Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གཉིས་པ།


   
   
   
   
   
   
   
   
   
   
   
   
མེ་དགུག་པའི་སྦྱིན་སྲེག་གི་ཆོ་ག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམེ་དགུག་པའི་སྦྱིན་སྲེག་གི་ཆོ་གnext

མེ་དགུག་པའི་སྦྱིན་སྲེག་གི་ཆོ་ག


DKG092_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དོན་ཡོད་པའི་ལས་དང་དགོས་པ་སྒྲུབ་པ་ཐམས་ཅད་ཀྱི་སྦྱིན་སྲེག་གི་ཆོ་ག་བཤད་པར་བྱ་སྟེ། སྡིག་པ་ཐམས་ཅད་མོད་ལ་འཕྲོག་པ། སྒྲིབ་པ་ཐམས་ཅད་འཇིག་པར་བགྱིད་པ། དགྲ་ཐམས་ཅད་འཇོམས་པ། བགེགས་ཐམས་ཅད་རྣམ་པར་འཇོམས་པ། གདུག་བ་ཐམས་ཅད་བཟློག་པའི་མཆོག་སྡིག་པ་ཐམས་ཅད་འཇིག་པར་བགྱིད་པ། དམྱལ་བའི་སྡུག་བསྔལ་


DKG092_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་ལས་གྲོལ་བར་བགྱིད་པ། འཇིགས་པ་མི་བཟད་པ་བརྒྱད་རྟག་ཏུ་འཕྲོག་པ། མི་མཛའ་བ་རྣམས་འཇོམས་པ། ཕ་རོལ་གྱི་དཔུང་ལྡོག་པའི་མཆོག །ནད་ཐམས་ཅད་འཇོམས་པ། མོད་ལ་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཞི་བར་བགྱིད་པ། མུ་གེའི་དགོན་པ་འཇིག་པར་བགྱིད་པ། ཡམས་ཀྱི་ནད་དང་གནོད་པ་འཇོམས་པ། ལྷའི་བདེ་བ་འདྲེན་པར་བགྱིད་པའི་མཆོག་དེ་ཁོ་ན་ཉིད་ཀྱི་སངས་རྒྱས་སྒྲུབ་པ། སངས་རྒྱས་ཀྱི་བྱང་ཆུབ་བླ་ན་མེད་པའི་མཆོག་ཐམས་ཅད་སྒྲུབ་པར་བགྱིད་པ། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་མཆོག་སྦྱིན་ཤིན་ཏུ་རྙེད་པར་དཀའ་བ་ལྷ་རྣམས་རྟག་ཏུ་མགུ་བར་འགྱུར་བ། ཀླུ་རྣམས་དགའ་བ་འཐོབ་པར་འགྱུར་བ། དེ་བཞིན་གཤེགས་པ་རྣམས་རྟག་ཏུ་ཉིན་མཚན་དུ་གཟིགས་པར་སོམ་ཉི་མ་མཆིས་པ། བྱང་ཆུབ་སེམས་དཔའ་རྣམས་དགའ་བར་འགྱུར་བ། དུས་ཀུན་དུ་ཤིན་ཏུ་མཉམ་པར་བཞག་པས། འཇིག་རྟེན་དབང་ཕྱུག་མཆོག་སྦྱིན་རྟག་ཏུ་མཆིས་པར་སོམ་ཉི་མ་མཆིས་པར་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་བློན་པོ་དང་བཅས་པ་བསྲུང་བའི་དོན་དུ་ཐམས་ཅད་དུ་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་ལགས་སོ། །དེ་ནས་རིག་སྔགས་འཆང་ཤེས་རབ་དང་ལྡན་པས། གཙང་མའི་གནས་སུ་མཆིས་ནས་སྦྱིན་སྲེག་བགྱི་སྟེ། གཙང་མ་ཡི་ནི་ས་ཕྱོགས་སམ། །ཅ་ཅོ་མ་མཆིས་དབེན་པར་ནི། །ཞི་བ་དང་ནི་རྒྱས་པ་དང་། །དྲག་ཤུལ་སྤྱོད་པ་རྣམས་བགྱིའོ། །ཞི་བ་སེམས་ཅན་ཐམས་ཅད་ཀྱི། །དོན་དུ་སྡིག་པ་ཐམས་ཅད་འཇོམས། །རྒྱས་པ་རྒྱས་པ་ཐོབ་འགྱུར་ཏེ། །ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར། །དགྲ་དང་ལོག་འདྲེན་གདུག་པ་དང་། །གནོད་སྦྱིན་སྲིན་པོ་གསང་བ་པ། །གདུག་སེམས་ཅན་རྣམས་བྲེད་པ་དང་། །སྐྲག་པར་སྡིགས་པ་དྲག་ཤུལ་སྤྱོད། །གསང་སྔགས་སྒྲུབ་པའི་སྦྱིན་སྲེག་སྟེ། །གསང་སྔགས་སྒྲུབ་པ་བླ་ན་མེད། །འཇིག་རྟེན་འཇིག་རྟེན་ཕ་རོལ་གྱི། །སྦྱིན་སྲེག་གི་ནི་ལས་བགྱིའོ། །མེ་ལྷའི་ལྷ་དང་ཀླུ་དག་དང་། །དེ་བཞིན་རིག་པ་འཛིན་པའང་དགུག །ཁུང་བརྐོས་དེ་ལ་པདྨའི་ཚུལ། །པདྨ་རྟག་ཏུ་བྲི་བར་བགྱི། །ཆོ་ག་ཅི་བཞིན་ཁུང་ནང་གི། །པདྨ་ལ་ནི་གེ་སར་


DKG092_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །གྲུ་བཞིའམ་ནི་ཟླུམ་པོ་སྟེ། །དེ་ལྟ་བུ་ནི་བརྐོ་བར་བགྱི། །ལེགས་པར་བྱུགས་ཤིང་ཤིན་ཏུ་གནག །ཤིན་ཏུ་སྦས་ཤིང་ཚད་ལ་དབབ། །ཚེས་གྲངས་རྒྱུ་སྐར་ཉིད་དག་དང་། །ཤིན་ཏུ་བཀྲ་ཤིས་དག་ལ་བགྱི། །བཀྲ་ཤིས་ཕྱག་རྒྱ་ཆེན་པོ་སྟེ། །བཟང་པོས་གཏོར་མའི་ལས་བགྱིའོ། །བདུག་པ་མེ་ཏོག་ལ་སོགས་པ། །བཟང་པོ་དག་ནི་འཁོར་བར་དགོད། །ཐོག་མར་མེ་ལྷ་བཀུག་ནས་ནི། །དེ་ནས་སྦྱིན་སྲེག་ལས་རྣམས་བགྱི། །རིག་སྔགས་འཆང་བ་གཙང་གྱུར་པ། །ལེགས་བཀྲུས་གཙང་མའི་གོས་བགོས་ནས། །གསང་སྔགས་བཟླས་པའི་ཆོ་ག་བགྱི། །དེ་ལ་མཚམས་ཀྱང་བཅིང་བར་བགྱི། །བདག་བསྲུང་གཙུག་ཏོར་བཅིང་བ་དང་། །གཞན་བསྲུང་དཀྱིལ་འཁོར་བཅིང་བ་དང་། །དེ་བཞིན་གྲོགས་བགྱིད་བསྲུང་བ་དང་། །རྒྱུན་དུ་ཨརྐའི་ཤིང་སྤར་ཏེ། །དྲི་ཡི་ཤིང་རྣམས་ཉིད་དག་དང་། །མར་དང་ཡུངས་ཀར་འབྲས་ཡོས་དག །ཉི་ཤུ་གཅིག་དབུལ་མེ་སྟོན་བགྱི། །དེ་ནས་མེའི་ལྷ་དགུག་གོ། །ཨོཾ་ན་མོ྅་གྣི་ཛྭ་ལ། མ་ཧཱ་ཛྭ་ལ། ཛྱོད་སྣཱ་པྲ་བྷཱ་མཎྜལ། སརྦ་བིད་ཨཱཧུ་ཏི་རཀྟི་ནི་རཏ་ཏུཥྞ་ཛྭ་ལ། དྷུ་མ་ཤྭ་ས། ཨརྩི་ཥཱ་མུ་ཁ་ཏྲིཥྞ། རཤྨི་ད་བ་ཨག་ནིཤྩ་བིད་ཏུ་ཏཤྩ་ཧཱུ་ཏ་ཤ་ན་མུ་ཁ་ན་ཏེ། སརྦ་དེ་བཱ་ནཱཾ། སརྦ་ཡཀྵ་མ་ཧཱ་བཱིརྱ་མ་ཧཱ་ཛ་ཡ། མ་ཧཱ་བཱ་ལ། ནིར་མ་རི་ཤན། སརྦ་ད་ཧཱ་ན་པྲ་བུ་ལ་ཨཱ་ཀཱ་ཤ་ས་མུག་གང་ཀཤྩ་ཨ་བ་པྲས་ད་ཀཱ་ཤན། མན་ཌ་ལ་པཱུ་ཛི་ཏོ། མ་ཎི་ཏ་སརྦ་ཏྲ་དི་བ་བྱ་རུ་པ། བི་ཤཱ་ར་དང་། ཨཱ་བཱ་ཧཱ་ན་སརྦ་ད་ཏྲ་གཱན། དེ་བ་ཧཱུ་ཏ། ཤ་ན་ཧུ་ཏྲ། ཤ་ན་ཏ་མ་སི་བི་དྷ་མ་ཀ་ན། ཨན་དྷ་ཀཱ་རཱ་ན། མུག་ཏེ་རཤྨི་མ་པྲི་ཡང་ཀུ་གྷ་ན་དྷ་ཕ་ལཱ་ཧ་ར། ས་ར་ས་ར། ཨ་གྲ་ཛ། སཱུཀྵྨ་སུ་ཏཱིཀྵྞཤྩ་མྲྀ་ཏི་ས་ན་ཙི་བི་ན། པྲི་ཡོ་པཤྨི་པུཤྨི་པུཤྤ་བྷ་སྨ་བྷསྟ་ཙ་བྷ་སྨ་བསྟྲ་ནི། སེ་བ་ཀྃ །བྷ་སྨ་སཉྩ་དྷ་ནིད་ཏྱན་དྷུ་མ་མཱ་ཀུ་ལ། ཛཱ་ཡ་སེ་པཱ་ཀ་སིད་དྷ་རས་གྲཱ་ཙ་ར་ས་རྦད་ཏྲ་པྲ་དྷ་པ་རི་ཤཱ། ས་རྦད་ཏྲ་ནི་ར་མ་རི་ཤ་ཎོ། ནིར་ཏྱ་སྤྲིཥྚ་དྷཤྚ་ན་མུཉྩ་སི། དྭ་ཏྲིང་ཤ །བྷ་བ་ནོ་དེ་བ་ཨག་ནི་མུ་ཁ་དེ་བཱ་ཏ། ཨེ་རུ་ཙི་རུ་ཛཱ་བ་ལ་བ་ད་ཀ་མ་ཧཱ་ན་ཏ། ཨ་ཐ་པར་ཎོ། དེ་བ་དེ་བ་ན། བི་ཤཱ་ར་ད། ཨ་ཡཱ་ན་ཏུ་སཱ་དྷ་ཤི་གྷྲཾ་ཀར་མ་སཱ་དྷ་ཡ་ཏད་ཏྭ་ཏ། ཨོཾ་ཛྭ་ལ་ཛྭ་ལ། ཏིཥྛ་ས་མ་ཡན། ཧུ་རུ་ཧུ་རུ་ཧཱུྃ་ཕཊ་སྭཱ་ཧཱ། གསང་


DKG092_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདིས་ནི་ལན་བདུན་དུ། །བཟླས་ནས་མེ་ནི་དགུག་པར་བགྱི། །གུ་གུལ་ཡུངས་ཀར་མར་སྦྱར་ལ། །སྤར་བདུན་སྤར་བས་མེ་ལ་དབུལ། །མཆོད་ཡོན་སྣོད་རྣམས་དབུལ་བ་ཡང་། །དེ་བཞིན་སྤར་བའི་སྤར་བས་སོ། །དྲི་རྣམས་དང་ནི་བྱུག་པ་དང་། །བདུག་པ་རྒྱ་ཆེར་དབུལ་བར་བགྱི། །དེ་བཞིན་འབྲས་བུ་སྤར་བར་འབུལ། །དེ་ནས་ཆབ་ཀྱིས་བསང་བ་བགྱི། །ཅི་ལྟར་ལྷ་རྣམས་རིམ་བཞིན་དུ། །ཉེ་རེག་དག་ཀྱང་དབུལ་བར་བགྱི། །དེ་ནས་རིག་སྔགས་འཆང་གིས་སུ། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །དྲི་ཞིམ་ཤིན་ཏུ་དག་པ་དང་། །བླག་ཤ་ཨུ་དུམ་བཱ་ར་དང་། །སྣ་མའི་མེ་ཏོག་ཙམ་པ་དང་། །ཀར་ནི་ཀ་ར་ཉིད་དག་དང་། །པདྨ་ཨུཏྤལ་ཐང་ཤིང་དང་། །དེ་བཞིན་དྲི་བདའི་ཙནྡན་དང་། །བྱང་ཆུབ་ལྗོན་ཤིང་ཤིང་དག་དང་། །དེ་བཞིན་གཞན་ཡང་དྲི་བདའི་ཤིང་། །འོན་ཏེ་འབྲས་བུའི་ཤིང་མང་དང་། །ཤ་མི་ཤི་བའི་ལས་ལགས་པས། །མཆོད་ཡོན་དེ་བཞིན་རྩྭ་དག་སྟེ། །དེ་དག་གིས་ནི་མེ་སྤར་ནས། །སྦྱིན་སྲེག་གི་ནི་ལས་རྣམས་བགྱིའོ། །འབྲས་ཡོས་ཙནྡན་ཕྱེ་མ་དང་། །ཨ་གུ་རུ་དང་དུ་རུ་སྐ། །ཀུན་དུ་རུ་ལ་སོགས་པ་དང་། །དུ་རུ་སྐར་བཅས་སྤྲི་ཀ་དང་། །སྤང་སྤོས་པྲི་ཡང་ཀུ་བླངས་ཏེ། །དེ་དག་ལྷན་ཅིག་སྦྱར་བསྲེས་ཤིང་། །མར་རམ་མར་སར་ལྷན་ཅིག་བརྫི། །དོན་ཡོད་རྒྱལ་པོའི་གསང་སྔགས་ནི། །བརྒྱ་རྩ་བརྒྱད་བཟླས་མེ་ལ་དབུལ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ལན་སྟོང་རྩ་བརྒྱད་ཀྱི་སྦྱིན་སྲེག་བགྱིའོ། །ལན་སྟོང་རྩ་བརྒྱད་ཚང་བ་དང་། ནམ་ཕྱེད་ན་མེ་ལྷ་རང་གི་གཟུགས་འབར་བར་ཤིན་ཏུ་གནས་པ་ལགས་ནས་ཕྱོགས་བཅུར་བལྟ་ཞིང་ཀུན་དུ་བརྟགས་ནས། རིག་སྔགས་འཆང་ལ་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །བདག་ཚིམ་པར་བྱས་པས་རིག་སྔགས་འཆང་ཁྱོད་ཀྱིས་སྦྱིན་སྲེག་གི་ཆོ་ག་གྲུབ་ཀྱིས་མཆོག་སློངས་ཤིག་དང་། ཐམས་ཅད་སྦྱིན་ནོ། །དེ་ནས་རིག་སྔགས་འཆང་གིས་ཅི་ལྟ་བུའི་འདོད་པའི་མཆོག་རྣམས་བླང་བར་བགྱི་སྟེ། ཅི་ལྟར་བླངས་པ་བཞིན་ཐམས་ཅད་སྩོལ་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་


DKG092_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མཆོད་ཡོན་གྱི་སྣོད་དག་འབུལ་ཞིང་གཏོར་མ་དབུལ་བའི་ལས་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་མར་དང་བསྲེས་པའི་གོང་བུ་ཆེན་པོ་དག་གིས་སྦྱིན་སྲེག་བགྱི་ཞིང་། འབྲས་བུའི་ཤིང་སྤར་ནས། དོན་ཡོད་ཞགས་པའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ། །སྟོང་རྩ་བརྒྱད་ཚང་བ་དང་། ཐབ་ཀྱི་དབུས་ནས་སྐྱེས་པ་ཞིག་ལུས་ཕྱེད་ཙམ་ཕྱུང་ནས། དངུལ་གྱི་གཞོང་པ་ཁ་ཟས་ཀྱིས་བཀང་སྟེ། པུས་མོ་ནུབ་ཙམ་དུ་འབུལ་བར་བགྱིད་དོ། །རིག་སྔགས་འཆང་གིས་བླང་བར་བགྱི་སྟེ། བླངས་པ་ཙམ་གྱིས་ནམ་མཁའ་ལ་འཕུར་བར་འགྱུར་ཞིང་། རིག་སྔགས་འཆང་གི་ལུས་ལ་མེ་འབར་བའི་འོད་ཟེར་འབྱུང་བར་འགྱུར་རོ། །དེ་འཚལ་ན་ཚེ་ལོ་ཁྲིར་འགྱུར་རོ། །ནམ་མཁའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ། །བསྐལ་པ་བཅུ་ཚུན་ཆད་ཀྱི་སྔོན་གྱི་སྐྱེ་བ་དྲན་པར་འགྱུར་རོ། །དོན་ཡོད་རྒྱལ་པོའི་ཆོ་ག་ཞིབ་མོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་ཁ་ཏོན་དུ་གནས་པར་འགྱུར་རོ། །གལ་ཏེ་སྣོད་མི་ལེན་ན་དེའི་ཚེ་ཡང་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བགྱིས་ན། ཆེར་གཡོ་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ཀྱི་མདུན་དུ་མཆིས་ན། རིག་སྔགས་འཆང་ལ་དབུགས་འབྱིན་པར་བགྱིས་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །རིག་སྔགས་འཆང་ཁྱོད་ཀྱིས་སྦྱིན་སྲེག་གི་ཆོ་ག་དེ་བསྒྲུབས་ཟིན་གྱིས། མཆོག་སློངས་ཤིག་དང་སྦྱིན་ནོ་ཞེས་དེའི་ཚེ་རིག་སྔགས་འཆང་གིས་ཅི་བསམས་པའི་མཆོག་སྨྲས་པ། དེའི་ཚེ་ཐམས་ཅད་སྩོལ་བར་བགྱིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྐྱེས་པ་དེ་ལ་སྣོད་བླངས་ཏེ། རང་གི་ལག་ནས་རིག་སྔགས་འཆང་ལ་སྩོལ་བར་བགྱིད་དོ། །རིག་སྔགས་འཆང་གིས་བླངས་ནས་ཟས་ཀྱི་གོང་བུ་དེ་བཟའ་བར་བགྱིའོ། །འཚལ་བ་ཙམ་གྱི་མོད་ལ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་མཆི་བར་འགྱུར་རོ། །ལུས་ལས་མེའི་སྙིང་པོ་འབར་བའི་ཁ་དོག་སྣ་ཚོགས་འབྱུང་བར་འགྱུར་རོ། །དོན་ཡོད་པའི་རྒྱལ་པོའི་རིག་སྔགས་འཛིན་འཁོར་ལོས་སྒྱུར་བར་འགྱུར་རོ།། །།འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་དྲུག་པ། གང་གཱའི་ཀླུང་གི་བྱེ་བ་ཁྲག་ཁྲིག་


