་ལ་ཡང་རྣམ་མི་རྟོག། ཐམས་ཅད་ནམ་མཁའ་ཇི་བཞིན་དུ། །སྐད་ཅིག་གིས་ནི་རྣམ་པར་བསྒོམ། །དྲི་མེད་དག་པའི་ཤེལ་བཞིན་དུ། །རང་ལུས་རྣམ་པར་བསྒོམ་པར་བྱ། །སྔོན་དུ་བསྒོམ་བྱ་ཕྱི་ནས་ནི། ཡྃ་རྃ་བྃ་ལྃ་བཞི་རྣམས་ལས། །ཡོངས་གྱུར་བསྒོམ་བྱ་རླུང་དང་ནི། །མེ་དང་ཆུ་དང་ས་རྣམས་སོ། །བྷྲུྃ་ཡིག་དེ་ལས་བསྒོམ་བྱ་བ། །གཞལ་ཡས་ཁང་དུ་རབ་ཏུ་བསྒོམ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །


DKG080_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་དབུས་སུ་བསམ་བྱ་བ། །སྣ་ཚོགས་པདྨ་འདབ་བརྒྱད་ལྡན། །པྃ་ཡིག་ས་བོན་ལས་བྱུང་བ། །དེ་ལ་ཨྃ་ཡིག་ལས་བྱུང་ཟླ། །རྃ་ཡིག་ལས་བྱུང་ཉི་མ་སྟེ། །དེ་སྟེང་ཧཱུྃ་ཡིག་ལས་ཀྱང་སླར། །དེས་བསྐྱེད་མི་བསྐྱོད་པ་རུ་བསམ། །མཱ་མ་ཀཱི་བཅས་ཡང་དག་སྦྱོར། །དེ་ལ་རིམ་བཞིན་རྣལ་འབྱོར་དབང་། །དེ་ཡི་སྤྱི་བོ་ལ་ཐིམ་ནས། །སྐར་མདའ་ཇི་བཞིན་སྦྱོར་བ་ཡིས། །མཱ་མ་ཀཱི་ཡི་བྷ་གར་བསམ། །དེ་ལས་ཁུ་བ་རོ་མཉམ་གྱུར། །ལྟུང་གྱུར་དེ་ཡི་བྷ་གའི་ནང་། །གཏུམ་པོའི་གཟུགས་སུ་གྱུར་ནས་ནི། །བྷ་གའི་མཐའ་ལས་ངེས་བྱུང་ནས། །མི་བསྐྱོད་པ་ལ་རལ་གྲི་ཡིས། །བསྣུན་ནས་ཕྱི་ནས་རབ་ཏུ་བཟའ། །མཱ་མ་ཀཱིས་ཀྱང་དེ་ལས་དེའི། །ཤ་ཟ་བར་ནི་རབ་ཏུ་བསམ། །དེ་ཕྱིར་མཱ་མ་ཀཱིས་བཟུང་ནས། །མ་དང་ཡང་དག་རབ་འདོད་བྱ། །དེས་ཀྱང་འཁྱུད་པར་བསམ་བྱ་བ། །ཞེ་སྡང་རྡོ་རྗེ་མ་ཡི་གཟུགས། །ཕྱག་གཡས་ན་ནི་རལ་གྲི་ཕྱར། །གཡོན་པ་ཞགས་པ་དང་བཅས་པའི། །སྡིགས་མཛུབ་ཀྱིས་ནི་སྡིགས་པར་བྱེད། །སོ་ཡིས་མ་མཆུ་ཡང་དག་བསྡམས། །རྐང་གཡས་བརྡེགས་པའི་སྟབས་ཀྱིས་ནི། །བདུད་བཞི་རྣམ་པར་ཉེད་པར་མཛད། །པུས་མོ་གཡོན་པ་ས་ལ་བཙུགས། །འཇིགས་བྱེད་འཁྱོག་པོར་གཟིགས་པ་ཅན། །ནོར་འཛིན་ལ་ནི་སྡིགས་མཛུབ་བསྟན། །པུས་མོ་གཡོན་པའི་རྩེ་མོས་གནས། །མི་བསྐྱོད་སྔོན་པོས་དབུ་རྒྱན་མཛད། །རིན་པོ་ཆེ་ཡི་ཅོད་པན་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་གྱུར་པའི། །གཞོན་ནུ་ཟུར་ཕུད་ལྔ་དང་ལྡན། །བརྒྱད་གཉིས་ལོ་ཡི་རྣམ་པ་ཅན། །སྤྱན་གཉིས་དམར་པོ་གཙོ་བོ་ཡི། །སེམས་ཉིད་བརྟན་པར་བསྒོམ་པར་བྱ། །བདག་ཉིད་ཁྲོ་བོ་གཏུམ་གྲུབ་ནས། །དེ་ནས་སྲུབ་པའི་སྦྱོར་བ་ཡིས། །ཤར་དུ་མི་གཡོ་དཀར་པོ་སྤྲོ། །མེ་མཚམས་གཏི་མུག་རྡོ་རྗེ་མ། །སྟོན་ཀའི་ཟླ་འོད་དང་མཚུངས་སྤྲོ། །ལྷོ་རུ་མི་གཡོ་སེར་པོ་སྤྲོ། །ཕྲ་མ་རྡོ་རྗེ་བདེན་བྲལ་སེར། །མི་གཡོ་དམར་པོ་ནུབ་ཏུ་སྤྲོ། །རླུང་དུ་འདོད་ཆགས་རྡོ་རྗེ་མ། །མི་གཡོ་ལྗང་ཁུ་བྱང་ཕྱོགས་སུ། །དབང་ལྡན་ཕྲག་དོག་རྡོ་རྗེ་མ། །ཕྱི་ནས་ཤེས་རབ་དང་བཅས་དེས། །རང་གི་མགྲིན་པ་ལས་


DKG080_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི། །ལྷ་མོ་རྣམས་ཀྱིས་གླུ་ཡིས་བསྐུལ། །པ་ཧུ་མཻ་ཏྲཱི་དུ་བི་བཡྲཱི་ཨ་ཧོ་མཱ་ཤུནྣ་ས་ཧཱ་བ་ཏོཛྫུ་བཱི་ཨོ་ཨེ་ཕིཊྚ་མི་སཔྤ་ཛ། ག་ཧི་བ་བྷཱ་བ། གཏི་མུག་རྡོ་རྗེ་མས་སོ། །མཱ་ཀ་རུ་ཎཱ་ཙི་ཨ་ཕིཊྚ་ཧི་པ་ཧུ་མཱ་ཧོ་ཧི་ཏུ་ཤུནྣ་མཱ་མོཛྫུ་དེ་ཧ། སུ་དུཀྑི་ཨ་ཧུ་ཨི་ཛཱི་བ་བི་ཧུནྣཿཕྲ་མ་རྡོ་རྗེ་མ་ཡིས་སོ། །ཀཱི་ས་ཏུ་ཧ་རི་ས་བི་ཧོ་ཧི་ཨ་ཤུནྣ་ཧི་ཀ་ར་སི་པ་བེ་ཤ། ཏོཛྫུ་ནི་མནྟྲ་ཎ་ཀ་རི་ཨ་མཎྞི་ཨཙྪ་ཨི་ལོ་ཨཱ་ཤི་ཥ། འདོད་ཆགས་རྡོ་རྗེ་མའི་འོ། །ཛོ་བ་ན་མཙྪི་ཨུ་པ་ཁི་ཨ་ནི་ལ་ཤུནྣཿཨ་ཌིཊྚེ། ཤུནྣ་ས་ཧཱ་བ་བི་གོ་ཨི་ཨ་ཀ་ར་ཧི་ཏུ་མོ་ཨེཾ་ས་མ་གྷིཊྚྀ། ཕྲག་དོག་རྡོ་རྗེ་མའིའོ། །ཁྱབ་བདག་བྱམས་པ་རྣམ་སྤངས་ནས། །སྟོང་པའི་རང་བཞིན་དུ་མ་མཛད། །ཁྱོད་དང་རྣམ་བྲལ་བདག་འགུམ་པས། །འགྲོ་ཀུན་སྟོང་པར་མ་མཛད་ཅིག། གཏི་མུག་རྡོ་རྗེ་མས་སོ། །སྙིང་རྗེའི་སེམས་བྲལ་བདག་འགུམ་པས། །ཁྱབ་བདག་སྟོང་པར་མ་མཛད་ཅིག། བདག་གི་ལུས་ནི་སྡུག་བསྔལ་བས། །འཚོ་བ་དང་བྲལ་མ་མཛད་ཅིག། ཕྲ་མ་རྡོ་རྗེ་མས་སོ། །ཅི་སྟེ་མཁས་པ་ཁྱོད་ཉིད་ནི། །དགའ་བ་སྤངས་ནས་སྟོང་པར་འཇུག། འཇིག་རྟེན་མ་ལུས་པ་རྣམས་དང་། །བདག་གི་ཡིད་ནི་ཁྱོད་ལ་སྡོད། །འདོད་ཆགས་རྡོ་རྗེ་མ་ཡིས་སོ། །ལང་ཚོ་དང་ལྡན་བཏང་སྙོམས་པའི། །མིག་ནི་སྟོང་པ་འབྲལ་མེད་ཅན། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་མཉམ་ཉིད་སྦྱོར་བར་མཛོད། །ཕྲག་དོག་རྡོ་རྗེ་མས་སོ། །འདི་ནི་རྨི་ལམ་ལྟར་ཐོས་ནས། །ཁུ་བ་ལས་འཁྲུངས་སྐད་ཅིག་གིས། །སྔོན་མའི་གཟུགས་བཞིན་བསམ་པར་བྱ། །བདག་ཉིད་ཡང་དག་སྦྱོར་དེ་ལས། །མི་གཡོ་དཀར་པོ་ལ་བསྣུན་ནས། །གཏི་མུག་རྡོ་རྗེར་རབ་འདོད་བྱ། །མི་གཡོ་དཀར་པོའི་གཟུགས་སུ་བྱ། །མི་གཡོ་སེར་པོ་སླར་བསད་ནས། །འདོད་བྱ་ཕྲ་མ་རྡོ་རྗེ་མར། །བདག་ཉིད་མི་གཡོ་སེར་པོར་བྱ། །དེ་བཞིན་མི་གཡོ་དམར་པོ་བསད། །འདོད་ཆགས་རྡོ་རྗེ་མར་འདོད་བྱ། །མི་གཡོ་དམར་པོར་བདག་ཉིད་བྱ། །མི་གཡོ་ལྗང་ཁུས་བསད་ནས་ཀྱང་། །ཕྲག་དོག་རྡོ་རྗེ་མར་འདོད་བྱ། །མི་གཡོ་ལྗང་ཁུར་བདག་ཉིད་བྱ། །ལྷ་མོ་བཞི་ལ་རྗེས་ཆགས་པས། །དཀྱིལ་འཁོར་ཐམས་ཅད་ཡང་དག་བསྡུ། །


DKG080_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་གཅིག་ཏུ་ཡང་དག་སྦྱོར། །འབད་པ་ཡིས་ནི་བསྒོམ་པར་བྱ། །དེ་ལས་ང་རྒྱལ་བྱས་པ་ཡིས། །བདག་ལ་དངོས་གྲུབ་ཐེ་ཚོམ་མེད། །ཁ་དོག་ནག་ཕྱིར་རྣལ་འབྱོར་པ། །གང་བསྒོམ་དེ་ནི་མི་གཡོ་ནག། ཁ་དོག་དཀར་ཕྱིར་རྣལ་འབྱོར་པ། །གང་བསྒོམ་དེ་ནི་མི་གཡོ་དཀར། །ཁ་དོག་སེར་ཕྱིར་རྣལ་འབྱོར་པ། །གང་བསྒོམ་དེ་ནི་མི་གཡོ་སེར། །ཁ་དོག་དམར་ཕྱིར་རྣལ་འབྱོར་པ། །གང་བསྒོམ་དེ་ནི་མི་གཡོ་དམར། །ཁ་དོག་ལྗང་ཕྱིར་རྣལ་འབྱོར་པ། །གང་བསྒོམ་དེ་ནི་མི་གཡོ་ལྗང་། །ཁ་དོག་ནག་མོའི་བུད་མེད་དེས། །ཞེ་སྡང་རྡོ་རྗེ་མ་བསྒོམ་བྱ། །ཁ་དོག་དཀར་མོའི་བུད་མེད་དེས། །གཏི་མུག་རྡོ་རྗེ་མ་བསྒོམ་བྱ། །ཁ་དོག་སེར་མོའི་བུད་མེད་དེས། །ཕྲ་མ་རྡོ་རྗེ་མ་བསྒོམ་བྱ། །ཁ་དོག་དམར་མོའི་བུད་མེད་དེས། །འདོད་ཆགས་རྡོ་རྗེ་མ་བསྒོམ་བྱ། །ཁ་དོག་ལྗང་ཁུའི་བུད་མེད་དེས། །ཕྲག་དོག་རྡོ་རྗེ་མ་བསྒོམ་བྱ། །སྐྱེས་ཀུན་རྡོ་རྗེའི་རྣལ་འབྱོར་པ། །བུད་མེད་རྡོ་རྗེའི་རྣལ་འབྱོར་མ། །ནག་སོགས་ཁ་དོག་དབྱེ་བ་ཡིས། །འདི་རྣམས་ཀུན་ལ་རབ་ཏུ་བརྟག། ཡང་ན་ལས་ཀྱི་དབྱེ་བ་ཡིས། །དབྱེ་བ་ལྔ་རུ་རབ་ཏུ་བརྟག། གནག་ཕྱིར་གསད་དང་ཞེ་སྡང་ལ། །ཞི་ལ་དཀར་པོ་དག་ཏུ་འདོད། །རེངས་དང་རྒྱས་ལ་སེར་པོ་སྟེ། །དབང་དང་དགུག་ལ་དམར་པོའོ། །སྐྲོད་པ་ལས་ནི་ལྗང་ཁུར་བཤད། །ཡང་ན་རིགས་ཀྱི་རབ་དབྱེ་བས། །བྲམ་ཟེ་དཀར་པོ་དམངས་རིགས་ནག། གཏུམ་པོ་སེར་པོ་དག་ལ་འདོད། །དམར་པོ་གར་མ་དག་ལ་འདོད། །ལྗང་ཁུ་ཚོས་མ་ཞེས་བྱའོ། །བུ་མོ་སྔོ་བསངས་མིག་ཡངས་མ། །ནག་པོ་བསྒོམ་པ་པོས་འདོད་བྱ། །བུ་མོ་དཀར་པོ་དཀར་མོ་ཡིས། །བུ་མོ་སེར་པོ་སེར་མོ་ཡིས། །བུ་མོ་དམར་པོ་དམར་མོ་ཡིས། །བུ་མོ་ལྗང་ཁུ་ལྗང་ཁུ་ཡིས། །ཡང་ན་གང་གིས་དེ་འཛིན་པ། །དེ་དང་དེ་ཡི་བསྒོམ་པ་མཆོག། ཇི་ལྟ་བ་ཡང་མི་ཤེས་པས། །སེམས་ཉིད་བརྟན་པས་འདོད་པར་བྱ། །ཕྱོགས་ཙམ་རབ་ཏུ་སྦྱོར་བ་ལས། །བུ་མོ་དེ་ཡིས་དངོས་གྲུབ་སྟེར། །རྡོ་རྗེའི་ཤུ་ཀྲར་གྱུར་པ་ལ། །ལྕེ་ཡིས་ཀུན་ནས་འཇིབ་པར་བྱ། །ཇི་སྲིད་འདོད་པའི་བཤང་གཅི་ཡང་། །


DKG080_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཁ་དང་བྷ་གར་སྦྱིན། །གུ་ད་པདྨ་རབ་འཇིབ་པས། །བོཐྭཱ་ཅི་འདོད་རབ་བཟའ་བྱ། །ངོ་ཚ་སྐྱུག་བྲོ་བྱེད་གྱུར་ན། །རྣམ་པ་ཀུན་དུ་དངོས་གྲུབ་ཉམས། །འདི་ནི་རང་གི་བཟའ་བ་མཆོག། སངས་རྒྱས་ཀུན་གྱིས་རབ་ཏུ་བཟས། །ཞེས་པ་ནི་དཔའ་བོ་གཅིག་པུར་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས། ལྷ་ཉིད་ཀྱི་རིམ་པར་ཕྱེ་བ་སྟེ་བཞི་པའོ།། །།དེ་ནས་སྔགས་རྣམས་ཀུན་ལས་བཏུས། །བདག་གིས་རབ་ཏུ་བཤད་པར་བགྱི། །དེ་ནས་བཅོམ་ལྡན་འདས་བདུད་ཐམས་ཅད་ཀྱིས་མི་ཐུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། སྔགས་ཀུན་ལས་བཏུས་པ་འདི་གསུངས་སོ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། རྩ་བའི་སྔགས་སོ། །ཨོཾ་ཨ་ཙ་ལ་ཧཱུྃ་ཧཱུྃ། རྩ་བའི་སྔགས་གཉིས་པའོ། །ཨོཾ་ཧཱུྃ་ཕཊ། རྩ་བའི་སྔགས་གསུམ་པའོ། །ཧཱུྃ་སྙིང་པོའི་སྔགས་སོ། །ཧཱྃ་སྙིང་པོའི་སྔགས་གཉིས་པའོ། །ཧྲིཾ་སྙིང་པོའི་སྔགས་གསུམ་པའོ། །ཨོཾ་ཧྀ་ཧྀ་ནྭཱ་ནྭཱ་ལྲཱ། ཙཎྜ་རཱུ་པེ་ཙ་ཊ་ཙ་ཊ། པྲ་ཙ་ཊ་པྲ་ཙ་ཊ། ཀ་ཧ་ཀ་ཧ། པྲ་སྥུ་ར་པྲ་སྥུ་ར། པྲ་སྥཱ་ར་ཡ་པྲ་སྥཱ་ར་ཡ། ཧ་ན་ཧ་ན། གྲ་ས་གྲ་ས། བནྡྷ་བནྡྷ། ཛམྦྷ་ཡ་ཛམྦྷ་ཡ། སྟམྦྷ་ཡ་སྟམྦྷ་ཡ། མོ་ཧ་ཡ་མོ་ཧ་ཡ། སརྦ་ཤ་ཏྲཱུ་ཎཱཾ། མུ་ཁཾ་བནྡྷ་ནཾ། ཀུ་རུ་ཀུ་རུ། སརྦ་ཌཱ་ཀི་ནཱི་ནཱཾ་གྲ་ཧ་བྷཱུ་ཏ་པི་ཤཱ་ཙ་བྱཱ་དྷི་ཡཀྵཱ་ཎཱཾ། ཏྲཱ་ས་ཡ་ཏྲཱ་ས་ཡ། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། རུ་རུ་ཙཎྜ་རུ་ཀ། རཀྵ་རཀྵ་མཱཾ། ལྷ་སྦྱིན་ལ་ཙཎྜ་མ་ཧཱ་སེ་ནཿསརྦ་མཱ་ཛྙཱ་པ་ཡ་ཏི། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཕྲེང་བའི་སྔགས་སོ། །ན་མཿ་སརྦཱ་ཤཱ་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ་ཨ་ཙ་ལ་ཀཱ་ཎ། ནཊྚ་ནཊྚ། མོཊྚ་མོཊྚ། སཊྚ་སཊྚ། ཏུཊྚ་ཏུཊྚ། ཏིཥྛ་ཏིཥྛ། ཨཱ་བི་ཤ་ཨཱ་བི་ཤ། ཨཱ་མ་ཧཱ་མཏྟ་བཱ་ར་ཀ། དྷུ་ན་དྷུ་ན། ཏི་ཎ་ཏི་ཎ། ཁཱ་ད་ཁཱ་ད། བིགྷྣཱཾ་མཱ་ར་ཡ་མཱ་ར་ཡ། དུཥྚཱཾ་བྷཀྵ་བྷཀྵ། སརྦཱ་ཀུ་རུ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བི་ཥ་མ་བཛྲ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་ཏྲི་བ་ལི་ཏ་རཾ་གཱ་ན་བརྟྟ་ཀ་ཧྃ་ཧྃ་ཧྃ། ཨ་ཙ་ལ་ཙེ་ཊ་ཕཊ། སྥཱ་ཊ་ཡ་ཧཱུྃ་ཧཱུྃ། ས་མནྟི་ཀ་ཏྲཱ་ཊ་མ་ཧཱ་བ་ལ་སཱ་ཏ་ཡེ། ས་མཱ་ན་ཡ། ཏྲཱྃ་མཱྃ་ཧཱྃ། ཤུཧྟཱ་ཏུ་ལོ་ཀཿཏུ་ཥྱ་ཏུ་བཛྲཱི་ན་མོ་སྟྭ་པྲ་ཏི་ཧ་ཏ་བ་ལེ་བྷྱཿཛྭཱ་ལ་ཡ་ཏྲཱ་ཊ་ཧ་ས་ན་མཿསྭཱ་ཧཱ། ཕྲེང་བའི་སྔགས་གཉིས་པའོ། །ན་མཿ་སརྦཱ་ཤཱ་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་


DKG080_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱཿསརྦ་ཏྲཱཊྚ། ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ། སྥོ་ཊ་ཡ་ཧཱུྃ། བྷྲ་མ་ཡ་བྷྲ་མ་ཡ། ཧཱུྃ་ཏྲཱ་ཊ་མོ་ཧཱྃ། ཕྲེང་བའི་སྔགས་གསུམ་པའོ། །ཞེས་པ་ནི་མི་གཡོ་བ་ལྔ་པོ་རྣམས་ཀྱི་སྤྱིའི་སྔགས་སོ། །བྱེ་བྲག་པའི་སྔགས་ནི། ཨོཾ་ཀྲྀཥྞ་ཙ་ལ་ཧཱུྃ་ཕཊ། ཨོཾ་ཤྭེ་ཏཱ་ཙ་ལ་ཧཱུྃ་ཕཊ། ཨོཾ་པཱི་ཏཱ་ཙ་ལ་ཧཱུྃ་ཕཊ། ཨོཾ་རཀྟཱ་ཙ་ལ་ཧཱུྃ་ཕཊ། ཨོཾ་ཤྱཱ་མཱ་ཙ་ལ་ཧཱུྃ་ཕཊ། ལྷ་མོ་རྣམས་ཀྱི་ཐུན་མོང་བའི་སྔགས་ནི། ཨོཾ་བཛྲ་ཡོ་གི་ནི་ཧཱུྃ་ཕཊ། རྩ་བའི་སྔགས་སོ། །ཨོཾ་པྲཛྙཱ་པཱ་ར་མི་ཏེ་ཧཱུྃ་ཕཊ། རྩ་བའི་སྔགས་གཉིས་པའོ། །ཨོཾ་བཽ་ཧ་རི་ཧཱུྃ་ཕཊ། རྩ་བའི་སྔགས་གསུམ་པའོ། །ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷཱ་བརྡྷ་ནི། དྷི་རི་དྷི་རི་བུདྡྷི་བརྡྷ་ནི་སྭཱ་ཧཱ། ཕྲེང་བའི་སྔགས་སོ། །བྱེ་བྲག་པའི་སྔགས་ནི། ཨོཾ་དྭེ་ཥ་བཛྲི་ཧཱུྃ་ཕཊ། ཨོཾ་མོ་ཧ་བཛྲི་ཧཱུྃ་ཕཊ། ཨོཾ་པི་ཤུ་ན་བཛྲི་ཧཱུྃ་ཕཊ། ཨོཾ་རཱ་ག་བཛྲི་ཧཱུྃ་ཕཊ། ཨོཾ་ཨཱིརྵྱ་བཛྲི་ཧཱུྃ་ཕཊ། གཏོར་མའི་སྤྱི་སྔགས་ནི། ཨོཾ་ན་མོ་བྷ་ག་བ་ཏེ་ཤྲཱི་ཙཎྜ་མ་ཧཱ་རོ་ཥ་ཎཱ་ཡ་དེ་ཝཱ་སུ་ར། མ་ནུ་ཥྱ་ཏྲཱ་ས་ནཱ་ཡ། ས་མསྟ་མཱ་ར་བ་ལ། པི་ནཱ་ཤ་ནཱ་ཡ། རཏྣ་མུ་ཀུ་ཊ་ཀྲྀ་ཏ་ཤི་ར་སེ་ཨི་མཾ། བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་སརྦྦ་བིགྷྣཱཾ། ཧ་ར་ཧ་ར། ཙ་ཏུརྨཱ་རཱནྣི་བཱ་ར་ཡ་ནི་བཱ་ར་ཡ། ཏྲཱ་ས་ཏྲཱ་ས། བྷྲཱ་མ་བྷྲཱ་མ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ནཱ་ཤ་ནཱ་ཤ། ཏཱ་པ་ཏཱ་པ། ཤོ་ཥ་ཤོ་ཥ། ཙྪེ་ད་ཙྪེ་ད། བྷེ་ད་བྷེ་ད། དུཥྚ་སཏྭཱཾ། མ་མ་བི་རུ་ཙིཏྟ་ཀཾ་བྷསྨཱིཾ་ཀུ་རུ་ཀུ་རུ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས་སྔགས་ཀྱི་རིམ་པར་ཕྱེ་བ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་བཅོམ་ལྡན་འདས་ཀྱིས་དམ་དུ་འཁྱུད་ནས། པདྨ་དང་རྡོ་རྗེ་རབ་ཏུ་སྦྱོར་བས་གསུངས་པ། རྫོགས་པའི་རིམ་པའི་སྦྱོར་བ་ཡི། །བསྒོམ་པར་བྱ་བ་ཅི་འདྲ་ཞིག། རྣལ་འབྱོར་རྣམས་ལ་དེས་ཕན་ཕྱིར། །དྲི་བ་མཐའ་དག་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྫོགས་པའི་རིམ་པའི་སྦྱོར་གནས་པའི། །གཅིག་སྦྱོར་དེ་མཆོག་རྣལ་འབྱོར་པ། །ཉིན་མཚན་བདག་གི་ཚུལ་གྱིས་ནི། །སེམས་རྩེ་གཅིག་པས་བསྒོམ་པར་བྱ། །རེ་ཞིག་རང་གི་བུད་མེད་ཀྱང་། །


DKG080_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་གཟུགས་སུ་ངེས་པར་བརྟག། དེ་ཉིད་ཤིན་ཏུ་མངོན་སྦྱོར་བས། །ཇི་ལྟ་བ་བཞིན་གསལ་པོར་བགྲོད། །མ་དང་བུ་མོ་དེ་ནས་ནི། །སྲིང་མོ་དང་ནི་ཚ་མོ་དང་། །གཞན་ཡང་ཉེ་དུ་ཀུན་དང་ནི། །དེ་བཞིན་ཌོམྦི་བྲམ་ཟེ་མོ། །གཏུམ་མོ་དང་ནི་གར་མ་དང་། །ཚོས་མ་དང་ནི་གཟུགས་ཀྱིས་འཚོ། །བརྟུལ་ཞུགས་ཅན་མ་རྣལ་འབྱོར་མ། །དེ་བཞིན་ཐོད་པ་ཅན་མ་ཡང་། །གཞན་ཡང་ཇི་ལྟར་རྙེད་པ་ཡི། །བུད་མེད་གཟུགས་ཀྱིས་ཡང་དག་གནས། །ཆོ་ག་མཁས་པས་བསྟན་པར་བྱ། །ཇི་ལྟར་འཇིག་པར་མི་འགྱུར་བས། །ཞིག་ན་ཁྲོ་བོ་གཏུམ་པོ་ནི། །ཁྲོས་པས་སྒྲུབ་པ་པོ་འཇོམས་བྱེད། །རལ་གྲི་ཞགས་པས་འཇིགས་བྱེད་ཅན། །མནར་མེད་པར་ཡང་ལྟུང་བར་བྱེད། །འཇིག་རྟེན་འདིར་ཡང་དངོས་གྲུབ་མེད། །འཇིག་རྟེན་ཕ་རོལ་ཀྱང་དེ་བཞིན། །དེ་ཕྱིར་ཤིན་ཏུ་གསང་བ་ཡིས། །གཉིས་ཀྱི་སྤྱོད་ཡུལ་མིན་པར་བྱ། །ཁྲོ་བོ་གཏུམ་པོའི་སྒྲུབ་ཐབས་ནི། །མཁའ་འགྲོ་མ་ཡི་སྔགས་བཞིན་སྨྲ། །ཤིན་ཏུ་འདོད་ལྡན་དོན་གྱི་ཕྱིར། །སངས་རྒྱས་བདག་ཉིད་ཀྱིས་གསུངས་པ། །བར་དུ་གཅོད་པ་ཀུན་སྤངས་པའི། །ཡིད་དང་མཐུན་པའི་ས་ཕྱོགས་སུ། །རང་སེམས་འདོད་ལྡན་མ་དགའ་མ། །རབ་ཏུ་སྦས་པས་བརྩམ་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་དགའ་མས། །བདག་ནི་སངས་རྒྱས་མི་གཡོར་འགྲུབ། །རང་གཟུགས་ཤིན་ཏུ་འབད་པ་ཡིས། །མཁས་པས་སེམས་ཀྱིས་བསྒོམ་པར་བྱ། །སྐྱེ་བོས་དབེན་བྱས་གནས་སུ་ནི། །ཇི་ལྟར་རྙེད་པའི་གོས་ཀྱིས་ནི། །གཉིས་གཉིས་ཕན་ཚུན་སྦྱོར་བ་ཡིས། །རབ་ཏུ་འབད་དེ་བསྒོམ་པར་བྱ། །མི་མོ་མངོན་སུམ་བྱས་ནས་ནི། །མངོན་དུ་ཕྱོགས་པས་ཉེར་འདུག་སྟེ། །ཕན་ཚུན་གཉིས་པོ་ཆགས་པ་ཡིས། །རབ་དགའ་ཕན་ཚུན་བལྟ་བར་བྱ། །དེ་ལས་མཐོང་བ་དེའི་བསམ་གཏན་ནི། །ཡིད་ནི་རྩེ་གཅིག་གནས་པར་བྱ། །དེ་ཡིས་དེ་ལ་དེ་ཉིད་བརྗོད། །བདེ་བའི་གཟི་མདངས་བྱེད་པ་སྨྲ། །དེ་ལ་བུ་ཁྱོད་བདག་གི་བདག། ཁྱོད་ནི་མིང་པོ་མེས་པོ་དང་། །བདག་ནི་ཁྱོད་ཀྱི་ཆུང་མ་མ། །སྲིང་མོ་དང་ནི་ཚ་མོ་ཡིན། །སྐྱེ་བ་བདུན་རྒྱུད་ཞམ་རིང་བ། །ཁྱོད་ནི་བདག་གི་གཡོག་ཡིན་


DKG080_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །བདག་ནི་ཁྱོད་ཀྱིས་རིན་གྱིས་ཉོས། །བདག་ནི་ཁྱོད་ཀྱི་རྗེ་དཔོན་མ། །རྐང་པ་དག་གི་དྲུང་བཏུད་ནས། །ཤིན་ཏུ་ཐལ་མོ་རབ་སྦྱར་ནས། །དེ་ལ་འདི་བཞིན་བརྗོད་པར་བྱ། །བདེ་བའི་གཟི་མདངས་མཆོག་བྱེད་བརྗོད། །ཁྱོད་ནི་བདག་གི་ཕ་དང་མ། །བདག་གི་ཆུང་མ་ཚ་མོ་ཡིན། །སྲིང་མོ་བུ་ཡི་ཆུང་མ་དང་། །ཁྱོད་ནི་བདག་གི་རྗེ་བོ་ཡིན། །ཁྱོད་ཀྱི་བདག་ནི་རྣམ་ཀུན་དུ། །ཤིན་ཏུ་གུས་པའི་དཔུང་གཉེན་གཡོག། བདག་ལ་ཡུམ་གྱི་བརྩེ་བས་གཟིགས། །ཡིད་འོང་ལྟ་བས་ངེས་བལྟས་ནས། །དེ་ནས་ཡང་དང་ཡང་དུ་ནི། །སྐྱེས་བུ་ཡིས་ནི་ཙུམྦྷ་བྱ། །ཡི་གེ་གསུམ་ནི་གྷོ་སོགས་སྦྱིན། །ཁ་ལས་ཁ་ཡི་བདུད་རྩི་དང་། །ལངས་ནས་པདྨ་བསྟན་པར་བྱ། །མིག་འཕྲུལ་ཁ་ཡིས་འཇིབ་བྱས་ནས། །ཀུ་ཙ་སྙིང་གར་བཙིར་བར་བྱ། །མངོན་ཕྱོགས་དེ་ཡི་གདོང་བལྟས་ནས། །ཙུ་ཏའི་གནས་ལ་སྨྲ་བར་བྱ། །དེ་ལ་བལྟ་བའི་ཚིག་ལ་ནི། །བདག་གི་རྣམ་པར་སྣང་མཛད་བཟའ། །ཁྱོད་ནི་མི་བསྐྱོད་ཆུ་འཐུངས་ན། །བུ་དང་ཕ་དང་བྲན་ཕོའོ། །ཁྱོད་ཀྱི་རྗེ་དཔོན་མ་ཉིད་ང་། །རྒྱལ་རིགས་མ་ཡི་ཡུམ་ཉིད་ཀྱང་། །བུ་ཁྱོད་རབ་ཏུ་འབད་པ་ཡིས། །བདག་གི་ཞབས་ལ་སྐྱབས་སུ་སོང་། །གང་ཕྱིར་བདག་ནི་འཕེལ་བྱེད་མ། །ཁྱོད་ལ་རིན་ཆེན་ཉེ་བར་འོངས། །བུ་ཁྱོད་བྱས་གཟོར་གྱིས་ཤིག་ཀྱེ། །རྡོ་རྗེ་བདེ་སྐྱེད་བདག་ལ་བྱིན། །དབུས་སུ་ཟེ་འབྲུས་བརྒྱན་པ་ཡི། །ཆུ་སྐྱེས་འདབ་མ་གསུམ་པར་གཟིགས། །ཨ་ཧོ་བདེ་བ་ཅན་གྱི་ཞིང་། །སངས་རྒྱས་སྐུ་མདོག་དམར་པོས་མཛེས། །ཆགས་ཅན་ཞི་བདེ་སྟེར་མཛད་མ། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །བདག་ནི་གན་རྐྱལ་ཡང་དག་སྦྱར། །ཆགས་པས་ཡིད་ནི་རྣམ་པར་མྱོས། །ཕྲག་པར་རྐང་པ་ཟུང་བྱིན་ནས། །བདག་གི་སྟེང་དང་འོག་ཏུ་ལྟོས། །དེ་ནས་རྡོ་རྗེ་རབ་སད་པས། །པད་དབུས་རན་དྷར་རབ་ཏུ་གཞུག། བརྒྱ་སྟོང་འབུམ་དང་བྱེ་བ་ཕྲག། དེ་ནས་བསྐྱོད་པ་ཉིད་དུ་གྱིས། །བདག་པད་འདབ་མ་གསུམ་ལྡན་པ། །ཤ་ཡིས་རབ་ཏུ་གང་ལྡན་ལ། །རང་གི་རྡོ་རྗེར་དེ་གཞུག་པས། །སེམས་ཉིད་བདེ་བས་རབ་ཏུ་མཆོད། །རླུང་དང་རླུང་གིས་


DKG080_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པད་ལ། །སྙིང་པོ་ལས་ནི་སྙིང་པོ་མཆོད། །རྡོ་རྗེའི་རྩེ་མོར་རབ་ཏུ་རིག། བནྡྷུ་དམར་པོ་དང་མཚུངས་པ། །འཛག་པའི་བསམ་གཏན་དེ་ལ་ནི། །སླར་ཡང་སེམས་ཉིད་ཚིམ་པར་བྱ། །ཤིན་ཏུ་མི་གཡོའི་སེམས་ཉིད་ཀྱིས། །བདེ་བ་དེ་སྐྱེས་བསྒོམ་པར་བྱ། །དེ་ལ་ལན་ནི་རབ་ཏུ་སྦྱིན། །དགའ་མ་ཁྱོད་ནི་སྐད་ཅིག་སྡོད། །ཇི་སྲིད་མ་ལུས་བྷ་གའི་གཟུགས། །སྐད་ཅིག་ཙམ་ཞིག་བསམ་པར་བྱ། །དེ་ལ་ཡུམ་གྱུར་གཅིག་ཉིད་ངེས་པར་འགྲོ་བ་གསུམ་རྣམས་ཞི་དང་བདེ་བའི་མ་མ་དེ། །སྡིག་པའི་ལས་ལ་གནས་ཉིད་མུ་ཅོར་སྨྲ་བ་ཞེ་སྡང་བ་ལས་འདི་ནི་སྨོད་པར་བྱེད། །དེ་དང་དེ་རྣམས་གཏིང་མཐའ་མེད་པའི་དམྱལ་བར་དེ་ཉིད་མི་བཟད་རྟག་ཏུ་སྡུག་བསྔལ་ཉིད། །ལུས་ནི་ལན་མང་མེ་ཡིས་སྲེག་ཅིང་ངུ་འབོད་དུ་ནི་བསྐལ་པ་གསུམ་དུ་གནས་པར་བྱེད། །མི་མོའི་ཡོན་ཏན་གང་བརྗོད་ན། །སེམས་ཅན་ཐམས་ཅད་ཡོངས་སུ་འཛིན། །ཇི་སྙེད་བརྩེ་དང་བསྲུང་བ་དང་། །མི་མོའི་སེམས་ཉིད་ལ་རབ་གནས། །རང་གཞན་སྐྱེ་བ་དེ་སྙེད་ཀྱང་། །ཀུན་ཀྱང་དེ་ལ་ཡང་ཡང་རྒྱས། །དཔལ་གྱི་རྡོ་རྗེ་རྣལ་འབྱོར་མ། །གལ་ཏེ་དེ་གཟུགས་ལས་གཞན་མིན། །དེ་ཡི་ལྟ་དང་རེག་པ་དང་། །ཉེད་པ་ཀུན་ནས་རིང་ཞོག་གི། །གང་ཞིག་དྲན་པ་ཙམ་གྱིས་ཀྱང་། །སྐད་ཅིག་དེ་ལ་བདེ་བ་འཐོབ། །ཡུལ་ལྔ་རྣམས་ལ་མི་མོ་ཡི། །གཟུགས་འདི་ཉིད་ནི་མཆོག་ཏུ་གནས། །དེ་ལ་བདེ་བ་འབབ་མཛད་པ། །སྐྱེས་བུ་རྣམས་ཀྱིས་རོལ་པར་གྱིས། །དེ་ཕྱིར་ཉེས་ལས་ངེས་གྲོལ་བ། །ཡོན་ཏན་དམ་པ་ཀུན་གྱིས་བརྒྱན། །བསོད་ནམས་བསོད་ནམས་བསོད་ནམས་ཆེ། །ཡུམ་གྱིས་བདག་ལ་བཀའ་དྲིན་མཛོད། །དེ་ནས་དེ་ལ་ཤིན་ཏུ་བལྟས། །མཆུ་ནི་སོ་ཡིས་བསྡམ་པར་བྱ། །ནུ་མ་འགྲམ་དང་སིཏ་ཡོག་དང་། །དེ་ཡི་གོས་བྲལ་རྣལ་འབྱོར་པས། །བྱེད་བཅིང་གིས་ནི་བདེ་འབྱུང་བྱ། །དོ་ལི་ལ་ཞོན་བཅིང་བ་དང་། །པུས་མོ་བཟུང་ལ་དེ་ཉིད་བཅིང་། །བཅིང་བ་བརླ་ཉེད་པ་ཡང་ཡིན། །རྐང་པས་གཅོད་བྱེད་བཅིང་བ་ཡང་། །བཅིང་བ་ས་ལ་གནོན་པར་བྱ། །མཁས་པས་མཉམ་བཅིང་དེ་ཉིད་ནི། །བཅིང་བ་རི་མོ་ཅན་ཞེས་བྱ། །


