Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་བཅུ་གོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་ཁྲོ་བོ་མི་གཡོ་བའི་གཟུངས་ཞེས་བྱ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་ཁྲོ་བོ་མི་གཡོ་བའི་གཟུངས་ཞེས་བྱ་བ།next

འཕགས་པ་ཁྲོ་བོ་མི་གཡོ་བའི་གཟུངས་ཞེས་བྱ་བ།


DKG098_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་ཨ་ཙ་ལ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཁྲོ་བོ་མི་གཡོ་བའི་གཟུངས་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདུད་དང་ཀླུ་ལ་སོགས་ཏེ་མ་རུངས་པ་ཐམས་ཅད་འཇོམས་པའི་ཁྲོ་བོ་ཆེན་པོ་མི་གཡོ་བ་སྐུ་བྱད་སྐྱེས་བུ་ལང་ཚོ་ལ་བབ་པ་ལྟ་བུ། མདོག་དབྱར་གྱི་ཆར་སྤྲིན་ལྟ་བུ། ནམ་མཁའ་འོད་ཀྱིས་འགེངས་པ་བསྐལ་པའི་མེ་ལྟ་བུ། ཤིན་ཏུ་འགྱིང་བ་དཔག་བསམ་གྱི་ཤིང་ལྟ་བུ། ཞབས་བརྐྱང་བསྐུམ་གྱད་ཀྱི་འགྲོས་ལྟ་བུ། སྤྱན་དམར་བ་པ་ལ་ཤའི་མེ་ཏོག་ལྟ་བུ། མཆེ་བ་གཙིགས་པ། ཟླ་བ་ཚེས་པ་ལྟ་བུ། ལྗགས་འགྱུ་བ་ཐོག་གི་གློག་ལྟ་བུ། སྨིན་མ་ཁྲོ་གཉེར་བསྡུས་པ་ཤིང་བྷི་ཤའི་ལོ་མ་ལྟ་བུ། ཕྱག་གཡས་ན་རལ་གྲི་བསྣམས་པ་གཟའི་མདའ་ལྟ་བུ། གཡོན་ན་ཞགས་པ་བསྣམས་པ་རྒྱ་མཚོ་མཇིང་གི་སྦྲུལ་ལྟ་བུ། དགའ་བོ་དང་ཉེ་དགའ་སྔོན་པོས་ཐོད་བྱས་པ། པདྨ་དང་པདྨ་ཆེན་པོ་སེར་ཁྲས་རྣ་ཆ་བྱས་པ། དུང་སྐྱོང་དཀར་པོས་དོ་ཤལ་བྱས་པ། རིགས་ལྡན་ལྗང་གུས་ག་ཤལ་བྱས་པ། མཐའ་ཡས་དང་འཇོག་པོ་ནག་པོས་ཞབས་གདུབ་བྱས་པ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། ཀླུ་དང་། གནོད་སྦྱིན་དང་། ཤ་ཟ་དང་འབྱུང་པོ་ཐམས་ཅད་ཧ་ཧི་ཧཱུྃ་ཞེས་བརྗོད་པས་སྐྲག་པར་བྱེད་པ། ཧྃ་མྃ་ཞེས་བརྗོད་པས་བརྒྱལ་བར་བྱེད་པ། ནད་དང་རིམས་དང་། གདོན་དང་དགྲ་དང་། མཚོན་དང་ཆོམ་རྐུན་དང་། གཅན་གཟན་དང་འཐབ་རྩོད་དང་། རྨི་ལམ་ངན་པ་དང་ལྟས་ངན་པ་རྣམས་ཟློག་པ། ལྷ་དང་། ཀླུ་དང་། འབྱུང་བོ་རྣམས་ལན་ཅིག་བརྗོད་པས་འཇོམས་པར་བྱེད་པའི་


