Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དོན་ཡོད་པའི་ལྕགས་ཀྱུ་རས་ལ་སྐུ་གཟུགས་བྲི་བའི་ཆོ་ག


 
previousདོན་ཡོད་པའི་ལྕགས་ཀྱུ་རས་ལ་སྐུ་གཟུགས་བྲི་བའི་ཆོ་གno next

དོན་ཡོད་པའི་ལྕགས་ཀྱུ་རས་ལ་སྐུ་གཟུགས་བྲི་བའི་ཆོ་ག


DKG092_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དོན་ཡོད་པའི་ལྕགས་ཀྱུ་རས་ལ་སྐུ་གཟུགས་བྲི་བའི་ཆོ་ག་བརྗོད་པར་བྱ་སྟེ། གནས་ཐམས་ཅད་དུ་བླ་ན་མེད་པ་གྲུབ་པ་ནི་སྡིག་པ་ཐམས་ཅད་མོད་ལ་སྲེག་པར་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་འཕྲོག་པ་དེ་བཞིན་དུ་ནད་ཐམས་ཅད་སེལ་བ། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། འཇིགས་པ་ཐམས་ཅད་ལས་རྣམ་པར་ཐར་བ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་གང་དཀྱིལ་འཁོར་ཆེན་པོར་ཀུན་དུ་ལུང་བསྟན་པ་མི་འཇིགས་པ་སྦྱིན་པ། མཆོག་ཏུ་དཀོན་པ་ཡིད་ལ་རེ་བ་ཐམས་ཅད་འཕྲལ་དུ་ཡོངས་སུ་རྫོགས་པར་འགྱུར་བ། བཀྲ་ཤིས་ཐམས་ཅད་སྒྲུབ་པ། བསོད་ནམས་ཐམས་ཅད་སོགས་པ། མྱུར་དུ་ནོར་དང་། འབྲུ་སྦྱིན་པར་མཛད་པ། སྒྲུབ་པ་ཡང་དག་པ་གྲུབ་པར་བྱ་བའི་ཕྱིར་གསང་སྔགས་འགྲུབ་པ། བཟླས་བརྗོད་འགྲུབ་པ། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྲུབ་པ། ཕ་རོལ་ཏུ་ཕྱིན་


DKG092_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུ་ཡོངས་སུ་རྫོགས་པ་དེ་ཁོ་ན་ཉིད་རྣམ་པར་མཐོང་བ་ཞེས་བྱ་བའི་བསོད་ནམས་ཆེན་པོ་སྐྱེ་བར་འགྱུར་རོ། །ནམ་བྱང་ཆུབ་ཡང་དག་པར་ཐོབ་ཀྱི་བར་དུ་དགེ་བའི་རྩ་བ་ཆེན་པོ་རབ་ཏུ་སྐྱེ་བར་འགྱུར་རོ། །དོན་ཡོད་པའི་ལྕགས་ཀྱུ་ཆོ་འཕྲུལ་ཆེན་པོའི་རས་ཀྱི་སྐུ་གཟུགས་ཆེན་པོ་མཐོང་བ་ལ་སོགས་པ་ནི་ཕྱིས་ངན་འགྲོའི་གནས་སུ་མི་འགྲོ་ཞིང་སྡིག་པའི་ལས་ཀྱིས་མི་གོས་པ་དང་། སྔོན་གྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་རྣམ་པར་འཇིག་པ་དང་། སྡིག་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་ལས་ཐར་བར་འགྱུར་བ་དང་། དམྱལ་བ་མི་བཟད་པ་རྣམས་ལས་ཐར་བར་འགྱུར་རོ། །ཚེ་རབས་ཀུན་དུ་བདེ་བ་དང་། ད་ལྟར་གྱི་འདི་ལ་མཆོག་ཏུ་དཀོན་པའི་བདེ་བ་ལྷུན་གྱིས་གྲུབ་པ་ཐོབ་པར་འགྱུར་རོ། །བཀྲེན་པ་ཡང་ལོངས་སྤྱོད་དང་། ཕྱུག་པོ་མཚུངས་པ་མེད་པ་མཆོག་མོད་ལ་ཐོབ་པར་འགྱུར་རོ། །ལྷའི་དཔལ་ཐོབ་པར་འགྱུར་རོ། །འཁོར་བཟང་པོ་བདོག་པར་འགྱུར་རོ། །རྒྱལ་པོ་རྣམས་ཀྱིས་བླ་མར་བྱ་ཞིང་རྟག་ཏུ་དུས་ཐམས་ཅད་དུ་མཆོད་པར་འོས་པར་འགྱུར་རོ། །དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བུད་མེད་དང་། སྐྱེས་པ་རྣམས་རྟག་ཏུ་དབང་དུ་བྱ་སྟེ། སྡུག་ཅིང་ཐམས་ཅད་བསྙེན་བཀུར་བྱེད་ཅིང་འདུག་པ་ནི་རས་ཀྱི་སྐུ་གཟུགས་ལ་མཆོད་པ་བླ་ན་མེད་པ་ཡིན་ནོ། །རས་གྲུ་བཞི་ཁྱོན་ཀུན་ཁྲུ་གང་ངམ། ཁྲུ་དོ་པ་ལ་ལེགས་པར་བཏགས་པ། རས་འཇམ་པོ་ཐག་རན་བཟང་པོ་ཤིན་ཏུ་དག་པར་བཀྲུས་པ་གཙང་མར་བྱས་པའམ། ཡང་ན་དར་ཡུག་གམ། ཡང་ན་མོན་དར་རམ། ཤུན་ཕྲགས་ལ་ཟླ་བ་ཡར་གྱི་ཚེས་བཅྭ་ལྔ་ཚང་བའི་བར་དུ་རས་ཀྱི་སྐུ་གཟུགས་བླ་ན་མེད་པ་བྲི་བར་བྱའོ། །སྣོད་གཙང་མ་སར་པའི་ནང་དུ་ཚོན་ལྷག་མ་མ་ཡིན་པ་བླུགས་ཏེ། རས་ཀྱི་སྐུ་གཟུགས་གསལ་བར་བྲི་བ་ནི་ཚོན་སྣ་ཚོགས་ཀྱིས་རྣམ་པར་དབྱེ་བར་བྱའོ། །དབུས་སུ་


DKG092_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མགོན་པོ་བྲི་བ་ནི་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ། སྤྱན་གསུམ་པ། ཞལ་གསུམ་པ། མཆོག་ཏུ་བཟང་བ། ཞལ་དང་པོ་ནི་མཛེས་ཤིང་སྡུག་པ། དབུ་ལྕང་ལོ་དང་ཐོར་ཚུགས་ཀྱིས་བརྒྱན་པ། ཅོད་པན་ལ་འོད་དཔག་མེད་ཀྱིས་བརྒྱན་པ། དབུ་སྐྲ་འཁྱིལ་བར་བྱའོ། །མེ་ཏོག་གི་ཕྲེང་བ་བཅིང་བར་བྱའོ། །ཕྲེང་བའི་གོང་དུ་འོད་དཔག་མེད་བྱའོ། །ཅོད་པན་ལ་ཟླ་བ་ཕྱེད་པ་དང་འདོམ་གང་བྱའོ། །ཀུན་དུ་ལྕགས་ཀྱུ་བྱའོ། །ཀུན་དུ་འབར་བའི་ཕྲེང་བ་བྱའོ། །ཕྱག་བཞི་ལ་ཕྱག་གཡོན་ན་པདྨའི་ལྕགས་ཀྱུ་གཡས་ན་མདུང་རྩེ་གསུམ་པའི་ལྕགས་ཀྱུ། གཡོན་གཅིག་ན་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུ། གཡས་གཅིག་ན་རྡོ་རྗེ་ལྕགས་ཀྱུ་དབུགས་འབྱིན་པར་བྱའོ། །གདན་སེང་གེའི་པདྨོ་བྱའོ། །གཡོན་དུ་ལྷ་མོ་སྒྲོལ་མའོ། །གཡས་སུ་དཀར་མོ་སྟེ། མེ་ཏོག་སྣ་ཚོགས་ཐོགས་པ། བཅོམ་ལྡན་འདས་ཀྱི་ཞལ་དུ་ལྟ་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་ལ་བཞུགས་པ། འབར་བའི་ནང་ན་བཞུགས་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱབ་ཏུ་རིན་པོ་ཆེའི་ཤིང་ལྕུག་ཕྲན་དང་། ཡལ་ག་དང་། ཆས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པར་བྱའོ། །ནེ་ཙོ་དང་། རི་སྐེགས་དང་། ཤང་ཤང་ཏེའུ་དང་། རྨ་བྱ་དང་། བྱ་ཀ་ལ་པིང་ཀ་རིན་པོ་ཆེའི་གསེབ་ན་རྒྱུ་བར་བྱའོ། །ཤིང་གི་གོང་སྤྱི་བོ་ལ་ཁང་བུ་རྩེག་མ་དང་བཅས་པའི་གཞལ་མེད་ཁང་གི་ནང་དུ་དེ་བཞིན་གཤེགས་པ་གསུམ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞུགས་པར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་གི་གཡོན་དུ་སྲིན་མོ་རལ་པ་གཅིག་མ་བྱའོ། །གཡས་སུ་ལག་ན་རྡོ་རྗེ་ཁྲོས་པའི་གད་མོ་འབྱིན་པའི་གཟུགས་མཆེ་བ་གཙིགས་པ་སྐྲ་གྱེན་དུ་བརྫེས་པ། ལྕང་ལོ་དང་ཅོད་པན་གྱིས་བརྒྱན་པ། རྡོ་རྗེ་ཐོགས་ཤིང་རྡོ་རྗེ་གསོར་བ། ནམ་མཁའ་ལ་བལྟ་བར་བྱའོ། །སྨད་དུ་གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་དང་།


DKG092_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆེན་པོ་བཞི་བྱའོ། །གོང་དུ་དབང་པོ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་ལྷའི་བུ་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་བྱའོ། །གཡས་ཕྱོགས་སུ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་བཏུད་དེ། བཅོམ་ལྡན་འདས་ལ་མཆོད་པ་བྱེད་པའོ། །གཡོན་དུ་དགའ་བོ་དང་། བསྙེན་དགའ་བོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་རྣམས་བཅོམ་ལྡན་འདས་ལ་མཆོད་པ་བྱད་པའོ། །གཡས་ཀྱི་གནས་གཅིག་ཏུ་རིག་སྔགས་འཆང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་པུས་མོ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་ལྟ་ཞིང་མེ་ཏོག་སྣ་ཚོགས་ཀྱི་སྡོང་བུ་དང་། པོག་ཕོར་དང་། བགྲང་ཕྲེང་ལག་ན་ཐོགས་པ་བྱའོ། །ཕྱོགས་བཞི་ངོས་ཀུན་དུ་རིས་བསྐོར་བ་ལ་རི་དགས་ཀྱི་ཚོགས་སྣ་ཚོགས་ཀྱིས་གང་བ། ཤིང་སྣ་ཚོགས་མེ་ཏོག་དང་། ལྕུག་མ་ཅན་བྱའོ། །རྫིང་བུ་ཆུ་ཟགས་པ་བྱའོ། །འབྲས་བུ་སྣ་ཚོགས་ཅན་གྱི་ཤིང་དང་ལྕུག་མ་བྱའོ། །གནས་སོ་སོར་དྲང་སྲོང་རྣམས་དང་། གྲུལ་བུམ་གྱི་ཤིང་བྱའོ། །ཚུལ་དེ་ལྟར་དོན་ཡོད་པའི་ལྕགས་ཀྱུ་རས་ལ་བྲིས་ཏེ། གནས་གཙང་མ་དབེན་པར་བཞག་ལ་རིག་སྔགས་འཆང་བས་འབད་པ་ཆེན་པོས་མཆོད་པར་བྱའོ། །ཨ་ག་རུ་དང་། དུ་རུ་སྐ་དང་། ཙནྡན་གྱི་བདུག་པ་དབུལ་བར་བྱའོ། །ཅི་ནུས་པར་དོན་ཡོད་པའི་ལྕགས་ཀྱུའི་རིག་པའི་རྒྱལ་པོ་བཟླས་བརྗོད་བྱའོ། །ཉི་མ་རེ་རེ་རས་ལ་སྐུ་གཟུགས་བྲིས་པ་མཐོང་བ་ཙམ་གྱི་མོད་ལ་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་དང་། སྒྲིབ་པ་དང་། མནར་མེད་པར་གཞོལ་བ་དང་། དམ་པའི་ཆོས་སྤོང་བ་རྣམས་ཡོངས་སུ་དག་ཅིང་ཟད་པར་འགྱུར་རོ། །འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་དང་། སྡུག་བསྔལ་གྱི་འཇིགས་པ་མི་བཟད་པ་དང་། ནད་ཐམས་ཅད་ཡོངས་སུ་ཟད་པ་དང་། རྣམ་པར་དག་པར་འགྱུར་རོ། །རྣམ་པར་འཇིག་པར་འགྱུར་རོ། །དྲི་མ་དང་བྲལ་


DKG092_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །སེར་སྣ་དང་ཕྲག་དོག་དང་བྲལ་བར་འགྱུར་རོ། །གཟུངས་གྲུབ་པ་ཆེན་པོ་སོ་སོར་ཐོབ་པར་འགྱུར་རོ། །མཐོང་བ་ཙམ་གྱི་མོད་ལ་དེ་མ་ཐག་ཏུ་འབྲས་བུ་ཆེན་པོ་རྙེད་པ་རྒྱ་ཆེན་པོར་འགྱུར་རོ། །ལན་འགའ་ཡང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱིས་རྒྱུན་དུ་བསྲུང་ཞིང་རྗེས་སུ་གཟུང་བར་འགྱུར་རོ། །རས་ཀྱི་སྐུ་གཟུགས་འདིའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བ་ཙམ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་མངོན་དུ་མཐོང་བ་དང་འདྲ་བར་རིག་པར་བྱའོ། །གང་ཞིག་རས་ཀྱི་སྐུ་གཟུགས་འདི་ལ་ལེགས་པར་འགྱུར་བའི་ཚུལ་གྱིས་བྱ་བ་བྱེད་པ་དང་། མཆོད་པ་དང་། བསྙེན་བཀུར་བྱེད་པ་དེ་ནི་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་དགུ་བཅུ་རྩ་དགུ་དང་མཉམ་པའི་དེ་བཞིན་གཤེགསཔ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ལ་མཆོད་པར་འགྱུར་རོ། །དེ་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་ན་རབ་ཏུ་བཞུགས་པའི་དེ་བཞིན་གཤེགས་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་གཟུང་བར་འགྱུར་རོ། །དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱིར་མི་ལྡོག་པའི་གནས་ཐོབ་པར་འགྱུར་རོ། །དགེ་བའི་བསམ་པ་ཡོངས་སུ་དག་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རིག་སྔགས་འཆང་ཐམས་ཅད་གྲུབ་པར་བགྱི་བའི་ཕྱིར་དང་། སེམས་ཅན་གྱི་དོན་དང་། ཕན་པ་དང་། བདེ་བར་བགྱི་བའི་ཕྱིར་དང་། སྡིག་པ་དང་། སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་གྲོལ་