DKG080_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་པའི་དྲ་བ་བཅིང་བ་དང་། །འཁྲུལ་འཁོར་དེར་ཞོན་རྐང་པ་ཅན། །དེ་བཞིན་ཉིད་དུ་རུས་སྦལ་བཅིང་། །ཀུན་ནས་བཟང་པོ་དེ་བཞིན་ཉིད། །དེ་ལ་སྐྱིལ་ཀྲུང་དབུས་སུ་ནི། །མི་མོ་ཙོག་པུ་སྟན་ལ་འདུག། དཔུང་པ་ཟུང་གིས་ཕྲག་པ་ལ། །དེ་ལ་དམ་དུ་སྦྱར་བར་བྱ། །རང་གི་ལག་པ་ཟུང་དག་དེའི། །རྐེད་པའི་དབུས་སུ་ཉེར་སོན་ཏེ། །པདྨར་རྡོ་རྗེ་རབ་བཅུག་ནས། །བདེ་བ་འབྱུང་བའི་བཅིང་བར་གྲགས། །གཉི་གའི་ལག་ཟུང་རབ་བཅུག་ནས། །ཕན་ཚུན་སྦྱོར་བས་བཅིང་བར་བྱ། །གཉི་གས་ཅུང་ཟད་བསྐྱོད་པར་བྱ། །དོ་ལིའི་བསྐྱོད་པ་ཞེས་གྲགས་སོ། །དེ་ཡི་པུས་གཉིས་རང་གི་ནི། །སྙིང་ག་ཉིད་དུ་ཡང་དག་སྦྱར། །དོ་ལི་བསྐྱོད་པའི་བྱེད་པ་དགོད། །འདི་ནི་པུས་མོ་བཟུང་ནས་བཅིང་། །དེ་ཡི་རྐང་མཐིལ་རང་ཉིད་ཀྱི། །་བརླ་ཡི་ཁར་ཡང་སྦྱར་བར་བྱ། །བདེ་བ་འབྱུང་བྱེད་བཀོད་པ་ཡིས། །འདི་ནི་བརླ་ཉེད་བཅིང་བའོ། །དེ་ཡི་ནུ་མ་རྐང་པ་དང་། །ལྟེ་བ་སྙིང་ག་ལོགས་གཉིས་བཀབ། །དོ་ལི་གཡོ་བའི་བྱེད་པ་དགོད། །བཅིང་བ་འདི་ནི་རྐང་པས་སྤྱོད། །དེ་ཡི་འཕོངས་གཉིས་ས་ལ་བཞག། ཕ་རོལ་ལ་ནི་འཁྱུད་པ་པོས། །བདེ་བ་འབྱུང་བྱེད་བཀོད་ནས་ནི། །བཅིང་བ་འདི་ནི་ས་ལ་མནན། །ཙོག་པུས་ཡང་དག་གནས་དེ་ལ། །རྐང་པ་གཉིས་པོ་རབ་བརྐྱང་བྱ། །བཅིང་བ་མཉམ་དུ་ཤེས་བྱས་ལ། །རེ་རེ་ཞིང་ཡང་བརྐྱང་བར་བྱ། །དེ་ཡི་རྐང་ཟུང་འཁོར་ལོར་བྱས། །གཡོན་པར་རབ་ཏུ་སྦྱར་བར་བྱ། །ཀུན་ནས་མངོན་པར་ཕྱོགས་པས་ཀྱང་། །རྒྱབ་ནས་འཕོངས་ལ་རེག་པར་བྱ། །ལག་པས་དང་པོར་མཉེ་བར་བྱ། །བཅིང་འདི་ཙི་ཏྲ་ཅན་ཞེས་བྱ། །སླར་ཡང་བདེ་བ་འབྱུང་བྱས་ནས། །དེ་ལ་གན་རྐྱལ་བསྒྱེལ་བར་བྱ། །ལག་པ་གཡས་པས་དེ་ཉིད་དུ། །པདྨར་རྡོ་རྗེ་ངེས་གཞུག་བྱ། །དེ་ཡི་པུས་མོའི་འོག་བཟུང་ནས། །གྲུ་ཁུགས་སྟེང་དུ་སྦྱར་བར་བྱ། །ཕན་ཚུན་ལག་པ་གཉིས་ཀྱིས་ནི། །བུང་བའི་དྲ་བ་ཞེས་སུ་ཤེས། །དེ་ཡི་རྐང་པ་ཟུང་དག་ནི། །ཕྲག་པའི་སྟེང་དུ་ངེས་པར་བྱིན། །བཅིང་བ་འདི་ནི་འཁྲུལ་འཁོར་ཞོན། །འབེབས་ཤིང་འབེབས་པས་རབ་ཏུ་སྦྱོར། །དེ་ཡི་རྐང་གཡོན་ཕྲག་པ་ལ། །གཡས་གཡོན་


DKG080_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བརླ་ཡི་རྩ་བ་ལས། །དེ་ཡི་རྐང་གཡས་གཡོན་པ་ལས། །གཡས་པ་ཡི་ནི་རྩ་བ་རུ། །འདིར་ནི་རྐང་པ་སྟེང་བཅིངས་པས། །ཡང་དག་བདེ་བས་སྡུག་བསྔལ་འཇོམས། །དེ་ཡི་རྐང་པའི་མཐིལ་ལ་ནི། །བྲང་གི་དབུས་སུ་མཉམ་དུ་སྦྱར། །ལག་པ་གཉིས་ཀྱིས་བཙིར་བར་བྱ། །པུས་མོ་རུས་སྦལ་བཅིང་བར་གསུངས། །དེ་ཡི་རྐང་པའི་མཐིལ་ལ་ནི། །མིག་དང་རྣ་བ་མགོ་བོ་སྦྱར། །བཅིང་བ་འདི་ནི་ཀུན་དུ་བཟང་། །འདོད་ཀུན་བདེ་བ་རབ་ཏུ་སྟེར། །ཙི་ཏྲ་ཇི་སྲིད་སྐྱིལ་ཀྲུང་བྱས། །ཀུན་ནས་སྣ་ཚོགས་པ་ཡི་ནི། །ཁྲོ་བོ་གཏུམ་པོ་སྦྱོར་བ་ཡིས། །ཀུན་ནས་རྣམ་པ་སྣ་ཚོགས་པ། །ཇི་སྲིད་འདོད་པས་ཡང་ནས་ཡང་། །དེ་ཡི་ཁ་ལ་འོ་བྱའོ། །མིག་ནི་ཟིམ་བུས་གདོང་དུ་བལྟ། །ཇི་ལྟར་འདོད་ཚིག་སྨྲ་བ་ཡི། །གདོང་ལ་ལྕེ་ཡིས་འཇིབ་པར་བྱ། །དེ་ཡི་ཁ་ནས་བྱུང་བའང་བཏུང་། །སོ་ཡི་དྲི་མའང་ཟ་ཞིང་འཇིབ། །བདེ་བར་རྣམ་པར་བསྒོམ་པར་བྱ། །ཆོ་ག་ཤེས་པས་ཅུང་ཟད་དུ། །སོ་ཡིས་ལྕེ་དང་མཆུ་ནི་བསྡམ། །ལྕེ་ཡིས་སྣ་ཡི་བུ་ག་དང་། །མིག་གི་ཟུར་ཀྱང་སྦྱང་བར་བྱ། །སོ་དང་མཆན་ཁུང་ལས་བྱུང་བའི། །དྲི་མ་ཀུན་ཀྱང་བཟའ་བར་བྱ། །མགོ་དང་མིག་དང་མགྲིན་པ་ན། །ལོགས་དག་རྐེད་པ་ནུ་མ་ལག། འོས་འཇིབ་སེན་མོ་སྦྱིན་པར་བྱ། །མིག་གཉིས་སྤངས་ལ་བུད་མེད་ལ། །ལག་པས་ནུ་མ་མཉེ་བྱ་ཞིང་། །སོ་ཡང་གདབ་ཅིང་འཇིབ་པར་བྱ། །རང་གིས་གན་རྐྱལ་བྱས་ནས་འཇིབ། །ལྟོ་བ་མཛེས་ལ་འཇིབ་པར་བྱ། །བདག་གིས་སྔོན་ནས་འདི་ཉིད་ནི། །ཡང་དང་ཡང་ནི་དྲན་པར་བྱ། །པདྨར་ལག་པས་རེག་པར་བྱ། །རླུང་གིས་མཛེས་པ་ཞེས་སྨྲ་བ། །དེ་ལ་འོ་དང་སེན་མོ་སྦྱིན། །བལྟ་ཞིང་ལག་པས་བསལ་བར་བྱ། །མི་མོའི་དྲི་མ་མནམ་བྱ་ཞིང་། །བུ་གའང་རོ་འཛིན་གྱིས་སྤྱད་བྱ། །ཇི་ལྟ་བར་ནི་བདག་ཞུགས་ནས། །འདི་ཡིས་ཀྱང་ནི་དཔག་མེད་བསྐྱེད། །དེ་ལ་བལྟ་ཞིང་ཚིག་འདི་བརྗོད། །ལམ་འདི་ཉིད་ནི་དྲང་པོ་སྟེ། །དེ་ཉིད་མི་ཤེས་སྦྱོར་བ་ཡི། །ལམ་འདིས་འགྲོ་བ་དྲུག་ཏུ་འཇུག། སྦྱོར་བ་རབ་ཏུ་ཤེས་པ་ཡིས། །ཁྲོ་བོ་གཏུམ་པོའི་དངོས་གྲུབ་འགྱུར། །དེ་ཕྱིར་པད་


DKG080_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་དཀར་དམར་ནི། །ཁ་ཡིས་དགུག་པར་བྱས་ནས་ནི། །ཡང་དང་ཡང་ནི་བལྟ་བྱས་ནས། །དེ་ནི་ཁ་ཡིས་བཟའ་བར་བྱ། །སེན་མོ་ལེགས་བྱས་བརླ་དང་ནི། །བྲན་བཞིན་རྐང་པ་མཉེ་བར་བྱ། །མགོ་བོར་ཡི་གེ་གསུམ་སྦྱིན་བྱ། །སྙིང་དབུས་ཁུ་ཚུར་ཆུང་ངུས་སྦྱིན། །རྣལ་འབྱོར་པ་ནི་མཉམ་བཞག་པས། །དེ་ཕྱིར་གཞན་དོན་ལྡན་པར་བྱ། །ཡིད་ནི་རྩེ་གཅིག་བདེ་བ་ཡིས། །འདོད་པའི་བྱ་བ་དེ་ལ་སྦྱིན། །ཇི་ལྟར་འདོད་པ་རབ་འཛག་པས། །འཕོ་མེད་ཡིད་ནི་རྩེ་གཅིག་བདེ། །འཕོས་གྱུར་པདྨ་ལས་འཇིབ་སྟེ། །པུས་བཙུགས་རབ་ཏུ་སྦྱོར་བ་ཡིས། །པདྨར་ཁུ་བ་རྡུལ་གྱུར་པ། །ལྕེ་ཡིས་བླངས་ནས་བཟའ་བར་བྱ། །སྣ་ཡིས་ན་ལི་རབ་སྦྱོར་བས། །སྟོབས་ནི་འཕེལ་ཕྱིར་བཏུང་བར་བྱ། །ཁ་ལ་འོ་ནི་བྱས་ནས་ཀྱང་། །ཤེས་རབ་པདྨ་ལྕེ་ཡིས་མྱངས། །འཁྱུད་བྱས་དེ་ཡི་ཕྱི་ནས་ནི། །ཤ་དང་ཉ་ནི་བཟའ་བྱ་ཞིང་། །འོ་མ་ཆང་ནི་ཡང་ཡང་བཏུང་། །འདོད་པས་རབ་ཏུ་འཕེལ་འགྱུར་ཕྱིར། །ངལ་དང་རྙིངས་གྱུར་དེ་ལས་ནི། །ཕྱི་ནས་འདོད་འགྱུར་བདེ་སོགས་ཀྱིས། །སླར་ཡང་སྔོན་མའི་རིམ་པ་ཡི། །གཉིས་གཉིས་ཕན་ཚུན་རབ་ཏུ་བརྩམ། །གོམས་པའི་སྦྱོར་བ་འདི་ཡིས་ནི། །བདེ་བ་ཆེན་པོ་བསྒྲུབ་པར་བྱ། །སྐྱེ་བར་འདི་ཉིད་སྦྱོར་རིག་ན། །ཁྲོ་བོ་གཏུམ་པོའི་གོ་འཕང་འཛིན། །ཆགས་ཅན་དངོས་གྲུབ་དོན་གྱི་ཕྱིར། །བདག་གིས་སྦྱོར་བ་རབ་བཤད་བྱ། །གཡོན་པའི་བྱིན་པ་སྟེང་བཞག་ནས། །གཡས་པའི་བྱིན་པ་རོལ་པར་བྱ། །འདི་ནི་སེམས་དཔའི་སྐྱིལ་ཀྲུང་གྲགས། །འདོད་ཀུན་བདེ་བ་རབ་ཏུ་སྟེར། །བྱིན་པ་གཡས་པ་སྟེང་བཞག་ནས། །བྱིན་པ་གཡོན་པ་རོལ་བར་བྱ། །འདི་ནི་པདྨའི་སྐྱིལ་ཀྲུང་གྲགས། །འདོད་ཀུན་བདེ་བ་རབ་ཏུ་སྟེར། །པདྨའི་སྐྱིལ་ཀྲུང་བཅིངས་ནས་ནི། །བྱིན་པ་གཡོན་པ་སྟེང་དུ་དགོད། །བྱིན་པ་གཡས་པ་རོལ་པ་སྟེ། །རྡོ་རྗེའི་སྐྱིལ་ཀྲུང་ཞེས་བྱར་ཤེས། །རྐང་པ་ས་ལ་བཞག་ནས་ནི། །མཚུངས་པར་རིང་དུ་གདོང་ཕྱོགས་པ། །འདོད་ཀུན་རབ་ཏུ་སྦྱིན་ཤེས་བྱ། །འདིར་ནི་ཙོག་པུའི་གདན་ལ་ནི། །རྐང་པ་ས་ལ་དགོད་བྱས་ལ། །དཀྱོག་པོར་འཕྲེད་ལ་རིང་དུ་བྱ། །ཟླ་


DKG080_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྱེད་པར་ཤེས་པར་བྱ། །འདིས་ནི་བདེ་བ་རབ་ཏུ་སྟེར། །པུས་བཟུང་འཕྲེད་ལ་ས་ལ་བཞག། ལོང་བུའི་དབུས་སུ་འཕོངས་ཚོས་བཞག། འདིར་ནི་གཞུ་ཡི་གདན་བྱས་པས། །འདོད་པ་མཆོག་གི་དགའ་བ་སྟེར། །སེམས་དཔའི་སྐྱིལ་ཀྲུང་དེ་བཞིན་དུ། །རྡོ་རྗེའི་སྐྱིལ་ཀྲུང་ཞེས་བྱར་བརྟག། ཙོག་པུ་ཟླ་བ་ཕྱེད་པ་དང་། །གཞུ་ཡི་གདན་ཡང་འདིར་འདོད་དོ། །ཟླ་བ་ཕྱེད་པའི་གདན་གནས་པ། །རྟག་ཏུ་མི་མོ་བྱས་ནས་ནི། །ལྷུང་ན་པདྨར་ལྕེ་ཡིས་བླང་། །གསང་གནས་ཡི་གེ་གསུམ་མཚོན་བྱ། །སླར་ཡང་གཞུ་ཡི་གདན་བྱས་ནས། །རང་གི་མེ་ཡི་བཤང་ནང་དུ། །ཁྲོ་བོ་གཏུམ་པོ་སྦྱོར་བ་ཡིས། །དེས་བསྐྱེད་བདེ་བ་བསྒོམ་པར་བྱ། །རྣམ་པར་རྟོག་པ་ཀུན་སྤངས་ནས། །དེ་ཡི་རྣལ་འབྱོར་ལྡན་པར་བྱ། །ཆགས་བྲལ་སེམས་ནི་སྤང་བྱས་ལ། །མ་ལ་རབ་ཏུ་འདོད་པར་བྱ། །རྗེས་སུ་ཆགས་ལས་བསོད་ནམས་འཐོབ། །ཆགས་བྲལ་ལས་ནི་སྡིག་པ་འཐོབ། །ཆགས་བྲལ་ལས་ནི་སྡིག་གཞན་མེད། །བདེ་ལས་བསོད་ནམས་གཞན་པ་མེད། །དེ་ཕྱིར་སེམས་ཉིད་མཉམ་བཞག་ནས། །འདོད་པའི་བདེ་བ་བསྐྱེད་པར་བྱ། །དེ་ནས་བཅོམ་ལྡན་འདས་མ་ཐུགས་རབ་ཏུ་དགྱེས་ནས་མངོན་པར་དགའ་བས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། འདི་སྐད་དུ་ཡང་གསོལ་པ། ཀྱེ་བཅོམ་ལྡན་འདས་ཅི་སྟེ་འདིར་འདི་ཉིད་མི་རྣམས་འབའ་ཞིག་གི་སྒྲུབ་པའི་ཐབས་ཡིན་ནམ། གཞན་རྣམས་ཀྱི་ཡང་ཡིན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱོགས་ཀུན་ཏུ་རྣམ་པར་གནས་པས་འདི་ལ་རྗེས་སུ་ཆགས་པར་བྱ་སྟེ། ལྷ་དང་། ལྷ་མ་ཡིན་དང་། མི་དང་། ཀླུ་དང་། དེ་རྣམས་ཀྱིས་ཀྱང་བསྒྲུབས་པས་འགྲུབ་བོ། །དེ་ཉིད་ཐོས་ནས་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས། གཽ་རི་དང་། དཔལ་མོ་དང་། དབང་མོ་དང་། དགའ་མོ་ལ་སོགས་པའི་ལྷ་མོ་རྣམས་བླངས་ནས་བསྒོམ་པར་རྩོམ་མོ། །དེ་ནས་དེའི་སྐད་ཅིག་ལ་དེ་ཐམས་ཅད་དེའི་སྐད་ཅིག་ཐང་ཅིག་དེ་ཉིད་ལ་ཁྲོ་བོ་གཏུམ་པོའི་གོ་འཕང་ཐོབ་ནས། སའི་སྟེང་དུ་སྤྱོད་པར་གྱུར་ཏོ། །དེ་ལ་དབང་ཕྱུག་ཆེན་པོ་རྡོ་རྗེ་བདེ་བྱེད་ཉིད་དུ་གྲུབ་བོ། །ནོར་


DKG080_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྡོ་རྗེ་སྲེད་མེད་ཀྱི་བུ་ཉིད་དོ། །ལྷའི་དབང་པོ་ཕྱག་ན་རྡོ་རྗེ་ཉིད་དོ། །འདོད་པའི་ལྷ་ཡན་ལག་མེད་པའི་རྡོ་རྗེ་ཉིད་དོ། །དེ་ལྟ་བུ་ལ་སོགས་པའི་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་ལྷའི་བུ་རྣམས་ཀྱིས་གྲུབ་བོ། །སེམས་ཅན་དོན་ཀུན་སྒྲུབ་པ་པོ། །འདོད་པའི་ཡོན་ཏན་ལྔ་ལྡན་ཉིད། །འབྱུང་པོ་སྣ་ཚོགས་གཟུགས་འཛིན་པ། །སྒྱུ་མ་ཀུན་ལས་རྣམ་པར་རྒྱལ། །ཇི་ལྟར་འདམ་ལས་བྱུང་བ་ཡི། །པདྨ་འདམ་གྱིས་གོས་པ་མེད། །དེ་ལྟར་འདོད་ཆགས་ལས་བྱུང་བའི། །ཉེས་པ་རྣམས་ཀྱིས་གོས་པ་མེད། །ཅེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོའི་རྒྱུད་ལས་རྫོགས་པའི་རིམ་པའི་རྣལ་འབྱོར་རིམ་པར་ཕྱེ་བ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་མས་གསོལ་པ། སྐྱེ་བོ་ཀུན་གྱི་འཁྲིག་སྤྱོད་པས། །ཡོངས་སུ་ངལ་བ་ཆེན་པོར་གྱུར། །དེ་ཡི་ངལ་སོའི་གནས་ཉིད་ནི། །མགོན་པོ་ཁྱོད་ཀྱིས་གསུང་བར་རིགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བུད་མེད་བདེ་བ་ལ་དམིགས་ནས། །རང་གིས་མངོན་སུམ་དགག་པར་བྱ། །ཤ་དང་ཉ་ནི་བཟའ་བར་བྱ། །ཆང་ནི་བཏུང་བྱ་མཉམ་བཞག་པས། །གཞན་ཡང་ཇི་ལྟར་རྙེད་པ་བཟའ། །འོ་ཆུ་རཀྟ་ལ་སོགས་བཟའ། །ཐོག་མར་བུད་མེད་ལ་བྱིན་ནས། །དེ་ཡི་ལྷག་མ་བཟའ་བར་བྱ། །དེ་ཡི་ལྷག་མའི་སྣོད་ལ་ནི། །ལོངས་ནི་རྟག་ཏུ་སྤྱད་པར་བྱ། །དེ་ཡི་ཁ་བཤལ་ཆུ་དང་ནི། །པདྨ་བཀྲུས་པའང་བཏུང་བར་བྱ། །བཤང་སྒོ་པདྨ་བཀྲུས་བཟུང་ནས། །བརྟུལ་ཞུགས་ཅན་གྱིས་ཁ་སོགས་བཀྲུ། །དེ་ཡི་སྐྱུགས་པ་བཟའ་བྱ་ཞིང་། །དེ་ཡི་བཞི་མཉམ་བཟའ་བར་བྱ། །སྐྱེ་གནས་ལས་བྱུང་བཏུང་བར་བྱ། །ཁ་ཆུ་ཡང་ནི་བཟའ་བར་བྱ། །ཇི་ལྟར་ཤིང་ལ་ལུད་སོགས་ཀྱིས། །འབྲས་བུ་ལྷག་པར་འགྱུར་བ་ལྟར། །དེ་བཞིན་མི་གཙང་སོགས་སྤྱོད་པས། །བདེ་བ་དམ་པ་སྐྱེས་བུ་ལ། །ན་དང་རྒས་པ་ཉིད་དང་ནི། །དེ་ཡི་ལུས་ལ་འཆི་བ་མེད། །གང་དེའི་མི་གཙང་སྟེན་བྱེད་པའི། །རྣལ་འབྱོར་པ་ཡིས་དེ་འགྲུབ་བྱེད། །གང་དུ་བཟའ་དང་བཟའ་མིན་དང་། །འདིར་


DKG080_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་རྟོག་མི་བྱའོ། །སྦྱོར་རིག་བྱ་དང་བྱ་མིན་དང་། །བགྲོད་མིན་བགྲོད་པའང་དེ་བཞིན་ནོ། །བསོད་ནམས་མེད་ཅིང་སྡིག་པའང་མེད། །མཐོ་རིས་ཐར་པར་བརྟག་མི་བྱ། །ལྷན་ཅིག་སྐྱེས་པ་གཅིག་པུའི་གཟུགས། །རྣལ་འབྱོར་པ་ཡིས་མཉམ་གཞག་བྱ། །དེ་ཉིད་སྦྱོར་ལྡན་རྣལ་འབྱོར་པ། །གང་ཚེ་སྒོམ་པ་མཆོག་གྱུར་པ། །ཁྲོ་བོ་གཏུམ་པོ་གཅིག་སྦྱོར་བས། །དེ་ཡི་ང་རྒྱལ་འཛིན་པ་པོ། །གལ་ཏེ་བྲམ་ཟེ་བརྒྱ་བསད་ཀྱང་། །སྡིག་པ་རྣམས་ཀྱིས་གོས་མི་འགྱུར། །དེ་ཕྱིར་མགོན་པོ་ཆོ་ག་ཡིས། །ཁྲོ་བོ་གཏུམ་པོ་དེ་ཉིད་བསྒོམ། །སྐྱེ་བོ་གང་ཞིག་དྲག་པོ་ཡི། །ལས་ཀྱིས་དམྱལ་བར་འགྲོ་བྱེད་ཀྱང་། །དེ་ལ་སྡིག་པས་མི་གོས་ཤིང་། །མཐོ་རིས་འགྲོ་བར་ཐེ་ཚོམ་མེད། །ཡིད་ནི་སྔོན་དུ་འགྲོ་བ་འདི། །དགེ་དང་སྡིག་པ་ཀུན་ལ་འདོད། །ཡིད་དང་རྣམ་རྟོག་རྣམ་པ་ལ། །གནས་ལ་སོགས་པའི་དབྱེ་བར་བསྟན། །ཇི་ལྟར་སྔགས་དང་བྲལ་བ་ཡི། །དུག་ཟོས་པས་ནི་ཚེ་ཟད་འགྱུར། །སྔགས་དང་དེ་ཉིད་ཤེས་པ་ཡིས། །བདེ་བ་དང་ནི་ཚེ་འཕེལ་བྱེད། །དེ་ནས་སྐད་ཅིག་དེ་ལ་ལྷ་མོ་མཆོག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་གྲི་གུག་དང་། ཐོད་པའི་ཕྱག་གིས་ཁྲོ་བོ་གཏུམ་པོའི་ཕྱག་རྒྱས། རྡོ་རྗེ་གཏུམ་མོ་ཁྲོ་ཆེན་མས། །དེ་ཉིད་མཆོག་ལ་གཟིགས་ནས་གསུངས། །བདག་གི་གཟུགས་ནི་བསྒོམ་བྱས་ནས། །ང་རྒྱལ་མཆོག་འདི་བྱས་གྱུར་ན། །གལ་ཏེ་ཚངས་འཇོམས་དེ་ཡང་ནི། །སྡིག་པ་ཡིས་ནི་གོས་མི་འགྱུར། །ཁྲོ་ཆེན་སེམས་ཉིད་གཅིག་པུ་ཡིས། །བདག་གི་གཟུགས་ནི་སྒོམ་བྱེད་ན། །ཉ་དང་བྱ་ནི་བསད་བྱས་ཀྱང་། །བརྩེ་མེད་གཡོ་དང་ཁྲོ་བ་དང་། །གསོད་པའི་དོན་ཕྱིར་སེམས་དཔའ་ཅན། །རྣལ་འབྱོར་སྡིག་པས་གོས་མི་འགྱུར། །དེ་རྣམས་ཀུན་ལ་ཕལ་ཆེར་ནི། །མཐུ་ཆེ་བར་ནི་རབ་ཏུ་བསྟན། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས། ལུས་ཀྱི་བདེ་བའི་རིམ་པར་ཕྱེ་བ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོམ་ལྡན་འདས་མ་ལ་དཀྱིལ་འཁོར་ལྔ་ཡིས་ཕྱག་བཙལ་ནས་གསོལ་པ། དགའ་


DKG080_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཁྱོད་གཟུགས་རྣལ་འབྱོར་པས། །ཇི་ལྟ་བུར་ན་ཤེས་པར་བྱ། །བཅོམ་ལྡན་འདས་མར་གུས་བྱ་བ། །རྣལ་འབྱོར་པ་ཡིས་གང་ལ་བྱ། །དེ་ནས་བཅོམ་ལྡན་འདས་མས་བཀའ་སྩལ་པ། ང་ནི་འཇིག་རྟེན་གསུམ་པོ་ན། །མཐོ་དང་དམའ་བའི་གཟུགས་གྱུར་པ། །བུད་མེད་གཟུགས་དེ་ལ་ནི་འདོད། །ཇི་སྲིད་འཇིག་རྟེན་གྱིས་མི་མཐོང་། །ལྷ་མོ་ལྷ་མིན་མོ་དང་ནི། །དེ་བཞིན་གནོད་སྦྱིན་སྲིན་མོ་དང་། །ཀླུ་མོ་འབྱུང་མོ་མི་ཅི་མོ། །དེ་བཞིན་མི་ཡི་བུ་མོ་དང་། །དྲི་ཟ་མོ་དང་དམྱལ་བ་མོ། །དུད་འགྲོའི་བུ་མོ་ཡི་དགས་མོ། །ཚངས་མ་རྒྱལ་རིགས་རྗེ་རིགས་མོ། །དམངས་རིགས་མོ་སྟེ་ཤིན་ཏུ་མང་། །ཡིག་མཁན་མ་དང་རྒྱལ་མོ་དང་། །གཙོ་མོ་ཀ་ལ་ཨུཏྟི་ནི། །ཚོད་མོ་སྐྱེད་མོས་ཚལ་མོ་དང་། །སྨད་འཚོང་མ་དང་ཚོས་མཁན་མ། །ཀོ་ལྤགས་སྣོད་མཁན་ཤ་བ་རི། །ཧཱ་ཌི་ཌོམྦི་ཙཎྜ་ལཱི། །ཁྲུས་མ་ཆང་མ་ལ་དུ་མཁན། །ལྕགས་མགར་འདྲེག་མཁན་གར་མ་དང་། །ཁར་བ་མོ་དང་གསེར་མགར་མ། །ཉ་པ་མོ་དང་ཤན་པ་མོ། །སྲུབ་མ་མཁན་དང་མེ་ཏོག་མ། །ཐོད་པ་ཅན་མ་དུང་མཁན་མ། །གདུགས་མཁན་མ་དང་ཁང་མཁན་མ། །བ་ལང་སྐྱོང་དང་མདའ་མཁན་མ། །ཕྲུ་ཀློག་རྡོ་མཁན་མ་དང་ནི། །ཤིང་མཁན་རྒྱན་ཆ་མཁན་མོ་དང་། །རིགས་རྣམས་ཀུན་ལ་རབ་ཏུ་འཇུག། མ་དང་སྲིང་མོ་ཆུང་མ་དང་། །ཨ་ནེ་དང་ནི་ཚ་མོ་དང་། ཁཊྚྀ་ཀ་དང་སྒྱུག་མོ་དང་། །གཞན་ཡང་གཉེན་འདབ་མ་ཀུན་དང་། །བརྟུལ་ཞུགས་ཅན་དང་རྣལ་འབྱོར་མ། །ཡུགས་ས་མོ་དང་དཀའ་ཐུབ་མ། །ཞེས་སོགས་མང་པོ་ཀུན་ལ་ནི། །ང་ནི་བུད་མེད་གཟུགས་གྱུར་ནས། །སེམས་ཅན་ཀུན་གྱི་དོན་ཕྱིར་གནས། །རང་རང་ཚུལ་དུ་ངེས་པ་ཡིས། །དེ་རྣམས་ཇི་ལྟར་རྙེད་པ་ཉིད། །འོ་དང་འཁྱུད་པ་ལ་སོགས་ཀྱིས། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །རྣལ་འབྱོར་རྣམས་ཀྱིས་བསྟེན་པར་བྱ། །སེམས་ཅན་ཀུན་ལ་ཕན་འདོད་པས། །མི་མོ་བསྟེན་པས་དངོས་གྲུབ་བོ། །སྐད་ཅིག་ཙམ་གྱིས་སྟེར་བྱེད་པ། །དེ་ཕྱིར་བུད་མེད་བསྟེན་པར་བྱ། །བུད་མེད་མཐོ་རིས་བུད་མེད་ཆོས། །བུད་མེད་དེ་ཉིད་དཀའ་ཐུབ་མཆོག། སངས་རྒྱས་བུད་མེད་དགེ་འདུན་ཉིད། །བུད་


DKG080_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཤེས་རབ་ཕར་ཕྱིན་ཉིད། །ཁ་དོག་རྣམ་ལྔའི་རབ་དབྱེ་བས། །སོ་སོར་བརྟག་པར་འདོད་པ་ཡིན། །བུད་མེད་གང་ཞིག་ཁ་དོག་སྔོ། །ཞེ་སྡང་རྡོ་རྗེ་མ་རུ་གྲགས། །བུད་མེད་གང་ཞིག་ཁ་དོག་དཀར། །གཏི་མུག་རྡོ་རྗེ་མར་འདོད་དོ། །བུད་མེད་གང་ཞིག་ཁ་དོག་སེར། །ལྷ་མོ་ཕྲ་མ་རྡོ་རྗེ་མ། །བུད་མེད་གང་ཞིག་ཁ་དོག་དམར། །འདོད་ཆགས་རྡོ་རྗེ་མ་རུ་གྲགས། །བུད་མེད་གང་ཞིག་ཁ་དོག་ལྗང་། །ཕྲག་དོག་རྡོ་རྗེ་མ་ཞེས་གྲགས། །བཅོམ་ལྡན་ཤེས་རབ་ཕར་ཕྱིན་མ། །གཅིག་ཉིད་ལྔ་ཡི་ཚུལ་གྱིས་གནས། །ཆང་དང་བཟའ་བ་མེ་ཏོག་སོགས། །རྣམས་མཆོད་ལུས་ལ་གོས་ཀྱིས་མཛེས། །ཡང་དག་སྨྲ་བར་འདུད་བྱས་ནས། །ཐལ་མོ་ཡང་དག་སྦྱར་བྱས་ཏེ། །བལྟ་དང་རེག་པ་ཉིད་དང་ནི། །དྲན་པ་ཡིས་ནི་སྨྲ་བར་བྱ། །རྟག་ཏུ་འོ་དང་ལག་པས་འཁྱུད། །རྡོ་རྗེ་རྣལ་འབྱོར་མ་མཆོད་བྱ། །ལུས་ཀྱིས་ནུས་པ་རྣམས་བྱས་ནས། །མི་ནུས་པ་རྣམས་ངག་ཡིད་ཀྱིས། །མཆོད་པས་བརྙེས་དེས་བདག་ལ་ནི། །དངོས་གྲུབ་ཐམས་ཅད་སྩོལ་བར་བྱེད། །བུད་མེད་ཀུན་གྱི་ལུས་སྤངས་ནས། །བདག་ནི་གཞན་དུ་གྱུར་པ་མེད། །སྣ་ཚོགས་སྤངས་ནས་བུད་མེད་མཆོད། །འདི་ནི་བདག་ལ་རབ་མཆོད་འགྱུར། །འདི་ཡིས་བདག་ལ་བསྙེན་བཀུར་ནས། །སྒྲུབ་པ་པོ་མཉེས་དངོས་གྲུབ་མཆོག། དེ་ཡིས་མཐོང་བའི་ལམ་ཞུགས་ནས། །རྣམ་ཀུན་རྟག་ཏུ་ཀུན་ནས་སྟེར། །མ་ལུས་གཟུགས་ཀྱིས་བདག་བསྒོམས་ནས། །རང་གི་བུད་མེད་འདོད་བསྟེན་བྱ། །རྡོ་རྗེ་པདྨོ་མཉམ་སྦྱོར་བས། །བདག་ལ་བྱང་ཆུབ་སྟེར་བ་མོ། །དེ་ཕྱིར་རྣམ་པ་ཀུན་གྱི་ནི། །བདག་ལ་གུས་པས་མཆོག་ཏུ་དེ། །འདི་ཡིས་དེ་ཉིད་རབ་སྦྱོར་བས། །བརྟུལ་ཞུགས་ཅན་གྱིས་རབ་གུས་བྱ། །དམྱལ་བ་ལ་སོགས་ངན་འགྲོ་ཡི། །སྡིག་པ་ཡིས་ཀྱང་འཇིགས་མི་བྱ། །འཇིག་རྟེན་སྡིག་པས་འཇིགས་གྱུར་ན། །ཇི་སྲིད་ནུས་པ་ཐོབ་མི་འགྱུར། །སྡིག་པ་ཅུང་ཟད་ཡོད་མིན་ཞིང་། །བསོད་ནམས་ཅུང་ཟད་ཡོད་མིན་ཕྱིར། །སེམས་ཉིད་མི་སྲུང་འཇིག་རྟེན་གང་། །སྡིག་དང་བསོད་ནམས་རྣམ་པར་གནས། །གང་དུ་སེམས་ཉིད་ཙམ་གྱིས་ནི། །ཐམས་


DKG080_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྐད་ཅིག་ཙམ་དེ་གནས། །དམྱལ་བར་འགྲོ་བ་འདིར་གང་གིས། །གང་གིས་འདིར་ནི་མཐོ་རིས་འགྲོ། །གང་གིས་དུག་བཏགས་མཐུ་ཡིས་འཆི། །ཇི་ལྟ་བ་ལ་དེ་ཉིད་མེད། །དུག་གི་མཐུ་ཡིས་ཡང་དག་བརྒྱལ། །དེ་བཞིན་མཐོ་རིས་ངན་འགྲོར་འགྲོ། །དེ་ཉིད་ཡོངས་སུ་ཤེས་གྱུར་པའི། །མཁས་པས་མྱ་ངན་འདས་པ་འཐོབ། །མྱང་འདས་སྟོང་པའི་ཚུལ་ཉིད་དུ། །མར་མེ་རླུང་གིས་ཇི་བཞིན་དུ། །ཉེར་ཆད་ལྟུང་བ་དེ་ཡང་ནི། །བྱང་ཆུབ་གོ་འཕང་མ་ཡིན་ནོ། །དེ་ཕྱིར་ཐམས་ཅད་ཡོངས་སྤངས་ནས། །བདག་ཉིད་གུས་བྱ་བརྟུལ་ཞུགས་ཅན། །སྐད་ཅིག་ཙམ་གྱིས་གཏུམ་པོ་ཡི། །དངོས་གྲུབ་སྟེར་བར་ཐེ་ཚོམ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་གསོལ་པ། ཇི་ལྟ་བུ་ཡི་རྣམ་པ་ཡིས། །གཏུམ་མོའི་དངོས་གྲུབ་ཅི་འདྲ་ཞིག། དེ་ནས་བཅོམ་ལྡན་འདས་མས་བཀའ་སྩལ་པ། ཁ་དོག་ལྔ་ཡི་རབ་དབྱེ་བས། །རྣལ་འབྱོར་མ་རུ་རབ་གྲགས་གང་། །དེ་ཡང་རང་རང་བདག་པོ་ཡི། །ཁ་དོག་ལྔ་ཡི་རབ་དབྱེ་ལས། །གཏུམ་པོ་ཀུན་གྱི་དེ་ཉིད་འདིས། །བདག་ནི་རྣལ་འབྱོར་མ་རུ་ཤར། །ཁ་དོག་སྔོན་པོ་གང་དེ་ཡང་། །བདག་པོ་མི་གཡོ་སྔོན་པོར་ཤེས། །ཁ་དོག་དཀར་པོའི་བདག་པོ་གང་། །མི་གཡོ་དཀར་པོ་ཞེས་བྱའོ། །ཁ་དོག་སེར་པོའི་བདག་པོ་གང་། །མི་གཡོ་སེར་པོ་ཡང་དག་གྲགས། །ཁ་དོག་དམར་པོའི་བདག་པོ་གང་། །མི་གཡོ་དམར་པོ་ཞེས་གྲགས་སོ། །ཁ་དོག་ལྗང་གུའི་བདག་པོ་གང་། །མི་གཡོ་ལྗང་གུ་ཞེས་བྱའོ། །གཏུམ་པོ་དེ་ཉིད་གཅིག་པུ་ཉིད། །རྣམ་པ་ལྔ་ཡི་ཚུལ་གྱིས་གནས། །འདི་ཡི་དངོས་གྲུབ་བརྟན་པ་ཉིད། །དེ་ནི་གཏུམ་པོར་ཡང་དག་བཤད། །ནམ་མཁའི་མཐར་ཐུག་ཇི་སྙེད་པ། །ལྷ་མོའི་གཟུགས་ཀྱིས་ཡང་དག་གནས། །གཏུམ་པོའི་དངོས་གྲུབ་ཇི་བཞིན་གསུངས། །དེ་བཞིན་དུ་ནི་གཏུམ་མོ་འགྲུབ། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོའི་རྒྱུད་ལས། ངོ་བོ་ཉིད་ཀྱི་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་མས་


