Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་བཅུ་གོ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ།next

བསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ།


DKG096_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །དྷྱནོཏྟར་པ་ཊ་ལ་ཀྲམ། བོད་སྐད་དུ། བསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ། དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ། །གསང་སྔགས་རྒྱུད་ཀྱི་ཕྱོགས་ལ་ཡང་། །གང་གི་བློ་ནི་མི་ཞེན་པ། །དེ་ཡང་སྨྲ་བར་སྤྲོ་བ་ནི། །མ་སྨྲས་ན་ནི་མི་འཚོའམ་ཅི། །གསང་སྔགས་རྒྱ་མཚོ་ཆེན་པོ་འདི། །དཔེ་དང་ཚད་མ་གཏན་ཚིགས་སམ། །རྗེས་སུ་དཔག་པའམ་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ནོ། །ལུང་དང་མན་ངག་དོན་མེད་པར། །གང་ཞིག་ལམ་གཞན་འཇུག་པ་དེ། །བསྐལ་པ་དག་ནི་བརྒྱ་རུ་ཡང་། །སྔགས་ལས་དངོས་གྲུབ་མི་འཐོབ་བོ། །ལུང་དང་མན་ངག་མ་ལུས་པ། །གང་གིས་ཡོངས་སུ་སྤངས་པ་དག །གྲུབ་པ་མྱོང་བ་ལ་ལ་ཞིག །ཡོད་དམ་དེ་ནི་མེད་པ་སྨྲོས། །དེ་ནས་གསང་སྔགས་བདག་ཉིད་ཆེ། །དངོས་གྲུབ་རླབས་ནི་འཁྲིགས་པ་ཅན། །བསམ་ཡས་གཏིང་ནི་དཔག་དཀའ་བ། །རྟོགས་པར་ནུས་པ་སྨྲ་བའི་མཆོག །གལ་ཏེ་དེ་ལྟར་མི་ཤེས་ན། །ཚངས་པ་ཇི་ལྟར་ཤེས་པ་སྨྲོས། །ཡང་དག་སྨྲ་བར་མི་སྤྲོ་ན། །ང་ཡིས་བཤད་ཀྱིས་ང་ལ་ཉོན། །བྱང་ཆུབ་སེམས་དང་དེ་ཉིད་གསུམ། །གལ་ཏེ་ཤེས་ན་དངོས་གྲུབ་སྣོད། །དེ་དག་ལེགས་པར་མི་ཤེས་ན། །ཁྱོད་ཀྱིས་དངོས་གྲུབ་ཅི་ཞིག་འཐོབ། །རིག་སྔགས་ལས་ནི་གྲུབ་པ་པོ། །གཞན་ནམ་གཞན་མིན་ཅི་ཞིག་ཉེས། །གལ་ཏེ་གཞན་ན་འགྲུབ་མི་འགྱུར། །འོན་ཏེ་གཞན་མིན་གྲུབ་པ་ཉིད། །གལ་ཏེ་གཞན་མིན་ཁྱོད་འགྲུབ་པས། །མཁའ་ལ་སོགས་པར་ད་སོང་ཞིག །དེ་སྟེ་མིན་ན་བརྫུན་ཚིག་པས། །བ་ལང་རྫི་དང་ལྷན་ཅིག་སྨྲོས། །མི་འཆི་ཚངས་ཆེན་ཕ་མཆོད་ཀྱིས། །ཡོངས་སུ་བསམས་ནས་ཚིག་སྨྲས་པ། །མི་མཇེད་བདག་པོས་གང་སྨྲས་པ། །གཞན་བས་བདག་ལ་དངོས་གྲུབ་མེད། །རིགས་ལས་གྲུབ་པ་གཞན་མིན་ན། །དངོས་གྲུབ་བདག་ལ་ཡོད་དམ་ཅི། །དེ་ལྟར་གྱུར་ན་ཅི་ཞིག་ཉེས། །འོན་ཏང་འགལ་བ་ཅི་ཞིག་ཡོད། །ཨེ་མའོ་ཚངས་པ་ཁྱོད་ཀྱི་བློ། །ཤིན་ཏུ་དྲི་མ་མེད་པ་དང་། །ཤེས་རབ་གསལ་བར་ངས་བསམས་ན། །ཚིག་རེ་ལ་ནི་རྟོགས་པ་བཞིན། །གཞན་པས་ཁྱོད་ལ་


