Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
རི་མོའི་སྐུ་གཟུགས་བསྒྲུབ་པའི་ཆོ་ག་དང་ཆོ་ག་ཞིབ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརི་མོའི་སྐུ་གཟུགས་བསྒྲུབ་པའི་ཆོ་ག་དང་ཆོ་ག་ཞིབ་མོ།next

རི་མོའི་སྐུ་གཟུགས་བསྒྲུབ་པའི་ཆོ་ག་དང་ཆོ་ག་ཞིབ་མོ།


DKG092_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་ཆོ་གའི་རྒྱལ་པོ་ཆེན་པོ་རས་ཀྱི་སྐུ་གཟུགས་མཐོང་བ་ཙམ་གྱི་མོད་ལ་མནར་མེད་པའི་མཐར་ཐུག་པ་དང་། མཚམས་མེད་པ་ལྔ་བྱེད་པ་བྱང་བར་འགྱུར་བ་བཤད་པར་བྱ་སྟེ། རས་ཁྲུ་དོ་གྲུ་བཞི་ལྷམ་པ་ཁ་ཚར་མཆད་པ་སྐྲ་མེད་པ་ཐག་རན་བཟང་བ། ཤིན་ཏུ་དཀར་བ། ཤིན་ཏུ་སྦྱངས་པ་ལ་རི་མོ་མཁན་མི་སྨྲ་བའི་དཀའ་ཐུབ་ཅན་བསྙེན་གནས་ལ་གནས་པ། གཙང་མས་གོས་གཙང་མ་བགོས་པ། ཟས་དཀར་གསུམ་ཟ་བ། དུས་གསུམ་དུ་ཁྲུས་བྱས་པ། ལྷག་མ་མ་ཡིན་པའི་ཚོན་རྩི་སྣོད་སར་པར་བཞག་སྟེ། པིར་སར་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པའམ་བཞུགས་པའམ་སྐྱིལ་མོ་ཀྲུང་དུ་བཞུགས་པ་བྲི་བར་བྱ་སྟེ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། ཨེ་ནེ་ཡའི་པགས་པ་བསྣམས་པ། ཕྱུགས་བདག་གི་ཆ་ལུགས་འཆང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་བཅུ་དྲུག་པ་ཞལ་ཞི་བ། སྤྱན་ཕྱེ་བ། དབུ་རྒྱན་ལ་རྒྱལ་བ་འོད་དཔག་མེད་བཞུགས་པ། ཞལ་གཡས་པའི་ཐོར་ཚུགས་ལ་ཟླ་ཚེས་ཀྱིས་བརྒྱན་པ། ཕྱག་གཉིས་རྡོ་རྗེའི་ཐལ་མོ་སྦྱར་བ་ལས་གྱེན་དུ་པདྨའི་ཚུལ་དུ་བྱའོ། །ཕྱག་


