Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་བཅུ་གོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཀྱིལ་འཁོར་དུ་དབང་བསྐུར་བའི་མདོར་བསྡུས་ཆེན་པོ།
   
   


 
previousདཀྱིལ་འཁོར་དུ་དབང་བསྐུར་བའི་མདོར་བསྡུས་ཆེན་པོ།next

དཀྱིལ་འཁོར་དུ་དབང་བསྐུར་བའི་མདོར་བསྡུས་ཆེན་པོ།


DKG099_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་སོགས་ཀྱི་ཡམ་ཤིང་སོགས། །བསྲེགས་པ་ཐམས་ཅད་གསོལ་བ་གང་། །ཡེ་ཤེས་མེ་དེ་ལ་བཏུད་ནས། །དེ་ཡི་ཐབ་ཀྱི་མཚན་ཉིད་བཤད། །ཞི་བ་ལ་སོགས་རབ་དབྱེ་ལས། །སོ་སོའི་ཕྱོགས་ཀྱི་ཆ་ཡིས་ནི། །ཐབ་ཁུང་རྣམ་བརྒྱད་རབ་གསུངས་དང་། །དགུ་པ་ལས་ནི་ཐམས་ཅད་པ། །འཇམ་པའི་རྡོ་རྗེས་རྩ་རྒྱུད་ལས། །ཕྱུང་སྟེ་མདོར་བསྡུས་བསྟན་པ་གང་། །དེ་རྣམས་རྩ་རྒྱུད་རྗེས་སུ་ནི། །འཇུག་པས་རྣམ་པར་རྒྱས་པར་བྱ། །འདིར་ཚིགས་སུ་བཅད་པ་བདུན་ཅུ་རྩ་གཅིག་པ་ལ་སོགས་པས་གསུངས་པ་ལས་ཐམས་ཅད་པ་ལ་སོགས་པའི་ཐབ་རྣམས་ཀྱི་མཚན་ཉིད་


DKG099_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པོ་འམ་ཞེས་པ་ལ་སོགས་པས་གསུངས་ཏེ་འདིར་ཐམས་ཅད་དུ་ཁྲུ་བཞི་པའི་དཀྱིལ་འཁོར་ལ་ལས་ཐམས་ཅད་པའི་ཐབ་ནི་ཞི་བ་ལ་ཟླུམ་པོ་དཀྱིལ་འཁོར་གྱི་ཕྱེད་དོ། །རྒྱས་པ་ལ་གྲུ་བཞི་དཀྱིལ་འཁོར་དང་མཉམ་པའོ། །དེ་ལ་རེ་ཞིག་རིགས་ཀྱི་དབང་གིས་ཡེ་ཤེས་ཀྱི་འཁོར་ལོ་ནི་ཐམས་ཅད་དུ་སྙིང་པོར་ཏེ་རྡོ་རྗེ་ཕྲེང་བ་དང་ཀ་བའི་མཐར་དཀྱིལ་འཁོར་ལས་ཕྱེད་ཀྱི་ཆར་འགྱུར་ཏེ་ཕྱི་རོལ་འཁོར་ལོའི་ཕྱེད་ཀྱི་ཚད་ཀྱིས་ཞེས་པའི་ངེས་པ་ལས་སོ། །དེའི་ཕྱེད་ཀྱིས་རྩ་བའི་པདྨ་སྟེ་དེའི་ཕྱིར་སྙིང་པོའི་པདྨའི་ཉིས་འགྱུར་རོ། །རྒྱས་པ་ལ་ཁྲུ་གཉིས་པ་གྲུ་བཞིའོ། །ཟླུམ་པོ་དང་སྙིང་པོའི་པདྨའི་ཚད་ནི་ཁྲུ་གཅིག་གོ། །ཐམས་ཅད་དུ་གྲོང་ལ་སོགས་པའི་དབུས་སུ་བསོད་ནམས་ཀྱི་དོན་དུའོ། །ཡང་ན་ལས་ཀྱི་རྗེས་སུ་མཐུན་པས་བྱང་དང་དྲག་པོའི་ཟུར་རམ་གཞན་ཡང་དཀར་པོའི་ས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་རྡོ་རྗེ་འབར་བའི་ཕྱི་རོལ་ཁྲུ་གཉིས་ཀྱི་བར་དུའོ། །དེ་ལ་ཐབ་གྲུ་བཞི་ནི་ཁྲུ་གཉིས་པ་སྟེ་རྒྱར་ཕྱི་རོལ་གྱི་འཁོར་ལོའི་ཕྱེད་ཀྱི་ཚད་ཀྱིས་སོ། །ཟབས་ནི་པདྨའི་ཚད་ཅེས་པ་ནི་འདིར་རྒྱས་པའི་ཐབ་ལ་ཟབས་ནི་པདྨའི་ཚད་དེ་མཐོ་གཉིས་སུ་འགྱུར་ཞིང་ཟླུམ་པོ་ལ་མཐོའི་ཚད་དུ་འགྱུར་རོ། །དེའི་ནང་དུ་སྙིང་པོར་པདྨ་སྟེ་ཁྲུ་བཞི་པའི་དཀྱིལ་འཁོར་ལ་ཇི་ལྟ་བ་དེ་བཞིན་དུ་ཐབ་གྲུ་བཞི་དང་ཁྲུ་གཉིས་པའི་དཀྱིལ་འཁོར་ལ་ཇི་ལྟ་བ་དེ་བཞིན་དུ་ཐབ་ཟླུམ་པོའི་སྙིང་པོ་ལ་མཚན་མ་དང་བཅས་པར་འགྱུར་རོ། །དེ་ལྟར་ན་དཀྱིལ་འཁོར་ལ་པདྨ་ཕྱེད་དང་པདྨའི་ཕྱི་རུ་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་བུམ་པ་དང་བཅས་རལ་གྲི་ལ་སོགས་པའི་མཚན་མ་ཇི་ལྟ་བ་དེ་བཞིན་དུ་ཐབ་ཁུང་གི་སྙིང་པོར་རྩ་བའི་པདྨ་ལ་སོགས་པ་བྱའོ། །རྡུལ་ཚོན་དཀར་པོ་ལ་སོགས་པའམ་འཇིམ་པས་ཏེ་ཐབ་ཁུང་ཐམས་ཅད་ལ་ཕྱི་ནས་ལས་ཀྱི་རྗེས་སུ་མཐུན་པས་ཁ་དོག་བྱ་བ་ནི་རྒྱས་པའི་དཀྱིལ་འཁོར་ལ་འབྲས་བཏགས་པ་ལ་སོགས་པས་སོ། །མཚན་མ་རྣམས་ནི་དཀྱིལ་འཁོར་གྱི་མཚན་མ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་ཐབ་ཁུང་གི་གཞི་ལ་ཚངས་པའི་གནས་ནས་ཐད་ཀའི་ཆ་ཁྲུ་གཅིག་སྟེ་གྲུ་བཞིའི་ཕྱེད་ཀྱི་ཆའོ། །དེ་