DKG092_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སྟོང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་དང་མཉམ་པའི་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་རྣམས་ཀྱི་རིག་སྔགས་འཆང་གིས་ཡོངས་སུ་བསྐོར་བར་འགྱུར་རོ། །གང་གཱའི་ཀླུང་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་དང་མཉམ་པའི་གནས་ཀྱི་གཞལ་མེད་ཁང་དོན་ཡོད་རབ་ཏུ་གནས་པའི་གནས་རྣམས་འབྱུང་བར་འགྱུར་རོ། རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་རི་དང་། ཚལ་དང་ནགས་ཚལ་དང་བཅས་པ་མེ་ཏོག་དང་འབྲས་བུའི་ཤིང་རྣམ་པ་སྣ་ཚོགས་ཡལ་ག་དང་། སྦལ་མིག་དང་། ལོ་མ་དང་། རྩ་བ་དང་། མྱུ་གུར་བཅས་པ་ཁ་ཅིག་ནི་གསེར་གྱི་མེ་ཏོག་ཁ་ཅིག་ནི་དངུལ་གྱི་མེ་ཏོག །ཁ་ཅིག་ནི་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་མེ་ཏོག་དག་གོ། །གཞན་ཡང་ལྷའི་མེ་ཏོག་རྣམ་པ་སྣ་ཚོགས་པ་དག་དང་། ཏ་མ་ལ་དང་། ཙམ་པ་ཀ་དང་། ལྕུག་མའི་མེ་ཏོག་དང་། ཏ་ལ་དང་། གྷན་དྷ་པར་ཤི་ཀ་དང་། སྣ་མ་དང་། ཡུ་ཏི་ཀ་དང་། ཏ་ར་ན་དང་། ཀུབ་བྱ་ཀའི་མེ་ཏོག་དག་དང་། ཚལ་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་དགའ་བར་འགྱུར་བའི་གནས་ཀྱི་གཞལ་མེད་ཁང་གིས་མཛེས་པར་བགྱིས་པའི་གཞལ་མེད་ཁང་ཐམས་ཅད་འབྱུང་བར་འགྱུར་ཞིང་དགའ་བ་དང་ཡིད་མགུ་བ་དང་། ཡིད་དུ་མཆི་བར་འགྱུར་རོ། །ལྷའི་ཆུ་ཀླུ་དང་། འབབ་ཆུ་དང་། ལྟེང་ཀ་དང་། རྫིང་ལྷའི་ཙན་དན་གྱི་དྲིའི་ཆབ་ཀྱིས་ཡོངས་སུ་གང་བ་དེ་ལ་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་གཞལ་མེད་ཁང་དང་། ལྷའི་པདྨ་དང་། ཨུཏྤལ་དང་། ཀུ་མུ་ད་དང་། པདྨ་དཀར་པོས་ལེགས་པར་བརྒྱན་པའི་ཆབ་གསེར་གྱི་བྱེ་མ་ལེགས་པར་བདལ་བའི་གཞལ་མེད་ཁང་དག་འབྱུང་བར་འགྱུར་རོ། །ལྷའི་བུ་མོ་དང་། མིའམ་ཅིའི་ཚོགས་དང་། དྲི་ཟའི་ཚོགས་ཀྱིས་དགའ་བར་བགྱིས་པ། ལྷ་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། ཀླུ་དང་། རིག་འཛིན་དང་། མིའམ་ཅིའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། ལྷའི་འབྱོར་པ་གཞལ་མེད་ཁང་ལེགས་པར་བསྟབས་པའི་གནས་ན་ཐམས་ཅད་དུ་རྩེ་བར་བགྱིད། དགའ་བར་བགྱིད། དགའ་མགུར་སྤྱོད་པར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་པ་ནས་བྱང་ཆུབ་ལ་མཆིས་ཀྱི་བར་དང་། ཆོས་ཀྱིས་འཁོར་


DKG092_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བསྐོར་བ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་ཚེའི་ཚད་གཅིག་ཙམ་དུ་སྐྱོང་བར་བགྱིད་དོ། །དེ་བཞིན་དུ་གྲུབ་པ་བླ་ན་མེད་པ་ཆེན་པོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་ཏེ། དེ་ལྟར་ཟས་ཀྱི་གོང་བུ་སྒྲུབ་པའི་ཆོ་ག་ཤིན་ཏུ་རྙེད་པར་དཀའ་ལགས་སོ། །ཕྱོགས་བཅུ་མཐའ་དག་གི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷན་ཅིག་འགྲོགས་ནས་མཆི་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ལས་མངོན་སུམ་དུ་ཆོས་ཉན་པ་ཐོས་པར་འགྱུར་རོ། །དེའི་འོད་ཟེར་འབར་བའི་སྙིང་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་འགྱུར་རོ། །དོན་ཡོད་པའི་ཞགས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་གསང་སྔགས་དང་ཕྱག་རྒྱ་རིང་བར་ཕྱེ་བའི་ཆོ་ག་ཞིབ་མོ་མཐའ་དག་རྫོགས་པར་བསྒྲུབ་པའི་ཆོ་ག་ཐམས་ཅད་དང་། ཆོ་ག་ཞིབ་མོ་རྒྱ་ཆེན་པོ་མཐའ་དག་གི་དཀྱིལ་འཁོར་འདི་ཁོ་ན་ཉིད་དུ་གནས་པར་འགྱུར་ལགས་སོ། །ཀླུའི་རྒྱལ་པོ་བྱེ་བ་ཕྲག་བརྒྱ་སྟོང་རྣམས་དེའི་དབང་དུ་གྱུར་ནས་རྟག་པར་རྒྱུན་དུ་མཆི་བར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །འོག་མིན་གྱི་གནས་ཀྱི་ལྷ་རྣམས་རིག་སྔགས་འཆང་དེའི་ཕྱི་བཞིན་རྟག་ཏུ་འབྲང་ཞིང་རྟག་པར་རྒྱུན་དུ་ཡོངས་སུ་བསྐོར་བར་འགྱུར་རོ། །ལྷའི་རོ་བྲོ་བའི་མཆོག་དང་ལྡན་པའི་གཞལ་མེད་ཁང་རྣམ་པ་སྣ་ཚོགས་དག་ལྷུན་གྱིས་གྲུབ་པར་འབྱུང་བར་འགྱུར་རོ། །དེ་བཞིན་དུ་གོས་དང་། ལྷབ་ལྷུབ་དང་། རྒྱན་སྣ་ཚོགས་དང་ལྡན་པའི་གཞལ་མེད་ཁང་དག་འབྱུང་བར་འགྱུར་ཏེ། དེ་ལ་སོགས་པ་སྦྱིན་སྲེག་གི་ཆོ་ག་དོན་ཡོད་པ་སྒྲུབ་པ་དག་འབྱུང་བར་འགྱུར་བའི་གྲུབ་པ་འཐོབ་པར་འགྱུར་རོ། །འོན་ཏེ་སྐལ་བ་ཆུང་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་བོན་མ་མཆིས་པ་ཞིག་མཆིས་ལ་དེས་སྣོད་དེ་བླངས་པ་ཙམ་གྱི་མོད་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ཐོབ་པར་འགྱུར་ཏེ། ལྷ་


DKG092_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དང་མིའི་དཔལ་ཉམས་སུ་མྱོང་བར་འགྱུར་རོ། །རེག་པ་ཙམ་གྱི་མོད་ལ་ཚེ་ལྷའི་ལོ་བརྒྱ་ཁྲི་བཞི་སྟོང་ཐུབ་པར་འགྱུར་རོ། །དེ་ལ་ཕྱིས་ཀྱང་ནད་འབྱུང་བར་མི་འགྱུར་ཏེ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཀྱིས་ཉོན་མོངས་པར་མི་འགྱུར་རོ། །ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་དང་། གདུག་པ་དང་། རབ་ཏུ་གདུག་པ་ཐམས་ཅད་ནུབ་པར་འགྱུར་རོ། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་མཆོད་གནས་གཅིག་པུར་འགྱུར་རོ། །བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། སེམས་ཅན་ཐམས་ཅད་བལྟ་འཚལ་བར་འགྱུར་རོ། །ཐམས་ཅད་དུ་རྒྱས་པར་འགྱུར་རོ། །ཚིག་བཙན་ཞིང་དོན་ཡོད་པ་ཐོབ་པར་འགྱུར་རོ། །འགུམ་པའི་དུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་གཟིགས་པ་བཞེད་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་མཐོང་བར་འགྱུར་རོ། །དྲན་པ་ཤིན་ཏུ་ཉེ་བར་བཞག་ནས་དུས་བགྱིད་པར་འགྱུར་རོ། །དུས་བགྱིས་ནས་སྐལ་བ་མཉམ་པར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་ཞིང་སྐྱེ་བ་དྲན་པར་འགྱུར་རོ། །ལན་འགའ་ཡང་ཕྱིར་ངན་སོང་དུ་མཆི་བར་མི་འགྱུར་ཏེ། ཕྱིར་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་བལྟ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བལྟ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྟག་ཏུ་མཆི་བར་འགྱུར་རོ། །དཔྲལ་བར་ཐིག་ལེ་བགྱིས་ན། ཐམས་ཅད་དུ་མི་གདའ་བར་འགྱུར་རོ། །མེ་ལྷ་རྟག་པར་རྒྱུན་དུ་དྲན་པར་བགྱིས་པ་ཙམ་གྱིས། རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས་མཆོག་ཐམས་ཅད་སྩོལ་བར་བགྱིད་དོ། །དགོས་པ་ཐམས་ཅད་བགྱིད་པར་འགྱུར་རོ། །དེ་ནས་དོན་ཡོད་བསྒོངས་པ་བསྒྲུབ་པར་འཚལ་ན། རིག་སྔགས་འཆང་དེས་འབྲས་དང་སྲན་མ་མ་ཤར་བསྲེས་ཏེ་བསྒྲིལ་ལ་བསྒོངས་ནས། མར་དང་བུ་རམ་དང་། ཤ་ཁ་ར་དང་། སྦྲང་རྩི་ལྷན་དུ་བརྫིས་ནས། བིལ་བའི་ཚད་ཙམ་དུ་བགྱིས་ཏེ། དེའི་འོག་ཏུ་ཤིད་ཀ་ར་


DKG092_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བཱི་རའི་མེ་སྦར་ནས། བསྒོངས་པ་རེ་རེ་ལ་ལན་བདུན་བཟླས་བརྗོད་བགྱིས་ནས། མེའི་ནང་དུ་སྦྱིན་སྲེག་བགྱིས་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བརྒྱ་རྩ་བརྒྱད་ཙམ་སྦྱིན་སྲེག་བགྱིའོ། །དེ་ནས་རིག་སྔགས་འཆང་ཡུངས་ཀར་དང་མེ་ཏོག་ཅི་རྙེད་པ་དང་བསྲེས་ཏེ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་མེའི་དབུས་སུ་སྩལ་བར་བགྱིའོ། །འབྲས་ཡོས་དང་། ཡུངས་ཀར་ལ་ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་ནས་གཏོར་བར་བགྱིའོ། །དེ་ནས་མེའི་དབུས་ནས་མེ་ལྷ་ལུས་ཕྱེད་ཙམ་ཕྱུང་ནས། རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་སྣོད་ཟས་བསྒོངས་པས་བཀང་ནས། རིག་སྔགས་འཆང་ལ་རིག་སྔགས་འཆང་ཁྱོད་ཀྱིས་ཟས་བསྒོངས་པ་བསྒྲུབ་པའི་ཆོ་ག་གྲུབ་ཟིན་གྱིས། ལྷའི་ཟས་བསྒོངས་པ་ཆེན་པོ་ལོང་ཤིག་ཅེས་སྟོབས་པར་བགྱིད་དོ། །དེ་ནས་རིག་སྔགས་འཆང་གིས་ཟས་བསྒོངས་པའི་སྣོད་དེ་བླང་བར་བགྱིའོ། །བླངས་པ་ཙམ་ཁོ་ནས་བཅུད་ཀྱིས་ལེན་དུ་གྱུར་ནས། ནམ་མཁའ་ལ་འཕུར་བར་འགྱུར་རོ། །སྐྲ་ཅུང་ཟད་འཁྱིལ་བར་ཡང་འགྱུར་རོ། །པགས་པ་ཡོངས་སུ་དག་པར་འགྱུར་རོ། །རིག་སྔགས་འཆང་འཁོར་ལོས་སྒྱུར་བར་འགྱུར་རོ། །རིག་སྔགས་འཆང་གིས་འཁོར་ལོས་སྒྱུར་བ་དྲུག་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་བར་འགྱུར་རོ། །མེ་ལྷ་གནས་དང་གཞལ་མེད་ཁང་དང་བཅས། འཁོར་དང་བཅས་པ་དབང་དུ་མཆིས་ནས། ལས་ཐམས་ཅད་བགྱིད་པར་འགྱུར་རོ། །གང་དང་གང་གིས་ཟས་བསྒོངས་པ་ལ་རེག་པ་དེ་ཡང་ཐོས་པ་བསགས་པའི་རྒྱ་མཚོ་ཆེན་པོར་འགྱུར་རོ། །དོན་ཡོད་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ་རྣམ་པར་གྲོལ་བའི་དཀྱིལ་འཁོར་ཕྱག་རྒྱ་དང་། གསང་སྔགས་རིམ་པར་དབྱེ་བ་དང་བཅས་པ་ཆོ་ག་ཞིབ་མོ་མཐའ་དག་རྫོགས་པར་ཁ་ཏོན་དུ་གནས་པ་འདི། ཉིན་གཅིག་བཞིན་ཤློ་ཀ་སྟོང་ཀློག་གམ་འཆང་བར་བགྱིད་ན། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །པདྨ་ལས་བརྫུས་ཏེ་སྐྱེས་ནས་སྐྱེ་བ་དྲན་པར་འགྱུར་རོ། །ལན་འགའ་ཡང་ཕྱིས་དྲན་པ་བརྗེད་པར་མི་འགྱུར་རོ། །ཚིག་བཙན་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ། །


DKG092_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ཆེན་པོའི་འོས་སུ་ཡང་འགྱུར་རོ། །དཔྲལ་བ་ལ་ཐིག་ལེ་བགྱིས་ན་མི་གདའ་བར་གྱུར་ནས། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་དབང་དུ་གྱུར་ནས། གནས་ཀྱི་སྒོ་ཐམས་ཅད་འབྱེད་པར་འགྱུར་རོ། །བུད་མེད་གང་ཞིག་བུའི་ཆེད་དུ་ཟས་བསྒོངས་པ་དེ་འཚལ་ན། བུ་གཟུགས་བཟང་བ་མཛེས་པ། བལྟ་ན་སྡུག་པ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་རྙེད་ནས། ཡུན་རིང་དུ་འཚོ་ཞིང་ཡིད་གཞུངས་པ་དང་། མཁས་པ་དང་། བསྟན་བཅོས་ཐམས་ཅད་ལ་བག་ཚ་བ་མ་མཆིས་པར་འགྱུར་རོ། །དེ་ནས་སྐྱེ་བོ་འབུམ་ཟས་བཙལ་བར་སེམས་ན། འོ་མའི་ཐུག་པ་བསྒྲུབ་པར་བགྱི་སྟེ། གནས་གཙང་མ་བཅོམ་སྐྱུངས་པར་ཤིང་ཀ་ར་བཱི་རའི་ལྕུག་མས་དཀྲུག་ཅིང་དོན་ཡོད་ཞགས་པའི་སྙིང་པོ་གསང་སྔགས་བཟླས་བརྗོད་བགྱིས་ཏེ། དེ་ནས་ཁྲོ་བོའི་རྒྱལ་པོ་ཆབ་དང་ཡུངས་ཀར་ལ་བཟླས་བརྗོད་བགྱིས་ནས་གཏོར་བར་བྱའོ། །དེ་ནས་ཟས་བསྒོངས་པ་གཅིག་སྣོད་ཀྱི་ནང་ནས་ཕྱུང་ནས། འོ་ཐུག་གི་ནང་དུ་བསྩལ་ལོ། །དེ་ནས་ཆར་བགོས་ཏེ་ཐོག་མར་དཀོན་མཆོག་གསུམ་ལ་བསོད་སྙོམས་དབུལ་བར་བགྱིའོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དབུལ་བར་བགྱིའོ། །དེའི་འོག་ཏུ་འཕགས་པ་འཇམ་དཔལ་ལ་དབུལ་བར་བགྱིའོ། །དེའི་འོག་ཏུ་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། ལམ་གྱིས་དུབ་བ་དང་། སློངས་མོ་པ་རྣམས་ལ་རབ་ཏུ་སྩལ་བར་བགྱིའོ། །ཇི་ཙམ་དུ་སྐྱེ་བོ་འབུམ་ཅི་འཚལ་བར་ཁ་ཟས་འཚལ་དུ་སྩལ་ཀྱང་། སྣོད་དེ་གང་བའམ་བྲི་བར་མི་མངོན་ཞིང་དེ་བས་པར་མི་འགྱུར་རོ། །གང་དག་ཟས་དེ་འཚལ་བ་དེ་དག་སྔོན་གྱི་སྡིག་པ་དང་། སྒྲིབ་པ་དང་། རྩོད་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །དགྲ་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་དང་། མི་མཛའ་བའི་འཇིགས་པ་ཐམས་ཅད་ཀྱིས་ཚུགས་པར་མི་འགྱུར་རོ། །འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོའི་འཇིགས་པ་ཐམས་ཅད་ཀྱིས་མི་