DKG092_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱི་བའི་ཕྱིར་དོན་ཡོད་པའི་ལྕགས་ཀྱུའི་རིག་སྔགས་ཀྱི་རྒྱལ་པོ་རིམ་པར་ཕྱེ་བ་རྣམས་བསྟན་པ་ལགས་སོ། །བཅོམ་ལྡན་འདས་ཡང་བདག་ལ་མཆིས་པ་ནི་དོན་ཡོད་པའི་ལྕགས་ཀྱུའི་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱི་ཁྲོ་བོ་ཆེན་པོའི་ལས་གྲུབ་པ་མཆོག་ཏུ་འགྱུར་བ་དང་། བསམ་པ་དང་། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། མ་རུངས་པ་བརྩོན་པ་མེད་པ། བརྩེ་བའི་བསམ་པ་མེད་པ་ནི་གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་དང་། འབྱུང་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་ཐག་འཇུག་པ། མ་རུངས་པའི་བགེགས་དང་། ལོག་འདྲེན་ཐམས་ཅད་རབ་ཏུ་དུལ་བར་མཛད་པ། བདུད་ལ་སོགས་པ་མ་རུངས་པ་ཐམས་ཅད་རབ་ཏུ་ཞི་བ་དང་། ཕུང་བར་བྱེད་པ། སེམས་ཅན་མ་རུངས་པ་ཐམས་ཅད་སྐྲག་པར་བྱེད་པ། ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་འཆིང་བ་དང་། གཅོད་པ་དང་། འབིགས་པ་དང་། རྡུང་བ་དང་། གཏོར་བ་དང་། ལུས་རྣམ་པར་ཞིག་པར་བྱེད་པ་དེ་ནི། བཅོམ་ལྡན་འདས་འདིར་བདག་གིས་པདྨོ་རྒྱས་པའི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པའི་སྙིང་པོ་ཆོ་ག་ཞིབ་མོའི་དཀྱིལ་འཁོར་གྱི་སྐབས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་མང་པོའི་ནང་དུ་དོན་ཡོད་པའི་ཁྲོ་བོའི་ལྕགས་ཀྱུ་བརྗོད་པར་བགྱི་སྟེ། དཀྱིལ་འཁོར་དང་ཆོ་ག་ཞིབ་མོ་ཐམས་ཅད་དུ་སྲུང་བར་བྱེད་པ་འཆོས་པར་བྱེད་པ། དམ་ཚིག་འཛིན་པ་གནས་ཐམས་ཅད་ལ་རྗེས་སུ་སྐྱོང་བ་སྟེ། དེ་ནི་སྒྲུབ་པར་བྱེད་པ། སྒྲུབ་པ་འགྲུབ་པར་བྱེད་པའི་མཆོག་དེ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཆེན་པོའི་སླད་དུ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བྱིན་གྱིས་བརླབ་ཅིང་རྗེས་སུ་གནང་བ་མཛོད་ཅིག་དང་། རིག་སྔགས་འཆང་ཐམས་ཅད་མཆོག་ཏུ་འགྲུབ་པའི་སྙིང་པོ་དག་སེམས་ཅན་ཐམས་


DKG092_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་རྗེས་སུ་སྩལ་བར་བགྱིའོ། །དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྱན་རས་གཟིགས་དབང་ཕྱུག་ཕྱག་རྒྱ་ཆེན་པོས་ཕྱག་རྒྱས་བཏབ་སྟེ། ངས་ཀྱང་བྱིན་གྱིས་བརླབས་སོ། །སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཕྱག་རྒྱས་བཏབ་ཅིང་བྱིན་གྱིས་བརླབས་ཀྱིས་སྨྲོས་ཤིག །སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་འཆང་ཐམས་ཅད་གསང་བ་པ་ལག་ན་རྡོ་རྗེ་དང་། རྡོ་རྗེ་འཆང་བ་དང་། རྡོ་རྗེའི་སྙིང་པོ་ཐམས་ཅད་དམ་ཚིག་ལ་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་སྨྲོས་ཤིག །སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་འཆང་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པའི་གོ་སྐབས་དང་། མཆོག་གྲུབ་པར་བྱོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཀྱིས་བཀས་བསྒོ་ཞིང་དབུགས་ཕྱུང་བ་ཐོས་ནས་སྙིང་དགའ། སྨིན་མ་བསྐུམས། དཔྲལ་བ་ཕྱེད་ཁྲོས་པར་བྱས། གདོང་ཁྲོ་གཉེར་དུ་བྱས། མཆེ་བ་ནི་གཙིགས། སྤྱན་རས་གཟིགས་ཀྱི་ལུས་འཁོར་མང་པོའི་ནང་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་དོན་ཡོད་པའི་ཞགས་པ་ཁྲོ་བོའི་རྒྱལ་པོ་འདི་སྨྲས་པ། དུས་གསུམ་ན་བཞུགས་པའི་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་རྡོ་རྗེ་འཆང་བ་དང་། དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་ལ་ཕྱག་འཚལ་ལོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རང་སངས་རྒྱས་


DKG092_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ཤ་ར་དྭ་ཏིའི་བུ་བློ་གྲོས་ཅན་ལ་ཕྱག་འཚལ་ལོ། །དྲང་སྲོང་ཆེན་པོའི་ཚོགས་ལ་ཕྱག་འཚལ་ལོ། །རྒྱལ་ཚབ་ཏུ་དབང་བསྐུར་བ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཁམས་གསུམ་པའི་བདག་པོ་ནག་པོ་ཆེན་པོ་མ་མོའི་ཚོགས་ཀྱིས་བསྐོར་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་ཚོགས་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོྃ་བི་ཀྲྀ་ཏ། བ་ད་ན། མ་ཧཱ་ཀྲོ་དྷ་རཱ་ཛཱ་བྷ་ཡཾ་ཀ་ར། མ་ཧཱ་དཾཥྚ། ཨཊྚཊྚ་ཧཱ་ས། ཛྭ་ལ་ཛྭ་ལ་མ་ཧཱ་ཛྭ་ལ། མཱ་ལ་མ་ཧ་རཽ་དྲ། རཱུ་པ་བྷ་ཡཾ་ཀ་རན། ཧ་ན་ཧ་ན། སརྦ་དུཥྚ། ཡཀྵ། རཱཀྵ་སཱ་ན། ད་ཧ་ད་ཧ། སརྦ་དུཥྚ། ནཱ་གཱ་ནཱ་ན། པ་ཙ་པ་ཙ། སརྦ་དུཥྚ།བིགྷྣཾ་བི་ནཱ་ཡ་ཀཱ་ན། པཱ་ཏ་ཡ། པཱ་ཏ་ཡ། སརྦ་དུཥྚ་ས་ཏྭཱ་ནཱཾ། བྷོ་བྷོ་མ་ཧཱ་ཀྲོ་དྷ་རཱ་ཛ། མ་ཎི་ཀ་ན་ཀ། བཛྲ། བཻ་ཌཱུརྱ། ཨ་ལང་ཀྲྀ་ཏི། ཤ་རཱི་རཱ་ན། བཛྲ་པ་ར་ཤུ་པཱ་ཤ་ཧ་སྟཱ་ཡ། མ་ཧཱ་པདྨ་ཨང་ཀུ་ཤ །བྷུ་ཛཱ་ཡ། མ་ཧཱ་པདྨ་ཨཱ་ས་ནཱ་ཡ། མ་ཧཱ་པདྨ་བི་ཀ་ཙ་གབྷཱ་ཡ། ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ། བ་ལ་པ་རཱ་ཀྲ་མཱ་ཡ། ས་ཧ་སྲ། བིརྱཱ་ཡ། སརྦ་བྷཱུ་ཏ། བྷ་ཡཾ་ཀ་རཱ་ཡ། སརྦ་དེ་བ་བྷ་བ་ན། ཀཱ་མ་པ་ཨུཏ་བྷ་བཱ་ཡ། མ་ཧཱ་བི་ཀྲྀ་ཏ། བ་ད་ནཱ་ཡ། ནཱ་ར་སིང་ཧ་མུ་ཁཱ་ཡ། དྷ་ར་དྷ་ར། བཛྲ་ཛྭ་ལ། དྷུ་རུ་དྷུ་རུ། མ་ཧཱ་ཙཎྜ། བེ་ག་དྷ་ར། ཙ་ར་ཙ་ར། ཙ་ཙ་ར། ནི་ཤ་ཙི་ར། ཨཱི་ཤྭ་ར། བྷྲྀ་ཀུ་ཊཱི་མུ་ཁ། ཧཱུཾ་ཧཱུཾ་


DKG092_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ས་ར་ས་ར། པྲ་ས་པྲ་ར། སརྦ་པཱ་པ། ཀིལྦི་ཥ་ཧ་ར། མ་ཧཱ་མ་ཎི། ཏེ་ཛ་དྷ་ར། པདྨ་ཧ་སྟ། ཨོྃ་པདྨ་ཨང་ཀུ་ཤ་བྷུ་ཛེ། ཏ་རཱ་ཡ། མནྟྲ་མ་ཡ། བི་གྷཱཾ། ཤཱ་ས་ཡ། དུཥྚཱ་ན་ནཱ་ཤ་ཡ། སརྦ་པཱ་པཱ་བ་ར་ཎ་ཧཱུྃ་ཕཊ་སྭཱ་ཧཱ། པཱ་ཤ་ཧ་སྟཱ་ཡ་སྭཱ་ཧཱ། པདྨ་དྷ་རཱ་ཡ་སྭཱ་ཧཱ། ས་མཱ་ཤྭཱ་ས་ཀཱ་ཡ་སྭཱ་ཧཱ། ཨ་མོ་གྷ་བ་ར་དྷ་རཱ་ཡ་སྭཱ་ཧཱ། ཀྲོ་དྷ་རཱ་ཛ་བྷ་ཡཾ་ཀ་རཱ་ཡ་སྭཱ་ཧཱ། བྲཧྨ་བེ་ཥ་དྷ་རཱ་ཡ་སྭཱ་ཧཱ། ཏྲཻ་ལོ་ཀྱ་པཱུ་ཛི་ཏཱ་ཡ་སྭཱ་ཧཱ། ཡ་མ། བ་རུ་ཎ། ཀུ་བེ་ར། ན་མཿ ཀྲྀ་ཏྭ་ཡ་སྭཱ་ཧཱ། བཛྲ་དྷ་ར་པཱུ་ཛི་ཏཱ་ཡ་སྭཱ་ཧཱ། མ་ཧཱ་ཀཱ་ལ་མ་ཏྲྀ་ག་ཎ། བན་དི་ཏ། པཱུ་ཛི་ཏཱ་ཡ་སྭཱ་ཧཱ། དེ་བ་ག་ཎ། བན་དྷི་ཏྭ་ཡ་སྭཱ་ཧཱ། ནཱ་ག་ཨཱ་ཀརྵཱ་ཡ་སྭཱ་ཧཱ། ཨོྃ་བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། སརྦ་མཎྜ་ལ་ཨ་དྷིཥྛི་ཏ་ས་མ་ཡ་སྭཱ་ཧཱ། སརྦ་མུ་དྲཱ་ཨ་དྷི་ཥྛི་ཏ་མུ་དྲཱ་ཡཻ་སྭཱ་ཧཱ། ཨོྃ་ཨ་མོ་གྷ་བ་ར་དེ། མ་ཧཱ་དཾཥྚྲཱ། ཨཾ་ཀུ་ཤ་བཛྲེ་ཧཱུྃ། མ་ཧཱ་པདྨ། ཨཱ་ཤྭ་ས་དྷ་ར་ན་མོ་སྟུ་ཏེ་ཨ་མོ་གྷ་ཨཾ་ཀུ་ཤ་ཧཱུྃ་ཕཊ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་ཆེན་པོའི་གཟུངས་འདི་སྨྲས་པ་དང་། ལྷའི་གནས་དང་བཅས་པ་དང་། རི་རབ་དང་བཅས་པའི་རྒྱ་མཚོ་གནས་དང་བཅས་པ་དང་། གཞལ་མེད་ཁང་རྣམས་ཀུན་ཏུ་འགུལ་ལོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ། །མ་རུངས་པའི་ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ཐམས་ཅད་དང་། བདུད་ལ་སོགས་པ་དང་། ལོག་འདྲེན་མ་རུངས་པ་དང་། གདོན་མ་རུངས་པ་རྣམས་ཁ་བུབ་ཏུ་འགྱེལ་ལོ། །མ་རུངས་པ་ཐམས་ཅད་ཀྱི་ཁྱིམ་ཀུན་དུ་ཚིག་སྟེ་འབར་བ། ཀུན་དུ་འབར། རབ་ཏུ་འབར། འབར་བ་གཅིག་ཏུ་གྱུར་ཅིང་བསྲེགས་པ་དང་། ངུ་ཞིང་འགྲེ་ལྡོག་སྟེ། ཚོར་བ་དྲག་པོ་མི་བཟད་པ་ཆེན་པོ་མྱོང་ངོ་། །ལྷ་ཐམས་ཅད་ཤིན་ཏུ་འཁྲུགས་ཤིང་སྐྲག་གོ། །བདུད་ཀྱི་རིགས་རྣམས་བྲེད་ནས་ཁས་བཏགས་སོ། །འཇིག་


DKG092_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསུམ་གྱི་བདག་པོ་ཐམས་ཅད་ཀུན་དུ་འཁྲུགས་སོ། །རྒྱ་མཚོར་གནས་པའི་ཀླུ་དང་། རྒྱ་མཚོའི་ཀླུ་ཆེན་པོ་དགའ་བོ་དང་། བསྙེན་དགའ་བོ་དག་ཀྱང་ཀུན་དུ་འཁྲུགས་ཤིང་ཤིན་ཏུ་སྐྲག་སྟེ་སྙིང་འདར་རོ། །གཞན་ཡང་སའི་སྟེང་ན་ཀླུ་སྟོང་ཕྲག་བརྒྱ་གནས་པ་དང་། རྒྱ་མཚོའི་ཆུའི་ནང་གི་ཀླུ་གང་དག་དང་། རིལ་གནས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀུན་དུ་འཁྲུགས་སྐྲག་ཅིང་གཅིག་ཏུ་འབར་བར་གྱུར་ཅིང་གདུངས་སོ། །རྒྱལ་པོ་ཆེན་པོ་བཞི་རྣམས་གནས་ན་འདུག་ན་ཡང་སྐྲག་གོ། །ནག་པོ་ཆེན་པོ་དང་། ཚོགས་ཆེན་པོའི་གཙོ་བོ་དང་། མ་མོའི་ཚོགས་ཀྱིས་བསྐོར་བ་དེ་དག་ཐམས་ཅད་སྐྲག་ཅིང་སྙིང་འདར་རོ། །གནས་ལ་བརྟེན་པའི་བདུད་ཀྱི་གནས་རྣམས་འདར་རོ། །འབར་ཀུན་དུ་འབར་ཏེ་གནས་དང་བཅས་པར་སྲེག་གོ། །དེ་ནས་འཁོར་དེའི་ནང་གི་ལྷ་དང་། ཀླུ་རྣམས་བཅོམ་ལྡན་འདས་ཀྱི་སྟེང་རོལ་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་མེ་ཏོག་སྣ་ཚོགས་འཐོར་རོ། །ལྷ་རྫས་ཀྱི་རྒྱན་སྤུད་པ་སྣ་ཚོགས་དང་། ཆོས་གོས་ཀྱི་ཆར་བ་འབེབས་སོ། །མཆོད་པའི་ལས་བྱེད་ཅིང་ཙནྡན་གྱི་ཆུའི་ཆར་པས་ས་ལ་ཆག་ཆག་འདེབས་སོ། །ལྷ་རྫས་ཀྱི་གསེར་དང་། དངུལ་གྱི་མེ་ཏོག་དང་། རིན་པོ་ཆེ་སྣ་བདུན་རྣམ་པ་སྣ་ཚོགས་ཀྱི་ཆར་པས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་དོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་ལུས་འབར་ཞིང་རྡོ་རྗེ་གསོར་ཏེ། ཤིན་ཏུ་འགྱིང་བག་ཏུ་སེང་གེའི་འགྲོས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ག་ལ་བ་དེ་ལོགས་སུ་སོང་སྟེ་ཉེ་བར་ཕྱིན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་གི་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཕྲེང་བ་བཅོམ་ལྡན་འདས་ཕྱག་ན་པདྨ་ལ་


DKG092_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ཏེ། ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་གི་ཕྲེང་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་འདི་དབུལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ལ་ཐུགས་བརྩེ་བའི་སླད་དུ་ཐུགས་རྗེ་ཆེན་པོ་བཞེས་སུ་གསོལ། གང་གིས་བདག་ཡུན་རིང་པོར་ཕན་པ་དང་། བདེ་བར་འགྱུར་ལགས་སོ། །ཁྲོ་བོ་ཆེན་པོའི་ཡང་ཆེན་པོ་བཤད་ཅིང་གང་དྲན་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ། །གང་དག་བདུད་མ་རུངས་པ་དང་། གང་དག་ཀླུ་མ་རུངས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་མ་རུངས་པ་དང་། ལོག་འདྲེན་མ་རུངས་པ་རྣམས་ཁྱིམ་དང་བཅས་ཏེ། ལུས་ཀུན་དུ་ཚིག་ཅིང་རབ་ཏུ་འབར་ནས་ཁ་བུབ་ཏུ་འགྱེལ་ཅིང་སྲེག་གོ། །ཤི་ལ་ཐུག་པ་དང་སྲོག་སྐམས་པར་འགྱུར་བའི་དོན་ཡོད་པའི་ལྕགས་ཀྱུ་ཁྲོ་བོའི་རྒྱལ་པོ་ནི་དུས་ཐམས་ཅད་དུ་མགོའི་སྤྱི་བོར་བླང་བར་བགྱིའོ། །བཅང་ངོ་། །བསྒོམ་མོ། །མཆོད་དོ། །རྒྱས་པར་བགྱིའོ། །རིག་སྔགས་འཆང་གང་གི་ལག་ན་ཁྲོ་བོའི་རྒྱལ་པོ་འཆང་བར་འགྱུར་བ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཀྱི་ལག་ན་ཐོགས་པའམ། ལུས་ལ་ཐོགས་པའམ། ལྟ་བའམ། དྲི་བའམ། ཐ་ན་ཁྲོ་བོའི་རྒྱལ་པོ་ཉན་པ་ཙམ་དེ་ཡང་བཅོམ་ལྡན་འདས་བདག་གིས་ཁུར་དུ་བཀུར་བར་བགྱིའོ། །སྤྱི་བོས་བླང་བར་བགྱིའོ། །བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །བསམ་པ་དང་། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །གྲུབ་པ་ཆེན་པོའི་ཆེན་པོ་རྗེས་སུ་སྩལ་བར་བགྱིའོ། །གནོད་སྦྱིན་དང་། སྲིན་པོ་དང་། བགེགས་དང་། ལོག་འདྲེན་མ་རུངས་པ་ཐམས་ཅད་སོ་སོར་བསལ་བར་བགྱིའོ། །