DKG099_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཐབ་ཀྱི་རྩིག་པ་ལའོ། །དེ་ལྟར་ཆ་གཉིས་དང་གཉིས་ནི་ཤར་དང་ནུབ་དག་དང་དེ་བཞིན་དུ་ལྷོ་དང་བྱང་ལ་ཡང་ངོ་། །དེ་ལྟར་ན་ཐབ་ཁྲུ་བཞི་ནི་ར་བའི་མཚམས་སུ་སྟེ་མིག་ལ་སོགས་པའི་གནས་ཀྱི་མཐར་ཐུག་པར་རོ་ཞེས་པ་ནི་ངེས་པའོ། །ཁྲུ་བཞི་པ་ནི་གྲུ་བཞིའོ། །དེའི་ཕྱེད་ནི་ཟླུམ་པོ་སྟེ་ཁྲུ་གཉིས་པའི་དཀྱིལ་འཁོར་རོ། །དེ་ཡི་ཕྱེད་ཀྱིས་ཀྱང་ནི་མཆུ་སྟེ་ཞེས་པ་ནི་པདྨའི་ཕྱེད་དེ་དེ་བཞིན་གཤེགས་པའི་གནས་དེའི་ཕྱེད་ཀྱིས་ཐད་ཀ་དང་དཔངས་སུ་སྟེར་བའི་ཚད་ཀྱི་ཐད་ཀའི་ཆ་ཡིས་ངེས་པའོ། །ཚད་དེ་ཉིད་ཀྱིས་དཀྱིལ་འཁོར་གྱི་སྟེགས་བུའི་ཕྱེད་ཇི་སྲིད་པའོ། །དེའི་སྟེང་དུ་དེའི་ཕྱེད་ཀྱིས་འབྱུང་བ་དང་དཔངས་ཏེ་མཆུའི་ཕྱི་རོལ་གྱི་སྟེང་དུ་རེ་ཁཱའི་དཀྱིལ་འཁོར་རོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་སྟེགས་བུའི་མཐར་ཡོངས་སུ་དག་པའོ། །དེ་ལས་ཉིས་འགྱུར་དག་ཀྱང་ཁ་ཁྱེར་དག་གི་རྒྱ་ཡི་ཆ་ཞེས་པ་ནི་སྙིང་པོའི་མཆུའི་ཚད་དེ་ལས་ཉིས་འགྱུར་ཐད་ཀའི་ཆར་བཀྱེད་པ་ནི་ཁ་ཁྱེར་ཏེ་དེ་བཞིན་དུ་རིན་པོ་ཆེའི་སྣམ་བུ་དང་དོ་ཤལ་དང་དོ་ཤལ་ཕྱེད་པའི་ས་དང་བ་ཀུ་ལཱིའི་མཐར་ཐུག་པར་ཐམས་ཅད་དུ་ཁ་ཁྱེར་བྱའོ། །དེ་ནས་བ་ཀུ་ལཱི་དང་ཀྲ་མ་ཤཱིཪྵའི་ཆ་ཚད་ཕྱེད་ཐད་ཀའི་ཆར་བཀྱེད་པའོ། །ཁ་ཁྱེར་གྱི་སྟེང་གི་དབུས་ཀྱི་ཆ་དེ་ལ་ཁ་ཁྱེར་ཆ་ལྔར་བྱས་ནས་དབུས་ཀྱི་ཆ་གསུམ་གྱི་ཁ་ཁྱེར་གྱི་སྟེང་དུ་རྡོ་རྗེ་ཕྲེང་བ་སྟེ་ལས་ཐམས་ཅད་པའི་ཐབ་ལའོ། །མཆུའི་ཚད་ཕྱེད་ཀྱིས་དབང་ས་ཏེ་གང་གི་ཚེ་འཇིམ་པའི་རང་བཞིན་ཡིན་པ་དེའི་ཚེ་དབུས་མའི་རྭ་ནི་མཆུའི་ཕྱེད་ཀྱིས་དཔངས་སོ། །གང་གི་ཚེ་རྡུལ་ཚོན་གྱི་ས་ཡིན་པ་དེའི་ཚེ་དཔངས་ངེས་པ་མེད་དོ། །ཕྱི་རོལ་འོག་ཏུ་སྟེ་འོག་ཏུ་རྩེ་མོ་ཡོད་པའི་འདབ་མ་རྣམས་སའི་མཐར་ཐུག་པར་ཁ་ཁྱེར་གྱི་ཕྱེད་ཀྱི་ཚད་ཀྱིས་བྱའོ། །དེ་ནས་ཕྱི་རོལ་གྱི་ཕྱོགས་རྣམས་ཀུན་དུ་ས་ལ་ཀུ་ཤ་དགོད་པར་བྱའོ། །ཀུ་ཤ་བཀྲམ་པ་དེ་ཡི་ཕྱི་རོལ་དུ་རི་མོ་གསུམ་དང་ནུབ་ཀྱི་ཕྱོགས་ཀྱི་ཆར་ངེས་པར་སྒོ་གཅིག་ཏུ་ནི་རབ་ཏུ་འགྱུར་ཞེས་པ་ནི་འདིར་ཐབ་ཀྱི་ཕྱི་རོལ་དུ་ཁྲུ་གཉིས་དོར་ནས་ཕྱི་རོལ་ཏུ་དཀར་པོ་དང་དམར་པོ་དང་ནག་པོའི་རྡུལ་ཚོན་གྱིས་རབ་གསུམ་བྱ་སྟེ་དེ་ནས་ནུབ་ཏུ་


DKG099_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རིང་བའི་ཚད་ཀྱི་བརྒྱད་ཆའི་སྒོ་ནི་དཀྱིལ་འཁོར་གྱི་སྒོ་བཞིན་དུ་རྟ་བབས་དང་བཅས་པའོ། །དེ་ལྟར་ཐབ་ཆེ་བ་དང་ཆུང་བ་ཐམས་ཅད་ལ་ཁྲུ་གཉིས་དོར་ནས་ར་བ་གསུམ་ནི་ངེས་པའོ། །སློབ་དཔོན་དག་གི་གདན་ནི་ངེས་པར་མཉམ་པ་གྲུ་བཞིར་འགྱུར་ཏེ་ཐབ་ཀྱི་སྙིང་པོའི་པདྨ་དག་ལས་ཉིས་འགྱུར་རོ་ཞེས་པ་ནི་ཁྲུ་གཉིས་པ་གྲུ་བཞིའོ། །དེ་བཞིན་དུ་ཐབ་ཐམས་ཅད་ལ་ཁྲུ་གང་གི་ཁྱོན་ནོ། །དེ་བཞིན་དུ་གཡོན་དུ་མཆོད་ཡོན་གྱི་གདན་ཁྲུ་གང་དུ་འགྱུར་རོ། །དེ་བཞིན་དུ་གཡས་སུ་སྦྱིན་སྲེག་སྣོད་དག་གི་གདན་ཡང་ཁྲུ་གང་སྟེ་རྒྱས་པ་ལ་ཁྲུ་གཉིས་སོ། །གདན་རྣམས་ཀུན་ལ་དབུས་སུ་པདྨའི་འདབ་མ་རྣམས་བཀོད་པའོ། །གདན་གྱི་དབུས་སུ་སྣ་ཚོགས་རྡོ་རྗེའི་མཚན་མ་དགོད་པར་བྱ་སྟེ་རྒྱལ་བའི་བདག་པོ་རྡོ་རྗེ་སེམས་དཔའི་འོ། །ཡང་ན་མཁའ་ཡི་པདྨ་ཡུམ་གྱིའོ་ཞེས་པ་ཆོས་འབྱུང་དགོད་པར་བྱ་སྟེ་ལས་ཐམས་ཅད་པ་ལའོ། །འབྲུ་ལ་སོགས་པ་རྣམས་བསྲེག་པའི་དོན་དུ་ཞལ་ཐབ་ཁུང་ངོ་། །མར་ལ་སོགས་པ་བདུད་རྩིའི་སྲེག་བླུགས་སྦྱིན་པའི་སླད་དུ་གསང་བ་ཐབ་ཁུང་ངོ་། །དེ་ལྟར་ཕྱི་དང་ལུས་ལ་ཐབ་ཁུང་རྣམ་པ་གཉིས་སུ་འགྱུར་ཏེ་རྒྱལ་པོ་ཞེས་པ་ནི་བོད་པའོ། །དེ་ལྟར་ན་ལས་ཐམས་ཅད་པའི་ཐབ་ཀྱི་མཚན་ཉིད་ངེས་པའོ། །ད་ནི་སྔར་མདོར་བསྟན་པའི་ཞི་བ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་རྒྱས་པར་བཤད་པར་བྱ་སྟེ་འདིར་ཟླུམ་པོའི་ཐབ་ཁྲུའི་ཚད་ལ་སྙིང་པོའི་པདྨ་དཀར་པོ་ཁྲུའི་ཚད་དེ་ལྟེ་བ་ལ་པདྨ་དང་འདབ་མ་རྣམས་ལ་རྡོ་རྗེ་ལ་སོགས་པའི་མཚན་མའོ། །པདྨའི་ཕྱེད་ཀྱིས་ཟབས་སོ། །པདྨའི་བཅུ་གཉིས་ཆ་ནི་མཆུའི་ཐད་ཀར་ཞལ་བཀྱེད་པ་སྟེ་སྟེང་དུ་དེའི་ཕྱེད་ཀྱིས་སོ། །ཐད་ཀར་འབྱུང་བའི་ཁ་ཁྱེར་གྱི་དཔངས་ལ་ཡང་སྟེ་པདྨའི་དྲུག་ཆ་ནི་ཁ་ཁྱེར་རོ། །ཁ་ཁྱེར་ཆ་ལྔ་རྣམས་ལས་མདུན་དང་རྒྱབ་ཀྱིཆ་གཉིས་དོར་ནས་ཆ་གསུམ་གྱིས་པདྨའི་ཕྲེང་བའོ། །ཁ་ཁྱེར་གྱི་འོག་གི་ཕྱི་རོལ་དུ་པདྨའི་འདབ་མ་རྣམས་དང་དཱུར་བ་དགྲམ་པར་བྱ་སྟེ་ར་བ་གསུམ་དང་སྒོ་དང་རྟ་བབས་ནི་བྱང་དུ་འགྱུར་རོ། །སློབ་དཔོན་གྱི་གདན་ཏེ་མཆོད་ཡོན་གྱི་གདན་དང་སྦྱིན་སྲེག་གི་གདན་ནི་སློབ་དཔོན་གྱི་གདན་གྱི་