DKG080_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ཐབས་དང་ཤེས་རབ་དག་གི་ང་རྒྱལ་ཇི་ལྟར་བསྒོམ་པར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མི་མོ་མངོན་བྱས་རྣལ་འབྱོར་པས། །ཕན་ཚུན་དེ་ཡི་ལྟ་བ་མཆོག། ལུས་ནི་དྲང་པོར་མཉམ་གནས་ནས། །རྩེ་གཅིག་ཡིད་ཀྱིས་བསམ་གཏན་བྱ། །སྐུ་བཞི་ཡི་ནི་རང་བཞིན་ཕྱིར། །ཐ་དད་མེད་པའི་ཡིད་ཀྱིས་སོ། །སླར་ཡང་བྱང་ཆུབ་དབྱེར་མེད་པས། །ཐབས་དང་ཤེས་རབ་ཉིད་དུ་འདོད། །འཆི་བ་ཉིད་ནི་ཆོས་སུ་བརྗོད། །ལོངས་སྤྱོད་རྫོགས་པ་བར་སྲིད་དང་། །འགྲོ་བ་དྲུག་གཟུགས་སྤྲུལ་པ་དང་། །འདོད་པའི་ལོངས་སྤྱོད་བདེ་ཆེན་པོ། །སྐུ་བཞི་ཡི་ནི་རང་བཞིན་འདི། །སྐྱེས་བུ་ལ་ནི་ཁམས་གསུམ་པ། །སྐུ་བཞི་ཡི་ནི་རང་བཞིན་ཕྱིར། །བུད་མེད་གཟུགས་ལ་ཁམས་གསུམ་མོ། །སྐུ་བཞི་ཡི་ནི་རང་བཞིན་ལས། །སྐྱེས་བུ་འདིར་ནི་སངས་རྒྱས་ཡིན། །བུད་མེད་ཤེས་རབ་ཕར་ཕྱིན་མར། །ཕྱོགས་རྣམས་ཀུན་དུ་རྣམ་པར་གནས། །དེ་ཉིད་ང་རྒྱལ་བྱས་པ་ཡིས། །སླར་ཡང་བདག་ལ་དངོས་གྲུབ་བོ། །ཁྲོ་བོ་གཏུམ་པོའི་ཚུལ་ཉིད་དུ། །རང་ཉིད་གཟུགས་ཀྱིས་ཡང་དག་གནས། །འདོད་ཆགས་གཏུམ་མོའི་གཟུགས་བསྒོམས་ན། །བདག་ལ་དངོས་གྲུབ་རྣམ་ཀུན་དུ། །དེ་ཉིད་གསུམ་རིག་དུས་རིང་དུ། །འདི་ནི་གུས་པ་དང་བཅས་བསྒོམ། །ལས་ཀུན་ཡོངས་སུ་སྤང་བྱས་ནས། །བླ་མ་བསྟེན་པ་དེ་ཉིད་མཆོག། ཇི་སྲིད་དངོས་གྲུབ་མ་ཐོབ་པར། །བདེ་བའི་སེམས་ཉིད་གཅིག་པུས་གནས། །གང་ཚེ་རྣལ་འབྱོར་དངོས་གྲུབ་ཐོབ། །སྡིག་པ་དང་བྲལ་དྲི་མེད་འགྱུར། །རླུང་དང་སེམས་ཀྱི་འཛུམ་མདངས་ནི། །འཇིག་རྟེན་པ་ཡིས་མཐོང་བ་མེད། །ཀུན་མཁྱེན་ཀུན་ལ་ཁྱབ་པའོ། །ཉོན་མོངས་ཀུན་ལས་རྣམ་པར་འདས། །དེ་ལ་ནད་དང་རྒས་པ་མེད། །དེ་ལ་འཆི་བ་ཡོད་མིན་ཏེ། །དེ་ལ་དུག་གིས་འདའ་བ་མེད། །ཆུས་མིན་མེས་ཀྱང་འཚིག་པ་མེད། །མཚོན་གྱིས་མ་ཡིན་དགྲ་ཡི་ནི། །དབང་དུ་ནམ་ཡང་འགྲོ་བ་མིན། །ཡིད་ཀྱིས་བསམས་པ་ཙམ་གྱིས་ནི། །དགོས་འདོད་མ་ལུས་འབྱུང་བར་འགྱུར། །སྐད་ཅིག་དེ་ལ་འབད་མེད་པར། །ཡིད་བཞིན་ནོར་བུ་དང་མཚུངས་འགྱུར། །


DKG080_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་འཇིག་རྟེན་ཁམས་རྣམས་སུ། །གང་དང་གང་དུ་དེ་བཞིན་གཤེགས། །དེ་ནི་གཞལ་ཡས་མཁའ་འགྲོ་སྟེ། །དེར་ནི་འདོད་ཀུན་དེ་རྣམས་ཀྱིས། །གཟུགས་དང་ལང་ཚོས་རབ་བརྒྱན་པའི། །ལྷ་ཡི་བུ་མོ་དགའ་མས་དེར། །ཇི་སྙེད་མཐོ་རིས་སྐར་མ་རྣམས། །ཐེ་ཚོམ་མེད་པ་ཉིད་དུ་འགྱུར། །ཚངས་དང་ཁྱབ་འཇུག་དབང་ཕྱུག་གང་། །བརྒྱ་བྱིན་ཡན་ལག་མེད་སོགས་གང་། །མངག་གཞུག་འགྱུར་ཞིང་འགྲོ་དྲུག་ཏུ། །གནས་པའི་སྲོག་ཆགས་ཀུན་ཀྱང་ངོ་། །རྣལ་འབྱོར་དངོས་གྲུབ་ཇི་ལྟ་བཞིན། །དེ་བཞིན་རྣལ་འབྱོར་མས་ཀྱང་ངོ་། །སྐྱེས་བུ་རྡོ་རྗེ་འཛིན་པ་ལྟར། །བུད་མེད་རྡོ་རྗེ་བཙུན་མོའོ། །དེ་ནས་བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་ལུས་འདི་ལ་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ལས་བདེ་བ་ཆེན་པོ་ཇི་ལྟར་སྐྱེ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྐྱང་མ་ཤེས་རབ་རང་བཞིན་ཏེ། །གཡོན་པའི་རྩ་རུ་རབ་ཏུ་གྲགས། །རོ་མ་ཐབས་ཀྱི་རང་བཞིན་གྱིས། །གཡས་པ་ལ་ནི་ཡང་དག་གནས། །བརྐྱང་མ་རོ་མའི་དབུས་དག་ལ། །ཀུན་འདར་མར་ནི་རབ་ཏུ་གསུངས། །གང་ཚེ་ཨ་བ་དྷཱུ་ཏཱིར་རླུང་། །ཁུ་བ་དང་ནི་རོ་གཅིག་གྱུར། །རྡོ་རྗེས་མགོ་བོའི་མཚམས་སུ་འགྲོ། །བུད་མེད་བྷ་གའི་རནྟྲ་ལ། །ཐབས་དང་ཤེས་རབ་མཉམ་སྦྱོར་བས། །ལྟེ་བར་གནས་པའི་ཙཎྜ་ལི། །མར་མེ་ལྟར་འབར་དེ་ཡིས་ནི། །ཞུ་བའི་ཁུ་བ་མཆོག་ལ་ནི། །དེ་ལས་སྐྱེས་པའི་བདེ་བ་ལ། །ཅུང་ཟད་ཅུང་ཟད་རབ་སྦྱོར་ལས། །དེ་ཡང་ཆེན་པོ་ཆེར་སྦྱོར་ལས། །དེ་ཡང་དངོས་པོའི་རང་བཞིན་ལས། །གང་གིས་དེ་ཡི་བདེ་བ་འཕེལ། །རྟག་ཏུ་གོམས་པའི་སྦྱོར་བ་ལས། །དེ་ནི་སྐྱེ་བ་འདི་ཉིད་ལ། །དཔལ་ལྡན་གཏུམ་པོ་ཉིད་དུ་འགྱུར། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོའི་རྒྱུད་ལས། བསམ་གཏན་གྱི་རིམ་པར་ཕྱེ་བ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་མས་གསོལ་པ། ཅི་སྟེ་བཅོམ་ལྡན་སྒྲུབ་པ་པོས། །ཁྲོ་ཆེན་གཏུམ་པོའི་གོ་འཕང་ནི། །བུད་མེད་དང་བྲལ་


DKG080_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ནུས་སམ། །འོན་ཏེ་བསྒྲུབ་པར་ནུས་མ་ཡིན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་བསྒྲུབ་པར་ནུས་པ་མ་ཡིན་ནོ། །བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་ཅིའི་ཕྱིར་ན་བདེ་བ་སྟེར་བ་མེད་པར་མི་ནུས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་བདེ་བ་སྐྱེས་ཙམ་གྱིས། །བྱང་ཆུབ་མཆོག་ནི་ཐོབ་བྱེད་པའི། །བདེ་བ་ཁྱད་འཕགས་འབྱུང་བ་ལས། །དེ་ཉིད་འཐོབ་ཀྱིས་དེ་གཞིན་མིན། །དེ་མེད་དེ་ཡི་བྱ་བ་ཡང་། །དེ་ཉིད་མེད་པར་སྐྱེ་མ་ཡིན། །བྱེད་པོ་བུད་མེད་དང་སྦྱོར་ལས། །གཞན་དུ་ནམ་ཡང་མ་ཡིན་ནོ། །སྒྱུ་མའི་དེ་ཉིད་ཐམས་ཅད་ལ། །བུད་མེད་སྒྱུ་མའི་དེ་ཉིད་བསྔགས། །དེ་ཡི་དེ་ཉིད་ལས་འདས་གང་། །དེ་ལས་དངོས་གྲུབ་ལྷག་འབྱུང་མེད། །དེ་ཕྱིར་བུད་མེད་དང་བྲལ་འདི། །ནམ་ཡང་བྱ་བ་མ་ཡིན་ནོ། །དེ་ཉིད་གལ་ཏེ་སྡུག་བསྔལ་གྱུར། །འཆི་དང་འཆིང་བའི་འཇིགས་པ་ཡང་། །དེ་རྣམས་ཐམས་ཅད་བཟོད་བྱ་ཡིས། །འདིར་ནི་བུད་མེད་སྤང་མི་བྱ། །གང་ཕྱིར་བུད་མེད་བདེ་དེ་ཉིད། །ཀུན་ནས་སངས་རྒྱས་སྟེར་བ་པོ། །གཡོ་དང་སྤོབས་ཅན་འཚོར་ངོ་བྲལ། །རྟག་ཏུ་འདོད་པའི་དཔུང་གཉེན་ནོ། །དངོས་གྲུབ་སྟེར་བ་འདི་ཉིད་ནི། །དངོས་པོ་ཀུན་གྱིས་བསྟེན་པར་བྱ། །བུད་མེད་ཚུལ་ནི་གཅིག་བརྗོད་པ། །དགའ་བའི་ཕྱིར་ནི་འཆི་བའང་མེད། །བདག་པོ་དང་ནི་བྲལ་གྱུར་ན། །འདོད་པ་མཆོག་ནི་ཅི་ཞིག་སྨྲ། །དེ་ཕྱིར་ཀུན་གྱིས་བུད་མེད་ལྷར། །རྣམ་པ་ཀུན་དུ་རབ་ཏུ་བརྟག། ཤིང་དང་རྡོ་ལ་སོགས་རྣམས་ཀྱང་། །ཡིད་ཀྱིས་ཡོངས་སུ་བརྟག་པར་བྱ། །སྐྱེས་པ་བུད་མེད་ལྷ་མོ་དང་། །བུད་མེད་ཀྱི་ནི་སྐྱེས་པ་ལྷ། །རྡོ་རྗེ་པདྨ་རབ་སྦྱོར་བས། །ཕན་ཚུན་དུ་ནི་མཆོད་པར་བྱ། །མཆོད་པར་བྱ་བ་གཞན་དུ་མིན། །རང་ཉིད་བྱིན་གྱིས་བརླབ་པའང་དེ། །དེ་ཕྱིར་རྣལ་འབྱོར་བརྩེ་ལྡན་པས། །དཀྱིལ་འཁོར་མདུན་དུ་བྱས་ནས་ནི། །དེ་ལ་ཉེར་ཞུགས་བུད་མེད་ནི། །ཤེས་རབ་ཕར་ཕྱིན་རྣམ་པ་ལ། །རྟག་ཏུ་མེ་ཏོག་གིས་མཆོད་ཅིང་། །དེ་བཞིན་སྤོས་དང་མར་མེ་སོགས། །དཀྱིལ་འཁོར་ལྔ་ནི་རབ་སྦྱོར་བས། །ཕྱི་ནས་ཕྱག་ནི་བཙལ་བར་བྱ། །དེ་ནས་གཡས་སུ་བསྐོར་བ་བྱ། །གཏུམ་


DKG080_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལ་ནི་མཆོད་པར་བྱ། །གུས་པ་དང་བཅས་སེམས་ཀྱིས་ནི། །དེ་བཞིན་སྐྱེས་བུས་བུད་མེད་མཆོད། །དེ་ཉིད་མཆོད་པའི་ཆོ་ག་ནི། །རྒྱལ་བས་ཕན་ཚུན་བྱ་བར་གསུངས། །བུད་མེད་སྨད་པར་ཡོང་མི་བྱ། །དེ་ཉིད་འདོད་པའང་སྤང་མི་བྱ། །སྙན་པའི་ཚིག་གིས་སྨྲ་བྱ་ཞིང་། །རྗེས་སུ་མཐུན་པར་སྦྱིན་པར་བྱ། །དངོས་པོ་ཀུན་གྱིས་ཕྱག་བྱས་ཏེ། །ཇི་བཞིན་གདུག་ཅན་ཤེས་མི་བྱ། །གང་དུའང་བུད་མེད་མི་སྤོང་བ། །འདི་ནི་སངས་རྒྱས་གསུང་དུ་ཐོས། །གང་དུ་ཁྱོད་ཀྱིས་གཞན་བྱས་ནས། །དེ་ཡི་སྡིག་པས་དམྱལ་བར་འགྱུར། །བུད་མེད་དང་བྲལ་ཅི་བྱས་ཀྱང་། །གཞན་དུ་འཆི་འགྱུར་དངོས་གྲུབ་མིན། །ཁྲོ་བོ་གཏུམ་པོའི་སྒྲུབ་ཐབས་ནི། །དཀའ་ཐུབ་ཀྱིས་ནི་འགྲུབ་མི་འགྱུར། །ཡིད་ནི་དྲི་མེད་མ་བྱས་པར། །འབྲས་མེད་གཏི་མུག་དྲ་བས་བཅིངས། །འདོད་ལྡན་འདོད་པ་སྤོང་བྱེད་པ། །བརྫུན་གྱིས་འཚོ་བ་སྐྱེ་འགྱུར་ཏེ། །བརྫུན་གྱིས་གང་འཚོ་སྡིག་པ་སྟེ། །སྡིག་པས་དམྱལ་བར་འགྲོ་བར་འགྱུར། །འཆི་བའི་དུས་ནི་ཐོབ་པ་ན། །བརྫུན་གྱིས་འཚོ་བར་ཐེ་ཚོམ་མེད། །དེ་ཕྱིར་བསྒྲུབ་བྱ་བསྒྲུབ་པར་བྱ། །རྒྱལ་བའི་བདག་ཉིད་འདོད་པས་སོ། །འདོད་ཡོན་ལྔ་པོ་དེ་སྤངས་ནས། །བདག་ཉིད་དཀའ་ཐུབ་གདུང་མི་བྱ། །གཟུགས་རྙེད་པ་ནི་བལྟ་བྱ་ཞིང་། །སྒྲ་ཡང་དེ་བཞིན་མཉན་པར་བྱ། །དྲི་ནི་མནམ་པར་བྱ་བ་སྟེ། །རོ་ཡི་མཆོག་ནི་བཟའ་བར་བྱ། །རེག་བྱ་རེག་པར་བྱ་བ་སྟེ། །འདོད་པ་ལྔ་པོ་བསྟེན་པར་བྱ། །ཁྲོ་བོ་གཏུམ་པོ་དེ་མཆོག་ནི། །མྱུར་དུ་སངས་རྒྱས་མཆོག་འགྱུར་རོ། །གཞན་ལ་སླུ་བ་མེད་གྱུར་ཅིང་། །གཏི་མུག་མཆོག་ཏུ་མེད་པར་བྱ། །མི་ཡི་ལང་ཚོ་ཐོབ་པ་ལ། །མི་མོའི་བདེ་བ་མི་སྤྱོད་ན། །ཆེན་པོ་མཆོག་ཏུ་ཟད་བྱས་ན། །ལྟ་བའང་འབྲས་བུ་མེད་པར་བྱས། །འདོད་ཅན་མ་རྟག་བསྟེན་བྱས་ན། །འདོད་པ་ཙམ་གྱི་དཔུང་གཉེན་གྱིས། །བཙུན་མོའི་སྐྱེ་གནས་ཡང་དག་བསྟེན། །ཁྲོ་བོ་གཏུམ་པོའི་གོ་འཕང་མཐོང་། །གཉིད་ནི་ཇི་ལྟར་སྤང་བར་བྱ། །བཟའ་བ་དང་ནི་དགོད་པ་ཉིད། །འཇིག་རྟེན་མ་དད་སྤང་བའི་ཕྱིར། །ལྷ་མོ་སྒྱུ་འཕྲུལ་སྲས་མཁས་པས། །ཕོ་བྲང་འཁོར་གྱི་བཙུན་མོ་ནི། །སྟོང་ཕྲག་


DKG080_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཁྲི་སྤངས་ནས་སླར། །ནཻ་རཉྫ་ནཱའི་འགྲམ་གཤེགས་ནས། །སངས་རྒྱས་དངོས་གྲུབ་རབ་གསུངས་དང་། །གང་དུ་བདུད་ནི་འདུལ་མཛད་པ། །དེ་ཉིད་གཞན་དོན་ཁོ་ན་ཡིན། །གང་ཕྱིར་བཙུན་མོའི་ནང་སངས་རྒྱས། །གོ་པཱ་དང་བཅས་བདེ་ལྡན་གྲུབ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །གང་ཕྱིར་བདེ་བ་ལས་ཐོབ་བོ། །བདེ་བ་ལས་ཐོབ་སངས་རྒྱས་ནི། །བདེ་བ་བུད་མེད་དང་བྲལ་མིན། །གང་དུ་སྦྱོར་བྲལ་བྱ་བ་ནི། །འཇིག་རྟེན་ཉམས་པ་སྤང་ཕྱིར་རོ། །འཇིག་རྟེན་གང་གིས་འདུལ་བ་ན། །དེ་དང་དེ་ཡི་སངས་རྒྱས་འགྱུར། །རྒྱལ་བའི་སྒྱུ་མའི་གར་ཉིད་ཀྱིས། །དེ་དང་དེ་ཉིད་ཚུལ་གྱིས་སོ། །མདོ་སྡེ་ཆོས་མངོན་ཐམས་ཅད་ནས། །བུད་མེད་རྣམས་ནི་སྨོད་མཛད་པ། །སྣ་ཚོགས་སློབ་མའི་སྣོད་ཕྱིར་བཤད། །དེ་ཁོ་ན་ཉིད་སྦས་ནས་གསུངས། །ཕུང་པོ་ལྔ་དང་རྣམ་བྲལ་བའི། །མྱ་ངན་འདས་པ་བལྟ་བར་བྱ། །དེ་ནས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་གསོལ་པ། བཅོམ་ལྡན་འདས་ལྷ་མོ་སྒྱུ་འཕྲུལ་གྱི་སྲས་གང་ལགས། གོ་པཱ་ཡང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་སྒྱུ་འཕྲུལ་སྲས་ཉིད་ཀྱང་། །ཁྲོ་བོ་གཏུམ་པོ་བདག་ཉིད་ཡིན། །ས་འཚོ་ཁྱོད་ཉིད་བཅོམ་ལྡན་འདས། །ཤེས་རབ་ཕར་ཕྱིན་བདག་ཉིད་མ། །ཇི་སྙེད་པ་ཡི་བུད་མེད་ཀུན། །ཁྱོད་ཀྱི་ཚིག་ཉིད་འདིར་འདོད་དོ། །སྐྱེས་བུ་བདག་གི་གཟུགས་དེ་ཉིད། །དེ་བཞིན་ཀུན་ཏུ་ཡོངས་སུ་གྲགས། །འདི་ནི་རང་བཞིན་གཉིས་ཡིན་ཏེ། །འགྲོ་བ་ཐབས་ཤེས་བདག་ཉིད་དོ། །དེ་ནས་བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་ཅིའི་ཕྱིར་ཉན་ཐོས་ལ་སོགས་པ་རྣམས་བུད་མེད་སུན་འབྱིན་པར་བྱེད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་འདོད་པའི་ཁམས་གནས་པའི། །ཉན་ཐོས་ལ་སོགས་གྲགས་ཀུན་གྱིས། །བུད་མེད་ལ་ལྟོས་ཀུན་སྟེར་བའི། །ཐར་པའི་ལམ་ནི་མི་ཤེས་སོ། །གང་ན་ཉེ་བར་གནས་གྱུར་པའི། །གུར་གུམ་ལ་སོགས་རྙེད་སླ་ན། །དེ་ལ་རིན་ནི་ཐོབ་མི་འགྱུར། །གང་དུ་རིན་ནས་རིན་ཆེན་ཉིད། །ཐོག་མེད་མི་ཤེས་སྦྱོར་བ་ཡིས། །དད་པ་དམན་པའི་སྐྱེ་བོ་འདི། །དེ་ཉིད་ལ་ནི་སེམས་མི་འཇུག།


DKG080_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིའང་འདི་ནི་རབ་ཏུ་སྦས། །རྩོད་པའི་དུས་ལ་དེ་ཉིད་འདི། །སེམས་ཅན་རེ་རེར་བགྲངས་པ་ཡི། །བྱེ་བའི་ནང་ན་འགའ་ཞིག་ཀྱང་། །དད་དང་བརྩོན་པའི་དཔུང་གཉེན་ཅན། །ཀུན་ནས་དེ་ཕྱིར་གསུངས་པ་ནི། །བྱང་ཆུབ་མྱུར་དུ་རབ་བསྒྲུབ་ཕྱིར། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས་མི་མོ་རབ་ཏུ་བསྔགས་པའི་རིམ་པར་ཕྱེ་བ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་ཁྱོད་ཅི་སྟེ་ཆགས་པ་དང་བཅས་པའམ། ཆགས་པ་དང་བྲལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་ནི་ཀུན་ཏེ་ཀུན་ལའང་ཁྱབ། །ཀུན་བྱེད་ཀུན་གྱི་འཇིག་པ་པོ། །ཀུན་གྱི་གཟུགས་འཛིན་སངས་རྒྱས་ཏེ། །བྱེད་པོ་འཇོམས་པོ་ཁྱབ་བདག་བདེ། །གང་དང་གང་གི་གཟུགས་ཀྱིས་ནི། །སེམས་ཅན་འདུལ་བྱར་འདི་ཉིད་འཇུག། དེ་དང་དེ་ཉིད་ཚུལ་གྱིས་ནི། །འཇིག་རྟེན་དོན་རྒྱུར་བདག་གནས་སོ། །འགའ་ཞིག་སངས་རྒྱས་གྲུབ་ཐོབ་འགའ། །ལ་ལར་ཆོས་དང་དགེ་འདུན་ནོ། །ལ་ལར་ཡི་དགས་ལ་ལར་ཕྱུགས། །ལ་ལར་དམྱལ་བའི་གཟུགས་ཅན་ནོ། །ལ་ལར་ལྷ་དང་ལྷ་མ་ཡིན། །ལ་ལར་མི་ཡི་གཟུགས་ཅན་ནོ། །ལ་ལར་བརྟན་པའི་གཟུགས་ཅན་དང་། །སྣ་ཚོགས་གཟུགས་ཅན་ཐེ་ཚོམ་མེད། །བདག་ནི་སྐྱེས་པ་བུད་མེད་དང་། །མ་ནིང་གཟུགས་སུའང་ལ་ལར་རོ། །ལ་ལར་ཆགས་ཅན་ལ་ལར་སྡང་། །ལ་ལར་རྨོངས་ཤིང་ལ་ལར་གཙང་། །ལ་ལར་མི་གཙང་གཟུགས་སུ་ང་། །སེམས་ཀྱི་གཟུགས་ཀྱིས་བདག་གནས་སོ། །བདག་ནི་སེམས་སུ་བལྟ་བར་བྱ། །གཞན་དུ་ཅུང་ཟད་ཡོད་མིན་ཏེ། །དངོས་པོ་དངོས་མེད་རབ་དབྱེ་ང་། །ང་ནི་བསྐྱེད་བྱ་སྐྱེད་བྱེད་ང་། །བདག་ནི་བགེགས་དང་གྲུབ་པ་ང་། །ཀུན་གྱི་གཟུགས་ཀྱིས་ཡང་དག་གནས། །ང་ནི་སྐྱེ་དང་འཆི་བའང་ང་། །ང་ནི་ནད་དང་རྒས་པའང་ང་། །ང་ནི་བསོད་ནམས་སྡིག་པའང་ང་། །དེ་ཡི་ལས་ཀྱི་འབྲས་ཉིད་ང་། །འགྲོ་ཀུན་རང་བཞིན་སངས་རྒྱས་ཉིད། །ཀུན་དུ་བདག་གི་གཟུགས་ཉིད་འདི། །རྣལ་འབྱོར་དེ་ཉིད་སེམས་དཔའ་པོས། །


DKG080_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མཉམ་རྣམ་པར་ཤེས་པར་བྱ། །དེ་ནས་བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་ཅི་སྟེ་ཁྱོད་ཀྱི་གཟུགས་ཉིད་འདི་ལྟ་བུ་ཡིན་ནམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ཁྱོད་ཀྱི་གཟུགས་ཉིད་ཀྱང་། །རྣམ་པ་དེ་ལྟར་ཀུན་ནས་གསུངས། །བརྟན་དང་གཡོ་བའི་འགྲོ་ཀུན་ལ། །འདིར་ནི་ཁྱོད་ཀྱིས་ཁྱབ་པ་པོ། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས་སྣ་ཚོགས་པའི་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་མས་གསོལ་པ། སྔགས་རྣམས་ཀྱི་ནི་སྒྲུབ་པའི་ཐབས། །ཞི་དང་རྒྱས་པ་དེ་ཉིད་གསུངས། །དབང་དང་དགུག་པའི་རབ་སྦྱོར་དང་། །གསད་དང་བསྐྲད་པ་ལ་སོགས་དང་། །དུག་སེལ་བ་དང་ནད་ཞི་དང་། །མེ་དང་རལ་གྲི་སོགས་རེངས་དང་། །གཡུལ་དུ་རྣམ་པར་རྒྱལ་བ་དང་། །མཁས་པ་ཡི་ནི་མཆོག་ཉིད་དང་། །གནོད་སྦྱིན་མོ་སྒྲུབ་བྲན་དང་ནི། །ཕོ་ཉ་འབྱུང་སོགས་སྒྲུབ་ཐབས་དང་། །དཔག་མེད་རྣམ་ཤེས་ནུས་པ་རྣམས། །བདག་ལ་ངེས་པར་གཙོ་བོས་གསུངས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱཻ་ཁྱོད་ལ་མཆོག་ཅི་ཞིག་སྦྱིན་པར་བྱ། །ཞེས་པ་དང་སྒྲུབ་པ་པོས་སྨྲ་བར་བྱ་སྟེ། སངས་རྒྱས་ཉིད་སྩོལ་ཅིག་ཅེས་སོ། །དེ་ནས་བཅོམ་ལྡན་འདས་དེའི་ལུས་ལ་རབ་ཏུ་ཞུགས་སོ། །རབ་ཏུ་ཞུགས་པ་ཙམ་གྱིས། ལོ་བརྒྱད་གཉིས་ཀྱི་རྣམ་པ་ཅན། མངོན་པར་ཤེས་པ་དྲུག་པ། ས་བཅུ་གསུམ་གྱི་དབང་ཕྱུག། ལྷའི་གཞལ་ཡས་ཁང་ན་སྤྱོད་པ་ཅན་གྱི་ལྷའི་བུ་མོའི་ཚོགས་བརྒྱ་སྟོང་གིས་བརྒྱན་པ། འདོད་པའི་གཟུགས་ཅན་ཐམས་ཅད་མཁྱེན་པ། བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །ཡང་ན་རལ་གྲི་དང་། མིག་སྨན་དང་། རིལ་བུ་དང་། རྐང་མགྱོགས་དང་། རྐང་པའི་བྱུག་པ་དང་། རྒྱལ་སྲིད་དང་། འདོད་པ་ལ་ལོངས་སྤྱོད་པའི་དབང་ཕྱུག་དང་། རིག་པ་དང་། ནོར་ཅན་དང་། རིག་པ་ལ་མཁས་པ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། བཅུད་ལེན་དང་། རེག་རྡོ་དང་། ཁམས་སྨྲ་བ་ཇི་ལྟར་མངོན་པར་འདོད་པ་བཞིན་ཞུ་བར་བྱ་སྟེ། དེ་ཐམས་ཅད་བཅོམ་ལྡན་


DKG080_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་སྟེར་བར་བྱེད་དོ། །ཡང་ན་དཔའ་བོ་གཅིག་པའི་རས་རིས་བྲིས་ལ་སྔོན་མ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ལ་དཔའ་བོ་གཅིག་པའི་རི་མོ་ནི་མི་གཡོ་བ་ནག་པོ་ལ་ཞེ་སྡང་རྡོ་རྗེ་མས་འཁྱུད་པའོ། །མི་གཡོ་བ་དཀར་པོ་ལ་གཏི་མུག་རྡོ་རྗེ་མས་སོ། །མི་གཡོ་བ་སེར་པོ་ལ་ཕྲ་མ་རྡོ་རྗེ་མས་སོ། །མི་གཡོ་བ་དམར་པོ་ལ་འདོད་ཆགས་རྡོ་རྗེ་མས་སོ། །མི་གཡོ་བ་ལྗང་གུ་ལ་ཕྲག་དོག་རྡོ་རྗེ་མས་འཁྱུད་པ་བྲི་བར་བྱའོ། །ཡང་ན་ཤེས་རབ་དང་བྲལ་བའི་བཅོམ་ལྡན་འདས་གཅིག་པུ་བྲི་བར་བྱའོ། །ཡང་ན་རི་མོ་ལ་བཅོམ་ལྡན་འདས་མ་ལྔ་པོ་རྣམས་ཀྱི་དབུས་ན་གཅིག་ཏུ་བྱས་ལ། དེར་བདག་ཉིད་དེའི་བདག་པོའི་གཟུགས་སུ་བསམས་ནས་སྔོན་བཞིན་དུ་བསྒྲུབ་པར་བྱའོ། །ཡང་ན་རང་གི་བུད་མེད་ལྷ་མོའི་གཟུགས་སུ་བསམས་ནས་བསྒྲུབ་པར་བྱའོ། །གྲུབ་པར་གྱུར་ན། སངས་རྒྱས་ཉིད་ཀྱང་སྟེར་བར་བྱེད་ན་དངོས་གྲུབ་གཞན་སྨོས་ཅི་དགོས། ཡང་ན་ཞབས་གཡོན་བརྐྱང་བ་རལ་གྲི་དང་ཞགས་པ་བསྣམས་པས་བསྒྲུབ་པར་བྱའོ། །ཡང་ན་སེམས་དཔའི་སྐྱིལ་ཀྲུང་ཅན། རལ་གྲི་དང་ཞགས་པ་ཕྱག་ན་བསྣམས་པ། རང་འོད་ཀྱི་ཤེས་རབ་མ་ལ་རོལ་པས་བསྒྲུབ་པར་བྱ་སྟེ། ལྷན་ཅིག་པའི་ཁྲོ་བོ་གཏུམ་པོ་ཆེན་པོས་སྔོན་བཞིན་དུ་འགྲུབ་བོ། །འདི་ཉིད་བཅོམ་ལྡན་འདས་ཀྱི་རི་མོའི་དངོས་གྲུབ་བོ། །ཡང་ན་སྐུ་གཟུགས་ཀྱི་སྒྲུབ་ཐབས་ཀྱིས་ཀྱང་འདི་ཉིད་བསྒྲུབ་པར་བྱའོ། །དེ་ནས་རལ་གྲིའི་སྒྲུབ་ཐབས་ནི་ཡིད་ཀྱིས་དེའི་ཚེ་མེ་ཏོག་ཛཱ་ཏི་དང་། ལྕགས་ཀྱི་རང་བཞིན་དང་། ཤིང་གི་སྙིང་པོའི་རང་བཞིན་ལས་སམ། ཇི་ལྟར་མངོན་པར་འདོད་པ་བྱས་ནས་བའི་རྣམ་པ་ལྔས་རབ་ཏུ་བཀྲུས་ཏེ། དྲི་ཐམས་ཅད་ཀྱིས་བྱུགས་ནས་ཡང་དག་པར་བརྩམས་ཏེ། སྔོན་བཞིན་དུ་ལག་པ་གཉིས་ཀྱིས་ཡོངས་སུ་བཟུང་ནས། ཐུན་མཚམས་གསུམ་དང་ཟླ་བ་གཅིག་ཏུ་བཟླས་པར་བྱའོ། །ཟླ་བའི་མཐར་མཆོད་པ་ཆེན་པོ་བྱས་ནས་མཚན་མོ་རིལ་པོ་བཟླས་པ་བྱའོ། །ཐོ་རངས་རལ་གྲི་འབར་བར་འགྱུར་ཏེ། རལ་གྲིའི་རིག་པ་འཛིན་པར་འགྱུར་ཏེ། ལོ་བརྒྱད་གཉིས་ཀྱི་རྣམ་པ་ཅན་སྐྲ་འཁྱིལ་པ་འདི་ནི། སྙིང་པོ་འདོད་ཡོན་ལྔས་རྣམ་པར་རོལ་པར་བྱེད་


DKG080_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་བཞིན་དུ་འཁོར་ལོ་དང་རྩེ་གསུམ་ལ་སོགས་པ་རྣམས་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཟངས་ལ་སོགས་པའི་རང་བཞིན་གྱི་ཞགས་པ་བསྒྲུབ་པར་བྱའོ། །དེ་བཞིན་དུ་བུམ་པ་དང་། མཆིལ་ལྷ་མ་དང་། མཆོད་ཕྱིར་ཐོགས་དང་། གོས་དང་། གདུགས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་པོ་ཏི་དང་། རྒྱུད་ཀྱི་པོ་ཏི་ལ་སོགས་པ་བསྒྲུབ་པར་བྱའོ། །དེ་བཞིན་དུ་རྔ་པ་ཊ་ཧ་དང་། རྔ་བོ་ཆེ་དང་། པི་ཝང་ལ་སོགས་པ་བསྒྲུབ་པར་བྱའོ། །དེ་བཞིན་དུ་གསེར་གྱི་རང་བཞིན་ལས། གནོད་སྦྱིན་ཛམྦྷ་ལ་དང་། ནོར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། པི་ཙི་ཀུཎྜ་ལི་ལ་སོགས་པ་བསྒྲུབ་པར་བྱའོ། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་རྨྱུག་མའི་རང་བཞིན་ལས་དྲི་བཟང་བསྒྲུབ་པར་བྱའོ། །གྲོག་མཁར་གྱི་སའི་རང་བཞིན་ལས་ནམ་མཁའ་ལྡིང་ངོ་། །ཐང་ཤིང་གི་རང་བཞིན་ལས་ལྷ་རྣམས་ཏེ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དབང་པོ་དང་། འདོད་ལྷ་ལ་སོགས་པ་རྣམས་སོ། །དུར་ཁྲོད་ཀྱི་སོལ་བས་སྲིན་པོ་བྲི་བར་བྱའོ། །ག་ཌའི་ཉ་ཚིག་པས་ཡི་དགས་བྲི་བར་བྱའོ། །སྤྲ་ཚིལ་གྱིས་མིའོ། །གླང་པོ་ཆེའི་རང་བཞིན་ལས་ཚོགས་བདག་གོ། །ཤཱ་ཁོ་ཊའི་ཤིང་གི་རང་བཞིན་ལས་པཱི་ལུ་པ་ལཱ་ཤ་ལ་སོགས་པའི་ཤ་ཟའོ། །པྲ་བཱ་ལའི་ཉ་ལས་གཽ་རཱི་ཙཽ་རཱི་ལ་སོགས་པ་བྲི་བར་བྱའོ། །མིའི་རུས་པའི་རང་བཞིན་ལས་རཱ་མ་དེ་བ་དང་། འདོད་པའི་ལྷ་ལ་སོགས་པའི་རོ་ལངས་སོ། །ནཱ་ག་གེ་སར་གྱི་ཤིང་གི་རང་བཞིན་ལས་ནོར་རྒྱས་ལ་སོགས་པའི་ཀླུ་དང་། ཀླུ་མོ་རྣམས་སོ། །མྱ་ངན་མེད་པའི་ཤིང་གི་རང་བཞིན་ལས་འཕྲོག་མ་དང་། ལྷ་མོ་སུནྡ་རི་དང་། གར་མ་དང་། དགའ་མ་དང་། ཡིད་འོང་མ་དང་། ཤྱ་མ་ནུ་ཌི་དང་། པདྨ་ཅན་དང་། རྗེས་སུ་ཆགས་མ་དང་། ཟླ་འོད་མ་དང་། ཚངས་པའི་བུ་མོ་དང་། འདོད་པའི་དབང་ཕྱུག་མ་དང་། མིའི་བུ་མོ་དང་། རེ་བ་ཏཱི་དང་། ལྟ་བྱེད་མ་དང་། ན་ར་དྷི་ར་ལ་སོགས་པའི་གནོད་སྦྱིན་མོ་རྣམས་བསྒྲུབ་པར་བྱའོ། །ནྱ་གྲོ་དྷའི་ཤིང་གི་རང་བཞིན་ལས་དཔལ་ལྷ་མོ་དང་། རྒྱལ་པོའོ། །ཐང་ཤིང་གི་རང་བཞིན་ལས། ཏིལ་