DKG098_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སྨྲས་པ། ན་མཿས་མནྟ་ཨཱརྱ་ཙ་ལ་ནྃ། ཏྲ་ཊ་ཏྲ་ཊ། ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུྃ། ཏྲ་མ་ཡ་ཏྲ་མ་ཡ་ཧཱུྃ་ཕཊ། ཏྲྭ་ཐཿཧྃ་མྃ། ཏདྱ་ཐཱ། ཨོྃ་ཨཱཿཧཱུྃ། ཤུདྡྷེ་ཤུདྡྷེ། རྃ་ཧོ་ཡ། བི་ཤུདྡྷེ་བི་ཤུདྡྷེ། ཨ་ཤུ་མྃ་བི་ཤུ་རྃ། ཤོ་དྷ་ནེ་བི་ཤོ་དྷ་ནེ། ཙཎྜ་ཙཎྜ། མ་མ། བ་ལ་བ་ལ། མ་ར་མ་ར། མ་ར་ཡ་མ་ར་ཡ། སརྦ་ཤ་ཏྲུྃ། སརྦ་བིགྷྣ་ན། སརྦ་དུཥྚྃ་ཧཱུྃ་ཕཊ། ཨོྃ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། དེའི་ཆོ་ག་ལ་ཧྃ་མྃ་ཞེས་བྱ་བ་རྫས་གང་དང་གང་ལ་བཀོད་དེ། སྔགས་འདི་བརྒྱ་རྩ་བརྒྱད་དུ་སྔགས་ན་གང་བསྒྲུབས་པ་འགྲུབ་པོ། །ལྕགས་སྣ་ལྔ་ལས་བྱས་པའི་རལ་གྲིས་གཞན་གྱི་གཡུལ་ཐམས་ཅད་ཟློག་པར་བྱེད་དོ། །གླ་རྩི་དང་། བཙན་དུག་དང་། ཤིང་ཀུན་དང་། བྱ་རོག་གི་མཆུས་གདོན་གྱི་རིགས་ཙམ་ཐུབ་པར་འགྱུར་རོ། །བུམ་པ་ཆུས་བཀང་བས་བཀྲུས་ན་ནད་ཐམས་ཅད་སོས་པར་བྱེད་དོ། །རིན་པོ་ཆེའི་སྣོད་དུ་གསེར་དང་། དངུལ་དང་། བྱི་རུ་དང་། མུ་ཏིག་དང་། ཤེལ་སྩལ་ཏེ་གསོལ་བ་བཏབ་ན་ནོར་རྙེད་པར་འགྱུར་རོ། །གླ་རྩི་དང་། མ་ལཱ་དང་། སྒོག་པ་དཀར་པོས་ནད་ཐམས་ཅད་སྲུང་བར་བྱེད་དོ། །ཛཱ་ཏི་ཕ་ལ་དང་། གུར་གུམ་དང་། ལི་ཤི་དང་། སུག་སྨེལ་དང་། ཅུ་གང་དང་། ཀཀྐོ་ལ་དང་། གླ་རྩི་དང་། ག་བུར་རྣམས་ཟ་མ་ཏོག་གཙང་བར་སྦྱར་ཏེ་མིག་ལ་བསྐུས་ན་འབྱུང་པོ་རྣམས་མཐོང་ངོ་། །བྱ་རྒོད་ཀྱི་སྡེར་མོ་དང་སྟག་གི་མཆེ་བ་སེར་བ་གཡོ་བའི་ཕྱོགས་སུ་ཕྱར་ན་སླར་ཟློག་གོ། །ཀླུའི་གཟུགས་སྤྲ་ཚིལ་ལ་བྱས་ཏེ་བླག་བ་མེད་པར་མཆོད་ན་ཆར་བ་ཕེབས་པར་བྱེད་དོ། །ཤིར་ཤིང་གི་ཕུར་པ་ལ་སྔགས་ཀྱི་འཁྲུལ་འཁོར་བཅས་ཏེ་ཚགས་བྱས་ན་དགྲ་རྐུན་ཟློག་པར་འགྱུར་རོ། །ཡེ་ཤེས་ཀྱི་འོད་ཟེར་ལ་དམིགས་པ་བཅས་ན་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་གིས་སྙིང་རྗེ་དང་ལྡན་པར་ཡི་དམ་དུ་བྱས་ཏེ་ཀློག་པ་དང་། ཁ་ཏོན་དང་ཟློས་པར་བྱེད་ན། གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །འཕགས་པ་ཁྲོ་བོ་མི་གཡོ་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།པཎྜི་ཏ་དྷརྨ་ཏཱ་ཤཱི་ལ་དང་། ལོ་ཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།


previousའཕགས་པ་ཁྲོ་བོ་མི་གཡོ་བའི་གཟུངས་ཞེས་བྱ་བ།next