DKG092_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་རྗེས་སུ་འབྲང་ཞིང་བསྲུང་བ་དང་། བསྐྱབ་པ་དང་། སྤྲ་བར་བགྱིའོ། །རྟག་ཏུ་དུས་ཐམས་ཅད་དུ་མཐོང་བ་རྗེས་སུ་སྩལ་བར་བགྱིའོ། །རྟག་ཏུ་རྒྱུན་མི་འཆད་པར་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་ཅིང་ཕུན་སུམ་ཚོགས་པར་ཡོངས་སུ་བསྐྱང་བར་བགྱིའོ། །ལུས་ལ་སྟོབས་དང་། བརྩོན་འགྲུས་དང་། གཟི་བརྗིད་བསྐྱེད་ཅིང་བསོད་ནམས་དང་། ཡེ་ཤེས་ཀྱི་གྲོགས་བགྱིའོ། །དགྲ་ཐམས་ཅད་སོ་སོར་བསལ་བར་བགྱིའོ། །ནོར་དང་། འབྲུ་དང་། བཟའ་བ་དང་། བཏུང་བ་དང་། གོས་དང་། སྤུད་པ་དང་། རྒྱན་རྗེས་སུ་སྩལ་བར་བགྱིའོ། །བུ་གཅིག་པ་འདྲ་བར་རྗེས་སུ་བསྐྱང་བར་བགྱིའོ། །དད་པ་དང་། གུས་པས་དུས་ཀུན་དུ་མཆོག་ཏུ་མོས་པར་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་ཁྱོད་ཀྱིས་ཁས་བླངས་པ་མཆོག་ཏུ་བཟང་པོ་བྱས་པ་འདི་ལེགས་སོ་ལེགས་སོ་ཞེས་སྨྲས་ཏེ། ལག་པ་གཡས་པ་བརྐྱང་ནས་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་གི་ཕྲེང་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་བླངས་ཏེ། ལག་ན་རྡོ་རྗེ་ལ་རྗེས་སུ་བརྩེ་བའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་ལོངས་སྤྱད་པའི་ཕྱིར་དང་། དཀྱིལ་འཁོར་ན་གནས་པའི་ལྷ་ཐམས་ཅད་ཀྱིས་ཡོངས་སུ་ལོངས་སྤྱད་པའི་ཕྱིར་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་དཀྱིལ་འཁོར་གང་ཡིན་པ་འདིར་འདུག་ཅིང་དམ་ཚིག་ལ་གནས་པ་རྣམས་ཡོངས་སུ་ལོངས་སྤྱད་པའི་ཕྱིར་ཇི་ལྟ་བ་བཞིན་དུ་འདུག་སྟེ། དེ་བཞིན་གཤེགས་པའི་དབུའི་གོང་དུ་གཏོར་རོ། །དེ་ནས་ཕྲེང་བ་དེ་ནམ་མཁའ་དེ་ལ་གཏོར་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་


DKG092_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་དབུའི་སྟེང་དུ་ཟླ་བ་ཡིད་དུ་འོང་བ། དྲི་མ་མེད་པའི་མེ་ཏོག་དེ་ཁང་བུ་བརྩེགས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། འོད་འཚེར་བ། ཀ་བ་བཞི་དང་། སྒོ་བཞི་ལེགས་པར་རྣམ་པར་འབྱེས་པ། གྲུ་བཞི་ལྷམ་པ། ཆུ་ཞེང་ཤིན་ཏུ་རྒྱ་ཆེ་བ། ཤིན་ཏུ་ནང་ཡངས་པ། མེ་ཏོག་ཀ་ད་ལྱ་དག་གིས་མཛེས་པ། གཞལ་མེད་ཁང་སྣ་ཚོགས་ཡོངས་སུ་གྱུར་ཏེ་གནས་སོ། །དེ་དག་བྱང་ཆུབ་སེམས་དཔའི་དབུའི་སྟེང་ཐད་ཀར་ཡང་དེ་བཞིན་དུ་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཁང་བུ་བརྩེགས་པའི་གཞལ་མེད་ཁང་དུ་ཤིན་ཏུ་གནས་སོ། །དེའི་ལག་ན་རྡོ་རྗེའི་དབུའི་སྟེང་གི་ཐད་ཀར་ཡང་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་ཁང་བུ་བརྩེགས་པར་ཤིན་ཏུ་གནས་སོ། །དེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟེང་ཐོག་ཐག་ཏུ་ཡང་ཟླ་བ་ཡིད་དུ་འོང་བའི་དྲི་མ་མེད་པའི་མེ་ཏོག་ཁང་བུ་བརྩེགས་པ་ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་ཚོགས་ཀྱིས་སྤྲས་པ་མེ་ཏོག་ཀ་ད་ལྱས་མཛེས་པར་བྱས་ཏེ་གནས་སོ། །ཁང་བུ་བརྩེགས་པའི་ཉེ་འཁོར་ཀུན་གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། དགའ་བོ་དང་། ཉེ་དགའ་བོ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་ལྷའི་བུ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་ལག་ན་རྔ་ཡབ་ཐོགས་ནས་གཡོབ་ཅིང་འདུག་གོ། །དེ་དག་ཀྱང་འཁོར་འདུས་པ་ཆེན་པོ་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བྱས་སོ། །དཀྱིལ་འཁོར་གྱི་རིག་པའི་རྒྱལ་པོའི་ལྷ་དེ་དག་ཐམས་ཅད་ཀྱང་ནམ་མཁའ་ལ་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་ཁང་བུ་བརྩེགས་པའི་ཕྲེང་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཁང་བུ་བརྩེགས་པའི་ནང་ན་འཁོད་པ་ནི་ཉི་མ་དང་ཟླ་བ་སྤ་བ་བཞིན་དང་། ནམ་མཁའ་ལ་ཟླ་བ་ཉ་བ་ནི་རྒྱུ་སྐར་དང་། སྐར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་སྤ་བ་བཞིན་དུ་སྤ་བར་གནས་སོ། །མེ་ཏོག་དེ་དག་གི་ནང་ན་ལྷ་རྫས་ཀྱི་ཟླ་བ་ཡིད་དུ་འོང་བ་དྲི་མ་


DKG092_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་མེ་ཏོག་སྣ་ཚོགས་དང་། ལྷ་རྫས་ཀྱི་པདྨ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་དང་། མན་དཱ་ར་བ་དང་། མ་ཧཱ་མན་དཱ་ར་བ་དང་། མེ་ཏོག་རོ་ཙ་དང་། མ་ཧཱ་རོ་ཙ་དང་། མེ་ཏོག་ས་ལ་དང་། ཏཱ་ལ་ཀ་དང་། མེ་ཏོག་ཏ་མ་ལ་དང་། ཙམ་པ་ཀ་དང་། མེ་ཏོག་ཨ་དྷི་མུ་ཀ་ཏ་དང་། མེ་ཏོག་ཨ་ཤོ་ཀ་དང་། མེ་ཏོག་པ་ཏ་ལ་དང་། མེ་ཏོག་ནཱི་ལ་དང་། མ་ཧཱ་ནཱི་ལ་དང་། མེ་ཏོག་གན་དྷ་བརྵ་ཀ་དང་། མེ་ཏོག་སུ་མན་དང་། ཏ་ར་ཎ་དང་། ཀུ་ཨ་ཀའི་མེ་ཏོག་གི་ཆར་གྱི་རྒྱུན་ཕབ་བོ། །བཅོམ་ལྡན་འདས་ལ་མཆོད་པ་དང་། དཀྱིལ་འཁོར་ཆེན་པོ་ལ་མཆོད་པའི་ཕྱིར་དང་། ལྷ་རྫས་ཀྱི་ཆོས་གོས་སྤུད་པ་དང་རྒྱན་སྣ་ཚོགས་ཀྱི་ཆར་ཇི་སྲིད་དུ་ཆར་འབབ་ཅིང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་དོ། །དེ་ལྟར་ན་ཆོ་འཕྲུལ་ཆེ་བའི་ཆེ་བ་དག་སྣང་ངོ་། །རོལ་མོའི་སྒྲ་ཡན་ལག་ལྔ་པ་དག་ཀྱང་མ་བརྡུངས་པར་ནམ་མཁའ་ལ་སྒྲ་འབྱུང་ངོ་།། །།འཕགས་པ་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་ཉི་ཤུ་བཞི་པ། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སེམས་ཅན་དག་པ་ཆེན་པོ་མཆོག་ཏུ་དཀོན་པའི་ཁྲོ་བོའི་རྒྱལ་པོ་འདི་སྨྲས་ཏེ། རིག་སྔགས་འཆང་ཐམས་ཅད་མཆོག་ཏུ་གྲུབ་པར་བྱ་བའི་ཕྱིར་མ་རུངས་པ་ཐམས་ཅད་འཇོམས་པ། སྡིག་པ་ཐམས་ཅད་སྲེག་པ་བཤད་པ་ལེགས་སོ་ལེགས་སོ། །འདི་ནི་ཕྱི་མའི་དུས་ན་རིག་སྔགས་འཆང་བ་རྣམས་ཀྱིས་ལན་ཅིག་དྲན་པ་ཙམ་གྱིས་དགོས་པ་ཐམས་ཅད་བྱེད་པར་འགྱུར། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བ་སྦྱིན་པར་འགྱུར། གནས་ཐམས་ཅད་གཏོགས་པའི་གྲུབ་པ་ཆེན་པོ་རབ་ཏུ་སྟོན་པར་འགྱུར།


DKG092_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་འཆང་བ་རྣམས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་ཆེན་པོ་ཐམས་ཅད་བྱེད་པར་འགྱུར། ཕྱི་མའི་ཚེ་ཕྱི་མའི་དུས་ན་འདི་ནི་འཇིག་རྟེན་ལས་འདས་པ་གཅིག་པོ་མཆོག་འགྲུབ་པར་འགྱུར་ཏེ། ལས་གྲུབ་པ་ཡང་དག་པར་གྲུབ་པའི་ཕྱིར་རོ། །དེ་ནས་ཁྲོས་པའི་གད་རྒྱངས་སྤྱི་གཙུག་འབར་བ་ཞེས་བྱ་བའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནོད་སྦྱིན་ཆེན་པོ་སྟོང་ཕྲག་བརྒྱའི་བདག་པོ་སྟོབས་ཆེ་བ། དཔུང་ཆེ་བ་བརྟན་ཞིང་ཕ་རོལ་གནོན་པ་ཆེན་པོ་གང་གིས་ལག་མཐིལ་གཅིག་གིས་རིའི་རྒྱལ་པོ་ལྷུན་པོ་ཆེན་པོ་འགུལ་བར་བྱེད་པ་ལྷའི་གནས་གཞལ་མེད་ཁང་དང་བཅས་ཏེ། རྒྱ་མཚོ་ཆེན་པོ་ན་གནས་ཏེ། འཁོར་བྱེ་བ་ཕལ་པོ་ཆེ་དང་ལྡན་པ། དྲག་པོ་གཟི་བརྗིད་དྲག་པོ་སྟོབས་ཆེ་བ། ཕ་རོལ་གྱི་དཔུང་འཇོམས་པར་བྱེད་པ་དེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཉེ་བར་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུ་བ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྲོ་བོའི་རྒྱལ་པོ་ཆེན་པོའི་གཟུངས་རིག་སྔགས་ཀྱི་རྒྱལ་པོ་ཤིན་ཏུ་མི་བཟད་པའི་གསང་སྔགས་བཤད་པས་ནི་བཅོམ་ལྡན་འདས་གཞལ་མེད་ཁང་དང་བཅས་པ་བསྲེགས་སོ། །གནོད་སྦྱིན་དུ་མ་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་འཁོར་དང་བཅས་པ་འབར་བ་གཅིག་ཏུ་གྱུར་ཏེ་བསྲེགས་སོ། །བཅོམ་ལྡན་འདས་བདག་ནི་ཞིགས་ཏེ་ཚིག་ཅིང་ཞུ་བར་གྱུར་ཏོ། །བཅོམ་ལྡན་འདས་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། བདག་ལ་སྐྱོབ་པ་སུ་ལགས། དཔུང་གཉེན་དུ་འགྱུར་བ་སུ་ལགས། བཅོམ་ལྡན་འདས་བདག་ནི་སྲོག་རྣམ་པར་ཞིག་གོ། །དུས་ཀྱི་ཞགས་པས་བཅིངས་སོ། །བཅོམ་ལྡན་འདས་བདག་ལ་ཕན་གདགས་སུ་གསོལ། བདེ་བར་གཤེགས་པ་


DKG092_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བསྐྱབ་ཏུ་གསོལ། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཁྲོས་པའི་གད་རྒྱངས་སྤྱི་གཙུག་འབར་བ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཁྱོད་མ་འཇིགས་པར་ཁྲོ་པོའི་རྒྱལ་པོ་ལྕགས་ཀྱུའི་དཀྱིལ་འཁོར་གྱི་རྗེས་སུ་སོང་ཤིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སྐྱབས་སུ་ཉེ་བར་སོང་ཤིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདི་ནི་ཁྱོད་ཀྱི་སྐྱབས་དང་། དཔུང་གཉེན་དང་། སྐྱོབ་པ་དང་།རྟེན་དུ་འགྱུར་ཏེ། གང་གིས་འཁོར་གྱི་ཚོགས་དང་བཅས་པའི་གནོད་སྦྱིན་སྟོང་ཕྲག་བརྒྱའི་སྲོག་དང་བྲལ་བར་མི་འགྱུར་བ་ཡིན་ནོ། །ཀྱེ་གནོད་སྦྱིན་ཆེན་པོ་མྱུར་བ་མྱུར་བར་སོང་སྟེ་སྐྱབས་སུ་འགྲོ་བར་བྱོས་ཤིག །དེ་ནས་ཁྲོས་པའི་གད་རྒྱངས་གཙུག་ཕུད་འབར་བའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅོམ་ལྡན་འདས་ཀྱིས་དབུགས་ཕྱུང་བ་རྟོགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ག་ལ་བ་དེ་ལོགས་སུ་སོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ངུ་ཞིང་བརྒྱལ་ནས་ལག་པ་བརྐྱང་སྟེ་ཞབས་ལ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བསྐྱབ་ཏུ་གསོལ། ཐུགས་རྗེ་ཆེན་པོ་བདག་བསྐྱབ་ཏུ་གསོལ། བདག་ལ་སྲོག་སྩལ་བར་མཛད་དུ་གསོལ། བཅོམ་ལྡན་འདས་བདག་ནི་བསྲེགས་ཤིང་གཅིག་ཏུ་འབར་བར་གྱུར་ཏོ། །བཅོམ་ལྡན་འདས་གནོད་སྦྱིན་དུ་མ་སྟོང་ཕྲག་བརྒྱ་བྱེ་བ་འཁོར་དང་བཅས་པ་སྲོག་དང་འབྲལ་བར་འགྱུར་རོ། །ཤེས་པ་ནི་སྟོར། སྟོབས་དང་བརྩོན་འགྲུས་སྤྲོ་བར་བྱེད་པ་ནི་ཉམས་ན། བཅོམ་ལྡན་འདས་བདག་གི་ལུས་སུ་ཞིག་གསོ་བར་བགྱིད། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྲོས་