DKG080_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མ་དང་། ཟླ་བའི་ལྷ་མོ་དང་། གསེར་ཕྲེང་མ་དང་། ཀུཎྜ་ལ་ཧ་རི་ཎཱི་དང་། རིན་ཆེན་ཕྲེང་བ་མ་དང་། རམ་བྷཱ་དང་། ཨུར་བཱ་ཤཱི་དང་། དཔལ་གྱིས་བརྒྱན་མ་དང་། དགའ་མ་དང་། དབང་མོ་ལ་སོགས་པ་སྟེ་ལྷའི་བུ་མོའི་ཚོགས་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཉི་མ་དང་། ཟླ་བ་དང་། བཀྲ་ཤིས་དང་། ལྷག་པ་དང་། ལྷའི་བླ་མ་དང་། པ་བ་སངས་དང་། སྤེན་པ་དང་། སྒྲ་གཅན་དང་། དུ་བ་དང་། གཟའ་དགུའོ། །དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་བཞིན་དུ་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་ཏེ་སངས་རྒྱས་རྣམས་བསྒྲུབ་པར་བྱའོ། །དེ་བཞིན་དུ་གཞན་གྱིས་མི་ཐུབ་པ་ལ་སོགས་པའི་འབྱུང་པོ་རྣམས་སོ། །དེ་བཞིན་དུ་གཤིན་རྗེ་ལ་སོགས་པ་འཕགས་པའི་ཕོ་ཉ་རྣམས་སོ། །དེ་བཞིན་དུ་ཀཾ་ཀ་ལ་སོགས་པའི་བྲན་རྣམས་སོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཕོ་མོ་རྣམས་བསྒྲུབ་པར་བྱའོ། །ཐམས་ཅད་བཀའ་སྒྲུབ་པ་བྱེད་པ་པོར་འགྱུར་རོ། །གལ་ཏེ་ལན་ཅིག་གིས་གྲུབ་པར་མ་གྱུར་ན། དེ་ལ་ལན་གཉིས་པ་ཡང་བྱའོ། །དེའི་ཚེ་ཡང་མ་གྲུབ་ན་ལན་གསུམ་པ་ཡང་བརྩམ་པར་བྱའོ། །དེ་ལྟར་ན་ཡང་མི་དགེ་བ་ཆེན་པོའི་དབང་གིས་གལ་ཏེ་མ་གྲུབ་ན། དེའི་ཚེ་སྔོན་བཞིན་དུ་པུས་མོ་གཡོན་པའི་ཁར་རྐང་པ་གཡས་པས་ཀྱང་མནན་ནས། ཇི་སྲིད་མ་གྲུབ་པ་དེ་སྲིད་བཟླས་པ་བྱའོ། །དེ་ནས་ཚངས་པ་འཇོམས་པ་པོས་ཀྱང་འགྲུབ་བོ། །དེ་ལ་འདིར་ཁྲོ་བོ་གཏུམ་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་སྔགས་ཀྱི་ནང་དུ་བྱས་ནས། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨཱ་གཙྪ་ཨཱ་གཙྪ་ཧཱུྃ་ཕཊ། རལ་གྲི་ལ་སོགས་པ་བསྒྲུབ་ན་ཆེ་གེ་མོ་སྒྲུབས་ཤིག་ཅེས་སྦྱར་བར་བྱའོ། །གང་གི་ཚེ་མནན་ནས། ཆེ་གེ་མོ་ལ་ཧ་ན་ཧ་ན་ཞེས་སྦྱར་བར་བྱའོ། །དེ་ལྟར་ལན་ཅིག་བརྗོད་པས་མཚམས་མེད་པ་ལྔ་པོ་བྱེད་པས་ཀྱང་ཐམས་ཅད་སྲེག་པར་བྱེད་དོ། །སརྦ་པཱ་པཾ་མེ་ནཱ་ཤ་ཡ་ཏི་ཞེས་སྦྱར་བར་བྱའོ། །དེ་བཞིན་དུ་འཇིགས་པ་ཐམས་ཅད་ལ་བརྗོད་པ་ཙམ་གྱིས་སྲུང་བར་བྱེད་དོ། །རཀྵ་རཀྵ་ཏི་ཞེས་བརྗོད་པར་བྱའོ། །དེ་ལྟ་བུས་ཐམས་ཅད་སྲིན་པོ་


DKG080_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྲེག་པར་བྱེད་དོ། །དེ་ནས་རབ་ཏུ་འབར་བཞིན་པའི་ལྕགས་སུ་བསམས་ནས། ཡུངས་ཀར་དང་སྲན་མ་མུད་ག་དང་། མཱ་ཥ་ལ་བརྒྱ་རྩ་བརྒྱད་རང་གི་སྔགས་ཀྱིས་མངོན་པར་བསྔགས་ནས་མཁའ་འགྲོ་མ་ལ་སོགས་པ་རྣམས་ལ་བྲབ་པར་བྱའོ། །ཐམས་ཅད་འབྲོས་པར་བྱེད་དོ། །བྲབ་པའི་དུས་སུ་ཌཱ་ཀི་ནྱཱ་དི་ཀ་མ་པ་སཱ་ར་ཡ་ཞེས་སྦྱར་བར་བྱའོ། །ཡང་ན་ཐོད་ལོ་ཀོར་གྱིས་ཁམ་ཕོར་སོ་མ་བཏང་བ་གཉིས་ལ། པདྨ་འདབ་མ་བརྒྱད་པའི་ནང་དུ་སྔགས་བྲིས་ནས་ཁ་སྦྱར་ཏེ། ཉ་རྒྱས་དཀྲིས་ནས་སྒོ་ལ་བཅང་བར་བྱའོ། །བྱིས་པ་རྣམས་ཀྱི་སྲུང་བར་བྱེད་དོ། །རཀྵ་རཀྵ་བཱ་ལ་ཀཾ་ཞེས་སྦྱར་བར་བྱའོ། །སྤྲ་ཚིལ་ལས་བསྒྲུབ་བྱའི་གཟུགས་བརྙན་སོར་བཞི་པ་བྱས་ཏེ། གྲོ་ག་ལ་སྔགས་མངོན་པར་བྲིས་ནས་དེའི་སྙིང་གར་སྐེ་ཚེ་ལ་སོགས་པ་རབ་ཏུ་གཞུག་པར་བྱའོ། །དེ་ནས་ཚེར་མས་ཁ་ལ་ཕུར་བུས་གདབ་པར་བྱའོ། །ཕྱིར་རྒོལ་བའི་ཁ་ལ་ཕུར་བུས་བཏབ་པར་འགྱུར་རོ། །ལྷ་སྦྱིན་གྱི་མུ་ཁཾ་ཀཱི་ལ་ཡ་ཞེས་སྦྱར་བར་བྱའོ། །ལམ་གྱི་བཞི་མདོར་བརྐོས་ནས་དེ་བཞིན་དུ་རྐང་པ་ལ་ཕུར་བུས་གདབ་པར་བྱའོ། །འགྲོ་བ་དང་འོང་བ་རེངས་པར་བྱེད་དོ། །ལྷ་སྦྱིན་གྱི་རྐང་པ་ལ་ཀཱི་ལ་ཡ་ཞེས་སྦྱར་བར་བྱའོ། །སྙིང་ལ་ཕུར་བུས་བཏབ་ན་ཁྲོས་པ་རེངས་པར་འགྱུར་རོ། །ལྷ་སྦྱིན་གྱི་ཧྲྀ་ད་ཡཾ་ཀཱི་ལ་ཡ་ཞེས་སྦྱར་བར་བྱའོ། །མིའི་རུས་པའི་ཕུར་བུའམ་ལྕགས་ཀྱི་ཕུར་བུའམ། མཚོན་སྦལ་གྱི་ཚེར་མས་འགའ་ཞིག་གི་ཡན་ལག་ལ་ཕུར་བུས་བཏབ་ན་དེ་དང་དེའི་ཕུར་བུས་བཏབ་པ་དེ་ཟུག་རྔུ་ཆེན་པོར་འགྱུར་རོ། །ལྷ་སྦྱིན་གྱི་ཡན་ལག་ཆེ་གེ་མོ་ལ་ཀཱི་ལ་ཡ་ཞེས་སྦྱར་བར་བྱའོ། །གང་གིས་ཁང་པའི་སྒོ་རུ་བརྐོས་ནས་སྦས་ན་དེ་སྐྲོད་པར་བྱེད་དོ། །ལྷ་སྦྱིན་བསྐྲད་པར་གྱིས་ཤིག་ཅེས་སྦྱར་བར་བྱའོ། །དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་བསྔགས་ནས་སྒོ་གླེགས་ལ་གཏོར་ན་སྐྲོད་པར་བྱེད་དོ། །ལྷ་སྦྱིན་ཨུཙྪཱ་ཊ་ཡ་ཞེས་སྦྱར་བར་བྱའོ། །གཟུགས་བརྙན་ལ་ཚེར་མས་བཏབ་ནས་བཟླས་པར་བྱའོ། །ལྷ་སྦྱིན་མཱ་ར་ཡ། ཞེས་སྦྱར་ན་འཆི་བར་བྱེད་དོ། །རལ་གྲི་ལ་སོགས་པ་ལ་རང་གི་སྔགས་ཀྱིས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་གཡུལ་དུ་འཇུག་པར་བྱས་ན་རྒྱལ་བར་འགྱུར་རོ། །གང་བྱ་


DKG080_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱོགས་སུ་གཏོར་མ་བྱིན་པས་དེ་འགྲུབ་བོ། །སྡིག་པའི་ནད་ལ་སོགས་པ་ལ་རྨ་བྱའི་སྒྲོ་ལ་རང་གི་སྔགས་ཀྱིས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་བྱ་བ་པར་བྱའོ། །ཆེ་གེ་མོའི་ཆེ་གེ་རོ་ག་ནཱ་ཤ་ཡ་ཞེས་སྦྱར་བར་བྱའོ། །ནད་ཐམས་ཅད་ཞི་བར་འགྱུར་རོ། །དེ་བཞིན་དུ་མཆེ་བའི་དུག་ལ་སྦྱར་བར་བྱ་སྟེ། ལག་པའི་མཐིལ་གཉིས་སུའོ། །ལྷ་སྦྱིན་གྱི་བི་ཥ་ནཱ་ཤ་ཡ་ཞེས་སྦྱར་བར་བྱའོ། །དུག་མེད་པར་འགྱུར་རོ། །དེ་བཞིན་དུ་གང་གི་དབང་དུ་བྱ་བ་ལ་ནི་རང་གི་གནས་ནས་འོངས་ཏེ་གཅེར་བུ་སྐྲ་གྲོལ་བ་མདུན་དུ་བསམས་ཏེ་འགྱེལ་བར་བལྟས་ནས་བཟླས་པས་དབང་དུ་འགྱུར་རོ། །ཆེ་གེ་མོ་བདག་གི་བ་ཤ་མཱ་ན་ཡ་ཞེས་སྦྱར་བར་བྱའོ། །དེ་བཞིན་དུ་སྔོན་མ་བཞིན་དུ་དགུག་པར་བསམས་ནས་བཟླས་པས་འགུགས་པར་བྱེད་དོ། །ཆེ་གེ་མོ་ཨཱ་ཀ། བདག་ཉིད་ཀྱི་ནོར་དང་འབྲུ་དང་གཏེར་ལ་སོགས་པ་ཡོངས་སུ་གང་བར་བསམས་ནས་བཟླས་པར་བྱའོ། །བདག་ལ་པུཥྚིཾ་ཀུ་རུ་ཞེས་སྦྱར་བར་བྱའོ། །རྒྱས་པར་འགྱུར་རོ། །སྔགས་འདིས་གྲུ་གསུམ་གཉིས་ཁ་སྦྱར་ཏེ། དབུས་སུ་གོ་ལའི་འདབ་མ་ལ་ཚེར་མས་བྲིས་ཏེ། །ཕོ་བ་རིས་ལྔ་དང་བཅས་པའི་གོ་ལ་ཟོས་ནས། རིམས་ཐམས་ཅད་འཇོམས་པར་བྱེད་དོ། །སརྦ་ཛྭ་རྃ་ནཱ་ཤ་ཡ་ཞེས་སྦྱར་བར་བྱའོ། །ཟླ་བ་གཟས་བཟུང་བའམ། ཉི་མ་གཟས་བཟུང་བ་ལ། འོ་མའི་ཟན་ནམ་ཞོའི་ཟན་གྱིས་ལྷུང་བཟེད་བཀང་ནས། ཀ་ར་དང་མར་དང་བཅས་པ། ཨ་ཤྭད་ཐའི་ལོ་མ་བདུན་གྱི་སྟེང་དུ་བཞག་ནས། ལོ་མ་བདུན་གྱིས་སྟེང་ནས་གཡོགས་ཏེ། ལག་པ་གཉིས་ཀྱིས་བརྟེན་ནས། ཇི་སྲིད་མ་གྲོལ་གྱི་བར་དེ་སྲིད་བཟླས་པར་བྱའོ། །དེ་ཟོས་པས་ལོ་ལྔ་བརྒྱ་ཐུབ་བོ། །རིམ་པ་འདི་ཉིད་ཀྱིས་བ་བླའམ། གི་ཝང་ངམ། ལྡོང་རོས་སམ། སླང་དྲེག་ལ་བསྒྲུབ་པར་བྱའོ། །འབར་བར་གྱུར་ན་ཐིག་ལེ་འམ། །མིག་སྨན་གྱི་རིག་པ་འཛིན་པར་འགྱུར་རོ། །དུ་བ་བྱུང་ན་མི་སྣང་བར་འགྱུར་རོ། །དྲོ་བར་གྱུར་ན་དབང་དུ་བྱེད་དོ། །ཡང་ན་ནཱ་ག་གེ་སར་གྱི་ཤིང་གི་རང་བཞིན་ལ་ཀླུའི་རྒྱལ་པོ་མཐའ་ཡས་བྱའོ། །དེ་ཆུའི་ནང་དུ་ཁ་ཐུར་དུ་བསྟན་ནས། གདོང་ནམ་མཁར་བལྟས་ནས་བཟླས་པ་བྱའོ། །ཧན་ཧན་ཨ་


DKG080_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ནནྟཾ་ཤཱི་བྷཾ་པརྵཱེ་པ་ཡ་ཞེས་སྦྱར་བར་བྱའོ། ལྷ་ཡིས་ཆར་འབེབས་སོ། །དེ་ནས་མཐའ་ཡས་ཆུ་ནས་བཏོན་ཏེ། འོ་མ་ཡིས་ཁྲུས་བྱས་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་སྤྲིན་ལ་རྣམ་པར་བལྟས་ནས་བཟླས་པར་བྱའོ། །ཆར་རེངས་པར་འགྱུར་རོ། །སརྦ་བཱ་ཏ་བྲྀཥྚི་སྟམྦྷ་ཡ་ཞེས་སྦྱར་བར་བྱའོ། །ཞེས་པ་ནི་ཕྱེད་དང་བཅས་པའི་ཡི་གེ་བཅུའི་སྔགས་སོ། །དེ་བཞིན་དུ་གཉིས་པ་དང་གསུམ་པའི་རྩ་བའི་སྔགས་དག་གི་ཆོ་ག་དང་། སྙིང་པོའི་སྔགས་ཀྱི་ཡང་ཆོ་ག་འདི་ཉིད་དོ། །དང་པོར་ཕྲེང་བའི་སྔགས་ཀེ་ཏ་ཀིའི་ལོ་མ་ལ་ཚེར་མས་བྲིས་ནས། གོས་སྔོན་པོ་དང་སྐུད་པ་དག་གིས་དཀྲིས་ནས་མགོ་བོའམ། དཔུང་པའམ། མགུལ་པའི་རྒྱབ་བམ། གཡོན་པར་བཅིང་བར་བྱའོ། །ཀྲོ་དྷ་ཙེ་ཏཾ་སཱཾ་ཆེ་གེ་མོ་ཛྭ་རྃ་ནཱ་ཤ་ཡ་ཞེས་པ་འདི་བྱས་པས་རིམས་ཐམས་ཅད་འཇོམས་པར་བྱེད་དོ། །འཆིང་བའི་དུས་སུ་ནད་པ་གདོང་ཤར་དུ་ཕྱོགས་པར་བྱས་ནས། ཉ་བསྲེགས་པ་དང་ཟན་དང་ཆང་ལ་སོགས་པས་གང་བའི་ཁམ་ཕོར་གྱིས་སྦྱངས་ནས། འདི་ཟོལ་རིམས་ལ་སོགས་པ་ཐམས་ཅད་མྱུར་དུ་ཕྱིར་དེངས་ཤིག། བཅོམ་ལྡན་འདས་ཁྲོ་བོ་གཏུམ་པོ་ཆེན་པོའི་བཀའ་འདི་ཉིད་ཀྱིས་སོང་ཤིག། གལ་ཏེ་ན་ཡང་གཞན་དུ་མི་འགྲོ་ན། དེའི་ཚེ་བཅོམ་ལྡན་འདས་གཏུམ་པོ་ཁྲོས་པའི་རལ་གྲིས་ཏིལ་གྱི་ཚད་ཙམ་དུ་གཏུབ་པར་བྱའོ་ཞེས་བརྗོད་ནས། བདེན་བྲལ་གྱི་མཚམས་སུ་གཏང་བར་བྱའོ། །དེ་ནས་བདེ་བར་འགྱུར་རོ། །དེ་བཞིན་དུ་ནད་དང་མཁའ་འགྲོ་མ་དང་། བར་དུ་གཅོད་པ་ཐམས་ཅད་ལ་གཏོར་མ་སྦྱིན་པར་བྱའོ། །འཇིགས་པ་ཐམས་ཅད་ལ་བཀླགས་པ་ཙམ་གྱིས་སྲུང་བར་བྱེད་དོ། །གཞན་ཡང་རྩ་བའི་སྔགས་བརྗོད་པས་ཐམས་ཅད་བྱེད་དོ། །ཕྲེང་བའི་སྔགས་གཉིས་པ་ལ་ཡང་ཆོ་ག་འདི་ཉིད་དོ། །ཕྲེང་བའི་སྔགས་གསུམ་པས་ལྷག་མའི་ཆང་བུ་ལ་མངོན་པར་བསྔགས་ནས་སྦྱིན་པར་བྱའོ། །མཆོག་སྟེར་བར་འགྱུར་རོ། །ཟན་གྱི་ཕུང་པོ་ལ་མངོན་པར་བསྔགས་ནས། ཕྱི་དྲོའི་དུས་སུ་དབེན་པའི་ཕྱོགས་སུ་སྦྱིན་པར་བྱའོ། །བྱ་བ་གང་གི་ཕྱོགས་ལ་དེས་ཐམས་ཅད་འགྲུབ་བོ། །ཆོ་ག་ལྷག་མ་ནི་སྔོན་མ་བཞིན་ནོ། །ཆོ་ག་སྔོན་མ་བཞིན་དུ་


DKG080_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་ཉ་གང་བའི་བར་སྔོན་བཞིན་དུ་བྱའོ། །ཕྲེང་བའི་སྔགས་རྣམས་ཀྱི་སྟོང་ཕྲག་བཅུས་སྔོན་དུ་བསྙེན་པ་བྱའོ། །ལྷ་རྣམས་ཀྱི་བྱེ་བྲག་གི་སྔགས་རྣམས་རྩ་བའི་སྔགས་ཀྱི་ཆོ་ག་བཞིན་དུའོ། །བཅོམ་ལྡན་འདས་ཀྱི་སྔགས་ཀྱིས་ཆོ་ག་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་ལྷ་མོ་རྣམས་ཀྱིའོ། །ཁྱད་པར་དུ་ཕྲེང་བའི་སྔགས་བཟླས་པས། སྙན་དངགས་མཁན་དང་པཎྜི་ཏ་ཉིད་དུ་མྱུར་དུ་འགྱུར་རོ། །རྩ་བའི་སྔགས་གསུམ་པའི་ཆོ་གའོ། །མལ་གྱི་སྟེང་དུ་ལག་པ་གཡོན་པས་ལིང་ག་བཟུང་ནས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །གང་གི་མིང་གང་ཡིན་པ་དེ་འོང་བར་བྱེད་དེ་འདོད་པར་བྱའོ། །སྔགས་ནི། ཨོཾ་བཽ་ཧ་རི་ཆེ་གེ་མོ་མེ་ཨཱ་ཡཱ་ཏུ་ཧཱུྃ་ཕཊ། བཙག་གིས་བྷ་ག་ལ་ཀུན་ནས་བྱུགས་ནས། ས་ལ་ལག་པ་གཡོན་པས་བརྟེན་ནས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །གང་གི་མིང་ཡིན་པ་དེ་འོང་བར་འགྱུར་རོ། །ཡུངས་ཀར་ལ་ལན་བདུན་དུ་མངོན་པར་བསྔགས་ནས་སྐྱེས་བུ་ལ་བསྣུན་པར་བྱའོ། །ནད་དང་བྲལ་བར་འགྱུར་རོ། །ཡིད་ཀྱིས་བརྟག་པར་བྱའོ། །ཆུ་ལ་ཡོངས་སུ་བཟླས་ནས་བསྣུན་ན་ཁྲག་འཛག་པར་འགྱུར་རོ། །གོས་ལ་ཡོངས་སུ་བཟླས་ནས་བསྣུན་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ལན་ཚྭ་ལ་ཡོངས་སུ་བཟླས་ནས་གང་གི་རྐང་པའི་སེན་མོ་ལ་བྱིན་ན་དེ་དབང་དུ་བྱེད་དོ། །བ་ལང་གི་སྤུའི་ཐག་པ་སྔགས་ཀྱིས་མངོན་པར་བསྔགས་ནས་གང་གི་མགུལ་དུ་བཅིངས་པ་དེ་བ་ལང་དུ་འགྱུར་རོ། །ཉི་མ་ལ་མངོན་པར་ཕྱོགས་ནས་གང་གི་མིང་ནས་མངོན་པར་བཟླས་པ་དེ་འོང་བར་འགྱུར་རོ། །ཞུམ་བུའི་སྤུའི་ཐག་པ་གང་གི་མགུལ་པར་བཅིངས་པ་དེ་ཞུམ་བུར་འགྱུར་རོ། །བྱ་རོག་གི་རྒྱུས་པའི་སྲད་བུས་བྱ་རོག་ཏུ་འགྱུར་རོ། །སྐྱེས་བུའི་སྐྲའི་སྲད་བུས་སྐྱེས་བུར་འགྱུར་རོ། །བུད་མེད་ཀྱི་སྐྲའི་སྲད་བུས་བུད་མེད་དུ་འགྱུར་རོ། །དེ་བཞིན་དུ་གང་དང་གང་གི་སྤུ་ལ་སོགས་པའི་སྲད་བུས་བྱས་པས་དེ་དང་དེའི་གཟུགས་ཉིད་དུ་འགྱུར་རོ། །གང་གི་མིང་གིས་བཟླས་ན་དེའི་ཁྲག་འགུགས་སོ། །མིག་མི་འཛུམས་པར་བལྟ་ཞིང་འདི་བཟླས་པས་དེ་དབང་དུ་འགྱུར་རོ། །ཞེས་པ་ནི་ལྷ་མོའི་སྔགས་


DKG080_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོ་གའོ། །གཏོར་མའི་སྔགས་ཀྱིས་གཏོར་མ་དབུལ་བར་བྱའོ། །ནད་དང་བགེགས་ལ་སོགས་པའི་བར་དུ་གཅོད་པ་ཐམས་ཅད་ཞི་བར་འགྱུར་རོ། །གཏོར་མ་ཕུལ་ནས་བྱ་བ་གང་ལ་ཞུགས་ན། དེ་འགྲུབ་པར་འགྱུར་རོ། །མེ་ཏོག་དཀར་པོའི་ཁམ་ཕོར་དང་། འོ་མའི་ཁམ་ཕོར་དང་། དྲི་བཟངས་ཀྱི་ཆུའི་ཁམ་ཕོར་དང་། ཞོ་ཟན་གྱི་ཁམ་ཕོར་ཏེ། ཁམ་ཕོར་བཞི་པོ་འདི་རྣམས་ཤིང་ཐོག་དང་ཉེ་བའི་ཤིང་ཐོག་གིས་རབ་ཏུ་ཞི་བའི་མཚན་མོ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨི་མྃ་བ་ལིཾ་གྲྀཧྞ་གྲྀཧྞ་བདག་གི་བྱ་བ་ཆེ་གེ་མོ་སྒྲུབས་ཤིག་ཧཱུྃ་ཕཊ། ཅེས་པ་བརྒྱ་རྩ་བརྒྱད་བསྔགས་ནས་དབེན་པའི་ཕྱོགས་སུ་བསྒྲུབས་པས་དེའི་མངོན་པར་འདོད་པ་འགྲུབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས། ཚ་བའི་མར་ནག་གིས་སྦྲུམ་མའི་བྷ་གའི་ནང་དུ་མཉེ་བར་བྱའོ། །འཐུངས་ན་ཡང་རབ་ཏུ་བདེ་བ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་འདིས་རྨ་ལ་བྱུགས་ན་ཡང་བདེ་བར་འགྱུར་རོ། །ཟོས་པས་ཀྱང་ཐམས་ཅད་དུའོ། །དང་པོར་ཕྲེང་བའི་སྔགས་ཀྱིས་གྲོ་ག་ལ་ཆུ་སྐྱེས་འདབ་མ་བཅུ་དྲུག་པའི་དབུས་སུ་བྲི་བར་བྱའོ། །སྲད་བུ་སྔོན་པོས་དཀྲིས་ནས་ལུས་ལ་བཅིངས་ན་ཐམས་ཅད་དུ་བསྲུང་བར་འགྱུར་རོ། །གི་ཝང་ངམ་རྒྱ་སྐྱེགས་ཀྱིས་བྲི་བར་བྱའོ། །འདི་ནི་གཉིས་པའོ། །དེ་བཞིན་དུ་རྒྱུད་གཞན་དུ་གསུངས་པའི་ཆོ་ག་ཡང་འདི་ཉིད་ཀྱི་སྦྱོར་བས་སྦྱར་བར་བྱའོ། །རྣལ་འབྱོར་པས་བསྒོམས་པའི་མཐུ་ཡིས་དེ་བཞིན་དུ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས། སྔགས་ཀྱི་ཆོ་ག་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་མས་གསོལ་པ། རྣལ་འབྱོར་སྡོམ་པས་གང་གིས་གཞག། སྤྱོད་པའི་ཚུལ་ཡང་ཅི་འདྲ་ཞིག། གང་གིས་དངོས་གྲུབ་ལེགས་པར་འཐོབ། །བྱ་བ་ཁྱབ་བདག་གསུང་བར་མཛོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སངས་རྒྱས་བསྟན་པ་སུན་འབྱིན་པའི། །ངེས་པར་གདུག་ཅན་གསད་པར་བྱ། །དེ་རྣམས་ཉིད་ཀྱི་ནོར་བླངས་ནས། །སེམས་ཅན་རྣམས་ལ་ཕན་ཕྱིར་


DKG080_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད། །ཡུགས་ས་མོ་ཀུན་ངེས་པར་བསྟེན། །གཞན་ཡང་མ་དང་བུ་མོ་དང་། །ཤ་དང་ཉ་ཤ་བཟའ་བར་བྱ། །མཉམ་བཞག་ནས་ནི་ཆང་ནི་བཏུང་། །རང་གཞན་ངག་གི་བརྫུན་དང་ནི། །ཉེས་པ་དེ་བཅབ་བསམ་གཏན་མཆོག། བདག་ཉིད་རྣམ་པར་མི་རྟོག་བསླབ། །སྦས་པ་རབ་སྦྱོར་ཉིད་ལས་འགྲུབ། །གང་གང་སྡིག་པ་དེ་ཉིད་ཀྱིས། །སེམས་ཅན་རྣམས་ནི་འོག་ཏུ་འགྲོ། །དེ་དང་དེ་ཡི་ཐབས་ཀྱིས་ནི། །རྣལ་འབྱོར་མྱུར་དུ་དངོས་གྲུབ་མཆོག། དེ་ནས་བཅོམ་ལྡན་འདས་མ་ཞེ་སྡང་རྡོ་རྗེ་མས་བཅོམ་ལྡན་འདས་ལ་འདི་ཉིད་གསོལ་ཏོ། །བཅོམ་ལྡན་འདས་ཁྱོད་ཀྱིས་ཇི་ལྟར་སྡོམ་པ་ཕྱིན་ཅི་ལོག་ཏུ་གསུངས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མེས་ཚིག་པ་ལ་མེ་ཡིས་བདུག། འདོད་ཆགས་ཀྱིས་བསྣུན་འདོད་ཆགས་ཀྱིས། །དུག་གིས་བསྣུན་ལ་དུག་ཉིད་ཀྱིས། །ཐབས་ནི་རབ་ཏུ་སྦྱོར་ལས་སོ། །འགྲོ་བ་རང་བཞིན་མེད་བསྒོམས་ནས། །བདག་གི་དངོས་གྲུབ་ཅེས་བསྒོམ་པ། །ཤིན་ཏུ་སྦས་པ་ཀུན་ནས་སྤྱད། །སུས་ཀྱང་ཇི་ལྟར་མི་ཤེས་བྱ། །སྡིག་པ་ཐམས་ཅད་ཟད་བྱས་ནས། །ཕྱིན་ཅི་ལོག་གིས་འདི་ཉིད་འགྲུབ། །རྣལ་འབྱོར་དེ་ཉིད་གཅིག་སྦྱོར་མཆོག། གང་ཞིག་སྦེད་པར་མི་བྱེད་ན། །སྡོམ་པ་ཕྱིན་ཅི་ལོག་འདི་ཡི། །དེ་ཡི་དངོས་གྲུབ་ཡོད་མ་ཡིན། །སྡིག་པ་མེད་ཅིང་བསོད་ནམས་མེད། །རང་བཞིན་མེད་པའི་རང་བཞིན་ལས། །འཇིག་རྟེན་འཕྱ་བ་བསལ་བའི་ཕྱིར། །བདག་གིས་གསལ་བོར་མ་བྱས་སོ། །ད་ནི་བདེན་པར་གསུང་མཛད་པ། །གཏུམ་པོའི་ཚུལ་གྱིས་དགའ་མ་ཀྱེ། །རྣལ་འབྱོར་འཇིག་རྟེན་གཞུག་པའི་ཕྱིར། །སེམས་ཅན་ཀུན་གྱི་དོན་རྒྱུད་རྣམས། །རབ་གསལ་སྡོམ་པ་བཤད་པ་ཡིས། །ད་ནི་དགའ་མ་ཁྱོད་ཉོན་ཅིག། སྲོག་ཆགས་གསད་པར་མི་བྱ་ཞིང་། །ཕ་རོལ་ནོར་ནི་འཕྲོག་མི་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །བློ་ལྡན་ཆང་ནི་བཏུང་མི་བྱ། །འཇིག་རྟེན་སྨོད་པ་སྤང་བར་བྱ། །རབ་གསལ་བསླབ་པའི་གནས་འདི་ནི། །གུས་པ་དང་བཅས་སྤྱད་པར་བྱ། །ད་ནི་སྡོམ་པའི་ཚུལ་གསུངས་པ། །འདི་ཡི་སྤྱོད་པ་བཤད་པར་བྱ། །མགོ་བོ་ལ་ནི་དབུ་རྒྱན་བྱ། །རྣ་


DKG080_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བ་དག་ལ་རྣ་རྒྱན་ནོ། །དེ་བཞིན་རང་ལུས་ཉིད་ལ་ནི། །སྣ་ཚོགས་རྒྱན་གྱིས་བརྒྱན་པར་བྱ། །རྐང་པ་དག་ལ་རྐང་གདུབ་བོ། །དེ་བཞིན་རྐེད་པ་རྐེད་རྒྱན་ནོ། །དེ་བཞིན་ལག་གཡས་རལ་གྲི་དང་། །གཡོན་དུ་ཞགས་པ་གཟུང་བར་བྱ། །སངས་རྒྱས་ལྔ་ནི་རབ་སྦྱོར་བས། །མགོ་བོ་དབུ་རྒྱན་ཕྱག་རྒྱ་བྱ། །ཟུར་ཕུད་ལྔ་ཡིས་བརྒྱན་བྱས་ནས། །སྐྲ་དང་ཁ་སྤུ་བྲེག་པར་བྱ། །ལོ་ནི་བཅུ་གཉིས་གསང་སྤྱོད་བྱ། །ཚེ་ཕྱེད་ཀུན་ནས་ཡང་དག་སྤྱད། །སྔོན་གསུངས་རིགས་ཀྱི་དབྱེ་བ་ཡིས། །གཞོན་ནུ་མ་རྣམས་རབ་ཏུ་བརྟག། བུ་མོ་ལ་འོས་རྒྱན་གྱིས་ནི། །རྟག་ཏུ་ཡང་ནི་བརྒྱན་པར་བྱ། །གཡས་པར་གྲི་གུག་སྦྱིན་བྱ་ཞིང་། །གཡོན་པ་རུ་ཡང་ཀ་པཱ་ལ། །རིགས་ཀྱི་དབྱེ་བས་ངེས་པར་བྱ། །ཁ་དོག་དབྱེ་བས་ལུས་ལའོ། །རང་རིགས་ཤེས་རབ་གཟུང་བྱས་ནས། །ཡང་ན་གཞན་རིགས་མཉམ་བཞག་ནས། །རང་འདོད་ཡང་དག་བཟུང་ནས་ནི། །སྤྱོད་པ་འདི་ནི་ཡང་དག་བརྩམ། །རིན་ཆེན་ལ་སོགས་མེད་གྱུར་ན། །རྫས་ལ་སོགས་པ་སྤྲུལ་པས་སོ། །གལ་ཏེ་རབ་འཇུག་མ་རྙེད་ན། །ཡང་ན་སེམས་ཀྱིས་བསྒྲུབ་པར་བྱ། །རིགས་ལྔའི་རབ་ཏུ་དབྱེ་བ་ལས། །དམ་ཚིག་ལྔ་ལ་སྤྱད་པར་བྱ། །དེ་ནི་སྔོན་གསུངས་སྦྱོར་བ་ཡིས། །ཕན་ཚུན་གཉིས་གཉིས་བརྩམ་པར་བྱ། །འདིར་ནི་བྱ་བ་གཞན་མི་བརྩམ། །རྣམ་ཀུན་རྣལ་འབྱོར་དངོས་གྲུབ་ཐོབ། །ཐབས་དང་ཤེས་རབ་མཉམ་སྦྱོར་བས། །ཡིག་གསུམ་སེན་མོ་སྦྱིན་པར་བྱ། །འོ་དང་འཁྱུད་པ་ཉིད་དང་ནི། །ཀུན་གྱི་ནོར་ནི་ཁུ་བ་ཉིད། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་པར། །དེ་ཉིད་ཐེ་ཚོམ་མེད་པར་འགྱུར། །ལུས་ངག་ཡིད་ནི་དེ་མཆོག་ཏུ། །བདེ་བས་ཡང་དག་སྡོམ་པ་ནི། །ཚུལ་ཁྲིམས་ཕ་རོལ་ཕྱིན་ཞེས་བྱ། །སེན་མོ་གདབ་པ་བཟོད་པ་ཡིས། །ཡི་གེ་གསུམ་གྱིས་བཅིར་བ་ཉིད། །འདི་ནི་བཟོད་པའི་ཕ་རོལ་ཕྱིན། །གུས་པ་དང་བཅས་དུས་རིང་དུ། །ཤིན་ཏུ་བདེ་བས་མཉམ་གནས་བྱ། །བརྩོན་འགྲུས་ཕ་རོལ་ཕྱིན་ཞེས་བྱ། །སེམས་ཉིད་བདེ་བ་དེ་སྦྱོར་ལས། །དངོས་པོ་ཀུན་གྱི་གཟུགས་ཀྱིས་ནི། །བསམ་གཏན་ཕ་རོལ་ཕྱིན་པར་འདོད། །བུད་མེད་ཚུལ་


DKG080_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྒོམ་པ་ཉིད། །ཤེས་རབ་ཕ་རོལ་ཕྱིན་མར་གྲགས། །ཤིན་ཏུ་དགའ་ཅིག་སྦྱོར་ཙམ་གྱིས། །ཕ་རོལ་ཕྱིན་པ་དྲུག་རྫོགས་འགྱུར། །ཕ་རོལ་ཕྱིན་ལྔ་བསོད་ནམས་དང་། །ཤེས་རབ་ཡེ་ཤེས་ཞེས་བྱར་གསུངས། །ཤིན་ཏུ་དགའ་སྦྱོར་མཚུངས་ལྡན་པ། །རྣལ་འབྱོར་པ་ཡི་ཚོགས་གསུམ་འགྱུར། །བསོད་ནམས་ཡེ་ཤེས་དང་ལྡན་ན། །སྐད་ཅིག་ཙམ་གྱིས་འགྲུབ་པར་འགྱུར། །དཔེར་ན་འཁྲི་ཤིང་ལས་བྱུང་བའི། །མེ་ཏོག་འབྲས་བུ་དང་ལྡན་ལྟར། །སྐད་ཅིག་གཅིག་གིས་རྫོགས་བྱང་ཆུབ། །ཚོགས་གཉིས་ལས་ནི་ཡང་དག་བྱུང་། །ས་ནི་བཅུ་གསུམ་དབང་ཕྱུག་ཏུ། །དེ་ནི་ཐེ་ཚོམ་མེད་པར་འགྱུར། །ས་ནི་རབ་དགའ་ཞེས་བྱ་དང་། །དྲི་མེད་དེ་བཞིན་འོད་བྱེད་དང་། །འོད་འཕྲོ་བ་དང་སྦྱང་དཀའ་དང་། །མངོན་གྱུར་རིང་གྱུར་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །ཀུན་དུ་འོད་དང་དེ་བཞིན་དུ། །དཔེ་མེད་པ་དང་ཡེ་ཤེས་སྤྱན། །བཅུ་གསུམ་ཞེས་བྱ་འདི་རྣམས་སོ། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས་སྤྱོད་པའི་རིམ་པར་ཕྱེ་བ་སྟེ་བཅུ་གསུམ་པའོ།། །།དེ་ནས་འཁོར་དེར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་རྡོ་རྗེ་རྣལ་འབྱོར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་ཕྱིར་མི་གཡོ་བ་ཞེས་བྱ། །དཔའ་བོ་གཅིག་ཉིད་ཅེས་བྱ་དང་། །ཁྲོ་ཆེན་གཏུམ་པོ་ཞེས་པ་ཡང་། །མགོན་པོ་ལ་ནི་བདག་ཞུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐབས་དང་ཤེས་རབ་མཉམ་སྦྱོར་བས། །བདེ་བ་མི་གཡོའི་གཟུགས་ཉིད་ནི། །ཐབས་དང་ཤེས་རབ་བདག་ཉིད་ཅན། །དེ་ཡང་ཆགས་བྲལ་གྱིས་མི་གཡོ། །དེ་ཉིད་ཕྱིར་ན་མི་གཡོར་གྲགས། །རྡོ་རྗེ་སེམས་དཔའི་རང་བཞིན་ཅན། །ཞལ་གཅིག་ཕྱག་གཉིས་ཞི་བ་སྟེ། །སྡིག་པ་དང་བྲལ་དྲི་མེད་ཡིད། །རལ་གྲི་ཞགས་པའི་ཕྱག་དག་ནི། །ཤེས་རབ་མར་འཁྱུད་དེ་མཆོག་གོ། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། །པདྨ་ཟླ་བ་ཉི་གནས་ལ། །ཀུན་ནས་འཁོར་བར་གནས་པ་ཡིན། །ལྷ་ཡི་བདེ་བས་ཤིན་ཏུ་


