Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གཉིས་པ།


   
འཕགས་པ་དོན་ཡོད་པའི་ཆོ་ག་ཞིབ་མོའི་རྒྱལ་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousའཕགས་པ་དོན་ཡོད་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། next

འཕགས་པ་དོན་ཡོད་པའི་ཆོ་ག་ཞིབ་མོའི་རྒྱལ་པོ།


DKG092_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱཱ་མོ་གྷ་བཱ་ཤ་ཀལྤ་རཱ་ཛཱ། བོད་སྐད་དུ། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རི་བོ་པོ་ཏ་ལ་ན། སྤྱན་རས་གཟིགས་དབང་ཕྱུག་གི་ཕོ་བྲང་ཤིང་སཱ་ལ་དང་། ཏ་མ་ལ་དང་། ཙམ་པ་ཀ་དང་། མྱ་ངན་འཚང་དང་། ཨ་ཏི་མུག་ཏ་ཀ་སྣ་ཚོགས་མང་པོས་ལེགས་པར་བརྒྱན་པ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་སྟོང་དང་། བྱང་ཆུབ་སེམས་དཔའ་ས་ཡ་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་ཏུ་བཞུགས་ཏེ། གནས་གཙང་མའི་རིགས་ཀྱི་ལྷའི་བུ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་པ་ན། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་།


DKG092_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་བུ་རྣམས་ཀྱི་དབང་དུ་མཛད་ནས་ཆོས་སྟོན་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་འཛུམ་པའི་བཞིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་འདི་དོན་ཡོད་པའི་ཞགས་པའི་རྒྱལ་པོའི་སྙིང་པོ་ཞེས་བགྱི་བ་མཆིས་ཏེ། བདག་གིས་བསྐལ་པ་དགུ་བཅུ་རྩ་གཅིག་གི་སྔོན་ལོགས་སུ་འཇིག་རྟེན་གྱི་ཁམས་རྣམ་པར་བལྟ་བར། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ལས་མནོས་ནས། འདི་ལྟར་བདག་གིས་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷའི་བུ་རྣམས་དང་། གནས་གཙང་མའི་ལྷའི་བུ་བརྒྱ་སྟོང་ཕྲག་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཛིན་དུ་སྩལ་ནས། བདག་གིས་རྨོངས་པ་མ་མཆིས་པའི་ཡེ་ཤེས་བཀོད་པ་ལ་སོགས་ཏེ་ཏིང་ངེ་འཛིན་བརྒྱ་སྟོང་ཕྲག་བཅུ་ཐོབ་པར་བགྱིས་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་ཡངས་ཕྱོགས་གང་དུ་སྙིང་པོ་འདི་སྤྱོད་པའི་ས་ཕྱོགས་དེར། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་ལ་སོགས་པ་ལྷའི་བུ་ཁྲི་ཉིས་སྟོང་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་སླད་དུ་གནས་པར་རིག་པར་བགྱི་ལགས་སོ། །བཅོམ་ལྡན་འདས་གང་ན་དོན་ཡོད་པའི་ཕུན་སུམ་ཚོགས་པའི་སྙིང་པོ་འདི་སྤྱོད་པའི་ས་ཕྱོགས་དེ་མཆོད་རྟེན་དུ་ཡང་བཀུར་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་སངས་རྒྱས་བྱེཾ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་ལགས་སོ། གང་ཞིག་དོན་ཡོད་