DKG092_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་པར་འགྱུར་རོ། །ལུས་མཉེན་ཅིང་འཇམ་པར་འགྱུར་རོ། །ང་རོ་ལྷ་ལྟར་མཉེན་ཅིང་སྙན་ལ་དགའ་བར་བགྱིད་པ་མ་ཡིན་པའི་དབྱངས་སུ་མི་འགྱུར་རོ། །རྟག་ཏུ་དུབ་པའི་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤངས་པར་འགྱུར་རོ། །རྟག་ཏུ་ཇི་སྲིད་འཚོའི་བར་དུ་བདེ་བ་ཡང་དག་པར་སྟོབས་པར་འགྱུར་རོ། །ཚེ་བརྗེས་ནས་བདེ་འགྲོ་ཐམས་ཅད་དུ་འགྲོ་བར་འགྱུར་རོ། །འོ་མའི་ཐུག་པས་ལྷུང་བཟེད་བཀང་ནས། དེ་གནས་མཐོན་པོ་བླ་གབ་མེད་པར་དཀྱིལ་འཁོར་བགྱིས་ཏེ། དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷུང་བཟེད་དེ་དབུལ་བར་བགྱིའོ། །ཕུལ་བ་ཙམ་གྱི་མོད་ལ་ཆུ་བོ་གང་གཱའི་བྱེ་མ་འབུམ་ཕྲག་བརྒྱ་སྟོང་གི་བྱེ་མ་སྙེད་ཀྱི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་རེ་རེའི་སྤྱན་སྔར་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པའི་ལྷའི་ཟས་བསྒོངས་པ་དང་། ལྷའི་འོ་ཐུག་གིས་ལྷུང་བཟེད་བཀང་བ་དང་། ལྷའི་ཙནྡན་གྱི་དཀྱིལ་འཁོར་ལྷའི་མེ་ཏོག་སིལ་མ་བཀྲམ་པ་ཡང་འབྱུང་བར་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་གཏོགས་པའི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པའི་མཆོག་གིས་བསྟབས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ཐམས་ཅད་ཀྱིས་རིག་སྔགས་འཆང་ཡོན་བདག་དེའི་ཡོན་སྦྱོང་བར་མཛད་དོ། །གང་གི་ཕྱིར་ཡོན་སྤྱངས་ནས། སྐལ་བ་དང་མཐུན་པའི་ཚེ་འདི་ཉིད་དང་། གཞན་དུ་དབང་ཕྱུག་ཆེན་པོ་ཐོབ་པར་འགྱུར་རོ། །གྲུབ་པ་ཆེན་པོའི་གསེར་གྱིས་འབྱོར་བར་འགྱུར་རོ། །མཛོད་དང་བང་མཛོད་མང་པོས་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་བལྟ་འཚལ་བར་འགྱུར་རོ། །ལྷ་ཐམས་ཅད་ཀྱིས་དེ་ལ་སྲུང་བ་དང་། སྐྱོབ་པ་དང་། སྦ་བ་བགྱིད་པར་འགྱུར་རོ། །དེ་ནས་རྒྱལ་པོ་བཙུན་མོའི་འཁོར་དང་དཔུང་གི་ཚོགས་ཡན་ལག་


DKG092_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་བཅས་པ་དབང་དུ་བགྱི་བར་འཚལ་ན། རིག་སྔགས་འཆང་དེས་ལེགས་པར་ཁྲུས་བགྱིས་ཏེ། གཙང་མས་གོས་གཙང་མ་བགོས་ནས། འོ་ཐུག་མར་དང་བསྲེས་པ་འདིས་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིའོ། །སྒྲོན་ཤིང་དང་ཨརྐའི་ཤིང་གི་ཡམ་སྲེག་ཤིང་གིས་མེ་སྦར་བར་བགྱིའོ། །སྦྱིན་སྲེག་ལན་སྟོང་རྩ་བརྒྱད་ཚང་བ་དང་། རྒྱལ་པོ་བཙུན་མོའི་འཁོར་དང་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་བདག་ཉིད་དམ། ནོར་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ནུབ་གསུམ་དུ་བགྱིས་ན། ཀླུའི་རྒྱལ་པོ་ཐམས་ཅད་གནས་དང་འཁོར་དུ་བཅས་པ་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ནུབ་ལྔར་བགྱིས་ན་འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་མ་ལགས་པ་ཐམས་ཅད་དང་། མི་ཐམས་ཅད་འཁོར་དང་བཅས་པར་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ནུབ་བདུན་དུ་བགྱིས་ན་རིག་སྔགས་འཛིན་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ནུབ་ཐམས་ཅད་དུ་བགྱིས་ན། བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་རིས་ཀྱི་ལྷ་རྣམས་དང་། ལྷའི་བུ་མོའི་ཚོགས་ཐམས་ཅད་དང་གཙང་མའི་ལྷའི་བུ་མོ་ཐམས་ཅད་བབས་ནས་དབང་དུ་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱིད་ཅིང་མཆིས་པར་འགྱུར་རོ། །ཟླ་བ་ཉ་ནས་བརྩམས་ཏེ་མར་གྱི་ངོའི་ཚེས་ཉི་ཤུ་གསུམ་མམ་གནམ་སྟོང་གི་བར་དུ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བགྱིས་ལ། ཨརྐའི་ཤིང་གི་ཡམ་སྲེག་ཤིང་གིས་མེ་སྦར་ནས་གནམ་སྟོང་གིས་རྫོགས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་མདུན་དུ་མཆིས་ནས། རིག་སྔགས་འཆང་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །ང་མཉེས་པར་བྱས་ཀྱིས། རིག་སྔགས་འཆང་སྨྲོས་ཤིག་དང་། མཆོག་སྦྱིན་ཏེ་གང་གཉེར་བ་དེ་ཐམས་ཅད་སྦྱིན་ནོ། །གཏེར་སྨྲ་བའམ། ནོར་བསྒྱུར་བར་སྨྲ་བའམ། ཞིང་སྨྲ་བའམ། ནམ་མཁའ་ལ་འགྲོ་བའམ། མི་སྣང་བར་བྱ་བའམ། གསང་སྔགས་སྨྲ་བའམ། ཆོ་ག་


DKG092_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་མོ་འགྲུབ་པ་དེ་དག་ཐམས་ཅད་སྦྱིན་ནོ། །རྒྱལ་བོ་ཉིད་དམ། བློན་པོ་ཉིད་དམ། ཡུལ་བདག་ཉིད་དམ། ཕྱུག་པ་ཉིད་དམ། གྲོང་རྡལ་འཐོབ་པའམ། གོས་འཐོབ་པའམ། བ་ལང་དང་། རྟ་དང་། མ་ཧེ་དང་། རྔ་མོ་དང་། ལུག་འཐོབ་པའམ། ནོར་འཐོབ་པའམ། འབྲུ་འཐོབ་པ་དེ་དག་ཐམས་ཅད་སྦྱིན་ནོ། །ནམ་མཁའ་ལ་འགྲོ་བའམ། མི་སྣང་བར་བྱ་བའམ། རྫུ་འཕྲུལ་འཐོབ་པའམ། ཏིང་ངེ་འཇིན་འཐོབ་པའམ། གཟུངས་འཐོབ་པའམ། ཕྱག་རྒྱ་དང་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོ་བསྒྲུབ་པ་དང་རོ་ལངས་བསླངས་པའམ། རིག་འཛིན་སྒྲུབ་པ་ཉིད་དམ། རལ་གྲིའི་རིག་འཛིན་ཉིད་དམ། ནམ་མཁའི་རིག་འཛིན་ཉིད་དམ། ཕུག་ཏུ་འཇུག་པའམ། དུར་ཁྲོད་དུ་འཇུག་པའམ། ནགས་སུ་འཇུག་པའམ། རིལ་རྒྱུ་བ་དེ་དག་ཐམས་ཅད་སྦྱིན་ནོ། །དེ་ནས་རིག་སྔགས་འཆང་གིས་ཇི་ལྟར་ཡིད་ལ་བསམས་ཤིང་སྨྲས་པ་དེ་དག་ཐམས་ཅད་སྩོལ་བར་བགྱིད་དོ། །རིག་སྔགས་འཆང་ལ་བསྟན་པ་ཙམ་གྱི་མོད་ལ་དྲི་མེད་དོན་ཡོད་ལྟ་བ་ཞེས་བགྱི་བ་ལུས་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། པདྨ་ཟེ་བའི་དབུས་ནས་རྫུས་ཏེ་པདྨ་ལས་སྐྱེས་ནས་སྐྱེ་བའི་སྐྱེ་བ་དྲན་པར་འགྱུར་རོ། །དོན་ཡོད་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ་རྣམ་པར་གྲོལ་བའི་དཀྱིལ་འཁོར་ཕྱག་རྒྱ་དང་། དཀྱིལ་འཁོར་རིམ་པར་དབྱེ་བ་དང་བཅས་པ། ཆོ་ག་ཞིབ་མོ་མཐའ་དག་དང་བཅས་པ་འདི་རྫོགས་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཁ་ཏོན་དུ་གནས་པར་བགྱིའོ། །དེ་ནས་ལ་དུའི་སྦྱིན་སྲེག་གི་ཆོ་ག་བསྒྲུབ་པར་འཚལ་ན། རིག་སྔགས་འཆང་དེས་ཁ་ཟས་ལ་ལ་དུ་སྟོང་རྩ་བརྒྱད་བགྱིས་ལ། དེ་ནས་རིག་སྔགས་འཆང་གིས་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ། །དེ་ནས་ལེགས་པར་ཁྲུས་བགྱིས་ཏེ། གཙང་མས་གོས་གཙང་མ་བགོ་བར་བགྱིའོ། །དེ་ནས་ལ་དུ་མར་དང་བསྲེས་ཏེ་སྦྱིན་སྲེག་བགྱིའོ། །ཤིན་ཏུ་དྲི་ཞིམ་པོའི་ཤིང་གི་ཡམ་སྲེག་ཤིང་གིས་མེ་སྦར་བར་བགྱིའོ། །སྟོང་རྩ་བརྒྱད་ཚང་བ་དང་མེའི་དབུས་ནས་ཁྱེའུ་ཞིག་བྱུང་ནས་སྣོད་


DKG092_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་ལ་དུས་བཀང་ནས་དབུལ་བར་བགྱིད་དོ། །དེ་ནས་རིག་སྔགས་འཆང་གིས་ཡུངས་ཀར་ལ་ལན་བདུན་བཟླས་ཏེ། ཁྱེའུ་དེའི་ལག་ཏུ་གཏོར་རོ། །ཁྱེའུ་དེས་རིག་སྔགས་འཆང་ལ་སྨྲས་པ། རིག་སྔགས་འཆང་ཁྱོད་ཅི་ཞིག་དོན་དུ་གཉེར། རིག་སྔགས་འཆང་གིས་འདོད་པ་ཐམས་ཅད་བྱིན་ཅིག་ཅེས་བརྗོད་པར་བགྱིའོ། །དེས་སྨྲས་པ། རིག་སྔགས་འཆང་སྣོད་ཀྱི་ལ་དུ་ཁྱེར་ཅིག་དང་། འདིས་ཁྱོད་ཀྱི་དགོས་པ་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ། །འདི་ནི་ཁྱོད་ཀྱི་བཅུད་ཀྱི་མཆོག་ཡིན་ནོ། །རིག་སྔགས་འཆང་ལོང་ཤིག །འདི་ནི་ཁྱོད་ཀྱི་གྲུབ་པའི་མཆོག་ཡིན་ནོ། །དེ་ནས་རིག་སྔགས་འཆང་གིས་སྣོད་གང་བ་དེ་བླངས་ཏེ། ཁྱེའུ་ལ་ཡང་ཁྱེད་ཀྱིས་ཁོ་བོའི་གྲོགས་གྱིས་ཤིག་ཅེས་བརྗོད་པར་བགྱིའོ། །ཁྱེའུ་ཡིས་སྨྲས་པ། དགོས་པ་ཐམས་ཅད་སྒྲུབ་པའི་གྲོགས་བགྱིའོ། །རིག་སྔགས་འཆང་གང་གི་ཚེ་དགོས་པ་བྱུང་བ་དེའི་ཚེ། གུ་གུལ་དང་། ཙནྡན་ལྷན་ཅིག་བསྲེས་ལ་མར་དང་ཡུངས་ཀར་སྦྱར་ནས། དོན་ཡོད་ལྕགས་ཀྱུས་ལན་བདུན་བཟླས་ཏེ་སྦྱིན་སྲེག་བགྱིའོ། །ཨརྐའི་ཤིང་གི་མེ་སྦར་རོ། །སྦྱིན་སྲེག་བགྱིས་པ་ཙམ་གྱི་མོད་ལ། བདག་བཀུག་པས་མོད་ལ་མཆིས་ནས་དགོས་པ་ཐམས་ཅད་བསྒྲུབ་པར་བགྱིའོ། །ལས་ཐམས་ཅད་བགྱིའོ། །ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱིས་མཆིས་ཤིང་བཀུར་སྟིར་སྤྱད་པར་བགྱིའོ། །བགེགས་དང་ལོག་འདྲེན་དང་། འབྱུང་པོ་དང་གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་བཟློག་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ལ་དུ་དེ་ལ་རེག་པར་བགྱིས་ན། ནམ་མཁའ་ལ་འཕུར་ནས། རིག་སྔགས་འཆང་གི་རིགས་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །རིག་སྔགས་འཆང་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ། །རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ས་ཡ་ཕྲག་གཉིས་དང་། བྱེ་བ་ཕྲག་བདུན་གྱིས་ཡོངས་སུ་བསྐོར་བར་འགྱུར་རོ། །ཚེའི་ཚད་ལྷའི་བསྐལ་པ་དྲུག་ཁྲིར་འགྱུར་རོ། །སྐྲ་ཅུང་ཟད་འཁྱིལ་བར་ཡང་འགྱུར་རོ། །ལ་དུ་ལྷུང་བཟེད་ཀྱི་ནང་དུ་སྩལ་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་བཞག་ནས། དོན་ཡོད་རྒྱལ་པོའི་ཁྲོ་བོས་དབང་


DKG092_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཏེ། དེ་ནས་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ལ་སྩལ་བར་བགྱིའོ། །ལོངས་སྤྱོད་དུ་སྩལ་ཀྱང་བས་པར་མི་འགྱུར་གྱི། སླར་ཞིང་འཕེལ་བར་འགྱུར་རོ། །ཇི་སྲིད་དུ་ལྷུང་བཟེད་ན་ལ་དུ་མཆིས་པ་དེ་སྲིད་དུ་འཕེལ་བར་འགྱུར་ཏེ། ཇི་སྲིད་དུ་སྐྱེ་བོ་འབུམ་འབུམ་མང་ཞིང་ཕལ་ཆེ་བར་སྩལ་ཀྱང་། གཏུགས་པར་མི་འགྱུར་རོ། །ལ་དུ་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བདུན་བཟླས་བརྗོད་བགྱིས་ན། དེའི་འོག་ཏུ་གང་དུ་རེག་པ་དེར་ཡང་གསེར་བཟང་པོར་འགྱུར་རོ། །ལ་དུ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ། ཀླུའི་གནས་སུ་འཕངས་ན་དེའི་ཚེ་རྒྱ་མཚོ་ཆེན་པོ་མཐར་གཏུགས་པའི་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་ཏེ། སྒོ་ན་ཆར་མི་འབབ་པ། བསྒོ་བ་བཞིན་ཆར་འབེབས་པར་བགྱིད་དོ། །ཅི་བསྒོ་བ་བཞིན་བགྱིད་པར་འགྱུར་རོ། །ཧ་ཅང་ཆར་ཆེས་ན་བསྒོ་བ་བཞིན། ཧ་ཅང་ཆར་ཆེན་པོ་འགུམས་པར་བགྱིད་དོ། །རླུང་དང་། གྲང་བ་དང་། ཚ་བ་དང་། སེར་བ་ཐམས་ཅད་བསྒོ་བ་ཙམ་གྱིས་གཅོད་པར་བགྱིད་དོ། །ཕུག་གི་སྒོར་ལ་དུ་ལ་ལན་བདུན་བཟླས་བརྗོད་བགྱིས་ནས། ཕུག་གི་སྒོར་བསྣུན་ན་ཕུག་གི་སྒོ་ཐམས་ཅད་འབྱེ་བར་འགྱུར་རོ། །འཁྲུལ་འཁོར་དང་གཏན་པ་དང་། སྒོ་གླེགས་ཐམས་ཅད་དུམ་བུར་བཅག་པར་འགྱུར་རོ། །གནས་ན་གནས་པ་ཐམས་ཅད་ཕྱིར་བྱུང་ནས། རིག་སྔགས་འཆང་གི་མདུན་དུ་མཆིས་ཏེ། བསྒོ་བ་བཞིན་དུ་བགྱིད་པར་འགྱུར་རོ། །ནགས་ཚང་ཚིང་གི་དབུས་སུ་འཕངས་ན། ནགས་ཚང་ཚིང་གི་གནས་ཀྱི་སྒོ་ཐམས་ཅད་ཕྱེ་ནས་སྨན་གྱི་རྫས་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་རོ། །ལ་དུ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ། དུར་ཁྲོད་ཆེན་པོའི་དབུས་སུ་འཕངས་ན་འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་བཅས་པའི་གནས་ཀྱི་སྒོ་ཐམས་ཅད་འབྱེ་བར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་བ་ཐམས་ཅད་སྒྲེན་མོར་གྱུར་ན། ཐམས་ཅད་དབང་དུ་མཆིས་པར་འགྱུར་ཞིང་། ཇི་སྲིད་འཚོའི་བར་དུ་བསྒོ་བ་བཞིན་མཆིས་པར་


DKG092_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །རྨ་མ་བྱུང་བའི་མི་རོ་ལ། དྲི་ཆབ་ཀྱིས་ཁྲུས་བགྱིས་ལ་ལ་དུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། ལག་པ་གཉིས་སུ་ལ་དུ་སྩལ་ལ། གོས་དཀར་པོས་རོ་གཡོགས་ནས། ཁྲོ་བོའི་རྒྱལ་པོ་ཆབ་དང་ཡུངས་ཀར་ལ་ལན་བདུན་བཟླས་ནས་དབང་བསྐུར་ན་ཅི་དྲིས་པ་དེ་དག་ཐམས་ཅད་སྨྲ་བར་འགྱུར་ཏེ། བདེ་བ་དང་ལོ་ལེགས་པ་དང་། ལོ་ནོངས་པ་དང་། ནད་དང་། གནོད་པ་དང་། འཚེ་བ་དང་། ཕ་རོལ་གྱི་དཔུང་དང་། ཕས་ཀྱི་དགྲ་བོ་དང་། མི་མཛའ་བའི་འཇིགས་པ་དང་། མི་ངས་དང་། ཡམས་ཀྱི་ནད་དེ་དག་ཐམས་ཅད་སྨྲ་བར་འགྱུར་རོ། །ལྷའི་འཇིག་རྟེན་དུ་སྐྱེ་བའམ། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་སྨྲ་བར་འགྱུར་ཞིང་། དམྱལ་བར་སྐྱེ་བ་སྨྲ་བར་འགྱུར་རོ། །ཚེ་རིང་བའམ་ཚེ་ཐུང་བ་སྨྲ་བར་འགྱུར་རོ། །དུས་མ་ལགས་པའི་འཆི་བ་སྨྲ་བར་འགྱུར་རོ། །གཏེར་གྱི་གཏམ་སྨྲ་བར་འགྱུར་ཏེ། ནོར་བསྒྱུར་བའི་གཏམ་མམ། ཞིང་གི་གཏམ་མམ། མིག་འཕྲུལ་གྱི་གཏམ་སྨྲ་བར་འགྱུར་རོ། །ཆོ་ག་ཞིབ་མོ་འགྲུབ་པ་དང་། གསང་སྔགས་འགྲུབ་པ་དང་། ཕྱག་རྒྱའི་དཀྱིལ་འཁོར་འགྲུབ་པ་སྨྲ་བར་འགྱུར་རོ། །མིག་སྨན་འགྲུབ་པ་དང་རིལ་བུ་འགྲུབ་པ་སྨྲ་བར་འགྱུར་རོ། །ནམ་མཁའ་ལ་མཆི་བ་དང་། མི་གདའ་བར་བགྱི་བ་དང་། རོ་ལངས་བསླང་བ་དང་། རིགས་མ་དག་པ་དང་། དགྲ་ཆད་པས་བཅད་ཅིང་དབང་དུ་བགྱི་བ་དེ་དག་ཐམས་ཅད་སྨྲ་བར་འགྱུར་རོ། །སྒྱུ་ཐབས་སྨྲ་བར་འགྱུར་རོ། །ཉམས་པ་སྨྲ་བར་འགྱུར་རོ། །འཕེལ་བ་སྨྲ་བར་འགྱུར་བ་ནས་བསྐལ་པ་ལས་འདས་པའི་འདས་པ་དང་། མ་འོངས་པའི་དང་། ད་ལྟར་བྱུང་བའི་བར་དུ་སྨྲ་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་ཆབ་ཀྱི་ཁར་སྩལ་ལ་ལ་དུ་བླངས་ན་རོ་འགྱེལ་བར་འགྱུར་རོ། །ལ་དུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས། རྒྱལ་པོའི་སྒོར་བསྣུན་ན། རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པ་བདག་ཉིད་དམ། ནོར་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །གྲོང་ཁྱེར་གྱི་སྒོར་བསྣུན་ན། གྲོང་ཁྱེར་ན་གནས་པའི་སྐྱེས་པའམ། བུད་མེད་དམ། ཁྱེའུ་དང་བུ་མོ་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་ཞིང་། ནོར་ཆེན་པོ་འདུ་བ་འགྲུབ་པ་ཐོབ་པར་འགྱུར་རོ། །


DKG092_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་གནས་ཆེན་པོར་འགྱུར་རོ། །ལ་དུ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ། དཔལ་ལྷ་མོ་ཆེན་མོའི་ལག་པར་སྩལ་ན། དཔལ་ལྷ་མོ་ཆེན་མོ་དབང་དུ་གྱུར་ནས། ནོར་ཆེན་པོ་སྩོལ་ཅིང་ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ། །ལ་དུ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས། ཁུག་མའི་ནང་དུ་སྩལ་ཏེ། མཆན་ཁུང་དུ་བསྲེལ་བར་བགྱིས་ཏེ། ཅི་ཙམ་དུ་བསྲེལ་བ་དེ་སྲིད་དུ་མི་གདའ་བར་གྱུར་ནས། གང་དུ་སྩལ་བ་དེར་འཇུག་པར་འགྱུར་རོ། །གང་ན་ཤིང་གཅིག་པའམ། འབབ་ཆུ་གཅིག་པར་ལ་དུ་ལ་ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། དབང་བསྐུར་ནས་ཤིང་གི་དྲུང་དུ་བརྡེགས་ན། འདོད་དགུར་སྒྱུར་བ་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ཅི་ལྟར་བསམས་པའི་འདོད་པ་ཐམས་ཅད་ཉེ་བར་མཆིས་ནས་ཡོངས་སུ་སྤྱོད་པ་དང་། ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ། །ལ་དུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། མ་མོའི་གནས་སུ་ནག་པོ་ཆེན་པོའི་སྤྱི་བོའི་གཙུག་ཏུ་བཞག་ལ། ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་ཏེ། ཆབ་དང་ཡུངས་ཀར་གྱིས་དབང་བསྐུར་བ་བགྱིས་ན། དེ་ནས་སྦྱོར་བ་མོ་ཐམས་ཅད་དང་། མཁའ་འགྲོ་མ་ཐམས་ཅད་དབང་དུ་གྱུར་ནས་མངག་གཞུག་པ་ལས་ཐམས་ཅད་བགྱིད་པར་འགྱུར་རོ། །ལ་དུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ནག་པོ་ཆེན་པོའི་ལྟེ་བའི་ཕྱོགས་སུ་བཞག་ན་མ་མོའི་ཚོགས་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་དུ་མཆིས་ནས། མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། །ལས་ཐམས་ཅད་བགྱིད་པར་འགྱུར་རོ། །ལ་དུ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས། འཕགས་པ་འཇམ་དཔལ་གྱི་ལྷུང་བཟེད་ཀྱི་ནང་དུ་སྩལ་ཏེ། ཁྲོ་བོའི་རྒྱལ་པོས་དབང་བསྐུར་བགྱིས་ན། ཇི་སྲིད་དུ་ལྷུང་བཟེད་ན་ལ་དུ་མཆིས་པ་དེ་སྲིད་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར། ལྷའི་ཞལ་ཟས་རོ་སྣ་ཚོགས་ཀྱི་རོའི་མཆོག་དང་ལྡན་པ་དག་འབྱུང་བར་འགྱུར་ཞིང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་བཅས་པ་ཚིམ་པར་བགྱིས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་།


DKG092_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་ཚོགས་དང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ཐམས་ཅད་ཀྱིས་རིག་སྔགས་འཆང་དེའི་ཡོན་སྦྱོང་བ་མཛད་པར་འགྱུར་རོ། །ལ་དུ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ཁྲོ་བོའི་རྒྱལ་པོའི་དབང་བསྐུར་ལ། ལྕགས་ཀྱུའི་རྒྱལ་པོས་ཆབ་ལ་བཟླས་བརྗོད་བགྱིས་ནས། མེ་ཐབ་ཀྱི་མཚམས་བཅིང་བར་བགྱིའོ། །དེ་ནས་ཨ་རྐའི་ཡམ་སྲེག་ཤིང་གི་མེ་སྦར་ལ། ལ་དུ་དེ་མེ་ཐབ་ཀྱི་དབུས་སུ་བཞག་སྟེ། མར་དང་ཡུངས་ཀར་དང་ཞོ་དང་སྦྲང་རྩི་བསྲེས་ལ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིའོ། །ལན་བརྒྱ་རྩ་བརྒྱད་ཚང་བ་དང་། མེ་ལྷ་མེའི་རང་བཞིན་གྱི་གཟུགས་ཀྱིས་བྱུང་ནས། རིག་སྔགས་འཆང་ལ་སྨྲས་པ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །བདག་ཚིམ་པར་བྱས་སོ། །བདག་དགའ་བར་གྱུར་ཏོ། །རིག་སྔགས་འཆང་བདག་གིས་མཆོག་ཏུ་དགའ་བ་ཐོབ་ཀྱིས་རིག་སྔགས་འཆང་ཅི་ལྟར་ཡིད་ལ་བསམས་པ་བཞིན་འདོད་པ་སྨྲོས་ཤིག་དང་། མཆོག་སྦྱིན་ནོ། །རིག་སྔགས་འཆང་གིས་ཇི་ལྟར་ཡིད་ལ་བསམས་པ་བཞིན་མཆོག་བརྗོད་པར་བགྱིའོ། །མེ་ལྷ་དེས་ཡང་ཐམས་ཅད་སྩོལ་ཅིང་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ལས་ཐམས་ཅད་གྲུབ་པ་སྩོལ་བར་འགྱུར་རོ། །མེའི་ཕུང་པོའི་དབུས་སུ་ཞུགས་ནས་འོད་ཟེར་སྟོང་འཕྲོ་བ་རྣམས་གངས་བཞིན་དུ་བསིལ་བར་འགྱུར་ཏེ། ཆབ་ནས་འབྱུང་བ་བཞིན་ནོ། །ལག་པས་མེ་རྣམས་ཚུགས་པར་བགྱིད་དོ། །འབར་བཞིན་དུ་ཀླད་པའི་སྤྱི་བོར་བཞག་ན། སྐྲ་ཉག་མ་གཅིག་ཀྱང་འཚིག་པར་མི་བགྱིད་དེ། མེའི་དབང་དུ་མཆི་བར་མི་འགྱུར་རོ། །འབར་བཞིན་དུ་གཡར་གྱི་ནང་དུ་བསྲེ་ལན་ཅུང་ཟད་དྲོ་བ་ཙམ་དུ་ཡང་མི་འགྱུར་རོ། །ལུས་ལ་བབ་ན་ཅི་ལྟར་ཙནྡན་བཞིན་དུ་བསིལ་ཞིང་བདེ་བར་འགྱུར་རོ། །གཞན་ཡང་དགོས་པ་སྣ་ཚོགས་བགྱིད་པར་འགྱུར་རོ། །གོས་ཀྱི་མཐའ་མར་ཐུམ་པོ་བགྱིས་ན་ཚིག་པར་མི་འགྱུར་རོ། །ཆབ་ཀྱི་ནང་དུ་སྩལ་ན་འགུམ་པར་མི་འགྱུར་རོ། །སྦྱིན་སྲེག་ཐམས་ཅད་ཀྱི་ཆོ་ག་སོ་སོའི་གཟུགས་སུ་མཆིས་པར་འགྱུར་རོ། །ཐམས་ཅད་དུ་དགོས་པ་གྲུབ་པ་སྩོལ་བར་འགྱུར་རོ། །དགོས་པ་གང་དང་གང་དུ་བསྐོས་པ་དེ་དང་དེར་དགོས་པ་ཐམས་ཅད་


DKG092_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་སྩོལ་བར་འགྱུར་རོ། །ཐམས་ཅད་དུ་གསང་སྔགས་དང་དཀྱིལ་འཁོར་དང་ཆོ་ག་གྲུབ་པ་ཐམས་ཅད་ལུང་འབོག་པར་འགྱུར་རོ། །དུ་བ་དང་རླུང་དང་མེ་འབར་བའི་ཤུགས་ཀྱིས་དཔག་ཚད་སྟོང་དུ་མཆིས་ཤིང་སླར་ཡང་ལྡོག་པར་འགྱུར་རོ། །དགོས་པ་ཐམས་ཅད་ཉེ་བར་སྟོན་པར་འགྱུར་རོ། །དགོས་པ་ཐམས་ཅད་བགྱིད་པར་འགྱུར་རོ། །ཐམས་ཅད་དུ་གྲུབ་པ་སྩོལ་བར་འགྱུར་རོ། །དེ་ནས་དོན་ཡོད་མེ་འབར་བ། །བླ་མེད་འབར་བཟང་བསྒྲུབ་འཚལ་ན། །ཡིད་བཞིན་ནོར་བུ་ལྟ་བུ་དང་། །གཟི་བརྗིད་ཉི་མ་དང་མཉམ་པས། །ཕྱོགས་བཅུ་ཁོར་ཁོར་ཡུག་གི། །ཀུན་ནས་སུ་ནི་གསལ་བར་བགྱིད། །སྒྲུབ་པ་རྣམ་པ་སྣ་ཚོགས་དང་། །འཚེད་པ་བླ་ན་མེད་པ་འགྲུབ། །བཅུད་ཀྱི་མཆོག་དེ་དམ་པ་ལགས། །ནོར་སྒྱུར་སྨྲ་བ་བླ་ན་མེད། །གཞན་ཡང་འཚེད་པ་སྣ་ཚོགས་པ། །སྒྲུབ་པ་བླ་ན་མེད་པ་ལགས། །ཅི་ལྟར་ཉིན་བཞིན་མཚན་གདའ་བས། །ཉིན་པར་གྱི་ནི་གདུགས་དང་མཚུངས། །ལན་ཅིག་དགོས་པ་སྒྲུབ་པ་ན། །ལེགས་པར་ལས་བགྱིས་ནོར་བུ་དང་། །རྫས་བསྲེས་ལེགས་པར་བགྱིས་པ་ལ། །གཙང་མས་བཟླས་པའི་ལས་རྣམས་དང་། །གཙང་མས་སྤྱད་པས་སྒྲུབ་པ་དང་། །དོན་ཡོད་ཆུ་དང་མེ་དང་ནི། །མེ་ཡི་ཤིང་རྣམས་བརྗོད་པར་བགྱི། །མེ་འབར་འོད་དང་མཚུངས་པ་སྟེ། །དེ་དག་ཐམས་ཅད་གཅིག་སྤུངས་པའི། །ཡམ་སྲེག་ཆོ་ག་བླ་ན་མེད། །ཙནྡན་དང་ནི་སེང་ལྡེང་དང་། །པ་ཏང་ཀ་ར་བཱི་ར་དང་། །ཨརྐ་ཤ་མི་སྨྱུག་མ་དག །ཤྀར་ཤ་ཀ་ནཱ་ཀི་ར་ཀ །འོ་མའི་ཤིང་དང་བྱང་ཆུབ་ཤིང་། །བླག་ཤ་དང་ནི་སྣ་མ་དང་། །གན་དྷ་བར་ཤི་པདྨ་ཡི། །རྩ་བ་དང་ནི་ལོ་མར་བཅས། །པདྨ་དཀར་པོ་ཀུ་མུ་ད། །ཨུཏྤལ་མེ་ཏོག་ལོ་མ་རྩ། །བཱི་ཛ་པཱུ་ར་བིལ་བ་ཤིང་། །སིན་དུ་བ་ར་ཙམ་པ་ཀ། །དྲེ་ཀ་པི་ཙུ་མརྡྷ་དང་། །ས་ཧ་བ་ལ་ཙི་ཏྲ་ཀ །ཤིང་དེ་ཀུན་ག་བསྡུས་པ་ཡིས། །ཡམ་སྲེག་ཤིང་གིས་ལས་བགྱིས་ཏེ། ཡུངས་ཀར་མར་དང་ཞོ་དང་ནི། །སྦྲང་རྩི་འབྲས་ཡོས་སྦྱིན་སྲེག་བགྱི། །བཟང་པོའི་ཟངས་ལས་སྲང་གསུམ་དང་། །མཚལ་ལས་གཉིས་འགྱུར་གང་བསྐུས་ཀྱང་། །སྲང་གཅིག་ཙནྡན་དཀར་པོ་ཉིད། །སྲང་བཅུ་ལྡོང་རོས་སྲང་གཅིག་སྟེ། །དེ་དག་