DKG096_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མེད། །གཞན་མིན་པ་ནི་དངོས་གྲུབ་རྒྱུ། །གཞན་མིན་པ་ལས་གྲུབ་འདོད་ན། །སྨྱོན་པ་ཉིད་ནི་ཡིན་པར་འགྱུར། །འགྲོ་བའི་བདག་པོ་ཇི་ལྟར་ན། །དངོས་གྲུབ་ཡོད་པར་ཁས་འཆེ་བ། །ཡེ་ཤེས་སྒྲོན་མར་གྱུར་པ་ཁྱོད། །ཇི་ལྟར་ཕན་པ་བཤད་དུ་གསོལ། །བདག་གིས་རྣམ་པར་དཔྱད་ན་ནི། །རིག་ལས་གཞན་ནམ་མི་གཞན་མིན། །གཞན་མིན་མི་གཞན་མ་ཡིན་པས། །བདག་ནི་གོམས་ལས་དངོས་གྲུབ་འཐོབ། །ཤེས་བྱ་བླ་མེད་གང་ཡིན་པའི། །ཡེ་ཤེས་དེ་ཡང་གོམས་འཐོབ་ན། །ལས་ཀྱི་ཆོ་ག་འདི་དག་གིས། །དངོས་གྲུབ་ཡོད་པ་ཅི་ཞིག་སྨོས། །བཟླས་བརྗོད་ལྷ་ཡི་དེ་ཉིད་དང་། །བདག་གི་དེ་ཉིད་ཇི་ལྟ་བ། །གནས་རྟེན་གཞན་ལ་མེད་པར་ནི། །མཚུངས་པ་མེད་པར་བདག་གིས་རྟོགས། །ཚིག་ལས་ཚིག་ཏུ་འཕྲོས་པ་ལས། །ཚངས་ཆེན་མི་འཆི་ཞེས་བྱ་བ། །དངོས་གྲུབ་འདོད་པ་སྐལ་ཆེན་པོ། །གཙུག་ཏོར་རྒྱུད་ནི་ཉན་པར་བྱེད། །དེ་ནས་ཚངས་པ་ཆེན་པོ་དེ། །རྡོ་རྗེ་གཙུག་ཏོར་ཉན་པ་ལ། །ས་ཡི་མེ་ཏོག་འཆར་བྱེད་པས། །བསམ་གཏན་གྱིས་ནི་བརྒྱན་པར་བཤད། །དེ་ནས་ཡེ་ཤེས་ཀུན་རྫོགས་པ། །རིག་སྔགས་གསང་སྔགས་ཐབས་ཆེན་དེ། །ཕྲ་བ་དེ་བཞིན་གཤེགས་པས་གསུངས། །བསམ་གཏན་གྱིས་ཀྱང་ཤིན་ཏུ་བརྒྱན། །རྣལ་འབྱོར་ཐབས་ནི་ཀུན་བསྟན་པ། །སྡུག་བསྔལ་སྡིག་པ་སེལ་བ་སྟེ། །ཕྱག་ན་རྡོ་རྗེས་ཞལ་ནས་གསུངས། །སྐྱེ་དང་འཆི་བ་སྡིག་བྱེད་པ། །ཀུན་དུ་མི་ཚུགས་བརྟན་པ་སྟེ། །འདི་དང་ཕ་རོལ་བྱེད་པར་གནས། །དཀྱིལ་འཁོར་ཆེན་པོ་ལ་སོགས་འབྱུང་། །འདོད་པའི་དོན་ནི་རྗེས་སུ་བསྒྲུབ། །ཆོ་ག་གང་དང་གང་དག་གིས། །བསམ་གཏན་ལས་ལ་གང་གནས་པ། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །དེ་དག་མ་ལུས་བཤད་པར་བྱ། །གསང་སྔགས་བསམ་གཏན་ཞེས་བྱ་བ། །མཆོག་ཏུ་གསང་བ་ཡང་དག་གསུངས། །དྲང་སྲོང་དཀའ་ཐུབ་ཆེན་པོ་ཡང་། །དེ་དག་མེད་ན་མི་འགྲུབ་པོ། །གསང་སྔགས་རྣལ་འབྱོར་ཅན་རྣམས་ཀྱིས། །གསང་སྔགས་བཟླས་བརྗོད་མེར་འབར་བ། །སྐྱེ་དང་འཆི་བ་འཇིག་བྱེད་པ། །རྡོ་རྗེ་ཅན་གྱིས་སྔོན་གསུངས་སོ། །དེ་བས་དེ་འདིར་གསང་སྔགས་ཀྱི། །བསམ་གཏན་


DKG096_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམ་བྱ་མེ་དག་ལ། །དངོས་གྲུབ་འདོད་པ་དག་གིས་ནི། །རྟག་པར་རྒྱུན་དུ་སྦྱོར་བར་བྱ། །ལྷ་ཡི་སྐུ་ཡི་གནས་དེ་ལ། །དང་པོ་ཁོ་ནར་མཆོད་ནས་ནི། །རྣལ་འབྱོར་གནས་བཅས་ཤེས་རབ་ཅན། །བདེ་གཤེགས་མདུན་དུ་བསམས་ནས་ནི། །ཕྱི་ནས་ཡན་ལག་རྣམ་གྲོལ་བའི། །མི་འབྱེད་འབྱེད་པའི་རྣམ་པར་སྤངས། །ཕྲ་མ་མི་གཡོ་གསལ་བ་སྟེ། །བློ་ཡི་སྤྱོད་པ་མདུན་ན་གནས། །བདག་ཉིད་འདི་འདྲར་བཞག་ནས་ནི། །སྔགས་ཀྱི་རྣམ་པར་ཤེས་པས་བསྒོམ། །བསྡམས་ནས་ཏིང་ངེ་འཛིན་ལག་ནས། །སྲོག་དང་རྩོལ་བ་རབ་ཏུ་བསྡམས། །སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་སོ་ཤིག །མི་འགྱུར་བ་ནི་ཡི་གེར་ལྡན། །གཞི་ལས་གཞིར་འགྱུར་དེ་བཞིན་ཏེ། །རང་སྔགས་ཕྱིར་ནི་གང་བརྟགས་པ། །ཡིད་ཀྱི་དག་པ་བསམ་པར་བྱ། །སླར་སྡུད་པ་ཡིས་བཀུག་ནས་ནི། །སྲོག་དང་རྩོལ་བ་བསྡམས་པའི་ཡིད། །གསང་སྔགས་རིག་པས་སྔགས་ལ་སྦྱར། །ཡིད་ཀྱི་བཟླས་བརྗོད་བརྩམ་པར་བྱ། །འདི་ཉིད་ཀྱིས་ནི་ཆོ་ག་ཡིས། །ཡང་ན་ཤུ་བུར་བྱ་ཡང་རུང་། །སྔགས་རིག་དངོས་གྲུབ་འདོད་པ་ཡིས། །བཟླས་བརྗོད་གཞན་དུ་མི་བྱའོ། །རིག་སྔགས་དེ་ཉིད་མ་ལུས་དང་། །བདག་གི་དེ་ཉིད་ཆོ་ག་དང་། །བཟླས་བརྗོད་དེ་ཉིད་མཆོག་ཤེས་དང་། །མིས་ནི་དངོས་གྲུབ་ཐོབ་པར་འགྱུར། །དབེན་པའི་སྐྱེད་མོས་ཚལ་དང་ངོགས། །ཕུག་དང་རི་བོར་ནགས་ཚལ་དུ། །བརྟུལ་ཞུགས་གནས་སམ་སྡོམ་པ་ཡིས། །སྔགས་པ་བསམ་གཏན་བྱེད་ཅིང་གནས། །གསང་སྔགས་མེ་གནས་དངོས་གྲུབ་སྟེ། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐར་ཐར་བ་སྟེར་བ་ཉིད། །འདི་དག་དེ་ཉིད་གསུམ་པོ་ཡིན། །མི་འབྱེད་ལས་བྱུང་དངོས་པོ་རྣམས། །བློ་ཅན་གྱིས་ནི་བདག་ལ་བསྡམ། །སྔགས་པ་ཡན་ལག་འདས་ལ་གནས། །ཞེན་པ་མེད་པར་བསམ་པར་བྱ། །སྒྲ་ཞེས་བྱ་བ་ཕྲེང་བར་སྦྱར། །ཡི་གེ་བརྒྱུས་ལ་མི་འགྱུར་རྣམས། །དྲིལ་བུའི་སྒྲ་བཞིན་མ་ཆད