DKG092_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གད་རྒྱངས་སྤྱི་གཙུག་འབར་བའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉོན་ཅིག །ང་ཇི་སྲིད་སྟོན་གྱི་བར་དུ་ཡུད་ཙམ་ཞིག་སྡོད་ཅིག །གནོད་སྦྱིན་གྱི་བདག་པོ་ཁྱོད་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་མང་པོ་ལ་རྣམ་པར་གཙེ་བར་བྱས། ཁྱོད་ཀྱིས་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་མང་པོ་ནི་ཟོས་ན་ཁྱོད་ཀྱིས་འཕགས་པའི་སྤྱན་མང་པོ་ནི་ཉམས་པར་བྱས། ཁྱོད་ཀྱིས་རིག་སྔགས་དང་། དཀྱིལ་འཁོར་དང་། ཆོ་ག་ཞིབ་མོ་མང་པོའི་བར་ཆད་ནི་བྱས། གྲུབ་པ་རྣམས་ནི་མེད་པར་བྱས། མ་གྲུབ་པ་རྣམས་ཀྱང་མེད་པར་བྱས། སྐལ་བ་ཅན་མང་པོ་ནི་མེད་པར་བྱས།སྐལ་བ་མེད་པ་ནི་ཡོད་པར་བྱས། མི་འཚེ་བ་དང་། སྲོག་དང་ལོངས་སྤྱོད་ཀྱི་བདེ་བ་ནི་མེད་པར་བྱས། འཚེ་བ་དང་སྲོག་རྣམ་པར་འཇིག་པ་ནི་འཕེལ་བར་བྱས། ཁྱོད་ཀྱིས་ལེགས་པར་བཤད་པ་ནི་ཡོངས་སུ་བོར། ཁྱོད་ཀྱིས་ཉེས་པར་བཤད་པ་དང་། སེར་སྣ་ནི་མང་དུ་བྱས། རིག་སྔགས་འཆང་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ལ་ཁྱོད་ནག་པོ་དང་། རྣམ་པར་འཇིག་པར་རབ་ཏུ་གནས། ཁྱོད་ཀྱིས་ངན་སེམས་ཐམས་ཅད་ནི་སྤེལ། ཁྱོད་ཀྱིས་དགེ་བའི་རྩ་བ་རྣམས་ནི་ནུབ་པར་བྱས། ལྷ་དང་བཅས་པའི་འཇིག་རྟེན་ན་ཁྱོད་ཤིན་ཏུ་མི་བཟད་པ་སྡིག་པ་ཅན་ཡིན། གཤིན་རྗེའི་འཇིག་རྟེན་གྱི་གནས་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས་པའི་ནང་ན་ཁྱོད་གཅིག་པུ་ངན་སེམས་ཅན་བར་ཆད་བྱེད་པར་སྐྱེས་པ་ཡིན་ཏེ། རྒྱུ་དེས་ན་གནས་སྐབས་འདི་འདྲ་བ་ཐོབ་པ་ཡིན་པས་ཀྱེ་གནོད་སྦྱིན་གྱི་བདག་པོ་དམ་ཚིག་དང་། བསླབ་པ་དང་། སྡོམ་པ་ཁས་བླང་བ་དང་། དགེ་བའི་ཆོས་བྱོས་ཤིག །འོན་ཀྱང་ཁོ་བོ་ཁྱོད་ཀྱི་སྐྱབས་དང་། དཔུང་གཉེན་དུ་འགྱུར་བར་བྱའོ། །ཁྱོད་སྡུག་བསྔལ་བས་ཉམ་ཐག་པ་དང་། བཅིངས་པ་མི་བཟད་པ་དང་། མེ་འབར་བ་མི་བཟད་པའི་འཇིགས་


DKG092_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ངས་ཡོངས་སུ་ཐར་བར་བྱའོ། །མཐོ་རིས་ཀྱི་ལམ་དུ་འཇུག་པར་བྱའོ། །དེ་ནས་ཁྲོས་པའི་གད་རྒྱངས་སྤྱི་གཙུག་འབར་བ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཁོར་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་གཉིས་ལ་བཏུད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེང་སླན་ཆད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁྱོད་ཀྱི་བཀའ་ལུང་བཞིན་བགྱིས་ཏེ་དམ་ཚིག་ལ་གནས་པར་བགྱིའོ། །ཆོས་ཀྱི་རྗེས་སུ་སེམས་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིས་པ་ལ་གནས་པར་བགྱིའོ། །ཁྲོ་བོའི་རྒྱལ་པོ་འདི་དང་། རིག་སྔགས་ཀྱི་རྒྱལ་པོ་ལྕགས་ཀྱུའི་གཟུངས་དང་། ཆོ་ག་ཞིབ་མོ་དང་། གང་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཡོངས་སུ་བསྐྱང་བར་བགྱིའོ། །དོན་ཡོད་པའི་ལྕགས་ཀྱུའི་གཟུངས་རིག་སྔགས་ཀྱི་རྒྱལ་པོ་འདི་འཆང་བ་དང་། ཀློག་པ་དང་། འདོན་པ་དང་། བཟླས་བརྗོད་ཀྱི་ཆོ་ག་ཀུན་སྤྱོད་པ་དེ་ལ་ནི་བདག་གནོད་སྦྱིན་བརྒྱ་སྟོང་དུ་མ་རྣམས་ཀྱིས་འོག་དང་། བླ་དང་། ཕྱོགས་བཞི་ཀུན་དུ་བསོད་ནམས་སུ་དམིགས་ཏེ། བསྲུང་བ་དང་། སྦ་བ་དང་། བསྐྱབ་པར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །ལུས་ལ་སྟོབས་དང་། སྤྲོ་བ་དང་། གཟི་བྱིན་མང་དུ་བསྐྱེད་པར་བགྱིའོ། །དེའི་ཡུལ་ཕྱོགས་སུ་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་དང་། མ་ལེགས་པ་དང་། ལོ་ཉེས་དང་། མི་ངས་དང་། རིམས་དང་། གནོད་པ་དང་། འཁྲུག་པ་དང་། ཉམ་ཐག་པར་བྱེད་པའི་གདོན་དང་བཅས་པ་དང་། ནད་དང་། གཅོང་དང་། ཉོན་མོངས་པ་དང་། སྒྲིབ་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །རབ་ཏུ་


DKG092_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བར་བགྱིའོ། །རྐུན་པོ་དང་། ཟོལ་པོ་དང་། མི་རྒོད་དང་། གཅན་གཟན་ཁྲོ་བོའི་འཇིགས་པ་རྣམས་བསལ་བར་བགྱིའོ། །དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་སོ་སོར་བཟློག་པར་བགྱིའོ། །རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། བཀྲ་མི་ཤིས་པ་བྱུང་བ་ཐམས་ཅད་སོ་སོར་བཟློག་པར་བགྱིའོ། །ཆར་ཆེས་པ་དང་། ཆར་མི་འབབ་པ་དང་། དུས་མ་ཡིན་པའི་ཆར་དང་། སད་དང་། ཐན་པ་དང་། བྱི་བའི་འཇིགས་པ་རྣམས་སོ་སོར་བསལ་བར་བགྱིའོ། །དབེན་པ་དང་། ཉམས་དགའ་བ་དང་། ལོ་ལེགས་པ་དང་། འབྱོར་པ་སྦྱར་བར་བགྱིའོ། །སེམས་ཅན་མི་དགེ་བ་སྤྱོད་པ་ལས་བཟློག་པར་བགྱིའོ། །དགེ་བ་ལ་སྦྱོར་བར་བགྱིའོ། །སེམས་ཅན་དགེ་བ་སྤྱོད་པ་རྣམས་ཀྱི་གྲོགས་བདག་འཁོར་དང་བཅས་པས་བགྱིའོ། །ཡང་དག་པར་དད་པས་རྗེས་སུ་འབྲང་བར་བསྒྲུབ་པར་བགྱིའོ། །བུད་མེད་དང་།སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སེམས་ཅན་ཐམས་ཅད་བུ་གཅིག་པ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །ཆོས་ལ་ཞུགས་པའི་ཡིད་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པས་གནས་པར་བགྱིའོ། །ཐམས་ཅད་དུ་བདག་མཆི་བར་བགྱིའོ། །ཇི་ལྟར་རང་གི་སྲོག་འདི་ཡོངས་སུ་བསྐྱང་བ་བཞིན་དུ་གཟུངས་དང་། རིག་སྔགས་གྲུབ་པ་འདི་ཡང་ཡོངས་སུ་བསྐྱང་བར་བགྱིའོ། །སྤྱི་བོས་བླང་བར་བགྱིའོ། །ཁུར་དུ་བཀུར་བར་བགྱིའོ། །སྒྲུབ་པར་འགྲུབ་པ་ཆེན་པོ་སྩལ་བར་བགྱིའོ། །བགེགས་དང་ལོག་འདྲེན་ཐམས་ཅད་དང་། སེམས་ཅན་མ་རུངས་པ་དང་། གནོད་སྦྱིན་ཆད་པས་སོ་སོར་བཟློག་པར་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྲོ་བོའི་གད་རྒྱངས་སྤྱི་གཙུག་འབར་བ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དེ་བཞིན་དུ་བྱ་བར་རིགས་སོ། །སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བ་ཆེན་པོས་གཟུང་བར་བྱའོ། །རིག་སྔགས་འཆང་


DKG092_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་བདག་ཉིད་ཀྱིས་བསྲུང་བ་དང་། བཅང་བར་བྱའོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དེ་སྐྱབས་གསུམ་ལ་གནས་ཤིང་དཀྱིལ་འཁོར་ཆེན་པོའི་དམ་ཚིག་དང་། དེ་བཞིན་གཤེགས་པའི་བསླབ་པའི་ཚིག་འཛིན་པ་ལ་གནས་པར་གྱུར་ཏོ། །རིགས་ཐམས་ཅད་ཀྱི་དམ་ཚིག་དང་ལྡན་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་གྱི་ཕུང་པོ་མཆོག་ཏུ་བཟང་བ་ལ་གནོད་སྦྱིན་གྱི་བདག་པོ་ཁས་ལེན་དུ་བཅུག་ཅིང་བཞག་པ་ལེགས་སོ་ལེགས་སོ། །ཁྲོ་བོའི་རྒྱལ་པོའི་ཆོ་ག་ཉེ་བར་སྤྱད་པ་དེ་སྨྲོས་ཤིག །རིག་སྔགས་འཆང་དེ་རྣམས་ཇི་ལྟར་མཆོག་འགྲུབ་པར་འགྱུར་བ་དང་། ལན་ཅིག་དྲན་པ་ཙམ་གྱིས་ཇི་ལྟ་ཇི་ལྟར་མྱུར་བ་མྱུར་བར་ལས་སྒྲུབ་པ་འགྲུབ་པར་འགྱུར་བ་དང་། ཇི་ལྟར་དྲན་པ་ཙམ་གྱིས་ཇི་ལྟར་བསམས་པ་དང་། ཡིད་ལ་རེ་བ་འབྱོར་པར་འགྱུར་བ་དང་། དོན་ཡོད་པའི་ལྕགས་ཀྱུའི་ཁྲོ་བོའི་རྒྱལ་པོ་འདི་མྱུར་དུ་འགྲུབ་པར་འགྱུར་བ་དེ་ལྟར་བྱིན་གྱི་རླབས་ཀྱིས་བྱིན་གྱིས་རློབས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །བཅོམ་ལྡན་འདས་ཀྱིས་བཀའ་ལུང་སྩལ་བ་རྟོགས་ནས་ཉེ་བར་བཤད་པའི་ཆོ་ག་སྨྲས་པ། བཅོམ་ལྡན་འདས་རིག་སྔགས་འཆང་བ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཡིན་པའམ། གཞན་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་ཁྲོ་བོའི་རྒྱལ་པོ་འདི་བསྒྲུབ་པར་འདོད་ན། དེ་ཟླ་བ་ཡར་གྱི་ངོའི་ཚེས་བཅྭ་ལྔ་ལ་འབྲས་ཆན་དང་། འོ་མ་ཟ་ཞིང་ནང་པར་སྔར་ལངས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གཟུགས་ཀྱི་སྤྱན་སྔར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་མི་སྨྲ་བར་གཎྜཱི་བརྡུང་བའི་དུས་ལ་བབ་ཀྱི་བར་དུ་འབྲས་ཆན་ཁྱོར་བ་བཀང་སྟེ། གཏོར་མ་བརྒྱ་རྩ་བརྒྱད་དབུལ་བ་བྱས་ན། དེས་ཁྲོ་བོའི་རྒྱལ་པོ་སྒྲུབ་པའི་ཆོ་ག་དེ་དག་འགྲུབ་པར་འགྱུར་ཞིང་མཆོག་ཏུ་འགྲུབ་


DKG092_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །དེ་ལྟར་བསྒྲུབས་ནས་དེ་ནས་བཟླས་བརྗོད་གཅིག་དང་། དྲན་པ་གཅིག་གིས་ཐམས་ཅད་དུ་འགྲུབ་པར་བྱས་ན་ཐམས་ཅད་དུ་བྱ་བ་ཐམས་ཅད་མཚེག་ཏུ་འགྲུབ་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་བ་ལས་བྱེད་པར་འདོད་ཅིང་། དོན་ཡོད་པའི་ཞགས་པའི་སྙིང་པོ་སྒྲུབ་པར་འདོད་ན་ཁྲོ་བོའི་རྒྱལ་པོ་ལན་ཅིག་དྲན་པར་བྱའོ། །དྲན་པ་ཙམ་གྱི་མོད་ལ་བགེགས་དང་། ལོག་འདྲེན་ཐམས་ཅད་སྐྲག་པར་འགྱུར་ཞིང་དཔག་ཚད་ཚུན་ཆད་དུ་རིག་སྔགས་འཆང་བའི་དྲུང་དུ་འོང་བར་མི་ནུས་ཏེ། རྒྱང་རིང་པོ་རིང་པོ་ན་འདུག་གོ། །འདི་ལན་ཅིག་དྲན་པ་ཙམ་གྱིས་བཟླས་བརྗོད་དང་། ཆོ་ག་དང་། སྒྲུབ་པ་བདེ་བར་འགྲུབ་ཅིང་དགོས་པ་སྒྲུབ་པ་ཐམས་ཅད་གྲུབ་པ་བླ་ན་མེད་པ་ཐོབ་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་པ་མཛད་པར་འགྱུར་རོ། །དཔག་ཚད་ཚུན་ཆད་དུ་འབར་བའི་ལྕགས་ཀྱུ་ཆེན་པོ་འཕང་དུ་རི་ཆེན་པོ་ཙམ་འབྱུང་བར་འགྱུར་ཏེ། དཔག་ཚད་གསུམ་གྱི་ཚད་ཙམ་དང་། འོག་ཏུ་གཡང་སར་གྱུར་ཏེ། སུ་ཡང་འོང་མི་ནུས་སོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དང་བཅས་པས་གནས་དེར་འོང་བར་མི་ནུས་ན། མི་མ་ཡིན་པ་ཕལ་པ་དང་། བགེགས་དག་ལོག་འདྲེན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ་གནས་མེད་དོ། །རིག་སྔགས་འཆང་བ་འཇིགས་པ་མེད་པར་ཡང་དགོས་པ་ཐམས་ཅད་གྲུབ་པ་སྒྲུབ་པར་བྱེད་དོ། །བགེགས་མེད་པར་ཐམས་ཅད་དུ་སྒྲུབ་པ་འགྲུབ་པ་འཐོབ་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་ལས་ཐམས་ཅད་བྱ་བར་འདོད་ཅིང་གདོན་བསལ་བར་འདོད་ན། གུ་གུལ་དང་། ཡུངས་ཀར་ལ་ལན་ཅིག་བཟླས་བརྗོད་བྱས་ཏེ། གདོན་ལ་བདུག་པ་སྦྱིན་པར་བྱའོ། །ཡུངས་ཀར་གྱིས་བརྡེག་པར་བྱའོ། །ལན་ཅིག་དྲན་པར་བྱའོ། །ལག་པ་གཡས་པའི་མཛུབ་མོས་ཁྲོས་པས་བསྡིགས་པར་བྱའོ། །བདུག་པ་དང་། བརྡེག་པ་དང་། དྲན་པ་ལྷན་ཅིག་ཏུ་བྱས་ན་མོད་ལ་གདོན་ཐམས་ཅད་འཇིག་པར་འགྱུར་རོ། །ཇི་སྟེ་ནག་པོ་ཆེན་པོ་རང་ཉིད་དམ། ལྷ་མ་ཡིན་གྱི་དབང་པོའམ། སྒྲ་གཅན་