DKG080_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །དེ་ཕྱིར་འདི་ནི་མི་གཡོར་གསུངས། །སངས་རྒྱས་ཀུན་གྱིས་བསྟན་པ་སྟེ། །མི་གཡོ་བ་ཡི་མཐུ་ཉིད་ཀྱིས། །དུས་གསུམ་རྒྱལ་བ་ཀུན་གྱིས་ནི། སེམས་ཅན་དོན་ནི་མཛད་པའི་ཕྱིར། །སྒྲུབ་བྱེད་ཉེ་བར་མཚོན་པའོ། །དེ་ནས་ཀུན་ཏུ་བཟང་པོས་གསོལ་པ། ཨ་ཡིག་གིས་ནི་ཅི་ཞིག་བསྟན། །ཙ་ཡིག་གིས་ནི་ཅི་ཞིག་བརྗོད། །ལ་ཡིག་ཀྱང་ནི་ཅི་ལ་བརྗོད། །ཇི་ལྟར་མིང་ནི་ཡང་དག་བསྡུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨ་ཡིག་ལྷན་ཅིག་སྐྱེས་པའི་ཚུལ། །དངོས་མེད་ངོ་བོ་ཉིད་དུ་གསུངས། །ཙ་ཡིག་དགའ་དང་མཆོག་དགའ་དང་། །ཁྱད་པར་དགའ་བ་ཉིད་དང་ནི། །ལྷན་ཅིག་སྐྱེས་དགའ་ཞེས་བྱ་བའི། །དགའ་བ་བཞི་ཡི་རང་བཞིན་གསུངས། །ལ་ཡིག་ལ་ལ་ན་རུ་རོལ། །ཤིན་ཏུ་བདེ་བར་གསུངས་པའོ། །ཨ་ཡིག་གིས་ནི་ཤེས་རབ་བརྗོད། །ཙ་ཡིག་གིས་ནི་ཐབས་སུ་བཤད། །ཐབས་དང་ཤེས་རབ་གཅིག་སྦྱོར་བས། །ལ་ཡིག་བདེ་བའི་ལཀྵ་ཎྃ། །དེ་ཉིད་དཔའ་བོ་གཅིག་པ་ཉིད། །གཅིག་ཕྱིར་གཅིག་པ་ཉིད་དུ་གསུངས། །ཆགས་བྲལ་འཇོམས་ཕྱིར་དཔའ་བོ་སྟེ། །དཔའ་བོ་གཅིག་པ་ཞེས་གསུངས་སོ། །གཏུམ་པོ་འདི་ནི་ཤིན་ཏུ་རྣོ། །དེ་ནི་ཁྲོ་བོ་ཆེན་པོར་གསུངས། །ཁྲོ་བོར་ཤེས་བྱ་རོ་ཥ་ཎ། །བདུད་ཀུན་རྣམ་པར་འཇོམས་པར་བྱེད། །ཆགས་བྲལ་ཙཎྜ་ཞེས་བྱའོ། །ཤིན་ཏུ་ཆགས་ཆེན་བདུད་སོགས་ལས། །དེ་ལ་ཁྲོ་བོ་རོ་ཥ་ཎས། །གདུལ་དཀའ་ཆགས་བྲལ་དགྲ་བོ་ལ། །གཡོན་པའི་ལོང་བུས་མནན་པར་བྱ། །ཚངས་པའི་ཚིག་ལ་མཉམ་གནས་ནས། །ཁྲོ་བོའི་མཆེ་བས་མཆུ་བསྡམ་བྱ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པས། །འབད་པས་ཤེས་རབ་ལ་འཁྱུད་བྱ། །ཆགས་བྲལ་ཀུན་ནས་གཞོམ་བྱས་ནས། །དངོས་གྲུབ་སངས་རྒྱས་ཐོབ་པར་འགྱུར། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས། ཨ་ཙ་ལའི་དོན་གྱི་རིམ་པར་ཕྱེ་བ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་མ་ཞེ་སྡང་རྡོ་རྗེ་མས་གསོལ་པ། དཔའ་བོ་གཅིག་པ་ཇི་ལྟར་འགྲུབ། །དབང་ཕྱུག་མཆོག་གིས་


DKG080_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨ་ཡིག་ལས་སྦྱོར་སྐད་ཅིག་གིས། །མི་གཡོ་ནག་པོར་བསྒོམ་པར་བྱ། །དེ་ཉིད་བརྟན་པའི་སྟོབས་ཉིད་ལས། །རྣལ་འབྱོར་སངས་རྒྱས་ཐེ་ཚོམ་མེད། །མི་གཡོ་དཀར་པོ་བསྒོམ་པ་དང་། །ཡང་ན་སེར་པོའམ་དམར་པོ་འམ། །ཡང་ན་ལྗང་གུ་བསྒོམ་བྱས་ནས། །ཞེ་སྡང་རྡོ་རྗེ་མ་སོགས་ལྡན། །དབུས་སུ་མི་གཡོ་ལྔ་རྣམས་ཀྱིས། །བཟུང་ནས་གཅིག་ཏུ་རྣམ་པར་བསྒོམ། །ཤེས་རབ་དེ་ཡི་རིགས་ཅན་མ། །ཡང་ན་གཞན་ཡང་བསྒོམ་པར་བྱ། །དེ་ཡི་སྦྱོར་བས་རྣལ་འབྱོར་པས། །མྱུར་དུ་དངོས་གྲུབ་ཐེ་ཚོམ་མེད། །ཡང་ན་ཤེས་རབ་དང་བྲལ་བའི། །ཤིན་ཏུ་མཉམ་གཞག་བསྒོམ་པར་བྱ། །མི་གཡོ་བསྒོམ་པ་ཡོངས་རྫོགས་ན། །བྱང་ཆུབ་རྒྱལ་སྲིད་ཡང་དག་འཐོབ། །དེ་ནས་བཅོམ་ལྡན་འདས་མས་གསོལ་པ། ལྷ་ཡི་རྣམ་པར་དག་པ་གང་། །འདྲེན་པ་བདག་ནི་ཉན་པར་འཚལ། །སྔོན་དུ་གསུངས་ཉིད་དཀྱིལ་འཁོར་རྣམས། །གཙོ་བོ་བདག་ལ་རྣམ་དག་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཀུན་གྱི་སྦྱོང་བྱེད་པའི། །རྣམ་དག་བདག་གིས་རབ་བཤད་བྱ། །དེ་ལ་གྲུ་བཞི་པ་ནི་ཚད་མེད་པའི་གནས་བཞིའོ། །སྒོ་བཞི་ནི་བདེན་པ་བཞིའོ། །རྟ་བབས་བཞི་ནི་བསམ་གཏན་བཞིའོ། །ཀ་བ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །འཕར་མ་གཅིག་པ་ནི་སེམས་རྩེ་གཅིག་པ་ཉིད་དོ། །པདྨ་ནི་སྐྱེ་གནས་སོ། །ཁ་དོག་སྣ་ཚོགས་པ་ནི་སྤྲུལ་པ་སྣ་ཚོགས་པའོ། །ལྷ་དགུ་ནི་གསུང་རབ་ཡན་ལག་དགུའོ། །ཕྱོགས་དམར་པོ་ནི་འདོད་ཆགས་ཆེན་པོའོ། །མཚམས་སུ་དཀར་པོ་དང་། སེར་པོ་དང་། ལྗང་གུ་དང་། ནག་པོ་རྣམས་ནི་བྲམ་ཟེ་དང་། རྗེ་རིགས་དང་། རྒྱལ་རིགས་དང་། དམངས་རིགས་རྣམས་ཉིད་དོ། །ཟླ་བ་དང་ཉི་མ་ནི། ཁུ་བ་དང་། རྔུལ་ལོ། །དབུས་ཀྱི་རལ་གྲི་ནི་མི་གཡོ་བ་ནག་པོའི་མཚན་མའོ། །གྲི་གུག་ནི་ཞེ་སྡང་རྡོ་རྗེ་མའོ། །ཤར་ལ་སོགས་པའི་ཕྱོགས་རྣམས་ནི་མི་གཡོ་བ་དཀར་པོ་ལ་སོགས་


DKG080_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སོ། །མེ་ལ་སོགས་པའི་མཚམས་རྣམས་སུ་གཏི་མུག་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིའོ། །ཞེས་པ་ནི་དཀྱིལ་འཁོར་གྱི་རྣམ་པར་དག་པའོ། །བསྒོམ་པའི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། དང་པོ་མཆོད་པ་ནི། བསོད་ནམས་ཀྱི་ཚོགས་ཁྱད་པར་འཕགས་པའི་ལས་སོ། །སྟོང་པ་ཉིད་ནི་ཡེ་ཤེས་ཀྱི་ཚོགས་འཆི་བ་ཁྱད་པར་འཕགས་པ་དྲི་མ་མེད་པའི་ལུས་ཏེ། དྲི་ཟའི་ལུས་སོ། །གཞལ་ཡས་ཁང་གི་མཐར་ཐུག་པ་སངས་རྒྱས་ཀྱི་སའོ། །པདྨ་ནི་སྐྱེ་གནས་སོ། །ཟླ་བ་ཉི་མ་ནི་དཀར་དམར་རོ། །ཧཱུྃ་ཡིག་ནི་མ་དང་ཕའི་དབུས་སུ་དྲི་ཟའི་སེམས་སོ། །མ་བསྐྱོད་པ་ནི་ཕའོ། །མཱ་མ་ཀཱི་ནི་མའོ། །ཕན་ཚུན་དུ་རྗེས་སུ་ཆགས་པ་མཐོང་ནས་ཕ་ལ་རྣམ་པར་ཞེ་སྡང་ཞིང་། མ་ལ་རྗེས་སུ་ཆགས་ནས་གཏི་མུག་པས་སེམས་ཅན་བཞིན་དུ་འཇུག་གོ། །པདྨར་ཞུགས་པའི་བུ་ཡིས་ཕ་བསད་ནས་དེའི་གོ་འཕང་འཐོབ་པོ། །མ་བཟུང་ནས་སྐྱེ་བ་མཐའ་མེད་པའི་བག་ཆགས་ཀྱི་བདེ་བ་ཁྱད་པར་འཕགས་པས་དེ་ཡང་བུར་སྐྱེ་བར་བྱེད་དོ། །བུ་མོ་ནི་ཡང་མི་གཡོ་བ་དཀར་པོ་ལ་སོགས་པ་རྣམས་དང་། གཏི་མུག་རྡོ་རྗེ་མ་ལ་སོགས་པ་ཡང་ངོ་། །བུ་རྣམས་ཀྱང་ཕ་བསད་ནས་གཞན་ལ་བགྲོད་པར་བྱེད་དེ། །འདི་ཉིད་དགྲ་བོ་ཞེས་དེ་གསོད་པར་བྱེད་དོ། །བུ་མོ་རྣམས་ཀྱང་སྐྱེ་བ་མཐའ་མེད་པའི་བག་ཆགས་ཀྱི་བདེ་བ་ཁྱད་པར་འཕགས་པས་འདོད་པར་བྱེད་དོ། །རལ་གྲི་ཤེས་རབ་ལ་ཞགས་པ་ནི་ཐབས་སོ། །ཡང་ན་ཞགས་པ་ཤེས་རབ་ལ་རལ་གྲི་ཐབས་སོ། །གཉིས་ཀ་རོ་གཅིག་ཏུ་གྱུར་པ་ནི་སྡིགས་མཛུབ་པོ། །གཡོན་པ་འོག་ཏུ་བལྟས་པ་ནི་ས་འོག་བདུན་སྐྱོང་བར་བྱེད་པའོ། །གཡས་པ་སྟེང་དུ་བལྟས་པ་ནི་ཚངས་པའི་སྒོ་ང་བདུན་སྐྱོང་བར་བྱེད་པའོ། །པུས་མོ་གཡོན་པ་ས་ལ་བཙུགས་པ་ནི་ས་སྐྱོང་བར་བྱེད་པའོ། །གཡས་པའི་རྐང་པས་ཡང་དག་པར་བསྣུན་པ་ནི་བདུད་ཐམས་ཅད་སྐྲག་པར་མཛད་པའོ། །ཕུང་པོའི་བདུད་ཚངས་པ། ཉོན་མོངས་པའི་བདུད་དབང་ཕྱུག། འཆི་བདག་གི་བདུད་ཁྱབ་འཇུག། ལྷའི་བུའི་བདུད་ལྷའི་དབང་པོའོ། །ས་ནི་ས་སྟེང་མཐའ་དག་གི་གཞོན་ནུ་མ་ལ་ལོངས་སྤྱོད་པའོ། །


DKG080_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་མ་ལ་ཡུན་རིང་དུ་གནས་པའི་ཕྱིར་པདྨའི་གདན་ནོ། །སྐྱེ་གནས་ལ་སྐྱེས་པ་ནི་ཟླ་བ་དང་ཉི་མའི་གདན་ནོ། །ཁུ་བ་དང་རྔུལ་ལས་སྐྱེས་པའི་སྐྱེས་བུ་ནི་དངོས་པོའོ། །བུད་མེད་ནི་དངོས་པོ་མེད་པའོ། །ནག་པོ་ནི་རྣམ་པར་ཤེས་པའོ། །དཀར་པོ་ནི་གཟུགས་སོ། །སེར་པོ་ནི་ཚོར་བའོ། །དམར་པོ་ནི་འདུ་ཤེས་སོ། །ལྗང་གུ་ནི་དོན་ཡོད་གྲུབ་པའོ། །ཡང་ན་མཐིང་ག་ནི་ནམ་མཁའོ། །དཀར་པོ་ནི་ཆུའོ། །སེར་པོ་ནི་སའོ། །དམར་པོ་ནི་མེའོ། །ལྗང་གུ་ནི་རླུང་ངོ་། །བཅོམ་ལྡན་འདས་ཇི་ལྟ་བ་དེ་བཞིན་དུ་བཅོམ་ལྡན་འདས་མའོ། །ཡང་ན་མཐིང་ག་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དཀར་པོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སེར་པོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དམར་པོ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ལྗང་གུ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སྟོན་པ་རྒྱལ་བ་གཅིག་པུ་ཉིད། །ལྔ་ཡི་ཚུལ་གྱིས་ཡང་དག་གནས། །ཤེས་རབ་ཕ་རོལ་ཕྱིན་ཉིད་ཀྱང་། །རྣམ་ལྔའི་ཚུལ་གྱིས་ཡང་དག་གནས། ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ལས། རྣམ་པར་དག་པའི་རིམ་པར་ཕྱེ་བ་སྟེ། བཅྭ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་མས་གསོལ་པ། འཇིག་རྟེན་ཇི་ལྟར་སྐྱེ་བ་དང་། །སླར་ཡང་སྐྱེ་བ་ཇི་ལྟར་མཛད། །དངོས་གྲུབ་ཇི་ལྟར་འགྱུར་བ་ཡང་། །དབང་ཕྱུག་མཆོག་གིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། །སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་སོ། །དེ་ལྟ་བུ་ཉིད་ལས་འདིར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་


DKG080_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་པ་ཀུན་ནས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་མ་རིག་པ་འགགས་པས་འདུ་བྱེད་འགག་གོ། །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་གོ། །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་གོ། །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་གོ། །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་གོ། །རེག་པ་འགགས་པས་ཚོར་བ་འགག་གོ། །ཚོར་བ་འགགས་པས་སྲེད་པ་འགག་གོ། །སྲེད་པ་འགགས་པས་ལེན་པ་འགག་གོ། །ལེན་པ་འགགས་པས་སྲིད་པ་འགག་གོ། །སྲིད་པ་འགགས་པས་སྐྱེ་བ་འགག་གོ། །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་རོ། །དེ་བཞིན་དུ་འདིར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འགག་པར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བས་འཇིག་རྟེན་སྐྱེའོ། །དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བས་འགག་གོ། །ཚུལ་གཉིས་པོ་འདི་རྟོགས་ཤིང་ཡང་གཉིས་སུ་མེད་པ་བསྒོམས་པས་འགྲུབ་བོ། །དེ་ནས་བཅོམ་ལྡན་འདས་མས་གསོལ་པ། མ་རིག་པ་ལ་སོགས་པའི་རྣམ་པར་དབྱེ་བ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདས་པ་ལ་སོགས་རབ་དབྱེ་བས། །འདི་ནི་གསུམ་གྱི་འཁོར་མོར་འཇུག། འདིར་ནི་རྒྱལ་བས་ཆོས་རྣམས་ཀུན། །རྣམ་པ་བཅུ་གཉིས་ཚུལ་གྱིས་གསུངས། །དེ་ལ་མ་རིག་པ་མ་སྤངས་པས་ལེན་པ་དང་འཆི་བའི་ནང་དུ་གཟུགས་ནུབ་པའི་སེམས་ཀྱི་ལུས་ཅན་ཞེས་པའི་དོན་ནོ། །དེ་ལས་འདུ་བྱེད་དུ་འགྱུར་རོ། །དེ་ཡང་རྣམ་པ་གསུམ་སྟེ། དེ་ལ་ལུས་ཀྱི་འདུ་བྱེད་དབུགས་འབྱུང་བ་དང་རྔུབ་པ་དག་དང་། ངག་གི་འདུ་བྱེད་དག་དང་། རྟོག་པ་དང་དཔྱོད་པ་དག་གོ། །ཡིད་ཀྱི་འདུ་བྱེད་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་སོ། །དེ་རྣམས་དང་ལྡན་པ་ནི་མ་རིག་པ་སྟེ། དབུགས་འབྱུང་བ་དང་། དབུགས་རྔུབ་པ་སྟེ། རྣམ་པར་རྟོག་པ་ནི་རགས་པར་འཛིན་པར་བྱེད་དོ། །རྣམ་པར་དཔྱོད་པ་ནི་ཕྲ་མོར་འཛིན་པར་བྱེད་དོ། །རྗེས་སུ་ཆགས་པ་དང་ཞེ་སྡང་བ་


DKG080_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡིན་ནོ། །དེ་ལས་རྣམ་པར་ཤེས་པར་གྱུར་པ་རྣམ་པ་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེ་རྣམས་དང་ལྡན་པ་ནི་མ་རིག་པས་ལྟ་བར་བྱེད་དོ། །ཉན་པར་བྱེད་དོ། །སྣོམ་པར་བྱེད་དོ། །ཟ་བར་བྱེད། རེག་པར་བྱེད། རྣམ་པར་རྟོག་པར་བྱེད་དོ། །དེ་ལས་མིང་དང་གཟུགས་ཏེ། ཚོར་བ་མིང་གཞི་ལ་སོགས་པ་རྣམས་སོ། །གཟུགས་ལ་གཟུགས་ཀྱི་དེ་བཞིན་ཉིད་ཅེས་གཉིས་སུ་མངོན་པར་བསྡུས་ཤིང་བསྡོམས་ནས་མིང་དང་གཟུགས་ཞེས་གསུངས་སོ། །ཉེ་བར་ལེན་པའི་ཕུང་པོ་ལྔའི་གཟུགས་ཀྱིས་མ་རིག་པ་ཡོངས་སུ་གྱུར་པ་ཞེས་པའི་དོན་ནོ། །དེ་ལ་ཚོར་བ་རྣམ་པ་གསུམ་ནི་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཞེས་བྱའོ། །འདུ་ཤེས་ནི་དངོས་པོ་རྣམས་ཀྱི་རང་བཞིན་གཟུང་བའི་མཐར་མངོན་པར་བརྗོད་པ་སྟེ། འདུ་བྱེད་ནི་སྤྱིའི་ཁྱད་པར་གྱི་གནས་སྐབས་ལ་འཛིན་པ་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །རྣམ་པར་ཤེས་པ་ནི་སྔོན་དུ་གསུངས་པ་བཞིན་ནོ། །འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཀྱི་གཟུགས་ནི། ས་ནི་ལྕི་བ་ཉིད་དང་། ཆུ་ནི་གཤེར་བ་ཉིད་དང་། མངོན་པར་འཛག་པ་ཉིད་དོ། །མེ་ནི་དྲོ་བ་ཉིད་དོ། །རླུང་ནི་བསྐུམ་བརྐྱང་བ་དང་། ཡང་བ་དང་གཡོ་བ་ཉིད་དོ། །དེ་ལས་སྐྱེ་མཆེད་དྲུག་པོ་རྣམས་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དོ། །དེ་རྣམས་དང་ལྡན་པ་ནི། སྔོན་བཞིན་དུ་ལྟ་བར་བྱེད་པ་ལ་སོགས་པའོ། །དེ་ལས་རེག་པའོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་ཁམས་ཡང་དག་པར་ཐོབ་པའོ། །དེ་ལས་སྲེད་པས་བདེ་བ་མངོན་པར་འདོད་པའོ། །དེ་ལས་ལེན་པའོ། །དེ་ལས་ཐོབ་པའི་ལས་སོ། །དེ་ལས་སྲིད་པ་མངལ་དུ་འཇུག་པའོ། །དེ་ལས་སྐྱེ་བ་རབ་ཏུ་གསལ་བར་བྱེད་པ་མངོན་པར་རྒྱུ་མཐུན་པར་བྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་འཐོབ་བོ། །དེ་ནས་མངལ་ནས་སྐྱེ་བར་འགྱུར་རོ། །འཆི་བའི་སེམས་དང་སེམས་ལས་བྱུང་བ་འགོག་པས། དེ་ནས་རྒ་ཤིའི་སེམས་མྱ་ངན་དང་འཁྲུག་པ་མེད་པར་འགྱུར་


DKG080_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གྲོལ་ན་བདག་གིས་སྨྲེ་སྔགས་འདོན་པ་འཚོལ་བར་མི་འགྱུར་རོ་ཞེས་སོ། །ནད་ལ་སོགས་པའི་བར་དུ་གཅོད་པས་ཀྱང་སྡུག་བསྔལ་བ་ཅན་དུ་འགྱུར་རོ། །དེ་ཉིད་ལ་ཡང་དང་ཡང་དུ་ཡིད་སྦྱོར་བས་ཡིད་མི་བདེ་བ་ཅན་ཡིན་ནོ། །ཡིད་མི་བདེ་བ་ཅན་གྱིས་ཀྱང་བར་དུ་གཅོད་པས་འཁྲུག་པ་ཅན་ཡིན་ནོ། །འདིའི་དོན་ནི་མ་རིག་པ་ལ་སོགས་པ་སྐྱེ་མཆེད་དྲུག་གི་མཐར་ཐུག་པས་བར་དོའི་སེམས་ཅན་གཅིག་ཉིད་དུ་གནས་པས། འཇིག་རྟེན་གསུམ་པོ་ལྟ་ཞིང་ལྟ་བར་བྱེད་དོ། །ཕོ་མོ་རྗེས་སུ་ཆགས་པ་ལ་དེ་ལས་འདས་པའི་སྐྱེ་བའི་ལས་གང་གིས་འཕངས་ནས་གང་ཞིག་ཏུ་སྐྱེ་བ་ལེན་པར་འགྱུར་རོ། །དེའི་སྐྱེ་བ་ནི་ཕོ་མོ་དག་གི་དགའ་བ་དག་ལ་ལྟ་བར་བྱེད་པས། དེའི་ཤིན་ཏུ་བདག་གི་རེག་པ་སྐྱེའོ། །དེ་ལ་གལ་ཏེ་སྐྱེས་བུར་འགྱུར་བ་དེའི་ཚེ་བདག་ཉིད་སྐྱེས་བུའི་རྣམ་པར་ལྟ་བར་བྱེད་དོ། །སེམས་མ་ལ་མཆོག་ཏུ་ཆགས་པར་འགྱུར་རོ། །ཡང་ཕ་ལ་སེམས་ཞེ་སྡང་ཆེན་པོར་འགྱུར་རོ། །འདོད་ཆགས་དང་ཞེ་སྡང་དག་གིས་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ལ། དེ་ལས་འདི་ཡིས་ལྷན་ཅིག་བྱེད་པ་གང་གིས་དགའ་བར་བྱེད་དོ་ཞེས་སེམས་པར་བྱེད་པས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའོ། །དེ་ཡིས་གདོང་ཕྱིར་ལྡོག་པའོ། །དེ་ནས་སྔོན་གྱི་ལས་ཀྱི་རླུང་གིས་འཕངས་པའི་སྲེད་པ་ཆེན་པོས་དེ་ལ་བདག་ཉིད་དགའ་བར་བྱའོ་ཞེས་ཞེན་པའི་ཆ་ཡིས་སོ། །གང་ཞིག་སྐྱེས་བུ་ཡིན་ན་རང་གི་མ་ལ་འདོད་པར་བྱའོ་སྙམ་ནས། སེམས་སྐར་མདའ་བཞིན་དུ་ཕའི་མགོ་བོའི་ལམ་ནས་རབ་ཏུ་ཞུགས་ནས། དེའི་ཁུ་བ་ལ་གནས་ནས་སེམས་གནས་པའི་ཕྱིར་རྣམ་པར་ཤེས་པ་བདེ་བ་ལ་ཆགས་པས་བདག་ཉིད་ལྟ་བར་བྱེད་དོ། །བདེ་བའི་རྒྱུས་ཉེ་བར་ལེན་པར་བྱེད་དོ། །དེ་ནས་ཁུ་བ་དང་། རོ་གཅིག་ཏུ་གྱུར་པས་ཆགས་པ་ཆེན་པོས་རྗེས་སུ་ཆགས་པས། ཨ་བ་དྷཱུ་ཏཱིའི་རྩ་ཕའི་རྡོ་རྗེའི་ལམ་ནས་མའི་པདྨའི་བུ་གའི་གནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་མངལ་གྱི་སྐྱེ་བའི་རྩ་ལ་གནས་ནས་འཛག་པའི་སེམས་


DKG080_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། དེ་ལས་སྐྱེ་བ་ཡིན་ནོ། །དེ་ཡང་རིམ་པ་བཞིན་མེར་མེར་པོ་དང་། ཀླེང་ཀླེང་པོ་དང་། ལྟར་ལྟར་པོ་དང་། མཁྲང་འགྱུར་དང་། ཡན་ལག་དང་ཉིང་ལག་ཏུ་གྱུར་པའི་བུ་ནི་ཟླ་བ་དགུའམ། བཅུ་ནས་ལམ་གང་ཉིད་ནས་རབ་ཏུ་ཞུགས་པ་དེ་ཉིད་ཀྱི་ལམ་ནས་སྐྱེ་བར་འགྱུར་རོ། །གལ་ཏེ་ཡང་བུད་མེད་དུ་འགྱུར་ན། དེའི་ཚེ་སེམས་ཕ་ལ་རྗེས་སུ་ཆགས་པར་འགྱུར་རོ། །མ་ལ་སེམས་ཞེ་སྡང་བར་འགྱུར་རོ། །དེ་ནས་བདག་ཉིད་མའི་གཟུགས་ལ་ལྟ་བར་བྱེད་དོ། །རྣམ་པར་ཤེས་པ་མའི་མགོ་བོའི་ལམ་ནས་པདྨར་རབ་ཏུ་ཞུགས་ནས་ཕའི་ཁུ་བ་དང་འདྲེས་པར་གྱུར་ནས་དེའི་སྐྱེ་བའི་རྩལ་གནས་ནས། དེ་ནས་སྔོན་བཞིན་དུ་འབྱུང་ཞིང་སྐྱེའོ། །དེ་བཞིན་ཉིད་དུ་མ་རིག་པ་ལ་སོགས་པ་དང་བཅས་པ་རྣམས་ཀྱིས་འཇིག་རྟེན་དུ་སྐྱེ་སྟེ། འཇིག་རྟེན་རྣམས་ཀྱང་ཕུང་པོ་ལྔ་པོ་རྣམས་དེ་བཞིན་དུ་དེ་རྣམས་ཀྱང་སྡུག་བསྔལ་ལ་འཁོར་ཞིང་འཇུག་པའི་ཕུང་པོ་ལྔ་པོ་རྣམས་སོ། །ཐར་པ་དོན་དུ་གཉེར་བ་རྣམས་ལ། མ་རིག་པ་ལ་སོགས་པ་ཕུང་པོའི་རང་བཞིན་འགོག་པའི་ཕྱིར། སྡུག་བསྔལ་གྱི་བྱ་བར་གྱུར་པ་ཡང་མེད་དོ། །སྟོང་པ་ཉིད་དང་སྙིང་པོ་མེད་པ་ཉིད་ཀྱིས་སྡུག་བསྔལ་གྱི་བྱ་བ་ཡང་མེད་ཅིང་ཐར་པའི་དོན་དང་ལྡན་པའོ། །དེའི་ཕྱིར་ཐར་པའི་བསམ་པ་མེད་ཅིང་། མེད་པའི་བསམ་པ་ཡང་མེད་པའོ། །དེའི་ཕྱིར་དངོས་པོ་མེད་པ་དང་བྲལ་བའི་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བའི་བདེ་བ་ཆེན་པོའི་གཟུགས་ཅན་ནི། དཔལ་ལྡན་མགོན་པོ་མི་གཡོ་བའི་བདག་ཉིད་ཅན་དགའ་བ་བཞིའི་སྐུ་ཅན། སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པའི་ཐུགས་ཅན་ནོ། །ཐར་པ་ནི་འདོད་ཆགས་ལས་སྐྱེས་པ་སྟེ། འཇིག་རྟེན་པའི་འདོད་ཆགས་ཀྱི་འདོད་ཆགས་ཟད་པ་དང་ཟད་པ་མ་ཡིན་པར་གྱུར་པ། མི་གཡོ་བའི་དོན་ཡོངས་སུ་ཤེས་པ་སངས་རྒྱས་ཀྱི་དངོས་གྲུབ་ཡང་དག་པར་གྲུབ་པར་བྱེད་དོ། །གཡོ་བར་བྱེད་པ་ནི་ཤེས་རབ་དང་ཡང་དག་པར་སྦྱོར་བའི་བདེ་བའི་རོས་དགའ་བའི་སེམས་གང་ཡིན་པའོ། །ཟླ་བའི་ཁྱད་པར་གྱི་དགའ་བ་མཆོག་གི་སྙིང་པོ་དེ་མི་གཡོ་བ་ཞེས་གསུངས་སོ། །ཞེས་པ་ནི་དཔའ་བོ་


DKG080_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་ཉིད་དུ་གསུངས་པའི་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་རིམ་པར་ཕྱེ་བ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་མས་གསོལ་པ། མགོན་པོ་འདིར་ནི་ཁུ་ཁྲག་སྦྱོར། །ལིང་ག་བྷ་ག་ནུ་མ་རྣམས། །རབ་ཏུ་འཕེལ་བར་བྱེད་ནུས་དང་། །ནད་དང་རྒས་པ་འཇོམས་པ་དང་། །བུད་མེད་ཡིད་ནི་དབང་གྱུར་དང་། །མོ་ཤམ་ཉིད་དུ་བྱ་བ་དང་། །ཁུ་བ་བཅིང་དང་ཁྲག་འབབ་པའི། །སྦྱོར་བ་ཡང་ནི་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་པར་བྱས། །ཁྱོད་ཀྱིས་ང་ལ་གསོལ་བཏབ་གང་། །རྣམ་པ་སྣ་ཚོགས་བདེ་བཤད་བྱ། །འཇིག་རྟེན་དངོས་གྲུབ་དོན་ཕྱིར་ཉོན། །དང་པོར་ལུས་ནི་སྦྱང་བྱས་ནས། །ཕྱི་ནས་ལས་ནི་ཡང་དག་བརྩམ། །དཔེར་ན་གོས་ནི་དཀར་བྱས་ལ། །ཚོན་གྱིས་ཁ་དོག་མཆོག་འབར་ལྟར། །འབྲས་བུ་གསུམ་གྱི་ཐང་བཟུང་ནས། །ཡ་བཀྵ་ར་པ་ལཱ་ས་ཀྵ། །བཟའ་བྱ་བུ་རམ་དང་བཅས་བཏུང་། །སྲིན་བུ་མ་ཞུ་རབ་སྦྱངས་ནས། །ཀེ་ཏ་ཀྱ་ཁུ་མར་ཁུ་དང་། །ཧི་ལ་མོ་ཙི་སེནྡྷ་བ། །བཏུང་བྱ་བྱུགས་ནས་ཉི་མས་བདུག། ཤིག་དང་སྲིན་བྲལ་ལུས་སུ་འགྱུར། །ཀེ་ཏ་ཀྱ་ཁུ་ཏིལ་མར་དང་། །ལན་ཚྭ་དང་བཅས་བཏུང་བྱས་ནས། །ཉི་མ་ལ་འཆག་སྦྱོར་བ་ཡིས། །ལན་ཚྭ་རྣམས་ནི་ཉམས་པར་འགྱུར། །ཧི་ལ་མོ་ཙིའི་ཁུ་ཅུང་ཟད། །སེནྡྷ་བ་དང་ཡང་དག་ལྡན། །གྲིབ་མ་ལ་ནི་གནས་བཅས་ནས། །མཁྲིས་པ་རྣམས་ནི་སེལ་བར་བྱེད། །ཀེ་ཏ་ཀྱ་ཁུ་ཏཻ་ལ་དང་། །ཀུ་ཙ་མཱ་ལ་བའི་འོ་མ། །བཏུང་བའི་སྦྱོར་བ་འདི་ཉིད་ནི། །ཚིལ་ནི་སྦྱོང་བར་ཐེ་ཚོམ་མེད། །ཕ་ཐ་སེ་མྱུག་ཁུ་བ་དང་། །ལན་ཚྭར་བཅས་པ་བཏུང་བྱས་ན། །སྲིན་བུ་ཕྲ་མོ་འཇོམས་པར་བྱེད། །འུ་སུས་བད་ཀན་སྦྲང་སྣས་འཐུང་། །རེ་རེའང་ཉི་མ་གཉིས་སུ་བྱ། །ཉེས་པ་སྦྱངས་ནས་ཕྱི་ནས་བརྩམ། །དེ་ཡིས་དེ་ཉིད་འབྲས་བུ་སྟེར། །དགའ་མ་གཞན་དུ་དེ་འབྲས་མེད། །མོན་ཙ་ར་ཤུན་ཕྱེ་མ་ཡི། །ཐུག་པ་ཚ་མོ་བཏུང་བར་བྱ། །ལན་བདུན་དུ་ནི་སྔགས་བྱས་ནས། །སྔ་མོ་འམ་ནི་ཟས་དུས་སུ། །ཉིན་རེ་ཇི་བཞིན་ཇི་


DKG080_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་འཚོར། །ཤུ་ཀྲ་ཤོ་ཎྀ་འཕེལ་བར་འགྱུར། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨི་དཾ་དི་བྱཱ་མྲྀ་ཏཾ་མེ་ཀུ་རུ་ཧཱུྃ་ཕཊ། ན་རི་ཀེ་ལའི་ནང་རུལ་དང་། །མ་ཧེ་ཡི་ནི་མར་གསར་དང་། །འབྲས་བུ་ཞག་ལོན་དང་ལྡན་པ། །ཕག་ལས་བྱུང་བའི་ཚིལ་གྱིས་ནི། །ལིང་ག་རྣ་བ་ནུ་མ་དང་། །བྷ་ག་རྣམས་ཀྱང་རྣམ་པར་མཉེ། །ལུས་ཀུན་ཀྱང་ནི་རྣམ་མཉེས་ན། །རྣམ་པར་འཕེལ་བར་ཐེ་ཚོམ་མེད། །སེན་མོ་དང་ནི་བྲལ་བྱས་ནས། །མཛུབ་མོ་ཡིས་ནི་ཉེད་པར་བྱ། །ཡོ་ནིའི་དབུས་སུ་རབ་ཏུ་ཉེད། །བྱུགས་ན་རན་དྷྲ་འཕེལ་བར་གྱུར། །སེ་འབྲུའི་ཤུན་པ་ཕྱེ་མ་ནི། །ཡུངས་ཀར་ཏིལ་མར་ལ་བཙོས་ནས། །ནུ་མ་མཉེས་ན་འཕེལ་བར་འགྱུར། །མུཎྜི་རཱི་ཐང་སྣ་ཡིས་བཏུང་། །ཡུངས་ཀར་དཀར་པོ་ཤུ་དག་དང་། །རྟ་དྲི་དང་ནི་བྲི་ཧ་ཏིའི། །ཕྱེ་མ་ཡིས་ནི་ཉེད་པར་བྱ། །ལིང་ག་ནུ་མ་རྣ་བ་འཕེལ། །གླང་ཆེན་པི་པི་ལིང་དང་ནི། །ཨ་པ་ར་ཛི་དཀར་པོ་ཡིས། །དེ་བཞིན་མ་ཧེའི་མར་གསར་གྱིས། །ལིང་ག་མཉེས་ན་འཕེལ་བར་བྱེད། །སེ་བ་ལ་དང་ཀ་ཊུ་དང་། །རོ་ཧི་ཎཱི་དང་མ་ཧེ་ཡི། །མར་གསར་བྱུགས་པས་ལིང་ག་འཕེལ། །དྷུ་ཏུ་ར་ཁུ་རྟ་དྲིའི་རྩ། །གནུར་ནས་མ་ཧེའི་མར་དང་བསྲེས། །དྷུ་ཏུ་ར་ཡི་འབྲས་ནང་དུ། །ཉིན་མཚན་དུ་ནི་གཞག་པར་བྱ། །དེ་ནས་ལིང་ག་མ་ཧེ་ཡི། །མར་གྱིས་ལན་ཅིག་བརྟན་པར་ཉེད། །སྔོན་བཞིན་དུ་ནི་ཞག་གསུམ་དུ། །བྱུགས་ཤིང་མཉེས་པས་འཕེལ་བར་བྱེད། །ཨིནྡྲ་གོ་བའི་ཕྱེ་མ་དང་། །མ་ཧེའི་མར་གྱིས་བསྒྲུབ་པར་བྱ། །ཡོ་ནིའི་ནང་དུ་བྱུགས་གྱུར་ན། །ཡོ་ནིའི་ལྷོད་པ་དམ་པར་འགྱུར། །པདྨའི་ཟེ་འབྲུ་ཨུཏྤལ་འབྲུ། །པད་རྩ་ཨུ་ཤི་ར་དང་ནི། །མོན་ལུག་ཏིལ་མར་ནང་དུ་བཙོ། །དེ་ཡིས་བྷ་ག་ལིང་ག་དག། དྲི་ངན་དང་ནི་ལྷོད་པ་དང་། །ནད་ལ་སོགས་པ་འཇོམས་པར་བྱེད། །ནིམ་པའི་ཤུན་པའི་ཐང་གིས་ནི། །བྷ་ག་ལ་ནི་ཁྲུས་བྱའོ། །ནིམ་པའི་ཤུན་པས་བདུག་བྱས་ན། །འདི་ནི་གཞོན་དང་དྲི་བཟངས་དང་། །སྐལ་བཟང་ཡོན་ཏན་དང་ལྡན་འགྱུར། །བ་བླ་ཡི་ནི་ཆ་ལྔ་དང་། །ཀིཾ་ཤུ་ཀ་ཀྵཱ་ར་ཆ་གཅིག། ཡ་བཀྵ་ར་ཆ་གཅིག་དང་། །ཆུ་ཤིང་ཀྵ་ར་ཆ་གཅིག་དང་། །


DKG080_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ནང་མཉེས་ནས་བྱུགས་ཙམ་གྱིས། །བྷ་ག་མཚན་དང་སྐྱེ་གནས་ཀྱི། །སྤུ་ནི་ལྟུང་བར་བྱེད་པ་ཡིན། །དེ་ནས་ཧ་ལ་ཧ་ལའི་སྦྲུལ། །མཇུག་མའི་ཕྱེ་མ་དང་བསྲེས་ནས། །ཚ་བའི་ཏིལ་མར་ཞག་བདུན་གཞག། དེ་ཡིས་ལིང་ག་ལ་སོགས་མཉེ། །སླར་ཡང་སྤུ་ནི་འབྱུང་མི་འགྱུར། །མ་ཧེ་ཕག་དང་གླང་ཆེན་དང་། །ཀར་ཀ་ཊ་ཡི་ཞག་དང་ཚིལ། །ནུ་མ་ལ་སོགས་ཉེད་བྱས་འཕེལ། །སྣ་མའི་མེ་ཏོག་ཏིལ་དང་བཏགས། །བྷ་ག་ལ་ནི་གྲུལ་བྱས་ན། །སྟེང་དུ་མཐོ་བར་བྱེད་པ་ཡིན། །མ་ཧེ་ཡི་ནི་མར་གསར་དང་། །ཤུ་དག་རུ་རྟ་བ་ལཱ་དང་། །ནཱ་ག་བ་ལས་ཉེད་བྱས་ན། །ནུ་མ་འཕེལ་བར་བྱེད་པ་ཡིན། །ཆུ་དྲོན་གྱིས་ནི་ཁྲུས་བྱས་ན། །ལིང་ག་སྔོན་བཞིན་འཕེལ་བ་ཉམས། །དཎྜ་ཨུཏྤལ་རྩ་བ་དང་། །བ་ཡི་མར་དང་བཏུང་བྱས་ན། །དུས་ལྡན་དུས་ལ་སྦྲུམ་པར་འགྱུར། །རྟ་དྲིའི་རྩ་བ་མར་འཐུངས་ན། །སྦྲུམ་མ་ཉིད་དུ་འགྱུར་བ་ཡིན། །བ་ལ་ཨ་ཏི་བ་ལ་དང་། ཀ་ར་དང་། ཏིལ་དང་། མཱཀྵྀ་ཀའི་སྦྲང་དང་བཅས་པ་འཐུངས་ན་སྦྲུམ་པར་འགྱུར་རོ། །བ་བླའི་རྩ་བ་ཆུ་དང་བཏགས་ནས་འཐུངས་ན། ཁྲག་འཛག་པ་ཆད་པར་འགྱུར་རོ། །ནས་ཀྱི་ཕྱེ་དང་། བའི་ཆུ་དང་། སྤོས་དཀར་དང་། ཤིང་མངར་དང་། མར་རང་གི་ལུས་ལ་དྲིལ་ཕྱིས་བྱས་ན་བཟང་པོར་འགྱུར་རོ། །བ་རཱ་ཧ་ཀྲན་ཏཱའི་རྩ་བ་དུས་ལྡན་མའི་རྣ་བ་ལ་བཏགས་ན་སྦྲུམ་པར་འགྱུར་རོ། །ཀ་ལམ་བིའི་ལོ་མ་ཟོས་ན་ཁམས་འཕེལ་ལོ། །སྦྲང་དང་ཞོ་ཟོས་ན་ཁམས་འཕེལ་ལོ། །དཀར་མར་ཟོས་ན་ཁམས་འཕེལ་ལོ། །བུད་མེད་ཀྱི་དྲི་ཆེན་དང་དྲི་ཆུ་མཉེས་ནས་འཐུངས་ན་ཁུ་བ་འཕེལ་ལོ། །སྐྱུ་རུ་རའི་ཕྱེ་མ་ཆུའམ་མར་དང་སྦྲང་དང་སྦྱར་ཏེ་ཕྱི་དྲོ་ཟོས་ན། མིག་གཞོན་ནུ་དང་ཤེས་རབ་ཀྱང་སྐྱེ་བར་བྱེད་དོ། །སྐྱུ་རུ་རའི་ཕྱེ་མ་ཏིལ་ཕྱེ་མ་དང་མཉམ་པོ་མར་དང་སྦྲང་བཟའ་བར་བྱས་ན་ཡང་འབྲས་བུ་དེ་ཇི་ལྟ་བ་བཞིན་ནོ། །གར་ཁ་ཏན་ཊུ་ལའི་རྩ་བ་དང་། རྟ་དྲི་དང་། ཏིལ་དང་། ནས་དང་། བུ་རམ་རོ་མཉམ་པོར་བྱས་ནས་བཟའ་བར་བྱས་ན་གཞོན་ནུར་འགྱུར་རོ། །ཨརྫུ་ནའི་ཤུན་པའི་ཕྱེ་མ་འོ་མ་དང་སྦྱར་ཉིན་རེ་ཞིང་བཟའ་བར་བྱས་ན། ལོ་གཅིག་གི་སྦྱོར་བས་ཚེ་ལོ་སུམ་བརྒྱའོ། །སྐྱུ་རུ་རའི་ཁུ་བ་


DKG080_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་གཅིག་དང་། བ་ཀུ་སོ་མ་ར་ཛའི་ཕྱེ་མ་ཞོ་གཉིས་ཐོ་རངས་འཐུངས་ནས། ཞུ་བ་དང་འོ་མའི་བཟའ་བ་ཟོས་ན། ཟླ་བ་གཅིག་བྱས་ན་ཚེ་ལོ་ལྔ་བརྒྱ་འཚོའོ། །བཱ་གུ་ཙི་ཞོ་གཉིས་དང་དར་བ་དང་། ཆུ་དང་རྩབ་མོ་འོ་མ་དང་། གང་ཡང་རུང་བ་དང་སྦྱར་འཐུངས་ན་ཟླ་བ་དྲུག་གི་སྦྱོར་བས་གཞོན་ནུར་འགྱུར་རོ། །མུཎྜ་རིའི་ཕྱེ་མ་མར་དང་ཟོས་ན། ཞག་བདུན་ཕྲག་གསུམ་གྱིས་ལོ་བརྒྱད་གཉིས་ལོན་པའི་རྣམ་པར་འགྱུར་རོ། །ས་ན་བཱི་ཛཱའི་ཕྱེ་མ་སྲང་གཅིག་དང་། ར་ཀ་ཤཱ་ལ་སྲང་གཅིག་དང་། བ་ཁ་དོག་གཅིག་པའི་འོ་མ་ཁམ་ཕོར་དོ་བཙོ་བར་བྱའོ། །དང་པོར་འོ་མ་ཁམ་ཕོར་གང་ཟད་པ་དང་བླངས་ནས། ས་ན་ལ་སོགས་པ་དེ་ལ་བྱིན་ནས་བཙོ་བར་བྱའོ། །དེ་ནས་བཟའ་བར་བྱའོ། །སྨན་ཞུ་ནས་འོ་མ་དང་བཟའ་བར་བྱའོ། །རླུང་དང་ཉི་མ་སྤངས་ཏེ་ཞག་བདུན་ཕྲག་གསུམ་དུ་ཇི་སྲིད་ཇི་ལྟ་བ་དེ་བཞིན་དུ་ཕྱི་ནས་བྱའོ། །དེ་ནས་སྐྲ་ལ་སོགས་པ་ལྟུང་བར་འགྱུར་རོ། །སླར་ཡང་སྐྱེ་བར་འགྱུར་རོ། །དེ་ནས་སྐྲ་དཀར་དང་གཉེར་མ་བྲལ་ནས་ལོ་བརྒྱ་འཚོ་བར་འགྱུར་རོ། །རཀྟ་ཨུཙྪ་ཊའི་རྩ་བ་དང་། མར་དང་སྦྲང་རྣམས་ཞུམ་བུའི་ལག་པ་ཙམ་བཟའ་བར་བྱའོ། །འདིའི་འབྲས་བུ་ནི་དེ་བཞིན་ཉིད་དོ། །སྐྱུ་རུ་ར་དང་། ཨ་རུ་ར་དང་། བྷྲྀང་གི་རཱ་ཛ་དང་། པི་པི་ལིང་དང་། ཕོ་བ་རིས་དང་། ལྕགས་ཀྱི་ཕྱེ་མ་རྣམས་སྦྲང་དང་། ཀ་ར་དག་དང་། ཨུ་དུམ་བཱ་རའི་འབྲས་བུའི་ཚད་ཙམ་རིལ་བུ་བྱས་ནས། དེ་ནས་རིལ་བུ་རེ་རེ་ཉིན་རེ་ཞིང་བཟའ་བར་བྱའོ། །ཟླ་བ་གཅིག་གིས་ལོ་སུམ་བརྒྱ་འཚོའོ། །གཞོན་ནུ་མ་སྲང་གཅིག་དང་། མར་དང་བཅས་པ་བཟའ་བར་བྱའོ། །ཞག་བདུན་གྱིས་ཚེ་ལོ་བརྒྱའོ། །ནས་དང་། ཏིལ་དང་། རྟ་དྲི་དང་། ནཱ་ག་པི་ལ་དང་། བ་ཥཱ་དང་། བུ་རམ་དང་བཟའ་བར་བྱའོ། །སྟོབས་ཆེན་པོར་འགྱུར་རོ། །བྷ་དྲ་ལའི་ཕྱེ་མ་སུམ་འགྱུར་རོ། །ཨ་རུ་ར་དང་། དེ་བཞིན་དུ་ཆུ་ལ་སོགས་པ་དང་བཟའ་བར་བྱའོ། །སྟོབས་ཆེར་པོར་འགྱུར་རོ། །རྣམ་པ་ཐམས་ཅད་དུ་བདག་ཉིད་ལྷའི་རྣམ་པར་བསྒོམས་ནས་གཏུམ་པོའི་སྔགས་ཀྱིས་སྨན་ཡང་དག་པར་བྱིན་གྱིས་བརླབ་པར་བྱའོ། །ཞེས་པ་ནི་དཔའ་


DKG080_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་གཏུམ་པོ་ཆེན་པོའི་རྒྱུད་ལས། ཁམས་ལ་སོགས་པ་འཕེལ་བའི་རིམ་པར་ཕྱེ་བ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་རཎྜའི་རྩ་བ་རང་སྐྱུར་ལ་བཏགས་ནས་སྤྱི་བོ་མཉེས་ན་མགོ་བོའི་ཟུག་རྔུ་ཞི་བར་འགྱུར་རོ། །ར་དང་བ་དང་མིའི་ཆུ་བསྲེས་ནས་རྒྱམ་ཚ་དང་བཅས་པས་རྣ་བ་བཀང་ན་རྣ་བའི་ནད་ཞི་བར་འགྱུར་རོ། །སྡོམ་སྐམ་པོ་ཏིལ་མར་དུ་བཅུག་ནས། ཀ་ཊ་ཀྃ་དང་། པི་པི་ལིང་དང་། སྐྱུ་རུ་ར་དང་། ཡུང་བ་དང་། ཟིལ་པའི་ཆུ་ལ་རིལ་བུ་བྱས་ནས་དེ་ཡིས་མིག་སྨན་བྱས་ན། མིག་གི་ནད་ཐམས་ཅད་སེལ་བར་བྱེད་དོ། །སྦྲང་དང་པི་པི་ལིང་གི་མིག་སྨན་གྱིས་ཀྱང་ངོ་། །རྣ་ལྤབས་དང་སྦྲང་གིས་མིག་སྨན་བྱས་ན་སྲོད་ལོང་སེལ་བར་བྱེད་དོ། །གྷོ་ཥ་ཕ་ལཾ་གི་དྲི་མ་མནོམ་ཞིང་ཀཾ་ཀཱ་ལཾ་ཀོའི་རྩ་བ་དང་། སྦྲང་གི་ཆུ་དང་། སྣ་ཡིས་བཏུང་བར་བྱས་ན་མཁྲིས་ནད་མིག་སེར་སེལ་བར་བྱེད་དོ། །ལེ་བརྒན་རྩིའི་ཁུ་བ་དང་། དཱུར་བའི་ཁུ་བ་དང་། སེ་འབྲུའི་མེ་ཏོག་གི་ཁུ་བ་དང་གཅིག་ཏུ་བྱས་ནས་སྣར་བླུགས་ན་སྣ་ཁྲག་འཛག་པ་འཆད་དོ། །ཀཱཥྛ་ཨུ་དུམ་བཱ་རའི་རྩ་བ་དང་འབྲས་ཀྱི་ཆུས་ཁ་ནས་ཁྲག་འཛག་པ་འཆད་པར་བྱེད་དོ། །སེ་ཕ་ལི་ཀཱའི་རྩ་བ་ལྡང་ན་མགུལ་འགགས་སེལ་བར་བྱེད་དོ། །ར་ཏའི་རྩ་བས་སོ་འཆའ་བ་སེལ་བར་བྱེད་དོ། །བའི་མར་དང་། བའི་འོ་མ་དང་། སྡིག་པའི་རྐང་པ་བཅོས་ནས་རྐང་མཐིལ་ལ་མཉེ་བར་བྱས་ན། སོ་འཆའ་བ་རྣམ་པར་སེལ་བར་བྱེད་དོ། །ལ་ཕུག་གི་ས་བོན་དང་། པྲི་ཡང་ཀུ་དང་། ཙནྡན་དམར་པོ་དང་། རུ་རྟ་དང་བཏགས་ནས་དྲིལ་ཕྱིས་བྱས་ན། ཁྱི་རྔོ་ལ་སོགས་པ་འཇོམས་པར་བྱེད་དོ། །ཧ་རི་ཎའི་ཤ་སྐམ་པོ་སྲང་གཅིག་དང་། རའི་འོ་མ་དང་བཏུང་བར་བྱས་ན། ཟད་བྱེད་ཀྱི་ནད་སེལ་བར་བྱེད་དོ། །མ་ཧེའི་ཞོ་དང་འབྲས་ཟན་གྱི་བཟའ་བས། བཙན་ཐབས་སུ་འཁྲུ་བ་སེལ་བར་བྱེད་དོ། །འབྲས་ཟན་ཆུ་དང་བཅས་པ་གྲང་མོས་ཀྱང་དེ་བཞིན་དུ་སེལ་བར་བྱེད་དོ། །རུ་རྟའི་ཤུན་པ་ཆ་གཉིས་དང་། ཕོ་བ་རིས་དང་། བུ་རམ་དང་། སྒོག་སྐྱ་རྣམས་ཆ་རེ་བའི་དར་བ་དང་། འཐུངས་ན་ལྟོ་འགྱིངས་པ་སེལ་ལོ། །སྐྱུ་རུ་ར་དང་། པི་པི་ལིང་


DKG080_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཙི་ཏྲ་ཀ་དང་། སྒེ་གཤེར་དང་། བུ་རམ་རྙིང་པ་དང་། མར་དང་སྦྲང་དང་། ཆ་མཉམ་དུ་དགོངས་ཀ་ཟོས་ན། གློ་དང་དབུགས་མི་བདེ་བ་སེལ་ལོ། །ཨ་རུ་རའི་ཕྱེ་མ་དང་། །སྦྲང་གིས་ཀྱང་དེ་བཞིན་ནོ། །སེང་ལྡེང་གི་ལོ་མ་དང་། ནས་དང་། ནས་ཀྱི་མྱུ་གུ་བཅའ་བར་བྱས་ན། ལྟོ་བའི་ནད་སེལ་བར་བྱེད་དོ། །སྒེ་གཤེར་དང་། ཟི་ར་དང་། ཞོའི་ཐུག་པ་ལན་ཚྭ་དང་བཅས་པ་འཐུངས་པས་རབ་ཏུ་ཚ་བའི་ཆུ་ནད་རྣམ་པར་སེལ་ལོ། །ཀ་ར་དང་། ཡ་བཀྵ་ར་དང་ཆ་མཉམ་དུ་བཟའ་ཞིང་། ཤོ་བྷ་ཛ་ནའི་རྩ་བའི་ཆང་འཐུངས་ན། ཆུ་སོའི་རྡེའུ་འབྱིན་པར་བྱེད་དོ། །ཨ་རུ་ར་དང་། ཙི་ཏྲ་ཀ་དང་། སྒེ་གཤེར་དང་། དར་བ་འཐུངས་ན་མཆེར་པ་སྐྲངས་པའི་ནད་སེལ་ལོ། །ཟི་ར་དང་། བུ་རམ་བཟའ་བར་བྱས་ན། ཚ་བ་སེལ་བར་བྱེད་དོ། །ཡ་བཀྵ་ར་དང་། ཞོ་འཐུང་བར་བྱས་ན་བེ་སྣབས་འཁྲུ་བའི་ནད་སེལ་བར་བྱེད་དོ། །ཚ་བ་གསུམ་དང་། བྱི་ཏང་ཀ་དང་། རྒྱམ་ཚ་དང་བཅས་པའི་ཐུག་པ་དྲོན་མོ་འཐུངས་ན། མེ་འབར་བ་དང་། སྲིན་བུའི་ནད་སེལ་བར་བྱེད་དོ། །ཨ་རུ་ར་དང་། བུ་རམ་གྱི་བཟའ་བས་འབྲུམ་ནག་གི་ནད་སེལ་བར་བྱེད་དོ། །ཨ་རུ་ར་དང་། སྒ་སྐྱའི་བཟའ་བས་བེ་སྣབས་འཁྲུ་བའི་ནད་སེལ་ལོ། །དཱུར་བ་དང་ཡུང་བ་བཏགས་ནས་བྱུགས་ན་རྔོ་ཤུ་སེལ་བར་བྱེད་དོ། །འདི་ཡིས་དེ་བཞིན་དུ་མེ་དབལ་དང་། ཕོལ་མིག་དང་། ཁྱི་རྨ་ལ་སོགས་པའང་སེལ་བར་བྱེད་དོ། །ཀཱ་ཤ་མར་དྷའི་རྩ་བ་རང་སྐྱུར་ལ་བཏགས་ནས་ཀྱང་དེ་བཞིན་ནོ། །བུ་རམ་དང་ཚ་བའི་མར་ཁུ་འཐུངས་ན་གློ་དང་དབུགས་གདུག་པ་སེལ་བར་བྱེད་དོ། །ཨརྫུ་ནའི་ཤུན་པ་དང་། མར་ལ་སོགས་པ་ཟོས་ན་སྙིང་གི་ཟུག་རྔུ་སེལ་བར་བྱེད་དོ། །ཀ་བེད་བསྲེགས་ལ་བུ་རམ་དང་བཟའ་བར་བྱས་ན། ཁྲག་ཏུ་འཁྲུ་བ་སེལ་བར་བྱེད་དོ། །མ་ཏུ་ལུང་ཀའི་ཁུ་བ་བུ་རམ་དང་བཏུང་བར་བྱས་ན་ཟུག་རྔུ་སེལ་བར་བྱེད་དོ། །བུ་རམ་དང་བཅའ་སྒ་སྣར་བླུགས་ན། ཆམ་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །ཀ་ཏ་ཀྃ་དང་། སྦྲང་གིས་མིག་སྨན་བྱས་ན་མིག་ནད་ཐམས་ཅད་སེལ་བར་བྱེད་དོ། །རང་སྐྱུར་དང་། འབྲུ་མར་དང་། རྒྱམ་ཚ་དང་། དཱུར་བའི་རྩ་བ་


DKG080_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

འཁར་བའི་ནང་དུ་མཉེས་ནས་མིག་སྨན་བྱས་ན་ཟུག་རྔུ་སེལ་བར་བྱེད་དོ། །བུ་རམ་དང་། མར་ཟ་བར་བྱེད་ན། རླུང་དང་། མཁྲིས་པ་དང་། བད་ཀན་དང་། མཛེ་ལ་སོགས་པ་རྣམ་པར་སེལ་བར་བྱེད་དོ། །འབྲས་བུ་གསུམ་གྱི་ཕྱེ་མ། མར་དང་། སྦྲང་དང་བཟའ་བར་བྱས་ན་ནད་ཐམས་ཅད་སེལ་བར་བྱེད་དོ། །ཨ་རུ་རའི་ཕྱེ་མ་དང་། མར་དང་། སྦྲང་དང་། ཕྱི་དྲོའི་དུས་སུ་ལྡགས་ན། རླུང་དང་། བད་ཀན་སེལ་བར་བྱེད་དོ། །བཱ་ཤ་ཀའི་ཡན་ལག་ལྔ་དང་། ཆུ་དག་དང་། ཚངས་མ་དང་། པི་པི་ལིང་རྣམས་སྐམས་ནས་ཕྱེ་མར་བྱས་ཏེ། རྒྱམ་ཚ་དང་། སྦྲང་དང་། རིལ་བུ་བྱས་ཏེ། དེ་ནས་དགོངས་མོ་ཟོས་ན་བད་ཀན་རྣམས་སེལ་ཞིང་ཤིན་ཏུ་དབྱངས་སྙན་པར་བྱེད་དོ། །ཚངས་མ་དང་། ཆུ་དག་དང་། བཅའ་སྒ་དང་། པི་པི་ལིང་དང་། ཨ་རུ་ར་དང་། བ་ཤ་ཀ་དང་། སེང་ལྡེང་རྣམས་སྦྲང་ལ་རིལ་བུ་བྱས་ནས་བཟའ་བར་བྱས་ན་དེ་ལྟ་བུའི་འབྲས་བུ་ཉིད་དོ། །ལ་ཕུག་དང་། བཅའ་སྒ་དང་། ཨ་རུ་ར་དང་། རྒྱམ་ཚ་དང་ཆ་མཉམ་པོར་བཟའ་བར་བྱས་ན། མ་ཞུ་བ་ཐམས་ཅད་སེལ་བར་བྱེད་དོ། །སླེ་ཏྲེས་ཀྱི་ཁུ་བ་དང་། སྦྲང་འཐུང་བར་བྱས་ན་ཆུ་ནད་ཐམས་ཅད་སེལ་བར་བྱེད་དོ། །འོ་མ་དང་། པི་པི་ལིང་གི་ཕྱེ་མ་མར་དང་། སྦྲང་དང་འཐུང་བར་བྱས་ན། ཚ་བ་དང་། སྙིང་ནད་དང་། གློ་ལ་སོགས་པ་སེལ་བར་བྱེད་དོ། །ལཛྫ་ལུ་དང་། ཤ་ར་པུང་ཀའི་རྩ་བ་འབྲས་ཁུ་གྲང་མོས་བཏགས་ནས་བྱུག་པར་བྱའོ། །སླེ་ཏྲེས་ཀྱི་རྩ་བ་བཟའ་བར་བྱས་ན། རྩ་ནང་གི་རྨ་འཚོ་བར་བྱེད་དོ། །བཅའ་སྒ་དང་། ཡ་བཀྵ་ར་བཟའ་བར་བྱས་ན་ལྟོགས་པ་སེལ་བར་བྱེད་དོ། །ཛ་ཡན་ཏའི་ས་བོན་དང་། ཕོ་བ་རིས་ཉི་མ་གསུམ་འཐུང་བར་བྱས་ན་སྡིག་པའི་ནད་འབྲུམ་ནག་སེལ་བར་བྱེད་དོ། །འབྲས་བུ་གསུམ་དང་། རམས་དང་། ས་ནག་པོ་དང་། བྷྲྀཾ་ག་རཱ་ཛའི་ཁུ་བ་དང་། ཨ་མྲའི་ས་བོན་དང་། ལྕགས་ཀྱི་ཕྱེ་མ་རང་སྐྱུར་དང་བསྙལ་ནས་བསིང་བར་བྱའོ། །དེ་ནས་གུ་གུལ་གྱིས་སྐྲ་ལ་བདུགས་ནས་དེ་ཡིས་མཉེ་བར་བྱའོ། །དེ་ནས་ཞག་བདུན་བཅིངས་ནས་གཞག་པར་བྱའོ། །སྐྲ་ཁ་བསྒྱུར་བའོ། །རྨ་བྱའི་མཁྲིས་པ་དང་། བྷྲྀཾ་ག་རཱ་ཛའི་ཁུ་བ་དག་


DKG080_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མར་ལ་བཙོས་ནས་སྣར་བླུགས་ན་ཞག་བདུན་གྱིས་སྐྲའི་མདོག་ནག་པོར་འགྱུར་རོ། །ཕུ་ནར་ན་བ་དང་རཎྜ་དག་གི་ཐང་བཅུ་དྲུག་འགྱུར་གྱི་བར་དུ་ཆ་གཅིག་ལུས་ཀྱི་བར་དུ་བསྐོལ་བར་བྱའོ། །དེ་ནས་གྷུཉྫ་དཀར་པོའི་ཕྱེ་མ་བླུགས་ནས་དཀྲུག་པར་བྱའོ། །དེ་ནས་འབྲུ་མར་ཁམ་ཕོར་གང་དང་བཙོ་བར་བྱའོ། །འདིས་སྐྲ་དང་མཉེས་པས་སྐྲ་ཁ་དོག་ནག་པོར་འགྱུར་རོ། །བྷུ་མི་བི་དཱ་རཱི་དང་། ཚ་བ་གསུམ་དང་། མུ་ཟི་དང་མཉམ་པོ་ཕྱེ་མར་བྱས་ནས་སྡོང་བུའི་ནང་དུ་བཅུག་ནས། སྡོང་བུ་ཁ་ཐུར་དུ་བསྟན་ནས་མེ་སྦར་ནས་རིམ་པར་ཚ་བའི་འབྲུ་མར་བླངས་ནས། རྟག་ཏུ་ཐིགས་པ་གཉིས་སྣ་ཡིས་འཐུངས་ན། སྐྲ་དཀར་དང་གཉེར་མ་དང་བྲལ་བར་འགྱུར་རོ། །དེའི་ཁུ་བས་མཛེ་ལ་བྱུགས་ཤིང་མཉེས་ན་མཛེ་ནད་སེལ་བར་བྱེད་དོ། །མར་གསར་པ་ཡིས་མཉེས་ནས་ལྡོང་རོས་དྲུག་ནམ་གཅིག་དང་བཅས་ཏེ་དངུལ་ཆུ་སྲང་གཅིག་དང་། ཤ་ལིང་རྩ་དང་། ལོ་ཎི་ཨའི་གོང་བུ་དང་། ལུགས་ཀོང་གི་ཁ་བཀབ་ནས། བུམ་པའི་འཁྲུལ་འཁོར་གྱི་ནང་དུ་བྱེ་མ་དང་བཅས་པ་མེ་ལ་བསྲེག་པར་བྱའོ། །དངུལ་ཆུ་བཅིང་བ་བཟའ་བར་བྱས་ན། ཟད་བྱེད་ལ་སོགས་པའི་ནད་སེལ་བར་བྱེད་དོ། །བའི་བེའུ་སྐྱེས་པའི་དང་པོའི་ལྕི་བ་བླངས་ནས་རིལ་བུ་བྱས་ཏེ་པིཎྜ་ཏ་ག་རའི་རྩ་བ་དང་མཉེས་ནས་བཅིང་བར་བྱའོ། །སོར་གཅིག་ཟོས་ནས་དུག་ཟོས་ན་ཡང་གནོད་པར་མི་འགྱུར་རོ། །ཛམ་བུའི་ས་བོན་དང་། བཱི་ཛ་པཱུ་ར་ཀའི་ས་བོན་དང་། ཤ་རི་ཥའི་ས་བོན་དང་བཏགས་ནས་རའི་འོ་མ་ལ་བཙོ་བར་བྱས་ནས་མར་དང་བཟའ་བར་བྱས་ན། ཟླ་བ་ཕྱེད་དུ་ལྟོགས་པར་མི་འགྱུར་རོ། །སྐྱུ་རུ་ར་དང་། རུ་རྟ་དང་། ཨུཏྤ་ལ་དང་། སྤང་སྤོས་དང་། བཱ་ལ་དང་། དེ་རྣམས་ཀྱིས་བྱུགས་ན་སྐྲ་སྲབ་མོ་ཡང་ཚན་མཐུག་པོར་འགྱུར་རོ། །ཁྱིའི་མཆེ་བ་དུ་བའི་ནང་དུ་བསྲེགས་ནས་འོ་མ་དང་མར་དང་བཅས་པས་མཉེ་བར་བྱས་ན་སྐྲ་མ་སྐྱེས་པ་ཡང་སྐྱེ་བར་འགྱུར་རོ། །ན་རི་ཀེ་ལའི་ཆུ་ལ་སྐྱེས་བུའི་དབང་པོ་ཅུང་ཟད་བར་དུ་བཞག་ནས་སུ་ར་སུ་ན་ཕྱེ་མ་བྱིན་ན་སྐྱེས་བུའི་དབང་པོའི་ཤུ་བའི་ནད་སེལ་བར་བྱེད་དོ། །རྒྱལ་གྱི་ཟླ་བ་ལ་བྷྲྀཾ་


DKG080_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ག་རཱ་ཛའི་རྩ་བ་རང་གི་ཁུ་བ་དང་སྦྱར་ནས་བྱུགས་ན་དེ་བཞིན་ནོ། །ཀ་ར་བཱི་ར་དཀར་པོའི་འཁྲི་ཤིང་དང་། རྩངས་པའི་ཁྲག་གིས་མཉེ་བར་བྱས་ནས། ཤྨ་ཐཻ་དང་། ་བྷྲྀཾ་ག་རཱ་ཛ་མཉེས་ནས་རབ་ཏུ་བྱུགས་ན་ཡང་དེ་བཞིན་དུ་འགྱུར་རོ། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ལས། ནད་འཕེལ་བ་གཞོམ་པའི་རིམ་པར་ཕྱེ་བ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨ་པ་ར་ཛི་ཀ་དཀར་པོའི་རྩ་བ་དང་། ཁུ་བ་རིལ་བུ་བྱས་ནས་ཐིག་ལེ་བྱས་ན་བུད་མེད་དབང་དུ་འགྱུར་རོ། །བྲཧྨཱ་དཎྜཱི་དང་། ཤུ་དག་དང་། རུ་རྟ་དང་། སྦྲང་ལིང་ག་ལ་བྱུགས་ནས་མཉེས་ནས་བུད་མེད་ལ་འདོད་པ་བྱས་ན་དབང་དུ་འགྱུར་རོ། །བོང་བུའི་ཁུ་བ་དང་། ཆུ་སྐྱེས་ཀྱི་གེ་སར་བཏགས་ནས། རྒྱལ་མཚན་ལ་བྱུགས་ཏེ་དཎྜ་ཨུཏྤ་ལ་དང་། རུ་རྟ་དང་། གོ་ལ་བྱིན་ན་ཡང་དེ་བཞིན་དུ་འགྱུར་རོ། །བྲཧྨཱ་དཎྜཱི་དང་། བྱི་ཏཾ་ག་དང་། རུ་རྟ་དང་། ནཱ་ག་གེ་སར་དང་། གོ་ལ་བྱིན་ན་དབང་དུ་འགྱུར་རོ། །བྱུགས་ནས་འདོད་པ་བྱས་ན་དབང་དུ་འགྱུར་རོ། །བུ་ཆུང་སོ་མ་སྐྱེས་པའི་ལྕེ་བླངས་ཏེ། གི་ཝང་དང་། བྷྲྀཾ་ག་རཱ་ཛ་དང་། སྐར་མ་རྒྱལ་ལ་རིལ་བུ་བྱས་ནས་ཐིག་ལེ་བྱས་ན་དབང་དུ་འགྱུར་རོ། །གི་ཝང་གི་རང་བྱུང་གི་མེ་ཏོག་ལ་སྤངས་ནས་ཐིག་ལེ་བྱས་ན་དབང་དུ་འགྱུར་རོ། །དུར་ཁྲོད་ཀྱི་དུ་བས་བདུགས་ནས་བུད་མེད་ལ་བསྣུན་ན་དབང་དུ་འགྱུར་རོ། །མ་ཡཱུ་ར་ཤི་ཁ་དང་། བྱ་རོག་གི་ལྕེ་དང་། རོའི་མེ་ཏོག་རྙིང་པ་སྐམ་པོའི་ཕྱེ་མ་གང་གི་སྤྱི་བོར་བྱིན་པ་དེ་དབང་དུ་འགྱུར་རོ། །བ་བླ་དང་བྱ་རོག་གི་བྲུན་བཏགས་ནས་བཟའ་བ་དང་བཏུང་བར་བྱིན་ན་དབང་དུ་འགྱུར་རོ། །བིཥྞུ་ཀྲཱནྟའི་རྩ་བ་ལིང་ག་ལ་བྱུགས་ནས་དགའ་བར་བྱས་ན་དེ་བཞིན་ནོ། །རྒྱུ་སྐར་རྒྱལ་ལ་དྷུ་ཏུ་རའི་རྩ་བ་དང་འབྲས་བུ་བླངས་ནས། རྒྱུ་སྐར་སྐག་ལ་ཤུན་པ་བླངས། ཧ་སྟ་ལ་ལོ་མ་བླངས། ནག་པ་ལ་མེ་ཏོག་བླངས། མཱུ་ལ་ལ་རྩ་བ་བླངས་ལ། ཆ་མཉམ་པོར་ཕྱེ་མར་བྱས་ནས། སྦྲང་དང་རིལ་བུ་བྱས་ནས། རས་སྦངས་ཏེ་སྐམ་པོར་བྱའོ། །གོ་ལ་བྱིན་ནས་ཕྱེ་མ་ཡིས་དབང་དུ་བྱེད་དོ། །ཁྱི་སྨྱོན་པའི་རྐང་པ་གཡས་


DKG080_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སོར་མོ་སོལ་བའི་མེ་ལ་བསྲེགས་ནས་གང་གི་མིང་བྲིས་ཏེ་ཆེ་གེ་མོ་ཁུག་ཅིག་ཅེས་པས་དེ་འོང་བར་བྱེད་དོ། །དུ་བ་མེད་པའི་མེ་ལ་བསྲོ་བར་བྱའོ། །མ་ཡཱུ་ར་ཤི་ཁ་དྲི་མ་ལྔའི་བཟའ་བ་ལ་སོགས་པ་བྱིན་ན་དབང་དུ་འགྱུར་རོ། །ཨ་པ་ར་ཛི་ཏའི་རྩ་བ་སྐར་མ་རྒྱལ་ལ་བཏོན་ནས་རས་ལ་ཡང་དག་པར་བསྒོས་པའི་སྡོང་བུས་མིའི་ཐོད་པ་ལ་མིག་སྨན་དུ་བྱའོ། །དེའི་མིག་སྨན་གྱིས་སྐྱེས་པ་དང་། བུད་མེད་དབང་དུ་འགྱུར་རོ། །དཎྜ་ཨུཏྤ་ལའི་རྩ་བ་དང་། དྲི་མ་ལྔ་དང་བྱིན་ན་དབང་དུ་བྱེད་པར་འགྱུར་རོ། །བི་ཌཾ་ག་དང་། ཏ་ག་ར་དང་། རུ་རྟ་ཆང་དང་བྱིན་ན་མི་འདོད་པ་ཉམས་པར་བྱེད་དོ། །ལྡོང་རོས་དང་། ནཱ་ག་གེ་སར་ཕྱེ་མ་དང་། པྲི་ཡང་ཀུ་དང་། གི་ཝང་རྣམས་ཀྱིས་མིག་སྨན་བྱས་ན་དབང་དུ་བྱེད་དོ། །གླ་བ་དང་། ལཛྫ་ལུ་དང་། དྷུ་ཏུ་ར་དང་། ས་ཧ་དེ་བ་དང་རྣམས་ཀྱིས་ཐིག་ལེ་བྱས་ན། འཇིག་རྟེན་གསུམ་པོ་དབང་དུ་བྱེད་དོ་ཞེས་ཏེ། ཨོཾ་ཙ་ལ་ཙི་ཏེ། ཙི་ལི་ཙི་ལི་ཙུ་ལུ་ཙུ་ལུ་ཙེ་ཏོ་མུཉྩ་མུཉྩ་སྭཱ་ཧཱ། རང་གི་ལིང་གའི་སྟེང་དུ་ཀ་ར་བཱི་ར་དམར་པོའི་མེ་ཏོག་བཞག་ནས་སྟོང་ཕྲག་གཅིག་བཟླས་པར་བྱའོ། །མིང་གི་མཐའ་བརྟེན་ནས་སོ། །གང་གི་མདུན་དུ་སྔགས་བཟླས་ནས་ཟངས་མའི་ཁབ་ཀྱིས་ཕུག་ནས་བསྐོར་བས་དེ་དབང་དུ་འགྱུར་རོ། །སྔོན་བསྙེན་པ་སྟོང་ཕྲག་བཅུ་མིང་དང་བྲལ་བར་བྱས་ནས། ན་མཿཙཎྜཱ་ལི་ཆེ་གེ་མོ་བ་ཤཱི་ཀུ་རུ་སྭཱ་ཧཱ། བསྙེན་པ་དང་བཅས་པས་དུར་ཁྲོད་ཀྱི་ཐལ་བ་ནག་པོའི་བཅུ་བཞི་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས། བུད་མེད་སྤྱི་བོར་བྱིན་ན་དབང་དུ་འགྱུར་རོ། །རའི་ལིང་ག་བླངས་ནས་རྐེད་པ་ལ་དུར་ཁྲོད་ཀྱི་སྲད་བུས་བཅིང་བར་བྱའོ། །ཡང་ན་རྩངས་པའི་མཇུག་མ་བཅིངས་ན་ཁམས་འཛིན་པར་འགྱུར་རོ། །མཆོག་ཏུ་བདེ་བའི་ཡིད་གཅིག་པུས་མཻ་ཐུ་ན་བྱ་སྟེ་བརྟན་པའི་སྦྱོར་བས་སོ། །རྟག་ཏུ་སེམས་མེད་པ་བཞིན་དུ་གྱུར་ནས། ཁམས་མཆོག་ཏུ་འཆིང་བར་བྱེད་དོ། །མཱུ་ལཾ་སི་ཏ་ཀོ་ཀི་ལཱ་ཁྱ་སྱ། ཡང་ན་དྷུ་ཏུ་ར་གོས་དང་བྲལ་ཞིང་མདོམས་དཀྲིས་དང་བྲལ་སྐྲ་གྲོལ་བས་བཏོན་ནས་བཅིངས་ན་ཁམས་འཆིང་བར་བྱེད་དོ། །བྱི་ལ་ནག་པོའི་རྐང་པའི་རུས་པ་བཅིངས་ན་ཁམས་འཆིང་བར་བྱེད་དོ། །ཤ་ར་པུང་ཥཱ་དཀར་པོའི་རྩ་བས་བཅིངས་ན་ཡང་ཁམས་འཆིང་བར་བྱེད་དོ། །ས་ཎ་མཱུ་ལ་དང་། གོ་ལ་ལ་གལ་ཏེ་ན། སུ་ར་སུན་ན་ཀ་ཟོས་ནས་མཻ་ཐུ་ན་སྔོན་