DKG099_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དང་གཡས་སུ་བྱའོ། །རྒྱས་པ་ལ་པདྨ་ཁྲུ་གཉིས་པ་སྟེ་ཐམས་ཅད་དུ་མཆུ་ལ་སོགས་པ་ནི་བཅུ་གཉིས་ལ་སོགས་པའི་ཆའོ། །ལྟེ་བ་ལ་འཁོར་ལོ་དང་འདབ་མ་ལ་རྡོ་རྗེ་ལ་སོགས་པའི་མཚན་མའོ། །ཟུར་དུ་སྤྱན་མ་ལ་སོགས་པའི་མཚན་མའོ། །ཁ་ཁྱེར་ལ་འཁོར་ལོའི་ཕྲེང་བའོ། །ལྷག་མ་ནི་སྔར་གྱི་ལས་བཞིན་ནོ། །དེ་བཞིན་དུ་གཞུའི་རྣམ་པ་ནི་ཞི་བའི་ཐབ་དབུས་ནས་བཅད་པ་སྟེ་དབུས་སུ་པདྨ་སོར་བཅུ་གཉིས་པའོ། །དེའི་ཕྱེད་ཀྱིས་ཟབས་སོ། །མཆུ་ལ་སོགས་པ་ཐམས་ཅད་སྔར་བཞིན་དུ་བཅུ་གཉིས་ལ་སོགས་པའི་ཆའོ། །པདྨའི་འདབ་མའི་གནས་སུ་མཚན་མ་ནི་ལག་མཐིལ་གྱི་སོར་མོའི་ཕྲེང་བའོ། །འོག་གི་ཕྱི་རོལ་དུ་རོའི་སྐྲས་སྤྲས་པའོ། །ལྟེ་བ་ལ་གྲི་གུག་དང་ཁ་ཁྱེར་གྱི་སྟེང་དུ་གྲི་གུག་གི་ཕྲེང་བའོ། །སློབ་དཔོན་གྱི་གདན་ནི་གཞུའི་རྣམ་པ་གྲི་གུག་གིས་མཚན་པ་སྟེ་ཞི་བ་ལ་པདྨས་མཚན་པ་དང་རྒྱས་པ་ལ་འཁོར་ལོས་མཚན་པ་ཇི་ལྟ་བ་བཞིན་ནོ། །ཟུར་ལྔ་པ་ནི་ཞི་བའི་ཐབ་ཀྱི་ཚད་དེ་ཟུར་ལྔའི་སྟེང་དུ་ཁ་ཁྱེར་ལ་རལ་གྲིའི་ཕྲེང་བ་དང་སྙིང་པོའི་མཚན་མ་ཡང་རལ་གྲིའོ། །ཕྱི་རོལ་གྱི་འོག་ཏུ་བྱ་རོག་གི་མཇུག་མའི་ཕྲེང་བ་སའི་རང་བཞིན་ཁ་དོག་ནག་པོ་བྱ་སྟེ་ཕྱི་རོལ་དུ་འབྱུང་པོའི་ཤིང་གི་འདབ་མ་དགོད་དོ། །ཟུར་གསུམ་པ་ནི་རྣ་བ་ནས་རྣ་བར་ཁྲུ་གང་དང་རྣ་བ་ནས་དབུས་མའི་ཆར་སོར་མོ་ཉི་ཤུ་ནི་སྙིང་པོའི་པདྨའོ། །ཚད་དེ་ཉིད་ཀྱིས་པདྨའི་ཕྱེད་སོར་མོ་བཅུ་ནི་ཟབས་སོ། །ལྷག་མ་མཆུ་ལ་སོགས་པ་ནི་བཅུ་གཉིས་ཀྱི་ཆ་ལ་སོགས་པས་སྔ་མ་བཞིན་ནོ། །ཁ་ཁྱེར་ལ་མདའི་ཕྲེང་བ་དང་འོག་ཏུ་པདྨ་དམར་པོ་རྣམས་སོ། །ཕྱི་རོལ་དུ་མེ་ཏོག་དམར་པོས་སྤྲས་པའོ། །ཟུར་བདུན་པ་ནི་འདིའི་ཉིས་འགྱུར་ཏེ་ཁ་ཁྱེར་ལ་རྡོ་རྗེ་ལྕགས་ཀྱུའི་ཕྲེང་བའོ། །ལྷག་མ་ནི་ཟུར་གསུམ་པ་བཞིན་ནོ། །སྙིང་པོའི་མཚན་མ་ནི་ཟུར་གསུམ་པ་ལ་མདའ་སྟེ་དགུག་པ་ལ་རྡོ་རྗེ་ལྕགས་ཀྱུའོ། །ཟུར་དྲུག་པ་ནི་སོར་སུམ་ཅུ་སྟེ་ཟུར་དྲུག་པའི་སྟེང་དུ་ཁ་ཁྱེར་ལ་སྦྲུལ་གྱི་ཞགས་པའི་ཕྲེང་བའོ། །སྙིང་པོའི་མཚན་མ་ནི་སྦྲུལ་གྱི་ཞགས་པའོ། །ཨཪྐ་སེར་པོའི་འདབ་མ་རྣམས་དང་ཕྱི་རོལ་དུ་མེ་ཏོག་སེར་པོས་སྤྲས་