DKG092_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེས་པའི་རྫས་རྣམས་དང་། །དེ་བཞིན་ཡུང་ནི་ཉིས་འགྱུར་དག །ཞི་ག་དག་ནི་བཀང་ནས་སུ། །མེ་ཐབ་དབུས་སུ་གཞུག་པར་བགྱི། །སྦྱིན་སྲེག་སྟོང་ནི་རྩ་བརྒྱད་དུ། །ཤིན་ཏུ་མཉམ་གཞག་ལེགས་གསལ་བ། །གཙང་མ་གཙང་མར་སྤྱོད་པ་ཡི། །གོས་གཙང་ལེགས་པར་ཁྲུས་བགྱིས་པ། །དྲི་ཞིམ་དྲི་ཡིས་བསྒོས་པར་བགྱི། །རོ་སྣ་ཚོགས་པའི་གཏོར་མ་དང་། །མེ་ཏོག་འབྲས་བུ་ཉིད་ཀྱང་དགོད། །བཟླས་བརྗོད་ཀྱི་ནི་སྦྱིན་སྲེག་ཉིད། །སྟོང་རྩ་བརྒྱད་ནི་ཚང་བ་དང་། །དེ་ནས་ལྷ་བཤོས་གཏོར་མ་དང་། །མེ་ཏོག་བདུག་པ་མཆོད་ཡོན་སྣོད། །དབུལ་ཏེ་འོ་མས་མདག་མ་དགུམ། །འོ་མས་ཞི་ག་ཞི་བར་བགྱི། །དེ་ནས་རིག་སྔགས་འཆང་གིས་བཟླས་བརྗོད་སྟོང་རྩ་བརྒྱད་བགྱིས་ནས་ཡུངས་ཀར་གྱིས་བསྣུན་པར་བགྱིའོ། །ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་ཏུ་དབང་བསྐུར་བར་བགྱིའོ། །དེ་ནས་ཞིག་འབར་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་ཞི་ག་དེ་ལ་མཆོད་པར་བགྱིའོ། །དེ་ནས་ཟངས་ཀྱི་སྒྲོམ་བུའམ། དངུལ་གྱི་སྒྲོམ་བུར་ཞིག་ནས་ནོར་བུ་བླངས་ཏེ། སྒྲོམ་བུ་དེར་གཞག་པར་བགྱི་སྟེ། ཡིད་བཞིན་གྱི་ནོར་བུ་ཅི་ལྟ་བ་བཞིན་དུ། འདི་ཡང་དོན་ཡོད་པ་འབར་བ་མཐུ་ཆེན་པོའི་མཐུ་དང་ལྡན་པར་འགྱུར་རོ། །མཚན་མོ་ནི་ཟླ་བའི་འོད་བཞིན་དུ་གདའ་བར་འགྱུར་རོ། །ཉིན་མོ་ནི་ཉི་མའི་འོད་བཞིན་དུ་གདའ་བར་འགྱུར་རོ། །ནམ་འཚེད་པའི་དུས་ཀྱི་ཚེ་ནོར་བུ་དེ་བཞག་ན་འཚོ་བ་དང་། སྲེག་པ་དང་། འཚེད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ནམ་ཧོམ་བགྱིད་པ་དེའི་ཚེ། ཐབ་ཀྱི་དབུས་སུ་བཞག་སྟེ། སྲེག་བླུགས་ཀྱིས་སྦྱིན་སྲེག་བགྱིས་ན། མེ་ཆེན་པོ་འབར་བར་འགྱུར་རོ། །ཐམས་ཅད་ཀྱི་ཐམས་ཅད་དུ་དགོས་པ་རྣམས་སྒྲོན་མས་གསལ་བར་བགྱིས་པ་བཞིན་དུ་འགྱུར་རོ། །གཡུལ་ངོ་ཆེན་པོར་གཡུལ་འགྱེད་པའི་དབུས་སུ་སྐྱེས་པ་དཔའ་བོ་ལེགས་པར་ཁྲུས་བགྱིས་པ། གོས་གཙང་མ་བགོས་པ། ཡ་ལད་དང་གོ་ཆར་གཏམས་པས་ཡིད་བཞིན་གྱི་ནོར་བུ་ཆེན་པོ་དེ་སྤྱི་བོའི་གཙུག་ཏུ་བཞག་ནས། གཅིག་པོ་གཡུལ་གྱི་དབུས་སུ་ཞུགས་ན། དེ་ནས་སྐྱེས་པ་དེ་མེ་འབར་བ་གཅིག་པུར་འགྱུར་རོ། །དེ་ནས་གཡུལ་འགྱེད་


DKG092_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕ་རོལ་གྱི་དཔུང་རྣམས་ཕམ་པར་གྱུར་ནས། ཕྱོགས་བཅུར་འཁྲུགས་ནས་འབྱེར་བར་འགྱུར་རོ། །ཕྱི་ནས་ལན་འགའ་ཡང་ཕ་རོལ་གྱི་དཔུང་དང་། དགྲའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ཕ་རོལ་གྱི་དགྲ་དང་མི་མཛའ་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ལག་པས་ནོར་བུ་བཟུང་ནས་ཕུག་གི་གནས་སུ་ཞུགས་ན། གནས་ཀྱི་སྒོ་ཐམས་ཅད་འབྱེ་བར་འགྱུར་རོ། །གནས་ན་གནས་པ་ཐམས་ཅད་མདུན་དུ་མཆིས་པར་འགྱུར་རོ། །ཀླུའི་གནས་ཐམས་ཅད་དུ་མཆིས་ནས། ལག་པས་ནོར་བུ་བཟུང་སྟེ། གནས་ཀྱི་ནང་དུ་ཞུགས་ན། ཆབ་ཐམས་ཅད་ཀྱིས་ཕྱིར་མི་ཚུགས་པར་འགྱུར་རོ། །དེ་ནས་ཀླུ་ཐམས་ཅད་མདུན་ན་མཆིས་ནས། བདེན་པར་དམ་བཅའ་བར་འགྱུར་རོ། །དབང་དུ་གྱུར་ནས་ཇི་སྲིད་འཚོའི་བར་དུ་ལས་བགྱིད་པར་འགྱུར་རོ། །བསྒོ་བ་བཞིན་བགྱིད་པར་འགྱུར་རོ། །ལོ་ཏོག་དང་རྩྭ་དང་། ཤིང་གེལ་བ་དང་། ནགས་ཚལ་ཐམས་ཅད་བདེ་བར་འཕེལ་བར་འགྱུར་རོ། །མཉེན་ཅིང་མདངས་དང་ལྡན་པ་དང་མཉེན་པར་འགྱུར་རོ། །གཟི་བརྗིད་དང་ལྡན་པ་དང་། དྲན་པ་དང་ལྡན་པ་དང་མི་བདེ་བ་ཡང་ཆུང་བར་འགྱུར་རོ། །སེམས་ཅན་གང་དག་གིས་ཀྱང་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་བ་དེ་དག་ཐམས་ཅད་དང་། གཞན་ཆེས་མང་པོ་དག་གིས་དགོས་པ་མང་པོ་བགྱིད་པར་འགྱུར་བ་ནི། ནོར་བུ་ཆེན་པོ་དོན་ཡོད་འབར་བའི་ནོར་བུ་མེ་འབར་བ་ཆེན་པོ་ལགས་སོ། །དེ་ནས་དོན་ཡོད་སྣང་བ་རྣམ་པར་བལྟ་བས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཀུག་སྟེ། ཪང་གི་གཟུགས་སུ་ལྟ་བར་འཚལ་ན། དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བགྱིའོ། །ལུས་ལེགས་པར་བཀྲུས་ཏེ། སྤོས་ཆབ་ཀྱིས་བྱུག་པར་བགྱིའོ། །ཤིང་ཨརྐའི་ཡམ་སྲེག་ཤིང་གིས་མེ་སྦར་བར་བགྱིའོ། །ཡུངས་ཀར་དང་། ཨ་ག་རུ་དང་། ཙནྡན་དང་། ཞོ་དང་། སྦྲང་རྩི་དང་མར་སྦྱར་བས་སྟོང་རྩ་བརྒྱད་སྦྱིན་སྲེག་བགྱིའོ། །དེ་ནས་དོན་ཡོད་ལྕགས་ཀྱུ་གུ་གུལ་ལ་ལན་ཉི་ཤུ་རྩ་གཅིག་གི་སྲེག་བླུགས་ཀྱིས་སྦྱིན་སྲེག་བགྱིས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས། མཆོག་ཐམས་ཅད་བསམས་པ་བཞིན་


DKG092_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པར་བགྱིད་དོ། །ཇི་ལྟར་ཡིད་ལ་བགྱིད་ཅིང་བསམས་པའི་མཆོག་སྩོལ་བར་བགྱིད་དོ། །དེ་ནས་རིག་སྔགས་འཆང་གིས་ཅི་ལྟར་ཡིད་ལ་བགྱིས་ཤིང་བསམས་པའི་མཆོག་སྨྲས་པ་དང་། དེའི་འོག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐམས་ཅད་སྩོལ་བར་བགྱིད་དོ། །དེ་ནས་མིག་སྨན་བསྒྲུབ་པར་འཚལ་ན། རིག་སྔགས་འཆང་དེ། ལེགས་པར་བཀྲུས་ཏེ། གཙང་མས་གོས་གཙང་མ་བགོ་བར་བགྱིའོ། །ནུབ་གཅིག་སྨྱུང་བ་བགྱིས་ཏེ། དེས་ཟངས་ཀྱི་ཟ་མ་ཏོག་བགྱིས་ལ་དེ་ནས་མིག་སྨན་སོའི་བིར་དང་ཡུངས་ཀར་ཉིས་འགྱུར་དུ་བསྲེས་པས་དགང་བར་བགྱིའོ། །དེ་ནས་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས། ཐབ་ཀྱི་དབུས་སུ་གཞག་པར་བགྱིའོ། །དེའི་སྟེང་དུ་ཨུ་ཤྀ་ར་དང་། ཡུངས་ཀར་དང་། ཙནྡན་དང་། ཞོ་དང་སྦྲང་རྩི་དང་། མར་བསྲེས་པས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བགྱིའོ། །ཤིང་ཨརྐའི་མེ་སྦར་བར་བགྱིའོ། །ལན་སྟོང་རྩ་བརྒྱད་ཚང་བ་དང་། དེ་ནས་མིག་སྨན་བླངས་ལ་གཏུན་གྱི་སྟེང་དུ་ལེགས་པར་ཞིབ་ཏུ་བཏགས་ལ་ལྡོང་རོས་དང་། ག་པུར་དང་གླ་རྩིར་བསྲེས་ནས་སླར་ཡང་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་དོན་ཡོད་ལྕགས་ཀྱུའི་རིག་སྔགས་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་པ་ནི་ཐམས་ཅད་དུ་མགུལ་ལ་ལེགས་པར་སྦྱར་ཏེ། དེ་ནས་དོན་ཡོད་རྒྱལ་པོས་དབང་བསྐུར་བར་བགྱིའོ། །དོན་ཡོད་ཞགས་པའི་ཕྱག་རྒྱས་ལན་བདུན་ཕྱག་རྒྱ་བཅིང་ངོ་། །དེ་ནས་མིག་སྨན་གྱིས་བྱུགས་ན་ནམ་མཁའ་ལ་འཕུར་ནས་རིག་སྔགས་འཆང་ཐམས་ཅད་ཀྱི་དཔོན་པོར་འགྱུར་རོ། །སྐྲ་ཅུང་ཟད་འཁྱིལ་བར་ཡང་འགྱུར་རོ། །བསྐལ་པ་ཁྲིར་འཚོ་བར་འགྱུར་རོ། །དབྲལ་བར་ཐིག་ལེ་བགྱིས་ན་མི་གདའ་བར་འགྱུར་རོ། །མིག་ལ་བསྐུས་ཏེ་ཚིག་གཞན་མི་སྨྲ་བར་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན། རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །མཆོད་པ་ཕལ་པོ་ཆེས་ཆེར་མཆོད་པར་འགྱུར་རོ། །ནོར་འདུ་པ་གྲུབ་པ་ཆེན་པོ་ཐོབ་པར་འགྱུར་རོ། །སྒྲུབ་པའི་དུས་སམ། བཟླས་བརྗོད་ཀྱི་དུས་སུ་མིག་ལ་བསྐུས་ན་བགེགས་དང་ལོག་འདྲེན་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཐམས་ཅད་ཀྱིས་


DKG092_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐོང་བར་འགྱུར་རོ། །ཕྱིས་ཀྱང་བགེགས་བྱེད་པར་མི་ནུས་ཏེ་བར་ཆད་བགྱིད་པར་མི་འགྱུར་རོ། །བདེ་བ་སྒྲུབ་པའི་ཆོ་ག་དང་བཟླས་བརྗོད་ཀྱི་ཆོ་ག་འགྲུབ་པར་འགྱུར་རོ། །མིག་ལ་བྱུགས་ཏེ་སྐྱེ་བོ་མང་པོའི་ནང་དུ་ཞུགས་ན་དེ་དག་ཐམས་ཅད་དབང་དུ་གྱུར་ཏེ། ནོར་དང་། འབྲུ་དང་། གོས་དང་། ལྷབ་ལྷུབ་རྒྱན་ཕལ་པོ་ཆེ་འགྲུབ་པར་འགྱུར་རོ། །བུད་མེད་ཀྱང་མིག་མི་འཛུམས་པར་ལྟ་བཞིན་དུ་བདག་ཉིད་དམ་ནོར་དབང་དུ་འགྱུར་རོ། །མིག་ལ་བྱུགས་ཏེ་དགོན་པོ་ཆེན་པོར་ཞུགས་ན། ཆོམ་པོ་དང་། གཡོན་ཅན་དང་། རྐུན་པོ་དང་། གཅན་གཟན་གདུག་པ་དང་། སྦྲུལ་དང་། དབྱིག་དུག་དང་། སྦྲུལ་གྱི་དུག་གི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་ཏེ། བདེ་ལེགས་སུ་སླར་མཆི་བར་འགྱུར་རོ། །འཐབ་མོ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་ལ་མིག་སྨན་བསྐུས་ན། སྨྲ་བ་རྣམས་ཀྱི་བླ་ན་མེད་པར་འགྱུར་ཏེ། ཐམས་ཅད་དུ་རྒྱལ་བར་འགྱུར་རོ། །གཡུལ་ངོར་གཡུལ་འགྱེད་པའི་ནང་དུ་མཆིས་ནས་མིག་ལ་བྱུགས་ན། ཐམས་ཅད་ལས་རྒྱལ་བར་འགྱུར་ཞིང་། འཇིགས་པ་ཐམས་ཅད་ལས་བསྒྲལ་བར་འགྱུར་རོ། །གདུག་པས་ཟིན་པ་ཐམས་ཅད་ལ་མིག་ལ་བསྐུས་ན། གདུག་པ་མ་མཆིས་པར་འགྱུར་རོ། །རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། རིགས་ཞག་བཞི་བ་ཐམས་ཅད་ལ་མིག་ལ་བསྐུས་ན། རིམས་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །དུག་མི་བཟད་པར་འཚལ་བ་ལ་མིག་ལ་བསྐུས་ན་དུག་མ་མཆིས་པར་འགྱུར་རོ། །གདོན་ཐམས་ཅད་ཀྱིས་ཟིན་པ་ལ་མིག་ལ་བསྐུས་ན། གདོན་བརྒྱད་ཁྲི་བཞི་སྟོང་ལས་ཐར་བར་འགྱུར་རོ། །མིག་བྲོ་འཚལ་བ་ལ་བསྐུས་པ་ཙམ་གྱི་མོད་ལ་བྱང་བར་འགྱུར་རོ། །ཀླད་པ་ཆེར་བྲོ་འཚལ་བ་ཡང་མིག་ལ་བསྐུས་པ་ཙམ་གྱིས་བྱང་བར་འགྱུར་རོ། །ཚངས་པའི་སྲིན་པོའི་གདོན་དང་། བརྗེད་བྱེད་ཀྱིས་ཟིན་པ་ལ་ཡང་མིག་ལ་བསྐུས་པ་ཙམ་གྱིས་ཐར་བར་འགྱུར་རོ། །རྒྱལ་པོ་ཁྲོས་པས་གསོད་པར་འོས་པ་གང་སུ་ཡང་རུང་བ་ཁྲིད་པ་ལ་མིག་ལ་བསྐུས་པ་ཙམ་གྱིས་འཇིགས་པ་ཐམས་ཅད་སྤངས་པའི་ཐར་བར་འགྱུར་རོ། །ནག་པོ་ཆེན་པོའི་མིག་ལ་བསྐུས་ན་རང་གི་གཟུགས་ཀྱིས་དུས་སུ་མདུན་ན་མཆིས་ནས་མཆོག་ཐམས་ཅད་སྩོལ་


DKG092_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དགོས་པ་ཐམས་ཅད་བགྱིད་པར་འགྱུར་རོ། །མ་མོའི་ཚོགས་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །དཔལ་ལྷ་མོའི་མིག་ལ་བསྐུས་ཏེ། མིག་མི་འཛུམས་པར་དོན་ཡོད་རྒྱལ་པོའི་སྙིང་པོ་ལན་བདུན་བཟླས་ན། དཔལ་ལྷ་མོ་ཆེན་མོ་མཆིས་ནས་དགོས་པ་ཐམས་ཅད་དང་། །འབྲུ་མང་པོ་རབ་ཏུ་སྩོལ་བར་འགྱུར་རོ། །ཉལ་བའི་ཚེ་མིག་ལ་བསྐུས་ནས་ཉལ་ན། རྨི་ལམ་བཟང་པོ་མང་ཞིང་ཕལ་ཆེ་བ་མཐོང་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་མཐོང་བ་སྩོལ་བར་འགྱུར་རོ། །མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། །དྲན་པ་དང་བློ་གྲོས་རྒྱ་ཆེན་པོར་འགྱུར་རོ། །མིག་ལ་བསྐུས་ཏེ་ཚོགས་ཀྱི་དབུས་སུ་ཞུགས་ན་མཆོད་པ་ཆེན་པོ་ཐོབ་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བརྙན་གྱི་མིག་ལ་བསྐུས་ན། རྟག་ཏུ་མཆོག་སྩོལ་བར་འགྱུར་རོ། །རྟག་ཏུ་བལྟ་འཚལ་བར་འགྱུར་རོ། །གི་ཝང་དང་ལྷན་ཅིག་སྦྱར་ཏེ་མིག་ལ་བསྐུས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་དབང་ཕྱུག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ། །དོན་ཆེན་པོ་འགྲུབ་པར་ཡང་འགྱུར་རོ། །རྒྱལ་པོའི་བཙུན་མོ་དང་བློན་པོའི་ཚོགས་དང་། འཁོར་ཐམས་ཅད་དགའ་བར་གྱུར་ནས། ཐམས་ཅད་དབང་དུ་གྱུར་ཏེ་མཆིས་པར་འགྱུར་རོ། །དཔལ་ལྷ་མོ་ཆེན་མོའི་གཟུགས་བརྙན་གྱི་མིག་ཏུ་བསྐུས་ན། འབྱུང་པོ་ཐམས་ཅད་ཀྱི་བདག་པོར་འགྱུར་ཞིང་ལས་བགྱི་བ་ཅི་མཆིས་ཞེས་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ནག་པོ་ཆེན་པོའི་གཟུགས་བརྙན་གྱི་དཔྲལ་བ་དང་མིག་ལ་བསྐུས་ན། གནོད་སྦྱིན་ཐམས་ཅད་དབང་དུ་འགྱུར་རོ། །མི་རོའི་མིག་ལ་བསྐུས་ན་ལྡང་བར་འགྱུར་རོ། །གསང་སྔགས་དང་། དུག་སྦྱར་མ་དང་། བྱད་ཀྱིས་ཟིན་པ་ཐམས་ཅད་ཀྱི་མིག་ལ་བསྐུས་ན་དུག་སྦྱར་མ་དང་། བྱད་དང་། གསང་སྔགས་ཐམས་ཅད་བཤིག་པར་འགྱུར་ཞིང་ལན་འགའ་ཡང་སླར་ཟིལ་གྱིས་གནོན་པར་མི་འགྱུར་རོ། །བཀྲེས་པའི་མིག་ལ་བསྐུས་ཏེ། གྲོང་དུ་ཞུགས་ནས་བཟའ་བ་དང་བཏུང་བའི་སྟོན་མོ་ལྷུན་གྱིས་གྲུབ་ཅིང་འཐོབ་པར་འགྱུར་རོ། །བསོད་སྙོམས་པའི་མིག་ལ་བསྐུས་ཏེ། བསོད་སྙོམས་