DKG092_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ནམ། འཇིགས་བྱེད་ཀྱང་འཇིག་པར་བྱེད་ན། གདོན་གཞན་འོང་བར་ལྟ་ག་ལ་འགྱུར་ཏེ། མོད་ལ་གཅིག་ཏུ་འཇིག་པར་འགྱུར་རོ། །འབྱུང་པོ་དང་། གདོན་གྱིས་ཡོངས་སུ་ཟིན་པ་ཐམས་ཅད་ལ་དུར་ཁྲོད་ཀྱི་ཐལ་བ་ལ་ལན་ཅིག་བཟླས་བརྗོད་བྱས་ཏེ། སྤྱི་བོར་གཏོར་ཞིང་ལན་ཅིག་དྲན་པར་བྱས་ན། མོད་ལ་འབྱུང་པོ་དང་གདོན་འབྲོས་པར་འགྱུར་རོ། །ན་ལ་ད་དང་། ཨན་ད་ནི་དྲ་ཀ་པ་ཙ་དང་། གུ་གུལ་དང་། ཧ་ས་དང་། བ་ལ་ཀ་དང་། མ་ཏུ་ལ་དང་། པདྨ་དང་། པུཥྤ་རྣམ་གཉིས་དང་། ར་ཛ་ནི་དང་། ཡུངས་ཀར་དང་། ཤིང་ཀུན་དང་། ན་ར་པདྨ་དང་། བི་ཤ་ར་དང་། ཙན་དྲི་ཀ་རྣམས་རའི་གཅིན་གྱིས་སྦྲུས་ཏེ། རིལ་བུ་ནས་ཀྱི་འཛེལ་མ་ཙམ་བྱས་ཏེ། གྲིབ་མ་ལ་བསྐམས་ལ། ལྕགས་ཀྱུ་ལན་བདུན་བཟླས་པ་བྱས་ནས་ལས་ཐམས་ཅད་ལ་བདུག་པ་མཆོག་གི་རིལ་བུ་གཅིག་བདུག་པ་བྱས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་དང་ནགས་ཚལ་དང་། གཅོང་རོང་དང་བཅས་པ་རྣམས་འགུལ་ལོ། །རྒྱ་མཚོ་ཆེན་པོ་ནི་འཁྲུགས་སོ། །རི་རབ་ཆེན་པོ་ནི་གཡོས་སོ། །སུམ་ཅུ་རྩ་གསུམ་གྱི་གནས་གཞལ་མེད་ཁང་དང་བཅས་པ་ནི་ཆེར་གཡོས་ཏེ་འགུལ་ལོ། །ལྷ་ཐམས་ཅད་སྐྲག་གོ། །ལྷ་མ་ཡིན་ཐམས་ཅད་ངུ་ཞིང་ཕྱོགས་ཕྱོགས་སུ་འབྲོས་སོ། །ས་ནི་གཡོས་སོ། །ཀླུ་གང་དག་རྒྱ་མཚོ་ན་གནས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། བརྗེད་བྱེད་དང་། གསང་བ་པ་དང་། ཚངས་པའི་སྲིན་པོ་དང་། བགེགས་དང་། གདོན་མི་བཟད་པ་གཞན་མ་རུངས་པ་དེ་དག་ཐམས་ཅད་དྲི་ཚོར་བ་ཙམ་གྱིས་རྣམ་པར་ཞིག་པར་འགྱུར་ཏེ། དོགས་པར་མི་བྱའོ། །ལུས་རྣམ་པར་ཞིག་པར་འགྱུར། བཅོམ་སྟེ་རུས་པ་ལྷགས་པར་འགྱུར། འཆི་བདག་གི་ཞགས་པའི་ཁར་འགྲོ་བར་འགྱུར། དེས་རྣམ་པར་ཞིག་པར་འགྱུར་བ་དེ་ལ་དོགས་པར་མི་བྱའོ། །དུག་དང་བཅས་པ་ནི་མོད་ལ་དུག་མེད་པར་འགྱུར་རོ། །ཀླུ་འཇོག་པོ་དང་། ནོར་རྒྱས་ཀྱིས་གལ་ཏེ་ཟིན་པའམ། སྦྲུལ་གྱིས་ཟིན་པ་ལ་བདུག་པ་དང་། བྱུགས་པ་ཙམ་གྱིས་ཐམས་ཅད་དུ་དུག་མེད་པར་འགྱུར་རོ། །གང་དག་འཇིག་རྟེན་ན་


DKG092_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དུག་སྣ་ཚོགས་མི་བཟད་པ་ཡོད་པ་ལ་བདུག་པའི་དྲི་ཙམ་དང་བསྐུས་པ་དང་། རིལ་བུ་ཙམ་གྱི་མོད་ལ་དུག་ཐམས་ཅད་མེད་པར་འགྱུར་ཏེ། ཐེ་ཚོམ་མི་བྱའོ། །འབྲས་དང་། ཕོལ་མིག་དང་། ལུ་ཏ་དང་། ཤུ་བ་དང་། ཤ་བ་ཀྲ་དང་། རྐང་ཤུ་དང་། མཛེ་དང་། འབྲུམ་བུ་དང་། ལྷོག་པ་རྣམ་པ་མང་པོ་དང་། ནད་མཆེད་པ་དང་། ལྦ་བའི་ཕྲེང་བ་དང་། ཁོང་འབྲས་དང་། རྐུབ་ན་བ་དང་། སྐྲན་དང་། འཁྲུ་བ་དང་། རྩིབ་ལོགས་ན་བ་དང་། སྙིང་ག་ན་བ་དང་། གྲེ་བ་འགགས་པ་དང་། རྣ་བ་ན་བ་དང་། སོ་ན་བ་དང་། མིག་ན་བ་དང་། མགོ་བོ་ན་བ་དང་། གཞོགས་ཕྱེད་ན་བ་ལ་རིལ་བུས་བསྐུས་པ་ཙམ་དང་། ཆུ་དྲོན་འཐུངས་པ་ཙམ་དང་། བདུག་པ་ཙམ་དང་། མནམས་པ་ཙམ་གྱིས་ཐམས་ཅད་དེ་མ་ཐག་ཏུ་རབ་ཏུ་ཞི་བར་འགྱུར་ཏེ། ཐམས་ཅད་ལ་རིལ་བུ་དམ་པ་ལན་ཅིག་བཟླས་བརྗོད་བྱས་ཏེ་བྱིན་ན་ཐམས་ཅད་དུ་དགོས་པ་ཐམས་ཅད་བྱེད་པ་བླ་ན་མེད་པ་ཡིན་ནོ། །ཤིན་ཏུ་ཆར་ཆེ་བ་དང་། ཆར་མི་འབབ་པ་དང་། དུས་མ་ཡིན་པའི་ཆར་དང་། རླུང་དང་། སེར་བ་དང་། འབྱུང་པོ་དང་། མ་མོའི་གནས་དང་། མཚོ་ཀླུ་དེ་དག་ཐམས་ཅད་དབང་དུ་འགྱུར་རོ། །ཆར་དུས་སུ་འབེབས་སོ། །ལོ་ཏོག་དང་། འབྲས་བུ་དང་། མེ་ཏོག་ཡོད་པར་འགྱུར་རོ། །ཕྱིས་སེར་བ་མི་འབབ་བོ། །སད་དང་རླུང་དང་ཐན་པ་མི་འགྱུར་རོ། །ཕུན་སུམ་ཚོགས་པ་ཐམས་ཅད་གྲུབ་པར་བྱེད་ཅིང་བཀྲ་ཤིས་པ་ཐམས་ཅད་གྲུབ་པར་བྱེད་དོ། །རིམས་དྲག་པོ་མ་རུངས་པ་ཀུན་ཏུ་འཇུག་པའི་རིམས་མི་བཟད་པ་དང་། འདས་པ་མི་བཟད་པ་དྲག་པོའི་རིམས་དང་། རིམས་དྲག་པོའི་འཇིགས་པ་ཆེན་པོ་དང་། མེ་འབར་བ་ཤིན་ཏུ་ཆེ་བ་དང་། ཞག་བཞི་པའི་རིམས་མི་བཟད་པ་དང་། གྲང་བའི་རིམས་སྡུག་བསྔལ་ཆེ་བ་དང་། རིམས་གང་དག་འཆི་བའི་ཞགས་པ་འབར་བ། འཁྲུག་པ་དྲག་པོ་མི་བཟད་པ་དང་། ཟློས་པའི་རིམས་གསོ་དཀའ་བ་དང་། ཉིན་གཅིག་པའི་རིམས་དང་། ཉིན་གཉིས་པའི་རིམས་དང་། ཉིན་གསུམ་པའི་རིམས་དང་། དེ་བཞིན་དུ་རླུང་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། མཁྲིས་པ་


DKG092_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྱུར་པ་དང་། མཆིལ་མ་ལས་གྱུར་པའི་རིམས་དང་། རིམས་རྙིང་པ་དང་། ཟུག་གཟེར་དང་། གཞང་འབྲུམ་དང་། གཅིན་སྙི་བ་མི་བཟད་པ་དང་། རིམས་ཐམས་ཅད་ལ་བདུག་པ་ཙམ་གྱིས་ཐེ་ཚོམ་མེད་པར་རྣམ་པར་འཇིག་པར་འགྱུར་རོ། །ནམ་མཁའ་ལྡིང་གི་གདོན་དང་། གང་དག་མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། མི་མ་ཡིན་པའི་གདོན་དང་། གང་དག་གཞན་མིའི་གདོན་ཐམས་ཅད་བདུག་པ་བདུགས་པ་དེས་མོད་ལ་ཐམས་ཅད་རྣམ་པར་བྲལ་བར་འགྱུར་རོ། །ལྕགས་ཀྱུའི་གསང་སྔགས་དམ་པ་ལན་ཅིག་དྲན་པར་བྱས་ན། སྐེམ་བྱེད་དང་། སྐམས་པ་དང་། བརྗེད་བྱེད་དང་། གདོན་ར་ཟ་ཡག་ཤྨཱ་དང་། བདག་ཉིད་ངན་པར་བྱུང་བ་དང་། གྲིབ་གནོན་དང་། འཐབ་པ་དང་། རྩོད་པ་གང་དུ་སྐྱེ་བོ་ཞེ་སྡང་བ་རྣམས་འབྱུང་བ་དང་། གང་དུ་གནོད་པ་དང་། འཁྲུག་པ་དང་། ཉོན་མོངས་པ་མང་པོ་རྣམས་ལ་ཡིད་དུ་འོང་བ་བདུགས་པ་ཙམ་གྱིས་ཐམས་ཅད་ལས་དེ་ཐར་བར་འགྱུར་རོ། །རྒྱལ་པོ་ཁྲོས་པ་དང་། གང་ཞིག་རྐུན་པོ་དང་། མི་རྒོད་ཀྱི་ནང་དུ་སོང་ངམ། གཅོང་རོང་བགྲོད་དཀའ་བའི་ནང་དུ་སོང་ངམ། དོགས་པ་མི་བཟད་པའི་ནང་དུ་ཆུད་པ་ལ་ལྕགས་ཀྱུ་ལན་ཅིག་དྲན་པ་དང་། བདུག་པ་མཆིག་གིས་བདུགས་ན་ཐམས་ཅད་དུ་རྟག་ཏུ་བདེ་བར་འགྲོ་བ་དང་། གང་དང་གང་དུ་འགྲོ་བ་ན་བདེ་བར་འགྱུར་རོ། །དེའི་ལུས་ལ་མེས་མི་ཚུགས། ཆུ་ཆེན་པོས་ཁྱེར་བར་མི་འགྱུར་རོ། །ལྕགས་ཀྱུའི་རིག་སྔགས་དྲན་པ་དང་། བདུག་པ་མཆོག་གིས་བདུགས་ན་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་དང་བདེ་ཞིང་ལེགས་པ་ཤིན་ཏུ་རྒྱས་པར་འགྱུར་རོ། །དེའི་ལུས་ལ་མཚོན་གྱིས་མི་ཚུགས། དུག་གིས་མ་ཡིན། གསང་སྔགས་མཆོག་ཏུ་དྲག་པོས་མ་ཡིན། དེ་ལ་བྱད་ཀྱིས་མི་ཚུགས། ནད་ཀྱིས་མ་ཡིན། ཉོན་མོངས་པ་དྲག་པོས་མ་ཡིན་ནོ། །གསང་སྔགས་དྲན་པ་ཙམ་དང་། བདུག་པས་བདག་བདུག་པ་ནི་ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་ཏེ། འདི་ལ་དོགས་པ་མི་བྱའོ། །དགྲ་དང་ཕྱིར་རྒོལ་བའི་


DKG092_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མི་སེམས་ཅན་མ་རུངས་པ་མི་བཟད་པ་རྣམས་དང་། འཐབ་མོ་འགྱེད་ཅིང་གཡུལ་འགྱེད་པ་ན་བདག་ཉིད་བདུག་པས་བདུག་ཅིང་རིག་སྔགས་ལན་ཅིག་དྲན་པར་བྱས་ན་ཐམས་ཅད་དུ་རྒྱལ་བར་འགྱུར་ཏེ། མཐོང་བ་ཙམ་ལ་དོགས་པར་མི་བྱའོ། །གང་ཞིག་རིག་སྔགས་འགྲུབ་པར་མི་འགྱུར་བ་དང་། གང་ཞིག་བགེགས་ཀྱིས་ཟིན་ཏེ་ཉམས་པ་དང་། བློ་ཞན་ཅིང་ལེ་ལོ་ཅན་ལ་བདུག་པ་འདི་སྦྱར་བར་བྱ་ཞིང་གསང་སྔགས་ལན་ཅིག་བཟླས་བརྗོད་བྱས་ན་དེས་མཆོག་ཏུ་དཀོན་པ་འགྲུབ་པར་འགྱུར་རོ། །སྐལ་བ་མེད་པ་བདག་ཉིད་བདུག་པ་དང་། རིལ་བུ་མཆོག་གིས་བཀྲུ་བ་དང་། མིག་བསྐུ་བ་དང་། མཆོག་ཐིག་ལེ་བྱས་ན་ཐམས་ཅད་དུ་སྐལ་བ་ཅན་དང་། དགའ་བ་དང་། དབང་ཕྱུག་མཚུངས་པ་མེད་པར་འགྱུར་རོ། །ནོར་དང་འབྲུ་འཕེལ་ཞིང་རྒྱལ་པོ་དང་འདྲ་བར་འགྱུར་རོ། །ཐམས་ཅད་དུ་སྟོབས་ཐོགས་པ་མེད་པར་འགྱུར་རོ། །ཐམས་ཅད་དུ་མཆོག་གྲུབ་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་དུས་ཐམས་ཅད་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཞིས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱ་བའི་ཕྱིར་ཉིན་མཚན་དུ་རྗེས་སུ་འབྲང་ཞིང་གནས་པར་འགྱུར་རོ། །བསྲུང་བའི་ཕྱིར་རྒྱལ་པོ་ཆེན་པོ་བཞི་དཔུང་འཁོར་དང་བཅས་པ་རིག་སྔགས་ཀྱི་རྗེས་སུ་འབྲང་བར་འགྱུར་རོ། །བདེ་བ་ཐམས་ཅད་ཀྱིས་ཚིམ་པར་ཐོབ་པར་འགྱུར་རོ། །གནས་གཅིག་ནས་རིལ་བུ་བདུན་བླངས་པ་ལས་ཁྲོ་བོའི་ལྕགས་ཀྱུ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱའོ། །དེ་ནས་རིག་སྔགས་འཆང་བའམ། གཞན་གང་ཡང་རུང་བ་ནས་དགེ་སྦྱོང་དང་། བྲམ་ཟེ་བཀྲེན་པ་སྡུག་ཕོངས་པའི་བུད་མེད་དམ། སྐྱེས་པའམ། ཁྱེའུའམ། བུ་མོའི་དོན་དུ་རིལ་བུ་གཅིག་གིས་ཁྲུས་བྱ། གཅིག་གིས་བདག་བདུག །གཅིག་གིས་གོས་བདུག །གཅིག་ནི་བའི་རྣམ་ལྔ་དང་སྦྱར་ཏེ་བཏུང་བར་བྱ། གཅིག་ནི་མགོའི་སྤྱི་བོར་གཞག །གཅིག་ནི་དཔུང་པ་གཡས་པར་གདགས། རིལ་བུ་གཅིག་ནི་རྐེད་པར་བཏགས་ན་ཐམས་ཅད་དུ་འབྱོར་པ་ཐོབ་པར་འགྱུར་ཞིང་ཐམས་ཅད་དུ་མཆོག་བླ་ན་མེད་པ་འགྲུབ་པར་འགྱུར། བསམ་པ་འགྲུབ་པར་འགྱུར། རྒུད་པ་