DKG099_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཟུར་བརྒྱད་པ་ནི་སྔ་མ་ཉིས་འགྱུར་ཏེ་སྙིང་པོའི་མཚན་མ་ནི་རྡོ་རྗེ་ལྕགས་སྒྲོག་གོ། །ཁ་ཁྱེར་ལ་རྡོ་རྗེ་ལྕགས་སྒྲོག་གི་ཕྲེང་བའོ། །འོག་ཏུ་ཟུར་དྲུག་པ་བཞིན་ནོ། །ར་བ་གསུམ་ནི་ཐམས་ཅད་དུ་ཁྲུ་གཉིས་དོར་ནས་སོ། །སློབ་དཔོན་གྱི་གདན་དང་མཆོད་ཡོན་གྱི་གདན་དང་སྦྱིན་སྲེག་གི་གདན་ནི་ཐམས་ཅད་དུ་ཐབ་ཀྱི་རྣམ་པས་སོ། །ཐབ་རྣམས་ཀྱི་རྣ་བ་ནས་རྣ་བའི་ཚད་ཀྱིས་ཐད་ཀའི་ཆ་ངེས་པའོ། །ད་ནི་ཐབ་རྣམས་ཀྱི་རང་བཞིན་བརྗོད་པར་བྱ་སྟེ་འདིར་ཞི་བའི་ཐབ་ནི་ཟླ་བའི་རང་བཞིན་ཉི་མའི་མཚན་མས་མཚན་པའོ། །རྒྱས་པའི་ཐབ་ནི་ཉི་མའི་ཆོས་ཅན་ཉིས་འགྱུར་ཉིད་ཀྱི་ཕྱིར་ཟླ་བ་ཉིས་འགྱུར་ཏེ་ཟླ་བས་མཚན་པའོ། །གསད་པའི་ཐབ་ནི་སྒྲ་གཅན་གྱི་མཚན་ཉིད་དེ་དུས་མེའི་མཚན་མས་མཚན་པའོ། །བསྐྲད་པའི་ཐབ་ནི་རླུང་གི་མཚན་ཉིད་མེའི་རང་བཞིན་དང་འདྲེས་པ་སྟེ་རང་གི་མཚན་མས་མཚན་པའོ། །ཟུར་གསུམ་པའི་ཐབ་ནི་དུས་མེའི་མཚན་ཉིད་དེ་རང་གི་མཚན་མས་མཚན་པའོ། །དགུག་པའི་ཐབ་ནི་ས་དང་མེའི་ཡོན་ཏན་གྱི་བདག་ཉིད་དེ་ལྕགས་ཀྱུའི་མཚན་མས་མཚན་པའོ། །ཟུར་དྲུག་པ་ནི་སྒྲ་གཅན་དང་སའི་བདག་ཉིད་དེ་སྦྲུལ་གྱི་མཚན་མས་མཚན་པའོ། །རྨོངས་པ་ལ་སྒྲ་གཅན་གྱིའོ། །རེངས་པའི་ཐབ་ནི་ལྷུན་པོ་དང་ས་གཉི་ག་ཁ་སྦྱར་བ་གཉི་གའི་མཚན་མས་མཚན་པའོ་ཞེས་པ་ནི་ཐབ་ཀྱི་མཚན་ཉིད་ངེས་པའོ། །སྔར་གསུངས་པའི་འདུག་སྟངས་དང་སྦྱིན་སྲེག་གི་རྫས་ལ་སོགས་པའི་ངེས་པ་སྔགས་པས་རིག་པར་བྱའོ་ཞེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ལ་སོགས་པ་ཐམས་ཅད་ལ་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་ཐབ་ཅེས་པ་ལ་སོགས་པས་སྦྱིན་སྲེག་གི་ཆོ་ག་གསུངས་པ་འདིར་དང་པོར་ཐབ་ཀྱི་ཕྱོགས་བཅུ་རྣམས་སུ་ཁྲོ་བོའི་རྒྱལ་པོ་ལྷ་མོར་བཅས་པས་ཞེས་པ་ཁྲོ་བོ་རྣམས་ཀྱི་ལྷ་མོ་རྣམས་དང་ཐབས་ཅིག་ཏུ་བསྲུང་བ་བྱས་ནས་སྔར་བརྗོད་པའི་སྔགས་ཀྱི་ཚིག་རྣམས་ཀྱིས་ཕུར་བ་བཏབ་སྟེ་དེ་ནས་དཔལ་ལྡན་རྡོ་རྗེ་རྣམས་ཀྱིས་བསང་བ་སོགས་དང་ཨོྃ་ཨཱཿཧུྃ་ཧྲིཿཕཊ་ཅེས་པ་འདིས་ཐབ་ཀྱི་ཕྱོགས་བཅུ་རྣམས་སུ་ཀུ་ཤས་མཆོད་ཡོན་གྱི་སྣོད་ནས་དྲིའི་ཆུ་བླངས་ཏེ་དང་པོར་བསང་བར་བྱའོ། །


DKG099_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེའི་རྣལ་འབྱོར་དམིགས་པར་བྱ་སྟེ་རང་གི་སྙིང་ཁ་དང་ཐབ་ཏུ་མེ་ལྷ་རབ་ཏུ་བཞག་ཅིང་དེ་ནས་ཆུར་བཅས་མེ་ཏོག་རྣམས་ཀྱིས་མེ་ལ་མཆོད་ཡོན་ཉིད། དེ་ཡི་རྣལ་འབྱོར་ལྡན་པས་སྦྱིན་པར་བྱ་སྟེ་རང་སྙིང་པདྨར་ཟླ་བའི་སྟེང་དུ་བསྒོམས་ནས་སོ། །ལས་ཐམས་ཅད་པ་ལ་ཞལ་གཅིག་པ་ཁ་དོག་ལྗང་གུ་ཕྱག་བཞི་པ་ཞབས་གཉིས་པའོ། །འདིར་ལས་ཐམས་ཅད་པ་ལ་གཡས་པའི་ཕྱག་དང་པོ་ན་རྡོ་རྗེ་དང་གཉིས་པ་ན་བགྲང་ཕྲེང་ངོ་། །གཡོན་ན་དྲིལ་བུ་དང་པདྨའོ། །རལ་པ་ཤིན་ཏུ་སེར་སྐྱ་དང་མིག་དམར་སེར་དང་གོས་དམར་སེར་ཏེ་ལས་ཐམས་ཅད་པ་ལ་མི་བསྐྱོད་པ་སྤྱི་བོར་འཛིན་པའོ། །དམ་ཚིག་སེམས་དཔའ་རྫོགས་པར་བྱས་ཏེ་དེ་ནས་དེའི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཛཿཡིག་གི་ས་བོན་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མེད་འཕྲོ་བྱེད་བསྒོམ་པར་བྱའོ། །དེ་ཡིས་ཀུན་འགྲོ་ཡེ་ཤེས་སེམས་དཔའ་བཀུག་ནས་དམ་ཚིག་སེམས་དཔའ་དང་ལྷན་ཅིག་རོ་མཉམ་པར་མཛོད་ཅིག །དེ་ལྟར་ཐབ་ལ་ཡང་ནི་ཡང་དག་འགྱུར་ཏེ་རང་གི་སྙིང་ཁ་ལས་ཕྱིར་འབྱུང་བའི་དབུགས་དང་འཆད་པར་འགྱུར་བའི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲང་པ་བྱས་ནས་རྡོ་རྗེ་ཁུ་ཚུར་སྟེང་དུ་མཐེ་བོས་པདྨའི་ལྟེ་བ་ལ་གཞག་པར་བྱའོ། །ཞི་བ་ལ་ཁ་དོག་དཀར་པོ་གོས་དང་བཅས་པ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པ་ཏེ་གཡས་པ་ན་པདྨ་དང་ཤེལ་གྱི་བགྲང་ཕྲེང་འཛིན་ཞིང་གཡོན་པ་ན་རིལ་བ་དང་དུང་འཛིན་པའོ། །རྒྱས་པ་ལ་གཡས་ན་འཁོར་ལོ་དང་མུ་ཏིག་གི་བགྲང་ཕྲེང་འཛིན་ཞིང་གཡོན་ན་པདྨ་དང་སྤྱི་བླུགས་འཛིན་པའོ། །གསད་པ་ལ་ཁ་དོག་ནག་པོ་གོས་དང་བཅས་པ་དོན་ཡོད་གྲུབ་པས་དབུ་བརྒྱན་པ་སྟེ་ཕྱག་གཡས་པ་ན་གྲི་གུག་དང་རྩེ་གསུམ་པ་ཕྱག་གཡོན་པ་ན་ཐོད་པ་དང་ཁ་ཊྭཱྃ་གའོ། །བསྐྲད་པ་དང་དབྱེ་བ་ལ་ཡང་ཕྱག་གཡས་པ་ན་རལ་གྲི་དང་རྩེ་གསུམ་པ་དང་ཕྱག་གཡོན་པ་ན་ཐོད་པ་དང་ཁ་ཊྭཱྃ་གའོ། །དབང་ལ་གུར་གུམ་གྱི་མདོག་ཅན་གོས་དང་བཅས་པ་ཕྱག་གཡས་པ་ན་མདའ་དང་རིན་པོ་ཆེ་དང་ཕྱག་གཡོན་པ་ན་གཞུ་དང་མེ་ལོང་སྟེ་རིན་ཆེན་དབང་ཕྱུག་གིས་དབུ་


DKG099_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པའོ། །དགུག་པ་ལ་གཡས་ན་རྡོ་རྗེ་ལྕགས་ཀྱུ་དང་རིན་པོ་ཆེ་འཛིན་ཞིང་གཡོན་ན་རྡོ་རྗེ་ཞགས་པ་དང་མེ་ལོང་འཛིན་པའོ། །རྨོངས་པ་ལ་གཡས་ན་སྦྲུལ་དང་དབྱུག་པ་འཛིན་ཞིང་ཕྱག་གཡོན་པ་ན་འཁོར་ལོ་དང་ཐོ་བའོ། །རེངས་པ་དང་ཕུར་བུས་གདབ་པ་ལ་གཡས་ན་ལྕགས་སྒྲོག་དང་ཐོ་བ་འཛིན་ཞིང་ཕྱག་གཡོན་ན་འཁོར་ལོ་དང་རྡོ་རྗེ་ཕུར་བུ་སྟེ་ཁ་དོག་སེར་པོ་གོས་དང་བཅས་པ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པའོ། །འདིར་དང་པོར་ལས་ཐམས་ཅད་པ་ལ་ལྷ་ཁང་ནས་མེ་བླངས་ནས་ཙནྡན་གྱི་ཤིང་གིས་རབ་ཏུ་སྦར་བར་བྱའོ། །ཞི་བ་དང་རྒྱས་པ་ལ་བྲམ་ཟེའི་ཁྱིམ་ནས་སོ། །གསད་པ་ལ་སོགས་པ་ལ་དམངས་རིགས་ཀྱི་ཁྱིམ་ནས་སོ། །དབང་ལ་སོགས་པ་ལ་རྒྱལ་རིགས་ཀྱི་ཁྱིམ་ནས་སོ། །རེངས་པ་ལ་སོགས་པ་ལ་རྗེའུ་རིགས་ཀྱི་ཁྱིམ་ནས་སོ། །གསད་པ་ལ་ནི་གདོལ་པའི་ཁྱིམ་ནས་བླངས་ཏེ་ཚེར་མ་ཅན་གྱི་ཤིང་གིས་རབ་ཏུ་སྦར་བར་བྱའོ། །རེངས་པ་ལ་བསྐ་བའི་ཤིང་གིས་སོ། །དབང་ལ་སེང་ལྡེང་ལ་སོགས་པ་དམར་པོའི་ཤིང་གིས་སོ། །ཞི་བ་ལ་འོ་མ་ཅན་གྱི་ཤིང་གིས་སོ། །ལས་ཐམས་ཅད་པ་ལ་ཙནྡན་དང་ཨ་ག་རུ་དང་ཐང་ཤིང་ལ་སོགས་པ་དྲི་བཟང་པོའི་ཤིང་རྣམས་སམ་ཤིང་འོ་མ་ཅན་རྣམས་ཀྱིས་སོ། །དེ་ནས་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་མེ་ལྷ་སྤྱན་དྲང་བར་བྱ་སྟེ་ཨོྃ་ཨེ་ཧི་ཨེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་ས་ཏ་ཏ་མ་གྲྀ་ཧཱི་ཏྭཱ་ཡུ་དྷཾ་མ་ཧཱ་རསྨི་ཨསྨིན་སཾ་ནི་ཧི་ཏོ་བྷ་བ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ་ཞེས་པ་བརྗོད་ཅིང་ལྕགས་ཀྱུའི་ཕྱག་རྒྱས་དགུག་པར་བྱ་སྟེ་རྡོ་རྗེའི་ཕྱག་རྒྱས་གཞུག་པར་བྱ་ཞིང་ཞགས་པའི་ཕྱག་རྒྱས་བཅིང་བར་བྱ་སྟེ་དྲིལ་བུའི་ཕྱག་རྒྱ་འཆད་པར་འགྱུར་བས་མཉེས་པར་བྱའོ། །འདི་རྣམས་ལ་སོ་སོར་ས་བོན་གྱི་ཡི་གེ་ཛཿཧཱུྃ་བྃ་ཧོཿཞེས་པ་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་དཀྲོལ་ནས་དབང་དུ་བྱའོ། །འདིར་མཆོད་ཡོན་དབུལ་བར་བྱ་སྟེ་ཨོྃ་པྲ་ཝ་ར་སཏ་ཀཱ་རཾ་མ་ཧཱ་ར་སྨཱིན་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པ་ནི་མཆོད་ཡོན་དབུལ་བའི་སྔགས་སོ། །དེ་ནས་མཆོད་པ་ནི་དེ་བཞིན་དུ་བཛྲ་གན་དྷཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་དྷཱ་པཾ་པྲ་ཏཱིཙྪ་སྭཱ་ཧཱ།


DKG099_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པྲ་དཱི་པཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ཨཀྵ་ཏཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ནཻ་བེ་ཏྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ལཱ་སྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ཧཱ་སྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ནྲྀ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་གཱི་ཏཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ཀཱ་མཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྔར་གསུངས་པའི་རྫས་ལས་ཀྱི་རྗེས་སུ་མཐུན་པས་མེ་མཆོད་པའི་ཡུལ་ལ་སྔགས་ཀྱི་ཚིག་འདི་རྣམས་སྭཱ་ཧཱའི་མཐའ་ཅན་གྱིས་མཆོད་པར་བྱ་སྟེ་དཀྱིལ་འཁོར་མཆོད་པ་ལ་ན་མཿའི་མཐར་ཅན་གྱིས་སོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །དེ་བཞིན་དུ་ཞབས་བསིལ་ཐམས་ཅད་རབ་ཏུ་ཕུལ་ཏེ་སིལ་སྙན་ཐམས་ཅད་རབ་ཏུ་དཀྲོལ་ཏེ། དེ་ནས་སྔར་གསུངས་པའི་ཡམ་ཤིང་ལ་སོགས་པ་དང་སྔར་གསུངས་པའི་འདུག་སྟངས་ཀྱི་ཆོ་ག་དང་སྔར་གསུངས་པའི་སྦྱིན་སྲེག་གི་རྫས་རྣམས་ཀྱིས་ལས་ཀྱི་རྗེས་སུ་མཐུན་པས་ཏིང་ངེ་འཛིན་ལ་གནས་པའི་རྡོ་རྗེ་སློབ་དཔོན་གྱིས་སྦྱིན་སྲེག་བྱའོ། །ལག་པས་ཡམ་ཤིང་བསྲེགས་ཏེ་དེ་ནས་བླུགས་གཟར་གྱིས་སྦྱིན་སྲེག་གི་རྫས་ཐམས་ཅད་དང་དགང་གཟར་གྱིས་སྲེག་བླུགས་དབུལ་བར་བྱ་ཞིང་དེ་མེད་ན་རང་གི་ལག་པ་མཆོག་སྦྱིན་གྱི་མཐེ་བོང་གིས་མེའི་ཞལ་དུ་ཐམས་ཅད་སྦྱིན་སྲེག་བྱའོ། །འདིར་མེ་ལྷའི་རྣམ་པར་དག་པ་བརྗོད་པར་བྱ་སྟེ་འདིར་མེ་རྣམ་པ་གསུམ་ནི་ལྷོའི་མེ་དང་ཁྱིམ་བདག་གི་མེ་དང་མཆོད་སྦྱིན་གྱི་མེའོ། །ལྷོའི་མེ་ནི་འདིར་གློག་གོ། །ཁྱིམ་བདག་གི་མེ་ནི་ཉི་མའོ། །མཆོད་སྦྱིན་གྱི་མེ་ནི་མི་བཟད་པའོ། །བཞི་པའི་ཡེ་ཤེས་ཀྱི་མེ་ནི་བདེན་པ་སྟེ་ཀུན་དུ་དགའ་བའི་ཆོས་སོ། །དེའི་ཕྱིར་དེའི་དོན་དུ་ཐམས་ཅད་ཉིད་སྦྱིན་སྲེག་བྱེད་དོ། །དེ་བཞིན་དུ་རིག་བྱེད་ཀྱི་མཐའ་ལས་སྨྲས་པ། མི་བཟད་མེ་ནི་རིང་དུ་བདག་སྤོང་སྟེ། །རི་ཀ་རབ་འཛིན་གཤིན་རྗེའི་རྒྱལ་སྲིད་འགྲོ། །འདི་ཉིད་དུ་ནི་གཞན་སྐྱེས་རིག་བྱེད་འདི། །ལྷ་དང་སྐྱེ་དགུ་སོགས་ལས་བསྲེག་བྱ་འཛིན། །ཞེས་པ་རིག་བྱེད་ཀྱི་དོན་དེ་འདིར་ཡང་དོན་དེ་ཉིད་མི་བཟད་པའི་མེའོ། །སྔགས་ཀྱི་ཚིག་འདིས་འདོད་པའི་མེ་སྤྱན་དྲང་བར་བྱ་སྟེ། ཨོྃ་སརྦ་པཱ་པ་ད་ཧ་ན་བཛྲཱ་ག་ནི་བཛྲ་སཏྭ་སརྦ་པཱ་པ་ད་ཧ་ད་ཧ་སྭཱ་ཧཱ་ཞེས་པའི་ངེས་པ་ལས་སོ། །དེ་བཞིན་དུ་ཉི་མའི་ཡང་འདིར་བསྲེག་བྱ་འཛིན་པའི་སྔགས་ཀྱི་དམ་ཚིག་ནི་ཨོྃ་བཛྲཱ་ན་ལ་སརྦ་བྷཱུ་ཏཱ་ན་ཛྭཱ་ལ་ཡ་སརྦཱ་ན་བྷསྨཱི་ཀུ་རུ་སརྦ་ཛཱ་ན་