DKG092_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆིས་ན། ཁ་ཟས་སྣ་ཚོགས་མང་པོ་དང་། ཡོན་ཕལ་པོ་ཆེ་འཐོབ་པར་འགྱུར་རོ། །སྨེ་བ་དང་། ལིང་ཏོག་དང་། རབ་རིབ་དང་། ཆུ་བུར་དང་། མཚན་མོ་འཐོམ་པ་དང་། གཡའ་བ་དང་། ཚག་པོ་དང་། མིག་གི་རྫི་མ་རྡུང་བ་དང་། མིག་སླེ་བོ་དེ་དག་ཐམས་ཅད་ཞི་བར་འགྱུར་རོ། །མིག་ནད་ཐམས་ཅད་ལས་སོས་པར་འགྱུར་རོ། །ལྷའི་མིག་དག་པ་འདབ་བཟངས་དང་མཚུངས་པ་འདབ་བཟངས་ཀྱི་མཐོང་བ་ཐོབ་ནས་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་དང་དབང་དུ་གྱུར་ནས་ནོར་རྙེད་པ་དང་དོན་གྲུབ་པ་ཡང་ཐོབ་ནས། དབང་ཕྱུག་བླ་ན་མེད་པར་འགྱུར་རོ། །དེ་ནས་ནོར་དང་། འབྲུ་དང་། གོས་དང་། ལྷབ་ལྷུབ་དང་། རྒྱན་དང་། རྒྱན་འཕྱང་ཐམས་ཅད་དགུག་པ་དང་། འཕེལ་བར་བགྱིད་པ་དང། དོན་ཡོད་མེ་ལྷ་དགུག་པའི་སྦྱིན་སྲེག་རྒྱ་ཆེན་པོ་བརྗོད་པར་བགྱིའོ། །གྲུབ་པ་ཀུན་གྱི་བླ་ན་མེད། །དོན་ཀུན་གྲུབ་པས་མོད་ལ་ནི། །མཁས་པ་མཆོག་ཏུ་དགའ་བར་བགྱིད། །དབང་ཕྱུག་སྐལ་བ་ཕུན་སུམ་ཚོགས། །མོད་ཉིད་ཁོ་ནར་ཐོབ་འགྱུར་བར། །ཐེ་ཙོམ་དུ་ཡང་མི་བགྱི་ཞིང་། །ཡིད་གཉིས་ཉིད་ཀྱང་མ་ལགས་སོ། །གཙང་མས་གཙང་མའི་གོས་དག་དང་། །ལེགས་པར་བཀྲུས་པས་ལས་སྒྲུབ་བོ། །སྦྱིན་སྲེག་བླ་ན་མེད་འཕེལ་བ། །འདི་ནི་རྒྱ་ཆེན་བསམ་མི་ཁྱབ། །ཀ་རན་རྩ་བ་སྡོང་བུར་བཅས། །འདབ་མ་མེ་ཏོག་འབྲས་བུར་བཅས། །ཨརྐའི་ཤིང་དང་བླག་ཤའི་ཤིང་། །ཡམ་སྲེག་དག་གིས་མེ་སྦར་ལ། །ས་བོན་བདུན་པོ་འབྲས་དང་བཅས། །འབྲས་ཡོས་ཏིལ་དང་ཡུངས་ཀར་དང་། །ཞོ་དང་སྦྲང་རྩི་མར་དང་ནི། །ཡུངས་མར་དག་དང་བསྲེས་པ་ཡི། །སྦྱིན་སྲེག་སྟོང་རྩ་བརྒྱད་ཚང་བགྱི། །ཁྲོ་བོའི་རྒྱལ་པོ་ལན་སྟོང་རྩ་བརྒྱད་ཀྱིས་དབང་བསྐུར་བ་ཚང་བ་དང་། དེ་ནས་དོན་ཡོད་ལྕགས་ཀྱུའི་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་ནས། གུ་གུལ་སྐེ་ཚེའི་འབྲས་བུ་དང་། མར་དུ་སྦྱར་བས་སྦྱིན་སྲེག་བགྱིའོ། །དགོས་པ་ཐམས་ཅད་རྫོགས་པ་དང་། དེའི་ཚེ་བཟའ་བ་དང་། བཏུང་བ་དང་། གནས་མལ་དང་། སྟན་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་འཕེལ་བར་ཡང་འགྱུར་རོ། །གོས་སྣ་ཚོགས་


DKG092_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷབ་ལྷུབ་དང་། རྒྱན་དང་། རྒྱན་ཕྲེང་དང་། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་རྣམས་ལྷུན་གྱིས་གྲུབ་པ་འབྱུང་བར་འགྱུར་རོ། །དབང་ཕྱུག་གི་འབྱོར་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་ཞིང་ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ། །དེ་ནས་ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་ལ་ཉིན་ཞག་གཅིག་མཆིས་ནས་མིག་ལ་བསྐུས་ཏེ། དོན་ཡོད་ཞགས་པའི་སྙིང་པོ་ལན་དགུ་བཅུ་བཟླས་བརྗོད་བགྱིས་ལ། ཁྲོ་བོའི་རྒྱལ་པོས་དབང་བསྐུར་ནས། དོན་ཡོད་ཞགས་པའི་ཕྱག་རྒྱས་ཕྱག་རྒྱ་བཅིངས་ཏེ། དེ་ནས་མིག་ལ་མིག་སྨན་གྱིས་བསྐུས་ན། ནམ་མཁའ་ལ་རྫུ་འཕྲུལ་གྱིས་མཆི་བར་འགྱུར་རོ། །མིག་སྨན་གྲུབ་པའི་རིག་སྔགས་འཆང་ཐམས་ཅད་ཀྱི་གཙོ་བོ་རྒྱལ་པོ་འཁོར་ལོས་སྒྱུར་བར་འགྱུར་རོ། །སྐྲ་ཅུང་ཟད་ཡང་འཁྱིལ་པར་འགྱུར་རོ། །བསྐལ་པ་ཁྲིར་འཚོ་བར་འགྱུར་རོ། །མིག་སྨན་འདིས་མིག་ལ་བྱུགས་ན་ཉིན་པར་ལྟ་བ་བཞིན་དུ་མཚན་མོ་མཐོང་བར་འགྱུར་ཞིང་མི་གདའ་བར་ཡང་འགྱུར་རོ། །འབྱུང་པོ་དང་གནོད་སྦྱིན་དང་། སྲིན་པོའི་གནས་ཐམས་ཅད་དུ་ཞུགས་ན་ཐམས་ཅད་ཀྱི་དཔོན་པོར་འགྱུར་རོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བདུན་པ། མིག་སྨན་འདིས་མིག་ལ་བྱུགས་ནས་མ་མོའི་གནས་སུ་ཞུགས་ན། ལྷ་གཙོ་བོ་དེ་དག་མིག་མི་འཛུམས་པར་ལྟ་བར་བགྱིད་ལ་ཁྲོ་བོའི་རྒྱལ་པོ་ལན་ཅིག་བཟླས་པར་བགྱིའོ། །དེ་ནས་མ་མོ་དང་གཙོ་བོའི་ལྷ་ཐམས་ཅད་མདུན་དུ་མཆིས་ནས། མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། །ཇི་སྲིད་འཚོའི་བར་དུ་ལས་ཐམས་ཅད་སྒྲུབ་པར་བགྱིད་པས་མཆིས་པར་འགྱུར་རོ། །མ་མོའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བཀུར་ཞིང་སྙིང་དུ་སྡུག་པར་འགྱུར་རོ། །རྟག་པར་རྒྱུན་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་གནས་ཤིང་རྗེས་སུ་འབྲང་བར་འགྱུར་རོ། །དེ་ནས་གི་ཝང་སྒྲུབ་པའི་སྦྱིན་སྲེག་གི་ཆོ་ག་བརྗོད་པར་བགྱི་སྟེ། དོན་ཡོད་རྒྱལ་པོ་གྲུབ་པ་ཡིས། །རིག་སྔགས་འཆང་བ་བདེ་མྱོང་ཞིང་། །ལྷ་དང་ལྷ་མིན་མཆོད་པ་དང་། །སྒྲུབ་པའི་དོན་ཀུན་འགྲུབ་པ་དང་། །དབང་དུ་གྱུར་པ་དམ་པ་དང་། །མཁའ་ལ་མཆི་བའི་དམ་པ་དང་། །མི་སྣང་ཤིན་ཏུ་རྙེད་དཀའ་དང་། །མོད་ལ་


DKG092_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ཏུ་འཇུག་པ་དང་། །ནགས་ཀྱི་ནང་དུ་འཇུག་པ་དང་། །རི་སུལ་དག་ཏུ་འཇུག་པ་དང་། །ཐང་དག་ལ་ནི་རྒྱུ་བ་དང་། །ཀླུ་གནས་མཚོར་ནི་འཇུག་པ་དང་། །དེ་བཞིན་ཆུ་ཀླུང་ཆེར་བསྒྲལ་དང་། །རྫུ་འཕྲུལ་གྲུབ་དང་སྐྱེས་པ་དང་། །དེ་བཞིན་འཇིགས་དང་སྒྲིབ་ཀུན་དང་། །ནད་ཀུན་ཞི་བར་བགྱིད་པ་ཉིད། །སྡིག་པ་ཐམས་ཅད་ཉམས་པར་བགྱིད། །གཡུལ་ངོར་གཡུལ་ལས་རྒྱལ་བགྱིད་དེ། །རྟག་ཏུ་དགྲ་ཀུན་བརླག་པར་བགྱིད། །གདོན་རིགས་ཀུན་ཀྱང་ཚར་གཅོད་ཅིང་། །རིགས་རྣམས་ཐམས་ཅད་ཟློག་པར་བགྱིད། །སྔོན་གྱི་སྒྲིབ་པ་འཇིག་བགྱིད་ཅིང་། །སྡིག་པ་ཐམས་ཅད་ཉམས་པར་བགྱིད། །དབང་ཕྱུག་སྩོལ་ཅིང་སྐལ་བ་སྩོལ། །ནོར་དང་འབྲུ་རྣམས་འཕེལ་བར་བགྱིད། །འཐབ་པ་འཐབ་མོ་རྩོད་པ་དང་། །འགྱེད་པ་རབ་ཏུ་ཞི་བར་བགྱིད། །བཅིང་བ་དང་ནི་ཤིང་སྒྲོག་དང་། །ཁོང་སྒྲིལ་ལྕགས་སྒྲོག་ཕྱེ་མར་རློག །རྒྱལ་པོ་གདུག་པ་ཁྲོས་པ་ཡིས། །གསད་པར་འོས་པ་སེལ་བར་བགྱིད། །ད་ལྟ་འདི་ལ་རྟེན་པ་ན། །མི་བདག་བུ་སྡུག་བཞིན་སྨྲ་ཞིང་། །མི་བདེ་ཀུན་ལས་གྲོལ་བར་འགྱུར། །འདི་ནི་ཀུན་དུ་སྡུག་པ་དང་། །གནས་ཀུན་མཆིས་པར་མཆོད་པར་འོས། །ལུས་ཅན་ཤིན་ཏུ་སྙིང་དུ་སྡུག །རྒྱལ་པོ་བཙུན་མོ་འཁོར་བཅས་པའི། །རྟག་ཏུ་སྣང་ཆེན་དག་ཏུ་འགྱུར། །དགེ་སྦྱོང་བྲམ་ཟེ་ཉིད་དང་ནི། །རྒྱལ་རིགས་རྗེའུ་རིགས་དམངས་རིགས་དང་། །བུད་མེད་ཀུན་དང་དེ་བཞིན་དུ། །སྐྱེས་པ་ཁྱེའུ་དང་བུ་མོ་ཡི། །རྟག་ཏུ་གནང་ཆེན་དག་ཏུ་འགྱུར། །གི་ཝང་བླ་ན་མེད་པ་པོ། །འདི་ལ་གང་དག་རྟག་བརྟེན་ན། །འཕགས་པ་འཇིག་རྟེན་དབང་ཕྱུག་སྟེ། །མཆོག་སྦྱིན་རྟག་ཏུ་མཆོད་པར་བགྱིད། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །ཉིན་དང་མཚན་དུ་བསྲུང་བ་དང་། །རྟག་ཏུ་མཆོག་སྩོལ་ཕྱིར་མཆིས་སོ། །གཞན་ཡང་ལྷ་ནི་མང་པོ་དང་། །ཀླུ་ཡི་རྒྱལ་པོ་མཐུ་ཆེན་དང་། །འབྱུང་པོ་གནོད་སྦྱིན་སྲིན་པོ་དང་། །གྲུལ་བུམ་མི་མིན་ལྟོ་འཕྱེ་ཆེ། །དྲི་ཟ་ལྷ་མིན་ཉིད་དག་དང་། །ནམ་མཁའ་ལྡིང་དབང་མཐུ་ཆེན་ཏེ། །དེ་དག་ཐམས་ཅད་བསྲུང་བ་ཡི། །ཆེད་དུ་ཉིན་དང་མཚན་དག་ཏུ། །རང་དབང་ཉིད་ཀྱིས་གནས་པར་འགྱུར། །གི་ཝང་གྲུབ་པ་དམ་པ་པོ། །དེ་ལྟར་སྟོབས་


DKG092_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ལགས། །དེ་ནས་རིག་སྔགས་འཆང་བ་ཡིས། །གཙང་གྱུར་ལེགས་པར་ཁྲུས་བགྱིས་ནས། །གཙང་མ་ཡི་ནི་གོས་བགོས་ཏེ། །གི་ཝང་ལེགས་པར་བསྒྲུབས་ནས་སུ། །དམར་པོ་ཆེན་པོ་ཉིད་དག་དང་། །གུར་གུམ་དག་དང་མཉམ་སྦྱར་ལ། །ཟངས་ཀྱི་སྣོད་དུ་བཀང་ནས་སུ། །དོན་ཡོད་ཞགས་པའི་གཟུགས་མདུན་དུ། །སྟོང་རྩ་བརྒྱད་ནི་ཚང་བཟླས་ནས། །རྒྱ་དར་གྱིས་ནི་ཁ་འགུམ་མོ། །དེ་ནས་སེང་ལྡེང་གི་ཤིང་དང་། ཨརྐའི་ཤིང་གི་ཡམ་ཤིང་གིས་མེ་སྤར་ལ། འབྲས་ཡོས་དང་། ཡུངས་ཀར་དང་། གུ་གུལ་དང་། འབྲས་དང་། ཏིལ་དང་བསྲེས་ལ། ཞོ་དང་སྦྲང་རྩི་མར་དུ་བསྲེས་ཏེ། ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བགྱིའོ། །ལན་སྟོང་རྩ་བརྒྱད་ཚང་བ་དང་། དེ་ནས་མེ་ཞི་ཞིང་མེ་མདག་ཕྲ་མོ་ཡང་ཞི་བ་དང་ཐལ་བ་བླངས་ཏེ། སྣོད་ཀྱི་ནང་དུ་སྩལ་ནས་དེ་ནས་སླར་ཡང་ལན་བརྒྱ་རྩ་བརྒྱད་བཟླས་ལ། ཁྲོ་བོའི་རྒྱལ་པོས་དབང་བསྐུར་ཏེ། ཕྱག་རྒྱའི་ཕྱག་རྒྱས་ཀྱང་དབང་བསྐུར་རོ། །དེ་ནས་དཔྲལ་བའི་དབུས་སུ་ཐིག་ལེ་བགྱིས་ན་ནམ་མཁའ་ལ་འཕུར་ནས། རིག་སྔགས་འཆང་ཆེན་པོའི་རྒྱལ་པོ་འཁོར་ལོས་སྒྱུར་བར་འགྱུར་རོ། །རིག་སྔགས་འཆང་ཐམས་ཅད་ཀྱི་དཔོན་པོར་འགྱུར་ཞིང་། སྐྲ་ཅུང་ཟད་འཁྱིལ་བར་ཡང་འགྱུར་རོ། །ལོ་དགུ་ཁྲི་དགུ་སྟོང་དུ་འཚོ་བར་འགྱུར་ཞིང་གནས་ཀྱི་སྒོ་ཐམས་ཅད་རྟག་ཏུ་འབྱེད་པར་འགྱུར་རོ། །དཔྲལ་བ་ལ་ཐིག་ལེ་བགྱིས་ན་མི་གདའ་བར་གྱུར་ནས། གནས་ཐམས་ཅད་དུ་ཞུགས་ན་གནས་ཐམས་ཅད་ཀྱི་བདག་པོར་འགྱུར་ཞིང་། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོའི་གནས་ཀྱི་སྒོ་ཐམས་ཅད་འབྱེད་པར་འགྱུར་རོ། །འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་མཐུ་དང་བཅས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ནས་མཆིས་པར་འགྱུར་རོ། །ཇི་སྲིད་འཚོའི་བར་དུ་བསྒོ་བ་བཞིན་བགྱིད་པར་འགྱུར་རོ། །མིག་ལ་བསྐུས་ན་ཅི་ལྟར་ཉིན་པར་བཞིན་དུ་མཚན་མོ་སྣང་ཞིང་ཐམས་ཅད་དུ་གཏེར་མཐོང་བར་འགྱུར་རོ། །སའི་ཕུག་དང་ཐང་གི་སྒོ་ཕྱེ་བ་མཐོང་བར་འགྱུར་རོ། །ཐང་གི་གནས་སུ་ཞུགས་ནས། ཐང་གི་དགོས་པ་ཐམས་ཅད་བགྱི་སྟེ། སླར་ཡང་མཆི་བར་འགྱུར་རོ། །ཆུ་ཀླུང་ཆེན་པོའི་ནང་དུ་ཞུགས་ན། ཁྱིམ་དང་གཞལ་