DKG092_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཐུར་དུ་ཀུན་ཏུ་ཞལ་གྱི་ཕྱག་རྒྱ་བྱའོ། །ཕྱག་གཉིས་བཟླས་བརྗོད་ཀྱི་ཕྱག་རྒྱ་བྱས་ལ་མཛུབ་མོ་གཡས་པ་བརྐྱང་སྟེ། པདྨའི་ཚུལ་དུ་བྱས་ལ་བར་ན་བགྲང་ཕྲེང་འཛིན་པ་བྱའོ། །ཕྱག་གཉིས་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བྱའོ། །ཕྱག་གཅིག་ན་རྩེ་གསུམ་པ། གཉིས་པ་ན་པདྨ། གསུམ་པ་དོན་ཡོད་པའི་ཞགས་པའི་གླེགས་བམ། བཞི་པ་ན་དོན་ཡོད་པའི་ཞགས་པ། ཞགས་པ་ཐ་མལ་པ་འདྲ་བ། ལྔ་པ་དབུགས་འབྱིན་པ། དྲུག་པ་ན་རིལ་བ་སྤྱི་བླུགས། བདུན་པ་ན་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བའི་སྣོད། བརྒྱད་པ་ན་མེ་ཏོག་སྣ་ཚོགས་ཀྱི་སྣོད་ཐོགས་པར་བྱ་ཞིང་། འོད་འདོམ་གང་གིས་བརྒྱན་པ་སྐུ་མེ་ཏོག་སྣ་ཚོགས་ཀྱིས་བཀྲ་བས་མཛེས་པར་བྱའོ། །རི་པོ་ཊ་ལའི་ཁང་བ་བརྩེགས་པ་ཤིན་ཏུ་མཛེས་པ། གྲུ་བཞི་ལྷམ་པ། ཀ་བ་བཞི་ཟུག་པ། ཁྲི་འཕང་སྟེགས་བུ་མཛེས་པ་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པ། པདྨའི་ཕྲེང་བས་མཛེས་པར་བྱས་པ། རྡོ་རྗེའི་ཕྲེང་བས་བརྒྱན་པ། མེ་ཏོག་སྣ་ཚོགས་དང་ཆུ་ཤིང་གི་ཡལ་གས་མཛེས་པར་བྱས་ལ། གཡས་ལོགས་ཀྱི་སྟེང་ན་ཉི་མ། གཡོན་ལོགས་ན་ཟླ་བ། གནས་གཙང་མའི་རིགས་ཀྱི་ལྷའི་བུ་དག་ལག་ན་མེ་ཏོག་སྣ་ཚོགས་མང་པོ་ཐོགས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱེད་པར་བྱའོ། །རི་པདྨ་འདྲ་བ་ཞིག་སྙིང་པོས་མཛེས་པར་བྱས་ཤིང་། སྡོང་པོ་དང་ལྡན་པ། མཚོས་མཛེས་པར་བྱས་པ། མཚོ་ཉས་གང་ཞིང་ཆུ་ས་ན་མ་ཀ་ར་དང་། བཞད་དང་ཤང་ཤང་ཏེའུ་དང་། ངུར་པས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པའི་རི་དེའི་སྟེང་དུ་པདྨའི་གདན་དང་སེང་གེའི་ཁྲི་བྱའོ། །གཡས་ཕྱོགས་ཀྱི་ཕྱི་རོལ་ཁང་པའི་གནས་སུ་དབང་ཕྱུག་བྱའོ། །གཡོན་དུ་དབང་ཕྱུག་ཆེན་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །ནང་གི་གནས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །གཡས་སུ་འཕགས་མ་སྒྲོལ་མ་ལུས་བཏུད་དེ་འཛེམ་བག་དང་བཅས་པ་བྱའོ། །གཡོན་དུ་དྲི་མེད་འགྲོ་ལག་པ་དབུགས་འབྱིན་པ་དང་ནོར་བཟངས་པུས་མོ་བཙུགས་པར་བྱའོ། །པདྨའི་སྙིང་པོའི་དབུས་ཀྱི་གནས་སུ་ཁྲོ་བོའི་རྒྱལ་པོ་ཁྲོས་པའི་གཟུགས་ཅན། ལག་པ་བཞི་པའི་ལག་ན་མཚོན་