DKG092_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྣམ་པར་ཞིག་པར་འགྱུར་རོ། །རྨ་དང་། ཉམ་ཆུང་བ་དང་། དེ་བཞིན་དུ་ཆག་གྲུགས་དང་། བགེགས་ཀྱིས་ཟིན་པ་དང་། གདོན་ར་ཟ་ཡག་ཤྨཱས་ཟིན་པ་དེ་དག་ཐམས་ཅད་རབ་ཏུ་སྦྱར་བ་ཙམ་གྱིས་རྣམ་པར་ཞིག་པར་འགྱུར་ཏེ། དོགས་པར་མི་བྱའོ། །སྒྲིབ་པ་ཐམས་ཅད་རྣམ་པར་ཞིག་པར་འགྱུར་ཏེ། སྔོན་བསགས་པའི་སྒྲིབ་པ་ཐམས་ཅད་མོད་ལ་རྣམ་པར་ཞིག་པར་འགྱུར་ཏེ། གསང་སྔགས་བསྟེན་པ་དང་། གསང་སྔགས་དྲན་ཅིང་དྲན་པ་དང་། བདུག་པ་མཆོག་གིས་བདུགས་པར་བྱས་པས་དོགས་པར་མི་བྱའོ། །མནར་མེད་པ་དང་། མི་བཟད་པའི་སྡིག་པ་དང་། དུག་དང་། སེམས་ཅན་མ་རུངས་པ་དང་། ལས་ངན་པ་དང་། ཕུང་བ་རྣམས་ཐམས་ཅད་མོད་ལ་མེད་པར་འགྱུར་རོ། །མེས་ཕྱེ་མ་ལེབ་བཞིན་རྟག་ཏུ་མྱུར་དུ་སྲེག་པར་འགྱུར་རོ། །གསང་སྔགས་ལན་ཅིག་དྲན་པར་བྱ་ཞིང་བདུག་པ་འདིས་བདུག་ས་ན་དུས་མ་ཡིན་པར་འཆི་བ་ཐམས་ཅད་ཞིག་པར་འགྱུར་རོ། །ཐམས་ཅད་དུ་སྦྱར་བ་ལ་དོགས་པར་མི་བྱའོ། །འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱི་ཁྲོ་བོའི་ལྕགས་ཀྱུ་སྤྱི་གཙུག་འབར་བ་ཞེས་བྱ་བའི་བདུག་པའི་རྒྱལ་པོས་ཁྱིམ་དང་། སྒོ་ཆེན་པོར་ནམ་ནངས་ཀ་དང་། མུན་སྲོས་ཀར་བདུག་ཅང་གསང་སྔགས་ལན་ཅིག་དྲན་པར་བྱས་ན། ཁྱིམ་གྱི་ནང་དེར་གང་དག་མི་སྣང་བར་འདུག་པར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། བརྗེད་བྱེད་དང་། གྲིབ་གནོན་མ་རུངས་པ་དང་། མི་མ་ཡིན་པ་ཐམས་ཅད་སྣང་བཞིན་དུ་ཕྱིར་འབྱུང་ཞིང་ངུས་ཏེ། ཀྱི་ཧུད་ཟེར་བའི་སྒྲ་འབྱིན་པར་འགྱུར་རོ། །ཁྱིམ་གང་ཡིན་པ་འགུལ་བ་དང་། ཁྱིམ་དང་རྟ་བབས་རྣམས་འབབ་པར་འགྱུར་ཞིང་དམྱལ་བའི་སྲུང་མ་མི་བཟད་པ་ཐམས་ཅད་ཕྱོགས་བསླད་པར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཀླུ་མཐུ་བོ་ཆེ་ཐམས་ཅད་བདུག་པའི་དྲི་བླ་ན་མེད་པས་སྐྲག་པར་འགྱུར་རོ། །བསམ་པ་ངན་པ་གང་དག་གནས་པའི་ཁྱིམ་ཐམས་ཅད་འབར་བ་དང་། ལུས་བསྲེགས་པ་དང་། ཕྱོགས་དང་། ཕྱོགས་


DKG092_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་འཁྲུལ་བ་དང་། བདུག་པའི་རྒྱལ་པོའི་མཐུས་འཇིགས་པ་མི་བཟད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གཡུལ་འགྱེད་པ་དང་། འཐབ་མོ་དང་། རྩོད་པ་དང་། འཐབ་ཅིང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང་རྟག་ཏུ་རྒྱལ་བར་འགྱུར་རོ། །བདེ་ཞིང་ལེགས་པར་རྒྱལ་བ་འགྲུབ་པ་དང་། ཐམས་ཅད་དུ་དཔལ་ཐོབ་པར་འགྱུར་རོ། །ལྷ་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཀླུ་རྣམས་ཀྱིས་བསྲུང་བའི་ཕྱིར་ཉིན་མཚན་དུ་རྗེས་སུ་འབྲང་བར་འགྱུར་རོ། །དེ་བཞིན་དུ་རྗེས་སུ་སྐྱོང་བ་དང་། དུས་ཐམས་ཅད་བླ་ན་མེད་པའི་གཟི་བྱིན་སྐྱེད་པར་བྱེད་དོ། །ཁྲོ་བོ་ལྕགས་ཀྱུ་བླ་ན་མེད་པ་གྲུབ་པའི་ཐིག་ལེ་བརྗོད་པར་བྱའོ། །ཐིག་ལེ་སྐར་མ་ལྟ་བུ་ནི། །ལྷ་ཡི་ཉི་མ་བཞིན་དུ་དཔའ། །ཉི་མ་བྱེ་བའི་འོད་དང་མཚུངས། །བསོད་ནམས་གཟི་བརྗིད་དག་གིས་འབར། །མུན་ཁྲོད་སྒྲོན་ཆེན་འོད་བཞིན་དུ། །མུན་པའི་ནང་ན་སྣང་བར་འགྱུར། །ཚོགས་ཀྱི་དཀྱིལ་ན་མཛེས་པ་ནི། །སྐར་མའི་ཚོགས་ལྡན་ཟླ་བ་བཞིན། །བསོད་ནམས་བྱེ་བ་སྟོང་ཕྲག་དང་། །དཔག་མེད་གཞལ་དུ་མེད་པ་ཡིས། །ལུས་འདི་དག་ནི་བརྒྱན་པར་འགྱུར། །མཁའ་ལ་རིན་ཆེན་མཆོད་སྡོང་ལྟར། །མཚན་དང་དཔེ་བྱད་བཟང་པོས་བརྒྱན། །རིལ་བུ་བསྟེན་པ་བྱས་ན་ནི། །ལུས་ནི་བསོད་ནམས་ཚོགས་ཀྱིས་བསྐྱེད། །གང་ཞིག་ལུས་ནི་འབར་བ་དང་། །ཤིན་ཏུ་བཟང་པོ་ཁོ་ནར་འགྱུར། །འཇིག་རྟེན་མགོན་པོ་དུས་རྟག་ཏུ། །ཕྱག་ནི་སྤྱི་བོར་འཇོག་པར་མཛད། །རྟག་ཏུ་མཆོག་ནི་སྦྱིན་པ་དང་། །ཀུན་ཏུ་བླ་མེད་གྲུབ་པར་འགྱུར། །ཆོ་ག་ཞིབ་མོ་འགྲུབ་པ་དང་། །གསང་སྔགས་འགྲུབ་ཅིང་ཕྱག་རྒྱ་དང་། །དཀྱིལ་འཁོར་འགྲུབ་ཅིང་དཀྱིལ་འཁོར་གྱི། །རིམ་པར་ཕྱེ་བ་འགྲུབ་འགྱུར་ཏེ། །ཀུན་དུ་འགྲུབ་པ་བླ་ན་མེད། །གིའུ་ཝང་དང་། གུར་གུམ་དང་། རུ་རྟ་ཆ་བསྙམས་ཏེ་སྦྱར་ལ་ཁྲོ་བོའི་ལྕགས་ཀྱུའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཚངས་པར་སྤྱོད་པ་མཉམ་པར་གཞག་པ། ཁྲུས་ལེགས་པར་བྱས་པ། གོས་གཙང་མ་བགོས་ཤིང་གཙང་མས་ཟླ་བ་ཡར་གྱི་ངོ་ཚེས་བཅུ་གསུམ་སྐར་མ་རྒྱལ་ལ་བབ་པའི་ཚེ་ཆུ་གཙང་མ་དང་ཞིབ་ཏུ་བཏགས་ལ་རྒྱ་ཤུག་


DKG092_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གི་འབྲུ་ཙམ་བྱས་ཏེ་གྲིབ་མ་ལ་བསྐམས་ལ། གང་གི་ཚེ་དགོས་པ་རྩོམ་པ་དེའི། ཁྲོ་བོའི་རྒྱལ་པོའི་ལྕགས་ཀྱུ་ལན་ཉིི་ཤུ་རྩ་གཉིས་བཟླས་བརྗོད་བྱས་ཏེ་སྨིན་མཚམས་སུ་ཐིག་ལེ་བྱའོ། །སྨིན་མཚམས་སུ་ཐིག་ལེ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་མཚན་ཉིད་བཞིན་དུ་ཐིག་ལེ་བྱས་ཏེ་བྱིན་གྱིས་བརླབས་པ་བྱས་པའི་མོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་མཚན་ཉིད་རྣམ་པར་མཛེས་པའི་ཐིག་ལེ་དང་མཉམ་པར་མཚུངས་པར་བརྒྱན་པར་འགྱུར་རོ། །ཐམས་ཅད་དུ་མཆོད་པར་བྱ་བ་དང་། རྟག་ཏུ་བླ་མ་ལ་གུས་པས་དམ་ཚིག་མཉམས་པ་དང་། རྒྱལ་པོ་དང་མཚུངས་པའི་བློན་པོ་དང་། བཙུན་མོའི་ནང་དུ་སོང་ན་ཐམས་ཅད་དགའ་བར་འགྱུར་ཞིང་ཐམས་ཅད་དུ་མཆོད་པར་འོས་པར་འགྱུར་རོ། །སེམས་ཅན་ཀུན་གུས་པ་དང་། དགའ་བ་ཇི་ལྟར་འཇིག་རྟེན་འདྲེན་པ་ལ་བྱ་བ་བཞིན་བྱེད་དོ། །ནོར་དང་། འབྲུ་དང་། ལྷའི་དཔལ་ཐོབ་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། འཇིག་རྟེན་སྐྱོང་བ་གྲགས་ཆེན་དང་། ཀླུ་རྣམས་ཀྱིས་རྟག་ཏུ་མཆོད་པར་འོས་པ་ཆེན་པོར་འགྱུར་རོ། །གནོད་སྦྱིན་དང་། དྲི་ཟ་དང་། གསང་བ་པ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་རྟག་ཏུ་མཆོད་པ་ཆེན་པོར་འགྱུར་རོ། །དབང་ཕྱུག་དང་། སྟོབས་དང་། བརྩོན་འགྲུས་དང་། ཚེ་འཕེལ་བར་འགྱུར་རོ། །ནད་མེད་པ་དང་། རིམས་ནད་མེད་པ་དང་། སྡིག་པ་ཐམས་ཅད་སྤངས་པ་དང་། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང་། ཉོན་མོངས་པའི་དྲི་མ་དང་། སྡིག་པ་དང་། དགྲ་ཐམས་ཅད་རབ་ཏུ་འཇོམས་པ་དང་། དམག་གི་གཡུལ་འགྱེད་པའི་ནང་དུ་རྟག་ཏུ་ཐམས་ཅད་དུ་རྒྱལ་བར་སྦྱིན་པར་འགྱུར་རོ། །དགྲ་དང་། ཕྱིར་རྒོལ་བ་རྣམས་ལས་གནས་ཐམས་ཅད་དུ་རྟག་ཏུ་ཀུན་དུ་རྒྱལ་བ་ཆེན་པོ་སྦྱིན་པར་འགྱུར་རོ། །ཐིག་ལེ་དེ་ལྟ་བུ་བྱས་ཏེ་ཁྲོ་བོའི་ལྕགས་ཀྱུ་ལན་ཅིག་དྲན་པར་བྱས་ལ་ཡུངས་ཀར་ལ་ལན་ཅིག་བཟླས་བརྗོད་བྱས་ཏེ་ཕུག་གི་སྒོར་


DKG092_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ན་ཕུག་ཐམས་ཅད་སྒོ་གདངས་པར་འགྱུར་རོ། །ཇི་ལྟར་དགའ་བར་འཇུག་པར་འགྱུར་རོ། །ལན་གསུམ་ཞུགས་ཀྱི་བར་དུ་སྒོ་གཏན་འཇུག་པའི་གནས་སུ་ཁྲོ་བོའི་ལྕགས་ཀྱུ་འབའ་ཞིག་བཟླས་བརྗོད་བྱས་ན་དེའི་ཚེ་ལྷའི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཟང་ཞིང་མཛེས་པ་བལྟ་བར་འོས་པ་མཆོག་ཏུ་མདོག་སྡུག་ཅིང་འཕྲིག་པ་དང་ལྡན་པ། དཔལ་གྱིས་ཤིན་ཏུ་དཔའ་ཞིང་འབར་བ། བཞིན་འཛུམ་པ། ལུས་ངོ་ཚ་ཚ་ལྟར་བྱེད་པ། འགྲོས་འགྱིང་བག་ཏུ་འོང་བར་འགྱུར་ཏེ། སྤྱི་བོ་ཡིད་ཙམ་བཏུད་ནས་གསེར་གྱི་སྣོད་རིན་པོ་ཆེས་བཀང་བ་ཐོགས་ཏེ་རིག་སྔགས་འཆང་ལ་འབུལ་བར་བྱེད་དོ། །རིག་སྔགས་འཆང་བས་ཅང་མི་སྨྲ་བར་བྱའོ། །རིན་པོ་ཆེའི་སྣོད་ཀྱང་བླང་བར་མི་བྱའོ། །གསང་སྔགས་འབའ་ཞིག་དྲན་པར་བྱ་ཞིང་ཡུངས་ཀར་གྱིས་གཞོན་ནུ་མ་ལ་བརྡེག་པར་བྱའོ། །ཅི་སྟེ་གཞོན་ནུ་མ་དེ་རྟུག་པ་འབྱིན་ཅིང་བཞིན་བསྒྱུར་བ་ཁྲོ་བོའི་གཟུགས་མཆུ་འཕྱང་བ། མཆེ་བ་གཙིགས་པ། སྐྲ་རལ་པ་སེར་ལ་གྱེན་དུ་བརྫེས་ལ་རལ་པ་ཅོད་པན་གྱིས་བརྒྱན་པར་སྟོན་ན་རིག་སྔགས་འཆང་བས་སྐྲག་པར་མི་བྱའོ། །ཁྲོ་བོའི་ལྕགས་ཀྱུ་འབའ་ཞིག་དྲན་པར་བྱའོ། །ཡང་ཡུངས་ཀར་གྱིས་མགོའི་སྤྱི་བོར་བརྡེག་ཅིང་ཁྲོས་པའི་གཟུགས་ཀྱིས་དྲན་པར་བྱས་ན། དེའི་ཚེ་དེ་ས་ལ་འགྱེལ་ཏེ་འགྲེ་ལྡོག་ཅིང་ཀྱེ་རིག་སྔགས་འཆང་ཐུགས་རྗེ་ཅན་ཁྱོད་རིག་སྔགས་འཆང་ཁྱབ་འཇུག་གི་གཟུགས་ཅན་གུམ་མོ་གུམ་མོ་ཞེས་སྒྲ་འབྱིན་ཏོ། །དེ་ནས་རིག་སྔགས་འཆང་བས་རྗེས་སུ་བརྟགས་ཏེ། གལ་ཏེ་ཁ་ཆུ་དབུ་བར་བྱུང་ན། རིག་སྔགས་འཆང་བས་དེ་བླངས་ལ་རྐང་པ་དང་བྱིན་པ་བསྐུས་ན་རླུང་གི་ཕུང་བོ་བདུན་པའི་རླུང་ལ་ཞོན་ཏེ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བར་འགྱུར་ཞིང་རིག་སྔགས་འཆང་བའི་འཁོར་བརྒྱ་ཕྲག་བྱེ་བ་དགུ་བཅུ་རྩ་དགུས་བསྐོར་བར་འགྱུར་རོ། །སྐད་ཅིག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མཐར་སོང་ཞིང་སླར་ཡང་འོང་བར་འགྱུར་རོ། །གལ་ཏེ་རེག་ན་ནི་སྐྱེས་ནས་ལོ་བཅུ་དྲུག་ལོན་པ་དང་འདྲ་ཞིང་སྐྲ་ཡིད་ཙམ་འཁྱིལ་ཞིང་འཁྱིལ་