DKG099_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དུཥྚཱ་ན་ཧུྃ་ཕཊ་སྭཱ་ཧཱ་ཞེས་པའི་ངེས་པ་ལས་ཉི་མ་དེ་ཉིད་གཟའ་བདུན་གྱི་བདག་པོ་རྟ་བདུན་པའི་ཤིང་རྟ་ཅན་གཟའི་དབྱེ་བས་ལྕེ་བདུན་པ་སྟེ་ཞི་བ་ལ་ཟླ་བའི་ལྕེའོ། །རྒྱས་པ་ལ་ཉི་མའི་ལྕེའོ། །གསད་པ་དང་བསྐྲད་པ་དང་དབྱེ་བ་ལ་སྤེན་པའི་ལྕེའོ། །དབང་ལ་པ་སངས་ཀྱི་ལྕེའོ། །དགུག་པ་ལ་ཕུར་བུའི་ལྕེའོ། །རྨོངས་པ་ལ་གཟའ་ལག་གི་ལྕེའོ། །རེངས་པ་ལ་བཀྲ་ཤིས་ཀྱི་ལྕེའོ། །དེ་བཞིན་དུ་རེས་གཟའ་སོ་སོ་རྣམ་པར་དག་པས་ལས་སོ་སོ་རེ་རེ་ལ་ཞལ་གཅིག་པའོ། །ཉིན་མོ་དང་མཚན་མོ་རྣམ་པར་དག་པས་ཞབས་གཉིས་པའོ། །ཐུན་མཚམས་བཞི་རྣམ་པར་དག་པས་ཕྱག་བཞི་པའོ་ཞེས་པ་ནི་ངེས་པ་སྟེ་ཞི་བ་ལ་སོགས་པའི་ལས་ལའོ། །གསད་པ་ལ་མཇུག་རིངས་རྣམ་པར་དག་པས་ཕྱག་གཉིས་པ་སྟེ་ཕྱག་ན་གྲི་གུག་དང་ཐོད་པའོ། །དབྱེ་བ་ལ་སྤེན་པ་རྣམ་པར་དག་པས་ཕྱག་ན་རལ་གྲི་དང་ཐོད་པ་ཞེས་པ་ཕྱོགས་གཞན་གྱི་ངེས་པ་སྟེ་གཟའ་སྤེན་པ་ལ་སྔ་མ་ཕྱེད་དང་ཕྱི་མ་ཕྱེད་ཀྱི་དབྱེ་བས་སོ། །ལས་ཐམས་ཅད་པ་ལ་སྒྲ་གཅན་རྣམ་པར་དག་པ་དང་དུས་མེ་རྣམ་པར་དག་པ་སྟེ་སྐྱེ་བ་དང་འཇིག་པའི་ཆོས་ཉིད་ཀྱི་ཕྱིར་རོ། །འདོད་པའི་མེ་དང་མཆོད་སྦྱིན་གྱི་མེ་ནི་རང་གི་ལྷའོ། །ཡེ་ཤེས་ཀྱི་མེ་ནི་གཟའ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་སློབ་དཔོན་གྱིས་སྔར་གྱི་ཆོ་གས་མཆོད་པར་བྱ་བའོ། །མེ་ལྷ་སྤྱན་དྲང་བའི་ངེས་པའོ། །ད་ནི་མཆོག་སྦྱིན་ཞེས་པ་ལ་སོགས་པས་སྦྱིན་སྲེག་གི་ཕྱག་རྒྱལ་སོགས་པ་གསུངས་ཏེ་འདིར་གང་གི་ཚེ་བླུགས་གཟར་མེད་པ་ན་དེའི་ཚེ་རྡོ་རྗེ་སློབ་དཔོན་སྔར་བརྗོད་པའི་འདུག་སྟངས་ཀྱིས་གནས་པས་ལག་པ་གཡོན་པ་གན་རྐྱལ་དུ་བྱས་ནས་གཡས་པ་མཆོག་སྦྱིན་གྱི་ཕྱག་གི་མཐེ་བོ་ས་སྦྱིན་སྲེག་གི་རྫས་བསྐྱོད་ཅིང་ཞལ་ཕྱེ་བའི་མེ་ཡི་ཞལ་དུ་སྦྱིན་སྲེག་བྱ་སྟེ་དེ་ཡང་གསོལ་བར་བསམ་པར་བྱའོ། །རྡོ་རྗེ་ཡིས་ཞེས་པ་ནི་ཨོྃ་ཨཱཿཧུྃ་ཧོཿཧཾ་ཀྵཿསྭཱ་ཧཱ་འདི་རྣམས་ཀྱིས་ཡམ་ཤིང་ལྔ་བརྒྱ་པོ་དེ་རྣམས་ལས་བརྒྱ་རྩ་བརྒྱད་བསྲེག་པར་བྱའོ། །དེ་ནས་ཡན་ལག་གིས་ཞེས་པ་ནི་ཧྲླཱྀ་ཧཱུཾ་ཧྲྼཱྀ་ཧྲཱིཾ་ཧྲཱཾ་ཧྲཿསྭཱ་ཏཱ་ཞེས་པའི་ཡན་ལག་གིས་བརྒྱ་རྩ་བརྒྱད་དོ། །ཀྱང་ཡིག་གིས་ཕུང་པོ་དྲུག་དང་ཁམས་རྣམས་ཀྱིས་ཏེ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿསྭཱ་ཧཱ་འདི་རྣམས་ཀྱིས་བརྒྱ་རྩ་བརྒྱད་དོ། །དེ་བཞིན་དུ་སྐྱེ་མཆེད་རྣམས་ཀྱིས་ཀྱང་སྟེ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱ་ལ་


DKG099_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཨཾ་ཨཿསྭཱ་ཧཱ་ཞེས་པ་སྐྱེ་མཆེད་བཅུ་གཉིས་ཀྱིས་བརྒྱ་རྩ་བརྒྱད་དོ། །དེ་ནས་ལས་ཀྱི་དབང་པོ་ཡུལ་དང་བཅས་པ་རྣམས་ཀྱིས་ཀྱང་སྟེ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿའདི་རྣམས་ཀྱིས་བརྒྱ་རྩ་བརྒྱད་དོ། །དེ་ལྟར་བཞི་བཅུ་ལྷག་པའི་ལྔ་བརྒྱ་རྣམས་ཀྱིས་ལྔ་བརྒྱའི་གྲངས་སུ་གཟུང་བར་བྱའོ། །སོ་སོར་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱ་སྟེ་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་ནི་བརྒྱ་རྩ་བཅུ་གཉིས་སོ། །དེ་རྣམས་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་གནས་རྣམས་སྤངས་ནས་ལྷག་མ་བརྒྱ་རྩ་བརྒྱད་པོ་རྣམས་ནི་བགྲང་ཕྲེང་ལ་སྟེ་ལྷུན་པོ་ལ་ཞལ་བཞིའོ། །དེས་ན་ཐམས་ཅད་དུ་ལས་ཐམས་ཅད་པའི་སྦྱིན་སྲེག་ལ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་བརྒྱ་རྩ་བརྒྱད་ཀྱི་ཚད་དོ། །དེ་ནས་འབྲུལ་སོགས་པའི་སྦྱིན་སྲེག་གི་རྫས་ཀྱང་ཆོ་ག་འདི་ཉིད་ཀྱིས་ཏེ་འབྲུ་དང་དཱུར་བ་མར་དང་འོ་མ་ཡིས་ཞེས་པ་རྡོ་རྗེ་ལ་སོགས་པ་འདི་རྣམས་ཀྱིས་བརྒྱ་རྩ་བརྒྱད་ཀྱི་དབྱེ་བས་སྦྱིན་སྲེག་བྱ་ཞིང་ཡམ་ཤིང་དང་འབྲུ་རྣམས་མར་གྱིས་སྦགས་པ་དང་དཱུར་བའོ་མས་སྦགས་པ་རྣམས་བསྲེག་པར་བྱའོ། །དེ་ནས་སྙིང་པོའི་སྔགས་ཀྱིས་གང་བའི་སྲེག་བླུགས་ཏེ་དགང་གཟར་མར་གྱིས་བཀང་ནས་སྐྱིལ་ཀྲུང་དུ་གནས་རབ་ཏུ་ཞི་ཞིང་གཡོ་བ་མེད་པའི་སེམས་ལྡན་གསང་སྔགས་རིག་པ་སྔགས་ཀྱི་སྐུ། སློབ་དཔོན་ལས་ཀྱི་རྡོ་རྗེ་ཅན་གྱིས་སླར་ཡང་མེ་ལ་སྲེག་བླུགས་དག་ནི་ངེས་པར་དབུལ་བར་བྱ་སྟེ་ཨོྃ་[ཧྐྵྨླྺྼྻྃ]་ཞེས་པའི་སྔགས་འདིས་མར་གྱི་སྲེག་བླུགས་དབུལ་ལོ། །དེ་ནས་ཟན་དང་ཆུ་བཟུང་ནས་བཀྲ་ཤིས་བརྗོད་པར་བྱ་སྟེ། ཨོྃ་བྷཱུར་བྷུ་བཿསྭཱ་ཧཱ། ན་མོ་དེ་བེ་བྷྱཿསྭ་སྟེ་པྲ་ཛཱ་བྷྱཿསྭཱ་ཧཱ་རཱ་ཛ་བྷྱཿསྭཱ་དྷཱ་བི་ཏྲི་བྷྱཿཨ་ལཾ་བྷཱུ་ཏེ་བྷྱཿབ་ཥ་ཊི་ན་དྲཱ་ཡ་ཞེས་བརྗོད་ཅིང་ཐབ་ཀྱི་ཕྱི་རོལ་དུ་རྣམ་པར་ཕྱིན་ཏེ་ཆུ་དང་ཟན་དེ་ཕྱི་རོལ་དུ་རབ་ཏུ་གཏོར་ནས་དེར་བསང་གཏོར་བྱས་ལ་སླར་ཡང་དཀྱིལ་འཁོར་གྱི་ཁང་པར་རབ་ཏུ་ཞུགས་ནས་མེ་ལ་ཡང་ཀུ་ཤའི་ཆུས་བསང་གཏོར་བྱ་སྟེ་ཨོྃ་ཨཱཿཧུྃ་ཀཱ་ཡ་བཱ་ཀ་ཙིཏྟ་སྭ་བྷཱ་བ་ཤུད་དྷ་སྭཱ་ཧཱ་སྔགས་འདིས་སོ། །འདིར་ཐབ་རབ་ཏུ་འབར་བར་བྱེད་པའི་དུས་སུ་མེ་ཡང་དག་པར་འབར་བའི་དོན་དུ་ཁའི་རླུང་མི་བྱ་སྟེ་རླུང་ཡབ་ཀྱི་རླུང་པ་སོགས་པས་བྱའོ། །དེ་ལྟར་རིམ་པ་ཡིས་ནི་སྦྱིན་སྲེག་བྱས་