DKG092_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཐོགས་པ་སྟེ། ཞགས་པ་དང་། དབྱུག་ཏོ་དང་། རྩེ་གསུམ་དང་། པདྨའོ། །པདྨའི་གདན་ལ་སྐྱིལ་མོ་ཀྲུང་ཕྱེད་བཅས་པ་ལུས་ཅུང་ཟད་བཏུད་པ། མགོ་བོའི་སྟེང་གཡས་གཡོན་དུ་དྲང་སྲོང་བསྟོད་རབས་བྱེད་པ་བྱའོ། །དེ་ནས་འོག་གི་གཡས་གཡོན་དུ་རྡོ་རྗེའི་ཟོམ་ཆེན་པོ། ལག་ན་རྡོ་རྗེའི་ཚོགས་མང་པོ་འདུག་པ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། རླུང་ལྷ་དང་། དབང་པོ་དང་།ལྷའི་ཚོགས་དག་བྱའོ། །གཡས་ཕྱོགས་ཀྱི་མཚོ་དང་། རིའི་བར་དུ་བརྒྱ་བྱིན་དང་ཚངས་པ་བྱའོ། །གཡོན་ཕྱོགས་སུ་རྒྱལ་པོ་ཆེན་པོ་བཞི་གོ་ཆ་བགོས་པ་བྱའོ། །དེའི་འོག་ཏུ་ཕོ་ཉ་མོ་པདྨའི་རིགས་མཛེས་མ་ལག་པ་འབྲེལ་པ་བྱའོ། །ལྷ་མོ་དཔལ་ཆེན་མོ་དང་། དབྱངས་ལྡན་མ་དང་། འཇིགས་བྱེད་མ་དང་། མཚན་མོའི་ལྷ་དང་། སའི་ལྷ་མོ་དང་། ལོ་ཏོག་གི་ལྷ་མོ་བྱའོ། །དབང་ཕྱུག་གི་དྲུང་དུ་ཁྲོ་གཉེར་ཅན་བྱའོ། །དབང་ཕྱུག་ཆེན་པོའི་དྲུང་དུ་གོས་དཀར་མོའོ། །རི་དང་། ཕོ་ཉ་མོའི་བར་དུ་སྲིན་མོ་རལ་གཅིག་མའོ། །རིའི་ཁོར་ཡུག་ཏུ་གྲུ་བཞི་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པ་བྱ་ཞིང་། ལྗོན་ཤིང་དང་། ལྕུག་མ་སྣ་ཚོགས་དང་། མེ་ཏོག་གིས་བརྒྱན་ཅིང་། མཚེའུ་མཛེས་པ། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་དང་། སེང་གེ་དང་། སྟག་གིས་གང་བ་དང་། ཀླུའི་ཕྲུ་གུ་དང་། གྲུལ་བུམ་དག་བྱའོ། །གཡོན་དུ་གསང་བ་ཆེན་པོ་ལྔ་བྱའོ། །འོག་ཏུ་ཀླུའི་རྒྱལ་པོ་ཆེན་པོ་ལྔ་བྱའོ། །ཐམས་ཅད་བྲག་གི་སྟན་དང་། ལག་ན་རིན་པོ་ཆེའི་མེ་ཏོག་གི་ཕོར་པ་ཐོགས་ཏེ། བཅོམ་ལྡན་འདས་ལ་བལྟ་བར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་རིག་སྔགས་འཆང་པུས་མོ་བཙུགས་ཏེ། ལག་ན་མེ་ཏོག་དང་། པོག་ཕོར་ཐོགས་པ་བཅོམ་ལྡན་འདས་ལ་བལྟ་བར་བྱའོ། །སྟེང་གི་བང་རིམ་དུ་ཐུབ་པ་ཆེན་པོ་རྒྱལ་བ་འོད་དཔག་མེད་དང་། ཤཱཀྱའི་རྒྱལ་པོ་དང་། འཇིག་རྟེན་དབང་པོའི་རྒྱལ་པོ་བྱའོ། །རས་ཀྱི་སྐུ་གཟུགས་འདི་མཐོང་བ་ཙམ་གྱི་མོད་ལ། ཚེ་རབས་བརྒྱ་སྟོང་དུ་མནར་མེད་པ་བསགས་པ་དང་། མཚམས་མེད་པ་ལྔའི་ལས་བྱས་པ་དེ་དག་ཐམས་ཅད་འཇིག་པར་འགྱུར། རྣམ་པར་འཇིག་པར་འགྱུར་ཞིང་། སེམས་ཅན་དེ་དག་ཐམས་ཅད་ཀྱང་ཡོངས་སུ་གྲོལ་བར་འགྱུར་ན། སེམས་ཅན་དག་པ་