DKG092_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བ། རྣ་ཆ་གདུ་བུ་དྲི་མ་མེད་ཅིང་སྤེན་ཏོག་འཕྱང་བ་དང་། མཁྲིག་མ་གདུ་བུས་བརྒྱན་པ། ལུས་པདྨ་འདྲ་ཞིང་དཀར་ཤམ་དུ་འགྱུར་རོ། །ཚེ་བསྐལ་པ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཐུབ་པར་འགྱུར་རོ། །རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་སྟོང་ཕྲག་དགུ་བཅུ་རྩ་གཉིས་ཀྱི་འཁོར་གྱིས་བསྐོར་བར་འགྱུར་རོ། །གནས་ཐམས་ཅད་དུ་དཔོན་པོར་འགྱུར་རོ། །གལ་ཏེ་ཐིག་ལེ་བྱས་ཏེ་མི་སྣང་བར་གྱུར་ན་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་ཀྱི་ཁྱིམ་སྒོ་ཕྱེ་སྟེ་འདུག་པར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་འཁོར་དང་བཅས་པ་ཐམས་ཅད་བགྱི་བ་ཅི་མཆིས་ཞེས་དབང་དུ་འགྱུར་ཞིང་བཀའ་བཞིན་དུ་འདུག་གོ། །མངགས་པའི་དགོས་པ་ཐམས་ཅད་བྱེད་པར་འགྱུར་རོ། །ཁྱིམ་ཐམས་ཅད་དུ་རེ་རེར་ཡང་དཔོན་པོ་དང་། བཀའ་བཞིན་བྱེད་པའི་རྒྱལ་པོར་འགྱུར་རོ། །གལ་ཏེ་མཚོག་མར་ཐིག་ལེ་བྱས་ན་བརྒྱ་བྱིན་དང་། ལྷ་རྣམས་ཀྱི་དབང་པོ་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་བདག་པོའི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་ཏེ། རིག་སྔགས་འཆང་བ་ལ་བྱ་བ་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པར་འགྱུར་རོ། །ཤིན་ཏུ་མཐོང་བའི་ལྷའི་རིགས་ཀྱི་ལྷ་རྣམས་དང་ལྷན་ཅིག་ཏུ་རྩེ་དགའ་ཀུན་དུ་སྤྱོད་པར་འགྱུར་རོ། །ཚེ་ལྷའི་ལོ་སྟོང་ལེགས་པར་ཐོབ་པར་འགྱུར་རོ། །ལྟེ་བའི་གནས་སུ་ཐིག་ལེ་བྱས་ཏེ་ཀླུ་མཚོར་ཞུགས་པ་ཙམ་གྱི་མོད་ལ་ཀླུའི་རྒྱལ་པོ་དཔུང་དང་གཡོག་ཏུ་བཅས་ཆུང་མ་དང་། བུ་མོ་གཞོན་ནུ་མའམ། ཐམས་ཅད་མདུན་ན་འདུག་ཅིང་འདི་སྐད་སྨྲ་སྟེ། རིག་སྔགས་འཆང་བ་བཀའ་སྩོལ་ཅིག་དང་། ལས་བགྱི་བ་དང་། དགོས་པ་ཐམས་ཅད་བགྱི་ཞིང་ནམ་འཚོའི་བར་དུ་ཉེ་བར་གནས་པར་བགྱིའོ། །ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་བསྒྲུབ་པར་བགྱིའོ། །ཀླུའི་ལྷའི་ལོངས་སྤྱོད་མཆོག་ཏུ་ལོངས་སྤྱད་པས་བརྩེ་བར་བགྱིའོ། །ལྷའི་ལོ་སྟོང་གི་བར་དུ་རྗེས་སུ་གནས་པར་བགྱིའོ། །ནོར་ཐམས་ཅད་རྗེས་སུ་སྩལ་བར་བགྱིའོ། །རིན་པོ་ཆེ་རྣམ་པ་སྣ་ཚོགས་གསེར་དང་།


DKG092_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་དང་། བཻ་ཌཱུརྱ་དང་། ཤང་ཀ་ཤི་ལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། གསེར་དང་། མུ་ཏིག་དང་། ཨིནྡྲ་ནཱི་ལ་དང་། མར་ཀ་ཏ་དང་། པདྨ་རཱ་ག་དང་། བཻཌཱུརྱ་དང་། ཤིན་ཏུ་བཟང་པོ་རྣམས་སུ་སྩལ་བར་བགྱིའོ། །ལྷ་རྫས་ཀྱི་བཟའ་བ་མཆོག་དང་། ལྷ་རྫས་ཀྱི་ནོར་གྱི་ཕུང་པོས་བང་མཛོད་རྣམས་རབ་ཏུ་དགང་བར་བགྱིའོ། །ཤིན་ཏུ་ཆར་ཆེས་པ་གཅད་པར་བགྱིའོ། །ཆར་དཀོན་པ་ན་ཆར་དབབ་པར་བགྱིའོ། །དུས་མ་ཡིན་པའི་ཆར་གཅད་པར་བགྱིའོ། །དུས་སུ་ཆར་དབབ་པ་དང་། དུས་སུ་ཆར་བའི་རྒྱུན་འབྱུང་བར་བགྱིའོ། །ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་དང་། ལྷ་རྫས་ཀྱི་འབྲས་བུ་སྣ་ཚོགས་ཉེ་བར་བསྒྲུབ་པར་བགྱིའོ། །ནམ་འཚོའི་བར་དུ་གནས་ཏེ་བསྙེན་བཀུར་བགྱིའོ། །རིག་སྔགས་འཆང་བའི་རྐང་པ་སྤྱི་བོས་བླང་བར་བགྱིའོ། །རིག་སྔགས་འཆང་བ་དེའི་ཚིག་དང་བསམ་པ་རྗེས་སུ་བསྐྱང་བར་བགྱིའོ། །དཔུང་པ་གཉིས་ཀྱི་བར་དུ་ཐིག་ལེ་བྱས་ན་གླང་པོ་ཆེ་སྟོང་གི་སྟོབས་ཡོད་པར་འགྱུར་ཏེ། ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་ཀྱི་སྟོབས་ཀྱིས་མི་ཐུབ་པར་འགྱུར་རོ། །འཐབ་ཅིང་དམག་གི་གཡུལ་འགྱེད་པ་ཐམས་ཅད་ཀྱི་ནང་དུ་ཕ་རོལ་གནོན་པའི་སྟོབས་ཐོགས་པ་མེད་པ་རྒྱལ་བ་སྦྱིན་པར་འགྱུར་རོ། །ལྷ་མ་ཡིན་ཀུན་ལས་ཀྱང་རྒྱལ་བར་འགྱུར་རོ། །ལྷ་ཐམས་ཅད་འདི་ལ་བསྲུང་བ་དང་། སྦ་བ་དང་། བསྐྱང་བའི་ཕྱིར་རྟག་ཏུ་ཞམ་རིང་དུ་འབྲང་བར་འགྱུར་རོ། །འཐབ་པ་དང་། རྩོད་པ་དང་།འགྱེད་པ་དང་། དངོགས་འབྱིན་པ་དང་། མཚང་འདྲུ་བ་དང་། གཡུལ་འགྱེད་པ་ཐམས་ཅད་དུ་རྒྱལ་བ་སྦྱིན་པར་འགྱུར་རོ། །ལྟོ་བར་ཐིག་ལེ་བྱས་ཏེ་ཁྲོ་བོའི་ལྕགས་ཀྱུའི་རིག་སྔགས་ལན་ཅིག་དྲན་པར་བྱས་ལ་ཡིད་ལ་ཇི་ལྟར་བསམས་པ་ཇི་བཞིན་བྱས་ན་ཅི་འདོད་པའི་ཁ་ཟས་ཐོབ་པར་འགྱུར་ཏེ། འཁོར་ཉི་ཤུ་དང་བཅས་པས་ཇི་ལྟར་འདོད་པ་ཐོབ་པར་འགྱུར་རོ། །སྐེར་ཐིག་ལེ་བྱས་ཏེ་ཁྲོ་བོའི་ལྕགས་ཀྱུ་སྐེར་ལན་ཅིག་བཟླས་བརྗོད་བྱེད་ཅིང་རྒྱལ་པོའི་ཕོ་བྲང་དུ་སོང་ན་ཇི་ཙམ་འདོད་པའི་གོས་དང་། སྤུད་པ་དང་། རྒྱན་ཐོབ་པར་འགྱུར་རོ། །རྟག་ཏུ་རྒྱལ་པོ་དང་། བཙུན་མོའི་འཁོར་དང་བཅས་པས་མཆོད་


DKG092_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བར་འོས་པའི་མཆོག་ཏུ་འགྱུར་རོ། །དབང་ཕྱུག་ཆེན་པོའི་ཆེན་པོ་ཐོབ་པ་གྲུབ་པར་འགྱུར་རོ། །ལག་མཐིལ་དུ་ཐིག་ལེ་བྱས་ཏེ་ལན་ཅིག་བཟླས་བརྗོད་བྱས་ན་གང་ལ་རེག་པ་དེ་དབང་དུ་འགྱུར་རོ། །གང་འདོད་པ་དེ་ཐམས་ཅད་སྦྱིན་ཞིང་བསྒོ་བ་དེ་ཐམས་ཅད་བྱེད་པར་འགྱུར་རོ། །ལག་པ་གཡས་པ་ལ་བསྐུས་ལ་ལན་ཅིག་བཟླས་བརྗོད་བྱས་ཏེ། གྲོང་ཁྱེར་གྱི་སྒོ་ལ་བརྡབས་ན་གྲོང་ཁྱེར་ན་གནས་པའི་གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་དབང་དུ་འགྱུར་ཏེ། མདུན་ན་གནས་ཤིང་དེ་ཐམས་ཅད་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །གྲོང་དེ་ན་སྐྱེ་བོ་གང་དག་གནས་པ་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དེ་ཐམས་ཅད་དབང་དུ་འགྱུར་ཏེ། འདུག་ཅིང་ཇི་སྲིད་གྲོང་ཁྱེར་དེར་འདུག་པར་འདོད་པས་དེ་སྲིད་དུ་ཐམས་ཅད་ཅི་བྱ་བ་ཐམས་ཅད་བྱེད་ཅིང་གནས་པ་དང་མདུན་ན་འདུག་པར་འགྱུར་རོ། །ལག་པ་གཡོན་པ་ལ་བསྐུས་ཏེ། རྒྱལ་པོའི་སྒོ་ལ་བརྡབས་ན་ཇི་སྲིད་འདུག་པར་འདོད་ན་དེ་སྲིད་དུ་ཐམས་ཅད་དབང་དུ་གྱུར་པ་སྦྱིན་པར་འགྱུར་རོ། །ལག་པ་གཡས་པ་ལ་བསྐུ་ཞིང་ལན་ཅིག་བཟླས་བརྗོད་བྱ་སྟེ། ཕུག་གི་གསང་བའི་སྒོ་ལ་བརྡབ་པ་བྱས་ན་གསང་བའི་ཁྱིམ་ཐམས་ཅད་སྒོ་ཕྱེ་སྟེ་འདུག་ཅིང་ཁྱིམ་ན་གནས་པ་དེ་དག་ཐམས་ཅད་དབང་དུ་གྱུར་ཏེ་འདུག་གོ། །རྐང་པ་གཉིས་ལ་བསྐུ་ཞིང་གསང་སྔགས་ལན་ཅིག་དྲན་པར་བྱས་ཏེ་དུར་ཁྲོད་ན་གནས་པའི་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ཐམས་ཅད་མདུན་ན་གནས་ཤིང་དབང་འགྱུར་བ་དང་། ཁྱིམ་གྱི་སྒོ་ཐམས་ཅད་ཕྱེ་བ་དང་། ཐམས་ཅད་བྱ་བ་ཅི་ཡོད་པ་བྱེད་པར་འགྱུར་རོ། །བརླ་གཉིས་ལ་བསྐུས་ཏེ་ནགས་ཚལ་གྱི་ནང་དུ་ཞུགས་ན་ཞུགས་པ་ཙམ་གྱིས་ཁྱིམ་ན་གནས་པ་ཐས་ཅད་མདུན་ན་གནས་ཤིང་ཁྱིམ་གྱི་སྒོ་ཐམས་ཅད་ཕྱེ་སྟེ་འདུག་པར་འགྱུར་རོ། །སྨན་གྱི་རྫས་ཐམས་ཅད་དང་། རྩྭ་དང་། ཤིང་གེལ་བའི་སྨན་དང་། རྩྭ་དང་མགོ་ལྕོགས་ཀྱི་ནགས་ཚལ་གྱི་རང་གི་ངོ་བོ་ཐམས་ཅད་ཇི་ལྟར་འདོད་པ་བླངས་པ་བཞིན་དུ་མདུན་ན་འདུག་པར་འགྱུར་རོ། །དཔལ་ལྷ་མོ་ཆེན་མོའི་


DKG092_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་མའི་བར་དུ་བསྐུ་ཞིང་ཁྲོས་པས་གསང་སྔགས་ལན་ཅིག་བཟླས་བརྗོད་བྱས་ཤིང་གུ་གུལ་ལ་བཟླས་བརྗོད་བྱས་ཏེ། བདུག་པ་དབུལ་ཞིང་མིག་མི་འཛུམས་པར་བལྟས་ན་དཔལ་ལྡན་ལྷ་མོ་ཆེན་མོ་བཀའ་སྩོལ་ཅིང་མཆོག་ཐམས་ཅད་སྦྱིན་པར་བྱེད་དོ། །ནོར་ཤིན་ཏུ་མང་པོ་རྙེད་པ་སྦྱིན་པར་མཛད་དེ། དཔལ་ལྷ་མོ་ཆེན་མོ་རྟག་ཏུ་ཁྱིམ་ན་གནས་པར་འགྱུར་རོ། །ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་སྐྱོང་བར་འགྱུར་རོ། །ནམ་འཚོའི་བར་དུ་བསྙེན་བཀུར་བྱེད་པར་འགྱུར་རོ། །མིའི་འོ་མ་དང་ལྷན་ཅིག་ཏུ་བདར་ལ་ལན་ཅིག་བཟླས་བརྗོད་བྱས་ཏེ་མིག་ལ་བསྐུས་ན་གཏེར་ཐམས་ཅད་མཐོང་བར་འགྱུར་རོ། །མཚན་མོའང་ཉིན་པར་བཞིན་དུ་མཐོང་བར་འགྱུར་རོ། །མཆུའི་ཐོར་ཏོ་ལ་ཐིག་ལེ་བྱ་ཞིང་ལན་ཅིག་བཟླས་བརྗོད་བྱས་ན་གང་ལ་སྨྲ་བ་དེ་དབང་དུ་འགྱུར་ཞིང་གང་འདོད་པ་དེ་ཐམས་ཅད་ཐོབ་པར་འགྱུར་རོ། །ཚིག་གཟུང་བར་བྱ་བར་འགྱུར་རོ། །ཁ་ནས་ཨུཏྤ་ལའི་དྲི་མནམ་པར་འགྱུར་རོ། །གདོན་ལ་ཐིག་ལེ་བྱས་ན་ཟིན་པ་དང་། མ་ཟིན་པ་འབབ་པར་འགྱུར་རོ །གདོན་ཐམས་ཅད་ལ་ཐིག་ལེ་བྱ་ཞིང་ལན་ཅིག་གསང་སྔགས་དྲན་པར་བྱས་ན་མོད་ལ་ཚངས་པའི་སྲིན་པོ་ལ་སོགས་པའི་བར་དུ་ཐམས་ཅད་ངུ་ཞིང་འབྲོས་པར་འགྱུར་རོ། །ཐིག་ལེ་ཙམ་དང་དྲན་པ་ཙམ་གྱིས་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །འཇིགས་པ་ཐམས་ཅད་ལ་ཐིག་ལེ་བྱས་ན་ཡོངས་སུ་ཐར་བར་འགྱུར་རོ། །ཕྲག་པ་གཉིས་ལ་ཐིག་ལེ་བྱ་ཞིང་ཁྲོ་བོ་ལན་ཅིག་དྲན་པར་བྱས་ན་ཕྲག་པ་གཉིས་འབར་བར་འགྱུར་རོ། །མཚལ་དང་སྦྱར་ཏེ་དྲི་ཆབ་དང་བསྲེས་ནས་ལག་པ་དང་རྐང་པ་ལ་བསྐུ་ཞིང་གསང་སྔགས་ལན་བདུན་དྲན་པར་བྱས་ནས་ཕུ་ཞེས་བྱས་ན་མེ་འབར་བར་འགྱུར་ཏེ། ཇི་ཙམ་འདོད་ཀྱི་བར་དུ་འབར་བ་འབྱུང་བར་འགྱུརརོ། །མཆུ་ལ་བསྐུ་ཞིང་བཟླས་བརྗོད་བྱས་ན་དབུགས་རྒྱུ་བ་རྣམས་མེ་འབར་བ་འབྱུང་བར་འགྱུར་རོ། །ལུས་མཐའ་དག་བསྐུ་ཞིང་གསང་སྔགས་མང་དུ་བཟླས་བརྗོད་བྱས་ན་ལུས་མཐའ་དག་འབར་བར་འགྱུར་རོ། །ཆུ་དང་ཡུངས་ཀར་