DKG099_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསང་གཏོར་དག་ཀྱང་དེ་བཞིན་མེ་དང་བདག་ཉིད་དག་ལ་ཡང་། དྲི་ལ་སོགས་དང་སྤོས་དག་སྔར་བརྗོད་པའི་རིམ་པས་སླར་ཡང་ཕུལ་ནས་རང་སྙིང་པདྨར་དབུགས་འཇུག་པས་ཡེ་ཤེས་མེ་ནི་གཤེགས་སུ་གསོལ་བར་བྱ་སྟེ་ཨོྃ་ཛཿགཙྪ་གཙྪ་མ་ཧཱ་ར་སྨི་སྭ་སྠཱ་ནཾ་སཾ་ཏྲྀ་པྟོ་ཧོཿཔུ་ན་རཱ་ག་མི་ཥྱ་སི་དེ་བཱ་སྱ་ཡ་ད་ཨཱ་ཧྭཱ་ན་ཡཱ་མི་སྭཱ་ཧཱ་ཞེས་པས་ཡེ་ཤེས་ཀྱི་མེ་གཤེགས་སུ་གསོལ་ལོ། །ཕྱི་ནས་སློབ་མ་ལ་ནི་དབང་བསྐུར་བླ་མ་མཐའ་དག་ཡོན་ཏན་གཏེར་གྱིས་འཆད་པར་འགྱུར་བའི་རིམ་པས་སྦྱིན་ནོ། །དབང་གི་དོན་དུ་དང་པོར་བདུད་རྩི་ལྔ་ནི་རྒྱལ་བ་མཆོག་གི་རྡོ་རྗེས་བྱིན་གྱིས་བརླབས་པ་ཞེས་པ་ནི་ཨོྃ་ཨཱཿཧུྃ་ཧོཿཧཾ་ཀྵཿཞེས་པས་བདུད་རྩི་ལྔ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་ཉ་ཕྱིས་ཀྱི་སྣོད་དམ་དུང་ཆོས་ཀྱི་སྣོད་དུ་གཞག་གོ། །དེ་བཞིན་དུ་སྒྲོན་མ་ལྔའི་རིལ་བུ་རྣམས་སྣོད་དེ་ཉིད་དུའོ། །དག་པའི་སླད་དུའོ་ཞེས་པ་ནི་སྔར་བསྒྲུབ་པར་བྱ་བ་སྟེ་དབང་བདུན་གྱི་དོན་དུའོ། །སྦྱིན་སྲེག་གི་ཆོ་ག་རྒྱུད་ཐམས་ཅད་ལས་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་རང་གི་ཞེས་པ་ལ་སོགས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་རབ་ཏུ་གནས་པའི་སླད་དུ་ཏིང་ངེ་འཛིན་གསུངས་ཏེ་འདིར་རང་གི་སྔགས་ཀྱིས་སྦྱིན་སྲེག་གྲུབ་པར་གྱུར་ཅིང་ཞེས་པ་ནི་བྱ་བ་དང་རྣལ་འབྱོར་དང་རྣལ་འབྱོར་རྗེས་སུ་རིག་པ་དང་རྣལ་འབྱོར་མའི་རྒྱུད་དུ་མ་ལས་གསུངས་པ་རྣམས་ནི་རང་གི་རྒྱུད་ལས་གསུངས་པའི་སྔགས་ཏེ་རང་གི་སྔགས་དེ་རྣམས་ཀྱིས་རང་གི་རྒྱུད་ལས་གསུངས་པའི་ཆོ་གས་སྦྱིན་སྲེག་གྲུབ་པར་གྱུར་ཅིང་སྦྱིན་སྲེག་གི་དང་པོར་རང་གི་དཀྱིལ་འཁོར་དེ་ལ་རྡུལ་ཚོན་བཏབ་པའི་རྗེས་ལ་ལྷའི་ཚོགས་ཀྱི་སྙིང་པོའི་མཚན་མ་རང་རང་གི་རྒྱུད་ལས་གསུངས་པའི་ཆོ་གས་བཀོད་པར་གྱུར་པ་ན་ཟུར་དུ་ཤེལ་གྱི་བུམ་པ་དཀར་པོ་སྐུད་པ་ལྔ་ཡིས་དཀྲིས་པ་རྣམས་ནི་ཡང་དག་གཞག་པར་བྱ་ཞེས་པ་སྟེ་ཞི་བ་ལའོ། །ལྷག་མ་རྣམས་ལ་གསུངས་པའི་ཆོ་གས་སྐུད་པ་ལྔས་དཀྲིས་ཤིང་མགྲིན་པ་གོས་ཀྱིས་བཅིངས་པ་རྣམས་སོ། །བུམ་པ་ལྔའི་བྱ་བ་ལ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཤར་གྱི་ས་ལ་རྒྱལ་བའི་བུམ་པ་སྟེ་དེའི་སྟེང་དུ་དྲུག་པ་རྣམ་པར་རྒྱལ་བ་དུང་ངོ་། །བུམ་པ་བཅུའི་བྱ་བ་ལ་ཡང་ཕྱོགས་བརྒྱད་པོ་རྣམས་སུ་བུམ་པ་