DKG092_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞགས་པའི་སྙིང་པོ་འདི་ཉན་པར་བགྱིད་ན། བཅོམ་ལྡན་འདས་སྡིག་པ་སྤྱོད་པའམ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པའམ། འཕགས་པ་ལ་སྐུར་པ་འདེབས་པའམ། དམ་པའི་ཆོས་སྤོང་བའམ། མནར་མེད་པར་གཞོལ་བའམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་སྤོང་བ་དེ་འགྱོད་པར་འགྱུར་ཞིང་། མ་འོངས་པ་ན་སྡོམ་པ་འཐོབ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་རེ་ཤིག་དེ་ཉིད་ཀྱིས་ཞག་གཅིག་སྨྱུང་བ་བགྱིས་ཏེ། བཟླས་བརྗོད་བགྱིས་ན། ཚེ་འདི་ཉིད་ལ་ལས་དེ་རྣམ་པར་དག་པ་དང་། གཏུགས་པ་དང་། བསལ་བར་འགྱུར་རོ། །རིམས་ཉིན་གཅིག་པའམ། རིམས་ཉིན་གཉིས་པའམ། ཉིན་གསུམ་པའམ། ཉིན་བཞི་པའམ། དེ་བཞིན་དུ་རིམས་ཉིན་བདུན་པའམ། མིག་ནད་དམ། རྣ་བའི་ནད་དམ། སྣའི་ནད་དམ། སོ་དང་མཆུའི་ནད་དམ། ལྕེ་དང་རྐན་གྱི་ནད་དམ། སྙིང་ནད་དམ། ལྟོ་ནད་དམ་རོ་རྒྱབ་དང་རྐེད་པའི་ནད་དམ། ཡན་ལག་གམ་ཉིང་ལག་གི་ནད་དམ། གཞང་འབྲུམ་མམ། ཕོ་བའི་ནད་དམ། ཚད་པའམ། ལག་པ་དང་། རྐང་པའི་ནད་དམ། སྣ་ནད་དམ། ཀླད་པའི་ནད་དམ། ཤ་བཀྲ་ཆེན་པོའམ། ཤ་གཟིག་གུའམ། མཛེའམ། རྐང་ཤུའམ། འབྲུམ་བུ་ཕྲ་མོའམ། ལྷོག་པའམ། མཚན་པར་རྡོལ་པའམ། འབྲུམ་བུའམ། བརྗེད་བྱེད་དམ། བྱད་དམ། གཞན་གྱིས་བགྱིས་པའི་གསོད་པའམ། འཆིང་བའམ། རྡེག་པའམ། སྐྲོད་བའམ། བདེན་པ་མ་ལགས་པས་སྐུར་པ་འདེབས་པའམ། བཅོམ་ལྡན་འདས་མདོར་ན་ལུས་ཀྱིས་གདུང་བའམ། སེམས་ཀྱིས་གདུང་བའམ། རྨི་ལམ་ངན་པའི་ལས་དེ་ཡོངས་སུ་གཏུགས་པར་གྱུར་ན། སེམས་ཅན་དག་པ་ལྷག་པར་དད་པ་རྣམས་ཀྱིས་ཡོངས་སུ་བྱང་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་གལ་ཏེ་འཁོར་བཞིའམ། རིགས་བཞི་ལས་གང་དག་སྒྱུ་དང་། གཡོ་དག་གིས་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་ཉན་པར་བགྱིད། འཛིན་པར་བགྱིད། འཆང་བར་བགྱིད། ཀློག་པར་བགྱིད། འདྲི་བར་བགྱིད། འདྲིར་འཇུག་པར་བགྱིད། ཀུན་ཆུབ་པར་བགྱིད། སེམས་ཅན་གཞན་ལ་ཡང་སྒྲོགས་པར་བགྱིད་ཅིང་། ཐ་ན་དུད་འགྲོའི་སྐྱེ་


DKG092_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གཏོགས་པ་རྣམས་ཀྱི་རྣ་བུག་ཏུ་གཏད་དེ། རྣ་བར་བཟླས་བརྗོད་བགྱིད་ལ། རྡོ་རྗེའི་ཚིག་འདི་རྣམས་སེམས་པར་བགྱིད་དེ། སྐུར་པ་མ་མཆིས་པ་དང་། གཟུགས་མ་མཆིས་པ་དང་། རྣམ་པར་མི་རྟོག་པ་དང་། ཀུན་ཏུ་འབྱུང་བ་མ་མཆིས་པ་དང་། རིང་དུ་འགྲོ་བ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། གོས་པ་མ་མཆིས་པ་དང་། སེམས་མཉམ་པ་ཉིད་དང་། མ་བྲལ་བ་དང་། ཕུང་པོ་ལྔ་དང་བྲལ་བ་སྟེ། རྣལ་འབྱོར་འདིས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིད་ན། དེ་ལ་ཕྱོགས་བཅུ་ནས་སངས་རྒྱས་སྟོང་ཞལ་སྟོན་པར་མཛད་པར་འགྱུར་ཞིང་། ནོངས་པ་འཆགས་པར་འགྱུར་བ་ལ་སོགས་པ་རྒྱས་པར་སྦྱར་རོ། །གླེགས་བམ་དུ་བགྱིས་ཏེ་ཁྱིམ་ན་འཆད་བར་བགྱིད་དམ། རྗེ་དཔོན་གྱིས་སྐྲག་པས་བགྱིས་སམ། བཞད་གད་ཙམ་གྱི་རྒྱུས་ཉན་པར་བགྱིད་ན། བཅོམ་ལྡན་འདས་མཁས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཐུས། དེ་དག་གི་རྣ་ཁུང་དུ་སྒྲ་དེ་གྲག་པ་ལགས་པར་འཚལ་བར་བགྱིའོ། །བཅོམ་ལྡན་འདས་དཔེར་ན་སྐྱེས་བུ་འགའ་ཞིག་གིས་ཙན་དན་ནམ། ག་བུར་རམ་གླ་རྩི་ཞིག་ལ་ཁྲོས་སམ། ཡོངས་སུ་སྨད་དེ་རྡོ་ལ་བཏགས་ནས། བདག་ཉིད་ལ་བྱུགས་ན་ཙན་དན་ནམ། ག་བུར་རམ། གླ་རྩི་དེ་འདི་སྙམ་དུ་འདིས་བདག་ལ་ཁྲོས་སམ། ཡོངས་སུ་སྨད་པས་དྲི་མ་ནམ་པར་མི་བགྱིའོ་སྙམ་དུ་མི་སེམས་ཀྱི། གཞན་དུ་ན་དེ་ཉིད་ལ་དྲི་བདའ་བར་བགྱིད་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བདག་གི་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་ཡང་གང་སུ་ཡང་རུང་བས། བཞད་གད་ཙམ་གྱིས་ཞེས་བྱ་བ་རྒྱས་པར་སྦྱར་རོ། །བཅོམ་ལྡན་འདས་གཡོ་དང་སྒྱུས་མཆོད་པར་བགྱིད་ན་ཡང་དེ་ཉིད་སེམས་ཅན་དམུ་རྒོད་དག་གི་དགེ་བའི་རྒྱུར་འགྱུར་ལགས་སོ། །གང་དང་གང་དུ་སྐྱེ་བར་འགྱུར་བར་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། བསོད་ནམས་ཀྱི་ཚོགས་ཀྱི་དྲི་དང་བྲལ་བར་མི་འགྱུར་ཏེ། ཚུལ་ཁྲིམས་ཀྱི་དྲི་བདའ་བར་བགྱིད་ལགས་སོ། །བཅོམ་ལྡན་འདས་གང་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ། དགེ་སློང་ཕའམ་དགེ་སློང་མའམ། དགེ་བསྙེན་ཕའམ། དགེ་བསྙེན་མའམ། དེ་ལས་གཞན་པའི་སེམས་


DKG092_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སུ་ཡང་རུང་བས། དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆེད་དུ་ཡར་ངོའི་ཚེས་བརྒྱད་ལ་སྨྱུང་བ་བགྱིས་ཏེ། གཞན་མི་སྨྲ་བར་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བདུན་བཟླས་བརྗོད་བགྱིད་ན། བཅོམ་ལྡན་འདས་དེས་ཚེ་འདི་ཉིད་ལ་ཕན་ཡོན་ཉི་ཤུ་རྩ་གཅིག་འཐོབ་པར་འགྱུར་ཏེ། །ཉི་ཤུ་རྩ་གཅིག་གང་ཞེ་ན་འདི་ལྟ་སྟེ། དེའི་ལུས་ལ་ནད་རྣམས་འབྱུང་བར་མི་འགྱུར་རོ། །དེའི་ལུས་ལ་ལས་ཀྱི་དབང་གིས་ནད་རྣམས་བྱུང་ན་ཡང་མྱུར་དུ་ཞི་བར་འགྱུར་ཞིང་། ལུས་མདངས་དང་ལྡན་པ་དང་ཡིད་དུ་མཆི་བར་འགྱུར་རོ། །སྐྱེ་བོ་མང་པོའི་སྙིང་དུ་སྡུག་པ་དང་། དབང་པོ་སྦས་པར་འགྱུར་རོ། །དེའི་དོན་རྣམས་འགྲུབ་པར་འགྱུར་རོ། །དེའི་དོན་གྲུབ་པ་ཡང་ཆོམ་རྐུན་གྱིས་མི་འཕྲོགས་ཏེ། ཞུགས་ཀྱིས་མི་འཚིག་ཆབ་ཀྱིས་མི་འཚལ་རྒྱལ་པོའི་མཐུས་དབྲོག་པར་རྔོ་མི་ཐོགས་པར་འགྱུར་རོ། །དེའི་ལས་ཀྱི་མཐའ་རྣམས་རྒྱས་པར་འགྱུར་ཏེ། སེར་བས་མ་ལགས་སོ། །ཆབ་ཀྱི་འཇིགས་པ་འབྱུང་བར་མི་འགྱུར་ཏེ། རླུང་དང་ཆར་གྱི་འཇིགས་པ་མ་ལགས་སོ། །དོན་ཡོད་པའི་ཞགས་པའི་སྙིང་པོ་ཐལ་བའམ། ཆུ་ལ་ལན་བདུན་བཟླས་བརྗོད་བགྱིས་ནས། ཞིང་གི་ཕྱོགས་མཚམས་དང་སྟེང་འོག་ཏུ་བཅིང་བ་བགྱིས་ན་གནོད་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །གཟི་བརྗིད་དང་མདངས་འཕྲོགས་པར་རྔོ་མི་ཐོགས་པར་འགྱུར་ཞིང་སེམས་ཅན་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་དང་ཡིད་ལ་འཐད་པར་འགྱུར་རོ། །དེ་ལ་དགྲའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེ་ལ་དགྲའི་འཇིགས་པ་བྱུང་ཡང་མྱུར་དུ་ཞི་བར་འགྱུར་རོ། །དེ་ལ་མི་མ་ལགས་པའི་འཇིགས་པ་འབྱུང་བར་མི་འགྱུར་ཏེ། བྱད་ཀྱི་འཇིགས་པ་མ་ལགས་མཁའ་འགྲོ་མའི་འཇིགས་པ་མ་ལགས་ཏེ། དེ་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དྲག་པོ་འབྱུང་བར་མི་འགྱུར་རོ། །མེ་དང་མཚོན་དང་། དུག་གིས་འགུམ་པར་མི་འགྱུར་རོ། །དེ་ལ་ཡང་ལྷ་རྣམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། སྐྱོབ་པ་དང་སྦེད་པའི་ཕྱིར་གནས་པར་འགྱུར་རོ། །གང་དང་གང་དུ་སྐྱེ་བར་འགྱུར་བར་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་འབྲལ་བར་མི་འགྱུར་ཏེ། དེ་ལ་ཕན་ཡོན་ཉི་ཤུ་རྩ་གཅིག་པོ་འདི་དག་འཐོབ་པར་འགྱུར་ལགས་སོ། །


DKG092_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ཆོས་བརྒྱད་འཐོབ་པར་འགྱུར་ཏེ་བརྒྱད་གང་ཞེ་ན། འགུམ་པའི་དུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་སློང་གི་གཟུགས་སུ་མངོན་སུམ་དུ་ཞལ་སྟོན་པར་འགྱུར་རོ། །བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། །ལྟ་བ་འཁྲུལ་པར་མི་འགྱུར་རོ། །ལག་པ་མི་གཡོབ་པ་དང་རྐང་པ་མི་གཡོབ་པ་དང་བཤང་གཅི་མ་མཆིས་པ་དང་ཁྲིའི་སྟེང་དུ་འཆི་བའི་དུས་བྱེད་པར་འགྱུར་རོ། །དྲན་པ་ཤིན་ཏུ་ཉེ་བར་གནས་པར་འགྱུར་རོ། །ཁ་བུབ་ཏུ་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །འགུམ་པའི་དུས་ན་ཡང་སྤོབས་པ་མི་བས་པར་འགྱུར་རོ། །དེ་ཡང་སངས་རྒྱས་ཀྱི་ཞིང་གང་དུ་སྨོན་པ་དེར་སྐྱེ་བར་འགྱུར་ཞིང་དགེ་བའི་བཤེས་གཉེན་དང་ཡང་འབྲལ་བར་མི་འགྱུར་རོ། །ཉིན་གཅིག་བཞིན་དུ་དུས་གསུམ་དུ་ལན་གསུམ་དུ་བཟླས་བརྗོད་བགྱིའོ། །ཆང་དང་ཤ་དང་ཀུན་དོང་དང་ཀེའུ་དང་སྒོག་སྐྱ་དང་། འདྲེས་པ་དང་། ལྷག་རོལ་དང་། །འདི་རྣམས་ཁྱད་པར་དུ་དོན་དུ་གཉེར་བས་སྤང་བར་བགྱིའོ། །དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་སེམས་ཅན་རྣམས་ལ་མཐུ་མཆིས་པ་དང་། མཐུ་མ་མཆིས་པར་འཚལ་བར་བགྱིས་ནས་བསྒྲག་པར་བགྱིའོ། །སློབ་དཔོན་གྱིས་དཔེ་མཁྱུད་མི་བགྱིའོ། །འདི་ལྟར་དྲི་མ་དང་བྲལ་ཞིང་ཕྲག་དོག་དང་སེར་སྣ་སྤངས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ལགས་ཏེ། སེམས་ཅན་རྣམས་ཀྱི་དོན་བགྱི་བའི་སླད་དུ་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པར་འགྱུར་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ཀྱི་ནང་དུ་གཏོགས་སོ། །བྱང་ཆུབ་ཅེས་བགྱི་བ་ནི་ཤེས་རབ་ལགས། སེམས་དཔའ་ཞེས་བགྱི་བ་ནི་ཐབས་ལགས་ཏེ། ཆོས་འདི་གཉིས་སེམས་ཅན་རྣམས་ཀྱི་དོན་བགྱི་བའི་སླད་དུ་ཁོ་ནས་ཐོབ་པ་ལགས་སོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་རྗེས་སུ་གནང་ན། འདི་ལྟར་བདག་གིས་སྙིང་པོ་འདི་དེ་བཞིན་གཤེགས་པའི་སྤྱན་སྔར་འཁོར་བཞི་རྣམས་དང་གཞན་སྡིག་པ་སྤྱོད་པ་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ་བསྒྲག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །


DKG092_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དག་པ་དེའི་དུས་ལ་བབ་པར་ཤེས་ན་ཁྱོད་སྨྲོས་ཤིག །དེ་བཞིན་གཤེགས་པས་རྗེས་སུ་ཡི་རང་བར་མཛད་ཟིན་ཏེ། ཕྱི་མའི་ཚེ་ཕྱི་མའི་དུས་ན། བྱང་ཆུབ་སེམས་དཔའི་ཐེག་པ་ཅན་རྣམས་ལ་ཕའི་བྱ་བ་བྱེད་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ་རྣམ་པར་གྲོལ་བའི་དཀྱིལ་འཁོར་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོའི་ཚོགས་ཆེན་པོའི་དོན་དུ་བདག་ལ་གསན་དུ་གསོལ། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡང་དག་པར་སོང་བ་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ཤ་ར་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ །ཙི་རི་ཙི་རི། མི་རི་མི་རི། ཙུ་རུ་ཙུ་རུ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སི་རི་སི་རི། ཙི་རི་ཙི་རི། པི་རི་པི་རི། བི་རི་བི་རི། མ་ཧཱ་པདྨ་ཧཱསྟ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཤུད་དྷ་ས་ཏྭ། བུད་དྷྱ་བུད་དྷྱ། དྷཱ་བ་དྷཱ་བ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུད་དྷ་ས་ཏྭ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱསྠཱ་མ་པྲཱཔྟ། ཙ་ལ་ཙ་ལ། སཉྩ་ལ་སཉྩ་ལ། བི་ཙ་ལ་བི་ཙ་ལ། ཨེ་ཊ་ཊ། ཨེ་ཊ་ཊ། བྷ་ར་བྷ་ར།