DKG092_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྐྲད་ནས་བུམ་པ་དང་། བུམ་པ་ལ་ཞི་བའི་ཐིག་ལེ་བྱས་ཏེ། དྲི་ཆུས་སྟེང་དུ་གཏོར་བ་དང་བཅས་པ་བྱས་ན་ཕྱིར་ཡང་གནས་པར་འགྱུར་རོ། །རལ་གྲི་དང་། གཏུན་ཤིང་དང་། དགྲ་སྟ་དང་། འཁོར་ལོ་དང་། མདུང་རྩེ་གསུམ་དང་། རྡོ་རྗེ་དང་། ཐོ་བ་དང་། མདའ་བོ་ཆེ་དང་། མདུང་ལ་བསྐུ་ཞིང་རྗེས་སུ་དྲན་པར་བྱས་ན་སྐད་ཅིག་ཏུ་ཐམས་ཅད་འབར་བར་འགྱུར་རོ། །ལྷུང་བཟེད་ལ་བསྐུས་ན་འབར་བར་འགྱུར་རོ། །མགོ་ལ་བསྐུས་ན་སྐྲ་འབར་བར་འགྱུར་རོ། །དུང་ལ་བསྐུས་ཏེ་དེ་གནས་མཐོན་པོར་བུས་ན་སྒྲ་གང་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཁྲོ་བ་ཐམས་ཅད་དང་། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ངན་པ་དང་། མ་རུངས་པ་ཐམས་ཅད་ཞི་བར་འགྱུར་རོ། །སྤྲིན་ལོགས་སུ་བུས་ན་རླུངསྤྲིན་དང་། སེར་བ་ཐམས་ཅད་ཞི་བར་འགྱུར་རོ། །གྲོང་ཁྱེར་གྱི་སྒོ་བཞིར་བུས་ན། བྱུར་དང་གནོད་པ་ཐམས་ཅད་དང་། ལོ་ཉེས་དང་། ནད་མ་རུངས་པ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་དང་། མི་བདེ་བ་དང་། འཁྲུག་པ་ཐམས་ཅད་ཞི་བར་འགྱུར་རོ། །འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་།ཤ་ཟ་དང་། ཡི་དགས་དང་། སྐེམ་བྱེད་དང་། གྲིབ་གནོན་གྱི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་རོ། །རིམས་ཐམས་ཅད་ཞི་བར་འགྱུར་རོ། །ནད་ཐམས་ཅད་ཞི་བར་འགྱུར་རོ། །གསང་སྔགས་དང་། བྱད་དང་། སྦོད་གཏོང་དང་། དུག་གི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །རྒྱལ་པོའི་སྒོར་བུས་ན་ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་ཐམས་ཅད་དང་། དགྲ་དང་། ཕྱིར་རྒོལ་བའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང་ལན་འགའ་ཡང་འབྱུང་བར་མི་འགྱུར་རོ། །བ་ལང་འཆི་བ་དང་། ཕྱུགས་འཆི་བ་དང་། མི་འཆི་བ་དང་། རྟ་འཆི་བ་དང་། གླང་པོ་ཆེ་འཆི་བ་དང་། རྔ་མོ་འཆི་བ་དང་། བྱུར་དང་། ལོ་ཉེས་དང་། ནད་དང་། མིག་ནད་དང་། ནད་ཐམས་ཅད་ཀྱི་འཇིགས་པ་ཆེན་པོ་འབྱུང་བ་ལ་ཁང་པའི་སྟེང་དུ་སྐད་དྲག་པོ་ལན་ཅིག་དུང་


DKG092_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་བུད་ཅིང་བཟླས་བརྗོད་བྱས་ན། བུས་པ་ཙམ་གྱི་མོད་ལ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཆར་མི་འབབ་པའི་ཚེ། ཀླུའི་གནས་མཚོ་འགྲམ་དུ་བུས་ན་མོད་ལ་ཀླུའི་རྒྱལ་པོ་རྣམས་ཆར་པའི་རྒྱུན་གཏོང་བར་འགྱུར་རོ། །ཆར་ཆེས་པའི་ཚེ་སྤྲིན་ལོགས་སུ་བུས་ན་ཤིན་ཏུ་ཆར་ཆེ་བ་ཞི་བར་འགྱུར་རོ། །ལན་འགའ་ཡང་མཚན་མ་ངན་པ་དང་། བཀྲ་མི་ཤིས་པ་འབྱུང་བར་མི་འགྱུར་རོ། །མཚམས་ཆེན་པོ་གཅད་ན་རི་མཐོན་པོའི་ཁར་བུས་ཏེ། ཇི་ཙམ་དུང་སྒྲ་ཐོས་པ་དེ་ཙམ་ཚུན་ཆད་མཚམས་ཆེན་པོ་གཅད་པར་བྱས་པར་འགྱུར་རོ། །དཀྱིལ་འཁོར་མཚམས་གཅད་ན་བསྐོར་ཞིང་བུས་ན་དཀྱིལ་འཁོར་གྱི་མཚམས་གཅད་པ་བྱས་པར་འགྱུར་རོ། །དེ་ནས་ཁྲོ་བོའི་རྒྱལ་པོའི་སྦྱིན་སྲེག་གི་ཆོ་ག་སྒྲུབ་པ་བླ་ན་མེད་པ་ཐམས་ཅད་བྱ་བ་ལ་སེམས་ཅན་ཐམས་ཅད་ཞི་བར་བྱ་བ་ལ་ནས་དང་ཡུངས་ཀར་དང་མར་བསྲེས་ལ་ཤིང་ཨརྐའི་མེ་བུས་ཏེ། ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་པ་ཙམ་གྱིས་དཔག་ཚད་ཀྱི་ནང་ཀུན་དུ་ཞི་བ་ཆེན་པོར་འགྱུར་རོ། །ཡམས་ཀྱི་ནད་ཀྱི་གནོད་པ་ཐམས་ཅད་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་དཔག་ཚད་སྟོང་ཀུན་ཏུ་ཞི་བ་ཆེན་པོའི་ལས་བྱས་པར་འགྱུར་རོ། །རྒྱས་པ་བྱས་ན་ཡུངས་ཀར་དང་། འབྲས་སཱ་ལུ་དང་། ཁ་ར་དང་། སྦྲང་རྩི་དང་མར་དང་བསྲེས་ཏེ། སྦྱིན་སྲེག་བྱ་བ་ནི་ལན་བདུན་སྦྱིན་སྲེག་བྱས་ན་དཔག་ཚད་བརྒྱ་ཀུན་དུ་རྒྱས་པ་ཆེན་པོར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་དཔག་ཚད་བརྒྱ་ཚུན་ཆད་རྒྱས་པ་ཆེན་པོར་འགྱུར་རོ། །ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་དཔག་ཚད་བརྒྱ་སྟོང་ཀུན་དུ་རྒྱས་པ་ཆེན་པོར་འགྱུར་རོ། །ཤིང་དྲི་མི་ཞིམ་པའི་མེ་བུས་ཏེ། འབྲས་ཀྱི་ཕུབ་མ་དང་། ལན་ཚྭ་དང་། ཡུངས་ཀར་མར་དང་བསྲེས་ཏེ་ཤིང་ཚེར་མ་ཅན་གྱི་ཡམ་སྲེག་ཤིང་གིས་མེ་སྦར་ཏེ་སྦྱིན་སྲེག་ལན་བདུན་ནམ། ཉི་ཤུ་རྩ་གཅིག་གམ བརྒྱ་རྩ་བརྒྱད་བྱས་ན་ཡིད་ལ་ཇི་ལྟར་སེམས་ཤིང་འདོད་པ་ཐམས་ཅད་དུ་མངོན་སྤྱོད་ཀྱི་ལས་རྣམས་བྱེད་པར་འགྱུར་རོ། །


DKG092_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་གྲུབ་པར་འདོད་ན་འབྲས་ཡོས་དང་། ཡུངས་ཀར་དང་། ཞོ་དང་། སྦྲང་རྩི་རྣམས་མར་དང་སྦྱར་ཏེ། ཤིང་ཨརྐའི་ཡམ་སྲེག་ཤིང་གིས་མེ་སྦར་ཏེ་སྦྱིན་སྲེག་ལན་བདུན་བྱས་ན་རང་གི་ཁྲོ་བོའི་གསང་སྔགས་སྒྲུབ་པ་གྲུབ་པར་འགྱུར་རོ། །ལན་བཅུ་བཞི་བྱས་ན་དོན་ཡོད་པའི་ལྕགས་ཀྱུ་གྲུབ་པར་འགྱུར་རོ། །ཉི་ཤུ་རྩ་གཅིག་བཟླས་བརྗོད་དང་སྦྱིན་སྲེག་བྱས་ན་དོན་ཡོད་པའི་ཞགས་པའི་སྙིང་པོ་འགྲུབ་པར་འགྱུར་རོ། །ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་སྦྱིན་སྲེག་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་སྤྱི་གྲུབ་པར་འགྱུར་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་དང་། ནོར་བུའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེའི་རིགས་རྣམས་སོ། །གཞན་ཡང་ཁྲོ་བོ་ཆེན་པོ་སྟོང་ཕྲག་བརྒྱ་མཆོག་ཏུ་གྲུབ་པ་ཆེན་པོར་འགྱུར་རོ། །ཏིལ་དང་། འབྲས་དང་སོ་བ་དང་། ཞོ་དང་། སྦྲང་རྩི་དང་། མར་རྣམས་སྦྱར་ཏེ་ཆང་པ་བདུན་སྦྱིན་སྲེག་བྱས་ན་བྲམ་ཟེ་ཐམས་ཅད་དབང་དུ་འགྱུར་རོ། །ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་བརྒྱ་བྱིན་ལ་སོགས་པ་ལྷ་ཐམས་ཅད་ལྷའི་ཚོགས་དང་བཅས་པའང་འོང་ཞིང་རིག་སྔགས་འཆང་བ་ལ་བསྙེན་བཀུར་བྱེད་ཅིང་དབང་དུ་འགྱུར་རོ། །ཉི་མ་དང་ཟླ་བ་དག་ཀྱང་འོང་བར་འགྱུར་ཞིང་རིག་སྔགས་འཆང་བའི་རྐང་པ་ལ་འདུད་པར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དབང་དུ་བྱ་ན་འབྲས་སཱ་ལུ་དང་། ཏིལ་དང་། ཡུངས་ཀར་དང་། གུ་གུལ་དང་། ཞོ་དང་། སྦྲང་རྩི་རྣམས་མར་དང་བསྲེས་ཏེ་སྦྱིན་སྲེག་ལན་ཉི་ཤུ་རྩ་གཅིག་བྱས་ན་གནོད་སྦྱིན་དང་། སྲིན་པོའི་ཚོགས་རྣམས་དབང་དུ་འགྱུར་རོ། །ཀླུ་ཆར་འབེབས་པར་བྱ་ན་འབྲས་ཡོས་དང་། ཡུངས་ཀར་དང་། ནཱ་ག་པུས་པ་དང་། ཞོ་དང་སྦྲང་རྩི་རྣམས་མར་དང་སྦྱར་ཏེ། ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་དེས་ན་ཀླུ་རྣམས་ཆར་པའི་རྒྱུན་ཆེན་པོ་འབེབས་པར་འགྱུར་ཏེ། ཇི་ཙམ་འདོད་པར་ཆར་པའི་རྒྱུན་གཏོང་ཞིང་འབེབས་སོ། །ཤིན་ཏུ་ཆར་ཆེ་བ་གཅོད་ན་དེ་ཉིད་ཀྱི་ཐལ་བ་ནམ་མཁའ་ལ་གཏོར་ན་ཤིན་ཏུ་ཆར་ཆེ་བ་གཅོད་པར་འགྱུར་རོ། །ཕ་རོལ་གྱི་གཡུལ་


DKG092_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པར་འདོད་ན་སྐེ་ཚེའི་འབྲུ་དང་། ཞོ་དང་སྦྲང་རྩི་རྣམས་མར་དང་སྦྱར་ཏེ། ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱའོ། །འཐབ་པ་དང་། རྩོད་པ་དང་། འགྱེད་ཅིང་མཚང་འདྲུ་བ་ཐམས་ཅད་ལ་པྲི་ཡང་ཀུའི་མེ་ཏོག་དང་། ཞོ་དང་སྦྲང་རྩི་རྣམས་མར་དང་སྦྱར་ཏེ། ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་ཐམས་ཅད་དུ་རྒྱལ་བར་འགྱུར་རོ། །འཐབ་རྩོད་དང་། [འགྱེད་]པ་རྣམས་ཀྱི་སྨྲ་བའི་ལན་ཐེབས་པར་འགྱུར་རོ། །ནད་ཐམས་ཅད་ཞི་བར་བྱ་བ་ལ། སྲན་ཀུ་ལན་ཐ་དང་། ཞོ་དང་སྦྲང་རྩི་རྣམས་མར་དང་སྦྱར་ཏེ་སྦྱིན་སྲེག་ལན་ཉི་ཤུ་རྩ་གཅིག་བྱས་ན་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །བུད་མེད་དབང་དུ་བྱ་ན་སུ་མ་ནའི་མེ་ཏོག་གིས་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་བུད་མེད་ཐམས་ཅད་མཆོག་ཏུ་དབང་དུ་བྱེད་པའི་དམ་པ་ཡིན་ཞིང་ཐམས་ཅད་དུ་མཆོག་གྲུབ་པར་འགྱུར་རོ། །དེ་ནས་སྡིག་པ་ཐམས་ཅད་རྣམ་པར་སྦྱང་བར་འདོད་ན་རིག་སྔགས་འཆང་བ་དེས་འབྲས་སཱ་ལུ་དང་། ཏིལ་དང་། ཡུངས་ཀར་དང་། པདྨའི་འདབ་མ་དང་། ཞོ་དང་། སྦྲང་རྩི་རྣམས་མར་དང་སྦྱར་ཏེ། ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །འོན་ཏེ་ཁྲོ་བོའི་རྒྱལ་པོ་སྒྲུབ་པར་འདོད་ན་སེང་ལྡེང་གི་ཕྱེ་མ་དང་། ཡུངས་ཀར་དང་། གུ་གུལ་རྣམས་མར་དང་སྦྱར་ཏེ་སྦྱིན་སྲེག་བྱས་ན་ཐམས་ཅད་དུ་ཁྲོ་བོའི་གསང་སྔགས་གྲུབ་པ་ཆེན་པོ་འགྲུབ་པར་འགྱུར་ཞིང་ཁྲོ་བོའི་གསང་སྔགས་ཐམས་ཅད་སྤྱན་དྲངས་པར་འགྱུར་རོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་ཉི་ཤུ་བཞི་པ་རྫོགས་སོ།། །།ཤུ་བྷམསྟུ།། །།


previousདོན་ཡོད་པའི་ལྕགས་ཀྱུ་རས་ལ་སྐུ་གཟུགས་བྲི་བའི་ཆོ་གno next