DKG096_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པར། །ཡིད་ལ་ཞེན་པར་སེམས་པ་ན། །མེ་ཡི་ནང་ནས་ཞི་བ་སྟེ། །ཚིག་རྣམས་དག་པ་ཡན་ལག་ལྡན། །སྲོག་དང་རྩོལ་བའང་བཀག་པའི་བདག །གཉིད་སྤངས་ནས་ནི་རྣམ་པར་བསམ། །སྙིང་གར་གནས་པའི་ཕྲ་བ་ནི། །དྲི་མེད་ཟླ་བའི་དཀྱིལ་འཁོར་ཏེ། །དེ་ནང་རབ་ཏུ་ཞི་བ་ཡི། །མེ་ལྕེ་རབ་ཏུ་འོད་བཟང་བ། །མི་འགྱུར་གཞི་ནི་དེར་བཞག་ནས། །བདེ་བར་འདུག་ནས་སྒྲ་བསམ་མམ། །མི་འགྱུར་བ་ལ་ཡི་གེ་གཞག །སྒྲ་ཉིད་འབའ་ཞིག་བསམ་པར་བྱ། །སྒྲ་ལ་དམིགས་པའི་བསམ་གཏན་ནི། །འབའ་ཞིག་བྱས་པ་ཉིད་ཀྱིས་ཀྱང་། །དངོས་པོ་ཀུན་རྣམས་དམ་པའི་དཔལ། །སྒྲུབ་པའི་སྐྱེས་བུས་ཐོབ་པར་འགྱུར། །ལྟོས་བཅས་ཡན་ལག་གྱུར་བར་སྣང་། །སྒྲ་ཞེས་བྱ་དང་ཡིད་ཀྱི་དང་། །ཚིག་རྣམས་དག་པ་རིག་སྔགས་དབང། །ཡན་ལག་སྤང་བ་རྒྱལ་བས་མཁྱེན། །སླར་སྡུད་དཀའ་ཐུབ་བསམ་གཏན་དང་། །སྲོག་རྩོལ་ཆོ་གའི་བྱ་བ་དང་། །རྣམ་པར་ཤེས་པ་སྣ་ཚོགས་པའི། །སྔགས་པ་རེ་ཞིག་ལྟོས་བཅས་པའོ། །དཀའ་ཐུབ་ཆེན་པོ་དང་ལྡན་པར། །ཆོས་བསྐྱེད་བརྟུལ་ཞུགས་མཆོག་ལྡན་པ། །ལྟོས་བཅས་པ་ནི་ཡུལ་ལས་གྲོལ། །ཡན་ལག་སྣང་བ་ནན་ཏན་བྱ། །དེ་ཡང་བརྟུལ་ཞུགས་བྱས་ནས་ནི། །དོགས་པའི་འཇིག་རྟེན་སྨད་པ་ཡི། །བསམ་གཏན་གཅིག་པུ་རབ་བསྡམས་ནས། །བློ་གྲོས་ཞི་བ་བརྟན་པ་སྤྱད། །ཁུ་བ་བཤང་གཅི་དག་དང་ནི། །འབགས་པ་དག་ནི་རྒྱུ་བ་ལའང་། །དོགས་པ་ཡི་ནི་གཟུགས་ཀྱིས་ཀྱང་། །དབེན་པར་གཙང་སྦྲ་བརྩམ་པར་བྱ། །སྲང་དང་ཁྲོན་པ་ལུ་མ་དང་། །གྲོང་དང་ནགས་ལྷས་དག་ལ་ཡང་། །ངག་ལུས་ཡིད་ཀྱིས་སྤང་བ་ནི། །སེམས་ཅན་གནོད་པ་ཀུན་མི་སྤྱད། །བསམ་གཏན་དང་ནི་བཟླས་བརྗོད་དང་། །གསང་སྔགས་གྲུབ་པར་བྱ་བ་དང་། །སྦྱིན་སྲེག་དབང་བསྐུར་ཐམས་ཅད་དང་། །ཡུལ་གྱི་བྱ་བ་རྣམས་ལ་ཡང་། །བརྟུལ་ཞུགས་གསུངས་པ་གང་ཡིན་པ། །དེ་ཡི་གནས་དང་ཚད་རྣམས་དང་། །སྔོན་ནི་བདག་ཉིད་འབའ་ཞིག་ལ། །མཐུ་ཆེན་རྡོ་རྗེ་འཛིན་གྱི་


DKG096_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལྷས། །རབ་ཏུ་གསང་བ་གསུངས་པ་ཡིན། །ཉེར་འགྱུར་མངོན་དུ་ཕྱོགས་པ་དང་། །གསང་སྔགས་སྟེར་བར་འགྱུར་བ་དང་། །གཞན་དུ་ཕྱོགས་པ་གང་ཡིན་པ། །དེ་ཀུན་ཚངས་པ་ཁྱོད་ལ་བཤད། །གསང་སྔགས་ལ་སོགས་དང་ལྡན་པའི། །རིག་སྔགས་ཁྲོ་བོ་མང་པོ་ཀུན། །རྒྱལ་བའི་སྐུ་ལ་མངོན་ཕྱོགས་པར། །བསམ་གཏན་ངོམས་ཕྱིར་རྟག་ཏུ་གནས། །དུས་གསུམ་དུ་ནི་ཕྲ་མོ་འདི། །གསང་སྔགས་སྒྲུབ་ལ་བརྟུན་པ་ཡིས། །ཚངས་པ་རྟག་ཏུ་རིག་བྱ་བ། །ཡན་ལག་བཅུ་ཡི་ཆོ་ག་ལས། །མ་དད་པ་དང་སྙོམ་པ་དང་། །བཀྲེས་སྐོམ་ཟིལ་གནོན་དེ་བཞིན་ཏེ། །རྒོད་དང་ཡིད་ཀྱི་གདུང་བ་དང་། །ལས་ལ་ཐེ་ཚོམ་ཟ་བ་དང་། །བཟླས་བརྗོད་བསམ་གཏན་མི་ཞེན་དང་། །བསྡམ་པ་དག་ནི་བཤིག་པ་དང་། །ཅལ་ཅོལ་གཏམ་ལ་རབ་ཏུ་དད། །མི་བྱ་བ་ལ་འཇུག་པ་དང་། །ལོག་འདྲེན་གྱིས་ནི་བརླམས་པ་དང་། །རྨི་ལམ་ངན་པ་རྣམས་ཀྱང་མཐོང་། །སེམས་ཅན་དག་ལ་གནོད་བྱེད་དང་། །ལྷ་རྣམས་ལ་ནི་སྨོད་པ་དང་། །སྒྲུབ་པ་པོ་ཡི་ཆོ་ག་ལ། །གང་ཚེ་འདི་དག་བྱེད་པ་ན། །རྟག་ཏུ་འཚེ་བ་འབྱུང་བར་འགྱུར། །གསང་སྔགས་དེ་ལས་གཞན་དུ་ཕྱོགས། །གང་ཞིག་ཞི་བར་འདུག་པ་དང་། །སྒྲ་ཡི་ངོ་བོར་གྱུར་བ་ན། །དེ་ཚེ་སྔགས་པ་གསང་སྔགས་ལ། །ཉེ་བར་གྱུར་ཏེ་མངོན་དུ་ཕྱོགས། །ལྷ་དང་ལྷ་མིན་སེམས་ཅན་ནི། །དབང་ཕྱུག་ཡེ་ཤེས་འཇུག་པ་རྣམས། །མཐོང་ན་ཞི་བ་སྐྱེ་འགྱུར་བ། །དེ་ནི་མངོན་དུ་གྱུར་པ་སྟེ། །རྒྱལ་པོ་དང་ནི་ཕྱུག་པོ་དང་། །སྐྱེ་བོ་བུད་མེད་དགེ་བ་རྣམས། །དབང་དུ་གྱུར་ཅིང་མངོན་དུ་ཕྱོགས། །བུས་མོ་འཛུགས་ཤིང་སྤྱི་བོས་འདུད། །དེ་ལ་ཤེས་པའང་སྐྱེ་བར་འགྱུར། །མ་ཐོས་པ་ཡང་ཤེས་པར་འགྱུར། །སྐད་ཅིག་དག་ལ་ལུས་ལས་ནི། །བར་བར་མེ་བཞིན་འབར་བར་འགྱུར། །གླུ་དང་སིལ་སྙན་སྒྲ་རྣམས་དང་། །ལྷ་རྣམས་ཀྱིས་ནི་སྨྲ་བར་ཡང་། །ལྷ་མངོན་ཕྱོགས་པའི་སྔགས་པ་ཡིས། །དེ་དག་རྟག་ཏུ་ཐོབ་པར་འགྱུར། །གསང་སྔགས་ལྷ་ནི་མངོན་ཕྱོགས་པའི། །སྒྲུབ་པ་པོ་


DKG096_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཐུ་ཆེན་པོ། །བློ་ཅན་དཀའ་ཐུབ་འགྲུབ་པ་ཡིས། །ཀུན་དུ་ཞེན་པར་རྟག་ཏུ་བྱ། །མངོན་དུ་ཕྱོགས་པའི་གནས་ཐོབ་ན། །ནམ་མཁའ་རྒྱུ་བ་མངོན་པའི་གནས། །དབང་ཕྱུག་མང་པོ་རྟག་གྱུར་ཀྱང་། །གང་ཞིག་མ་མྱོས་དེ་སྔགས་རིག །གསང་སྔགས་འབྲས་བུ་མ་ལུས་པ། །ཡེ་ཤེས་དབང་ཕྱུག་བརྒྱན་པ་ཡང་། །དེ་མྱོས་གནས་ནི་མཆོག་ཏུ་འགྲོ། །རང་གི་མཐུ་ཡི་ཤེས་པས་གསལ། །རྡོ་རྗེ་ཅན་གྱི་གསང་བའི་མཆོག །ཚངས་པ་སྐྱོན་མེད་གང་ཡིན་པ། །གང་ཞིག་ཐོབ་ནས་བདེར་འགྱུར་བ། །ཡོངས་སུ་རྫོགས་པ་རྒྱལ་བ་བཞིན། །སྤྲོ་ཞིང་སྟོབས་དང་ལྡན་པ་ནི། །བཟླས་བརྗོད་བསམ་གཏན་དཀའ་ཐུབ་མིས། །གསང་སྔགས་རང་བཞིན་མེ་ཡིས་ནི། །སྡིག་པ་ཐམས་ཅད་བསྲེག་པར་བྱ། །གནས་དང་ཟས་དང་གྲང་བ་དང་། །ཆར་དང་རླུང་དང་ཚ་བ་ལ། །ཅི་མི་སྙམ་པར་ནམ་འགྱུར་ན། །དེ་ཚེ་ལས་ཀྱི་འབྲས་བུ་ངེས། །སྒྲའམ་ཡང་ན་གཟུགས་ལ་ཡང་། །གང་བརྩོན་པ་ནི་མི་རྨོངས་པ། །ཉེ་བར་གྱུར་པར་དེ་ཤེས་བྱ། །དཀའ་ཐུབ་ཅན་གྱིས་གནོད་པ་སྤངས། །གང་ཞིག་མཐོང་བ་ཙམ་གྱིས་ནི། །སེམས་ཅན་ཐམས་ཅད་བྱམས་འགྱུར་བ། །དེ་ནི་དངོས་གྲུབ་ཉེ་བར་འགྱུར། །བགེགས་རྣམས་ཐམས་ཅད་རྣམ་པར་སྤངས། །བདེ་བ་དང་ནི་སྡུག་བསྔལ་མཐའ། །འདོད་དང་ཁྲོ་དང་འཇིགས་པ་དང་། །ནད་དང་འཆི་དང་གནོད་དག་གི། །རྒྱུ་ནི་སྔགས་པ་རྣམས་ལ་ཡོད། །ནམ་ཞིག་ཉེ་བར་གྱུར་པ་ན། །དུས་དང་ལུས་དང་བྱ་དང་ལས། །ཆོས་དང་ཆོས་མིན་འབྲས་བུ་ལ། །དེ་ཚེ་སྔགས་ལ་མི་ལྟོས་སོ། །རིག་སྔགས་ཉེར་གྱུར་འདོད་པ་དང་། །གྲུབ་པ་དང་ནི་དེ་བཞིན་མཆོག །ཉེས་པ་སྟོང་དག་བྱས་པ་ཡང་། །བཟོད་པར་འགྱུར་བ་དོགས་པ་མེད། །རིག་བྱུང་རྫས་བྱུང་དངོས་གྲུབ་དང་། །སྨན་གྱི་ཡང་ནི་ལུས་ཅན་ལ། །ཉེ་བར་གྱུར་དང་སྔགས་གྲུབ་པ། །དབང་དུ་གྱུར་པར་རྟག་པར་རོ། །བསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ་རྫོགས་སྷོ།། །།སྤྱིར་ཤ་ལོ་ཀ་ལྔ་བཅུ་རྩ་གསུམ་མོ་སྐད།། །།


DKG096_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄༅༅།།རྒྱ་གར་སྐད་དུ། ཨཱཪྱ་སནྡྷིུ་མཱ་ལ་མ་ཧཱ་ཏནྟྲ་བོདྷི་སཏྭ་མ་ཧཱ་བི་ནི་ཤྩ་ཡནི་རྡེ་ཤཱད་མ་ཧཱ་མ་ཎི་རཏྣ་ཀཽ་ཤ་ལྱ་ནི་རྡེ་ཤ་མ་ཧཱ་པ་རི་ཎཱ་མཾ་ནཱ་མ་རཱ་ཛཱ། བོད་སྐད་དུ། འཕགས་པ་དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་པར་ངེས་པ་ཆེན་པོ་བསྟན་པ་ལས། ནོར་བུ་ཆེན་པོ་རིན་པོ་ཆེ་ལ་མཁས་པ་བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་རྡོ་རྗེ་རིན་པོ་ཆེའི་རྩེ་མོ་ལ་བཞུགས་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་བྱེད་པར་འདོད་པ། བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པ་བླངས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། སྙིང་རྗེའི་བདག་ཉིད་ཅན། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་འདོད་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་སྤྱོད་པའི་ཚོགས་ཉེ་བར་སོགས་པར་འདོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རབ་ཏུ་ཐོབ་པར་འདོད་པ། སྒྲིབ་པ་མེད་པའི་ཏིང་ངེ་འཛིན་དང་། གཟུངས་དང་། རྣམ་པར་ཐར་བའི་སྒོ་རྣམས་ཀྱིས་རྣམ་པར་རྩེ་བར་འདོད་པ། ནམ་མཁའ་མཛོད་ཉིད་དང་། ལག་ན་རིན་ཆེན་ཉིད་ཐོབ་པར་འདོད་པས་འདི་ལྟར་བསྔོ་བར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་བཅུ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། རྡོ་རྗེ་འཆང་རྣམས་བདག་ལ་དགོངས་སུ་གསོལ། བདག་བྱང་ཆུབ་ཏུ་སེམས་བསྐྱེད་པ། ལམ་ལ་རབ་ཏུ་གནས་པ་མིང་འདི་ཞེས་བགྱི་བ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དུས་ཐམས་ཅད་དུ་ཡོང་ཡེ་འཕུལ་ཞིང་མཆིན། དེ་བཞིན་གཤེགས་པ་མངའ་ཆེན་པོ་ཅན་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆེན་པོ་བརྙེས་པ་རྣམས་ཀྱིས་བཞེས་ཤིང་བདག་ལ་རྟག་ཏུ་བསོད་ནམས་ཀྱི་སྟོབས་ཆེན་པོ་དང་། ཡེ་ཤེས་ཀྱིས་ཉེ་བར་བརྟན་པ་དང་། བརྩོན་