DKG092_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལྟ་ཅི་སྨོས། དད་པས་མོས་པ་རྣམས་དང་། དཀོན་མཆོག་གསུམ་མཆོད་པ་དོན་དུ་གཉེར་བ་དེ་དག་ནི། ཚེ་འདི་ཉིད་ལ་འབྲས་བུ་ཆེ་བ་དང་། ཕན་ཡོན་མང་པོ་དག་ཏུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞིའི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་ཞིང་། དེ་དག་གི་དགེ་བའི་རྩེ་བ་དང་ལྡན་པར་འགྱུར་རོ། །རས་ཀྱི་སྐུ་གཟུགས་འདི་མཐོང་བ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པའི་གཟུངས་ཀྱི་སྙིང་པོ་དངོས་སུ་མཐོང་བ་ཡིན་ནོ། །རས་ཀྱི་སྐུ་གཟུགས་འདི་མཐོང་བ་ཙམ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགོངས་པར་འགྱུར་ཞིང་སྐུ་ཡང་སྟོན་པར་འགྱུར་རོ། །ཉམ་ཐག་པ་ཙམ་གྱི་མོད་ལ་སྐུ་སྟོན་པར་འགྱུར་ཞིང་མཆོག་ཐམས་ཅད་སྦྱིན་པར་འགྱུར་རོ། །དོན་ཡོད་པའི་ཞགས་པའི་གཟུངས་ཀྱི་སྙིང་པོ་འགྲུབ་པར་འགྱུར་རོ། །ནད་ཀྱིས་ཐེབས་པ་དང་། ནད་ཚབས་ཆེན་པོས་གཟིར་བ་དང་། ནད་སྣ་ཚོགས་དང་། སྡུག་བསྔལ་བརྒྱ་སྟོང་གིས་དཀྲུགས་པ་དེ་དག་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱི་མོད་ལ། ནད་ཐམས་ཅད་དང་། སྡུག་བསྔལ་ཐམས་ཅད་དང་། གདོན་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་ཞིང་། སྒྲིབ་པ་དང་། ནད་དང་བྲལ་བར་འགྱུར་རོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དག་ཀྱང་། མཐོང་བ་ཙམ་གྱི་མོད་ལ་ཡོངས་སུ་གྲོལ་བར་འགྱུར་རོ། །རས་ཀྱི་སྐུ་གཟུགས་འདི་འཁོར་མང་པོས་མཆོད་པ་དང་། བཀུར་སྟི་ཆེན་པོ་དང་། སིལ་སྙན་དཀྲོལ་བ་མང་པོ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་ལེགས་པར་བརྒྱན་པར་བྱ་སྟེ། གྲོང་ཁྱེར་ཆེན་པོའམ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་ངམ། ལྗོངས་སམ། ཁྱིམ་མམ། གྲོང་དུ་ཞུགས་ནས་རས་ཀྱི་སྐུ་གཟུགས་བཞུགས་པ་ཙམ་གྱི་མོད་ལ། འཐབ་པ་དང་། རྩོད་པ་དང་། འཐབ་མོ་དང་། ཁྲག་ཁྲུག་དང་། མུ་གེའི་དགོན་པ་དང་། མི་ངས་དང་། རང་གི་དཔུང་དང་། གཞན་གྱི་དཔུང་གི་འཇིགས་པ་ཞི་བར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་བོ་དང་། སྐེམ་བྱེད་དང་།


DKG092_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་བྱེད་དང་། གྲིབ་གནོན་ཞི་བར་འགྱུར་ཞིང་། བདེ་བ་དང་། ལོ་ལེགས་པ་དང་། དགའ་བ་དང་། མི་མང་པོ་བདེ་བ་མང་བར་འགྱུར་རོ། །དགའ་བ་དང་ཡིད་བདེ་བ་མང་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྗེས་སུ་འགྲོ་བར་འགྱུར་རོ། །འདི་མཐོང་བ་ཙམ་གྱིས་ཤི་འཕོས་ནས་ཐམས་ཅད་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །བསྐལ་བ་སྟོང་ཕྲག་བདུན་ཅུའི་ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར་རོ། །པདྨའི་འོད་དྲི་མ་མེད་ཅིང་རྣམ་པར་དག་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་ཐོབ་པ་ཐོབ་པར་འགྱུར་རོ། །པདྨ་རབ་ཏུ་གནས་པ་ཞེས་བྱ་བའི་རིགས་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ཉིད་འཐོབ་པར་འགྱུར་རོ། །རི་མོའི་སྐུ་གཟུགས་བསྒྲུབ་པའི་ཆོ་ག་དང་ཆོ་ག་ཞིབ་མོའོ།། །།


previousརི་མོའི་སྐུ་གཟུགས་བསྒྲུབ་པའི་ཆོ་ག་དང་ཆོ་ག་ཞིབ་མོ།next