DKG092_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཁང་ཅི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། །རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་གཞལ་མེད་ཁང་མཐོང་བར་འགྱུར་རོ། །ཆབ་ལ་གནས་པ་གང་ལགས་པ་དེ་དག་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ཀླུའི་མཚོ་དང་གནས་སུ་ཅི་ལྟར་རང་གི་ཁྱིམ་བཞིན་དུ་འཇུག་ཅིང་འབྱུང་བར་འགྱུར་རོ། །ལུས་མཐའ་དག་བྱུགས་ཏེ་གཡུལ་ངོར། གཡུལ་འགྱེད་པའི་ནང་དུ་ཞུགས་ན་ཡ་ལད་དང་། གོ་ཆ་བགོས་པ་བཞིན་དུ་མཐོང་ནས་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །ཁར་བསྲེལ་ཏེ་རྒྱལ་པོའི་ཕོ་བྲང་དུ་ཞུགས་པ་ན་བཙུན་མོ་འཁོར་དང་བཅས་པ་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །གང་ལ་ཚིག་སྨྲས་པ་དེ་དག་ཐམས་ཅད་བགྱིད་པར་འགྱུར་རོ། །གང་ལ་བླངས་ན་དེ་དག་ཐམས་ཅད་སྟེར་བར་འགྱུར་རོ། །གང་ལ་བསྒོ་བ་དེ་དག་ཐམས་ཅད་བསྒོ་བ་བཞིན་བགྱིད་པར་འགྱུར་རོ། །ཁར་འཆོས་ནས།གང་དང་གང་དུ་མཆིས་པ་དེ་དང་དེར་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་བདག་ཉིད་དང་ནོར་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ལག་པ་གཡས་པ་ལ་བྱུགས་ན་སུ་རེག་པ་དེ་དབང་དུ་འགྱུར་རོ། །ནོར་དང་། འབྲུ་དང་། དབྱིག་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བགྱིས་པ་དང་། ཞོ་ཤས་འཚོ་བ་དང་། མངག་གཞུག་པ་རྣམས་དབང་དུ་གྱུར་ནས། བསྒོ་བ་བཞིན་མཆིས་པར་འགྱུར་རོ། །མཛུབ་མོ་གཡས་པ་ལ་བསྐུས་ནས་སེར་བ་དང་སྤྲིན་དང་། འབྲུག་གི་དུས་སུ་སྤྲིན་ལ་མངོན་སུམ་དུ་བསྟན་ཏེ་བསྡིགས་ན་གྲང་བ་དང་རླུང་དང་སེར་བ་རྣམས་ཞི་བར་འགྱུར་རོ། །དཔག་ཚད་གཅིག་ཁོར་ཁོར་ཡུག་ཏུ་ཟིལ་གྱིས་གནོན་པར་འགྱུར་རོ། །ཆར་ཧ་ཅང་ཆེས་ན་ལག་པ་གཡས་པ་སྤྲིན་ལ་མངོན་སུམ་དུ་བསྟན་པས་ཧ་ཅང་ཆར་ཆེས་པ་གཅོད་པར་འགྱུར་རོ། །ཆར་མི་འབབ་པའི་དུས་སུ་ལག་པ་གཡས་པའི་ལག་མཐིལ་ལ་བྱུགས་ནས་ཀླུ་གནས་པའི་མཚོའི་ཆུ་ལ་ཐལ་མོ་ལན་གསུམ་བརྡབས་ན། དེའི་མོད་ལ་ཀླུའི་རྒྱལ་པོས་ཆར་གྱི་རྒྱུན་ཆེན་པོ་གཏོང་བར་འགྱུར་རོ། །གལ་ཏེ་མོད་ལ་ཆར་པ་མི་འབེབས་ན་དེའི་ཚེ་ལན་ལྔ་བརྡེབས་པ་དང་། ཀླུ་དེ་དག་ཐམས་ཅད་ཀྱིས་ཆར་གྱི་རྒྱུན་གཏོང་བར་འགྱུར་རོ། །གང་གི་ཚེ་ཆར་པ་མི་འབེབས་པ་དེའི་ཚེ། ཀླུ་ཐམས་ཅད་ལ་ཀླད་པའི་ནད་འབྱུང་


DKG092_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །གལ་ཏེ་ལན་བདུན་བསྣུན་ན་ཀླུའི་རྒྱལ་པོ་ཐམས་ཅད་ལ་ཚུལ་མ་ཡིན་པའི་སྡུག་བསྔལ་འབྱུང་བར་འགྱུར་རོ། །ཀླུའི་རྒྱལ་པོ་ཐམས་ཅད་ཀྱི་རིགས་ཕུང་བར་བགྱིས་པར་འགྱུར་རོ། །གདོན་གྱིས་ཟིན་པ་ཐམས་ཅད་ཀྱི་མིག་ལ་བསྐུས་ན། བསྐུས་པ་ཙམ་གྱི་མོད་ལ་གདོན་བརྒྱད་ཁྲི་བཞི་སྟོང་རབ་ཏུ་ཞི་བར་འགྱུར་རོ། །རིམས་གྱིས་ཐེབས་པ་རྣམས་ཀྱི་དཔྲལ་བ་ལ་ཐིག་ལེ་བགྱིས་ན། རིམས་ཞག་གཅིག་པའམ། ཉིན་གཉིས་པའམ། ཉིན་གསུམ་པའམ། ཉིན་བཞི་བའི་རིམས་ཐམས་ཅད་ཞི་བར་འགྱུར་རོ། །ནད་ཀྱིས་ཟིན་པ་རྣམས་ལ་ཁྲུས་བགྱིས་ན་མོད་ལ་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཤ་བཀྲ་དང་། མཛེ་དང་། རྐང་ཤུ་དང་། ཤུ་བ་དང་། གཡན་པ་དང་། འབྲུམ་བུ་རྣམས་ལས་ཐར་བར་འགྱུར་རོ། །ལྦ་བ་དང་།ལྷོག་པ་དང་། མཚན་བར་རྡོལ་བ་དང་། ཤུ་བ་མཆེད་པ་དང་། འབྲུམ་བུ་ཕྲ་མོ་མཆེད་པ་ལ་བྱུགས་པ་ཙམ་གྱིས་མི་གདུག་པར་འགྱུར་རོ། །དུག་གིས་མྱོས་པར་བགྱིས་པ་ཐམས་ཅད་ལ་འཚལ་བ་ཙམ་གྱི་མོད་ལ་ཐར་བར་འགྱུར་རོ། །ལྟོ་ན་བ་དང་། སྐྲན་དང་། དམུ་ཆུ་དང་། མཆིན་པ་ན་བ་དང་། རྩིབ་ལོགས་ན་པ་དང་། སྙིང་ན་བ་དང་། ཆུ་སོ་ན་བ་དང་། གཞང་ནད་དང་། ཚད་པ་དང་། གཅིན་སྲིབ་དང་། གསུད་པ་དང་། མ་ཞུ་བ་དང་། རྟུག་སྐམས་ལ་སྲོས་ན་འཚལ་བ་ཙམ་གྱི་མོད་ལ་ཞི་བར་འགྱུར་རོ། །ཕྱིས་ལན་འགའ་ཡང་གནོད་པར་བགྱིད་པར་མི་འགྱུར་རོ། མཆོག་མར་གི་ཝང་གི་རིལ་བུ་བགྱིས་ཏེ། ཕུག་གི་སྒོ་དང་ཉེ་བར་མཆིས་ནས་ལག་པ་གཡས་པ་ལ་བྱུགས་ཏེ། མགོ་ལ་ཐལ་མོ་བརྡབས་ན། ཕུག་གི་སྒོ་རྣམས་འབྱེ་བར་འགྱུར་རོ། །བག་ཚ་བ་མ་མཆིས་པར་འཇུག་སྟེ། སླར་ཅུང་ཟད་ཀྱང་བགེགས་བགྱིད་པར་མི་འགྱུར་རོ། །གནས་དེ་ན་གནས་པ་གང་ལགས་པ་དེ་དག་ཐམས་ཅད་དབང་དུ་གྱུར་ནས་མདུན་ན་མཆིས་པར་འགྱུར་རོ། །དགོས་པ་སྒྲུབ་པ་ཆེན་པོ་ཐམས་ཅད་འགྲུབ་པར་འགྱུར་རོ། །རྐང་པ་གཉིས་ལ་བྱུགས་ཏེ། མེ་འབར་བའི་ནང་དུ་ཞུགས་ན་མེ་ལྷ་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས་ལག་པ་ནས་བཟུང་


DKG092_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རིག་སྔགས་འཆང་ལ་རིག་སྔགས་འཆང་བདག་གི་གཞལ་མེད་ཁང་གི་གནས་སུ་ཞུགས་ཤིག །རིག་སྔགས་འཆང་གིས་བསྒོ་བ་ཐམས་ཅད་བསྒྲུབ་པར་བགྱིའོ་ཞེས་སྨྲ་བ་ན། དེའི་ཚེ་རིག་སྔགས་འཆང་གིས་བགྱི་བ་ཅི་མཆིས་པ་དེ་བསྒོ་བར་བགྱི་སྟེ། ཐམས་ཅད་བགྱིད་པར་འགྱུར་རོ། །དཔུང་པ་གཉིས་ལ་བྱུགས་ན། གླང་པོ་ཆེ་བདུན་གྱི་སྟོབས་དང་ལྡན་པར་འགྱུར་རོ། །བརླ་གཉིས་ལ་བྱུགས་ན་ཚུགས་པ་མ་མཆིས་པའི་གྱད་དུ་འགྱུར་རོ། །བྱིན་པ་གཉིས་ལ་བྱུགས་ན་འབབ་ཆུ་ཆེན་པོའི་ཕ་རོལ་ཏུ་རྒལ་བར་འགྱུར་རོ། །མགྲིན་པ་ལ་བྱུགས་ནས་ནགས་ཁུང་དུ་ཞུགས་ན། ནགས་ཁུང་གི་གནས་ཀྱི་སྒོ་ཐམས་ཅད་བྱེ་ནས་སྨན་གྱི་རྫས་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་རོ། །ཅི་འཚལ་བ་དེ་བླང་བར་བགྱིའོ། །གི་ཝང་གི་རིལ་བུ་བགྱིས་ཏེ་ཁར་བསྲེལ་ནས་རི་སུལ་དང་སྨན་གཤོང་དུ་ཞུགས་ནས་སྐད་དྲག་པོ་ལན་གསུམ་གདོན་པར་བགྱི་སྟེ། རི་སུལ་དང་སྨན་གཤོང་གི་གནས་གསང་བའི་སྒོ་གང་དག་ལགས་པ་འབྱེ་བར་འགྱུར་ཞིང་། དེ་ན་གནས་པ་གང་ལགས་པ་དེ་དག་ཐམས་ཅད་རང་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་ཞིང་། ལས་ཐམས་ཅད་བགྱིད་པར་འགྱུར་རོ། །དེ་ནས་རྩྭ་དང་ཤིང་གེལ་བ་དང་། ནགས་ཚང་ཚིང་གི་སྨན་གྱི་རྫས་གང་ལགས་པ་དག་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་ཞིང་། གང་དག་གི་བཅུད་ཀྱི་མཆོག་དེ་དག་འཛག་ལ། བཅུད་སྲུང་བ་དེ་དག་ཀྱང་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས་ཐམས་ཅད་དབང་དུ་འགྱུར་རོ། །ཅི་ལྟར་འཚལ་བ་བག་ཚ་བ་མ་མཆིས་པར་དགོས་པ་ཐམས་ཅད་བགྱིད་པར་འགྱུར་རོ། །སྙིང་གར་ཐིག་ལེ་བགྱིས་ནས་སྙིང་ལ་ཅུང་ཟད་ཅི་བསམས་པ་དང་། ཡིད་ལ་བསམས་ཤིང་བརྣག་པའི་དགོས་པ་དེ་དག་ཐམས་ཅད་མོད་ལ་འགྲུབ་པར་འགྱུར་རོ། །ལྟོ་ལ་ཐིག་ལེ་བགྱིས་ན་ཁ་ཟས་དང་བཏུང་བའི་སྟོན་མོ་འདོད་དགུ་ཐམས་ཅད་ཐོབ་པར་འགྱུར་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་ལྷུན་གྱིས་འགྲུབ་པར་འགྱུར་རོ། །རྩིབ་ལོགས་གཉིས་ལ་བྱུགས་ན། ཇི་ལྟར་བསམས་ཤིང་དོན་དུ་གཉེར་བའི་གོས་རྣམས་ཐོབ་པར་འགྱུར་རོ། །སྒལ་ཚིགས་ལ་བྱུགས་


DKG092_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཇི་ལྟར་ཡིད་ལ་བསམས་པའི་མལ་དང་། སྟན་ཐོབ་པར་འགྱུར་རོ། །རྣ་བ་ལ་བྱུགས་སམ། གནད་དང་གནད་ཐམས་ཅད་ཀྱི་གནས་སུ་བྱུགས་ན། ཇི་ལྟར་བསམས་པའི་རྒྱན་དང་ལྷབ་ལྷུབ་ཐོབ་པར་འགྱུར་རོ། །མཇུག་དོ་ལ་བྱུགས་ན། རྟའི་བཞོན་པ་ཐོབ་པར་འགྱུར་རོ། །ཉིན་གཅིག་བཞིན་ནང་པར་ཚིག་གཞན་མི་སྨྲ་བར་གི་ཝང་གི་རིལ་བུ་རེ་རེ་ལ་དོན་ཡོད་རྒྱལ་པོའི་སྙིང་པོ་བཟླས་ནས་འཚལ་ཏེ། ཉི་མ་དང་པོ་ལ་ཚིགས་སུ་བཅད་པ་སྟོང་བཀླགས་ན་འཛིན་པར་འགྱུར་རོ། །ཉིན་གཅིག་བཞིན་ཉིས་འགྱུར་དུ་བགྱིས་ནས་བཀླགས་ན་འཛིན་པར་འགྱུར་རོ། །ཞག་བདུན་གྱིས་ཐོས་པ་མང་པོར་འགྱུར་རོ། །ཞག་བཅུ་བཞི་བགྱིས་ན་མིའམ་ཅི་མོ་ལྟ་བུའི་སྒྲ་དབྱངས་སུ་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་ཏུ་བགྱིས་ན་ཐོས་པ་བསགས་པའི་རྒྱ་མཚོ་ཆེན་པོར་འགྱུར་རོ། །ཀ་ལ་བིང་ཀའི་དབྱངས་ལྟར་མཉེན་ཞིང་སྙན་ལ་རྣ་བའི་དབྱངས་སུ་འགྱུར་རོ། །བུའི་ཆེད་དུ་མར་དང་ལྷན་ཅིག་སྩལ་ན་བྱ་རོག་ལྟ་བུ་དང་། མོ་ཤམ་རྣམས་ཀྱིས་ཀྱང་བུ་རྙེད་པར་འགྱུར་རོ། །བཙོན་རར་སྩལ་བ་དང་། ཤིང་སྒྲོག་དང་། ལྕགས་སྒྲོག་དང་། གཏན་པ་དང། ཁོང་སྒྲིལ་ལ་བྱུགས་ན་བྱུགས་པ་ཙམ་གྱི་མོད་ལ་དུམ་བུ་དུམ་བུར་འཆག་པར་འགྱུར་རོ། །འཐོར་བར་འགྱུར་རོ། །ཚེས་བརྒྱད་དམ་བཅུ་བཞིའམ་ཚེས་བཅྭ་ལྔ་ལ་དོན་ཡོད་རྒྱལ་པོའི་སྙིང་པོ་ལན་བདུན་བཟླས་ལ་ཁྲོ་བོའི་རྒྱལ་པོས་རང་ལ་དབང་བསྐུར་ནས་གི་ཝང་གི་རིལ་བུ་དང་སྤོས་ཆབ་བསྲེས་པས་ཁྲུས་བགྱིའོ། །ཁྲུས་བགྱིས་པ་ཙམ་གྱི་མོད་ལ་སྡིག་པ་ཐམས་ཅད་དང་། སྔོན་གྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ནུབ་གསུམ་དུ་ཁྲུས་བགྱིས་ན་གསང་སྔགས་དང་། ཕྱག་རྒྱ་དང་། སྒྲུབ་པ་དང་། གྲུབ་པའི་མཆོག་ཐམས་ཅད་ཐོབ་པར་འགྱུར་རོ། །ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་དང་། གདུག་པ་དང་། སྡིག་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །ལན་འགའ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་འཇིགས་པ་མི་འབྱུང་ཞིང་ཡོངས་སུ་ཐར་བར་འགྱུར་རོ། །ཕྱིས་ལན་འགའ་ཡང་སྡིག་པའི་དྲི་མས་གོས་པར་མི་འགྱུར་རོ། །གི་ཝང་གི་རིལ་བུ་ཏིལ་མར་དང་བསྲེས་ཏེ་ཁ་གདོང་ལ་བྱུགས་ནས་རྒྱལ་པོའི་མདུན་དུ་མཆིས་