DKG096_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་དང་། བརྩོན་པའི་བདག་ཉིད་དང་། ཞི་བ་དང་། དུལ་བ་དང་། ཉེ་བར་ཞི་བའི་གནས་དང་། མངོན་པར་ཤེས་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་མཛད་དུ་གསོལ། དེའི་འོག་ཏུ་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་དག་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། འཁོར་བར་ལྷུང་བ། འཆིང་བས་བཅིངས་པ། བཙོན་རར་ཆུད་པ། ཆོས་ཀྱི་ལམ་སྟོར་བ། ཉོན་མོངས་པའི་དགྲ་བོ་བདོ་བས་མངོན་པར་གཙེས་པ། མགོན་མ་མཆིས་པ། སྐྱབས་མ་མཆིས་པ། སྐྱོབ་པ་མ་མཆིས་པ། གནས་མ་མཆིས་པ། དཔུང་གཉེན་མ་མཆིས་པ། སྟོན་པ་མ་མཆིས་པ། ལམ་གོལ་བར་ཞུགས་པ། འཁོར་བ་ལ་མངོན་དུ་ཕྱོགས་པ། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་བལྟས་པ། ངན་སོང་ལ་གཞོལ་བ། ངན་སོ་པས་འབབ་པ། ངན་སོང་ལ་བབ་པ། མི་དགེ་བའི་བཤེས་གཉེན་དང་འགྲོགས་པར་ལྷུང་བ། དགེ་བའི་བཤེས་གཉེན་དང་བྲལ་བ། སྨན་པ་ལ་མི་སྨན་པ་དང་། མཐུན་པ་ལ་མི་མཐུན་པ་དང་། དགེ་བ་ལ་མི་དགེ་བར་བཟུང་བ། སློབ་དཔོན་མ་མཆིས་པ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ལྟ་བ་ལ་རྒྱབ་ཀྱིས་ཕྱོགས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་གྱིས་འཚེ་བས་གཙེས་པ། བདེ་བ་མ་ཐོབ་པ། མི་སྐྲག་པ་མ་ཐོབ་པ། མི་འཇིགས་པ་མ་ཐོབ་པ། རྟག་ཏུ་མཉམ་པར་མ་བཞག་པ། ཞི་བ་དང་། དུལ་བ་དང་། སྦྱིན་པ་དང་། ངེས་པ་དང་། ཡང་དག་པར་སྡོམ་པ་དང་། བག་ཡོད་པ་དང་བྲལ་བ། ཏིང་ངེ་འཛིན་དང་། གཟུངས་དང་། ས་དང་།བཟོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གནས་པ་དང་བྲལ་བ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པ་དང་བྲལ་བ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་གསུམ་ལ་རྒྱབ་ཀྱིས་ཕྱོགས་པ། སྒྲིབ་པ་མེད་པའི་ཡེ་ཤེས་ཆེན་པོ་དང་བྲལ་བ། ཤིན་ཏུ་གནས་པའི་ཆོས་ཀུན་དུ་འབྱུང་བའི་རྒྱུ་ཉིད་ལ་མི་གནས་པ། མངོན་པར་ཤེས་པ་དང་བྲལ་བ། སྟོབས་


DKG096_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མ་ཐོབ་པ། མི་འཇིགས་པ་དང་མི་ལྡན་ཞིང་མི་གནས་པ། མི་བརྗེད་པའི་ཆོས་ཀྱི་རྗེས་སུ་འགྲོ་བའི་སྐབས་དང་མི་ལྡན་པ། ཡོན་ཏན་གྱིས་སྟོང་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་གོས་ཀྱིས་མ་གཡོགས་པ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་བགྲོད་པ་དང་བྲལ་བ། སྡུག་བསྔལ་བརྒྱ་སྟོང་ཕྲག་དུ་མས་མངོན་པར་གཙེས་པ། རྟག་ཏུ་གདུངས་པ། རྟག་ཏུ་དམན་པ། རྟག་ཏུ་རྨོངས་པ། རྟག་ཏུ་མཉམ་པར་མ་བཞག་པ། རྟག་ཏུ་ཉོན་མོངས་པའི་རྗེས་སུ་ཞུགས་པ་ལགས་ན། ཐུགས་རྗེ་ཆེན་པོས་དགོངས་ཏེ་བདག་གི་སྐྱབས་མཛད་དུ་གསོལ། བདག་གི་དཔུང་གཉེན་མཛད་དུ་གསོལ། བདག་གི་བྱང་ཆུབ་ཆེན་པོའི་ལམ་དང་། བྱང་ཆུབ་ཀྱི་ལམ་དང་། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དུ་གསོལ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བ་དང་། གཟུངས་རྣམས་སྐྱབས་མཛད་དུ་གསོལ། བདག་གི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དུ་གསོལ། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་། མཐུ་ཆེན་པོ་བརྙེས་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་དང་། བཀུར་སྟི་ཆེན་པོ་བགྱིས་ནས་བདག་འབུལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཀོད་པ་ཆེན་པོ་རྣམས་ཀུན་དུ་གནས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་རིན་པོ་ཆེའི་གཞལ་མེད་ཁང་རྣམས་དང་། རིན་པོ་ཆེའི་ཤིང་ལྗོན་པ་རྣམས་དང་། རིན་པོ་ཆེའི་རི་རྣམས་དང་། རིན་པོ་ཆེའི་གདན་རྣམས་དང་། རིན་པོ་ཆེའི་ལན་ཀན་རྣམས་དང་།རིན་པོ་ཆེའི་ཕྲེང་བ་རྣམས་དང་། རིན་པོ་ཆེའི་གདུགས་རྣམས་དང་། རིན་པོ་ཆེའི་རྒྱལ་མཚན་རྣམས་དང་། རིན་པོ་ཆེའི་ཆུན་པོ་རྣམས་དང་། །རིན་པོ་ཆེའི་མུ་ཏིག་གི་དྲ་བ་


DKG096_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། རིན་པོ་ཆེའི་སྣོད་རྣམས་དང་། རིན་པོ་ཆེའི་ཕྲེང་བ་རྣམས་དང་། རིན་པོ་ཆེ་འབར་བའི་ཚོགས་རྣམས་དང་། རིན་པོ་ཆེའི་གླིང་བརྒྱ་དང་། ནོར་བུ་ཆེན་པོ་རྣམས་དང་། མར་མེའི་ལྡོང་བུ་གཙང་བ། ནོར་བུ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པས་འཆོར་བ། གསེར་གྱི་ཙོང་ཙོང་མང་པོས་བཏགས་པ་རྣམས་དང་། པདྨ་འཛམ་བུ་ཆུ་བོའི་གསེར་གྱི་གེ་སར་ཆེན་པོ་ཅན་རྣམས་དང་། གསེར་གྱི་ཕྲེང་བ་རྣམས་དང་། གསེར་གྱི་གཞལ་མེད་ཁང་རྣམས་དང་། རིན་པོ་ཆེའི་སྤྲིན་རྣམས་དང་། རིན་པོ་ཆེའི་འབྲུའི་ཆར་རྣམས་དང་། རིན་པོ་ཆེའི་སྙིང་པོ་ཅན་གྱི་ཁང་བཟངས་རྩིག་པ་ནོར་བུ་རབ་མཆོག་སྣ་ཚོགས་ཀྱིས་སྤྲས་པ། རིན་པོ་ཆེའི་ལན་ཀན་ཅན་རྣམས་དང་། རིག་སྔགས་འཆང་ཆེན་པོའི་སྐྱེད་མོས་ཚལ་ཉམས་དགའ་བ་རྣམས་དང་། གནས་ཉམས་དགའ་བ་རྣམས་དང་། གཞལ་མེད་ཁང་ཉམས་དགའ་བ་རྣམས་དང་། སྐྱེད་མོས་ཚལ་ཉམས་དགའ་བ་རྣམས་དང་། ལྷའི་ཉེ་བར་སྤྱད་པ་ཉམས་དགའ་བ་ཡོངས་སུ་མ་སྤྱད་པ་ཇི་སྙེད་མཆིས་པ་དེ་དག་ཐམས་ཅད་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ། །གང་དག་འཛམ་བུའི་གླིང་ན་མཆིས་པའི་སྨན་རྣམ་པ་སྣ་ཚོགས་པ་རྣམས་དང་། བཅུད་ཀྱིས་ལེན་གྱི་རིགས་རྣམས་དང་། གང་དག་དུས་ཐམས་ཅད་པའི་ནོར་བུ་དང་། གང་དག་ཞལ་ཟས་རོ་ཞིམ་པོ་ཕུན་སུམ་ཚོགས་པ་ཁྱད་དུ་འཕགས་པ་རྣམས་དང་། གང་དག་དྲི་བདའ་བའི་ལྗོན་ཤིང་རྣམས་དང་། ཙནྡན་གྱི་ལྗོན་ཤིང་རྣམ་པ་སྣ་ཚོགས་དུས་ཀྱི་རྗེས་སུ་འབྲང་བ་དང་།ཙནྡན་དམར་པོ་རྣམས་དང་། རྟག་ཏུ་མེ་ཏོག་དང་ལྡན་པའི་ནགས་ཚལ་ཆེན་པོ་རྣམས་དང་། སྤོས་ཀྱི་ངད་རྒྱས་པ་ཡིད་དུ་མཆི་བའི་དྲི་གདའ་བའི་ལྗོན་ཤིང་གི་རིགས་རྣམས་དང་། གང་དག་དཔག་བསམ་གྱི་ཤིང་བདག་གི་མ་མཆིས་ཤིང་ཡོངས་སུ་འཛིན་པ་མ་མཆིས་པ་རྣམས་དང་། གང་དག་རྒྱ་མཚོའི་ནོར་བུ་རྣམ་པ་སྣ་ཚོགས་དང་། ཡིད་བཞིན་གྱི་ནོར་བུ་རྣམས་དང་། གང་དག་རི་ལྷུན་པོ་དང་། ཏི་སེ་དང་། སྤོས་ཀྱི་ངད་ལྡང་དང་། མ་ལ་ཡ་དང་། འབིགས་བྱེད་དང་། མན་དཱ་ར་དང་། རྡོ་རྗེའི་རི་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཐོམ་རྣམས་ལ། རིན་


DKG096_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་སྣ་ཚོགས་ཀྱི་ཁང་པ་བརྩེགས་མ་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཕུག་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་བྲག་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ས་གཞི་ལ་བརྟན་པ་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོ་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཐེམ་སྐས་རྣམས་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཀ་བ་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པའི་ཚར་རྣམས་དང་། ནོར་བུ་བཻཌཱུཪྱ་སྣ་ཚོགས་ཀྱི་སྒྲོན་མ་རྣམས་དང་། གང་དག་ལྷ་ཡུལ་གྱི་གཞལ་མེད་ཁང་བལྟ་ན་སྡུག་པ་རྣམས་དང་། གང་དག་ལྷ་ཡུལ་གྱི་ལྷའི་གྲོང་ཁྱེར་གྱི་གཞལ་མེད་ཁང་ཡོངས་སུ་བཟུང་བ་མ་མཆིས་པ་རྣམས་དང་། གང་དག་ལྷ་ཡུལ་གྱི་མེ་ཏོག་བལྟ་ན་སྡུག་པ་རྣམས་དང་། གང་དག་ལྷ་ཡུལ་གྱི་གླུ་དབྱངས་ཀྱི་ཆ་སྤྱད་རྣམས་དང་། གཞལ་མེད་ཁང་སྟོང་པ་རྣམས་ཀྱི་ཚར་རླུང་གིས་བསྐྱོད་པ་སྒྲ་སྙན་པ་འབྱིན་པ་རྣམས་དང་། རོལ་མོའི་ཆ་སྤྱད་ཀྱི་རྣམ་པ་མ་ཀྲོལ་བར་རང་སྒྲ་སྙན་པར་འབྱིན་པ་རྣམས་དང་། གང་དག་ལྷ་ཡུལ་གྱི་བྱའི་ཚོགས་གཞལ་མེད་ཁང་སྟོང་པ་རྣམས་ན་གནས་ཤིང་སྐད་སྙན་པ་འབྱིན་པ་རྣམས་དང་། གང་དག་རིན་པོ་ཆེའི་སྤྲིན་སྒྲ་དབྱངས་ཆེན་པོ་སྙན་པར་འབྱིན་པ་རྣམས་དང་། གང་དག་ལྷའི་ནོར་བུ་རྣམས་དང་། གང་དག་གླུ་དབྱངས་རྣམས་དང་། གང་དག་དྲི་བདའ་བའི་མེ་ཏོག་གི་ལྗོན་ཤིང་རྣམས་དང་། ཕྲེང་པའི་ལྗོན་ཤིང་རྣམས་དང་། སྤོས་ཀྱི་ལྗོན་ཤིང་རྣམས་དང་། རྒྱལ་མཚན་གྱི་ལྗོན་ཤིང་རྣམས་དང་། བ་དན་གྱི་ལྗོན་ཤིང་རྣམས་དང་། རིན་པོ་ཆེའི་ལྗོན་ཤིང་ཡོངས་སུ་ལོངས་མ་སྤྱད་པ་དེ་དག་ཐམས་ཅད་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ། །གང་དག་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་མཆོད་པ་ཆེན་པོའི་སྤྲིན་མེ་ཏོག་གི་སྤྲིན་རྣམས་དང་། དྲིའི་སྤྲིན་རྣམས་དང་། ཕྲེང་བའི་སྤྲིན་རྣམས་དང་། བདུག་པའི་སྤྲིན་རྣམས་དང་། ལྷབ་ལྷུབ་ཀྱི་སྤྲིན་རྣམས་དང་། བྱུག་པའི་སྤྲིན་རྣམས་དང་། རིན་པོ་ཆེའི་གདུགས་ཀྱི་སྤྲིན་རྣམས་དང་། རིན་པོ་ཆེའི་རྒྱལ་མཚན་གྱི་