DKG080_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱས་ན་ཁམས་འཆིང་བའི་མཆོག་གོ། །འཇམ་འབྲས་ཀྱི་ནང་བྲུས་ནས་དངུལ་ཆུས་བཀང་ནས་རྐེད་པ་ལ་བཅིངས་ན་ཁམས་འཛིན་པར་འགྱུར་རོ། །དེ་བཞིན་དུ་ཕག་གི་ཚིལ་གྱིས་ཨར་ཀའི་བལ་དཀར་པོ་ལ་སྡོང་བུ་བྱས་ནས་མིག་སྨན་བྱས་ན་ཁམས་འཆིང་ངོ་། །སའི་འཁྲི་ཤིང་གི་ཕྱེ་མས་སྡོང་བུ་ལ་ཏིལ་གྱི་འབྲུ་མར་བསྲེག་པར་བྱའོ། །ཁམས་འཆིང་བར་བྱེད་དོ། །སའི་འཁྲི་ཤིང་ཕྱེ་མར་བྱས་ནས་ཏིལ་གྱི་འབྲུ་མར་གུར་གུམ་གྱི་མར་ཁུ་དང་བཙོས་ནས། དེ་ཡིས་རྐང་པ་ལ་མཉེས་ན་ཁམས་འཆིང་ངོ་། །སྦལ་པའི་ཞག་དང་སྡིག་པ་དག་རའི་འོ་མ་དང་སྦྱར་ནས་དེས་རྐང་པ་ལ་བྱུགས་ན་ཁམས་འཆིང་ངོ་། །ཀཱ་ཀ་ཛི་གྷ་དཀར་པོའི་རྩ་བ་དང་། པདྨ་དཀར་པོ་ཀེ་ཤ་ར་སྦྲང་དང་ལྟེ་བར་བྱུགས་ན་ཁམས་འཛིན་ནོ། །གླང་གི་རྭ་གྱེན་དུ་སྐྱེས་པ་བླངས་ནས་བདར་ཏེ། ལིང་ག་ལ་བྱུགས་ན་ལིང་ག་གྱེན་དུ་བྱེད་དོ། །ཀ་པི་ཀཙྪའི་རྩ་བ་བདར་ནས་རའི་ཆུ་དང་བཏགས་ནས་ལིང་ག་ལ་བྱུགས་ནས་མཉེས་ན་མཁྲང་པོར་བྱེད་དོ། །ལན་གཉིས་སམ་གསུམ་དུའོ། །ཆུ་དྲོན་མོས་བཀྲུས་ན་ཞི་བར་འགྱུར་རོ། །འགྲོན་བུའི་ནང་དུ་དངུལ་ཆུས་བཀང་ནས་ཁར་བཅུག་ན་ཁམས་འཆིང་ངོ་། །རའི་ཆུ་དང་། ཨིཎྜ་བཱ་རུ་ཎཱི་ཉི་མ་བདུན་དུ་སྤང་བར་བྱའོ། །དེས་མཉེས་ན་ལིང་ག་གྱེན་དུ་བྱེད་དོ། །ཌོ་ཥ་ཎིའི་རྩ་བ་དང་། ཀ་མ་ཙིའི་རྩ་བ་དང་། དྷུ་ཏུ་རའི་ས་བོན་དང་། ཀ་སྟུར་དང་མཉེས་ནས་ལིང་ག་ལ་བྱུགས་ནས་བུད་མེད་ལ་འཁྲིག་པ་བྱའོ། །རྒྱམ་ཚ་དང་ཚ་ལ་དང་། ཀསྟུ་ར་དང་། གྷོ་ཥའི་ཕྱེ་མ་སྦྲང་དང་བྱུགས་ན་ཡང་དེ་བཞིན་ནོ། །ཕུག་རོན་གྱི་བྲུན་དང་། སྦྲང་ལིང་ག་ལ་བྱུགས་ནས་འདོད་པ་བྱས་ན་བུད་མེད་འཛག་པར་བྱེད་དོ། །ཀ་མ་ཙིའི་རྩ་བ་དང་། གོ་ལ་བུད་མེད་དང་དགའ་བའི་དུས་སུ་ཟོས་ན་དེ་འཛག་པར་བྱེད་དོ། །བསེ་ཡབ་སྨིན་པ་དང་། ལ་སི་ཀཾ་དང་། རྒྱམ་ཚ་དང་བསྲེས་ནས་རང་གི་མཛུབ་མོ་ལ་བྱུགས་ནས་དེའི་བྷ་གའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ལ་ཇི་སྲིད་བསྐྱོད་པས་དེ་འཛག་པར་བྱེད་དོ། །ག་པུར་དང་། ཚ་ལ་དང་། དངུལ་ཆུ་དང་། ཧ་སྟེ་པི་པི་ལིང་དང་། སྦྲང་གིས་བྱུགས་པས་བུད་མེད་འཛག་པར་བྱེད་དོ། །རཱ་མ་དུ་ཏིའི་རྩ་བ་དང་། ལོ་མ་དང་བཅས་པ་ལིང་ག་ལ་མཉེས་ནས་མཻ་ཐུ་ན་བྱས་པས་བུད་མེད་འཛག་པར་བྱེད་དོ། །ཛ་


DKG080_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཏིའི་རྩ་བ་དང་བཏགས་ནས་འབྲས་ཀྱི་ཆུ་དང་བསྲེས་ནས་རྡུལ་དང་ལྡན་པའི་སྐྱེ་གནས་ལ་བྱུགས་ན་མོ་ཤམ་དུ་ཐེ་ཚོམ་མི་ཟའོ། །པ་ལཱ་ཤའི་ས་བོན་མཉེས་ནས་བྱུགས་ནས། སྦྲང་དང་མར་གསར་པའི་བཏུང་བ་དང་། ཙི་ཏྲ་དམར་པོས་མོ་ཤམ་དུ་ཐེ་ཚོམ་མེད་དོ། །ཆག་པ་དང་། ཕྱེ་མ་ལེབ་ཀྱི་ཕྱེ་མས་སྐྱེ་གནས་ལྷོད་པ་ལ་བྱིན་ན་མཁྲང་པོར་འགྱུར་རོ། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ལས། ཁམས་བཅིང་བ་ལ་སོགས་པའི་རིམ་པར་ཕྱེ་བ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྔགས་དང་འཁྲུལ་འཁོར་སོགས་མཁས་པའི། །སྣ་ཚོགས་དབྱེ་བ་གསུངས་པ་དང་། ཁྱབ་བདག་དེ་བཞིན་ངོ་མཚར་དང་། །རླུང་གི་སྦྱོར་བ་མ་ལུས་དང་། །དེ་བཞིན་དུས་ཀྱི་མཚན་ཉིད་དང་། །གཞན་ཡང་བདག་ནི་ཉན་པར་འཚལ། །རང་གཟུགས་ལུས་ཀྱི་འཁྲུལ་འཁོར་གྱིས། །ད་ལྟ་བཀའ་དྲིན་མཛད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་མཛད་ནས། །གང་འདིར་ཁྱོད་ཀྱིས་གསོལ་བཏབ་པ། །ཀུན་གྱི་རྣམ་པར་ཤེས་བསྡུས་པ། །དེ་ནས་བདག་གིས་རབ་བཤད་བྱ། །ཨོཾ་ཛྭཱ་ལཱ་ཀ་རཱ་ལ་བ་ད་ནེ། ཧ་ས་ཧ་ས། ཧ་ལཱ་ཧ་ལ་བཛྲེ་སུ་བཛྲེ་སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་མེ་གྷ་བཱ་ཏ། བྲྀཥྚིཾ་སྟམྦྷ་ཡ། སྟམྦྷ་ཡ། སྥོ་ཊ་ཡ་སྥོ་ཊ་ཡ། ཡཿཡཿཡཿསརྦ་པཱ་ནཱི་ཡཾ་ཤོ་ཥ་ཡ། ཤོ་ཥ་ཡ་ཧཱུྃ་ཕཊ། སྔགས་འདི་བཟླས་ནས་ནམ་མཁའ་ལ་ཁྲོ་བོའི་ལྟ་བས་བལྟ་བར་བྱའོ། །རླུང་དང་སྤྲིན་ལ་སོགས་པ་འཇིག་པར་བྱེད་དོ། །ཨོཾ་ཕེ་ཊ་ཀཱ་ར་ཕེཾ་ཕེཾ་ཧ་ཧ་ཧཱ་ཧཱ་ཕཊ། དུར་ཁྲོད་དུ་རོལ་པའི་སྔགས་སོ། །ཨོཾ་སརྦ་བིདྱཱ་དྷི་པ་ཏ་ཡེ། པ་ར་ཡནྟྲ་མནྟྲ། ནཱ་ཤ་ནེ་སརྦ་ཌཱ་ཀི་ནཱི་ནཱཾ། ཏྲཱ་ས་ཡ་ཏྲཱ་ས་ཡ། བནྡྷ་ཡ་བནྡྷ་ཡ། མུ་ཁཾ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུྃ་ཕཊ། ཞེས་པ་ནི་གྲོང་ཁྱེར་དུ་འཇུག་པའི་སྔགས་སོ། །ཨོཾ་ཧི་ལི་ཧི་ལི་ཕུཿཕུཿ། ཞེས་པ་འདིས་ས་ལ་མངོན་པར་བསྔགས་ནས་རྡུལ་གྱིས་གཏོར་ན་སྦྲུལ་འབྲོས་པར་འགྱུར་རོ། །མམྨཱ་མམྨཱ། ཞེས་བརྗོད་ན་སྟག་འབྲོས་པར་འགྱུར་རོ། །བེ་དུ་ཨཱ་བེ་དུ་ཨཱ། ཞེས་པ་འདིས་གླང་པོ་ཆེ་འབྲོས་པར་འགྱུར་རོ། །ཏེ་ལླི་ཨཱ་ཏེ་ལླི་ཨཱ། ཞེས་པ་འདིས་བསེ་འབྲོས་པར་


DKG080_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཨོཾ་ཧྲཱིཾ་བ་ཊུ་ཀ་ནཱ་ཐ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཞེས་པས་ལག་པ་གཡོན་པའི་སྡིགས་མཛུབ་ཀྱིས་བརྡུངས་པས་ཁྱི་འབྲོས་པར་འགྱུར་རོ། །ཨོཾ་ཡ་མཱནྟ་ཀ་ཧྲཱྀཿཥྚྲཱྀཿཧཱུྃ་ཧཱུྃ་ཕཊ་ཕཊ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཙཎྜ་པྲ་ཙཎྜ་ཧཱུྃ་ཕཊ། ཞེས་པ་འདིས་མ་ཧེ་འབྲོས་པར་འགྱུར་རོ། །ཨོཾ་ཡ་མ་མར་ད་ནེ་མཱརྡ་ཡ་མཱརྡ་ཡ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཞེས་པ་འདིས་སྡིག་པའི་ནད་འབྲོས་པར་འགྱུར་རོ། །ཨོཾ་ཀྲོ་དྷ་ནེ་སཾ་ཀྲོ་དྷ་ནེ་བྷེ་ད་ནཱ་ཡ་ཧཱུྃ་ཕཊ། ཆུ་ལ་མངོན་པར་བསྔགས་ནས་བྱིན་ན་ཟུག་རྔུ་འབྱིན་པར་འགྱུར་རོ། །ཨོཾ་སཾ་ཏྲཱ་ས་ནེ་མོ་ཧ་ནཱ་ཡ་ཧཱུྃ་ཕཊ། ཞེས་པ་འདིས་སྤྱི་བོར་བཅིངས་ན་སྲུང་བར་འགྱུར་རོ། །ཨོཾ་ཨ་ཙ་ལེ་སཾ་ཙ་ལེ་ཆེ་གེ་མོ་མུ་ཁཾ་ཀཱི་ལ་ཡ་ཧཱུྃ་ཕཊ། སྤྲ་ཚིལ་ལས་གཟུགས་བརྙན་སོར་བཞི་པ་བྱས་ནས། གྲོ་ག་ལ་བ་བླས་བྲིས་ནས་དེའི་ཁར་བཅུག་ན་ཕུར་བུས་འདེབས་པར་འགྱུར་རོ། །ལམ་གྱི་བཞི་མདོར་བརྐོས་ནས་སྦས་ན་ཕྱིར་རྒོལ་གྱི་ཁ་ཕུར་བུས་བཏབ་པར་འགྱུར་རོ། །ཨོཾ་སརྦ་མཱར་བྷཉྫ་ནེ་ཆེ་གེ་མོ་རྐང་པ་ལ་ཀཱི་ལ་ཡ་ཧཱུྃ་ཕཊ། སྔོན་མ་བཞིན་དུ་སྙིང་གར་བཅུག་ན་རྐང་པ་དག་ཕུར་བུས་བཏབ་ནས་འགྲོ་བ་དང་འོང་བ་རེངས་པར་འགྱུར་རོ། །ཨོཾ་བི་ཀྲྀ་ཏཱ་ནན་པ་ར་བ་ལ་བྷཉྫ་ནེ། བྷཉྫ་ཡ་བྷཉྫ་ཡ། སྟམྦྷ་ཡ་སྟམྦྷ་ཡ། བཛྲ་པཱ་ཤེ་ན་ཆེ་གེ་མོའི་དམག་གི་སྡེ་བནྡྷ་བནྡྷ། སྟམྦྷ་ཡ་སྟམྦྷ་ཡ་ཧཱུྃ་ཕཊ། ཁཿགཿཧཱ་ཧཱ་ཧཱི་ཧཱི་ཕེཾ་ཕེཾ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། སྔོན་མ་བཞིན་དུ་རབ་ཏུ་བཅུག་ན་དམག་དཔོན་གྱི་ཡན་ལག་བརྒྱད་ལ་ཕུར་བུས་བཏབ་པར་འགྱུར་རོ། །མེ་ཐབ་ཀྱི་འོག་ཏུ་བརྐོས་ནས་མགོ་ཐུར་དུ་བསྟན་ནས་སྦས་ན་ཕ་རོལ་གྱི་དམག་ཚོགས་འོང་བ་རེངས་པར་འགྱུར་རོ། །ཨོཾ་ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། ཛྭ་ར་ཛྭ་ར། ཛྭཱ་ལ་ཡ་ཛྭཱ་ལ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། གྲྀཧྞ་གྲྀཧྞ། ཛྭ་ལ་ཛྭ་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ་སྭཱ་ཧཱ། དུར་ཁྲོད་ཀྱི་གོས་ལ་དུག་དང་། སྐེ་ཚེས་གཟུགས་བརྙན་སོར་བརྒྱད་པའི་ཚད་ཀྱི་ལྷ་སྦྱིན་བྲིས་ལ་ཕྲེང་བའི་སྔགས་ཀྱིས་བསྐོར་ནས། སྤྲ་ཚིལ་གྱི་གཟུགས་བརྙན་གྱི་སྙིང་གར་བཅུག་ནས། ཤི་རི་ཁཎྜའི་ཤིང་གི་རང་བཞིན་གྱི་ནང་དུ་གཞུག་པར་བྱའོ། །དེ་ནས་ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཆེ་གེ་མོ་ཛྭ་རེ་ཎ་གྲྀཧྞཱ་པ་ཡ་ཧཱུྃ་ཕཊ། ཞེས་བཟླས་ནས་དུར་ཁྲོད་ཀྱི་མེ་ལ་བདུག་པར་བྱའོ། །ཡང་ན་སེང་ལྡེང་དང་རག་ཆུང་གི་མེ་ལའོ། །དགྲ་བོ་རིམས་ཀྱིས་


DKG080_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པར་འགྱུར་རོ། །ཨོཾ་ཛ་ཡ་ཛ་ཡ་པ་རཱ་ཛ་ཡ་ནི་ར་ཛི་ཏེ་ཡ་ཧཱི་ཧཱི། ཧཱ་ཧཱ། སྥོ་ཊ་ཡ་སྥོ་ཊ་ཡ། ཨུཙྪཱ་ཊ་ཡ་ཨུཙྪཱ་ཊ་ཡ་ཤཱི་གྷྲཾ་ཀརྨ་ཀུ་རུ། ་ཀུ་རུ། རཀྵ་རཀྵ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། དུར་ཁྲོད་ཀྱི་གོས་ལ་བྲིས་ནས་སྐུད་པ་སྔོན་པོས་ལན་བརྒྱད་དཀྲིས་ནས་དཔུང་པའམ་མགུལ་པའམ། མགོའམ། རྐེད་པ་ལ་བཏགས་ན་ཕ་རོལ་གྱི་འཁྲུལ་འཁོར་གྱི་མཐུ་མེད་པར་འགྱུར་རོ། །ཨོཾ་ཙཎྜ་མ་ཧཱ་སེ་ན་གྲ་ས་གྲ་ས། ཁ་ཁ་ཁཱ་ཧི་ཁཱ་ཧི། ཤོ་ཥ་ཡ་ཤོ་ཥ་ཡ། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། ཆེ་གེ་མོ་ཧཱུཾ་ཕཊ། དུར་ཁྲོད་ཀྱི་རས་ལ་སྔོན་བཞིན་དུ་བྲིས་ནས། གཟུགས་བརྙན་གྱི་ནང་དུ་བཅུག་ནས། མིའི་རུས་པའི་ཕུར་བུ་སོར་གཅིག་པའི་ཚད་དམ། ཡང་ན་ལྕགས་ཀྱི་ཕུར་བུས་བཏབ་ནས། དུར་ཁྲོད་དུ་ས་བརྐོས་ནས་མགོ་ཐུར་དུ་བསྟན་ནས་སྦས་ན། ཞག་བདུན་གྱིས་འཆི་བར་འགྱུར་རོ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཆེ་གེ་མོ་ཨུཙྪཱ་ཊ་ཡ་ཧཱུྃ་ཕཊ། ནིམ་པ་དང་། བྱ་རོག་གི་ཚི་ལུ་བླངས་ནས་དུར་ཁྲོད་ཀྱི་མེ་ལ་བསྲེགས་ནས། ཐལ་བ་ལ་མངོན་པར་བསྔགས་ནས་སྒོ་ལ་གཏོང་ནས་རྔ་མོའི་སྟེང་དུ་བསྐྱོན་ནས་མགུལ་པ་ཞགས་པས་བཅིངས་ནས་ལྷོ་ཕྱོགས་སུ་ཁྱེར་བར་བསམ་པར་བྱའོ། །སྐྲོད་པར་བྱེད་དོ། །ཨོཾ་དྭེ་ཥ་ཎེ་དྭེ་ཥ་བཛྲེ་ཆེ་གེ་མོ་དང་ཆེ་གེ་མོ་རྣམ་པར་ཞེ་སྡང་བར་གྱིས་ཤིག། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཁྱི་གཉིས་འཐབ་པའི་རྡུལ་བླངས་ནས་ལག་པ་གཡས་པས་གཟུགས་བརྙན་གཉིས་ལ་བསྣུན་ན་ཕན་ཚུན་དུ་ཞེ་སྡང་བར་བྱེད་དོ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧྀ་པཱ་ཧྀགྷོ་ར་རཱུ་པེ། ཙ་ཊ་ཙ་ཊ། པྲ་ཙ་ཊ་པྲ་ཙ་ཊ། ཧ་ན་ཧ་ན། གྷཱ་ཏ་ཡ་གྷཱ་ཏ་ཡ། ཀ་ཧ་ཀ་ཧ། པྲ་སྥུ་ར་པྲ་སྥུ་ར། པྲ་སྥཱ་ར་ཡ་པྲ་སྥཱ་ར་ཡ། ཀཱི་ལ་ཡ་ཀཱི་ལ་ཡ། ཛམྦྷ་ཡ་ཛམྦྷ་ཡ། སྟམྦྷ་ཡ་སྟམྦྷ་ཡ། ཆེ་གེ་མོ་ཧཱུྃ་ཕཊ། གྲོག་ལ་རུས་སྦལ་ལེ་བརྒན་རྩིས་ཡང་དག་པར་བྲིས་ནས་སོར་དྲུག་པའི་རྐང་པ་བཞི་པོ་རྣམས་ལ་ཧྲི་ཡིག་དང་། ཁའི་ནང་དུ་གི་ཡི་གེ་དང་ལྟོ་བར་ཧྲི་གཉིས་བྲིས་ནས་རྒྱབ་ཏུ་དབང་དུ་བྱ་བའོ། །ཕྱི་ནས་ཕྲེང་བའི་སྔགས་ཀྱིས་ཡང་དག་པར་བསྐོར་ནས་མཆོད་པ་དང་། བསྟོད་པ་ཡང་དག་པར་བརྩམ་པར་བྱའོ། །སོ་ཕག་གི་སྟེང་དུ་བཞག་ནས་རུས་སྦལ་གྱི་ཁོག་པས་དགབ་པར་བྱའོ། །སྲད་བུ་དམར་པོས་དཀྲི་བར་བྱའོ། །རྐང་པ་དག་


DKG080_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་པའི་གོས་གཞུག་པར་བྱའོ། །རྐང་པ་གཡོན་པས་བསྣུན་ཞིང་ཆེ་གེ་མོ་བདག་གི་དབང་དུ་གྱིས་ཤིག་ལན་བདུན་གྱིས་དགྲ་བོ་ཁ་བཅིངས་པར་འགྱུར་རོ། །ཨོཾ་ཙི་ལི་མི་ལི་ལ་ལི་ཏེ་ཧཱུྃ་ཕཊ། མིག་ཟིམ་བུར་ལྟ་བར་བྱེད་དོ། །ཨོཾ་ཡྭཱ་མྭཱ་ཙྪཾ་ཤོ་ཥ་ཡ་ཤོ་ཥ་ཡ་དྷཱ་རཾ་བནྡྷ་བནྡྷ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བའི་རུས་པའི་ཕུར་བུ་སོར་བདུན་གྱི་ཚད་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་བ་ལང་ལྷས་སུ་བརྐོས་ནས་སྦས་ན་འོ་མ་མེད་པར་འགྱུར་རོ། །ཨོཾ་བཛྲཱི་ཎི་བཛྲཾ་པཱ་ཏ་ཡ་སུ་ར་པ་ཏི་རཱ་ཛྙཱ་པ་ཡ་ཏི། ཛྭཱ་ལ་ཡ་ཛྭཱ་ལ་ཡ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། གྲོག་མཁར་གྱི་སའི་རང་བཞིན་གྱི་རྡོ་རྗེ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་ཚོང་འདུས་སུ་སྦས་ན་པ་ཎཾ་ཉམས་པར་འགྱུར་རོ། །ཨོཾ་ཧྲཱིཾ་ཀླཱིཾ་ཏྲཾ་མུཾ་ཡ་མ་མ་ཐ་ནེ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། སརྦ་ཀརྨ་པྲ་སཱ་དྷ་ནེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གྲོ་ག་ལ་ལྷ་ཞལ་གཅིག་ཕྱག་གཉིས་པ་གུར་གུམ་གྱི་མདོག་ལྟ་བུ་ཞགས་པ་དང་ལྕགས་ཀྱུ་ཕྱག་ན་བསྣམས་པ་འདོད་པའི་མདངས་ཅན་འཇིགས་པའི་ཡན་ལག་ལ། ཚིལ་དང་། ཆང་དང་། ལེ་བརྒན་རྩི་དང་། ཁྲག་དང་། བུད་མེད་ཀྱི་རྡུལ་དང་རྣམས་ཀྱིས་བསྟེན་པའི་སྔགས་ཀྱི་ཡི་གེ་རྣམས་ཏེ། ཨོཾ་ཤི་ར་སི་ཧྲཱྀ་ཧྲི་དི་ཀླཱིཾ་ནཱ་བྷཽ་ཏྲཾ་མེ་ཌྷེ། དེ་ནས་ཕྲེང་བའི་སྔགས་ཀྱིས་བསྐོར་ནས་སྲད་བུ་དམར་པོས་ཡང་དག་པར་དཀྲིས་ནས་བུད་མེད་དང་སྐྱེས་པའི་ཐོད་པ་ཁ་སྦྱར་གྱི་ནང་དུ་བཅུག་ནས། མར་དང་སྦྲང་གིས་བཀང་ནས། སྤྲ་ཚིལ་གྱིས་དྲིལ་ནས་སྲད་བུ་དམར་པོས་དཀྲིས་ནས་ས་ལ་སྦས་ཏེ། མགོ་བོའི་གནས་ལ་རྐང་པ་གཡོན་པས་མནན་ནས་བཟླས་པར་བྱའོ། །སྟོང་ཕྲག་ཉི་ཤུ་རྩ་ལྔས་གྲོང་ཁྱེར་བསྐྱོད་པར་འགྱུར་རོ། །ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། མོ་ཧ་ཡ་མོ་ཧ་ཡ། ཆེ་གེ་མོ་མེ་བ་ཤཱི་ཀུ་རུ་སྭཱ་ཧཱ། ལྟོ་བའི་སྲིན་བུ་ཞིབ་མོ་ཕྱེ་མར་བྱས་ནས། ཤུ་ཀྲ་དང་། མིང་མེད་ཀྱི་ཁྲག་དང་། རིལ་བུ་བྱས་ནས་མངོན་པར་བསྔགས་ནས་བཟའ་བ་དང་བཏུང་བར་བྱིན་ན་དབང་དུ་བྱེད་པར་འགྱུར་རོ། །འཕུར་བཞིན་པའི་སྦྲང་མའི་གཤོག་པ་དང་། སོའི་རྒྱལ་པོ་གཉིས་དང་། རོའི་མེ་ཏོག་སྙིང་པོའི་ཕྱེ་མའི་ཕྱེ་མས་ཡན་ལག་དང་། རྐང་པ་ལ་བྱུགས་ན་འགྲོ་འཕྲོ་ལ་བརྒྱལ་བར་འགྱུར་རོ། །ཨོཾ་ཤྭེ་ཏ་གྲྀ་དྷྲ་ཎི་ཁཱ་ཧི་བི་ཥཾ་ཙ་


DKG080_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཥཾ་ཙ་རུ་ཥི་ཎི་ཁཿཁཿཁཿཧཿཧཿཧཿ་སཿསཿསཿཨོཾ་ཙཎྜ་མ་ཧཱ་སེ་ནཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཡང་ན་ཨོཾ་སཾ་ཀཱ་རི་ཎི་དྷྭྨ་ཧཱཾ་ཧཱུྃ་ཧྃ་ཧཿདུག་ཐམས་ཅད་སེལ་བར་བྱེད་དོ། །ཨོཾ་ནཱ་གཱ་རི་པཱ་མ་ནེ་ཧ་རཿཕཊ། མངོན་པར་བསྔགས་ནས་ཁང་པའི་སྒོ་གོང་དུ་གོས་ཀྱི་རས་མ་བཅིངས་ན་སྦྲུལ་ཁང་པར་འཇུག་པར་མི་འགྱུར་རོ། །ཨོཾ་ཨཱ་ནེ་ཀཱ་ནེ་ཆེ་གེ་མོ་བ་ཤཱི་ཀུ་རུ་སྭཱ་ཧཱ། མེ་ཏོག་དཀར་པོའི་དྲི་ཞིམ་པོ་བྱིན་ན་དབང་དུ་བྱེད་དོ། །ན་མོ་པཱི་ཏ་རཱ་གཱ་ཡ། མཻ་ཏྲེ་ཡ་སི་ཧ་ལོ་ཙ་ནེ་སྭཱ་ཧཱ། ཆུ་ལ་མངོན་པར་བསྔགས་ནས་མིག་བཀྲུས་ན་རབ་རིབ་སེལ་ལོ། །ཨོཾ་སཾ་ཕ་ར་ཁཿཙཱུརྞ། ཁཱ་ད་ནཱ་ན་པྲ་བྷ་བ་ཏི་ཨཱ་དི་ཏྱ་ར་ཐ་བེ་གེན་བཱ་སུ་དེ་བ་བ་ལེན་ཙ་ག་རུ་ཌ་བཀྵྀ་པཱ་ཏེ་ན་བྷཱུ་མྱཾ་གཙྪནྟུ་བི་ཥཾ་སྭཱ་ཧཱ། སྦྲུལ་དང་། བི་རྭཱ་ཀ་ཏ་དང་། སྡིག་པ་ལ་སོགས་པའི་དུག་ཐམས་ཅད་སེལ་བར་བྱེད་དོ། །ཨོཾ་ཙ་མུཎྜི་ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ་ཀླིཾ་ཀླིཾ་རཀྵ་རཀྵ་སྭཱ་ཧཱ། ལན་བདུན་དུས་སྤར་གང་ལ་མངོན་པར་བསྔགས་ནས་ཕྱོགས་བཞིར་འཕང་ཞིང་རང་གི་གནས་སུ་གཅིག་གཞག་པར་བྱའོ། །ཨོཾ་ཛམྦྷ་ནཱི་སྟམྦྷ་ནཱི་མོ་ཧ་ནཱི། སརྦ་དུཥྚ་པྲ་ཤ་མ་ནི་སྭཱ་ཧཱ། ཙཽ་ར་མི་འབྱུང་ངོ་། །ཨོཾ་ཙཎྜ་མ་ཧཱ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ། ཙུ་ལུ་ཙུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། མོ་ཧ་མོ་ཧ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། མེ་ཏོག་ལ་སོགས་པ་ལ་ཡོངས་སུ་བཟླས་ནས་བྱིན་ན་དབང་དུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཏྲཿསུ་བི་སྨ་རེ་སྭཱ་ཧཱ། ཀེ་ཏ་ཀའི་འདབ་མ་གཤགས་པ་ལ་བྲིས་ནས་བཅངས་ན་ཚ་བ་ཐམས་ཅད་སེལ་བར་བྱེད་དོ། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ལས། འཁྲུལ་འཁོར་དང་སྔགས་སྣ་ཚོགས་པའི་རབ་ཏུ་དབྱེ་བ་གསུངས་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་སརྦ་མཱ་ཡཱ་ད། སརྦ་མཱ་ཡཱ་དཅེས་པ་འདིས་གཏུམ་པོ་ཁྲོ་བོ་ཆེན་པོར་བསམས་ནས་ཐམས་ཅད་བྱའོ། །ཨུ་དུམ་བཱ་རའི་འོ་མ་རས་ལ་བྱུགས་ནས་བུག་པ་མེད་པར་བྱས་ཏེ། འབྲུ་མར་དང་བཅས་པའི་སྤོས་དཀར་བཏགས་ནས་དེར་བཅུག་ལ་སྡོང་བུ་བྱས་ལ། ཆུའི་ནང་དུ་མར་མེ་འོད་དང་བཅས་པ་འབར་ཞིང་གནས་སོ། །མཚན་མོ་རྡོ་དཀར་པོའི་དུམ་བུ་གཉིས་བཟུང་ནས། ནིཥྚ་ཥྱ་ཧཱུྃ་ཀ་རེ་ཎ་གློག་གི་འོད་འཕྲོ་བ་སྣང་བར་བྱེད་དོ། །ཛ་ལུ་ཀ་ཤི་བའི་


DKG080_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་མ་དང་བཅས་པ་རྒྱ་སྐྱེགས་ཀྱིས་ཁ་བསྒྱུར་ནས། སྡོང་བུས་མེ་སྦར་ན་སྟྲཱི་ཡང་དེ་གཅེར་བུར་མཐོང་བར་བྱེད་དོ། །མར་གྱིས་རྣ་བ་དང་མིག་ལ་བསྒོས་ནས་བདག་ཉིད་བསྲུང་བ་བྱས་ནས། ཧ་ལ་ཧ་ལའི་མཇུག་མ་གཅད་པར་བྱའོ། །གཅེར་བུ་སྐྲ་གྲོལ་བས་ཇི་སྲིད་འཕར་བ་དེ་སྲིད་གར་བྱེད་པར་འགྱུར་རོ། །དེའི་ཕྱེ་མ་དྲུག་ནམ་བཞི་དང་། དྷ་དུ་རའི་ཡན་ལག་ལྔ་སོ་སོར་དྲུག་ནམ་རེ་རེ་དང་བཅས་པ་རྒྱ་སྐྱེགས་ཀྱིས་ཁ་བསྒྱུར་བའི་གོས་ཀྱིས་སྡོང་བུ་བྱས་ན་ཐམས་ཅད་གར་བྱེད་པར་མཐོང་ངོ་། །སྔོན་བཞིན་བདག་ཉིད་ལ་བསྲུང་བར་བྱའོ། །ཤ་ཁོ་ཊའི་རྩ་བ་དང་། བ་རུ་རའི་རྩ་བ་གཅིག་ཏུ་བྱས་ནས་ཁྱིམ་དུ་བཞག་ན་འཐབ་མོར་འགྱུར་རོ། །དྷ་དུ་རའི་མེ་ཏོག་གི་ནང་གི་ཕྱེ་མ་དང་། སུ་གན་དྷིའི་མེ་ཏོག་གི་ནང་གི་ཕྱེ་མ་དང་། སུ་གན་དྷིའི་ནང་དུ་བཅུག་ནས་མནམས་པ་ཙམ་གྱིས་མགོ་བོ་ཟུག་རྔུར་འགྱུར་རོ། །སྐྱུར་པོ་སྣར་བླུགས་ན་གྲོལ་བར་འགྱུར་རོ། །ཁྱི་གུ་སྐྱེས་པའི་མལ་སྟན་གྱི་དུད་པས་བདུགས་ནས། རྨ་བྱའི་སྒྲོས་གཡས་སུ་བསྐོར་ན་རྩིག་པའི་རི་མོ་མི་སྣང་བར་བྱེད་དོ། །གཡོན་དུ་བསྐོར་བས་སླར་ཡང་སྣང་བར་བྱེད་དོ། །བྱ་རོག་གི་སྙིང་གི་ཁྲག་གིས་ཨ་མྲའི་ལོ་མ་ལ་དེའི་གཤོག་པའི་རྨྱུ་གུས་སྔགས་བྲིས་ནས། གང་གི་ཟག་པའི་ནང་དུ་བཅུག་ན་དེ་བྱ་རོག་གིས་ཟ་བར་བྱེད་དོ། །ཨོཾ་ཀཱ་ཀ་ཀུ་ཧ་ནི་བདྡྷ་ནཱི་དེ་བ་དཏྟཾ་ཀཱ་ཀེ་ན་བྷཀྵ་ཡ་སྭཱ་ཧཱ། བྷ་གའི་རྣམ་པའི་དོང་བྱས་ནས་བུད་མེད་ཀྱི་བཤང་བ་ལ་ཟའི་ལོ་མ་ཁྲི་ཕྲག་གཅིག་བཅུག་ནས་སྦ་བར་བྱའོ། །དེའི་ལམ་ཟུག་རྔུར་འགྱུར་རོ། །ཤི་རི་ཁཎྜའི་འོ་མ་ལ་སྦངས་པའི་ཏིལ་གྱི་འབྲུ་མར་སྐྲ་ལ་མཉེས་ན་སྐྲ་དཀར་པོར་འགྱུར་རོ། །སྐྲ་བཞར་ན་སངས་པར་འགྱུར་རོ། །ཞུམ་བུའི་ཕྲུ་གུ་བཙས་པའི་མལ་སྟན་དང་། བུད་མེད་ཀྱི་བུ་ཚ་བཙས་པའི་མལ་སྟན་གྱི་དུད་པས་བདུགས་ན་རྩིག་ངོས་ཀྱི་རི་མོ་མི་སྣང་བར་འགྱུར་རོ། །མཀྵྀ་ཀས་བདུགས་ན་གྲོལ་བར་འགྱུར་རོ། །རྔ་མོའི་འགྲམ་པའི་རྔུལ་དང་དྲི་ཆུ་བ་བླ་དང་ལན་མང་དུ་སྦངས་ནས་ལག་པ་ལ་མཉེས་ནས་རེག་ན་རི་མོ་མི་སྣང་བར་འགྱུར་རོ། །ལག་པ་བཀྲུས་ན་གྲོལ་བར་འགྱུར་རོ། །སྟྲི་གརྦྷའི་མལ་སྟན་གྱིས་བདུགས་ན། རི་མོ་ད་ཏི། གུ་གུལ་གྱིས་བདུགས་ན་གྲོལ་བར་འགྱུར་རོ། །བྷ་གའི་ཚིལ་གྱིས་མིག་སྨན་བྱས་ན་ཁང་པའི་ཕྱམ་རྣམས་སར་པར་མཐོང་བར་འགྱུར་རོ། །མར་མེ་བསྙལ་ནས་གྷན་དྷ་ཀའི་ཕྱེ་མ་བླུགས་ན་


DKG080_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་འབར་བར་བྱེད་དོ། །མུཎྜ་རཱི་དང་། སེ་བཱ་ལ་དང་། ཛ་ལོ་ཀ་དང་། སྦལ་པའི་ཚིལ་གྱིས་རྐང་པ་དག་མཉེས་ནས། ཆུ་ཤིང་གི་ལོ་མ་དཀྲིས་ནས་མེ་མདག་འབར་བའི་སྟེང་དུ་ཕྱིན་ན་ཚིག་པར་མི་འགྱུར་རོ། །ཤི་རི་ཁཎྜ་དང་། བུ་རམ་ཟོས་ན་གཉིད་དུ་འགྱུར་རོ། །ཀ་མ་རྩའི་རྩ་བ་སྤྱི་བོར་བཅིངས་ན་གཉིད་དུ་འགྱུར་རོ། །ནཱ་ག་ད་མ་ན་ཀའི་རྩ་བ་དང་། གྲོ་ན་པུཥྚའི་བལ་དང་། ཡུང་བ་དང་། འབྲས་དང་བཏགས་ནས་དྲིལ་ཕྱིས་བྱས་ན། ཆུའི་བཏགས་པ་ལས་རྒྱལ་ལོ། །ཤལ་མ་ལའི་རྩ་བར་བྲུས་ནས། ཤིང་ཀུན་བཅུག་ན་མེ་ཏོག་རྣམས་ལྟུང་བར་འགྱུར་རོ། །ས་སྐྱུར་མོ་དང་། ཆང་བྱིན་ནས་གོ་ལ་བྱིན་ན་འཁྲུ་བར་བྱེད་དོ། །ཤི་རི་ཁཎྜའི་འོ་མ་དང་། ཨརྐའི་ས་བོན་དང་། སྲིན་བུའི་ཟོས་པའི་ཤིང་ཕྱེ་དང་། བུ་རམ་ཟོས་ན་ཁྲག་ཏུ་འཛག་པར་འགྱུར་རོ། །སྤང་བྱེའི་ཕྱེ་མས་རྟའི་སྣ་ལ་མཉེས་ན་རྩྭ་ཟ་བར་མི་འགྱུར་རོ། །ཙནྡན་གྱིས་བཀྲུས་ན་དག་པར་འགྱུར་རོ། །ཀེ་ཏ་ཀའི་རྩ་བ་སྤྱི་བོར་བཅིང་བར་བྱའོ། །ཁརྫུ་རའི་རྩ་བ་དང་། ཧ་ཏེ་ཏ་ལའི་རྩ་བ་མུ་ཁ་རྒྱལ་གྱི་ཟླ་བ་ལ་བྱང་ཕྱོགས་སུ་གནས་པས། གཅེར་བུ་སྐྲ་གྲོལ་བར་བྱས་ནས་བཏོན་ནས་གསུམ་པོ་དང་ཅུང་ཟད་མཉེས་ནས་འཐུངས་ན་མཚོན་གྱིས་ཕེད་པར་མི་འགྱུར་རོ། །ཤོ་ན་ཀའི་ས་བོན་གྱིས་མཆིལ་ལྷམ་གཉིས་རི་དགས་ཀྱི་པགས་པ་ལ་བྱས་ནས། ནང་བཀང་ནས་ཆུ་ལ་ཕྱིན་ན་འབྱིང་བར་མི་འགྱུར་རོ། །ཨོཾ་ཥ་ཎི་ཟོས་ནས་ལྕེ་འོག་ཏུ་གཞག་པར་བྱའོ། །ཐོང་ལྕགས་བསྲེགས་ནས་ལྡགས་ན་ཚིག་པར་མི་འགྱུར་རོ། །དངུལ་ཆུ་དང་ཀྵ་ར་དང་ལྡན་པའི་ཧསྡི་ཤུཎྜི་འཐུངས་ན་མངལ་ལྟུང་བར་བྱེད་དོ། །ཤར་པུང་ག་དཀར་པོའི་རྩ་བ་རྒྱུ་སྐར་རྒྱལ་ལ་བཏོན་ནས་བའི་མར་ལ་སྦངས་ནས་མགོ་བོའམ་དཔུང་པར་གདགས་པར་བྱའོ། །མདའ་དང་ཆོམ་པོའི་འཇིགས་པ་ལས་སྐྱོབ་པར་བྱེད་དོ། །བྱ་རྒོད་ཀྱི་ཞག་དང་། འུག་པའི་ཞག་མཆིལ་ལྷམ་ལ་བྱུགས་ནས་སྟེང་དུ་གནས་ནས་ཤིན་ཏུ་རིང་པོར་འགྲོ་འོང་ནུས་སོ། །ཡུངས་ཀར་གྱི་འབྲས་བུ་མཚོན་གྱིས་གཅད་པར་བྱ་སྟེ། ཉི་མ་བཟང་པོའི་དགོངས་མོའི་ཐུན་མཚམས་སུ་ལྷག་པར་གནས་པ་བྱས་ན་གཅེར་བུ་སྐྲ་གྲོལ་བར་བྱས་ནས་ལག་པ་གཡོན་པས་བཟུང་ནས་ས་ལ་མ་ལྷུང་བར་བཅོམ་ལྡན་འདས་ཀྱི་སྔགས་ཀྱིས་བསྲུངས་ནས། ཕྲེང་བའི་སྔགས་ཀྱིས་