DKG092_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎིཀ །མ་ཧཱ་པ་ཤུ་པ་ཏི་བེ་ཤ་དྷ་ར། དྷ་ར་དྷ་ར། ས་ར་ས་ར། ཙ་ར་ཙ་ར། ཧ་ར་ཧ་ར། ཧ་ཧཱ་ཧ་ཧཱ། ཧི་ཧཱི་ཧི་ཧཱི། ཧུ་ཧཱུ་ཧུ་ཧཱུ། ཨོཾ་ཀཱ་ར་བྲ་ཧྨ། བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། པ་ར་པ་ར། ཙ་ར་ཙ་ར། ར་ཤྨི་ཤ་ཏ་ས་ཧ་སྲ་པྲ་ཏི་མཎྜི་ཏ། ཤ་རཱི་རཱ་ཡ། ཛྭ་ལ་ཛྭ་ལ། ཏ་པ་ཏ་པ། བྷ་ག་ཝཱ་ན། སོཽ་མ་ཨཱ་དི་ཏྱ། ཡ་མ་བ་རུ་ཎ། ཀུ་བེ་ར། བྲ་ཧྨེནྡྲ་རྀ་ཥི་དེ་བ་ག་ཎ། ཨ་བྷྱརྩི་ཏ་ཙ་ར་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། བུ་རུ་བུ་རུ། ས་ནད་ཀུ་མཱར། རུ་དྲ། བཱ་ས་བ། བིཥྞུ་དྷ་ན་དཱ། དེ་བ་རྀ་ཥི་ནཱ་ཡ་ཀ །བ་ཧུ་བི་བི་དྷ། བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། མ་ར་མ་ར། པ་ར་པ་ར། བ་ར་བ་ར། བ་ར་དཱ་ཡ་ཀ །ས་མནྟ་ཨ་བ་ལོ་ཀི་ཏ། བི་ལོ་ཀི་ཏ། ལོ་ཀེ་ཤྭར་མ་ཧེ་ཤྭ་ར། མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དཔལ་ས་གསུམ་གྱི་ལྷ་རྣམས་དང་། བདག་དང་། སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། འཚེ་བ་ཐམས་ཅད་དང་། གདོན་ཐམས་ཅད་ལས་སྲུངས་ཤིག །སྲུངས་ཤིག །གསད་པ་དང་། བཅིང་བ་དང་། བརྡེག་པ་དང་། བསྡིགས་པ་དང་། རྒྱལ་པོ་དང་། ཆོམ་པོ་དང་། རྐུན་པོ་དང་། མེ་དང་། ཆུ་དང་། དུག་དང་། མཚོན་ལས་ཡོངས་སུ་ཐར་བར་མཛད་པ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཨིན་དྲི་ཡ། བ་ལ་བོ་དྷྱཱྃ་ག །ཙ་ཏུ་རཱརྻྻ་ས་ཏྱ་སཾ་བྲ་ཀཱ་ཤ་ཀ །ཏ་པ་ཏ་པ། ད་མ་ད་མ། ས་མ་ས་མ། མ་ས་མ་ས། མ་ཧཱ་ཏ་མོ྅ནྡྷ། ཀཱ་ར། བ་དྷི་མ་ན་ཥ། ཊ་པཱ་ར་མི་ཏཱ་པ་རི་པཱུར་ཀ །མི་ལི་མི་ལི། ཊ་ཊ་ཊ་ཊ། ཋ་ཋ་ཋ་ཋ། ཊི་ཊི་ཊི་ཊི། ཊུ་ཊུ་ཊུ་ཊུ། ཨེ་ནེ་ཡ་ཙརྨྨ་ཀྲི་ཏ་པ་རི་ཀ་ར། ཨེ་ཧྱེ་ཧི། ཨཱི་ཤྭ་ར་མ་ཧེ་ཤྭ་ར། མ་ཧཱ་བྷཱུ་ཏ་ག་ཎ་སཾ་བྷཉྫ་ཀ །ཀུ་རུ་ཀུ་རུ། པ་ར་པ་ར། ཀ་ར་ཀ་ར། ཀ་ཊ་ཀ་ཊ། མ་ཊ་མ་ཊ། བི་ཤུད་དྷ། བི་ཥ་ཡ། བཱ་སི་ན་མ་ཧཱ་ཀཱ་རུ་ཎི་ཀ །ཤྭེ་ཏ་ཡ་ཛྙོ་པ་བཱི་ཏ། རཏྣ་མུ་ཀུ་ཊ། མཱ་ལཱ་དྷ་ར། སརྦ་ཛྙཱ་ཤི་ར།


DKG092_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སི་ཀྲྀ་ཏ་མུ་ཀུ་ཊ། མཱ་ལཱ་དྷ་ར། མ་ཧཱདྦྷཱུ་ཏ། ཀ་མ་ལཱ་ལྃ་ཀྲྀ་ཏ། ཀ་ར་དྷ་རཱ་ཡ། དྷྱཱ་ན་ས་མཱ་དྷི། བི་མོ་ཀྵ། ཨ་པྲ་ཀྃ་བྱ། བ་ཧུ་ས་ཏྭ་སནྟ་ཧི་པ་རི་པཱ་ཙ་ཀ །མ་ཧཱ་ཀཱ་རུ་ཎི་ཀ །སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ཀ་སརྦ་བྱཱ་དྷི་པ་རི་མོ་ཙ་ཀ །སརྦ་ཨཱ་ཤཱ་པ་རི་པཱུ་ར་ཀ །སརྦ་སཏྭ་ས་མཱ་ཤྭཱ་ས་ན་ཀ་ར། ན་མོ་སྟུ་ཏེ་སྭཱ་ཧཱ། བཀླགས་པས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བགྱིས་ན། མཚམས་མེད་པ་ལྔ་བྱང་བར་འགྱུར་ཞིང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་དག་པར་འགྱུར་རོ། །མཚམས་བཅད་པ་ལ་ནི། ཨ་ག་རུའི་བདུག་པའམ། ཐལ་བ་དང་། ཆབ་བམ། ཡུངས་ཀར་དང་། སེང་ལྡེང་གི་ཕུར་བུ་ལ་སོགས་པས་སོ། །རིམས་ཐམས་ཅད་ལ་ནི་སྐུད་པས་སོ། །ནད་ཐམས་ཅད་ལ་ནི་མར་རམ། འབྲུ་མར་རམ། ཆབ་ལ་བཟླས་བརྗོད་བགྱིས་ཏེ་གཏོར་བར་བགྱིའོ། །བྱད་དགྲོལ་བ་ལ་ནི་མཚོན་གྱིས་སོ། །ལྟོ་ན་བ་ལ་ནི་སྲུང་བའི་སྐུད་པས་སོ། །དུག་བསད་པ་ལ་ནི་ས་འམ་ཆབ་ཀྱིས་སོ། །མིག་ནད་ལ་ནི་སྐུད་པ་དཀར་པོས་རྣ་བ་ལ་གདགས་པར་བགྱིའོ། །སོ་ན་བ་ལ་ནི་ཤིང་ཀ་ར་བཱི་རའི་སོ་ཤིང་གིས་སོ། །མཚམས་བཅད་པ་ནི། ཚོན་སྣ་ལྔའི་སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། སེང་ལྡེང་གི་ཕུར་བུ་བཞི་ལ་བཅིངས་ནས། ཕྱོགས་བཞིར་གཟུགས་པར་བགྱིས་ན། མཚམས་ཆེན་པོ་བཅིང་བར་འགྱུར་རོ། །ཐམས་ཅད་སྲུང་བ་ལ་ནི་སྐུད་པའམ། ཆབ་བམ་ཐལ་བས་སོ། །གདོན་ཐམས་ཅད་ལ་ནི་ཚོན་སྣ་ལྔའི་སྐུད་པས་སོ། །རིམས་ཐམས་ཅད་ལ་ནི་སྐུད་པ་དཀར་པོས་སོ། །གཡན་པ་དང་། ཁྱི་རྡོ་དང་། ལྷོག་པ་དང་། མགྲིན་པ་འགགས་པ་ཐམས་ཅད་ལ་ནི་སྦྲང་རྩི་དང་། པི་པི་ལིང་སྲེས་པས་སོ། །མིག་ནད་ལ་ནི་དྲི་ཆུའམ། ཤིང་བལ་ཤའི་ཆུའམ། ཤིང་མངར་གྱི་ཆུས་སོ། །རྣ་བའི་ནད་ལ་ནི་འབྲུ་མར་གྱིས་སོ། །འཐབ་པ་དང་། འཐབ་མོ་དང་། རྩོད་པར་འགྱེད་པ་དང་། སྐུར་པ་འདེབས་པ་ཐམས་ཅད་ལ་ནི་ཆབ་ལ་བཟླས་བརྗོད་བགྱིས་ཏེ། ཁ་བཤལ་བར་བགྱིའོ། །དཔུང་དང་ཡུལ་དང་རྒྱལ་སྲིད་དང་། ཡུལ་འཁོར་ཐམས་ཅད་བསྲུང་བ་ལ་ནི་བུམ་པ་གང་བ་གཞག་ལ་གོས་གཙང་མ་བགོས་པས་མཆོད་པ་རྒྱ་


DKG092_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བགྱིས་ནས། བཀླག་པར་བགྱིས་ན་ཞི་བ་ཆེན་པོར་འགྱུར་རོ། །དེས་ཡང་ཆབ་ཀྱིས་གཏོར་བར་བགྱིས་ཏེ། སེམས་ཅན་ཐམས་ཅད་ལ་སྲུང་བ་བགྱིས་པར་འགྱུར་ལགས་སོ། །ཡམས་ཀྱི་ནད་དང་གནོད་པ་དང་འཚེ་བ་ཐམས་ཅད་ཞི་བར་བགྱིད་པ་དང་། གླགས་ལྟ་བ་རྣམས་ལ་ནི་ཙན་དན་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། སྙིང་གར་བྱུག་པར་བགྱིའོ། །མཚམས་མེད་པའི་ལས་ཐམས་ཅད་བས་པར་བགྱི་བ་ནི། རྟག་ཏུ་བཟླས་བརྗོད་ཀྱིས་སོ། །ཁྱིམ་བསྲུང་བ་ལ་ནི་པདྨའི་སྦྱིན་སྲེག་གིས་སོ། །སེམས་ཅན་ཐམས་ཅད་བསྐྱང་བ་དང་། འབྱུང་པོའི་འཇིགས་པ་དང་། གདོན་ཐམས་ཅད་བསྲུང་བ་ལ་ནི་ཙན་དན་གྱི་སྦྱིན་སྲེག་གིས་སོ། །ཛ་ཡ་དང་བི་ཛ་ཡ་དང་། ན་ཀུ་ལི་དང་། གྷན་དྷཱ་ན་གུ་ལི་དང་། བ་རུ་ནི་དང་། ཙཻ་གྲ་བ་རུ་ཎི་དང་། ཨ་བྷ་ཡ་བ་ནི་དང་། ཨིན་དྲ་བ་ནི་དང་། གྷན་དྷ་པྲི་ཡང་ཀུ་དང་། རྒྱ་སྤོས་དང་། ཙ་ཀྲ་དང་། མ་ཧཱ་ཙ་ཀྲ་དང་། བིཥྞུ་ཀྲཱན་ཏ་དང་། སོ་མ་ར་ཛི་དང་། སུ་ནན་ད་རྣམས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ནོར་བུར་བགྱིས་ནས་སྤྱི་བོ་འམ། དཔུང་པ་ལ་བཏགས་པས་བསྲེལ་བར་བགྱིའོ། །ཁྱེའུ་རྣམས་ལ་ནི་མགུལ་པར་རོ། །བུ་མོ་རྣམས་ལ་ནི་སྟ་ཟུར་ནས་ཏེ། དཔལ་དང་ལྡན་པར་བགྱིད་པ་དང་། བཀྲ་མི་ཤིས་པ་རབ་ཏུ་ཞི་བར་བགྱིད་པའི་ནོར་བུ་འདི་བསྲེལ་ན་ཐམས་ཅད་ལས་བསྲུང་བ་བགྱིས་པར་འགྱུར་རོ། །དུག་དང་མེས་མི་ཚུགས་ལགས་སོ། །དུག་གིས་གནོད་པ་བསྐྱེད་པར་མི་འགྱུར་རོ། །སྐྱེས་ན་ཡང་གནོད་པ་བསྐྱེད་པར་མི་བགྱིད་ཅིང་། མྱུར་དུ་ཞི་བར་འགྱུར་རོ། །གདོན་རྣམས་ཞི་བར་འགྱུར་རོ། །རླུང་དང་འབྲུག་དང་སེར་བ་གཅད་པ་དང་། ཆབ་ཀྱི་རྒྱུན་དང་། སེར་བ་བཟློག་པ་ལ་ནི་ཤིང་ཀ་ར་བཱི་རའི་ལྕུག་མས་ཏེ། ལས་ཐམས་ཅད་བགྱིད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་གྲུབ་པ་དམ་པ་མ་བསྒྲུབས་པར་ལས་འདི་རྣམས་བགྱིད་པར་འགྱུར་ལགས་སོ། །དེ་ནས་བསྒྲུབ་པར་འཚལ་ན་ཐང་སྐུའི་ཆོ་ག་ནི་རས་ལ་ལྷག་མ་མ་ཡིན་པའི་ཚོན་རྩིས། སངས་རྒྱས་དང་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་


DKG092_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་རལ་པའི་ཐོར་ཚུགས་དང་ཨེ་ན་ཡའི་པགས་པ་དང་། ཕྱུགས་བདག་གི་ཆ་ལུགས་འཆང་བ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བགྱི་སྟེ། རི་མོ་མཁན་གསོ་སྦྱོང་ཅན་འདྲིར་སྩལ་བར་བགྱིའོ། །དེ་ནས་སྒྲུབ་པ་པོས་སྐུ་གཟུགས་དེའི་སྤྱན་སྔར་བའི་ལྕི་བའི་དཀྱིལ་འཁོར་བགྱིས་ཏེ། མེ་ཏོག་དཀར་པོའི་སིལ་མ་བཀྲམ་ལ། སྤོས་ཀྱིས་བཀང་བའི་སྣོད་བརྒྱད་གཞག་པར་བགྱིའོ། །སྣ་བརྒྱད་པ་འམ་དྲུག་ཅུ་རྩ་བཞི་པ་འམ། གཞན་ཡང་ལྷ་བཤོས་ཤ་དང་། ཁྲག་དང་མ་འདྲེས་པ་བཤམས་ཤིང་དྲངས་ལ། ཨ་ག་རུའི་བདུག་པས་བདུགས་ཏེ། ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ། །ཉིན་ཞག་གཅིག་གམ། ཉིན་ཞག་གསུམ་དུ་སྨྱུང་བ་བགྱིས་ནས་ཟས་དཀར་གསུམ་འཚལ་ཏེ། དུས་གསུམ་དུ་ཁྲུས་བགྱིས་ནས། གོས་གཙང་མ་བགོས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ཉིད་མཆིས་ནས། བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་དོ། །ལྡང་རོས་སམ་མིག་སྨན་ལ་བཟླས་བརྗོད་བགྱིས་ཏེ། མིག་ལ་བསྐུས་ན་དེ་ནས་མི་གདའ་བར་གྱུར་ནས་ནམ་མཁའ་ལ་མཆི་བར་འགྱུར་ཞིང་དོན་ཡོད་པའི་ཡེ་ཤེས་བཀོད་པ་ཐམས་ཅད་ཞེས་བགྱི་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་ཏེ། ཅི་འཚལ་བ་དེ་བགྱིད་པར་འགྱུར་རོ། །དེ་ནས་འགྲུབ་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོའི་ལྷའི་བུ་རྣམས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དོན་ཡོད་པའི་ཞགས་པ་རྫོགས་སོ།། །།


no previousའཕགས་པ་དོན་ཡོད་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། next