DKG096_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་རྣམས་དང་། རིན་པོ་ཆེའི་བ་དན་གྱི་སྤྲིན་རྣམས་དང་། རིན་པོ་ཆེའི་གོས་ཀྱི་སྤྲིན་རྣམས་དང་། རིན་པོ་ཆེའི་ལྗོན་ཤིང་གི་སྤྲིན་རྣམས་དང་། རིན་པོ་ཆེས་བཀང་བའི་སྣོད་ཀྱི་སྤྲིན་རྣམས་དང་། རིན་པོ་ཆེ་ནོར་བུ་ཆེན་པོ་སྤུངས་པའི་སྤྲིན་རྣམས་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་སྤྲིན་རྣམས་དང་། མར་མེའི་སྣོད་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་ལ་དྲི་ཞིམ་པོའི་འབྲུ་མར་གྱིས་ཡོངས་སུ་བཀང་ཞིང་སྙིང་པོའི་རས་རི་རབ་བརྒྱའི་ཚད་ཙམ་རབ་ཏུ་འབར་བ་རྣམས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ། །དེ་དག་ཐམས་ཅད་ལ་གསོལ་བ་ནི་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་རྣམས་ལ་སེམས་ཅན་རྣམས་ཀྱི་དོན་དུ་བསྐལ་པ་མང་པོར་བཞུགས་པར་གསོལ་ལོ། །ཅི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་མི་དམིགས་པར་བཞུགས་ཏེ་བསྔོས་པ་ལྟར་བདག་གིས་བསོད་ནམས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་ངོ་། །སྡིག་པ་ཐམས་ཅད་ཀྱང་སོ་སོར་བཤགས་སོ། །ཨོྃ་སྨ་ར་སྨ་ར། བི་མཱ་ན་སྐ་ར་མ་ཧཱ་ཛ་བ་ཧཱུྃ། དེའི་འོག་ཏུ་ཅི་ལྟར་འདོད་པ་བཞིན་ལྷ་རྫས་ཀྱི་མཆོད་པ་ཆེན་པོའི་སྤྲིན་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་འབྱུང་བར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས་རྒྱས་དམིགས་པ་ཡིད་ལ་བྱེད་པས་ཡོངས་སུ་བསྔོ་བ་ཆེན་པོའི་འཁོར་ལོ་འདི་ཉིན་པར་རམ། མཚན་མོ་འདོན་ན། དེའི་སྡིག་པ་རྣམས་ཡོངས་སུ་ཟད་པར་འགྱུར་ཞིང་ཉོན་མོངས་པ་ཐམས་ཅད་ཀྱང་བསྲབས་པར་འགྱུར་རོ། །གོང་དུ་སྨོས་པའི་ཡོན་ཏན་རྣམས་ཀྱང་འཐོབ་པར་འགྱུར་རོ། །ལན་ཅིག་བཟླས་བརྗོད་པར་བྱས་ན་ཚངས་པ་བརྒྱའི་བསོད་ནམས་འཐོབ་པར་འགྱུར་རོ། །རྨི་ལམ་ན་ཡང་རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཆོས་སྟོན་པ་མཐོང་


DKG096_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །རིག་སྔགས་རྣམས་ཀྱང་ཡང་དག་པར་གྲུབ་པར་འགྱུར་རོ། །རྡོ་རྗེ་འཆང་གིས་ཡོངས་སུ་གཟུང་བར་ཡང་འགྱུར་རོ། །ཇི་ལྟར་འདོད་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཡང་སྐྱེ་བར་འགྱུར་རོ།།འཕགས་པ་དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་པར་ངེས་པ་ཆེན་པོ་བསྟན་པ་ལས། ནོར་བུ་ཆེན་པོ་རིན་པོ་ཆེ་ལ་མཁས་པ་བསྟན་པ། ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ་རྫོགས་སྷོ།། །།ཁ་ཆེའི་མཁན་པོ་དྷ་རྨཱ་ཀ་ར་དང་། ལོ་ཙྪ་བ་བནྡེ་དཔལ་འབྱོར་གྱིས་བསྒྱུར་བ་ལས། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། །ཞུ་ཆེན་གྱི་ལོ་ཙྪ་པ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།


previousབསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ།next