DKG092_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ན་བུ་བཞིན་དུ་པང་དུ་འཁྱུད་ནས་དགའ་བ་ཆེན་པོ་འཐོབ་པ་དང་། རྒྱལ་པོ་ཁྲོ་བོའི་འཇིགས་པ་ཐམས་ཅད་ཞི་བར་འགྱུར་རོ། །ལུས་ཐོག་ཐག་ཏུ་བྱུགས་ན་གསད་པར་འོས་པའི་ལུས་ལ་ཡང་མཚོན་གྱིས་ཕྲོག་པར་མི་འགྱུར་ཏེ། དུམ་བུ་དུམ་བུར་འཆག་པར་འགྱུར་རོ། །མདའ་འཕངས་ན་ལུས་ལ་འབབ་པར་མི་འགྱུར་ཞིང་གཞུ་འཆག་པར་འགྱུར་རོ། །གི་ཝང་གི་རིལ་བུ་མགུལ་དུ་བཏགས་ནས་འབྲོག་དགོན་པ་དང་རི་དང་། ནགས་ཚང་ཚིང་བགྲོད་དཀའ་བར་ཞུགས་ན་ཆོམ་པོ་དང་། གཡོན་ཅན་དང་། རྐུན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མི་དང་མི་མ་ལགས་པ་དང་། གཅན་གཟན་གདུག་པ་དང་། སྦྲུལ་གདུག་པ་དང་། དུག་གི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་ཏེ། མི་གདའ་བར་འགྱུར་རོ། །དཔུང་པ་གཡས་པ་ལ་བཏགས་ན་ཐམས་ཅད་དུ་ཕ་རོལ་ལས་རྒྱལ་བར་འགྱུར་རོ། །ཐམས་ཅད་དུ་མཆོད་གནས་ཆེན་པོར་ཡང་འགྱུར་རོ། །ཐམས་ཅད་དུ་མཐུ་དང་བརྩོན་འགྲུས་ཆེན་པོ་རྫི་བ་མེད་པས་ཕ་རོལ་ཟིལ་གྱིས་གནོན་པར་འགྱུར་རོ། །དཔུང་པ་གཡོན་པ་ལ་བཏགས་ན་སྐྱེས་པ་དང་བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ཀྱི་གནང་ཆེན་དུ་འགྱུར་ཏེ། ཐམས་ཅད་ལྟ་འཚལ་བར་འགྱུར་རོ། །མཆོད་པའི་འོས་ཆེན་པོར་འགྱུར་རོ། །དགོས་པ་མང་པོ་འགྲུབ་པར་འགྱུར་རོ། །བྱིན་པ་གཡས་པ་ལ་བཏགས་ན་དུབ་པ་མ་མཆིས་པར་དཔག་ཚད་སྟོང་དུ་མཆིས་པར་འགྱུར་རོ། །གི་ཝང་གི་རིལ་བུ་ཁར་བསྲེལ་ལ་ལག་པ་གཡས་པས་ཡུངས་ཀར་གྱིས་དོན་ཡོད་ལྕགས་ཀྱུ་བཟླས་ནས་དྲངས་ཏེ་ཚིག་གཞན་མི་སྨྲ་བར་གནས་མཐོན་པོར་འཛེགས་ཏེ་ཕྱོགས་གང་དུ་བསམས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་མཆིས་པའི་ཕྱོགས་དེར་ཡུངས་ཀར་གྱིས་གཏོར་ན་མོད་ལ་བཀུག་པར་འགྱུར་ཏེ་མཆིས་པར་འགྱུར་རོ། །གལ་ཏེ་དཔག་ཚད་བརྒྱ་ཙམ་ན་གནས་པ་ཞིག་ན་ཡང་གདོན་མི་འཚལ་བར་དེ་ཞག་གསུམ་གྱིས་མཆི་བར་འགྱུར་ཏེ་ཡིད་གཉིས་མི་བགྱིའོ། །ལག་པ་གཡས་པའམ་ལག་པ་གཡོན་པ་ལ་གི་ཝང་གི་རིལ་བུ་བཏགས་ན་གང་དུ་རེག་པར་ནོར་དང་། འབྲུ་དང་། དབྱིག་དང་། ནོར་བུ་དང་། མུ་ཏིག་དང་། ཤང་ཀ་ཤིལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་།


DKG092_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་དང་། གོས་དང་། ལྷབ་ལྷུབ་དེ་དག་ཐམས་ཅད་བཀུག་ནས་མཆིས་པར་འགྱུར་ཏེ། ཅི་འཚལ་བ་དེ་མཆི་བར་འགྱུར་རོ། །བྱ་ཚང་དུ་ཞུགས་ནས་ཚང་མང་གི་སྒོར་ཐལ་མོ་བརྡབས་ན་འཚེད་པ་དང་འཚེད་པའི་ཁ་ཟས་དེ་དག་ཐམས་ཅད་བཀུག་ནས་མཆིས་པར་འགྱུར་ཏེ། ཅི་འཚལ་བ་དེ་མཆིས་པར་འགྱུར་རོ། །སྤོས་འཚོང་གི་ཚོང་ཁང་དུ་མཆིས་ན་ཚོང་ཁང་གི་ཡོ་བྱད་ཐམས་ཅད་མཆི་བར་འགྱུར་རོ། །ཆང་འཚོང་གི་སྒོར་ཐལ་མོ་བརྡབས་ན་ཆང་གི་བུམ་པ་ཐམས་ཅད་མཆི་བར་འགྱུར་རོ། །བད་བའི་སྒོར་ཐལ་མོ་བརྡབས་ན་འབྲུ་ཐམས་ཅད་བཀུག་པར་འགྱུར་རོ། །བཅུད་འབྱིན་པའི་ཁྱིམ་དུ་ཞུགས་ནས་འཁྲུལ་འཁོར་ལ་རེག་པར་བགྱིད་ན་བུ་རམ་གྱི་ཁུ་བ་དང་། ཤ་ཁ་རའི་གླེགས་བུ་ཐམས་ཅད་མཆི་བར་འགྱུར་རོ། །གང་དུ་འཚལ་བ་དེར་མངགས་པར་འགྱུར་རོ། །གྲོང་ཁྱེར་གྱི་སྒོར་མུན་ཚབ་ཚུབ་ན་ཐལ་མོ་བརྡབས་ན་གྲོང་ཁྱེར་ན་གནས་པ་ཐམས་ཅད་གཉིད་བསྐྲོགས་པར་འགྱུར་རོ། །དགྲ་བོའི་སྒོར་བཏབ་ན་བསྐྲད་པར་འགྱུར་རོ། །མཚོན་ཆ་མཁན་གྱི་ཁྱིམ་དུ་འཕངས་ན་མཚོན་ཆ་དང་། གོ་ཆ་རྣམས་རེངས་པ་དང་། རྨུགས་པར་བགྱིས་པར་འགྱུར་རོ། །རྒྱལ་པོའི་སྒོར་བཏབ་ན་ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་དང་། སེམས་ཅན་གདུག་པ་ཐམས་ཅད་བཅིངས་པ་དང་། རེངས་པ་དང་། རྨུགས་པར་བགྱིས་པར་འགྱུར་རོ། །དུང་ལ་བྱུགས་ནས་གནས་མཐོན་པོར་བུས་ན་སྒྲ་གང་དུ་གྲག་པ་དེ་དག་ཏུ་འཐབ་པ་དང་། འཐབ་མོ་དང། རྩོད་པ་དང་། འགྱེད་པ་དང་། བྱད་དང་། དུག་སྦྱར་མ་དང་། དུག་དང་། ནད་ལས་ཡོངས་སུ་ཐར་བར་འགྱུར་རོ། །གྲོང་ཁྱེར་གྱི་སྒོར་བུས་ན་ཡམས་ཀྱི་ནད་དང་། གནོད་པ་དང་། མི་ངས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཕྱུགས་ལྷས་སུ་བུས་ན་འོ་མ་ཐམས་ཅད་ཕྲོགས་པར་འགྱུར་རོ། །གང་དུ་འཚལ་བ་དེར་མཆི་བར་འགྱུར་རོ། །ར་ལུག་གི་ལྷས་སུ་བུས་ན་ར་ལུག་གི་འོ་མ་ཕྲོགས་པར་འགྱུར་ཏེ། གར་འཚལ་བ་དེར་མཆི་བར་འགྱུར་རོ། །སྐྱེ་བོའི་ཚོགས་ཆེན་པོའི་དབུས་སུ་བུས་ན་ཐམས་ཅད་སྒྲེན་པོར་གྱུར་ནས་གོས་ཐམས་ཅད་བཀུག་པར་འགྱུར་རོ། །རྫ་རྔ་ལ་བྱུགས་ཏེ་ཁྱམས་མཐོན་པོའི་སྟེང་དུ་བརྡུངས་ན་གྲང་བ་དང་། རླུང་དང་། སེར་བ་ཐམས་


DKG092_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཅིངས་པ་དང་གཤིག་པར་འགྱུར་ཏེ། ཚུགས་པར་མི་འགྱུར་རོ། །དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་སེར་བ་བཀག་པར་འགྱུར་རོ། །གྲོང་ཁྱེར་རམ། ཡུལ་འཁོར་མཐའ་དག་ཏུ་བུས་ན་ནད་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འཚེ་བ་ཐམས་ཅད་ཞི་བར་འགྱུར་རོ། །འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །མི་ངས་དང་། མུ་གེའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གཞན་ཡང་དགོས་པ་རྣམ་པ་སྣ་ཚོགས་བརྒྱ་སྟོང་དག་བགྱིད་པར་འགྱུར་ཏེ། ཐམས་ཅད་ལ་སྦྱར་བར་བགྱིའོ། །དེ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་བཞི་བ་དང་། རྒྱས་པ་ནད་ཐམས་ཅད་ཞི་བར་བགྱིད་ཅིང་སྡིག་པ་ཐམས་ཅད་འཇིག་པར་བགྱིད་པ། ཡམས་ཀྱི་ནད་དང་། གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། མུ་གེའི་དགོན་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གདོན་དང་། བརྗེད་བྱེད་ཐམས་ཅད་བརླག་པར་བགྱིད་པ་བརྗོད་པར་བགྱིད་པའོ། །རིག་སྔགས་འཆང་གཙང་མར་གྱུར་པས་ལེགས་པར་ཁྲུས་བགྱིས་ཏེ། སྤོས་དྲི་ཞིམ་པོས་ལུས་བྱུགས་ལ། གོས་གཙང་མ་བགོས་ལ་སྤོས་དྲི་ཞིམ་པོས་བསྒོས་ནས་བྱམས་པའི་སེམས་ལ་མཉམ་པར་གཞག་ཅིང་། སེམས་ཅན་ཐམས་ཅད་ལ་ལྷག་པར་བརྩེ་བ་དང་། སྙིང་རྗེ་ཆེན་པོས་སྙིང་གདུངས་པས་སྦྱིན་སྲེག་གི་ལས་འདི་བགྱི་སྟེ། ཨརྐའི་ཤིང་དང་། ཤ་མིའི་ཤིང་དང་། ཤིང་འོ་མ་ཅན་ནམ། ཇི་ལྟར་ཡང་བྱང་ཆུབ་ཀྱི་ཤིང་སྟེ། དེ་དག་གི་ཡམ་སྲེག་ཤིང་གིས་མེ་སྦར་ལ། འབྲས་ཡོས་དང་། ཡུངས་ཀར་དང་། པདྨ་དང་། པདྨའི་ལྡུམ་བུ་དང་། འདབ་མ་དང་། ཞོ་དང་། སྦྲང་རྩི་དང་། མར་དུ་བསྲེས་པས་སྦྱིན་སྲེག་བགྱིའོ། །དོན་ཡོད་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་ནས། དེ་ནས་དོན་ཡོད་ཞགས་པ་ཁྲོ་བོའི་རྒྱལ་པོས་དབང་བསྐུར་ཏེ། དོན་ཡོད་ཞགས་པའི་ཕྱག་རྒྱས་ཕྱག་རྒྱ་ལན་བརྒྱ་རྩ་བརྒྱད་བཅིང་ངོ་། །དེ་ནས་སྦྱིན་སྲེག་གི་དགོས་པ་རྣམས་མཐར་ཕྱིན་པའི་མོད་ཁོ་ནར་དཔག་ཚད་གཅིག་ཁོར་ཡུག་ཏུ་ཡམས་ཀྱི་ནད་དང་། གནོད་པ་དང་། འཚེ་བ་དང་། ནད་དང་། མུ་གེའི་དགོན་པ་མི་བཟད་


DKG092_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རང་གི་དཔུང་དང་། གཞན་གྱི་དཔུང་གི་འཇིགས་པ་དང་། ཕས་ཀྱི་རྒོལ་བ་དང་། མི་མཛའ་བའི་འཇིགས་པ་ཐམས་ཅད་དང་། ཆོམ་པོ་དང་། གཡོན་ཅན་དང་། རྐུན་པོ་དང་། གཅན་གཟན་གདུག་པ་ཅན་དང་། སྦྲུལ་དང་། དུག་མི་བཟད་པ་དང་། གདུག་པ་དང་བཅས་པའི་སྲོག་ཆགས་ཀྱི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །མི་ཚུགས་པར་འགྱུར་རོ། །དཔག་ཚད་བརྒྱར་ཁོ་ར་ཁོར་ཡུག་ཏུ་རིམས་མི་འབྱུང་སྟེ། གནོད་པས་མ་ལགས། ནད་ཀྱིས་མ་ལགས་ཏེ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། གདོན་རྣམས་ཀྱིས་མི་ཚུགས་ཏེ།རབ་ཏུ་ཞི་བར་འགྱུར་རོ། །འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་དང་། ནང་འཁྲུག་དང་། འཁྲུག་པ་དང་། སྐྲོད་པ་དང་། མདངས་གཅོད་པ་དང་། འཆིང་བ་དང་། སྡིག་པ་རྣམས་ཀྱིས་མི་ཚུགས་ཏེ། རབ་ཏུ་ཞི་བར་འགྱུར་རོ། །སེམས་ཅན་ཐམས་ཅད་བདེ་བར་འགྱུར་རོ། །ཤིན་ཏུ་ལོ་ལེགས་ཤིང་མདངས་དགའ་ལ་སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་ཞིང་མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་རོ། །ནོར་དང་། འབྲུ་དང་། ལོ་ཏོག་རབ་ཏུ་མང་པོ་འགྲུབ་པར་འགྱུར་རོ། །ཤིན་ཏུ་རོ་དང་ལྡན་པ་དང་། ཤིན་ཏུ་སྨིན་པ་དང་ཡོངས་སུ་རྫོགས་པར་འགྱུར་རོ། །རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚང་ཚིང་དང་། མྱུ་གུ་དང་། རྩ་བ་དང་། འབྲས་བུ་བཟང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱིར་ཞིང་ཇི་སྲིད་འཚོའི་བར་དུ་ཡུལ་དེ་ན་ཡིད་དུ་མི་མཆི་བའི་རེག་པ་མྱོང་བར་མི་འགྱུར་རོ། ཡུལ་དེ་ན་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་རྟག་ཏུ་ན་ད་མ་མཆིས་པར་འགྱུར་རོ། །བདེ་བར་འཚོ་བ་དང་། ཡིད་ལ་དགའ་ཞིང་མགུ་བར་འགྱུར་རོ། །བྱམས་པ་དང་། སྙིང་རྗེའི་སེམས་ཀྱིས་གནས་པར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་ཐམས་ཅད་ཀྱང་ལེགས་པར་བསྲུང་བའི་ཕྱིར་རྟག་ཏུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་དཔག་


DKG092_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་བསྲུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་བགྱིད་པར་འགྱུར་རོ། །རྒྱལ་པོ་བཞི་ཡང་དཔུང་དང་བཅས་ཏེ། ཡོངས་སུ་སྐྱོང་བ་དང་། སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བགྱིད་པར་འགྱུར་རོ། །གདུག་པ་ཐམས་ཅད་བཟློག་པ་དང་། སྲུང་བ་དང་། ཡོངས་སུ་སྐྱོང་བར་འགྱུར་རོ། །དབང་ཕྱུག་དང་། དབང་ཕྱུག་ཆེན་པོའི་ལྷའི་བུ་རྣམས་རྟག་པར་རྒྱུན་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བགྱིད་པར་འགྱུར་རོ། །ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་འཁོར་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་ཚོགས་ཀྱི་འཁོར་ཐམས་ཅད་ཀྱིས་ཡུལ་དེ་ལེགས་པར་བསྲུངས་པར་འགྱུར་རོ། །གཟི་བྱིན་སྩོལ་བར་འགྱུར་རོ། །དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་སེམས་ཅན་ཐམས་ཅད་ཡོངས་སུ་སྲུང་བ་དང་། ཡོངས་སུ་སྐྱོང་བར་འགྱུར་རོ། །དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ལ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བགྱིས་པར་འགྱུར་རོ། །ཞི་བའི་ལས་འདིའི་མཐུས་སེམས་ཅན་ཐམས་ཅད་སྡིག་པ་དང་། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡུལ་དེ་ལ་དགོངས་པར་འགྱུར་རོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཡང་དག་པར་འདུ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་དབུགས་འབྱིན་པར་སྟོན་པར་འཚལ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཡོངས་སུ་བསྲུང་བའི་དོན་དུ་ཉི་མ་དང་། ཟླ་བ་རྒྱུ་སྐར་གྱི་ཚོགས་དང་བཅས་པ་ལེགས་པར་འབྱོར་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་པར་རྒྱུན་དུ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་དབུགས་འབྱིན་པར་འགྱུར་རོ། །ཡོངས་སུ་བསྲུང་བ་དང་། ཡིད་ཀྱིས་བརྣག་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པར་འགྱུར་ཏེ། ཡང་ནས་ཡང་དུ་བལྟ་བར་འགྱུར་རོ། །དེ་ནས་དེས་སྦྱིན་སྲེག་གི་ཐལ་བ་དང་། དྲི་ཆུ་སྐྱོ་མ་བགྱིས་ཏེ་


DKG092_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞི་ཀུན་ཏུ་དབང་བསྐུར་ན་མཚམས་ཆེན་པོ་བཅད་པར་བགྱིས་པར་འགྱུར་རོ། །ནད་ཀྱིས་ཟིན་པ་ཐམས་ཅད་ཀྱི་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །རིམས་ཐམས་ཅད་ལ་ཐིག་ལེ་བགྱིས་ན་རིམས་ཐམས་ཅད་ལས་ཐར་བར་འགྱུར་རོ། །དྲི་ཆབ་དང་ཐལ་བས་ཁྲུས་བགྱིས་ན་ཐམས་ཅད་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །བཙོན་ར་ན་མཆིས་པའམ། ཕྱག་སྦལ་ན་མཆིས་པའི་གོས་ལ་བསྐུས་ན་རལ་བར་འགྱུར་རོ། །གདུག་པས་ཟིན་པ་དང་། དུག་གིས་མྱོས་པ་ཐམས་ཅད་ལ་བསྐུས་ན་གདུག་པར་མི་འགྱུར་རོ། །མེ་དགུག་པའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།


previousམེ་དགུག་པའི་སྦྱིན་སྲེག་གི་ཆོ་གnext