DKG080_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་གང་གི་ཁྲག་གིས་སྦངས་ནས། མཚོན་ཆ་མང་པོའི་ཁྲག་གིས་གཏོར་ནས་ཁ་བཀྲུས་པའི་ཆུ་དང་། དེའི་རུས་པའི་ལུད་དང་ཞག་དང་། དེའི་ཐལ་བ་བསྐྱེད་ནས། དེའི་ཐོད་པའི་ནང་དུ་ཞག་དང་ར་ལ་སོགས་པའི་ཁྲག་ལ་སོགས་པ་བསགས་ནས། བདུག་པ་དང་བྱུག་པ་ལ་སོགས་པ་འབད་པས་བྱས་ནས། ཡང་དང་ཡང་དུ་བསྲུང་བ་དང་གཏོར་མ་བྱ། ཡོངས་སུ་གྱུར་པའི་འབྲས་བུ་ཁར་བཅུག་ན་བདག་ཉིད་དེ་འདྲ་བར་འགྱུར་རོ། །ལྕགས་གསུམ་གྱིས་དཀྲིས་ན་མི་སྣང་བར་འགྱུར་རོ། །དེ་ལ་འདིར་ལྕགས་གསུམ་ནི་ཕྱེད་དང་བཅས་པའི་དྲུག་ནམ་བདུན་དང་། ཕྱེད་དང་བཅས་པའི་གཉིས་དང་། བཞི་དང་། དྲུག་ནམ་ལྔ་རྣམས་ཏེ། ཉི་མ་དང་། ཟླ་བ་དང་། མེ་རྣམས་མིའི་ཐོད་པ་ལ་གི་ཝང་དང་ལེ་བརྒན་དག་གིས་བསྒྲུབ་བྱའི་མིང་སྔགས་ཀྱིས་བསྟེན་ནས་བྲིས་ནས་དྲིའི་ཆུས་བྱུགས་ཏེ། ཐོད་པ་གཉིས་པ་ཡང་དག་པར་སྦྱར་བར་བྱས་ནས། རོའི་སྲད་བུས་དཀྲིས་ནས་སྤྲ་ཚིལ་གྱིས་དྲིལ་བར་བྱའོ། །དུར་ཁྲོད་ཀྱི་མེ་ལ་བདུགས་པས་ཇི་སྲིད་མཚན་མོ་སྤྲ་ཚིལ་མ་ཞུའི་བར་དུའོ། །ལྷའི་བུ་མོ་འགུགས་པར་བྱེད་དོ། །ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། མོ་ཧ་ཡ་མོ་ཧ་ཡ། ཆེ་གེ་མོ་ཨཱ་ཀཀ་པིཏྠའི་འབྲས་བུ་ཕྱེ་མར་བྱས་ནས་མ་ཧེའི་ཞོ་ལ་སྦང་བར་བྱའོ། །ལན་བདུན་དུའོ། །རྫ་གསར་པ་ན་གནས་ནས་དར་བ་ཅུང་ཟད་བླུག་པར་བྱའོ། །སྐད་ཅིག་ཙམ་གྱིས་ཞོ་རུ་འགྱུར་རོ། །ཀ་པིཏྠའི་འབྲས་བུ་བཏགས་ནས་རྫ་གསར་པ་ལ་བྱུག་པར་བྱའོ། །དེ་ལ་འོ་མ་བསྐོལ་ནས་སྲུབ་པ་དང་བྲལ་ན་ཞོ་རུ་འགྱུར་རོ། །རྫ་སོ་མ་བཏང་བའི་བུམ་པར་འོ་མས་བསྒོས་ནས་བཙོ་བར་བྱའོ། །བུམ་པར་བླུགས་ནས་བརྟན་པ་དང་བུམ་པ་བཅག་པས་ཞོའི་བུམ་པར་འགྱུར་རོ། །ཨརྐའི་འོ་མ་བུམ་པ་གསར་པར་ལན་མང་དུ་བསྒོས་ནས། དེར་ཆུ་བླུགས་ན་དར་བ་བཞིན་དུ་མཐོང་ངོ་། །བུད་མེད་བུ་ཚ་སྐྱེས་ནས་ཞག་བཅུ་ལོན་པའི་མེས་བདུགས་པའི་ཐལ་བ་བླངས་ནས། ཁུ་ཚུར་གཉིས་སྟེང་འོག་ཏུ་རྣམ་པར་བཀོད་ནས་ཆུས་བཀང་ནས་དེ་ལ་ཐལ་བའི་རི་མོའི་སྟེང་དུ་ཁྲིད་ན། བུམ་པའི་ཆུ་སྐམས་པར་འགྱུར་རོ། །འོག་ཏུ་ཐལ་བས་རི་མོ་བྱས་ན་གང་བར་འགྱུར་རོ། །གཟའ་ཉི་མའི་ཉིན་མོ་ཤ་ལིཉྫའི་རྩ་བ་དང་། ཨ་པ་མཱརྒའི་རྩ་བ་བཏོན་ནས་སོ་སོར་དབྱུག་པའི་རྩེ་མོ་ལ་བྱུགས་ནས་རྐེད་པར་བཟུང་ན་དེ་དག་འཐབ་པར་བྱེད་དོ། །བ་ཧཱུ་ཨ་


DKG080_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

རའི་ས་བོན་གྱི་ཁུ་བས་རས་བཟང་པོ་མཉེས་ནས་ཆུ་བླུགས་ན་ལྟུང་བར་མི་འགྱུར་རོ། །སྤའི་བུམ་པ་ལ་དེ་ཡིས་དེ་བཞིན་དུ་བྱུགས་ནས་ཞོན་ན་ཆུ་ལ་འབྱིང་བར་མི་འགྱུར་རོ། །བྷུ་ལ་ཏ་དང་སྲིན་བུ་མེ་ཁྱེར་གྱི་ཕྱེ་མས་རྩིག་པ་ལ་བྱུགས་ན་མཚན་མོ་འབར་བར་མཐོང་ངོ་། །ཟངས་ཀྱི་སྣོད་ལ་ཆང་དང་སྐྱུ་རུ་རས་མཉེས་ནས་ལྕགས་ཀྱི་སྣོད་ལ་བྱུགས་ན་ཟངས་མ་བཞིན་དུ་མཐོང་ངོ་། །བ་ལང་གི་རུས་པ་བསྲེགས་ནས་མུ་ཟིའི་ཕྱེ་མ་བྱིན་ན་མེ་ལྕེ་འབར་བར་འགྱུར་རོ། །དྷིཋྭཾ་ཀའི་ས་བོན་གྱི་སྟེང་དུ་མེ་ཏོག་བཞག་ནས་ཆུ་བྱིན་ན་མེ་ཏོག་ཡར་ནས་འགྲོའོ། །ཀུཎྛི་ར་ལས་བྱས་པའི་བྱིའུའི་ནང་དུ། བུང་བ་བཅུག་ན་ནམ་མཁའ་ལ་འགྲོ་བར་བྱེད་དོ། །ཤ་སྐམ་པོ་ལ་བྷལླ་ཏ་ཀའི་མར་ཁུས་སྦངས་ནས་ཆུའི་སྟེང་དུ་གཞག་ན་འགྲོ་བར་བྱེད་དོ། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ལས། ངོ་མཚར་སྒྱུ་མའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྙིང་གར་སྲོག་རླུང་ཐུར་སེལ་བཤད། །མཉམ་གནས་ལྟེ་བའི་ཕྱོགས་ན་གནས། །གྱེན་རྒྱུ་མགྲིན་པའི་ཕྱོགས་སུ་གནས། །ལུས་ཀུན་ལ་ནི་ཁྱབ་བྱེད་གནས། །དེ་རྣམས་ནང་ནས་གཙོ་བོ་ཡི། །སྲོག་གི་རླུང་ནི་སྙིང་གར་གནས། །འབྱུང་འཇུག་དབུགས་ཀྱི་དབྱེ་བ་ཡིས། །སྐྱེ་བོ་ཀུན་གྱི་སྲོག་ཏུ་གནས། །འཕོ་བ་བཅུ་དྲུག་སྦྱོར་བ་ཡིས། །སོ་སོར་དབྱུག་གུ་རེ་རེའོ། །དཀྱིལ་འཁོར་བཞི་ནི་འབབ་པ་ཡིས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། །གཡས་ལ་རེག་ནས་འབབ་པ་ནི། །མེ་ཡི་དཀྱིལ་འཁོར་ཞེས་བརྗོད་དོ། །གཡོན་ནས་རེག་ནས་འབབ་པ་ནི། །རླུང་གི་དཀྱིལ་འཁོར་ཞེས་བརྗོད་དོ། །གཡས་གཡོན་མཚུངས་པར་རེག་པ་ནི། །ས་ཡི་དཀྱིལ་འཁོར་ཞེས་བྱའོ། །དེ་ཉིད་འདིར་ནི་དལ་འབབ་པ། །ཆུ་ཡི་དཀྱིལ་འཁོར་ཞེས་བྱའོ། །ལ་ལཱ་ན་ནི་གཡོན་གྱི་དལ། །ར་ས་ནཱ་གཡས་རྣམ་པར་གནས། །ཨ་བ་དྷཱུ་ཏཱི་དབུས་ཕྱོགས་ནས། །ལྷན་ཅིག་སྐྱེས་དགའ་སྐད་ཅིག་འབབ། །འབྱུང་དང་འཇུག་པ་གཉིས་གྱུར་པ། །མི་གཡོའི་ཚུལ་གྱིས་རྣམ་པར་གནས། །ཇི་སྲིད་སྲོག་ནི་རབ་འཇུག་པའི། །རླུང་གི་འགྲོ་འོང་ཉམས་པས་སོ། །འཇུག་པ་ཀུམ་བྷ་ཀར་ཤེས་བྱ། །པཱུ་ར་ཀ་ནི་གཟུང་བར་བྱ། །རེ་ཙ་ཀ་ནི་དབྱུང་བར་ཤེས། །མི་གཡོ་བ་ནི་རེངས་


DKG080_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད། །གཏུམ་པོ་ཁྲོ་བོའི་ཏིང་འཛིན་གྱིས། །ཤེས་རབ་དང་བཅས་བརྩམ་པར་བྱ། །རླུང་གི་འཇུག་པ་བགྲང་བྱ་སྟེ། །བརྒྱ་སྟོང་ལ་སོགས་གྲངས་རྣམས་ཀྱིས། །སྐད་ཅིག་ཉིད་ལ་འགྲུབ་འགྱུར་ཏེ། །མགོན་པོ་སངས་རྒྱས་གསུང་ཇི་བཞིན། །འབད་པས་ཤེས་རབ་ལ་འཁྱུད་ནས། །རླུང་གཅིག་པུ་ནི་བགྲང་བར་བྱ། །གཏུམ་པོ་ཁྲོ་བོའི་གཟུགས་ཀྱིས་ནི། །ཟླ་བ་ཕྱེད་ཙམ་གྱིས་འགྲུབ་བྱེད། །ལྷ་ཡི་ཡེ་ཤེས་ཡང་དག་ལྡན། །མངོན་པར་ཤེས་པ་སྐྱེ་བར་འགྱུར། །གཏུམ་པོ་ཁྲོ་བོའི་ཏིང་འཛིན་གྱིས། །རང་གི་བུད་མེད་ངེས་འཁྱུད་ནས། །སྙིང་ག་དང་ནི་སྙིང་ག་དང་། །གསང་བ་དང་ནི་གསང་བ་དང་། །ཞལ་དང་ཞལ་ནི་ཡང་དག་སྦྱར། །སེམས་མེད་བདེ་བའི་མཆོག་དེ་ཉིད། །ཟླ་བ་སྙིང་གི་ནང་དུ་སོན། །དེ་ནི་ཉི་མའི་མཐུ་ཡིས་སོ། །དེ་ཉིད་བརྟན་པའི་སྟོབས་དེ་ལས། །མི་ཡིས་ཀུན་མཁྱེན་ཐོབ་པར་འགྱུར། །བསམས་པ་ཙམ་གྱུར་ཉིད་ཀྱིས་ནི། །འདས་དང་མ་འོངས་ད་ལྟར་ཡང་། །ཕ་རོལ་སེམས་ནི་ཤེས་འགྱུར་ཏེ། །བདག་གི་འདི་ནི་བདེན་པར་སྨྲས། །དེ་བཞིན་དེ་ཉིད་སྦྱོར་བ་ཡིས། །རྣ་བའི་ནང་དུ་བསྒོམ་བྱས་ན། །ཕྱོགས་རྣམས་ཀུན་ན་གནས་པའི་སྒྲ། །དྲུང་ན་མོ་ནི་ཇི་བཞིན་ཐོས། །དེ་བཞིན་མིག་གི་མཐུ་ཡིས་ནི། །འཇིག་རྟེན་གསུམ་པོ་མཐོང་བར་བྱེད། །དེ་བཞིན་སྣ་ཡིས་བསྣམས་པས་ཀྱང་། །དྲི་རྣམས་ཐམས་ཅད་ཤེས་པར་འགྱུར། །དེ་བཞིན་ལྕེ་ཡིས་མྱངས་པས་ཀྱང་། །རིང་གནས་རོ་ཡང་རབ་ཏུ་སྐྱེ། །དེ་བཞིན་རང་རྟགས་རྩེར་བསམས་པས། །རེག་བྱ་མ་ལུས་ཤེས་པར་འགྱུར། །དེ་བཞིན་མགོ་ཡི་དབུས་བསམས་པས། །ཀུན་གྱི་ནུས་མཐུ་འཕེལ་བར་འགྱུར། །གང་དུ་སེམས་ནི་གནས་དེ་ལ། །རླུང་གིས་རོ་ནི་ཡང་དག་མཉམ། །དེ་དང་དེ་ལས་དེ་འགོག་པས། །དེ་ཉིད་འདིར་ནི་གཟུགས་བརྙན་འགྱུར། །ཞི་དང་རྒྱས་དང་དབང་དང་ནི། །དགུག་དང་དེ་བཞིན་གསད་པ་དང་། །བསྐྲད་དང་ཐམས་ཅད་ཤིན་ཏུ་བསྒོམ། །དེ་ཉིད་གང་བསྒོམས་རབ་ཏུ་འགྲུབ། །ཀུམ་བྷ་ཀ་སོགས་རབ་སྦྱོར་བས། །ལྟ་སྟངས་བཞི་པོ་དང་སྦྱོར་བྱ། །གཡོན་དུ་ལྟ་བའི་ལྟ་སྟངས་ཀྱིས། །བུམ་པ་ཅན་གྱི་དབང་དུ་བྱེད། །པཱུ་ར་ཀ་ནི་ངེས་སྦྱོར་བས། །གཡས་ཀྱི་དགུག་པར་ཤེས་པར་བྱ། །གང་ཞིག་དཔྲལ་གནས་ལྟ་སྟངས་ཀྱིས། །དེ་ནི་རེ་ཙ་ཀ་ཡིས་གསད། །


DKG080_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་རྩེར་གནས་ཉིད་ལྟ་སྟངས་ཀྱིས། །རེངས་པ་ཉིད་ཀྱིས་རེངས་པ་ཅན། །ནས་ཀྱི་མེ་ཏོག་ཀུམ་བྷ་ཀ། སྣ་ཧཱི་བྲྀཀྵ་པཱུ་ར་ཀ། རླན་བཅས་ཤིང་ནི་རེ་ཙ་ཀ། མིག་དེ་ཡང་ནི་སྟམ་བྷ་ཀ། ཀུན་གྱི་ལྟ་སྟངས་ངེས་སྦྱོར་ལས། །ཟླ་བ་དྲུག་ཏུ་བསམ་པར་བྱ། །ཀུན་གྱི་ནུས་པ་དང་ལྡན་པར། །སེམས་ནི་འགོག་པས་འགྲུབ་པར་འགྱུར། །སེམས་ནི་འགགས་པས་རླུང་འགག་གོ། །རླུང་འགགས་པས་ཀྱང་སེམས་ཀྱང་འགག། ཕན་ཚུན་འགག་པར་འགྱུར་བ་ཡི། །གནས་ལ་སེམས་ནི་གནས་པའོ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཐབས་དང་ཤེས་རབ་གཅིག་ཏུ་སྦྱོར། །འགོག་པའི་བདེ་ལ་ལོངས་སྤྱོད་པས། །ཁྱབ་བདག་མི་གཡོ་དེ་འགྲུབ་བོ། །རྡོ་རྗེ་སེམས་སོགས་སངས་རྒྱས་རྣམས། །སྔགས་པ་དེ་ཡི་ལྷན་ཅིག་ན། །བདེ་བྱེད་ལ་སོགས་གྲགས་པ་ཡི། །འཇིག་རྟེན་ལྷ་རྣམས་སྨོས་ཅི་དགོས། །རྒྱུད་རྣམས་ཀུན་དུ་རབ་སྦས་པ། །བདག་གིས་དེ་ཉིད་མི་གཡོ་གཙོ། །གང་ཞིག་དེ་ཉིད་བརྟེན་བྱས་པས། །ནམ་མཁའ་ལྟ་བུའི་སངས་རྒྱས་གྱུར། །གང་གཱའི་བྱེ་མ་དང་མཚུངས་པའི། །ཆེན་པོ་རྣམས་ནི་འབྱུང་བར་འགྱུར། །ད་ལྟར་གྱི་ཡང་རྣམ་སངས་རྒྱས། །སངས་རྒྱས་ཡེ་ཤེས་དང་ལྡན་ཉིད། །དེ་ཕྱིར་རྟག་ཏུ་རྣལ་འབྱོར་པས། །ཁྱབ་བདག་མི་གཡོ་བསམ་པར་བྱ། །གང་ཞིག་མི་གཡོ་མི་ཤེས་པ། །དེ་ཡི་སྐྱེ་བ་འབྲས་མེད་ཡིན། །དེ་ཉིད་མེད་ལ་དངོས་གྲུབ་ནི། །ཕྲ་མོ་ཙམ་ཡང་ཐོབ་པ་མེད། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ལས་རླུང་གི་རྣལ་འབྱོར་གྱི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་མཐིལ་ལྟེ་བར་འབུགས་བྱེད་ན། །ཞག་གསུམ་ནས་ནི་འཆི་བར་འགྱུར། །རྐང་པའི་མཐིལ་དུ་འབུགས་པ་དང་། །མིག་ཏུ་ཟུག་རྔུས་ཟླ་གསུམ་ན། །རྐང་པའི་མཐིལ་དུ་འབུགས་པ་དང་། །སྣ་ཡི་ཟུག་རྔུས་ཟླ་གསུམ་ན། །བཤང་བ་འཛག་པའི་དུས་སུ་ནི། །སྦྲིད་པ་མཉམ་བྱུང་ཟླ་བ་ན། །ལྟེ་བ་དང་ལྟོ་བའི་ཟུག་རྔུ་ཡིས་ལོ་ལྔ་ནའོ། །མཛོད་སྤུའི་ཟུག་རྔུ་ཡིས་ཉི་མ་གཅིག་ནའོ། །ལྕེ་ཡི་རྩེ་མོ་མ་མཐོང་ན་ཟླ་བ་ཕྱེད་ནའོ། །སྣའི་རྩེ་མོའི་ཟུག་རྔུ་ཡིས་ཟླ་བ་བཞི་ནའོ། །འཁྲིག་པའི་དུས་ཀྱི་སྦྲིད་པ་ཡིས་ཟླ་བ་ནའོ། །མཐེའུ་ཆུང་ཐམས་ཅད་མཉམ་དུ་ཟུག་རྔུར་གྱུར་ན་ཟླ་བ་ནའོ། །མཉམ་དུ་སྙིང་ག་དང་མགྲིན་པར་ཟུག་རྔུར་གྱུར་ན་ཟླ་བ་ཕྱེད་པ་གསུམ་ནའོ། །མཉམ་དུ་ཏཱ་ལུ་ཀ་གསུམ་


DKG080_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཟུག་རྔུར་གྱུར་ན་ཉི་མ་གསུམ་ནའོ། །སུ་ར་བྷེའི་རྣ་བའི་དྲིལ་བུའི་སྒྲ་ཡིས་ཟླ་བ་གསུམ་ནའོ། །རྣ་བའི་རྩ་བ་དང་། སྨིན་མའི་དབུས་དང་། མགོའི་དང་པོ་རྣམས་སུ་ཟུག་རྔུར་གྱུར་ན་ཉི་མ་གཅིག་ནའོ། །རྐང་པའི་མཐིལ་ནས་བརྩམས་ནས་ལྟེ་བའི་མཐར་ཐུག་པའི་ཟུག་རྔུས་ཟླ་བ་དྲུག་ནའོ། །སྣ་རྩེའི་ཤ་ཞུམ་ན་ཞག་བདུན་ནའོ། །འགྲམ་པའི་ཤའི་མཚམས་བྱེ་ན་ཟླ་བ་ལྔ་ནའོ། །མིག་འཛག་པ་མ་མཐོང་ན་ཟླ་བ་ལྔ་ནའོ། །སྣའི་འཁོར་ལོ་ལས་ཞག་བདུན་ནའོ། །སྙིང་ག་ཞོམ་ན་ཟླ་བ་ཕྱེད་ནའོ། །ལྕེའི་དཀྱིལ་དུ་རི་མོ་ནག་པོ་བྱུང་ན་ཞག་གཉིས་ནའོ། །སེན་མོ་ལ་ཁྲག་མ་མཐོང་ན་ཟླ་བ་དྲུག་ནའོ། །སོ་སྐམས་ན་ཟླ་བ་དྲུག་ནའོ། །ཨ་རུ་ཎ་མ་མཐོང་ན་ཟླ་བ་དྲུག་ནའོ། །གྲང་མོ་ལ་སོགས་པའི་དུས་ཕྱིན་ཅི་ལོག་པ་ལས་ཐམས་ཅད་དུ་བུག་པར་མཐོང་ན་ཟླ་བ་ཕྱེད་ནའོ། །ཧ་ཡིག་བརྗོད་པས་གྲང་བ་དང་། ཕུཿཡིག་བརྗོད་པས་དྲོ་བར་གྱུར་ན་ཉི་མ་བཅུ་ནའོ། །མིང་མེད་ཀྱི་རྩ་བར་རི་མོ་ནག་པོ་མཐོང་ན་ཉི་མ་བཅོ་བརྒྱད་ནའོ། །ལུས་མཉེས་པས་སྒྲ་ཐོས་པ་དང་། ལུས་ཐམས་ཅད་ལས་ཀླུ་ཉིད་ཀྱང་ཉི་མ་བཅུ་ཐམ་པ་ནའོ། །ཁྲུས་བྱས་པ་ཙམ་གྱིས་སྙིང་ག་དང་རྐང་པ་སྐམ་ན། རྟ་དྷི་མ་ནི་ལུས་ལ་དྲི་ངན་པ་བྱུང་ན་ཞག་གསུམ་ནའོ། །ལུས་སྟཿཉི་མ་གཅིག་ནའོ། །དྲི་ཆུ་གཡོན་དུ་འཁོར་ན་ཟླ་བ་དྲུག་ནའོ། །ལྟེ་བ་ཕྱིན་ཅི་ལོག་ན་ཉི་མ་ལྔ་ནའོ། །སྣའི་རྩེ་མོ་མ་མཐོང་ན་དེ་ཟླ་བ་ལྔ་ནའོ། །མིག་སོར་མོས་མནན་པས་འོད་མ་མཐོང་ན་ཉི་མ་བརྒྱ་ནའོ། །རྣ་བའི་དྷ་ནྱ་ཐོས་ན་ལོ་གཅིག་ནའོ། །ཕ་རོལ་གྱི་མིག་ལ་གཟུགས་བརྙན་མ་མཐོང་ན་ཟླ་བ་ཕྱེད་ནའོ། །དེ་ཉིད་ཤེས་ཕྱིར་འཆི་བསླུ་དང་། །འཇིག་རྟེན་ཕ་རོལ་བསམ་པར་བྱ། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ལས་འཆི་ལྟས་ཀྱི་མཚན་ཉིད་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕ་དང་མ་ཡི་མཉམ་སྦྱོར་ལས། །འབྱུང་ལྔའི་བདག་ཅན་ཟླ་བ་དང་། འབྱུང་བ་ལྔ་ཡི་བདག་ཉིད་ཅན། །ཉི་མའི་སྦྱོར་བ་འཛོམ་པ་ལས། །དེ་ལ་སེམས་ཅན་སྐྱེ་བར་འགྱུར། །ཐབས་དང་ཤེས་རབ་བདག་ཉིད་ཅན། །སླར་ཡང་རུས་ཚིགས་ཟླ་བ་ལས། །ཉི་མས་ཤ་ལ་སོགས་པར་འགྱུར། །བདག་ཉིད་སྟོང་པའི་ལུས་གྱུར་ལ། །སེམས་ཅན་རྣམས་ནི་ལས་ཀྱིས་སྤྲུལ། །སྒྱུ་མ་ལྟ་བུའི་རང་བཞིན་འདི། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །དབང་པོའི་གཞུ་དང་མཚུངས་


DKG080_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི། །ཆུ་ནང་ཟླ་བ་ལྟ་བུར་འདོད། །ཅེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ལས་ལུས་ཀྱི་རང་བཞིན་གྱི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་མས་གསོལ་པ། ཤེས་རབ་ཕ་རོལ་ཕྱིན་འབྱུང་བ། །གཞན་ཡང་བདག་གིས་མཉན་པར་འཚལ། །ཤིན་ཏུ་རྒྱས་མིན་མདོར་བསྡུས་པས། །མགོན་པོ་བདག་ལ་བཀའ་དྲིན་མཛོད། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་རབ་ཕ་རོལ་ཕྱིན་འབྱུང་བ། །དེ་ནས་ཡང་དག་རབ་བཤད་བྱ། །བཅུ་དྲུག་ལོ་ཡི་གཟུགས་ཅན་མ། །ལྷ་མོ་སེམས་དཔའི་སྐྱིལ་ཀྲུང་མཛད། །སྐུ་མདོག་སྔོན་མོ་སྐལ་ཆེན་མ། །མི་བསྐྱོད་པ་ཡིས་དབུ་ལ་བརྒྱན། །ཕྱག་གཡས་པདྨ་དམར་པོ་བསྣམས། །གཡོན་པའི་ཕྱག་ནི་རོལ་པའི་སྟབས། །འདོད་པའི་བསྟན་བཅོས་ཀྱིས་གནས་པ། །པདྨ་ཟླ་བའི་སྟེང་དུ་བཞུགས། །ནུ་མ་རྒྱས་ཤིང་ལྟ་བས་ཚིམ། །སྤྱན་ཡངས་དགའ་མ་ཁྱོད་ལ་སྨྲས། །ལྷན་སྐྱེས་མི་གཡོའི་ཏིང་འཛིན་གནས། །ལྷ་མོ་འདི་ནི་བསྒོམ་པར་གྱིས། །ཧཱུྃ་ཡིག་ཡེ་ཤེས་ལས་བྱུང་བའི། །སྣ་ཚོགས་རྡོ་རྗེའི་རྣལ་འབྱོར་མ། །རྣལ་འབྱོར་འཁྱུད་པས་བསྒོམ་བྱས་ན། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཡང་ན་དྷཱིཿཡིག་ལས་བྱུང་བའི། །ཁ་དོག་དཀར་པོ་བསྒོམ་པར་བྱ། །རྟག་པ་ཡི་ནི་དབུ་བརྒྱན་ཅིང་། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །སོར་མོ་རིན་དབང་དབུ་བརྒྱན་དང་། །དམར་པོ་ཀུ་རུ་ཀུལླེ་ཀཱ། །ལྷ་མོ་དབུ་རྒྱན་འོད་དཔག་མེད། །ཧྲཱྀ་ཡིག་ཡེ་ཤེས་ལས་བྱུང་མ། །་ཡིག་ཡེ་ཤེས་ལས་བྱུང་བའི། །སྒྲོལ་མ་སྐུ་མདོག་ལྗང་གུ་ནི། །དོན་ཡོད་གྲུབ་པའི་དབུ་བརྒྱན་མ། །སྔོན་མོའི་གཟུགས་ཀྱིས་སྐྱེས་བུ་རྣམས། །སེམས་དཔའི་སྐྱིལ་ཀྲུང་གིས་གནས་ནས། །ཞི་བའི་གཟུགས་ཀྱིས་ཡང་དག་ཞུགས། །དཔལ་ལྡན་རལ་གྲི་ཞགས་པ་བསྣམས། །མངོན་པར་འཁྱུད་པའི་ཚུལ་མཛད་མ། །རང་རིགས་ཡང་ན་གཞན་རིགས་ཀྱིས། །བུ་མོ་བཟུང་ནས་བསྒོམ་པར་བྱ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པས། །ཐེ་ཚོམ་མེད་པར་དངོས་གྲུབ་འགྱུར། །ཡང་ན་ས་སོགས་ལས་བགྱིས་པའི། །གཟུགས་བརྙན་བྱས་ནས་བསྒྲུབ་པར་བྱ། །ལྷན་སྐྱེས་གཏུམ་པོའི་ཏིང་འཛིན་གནས། །རྩེ་གཅིག་ཡིད་ཀྱིས་བཟླས་པར་བྱ། །དེ་ལ་བཟླས་པའི་སྔགས་ནི་འདི། །ཨོཾ་བི་ཤྭ་བཛྲཱི་ཨཱ་གཙྪ་ཨཱ་གཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ས་ར་སྭ་ཏཱི་ཨཱ་གཙྪ་ཨཱ་གཙྪ་དྷཱིཿསྭཱ་ཧཱ། ཨོཾ་བཛྲ་དྷཱ་ཏྭཱི་


DKG080_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་རཱི་ཨཱ་གཙྪ་ཨཱ་གཙྪ་བྃ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུལླེ་ཨཱ་གཙྪ་ཨཱ་གཙྪ་ཧྲཱིཾ་སྭཱ་ཧཱ། ཨོཾ་ཏཱ་རེ་ཨཱ་གཙྪ་ཨཱ་གཙྪ་སྭཱ་ཧཱ། དེ་ནས་ཡང་དག་བཤད་བྱ་བ། །དཔའ་བོ་གཅིག་པའི་དཀྱིལ་འཁོར་ལ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་ལ། །ཁ་དོག་སེར་པོར་བྱས་པ་ལ། །དབུས་སུ་པདྨ་འདབ་བཞི་ལ། །དེ་ཡང་མེ་ཡི་འདབ་མ་དཀར། །བདེན་བྲལ་དུ་ནི་དམར་པོར་མཚུངས། །རླུང་དུ་ཁ་དོག་སེར་པོ་སྟེ། །དབང་ལྡན་མཚམས་སུ་ལྗང་གུའོ། །དབུས་སུ་ཁ་དོག་ནག་པོ་སྟེ། །དེ་ལ་མི་གཡོ་བརྟག་པར་བྱ། །ཡང་ན་ཉི་མའི་སྟེང་གནས་པའི། །དཀར་པོ་སེར་པོ་དམར་པོ་འམ། །ལྗང་གུ་སངས་རྒྱས་ལྔ་རྣམས་ཀྱི། །སྐུ་རུ་རྣམ་པར་བསམ་པར་བྱ། །མེ་ཡི་མཚམས་སུ་སྤྱན་མ་སྟེ། །སྟོན་ཀའི་ཟླ་བའི་འོད་དང་མཚུངས། །གཡོན་དང་གཡས་པའི་ཕྱག་དག་གིས། །ཟླ་བ་མྱ་ངན་མེད་ཤིང་བསྣམས། །བདེན་བྲལ་ལྷ་མོ་གོས་དཀར་མོ། །གཞུ་དང་མདའ་ནི་ཕྱག་བསྣམས་སེར། །རླུང་གི་མཚམས་སུ་མཱ་མ་ཀཱི། །སྐུ་མདོག་དམར་མོར་གྱུར་པ་ནི། །བུམ་པ་འབྲས་ཀྱི་སྙེ་མ་ཕྱག། དབང་ལྡན་མཚམས་སུ་སྒྲོལ་མ་སྟེ། །ལྗང་གུ་གཡས་པ་མཆོག་སྦྱིན་དང་། །གཡོན་པ་ཨུཏྤལ་སྔོན་པོ་བསྣམས། །དེ་རྣམས་ཟླ་བའི་གདན་ལ་ནི། །ཐམས་ཅད་སྐྱིལ་ཀྲུང་ཕྱེད་པས་བཞུགས། །ཤར་སྒོ་བརྒྱ་བྱིན་གདན་ལ་ནི། །འདོད་ཆགས་རྡོ་རྗེ་དགོད་པར་བྱ། །རལ་གྲི་ཐོད་བསྣམས་སྐུ་མདོག་དམར། །ལྷོ་རུ་གཤིན་རྗེའི་གདན་ལ་ནི། །ཞེ་སྡང་རྡོ་རྗེ་སྐུ་མདོག་ནག། གྲི་གུག་དང་ནི་སྡིགས་མཛུབ་ཕྱག། ནུབ་ཏུ་རྨ་བྱའི་གོས་ཅན་གྱི། །ཆུ་བདག་སྟེང་གནས་ལྗང་གུ་ཡི། །ང་རྒྱལ་རྡོ་རྗེ་ཞེས་བྱ་བ། །རྡོ་རྗེ་རྒྱས་པ་ཕྱག་ན་བསྣམས། །བྱང་དུ་གཏི་མུག་རྡོ་རྗེ་ནི། །སྡིགས་མཛུབ་ཨ་ཤོ་ཀ་བསྣམས་པ། །ལུས་ངན་སེར་པོ་ལ་གནས་པའི། །ཉི་མའི་གདན་ལ་དགོད་པར་བྱ། །ཐམས་ཅད་གཡོན་བརྐྱང་རྐང་སྟབས་ཅན། །ཁྲོ་ཞིང་སྐྲ་ནི་གྱེན་དུ་བརྫེས། །ཁ་དོག་སེར་པོར་མཚུངས་པ་ཡི། །མཚམས་བཞི་ལ་ནི་བུམ་པ་དགོད། །རྣལ་འབྱོར་མ་བརྒྱད་དང་ལྡན་པ། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་གནས་བུད་མེད་ཀྱི། །བདག་པོ་དབང་ཕྱུག་དམ་པར་བཅས། །དེ་ནས་གཞན་ཡང་རབ་བཤད་བྱ། །གཏུམ་པོ་ཁྲོ་བོ་སྒོམ་པ་ནི། །སྣ་ཚོགས་པདྨའི་སྟེང་དུ་ལྷ། །གཏུམ་པོ་ཁྲོ་བོ་བརྟག་པར་བྱ། །རཱ་མ་དེ་བ་ཁ་དོག་དམར། །མེ་སྟེ་བདེན་བྲལ་མཚམས་སུ་ནི། །འདོད་པའི་ལྷ་སྟེ་ཁ་དོག་སེར། །མ་ཧཱི་ཎཾ་ཞེས་ཁ་དོག་ལྗང་། །རླུང་སྟེ་ལྷ་


DKG080_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཀོ་ཀི་ལ། །ཞེས་པ་གྲི་གུག་ཐོད་པའི་ལག། ནག་པོ་དབང་ལྡན་མཚམས་སུ་གནས། །ཐམས་ཅད་གཡས་བརྐྱང་སྟབས་ཀྱིས་སོ། །ལྷ་མོ་པར་ཎ་ཤ་བ་རི། །བཅོམ་ལྡན་འདས་ཀྱི་ནུབ་ཕྱོགས་གནས། །འདི་ཉིད་བསམ་གཏན་སྦྱོར་བ་ཡིས། །ཉ་སོགས་བསྲེགས་པས་མཆོད་པར་བྱ། །ལྷ་རྣམས་ཀུན་ཀྱང་འཆི་བྱེད་ན། །མི་རྣམས་གཞན་པ་སྨོས་ཅི་དགོས། །དེ་ལ་འདིའི་སྔགས་ནི། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་བནྡྷ་བནྡྷ་ཆེ་གེ་མོ་ཧཱུྃ་ཕཊ། ཤེས་རབ་དང་ལྡན་བསྒོམ་པར་བྱ། །གཡོན་པའི་ཕྱག་ན་པདྨ་དཀར། །གཏུམ་པོ་ཁྲོ་བོ་སྔོན་པོ་འམ། །དམར་པོ་ཡང་ན་ནག་པོས་ཀྱང་། །རྣལ་འབྱོར་བསྒོམ་པ་ཡོངས་བསྟན་པས། །སྐད་ཅིག་གིས་ནི་འགྲུབ་པར་འགྱུར། །དེ་ལྟར་མི་གཡོ་དཀར་པོ་སོགས། །འབད་པ་དྲག་པོས་སྒོམ་བྱེད་ན། །སེམས་ནི་རྩེ་གཅིག་མཉམ་བཞག་པས། །ས་བོན་དང་བྲལ་ཉིད་ཀྱང་བསྒོམ། །ཟ་དང་འཐུང་དང་ཉལ་བ་དང་། །འདུག་དང་འགྲོ་དང་འཆག་པར་ཡང་། །གནས་སྐབས་ཀུན་དུ་རྣལ་འབྱོར་པས། །ལྷ་ཡི་རྣམ་པར་བསྒོམ་པར་བྱ། །ཡང་ན་བདེ་བ་འབའ་ཞིག་ནི། །ཕན་ཚུན་བདེ་བའི་རྣལ་འབྱོར་མ། །ཇི་སྲིད་རབ་ཏུ་གསལ་གྱུར་པ། །དེ་སྲིད་བར་དུ་འབད་པས་བསྒོམ། །རབ་གསལ་གྱུར་ན་རྣལ་འབྱོར་པའི། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ལས་ལྷ་མོ་རྣམས་ཀྱི་སྒྲུབ་ཐབས་ཀྱི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་བཀའ་སྩལ་པ་དང་། རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།ཐེག་པ་ཆེན་པོ་ཡང་དག་པའི་དགེ་བའི་བཤེས་གཉེན་མཁྱེན་པ་དང་བརྩེ་བ་དང་ཕྲིན་ལས་དཔག་ཏུ་མེད་པ་མངའ་བ་བླ་མ་ཆེན་པོ་རིན་ཆེན་རྒྱལ་མཚན་གྱི་སྐུ་དྲིན་ལ་བརྟེན་ནས་བླ་མ་དུས་འཁོར་བ་ཆེན་པོ་ཤེས་རབ་སེང་གེས་བསྐུལ་ཞིང་སྦྱིན་བདག་མཛད་པ་ལ་བརྟེན་ནས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་རཏྣ་ཤྲཱིའི་ཞལ་སྔ་ནས་ལོཙྪ་བ་གྲགས་པ་རྒྱལ་མཚན་གྱིས་སྦྲུལ་གྱི་ལོ་སྨིན་དྲུག་གི་ཟླ་བའི་དཀར་པོའི་ཚེས་བཅུ་ལ་རྫོགས་པར་བསྒྱུར་རོ།། །


previousདཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་དཔའ་བོ་གཅིག་པ།no next