DKG099_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དོ། །རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ནི་ཤར་དང་ནུབ་ཀྱི་བུམ་པའི་ཕྱི་རོལ་དུ་སོར་གཉིས་ཀྱིས་མ་རེག་པར་ཏེ་དེ་ལ་ཤར་གྱི་རྒྱལ་བའི་བུམ་པའི་སྟེང་དུ་བཅུ་གཅིག་པ་རྣམ་པར་རྒྱལ་བ་ཆེན་པོའི་བུམ་པ་ནི་དུང་ངོ་ཞེས་པ་བུམ་པའི་ངེས་པའོ། །དེ་ལྟར་བུམ་པ་བརྒྱ་སྟོང་ལ་ཡང་རྣམ་པར་རྒྱལ་བ་ཆེན་པོའི་བུམ་པ་ནི་དུང་སྟེ་ཞི་བ་དང་རྒྱས་པ་དང་ལས་ཐམས་ཅད་པ་ལའོ། །དྲག་པོའི་ལས་ལ་ནི་ཐོད་པའོ། །དབང་ལ་སོགས་པ་ལ་ཟངས་དང་གསེར་གྱི་སྣོད་དོ། །རེངས་པ་དང་རྨོངས་པ་ལ་སོགས་པ་ལ་ཡང་ཁམ་ཕོར་རོ། །དེར་གཞག་ཅིང་ལས་ཀྱི་རྗེས་སུ་མཐུན་པའི་སྐུད་པས་བཅིངས་ཏེ་གོས་མགྲིན་པར་བྱས་ནས་ཁ་ཡལ་འདབ་དང་བཅས་པ་རྣམས་སློབ་དཔོན་གྱིས་གཞག་པར་བྱའོ། །དེ་ནས་སློབ་དཔོན་ཤར་གྱི་ཞལ་དུ་འདུག་སྟེ་འཆད་པར་འགྱུར་བའི་སྒྲུབ་ཐབས་ཀྱི་ཆོ་གས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་དང་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་བྱའོ། །དེ་ནས་ཤེས་རབ་དང་ཐབས་ལས་བྱུང་བ་རྡོ་རྗེ་པདྨ་ལས་སྐྱེས་རབ་བགྲོད་ཁྲོ་བོའི་རྒྱལ་པོ་རྣམས་དག་གིས་ཞེས་པ་སྒྲུབ་ཐབས་ཀྱི་ཐབས་དང་ལྡན་པའི་ཚོགས་ཛཿཧཱུྃ་བྃ་ཧོཿསྔགས་ཀྱི་ཚིག་འདི་རྣམས་ཀྱིས་ཏེ་ཛཿཡིག་གིས་དགུག་པ་དང་ཧཱུྃ་ཡིག་གིས་གཞུག་པ་དང་བྃ་ཡིག་གིས་བཅིང་བ་དང་ཧོཿཡིག་གིས་མཉེས་པར་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དམ་ཚིག་གི་དཀྱིལ་འཁོར་དུ་བསྒོམས་ཤིང་དེ་ལ་རོ་མཉམ་དུ་བྱ་སྟེ་དབང་གི་དོན་དུའོ། །དེ་ནས་རབ་ཏུ་གནས་པ་བྱས་ཏེ་སྔར་བརྗོད་པའི་ཆོ་གས་མཆོད་ཡོན་ཕུལ་ནས་ཨོྃ་ཨཱཿཧུྃ་ཧོཿཏྲཻ་དྷཱ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་ས་པ་རི་ཝཱ་ར་ཏྭཾ་བྷ་ག་ཝཱན་མེ་བ་ར་དོ་བྷ་ཝ་ཤི་ཥྱཱ་ཎཱཾ་ཙ་ཞེས་པས་གསོལ་བ་འདེབས་པའི་མཆོད་ཡོན་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་མཎྜལ་བྱས་ནས་དབུལ་བར་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་མདུན་དུ་གཞན་ཁྲུ་གང་བའི་མཎྜལ་བྱས་ཏེ་དེར་སྔར་གསུངས་པའི་དྲི་ལ་སོགས་པ་དང་ཞབས་བསིལ་རབ་ཏུ་དབུལ་བར་བྱའོ། །དེ་བཞིན་དུ་ཕྱོགས་དང་ཕྱོགས་བྲལ་ཐམས་ཅད་


DKG099_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྷ་སོ་སོ་རྣམས་ལ་ཡང་ལྷ་བཤོས་ལ་སོགས་པ་དབུལ་བར་བྱ་སྟེ་ཕྱོགས་ཐམས་ཅད་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུའོ། །རྡུལ་ཚོན་གྱི་ས་ལ་ནི་མེ་ཏོག་ལ་སོགས་པ་དབུལ་བར་མི་བྱ་སྟེ་ཕུལ་ན་རྡུལ་ཚོན་བསུབས་པར་འགྱུར་རོ། །རབ་ཏུ་གནས་པ་བྱས་པའི་དཀྱིལ་འཁོར་གྱི་རྡུལ་ཚོན་བསུབས་པ་ལས་མཆོད་རྟེན་འཇིག་པའོ། །དེས་ན་རིགས་ཡོངས་སུ་བརྟག་པའི་དོན་དུ་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་གྱི་སྒོར་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་མེ་ཏོག་དོར་བར་བྱའོ། །རྣམ་པ་གཞན་དུ་ན་ཁྲུ་སྟོང་པའི་དཀྱིལ་འཁོར་ལ་སློབ་མས་དོར་བའི་མེ་ཏོག་ཤར་གྱི་རྡོ་རྗེ་འབར་བ་སྤངས་ནས་གང་དུ་ལྟུང་བར་འགྱུར་དེ་ལ་རྡོ་རྗེ་འབར་བ་ཡང་རྐང་པ་དང་བཅས་པའི་ཁྲུ་བརྒྱར་འགྱུར་ཏེ་ལྷས་བྱིན་གྱིས་བརླབས་པ་མ་གཏོགས་པ་དེ་རྒལ་ནས་རིགས་ཀྱི་ཕྱོགས་རྣམས་སུ་ཇི་ལྟར་མེ་ཏོག་ལྟུང་བར་འགྱུར། དེའི་ཕྱིར་རྣམ་པར་རྒྱལ་བའི་བུམ་པ་ལ་མཚན་མ་ལྔ་བྱས་ནས་དེ་ལ་འཆད་པར་འགྱུར་བའི་མེ་ཏོག་དོར་བར་བྱའོ། །དེས་ན་དྲི་ལ་སོགས་པ་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྟེ་རྡུལ་ཚོན་གྱི་ས་ལ་ནི་མ་ཡིན་ནོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ནི་བཅོམ་ལྡན་འདས་ཀྱི་གླུར་རིག་པར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་ལྷ་དང་ཞེས་པ་ལ་སོགས་པས་སྔགས་ཀྱི་ངེས་པ་གསུངས་པ་འདིར་དཀྱིལ་འཁོར་གྱི་གཙོ་བོ་དང་གཙོ་བོའི་རྗེས་སུ་མཐུན་པ་རྣམས་ཐམས་ཅད་ཀྱི་མིང་གི་སྔགས་ཀྱི་སྔོན་དུ་ཨོྃ་དུ་འགྱུར་ཏེ་ཨོྃ་ཡིག་གོ་ཞེས་པའི་དོན་ཏོ། །མ་གསུངས་པའི་སྔགས་རྣམས་ལ་ཡང་ཐམས་ཅད་དུ་ཨོྃ་ཡིག་དང་པོར་རོ་ཞེས་རྣམ་པར་ཤེས་པར་བྱའོ། །སྦྱིན་སྲེག་ལ་ནི་སྭཱ་ཧཱའི་མཐའ་ཅན་གྱི་སྔགས་ཏེ་ཐམས་ཅད་ཀྱི་མིང་གི་སྔགས་ནི་སྙིང་པོར་བརྗོད་དོ། །དེ་ཉིད་སྦྱིན་སྲེག་གི་བྱ་བ་ལ་སྭཱ་ཧཱའི་མཐའ་ཅན་དུ་འགྱུར་རོ། །ལས་ཐམས་ཅད་པའི་མཆོད་པ་དག་ལ་ན་མཿའི་མཐའ་ཅན་དུ་འགྱུར་ཏེ་དེ་ཉིད་དོ་ཞེས་པ་ནི་ངེས་པའོ། །ཛཿཧཱུྃ་བྃ་ཧོཿལྕགས་ཀྱུ་ལ་སོགས་ཞེས་པ་ནི་འདིར་ལྷ་རྣམས་སྤྱན་དྲང་བ་ལ་ཛཿཡིག་གིས་ལྕགས་ཀྱུ་བྱའོ། །གཞུག་པ་ལ་ཧཱུྃ་ཡིག་གིས་རྡོ་རྗེའོ། །བཅིང་པ་ལ་བྃ་ཡིག་གིས་ཞགས་པའོ། །མཉེས་པ་ལ་


DKG099_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿཡིག་གིས་རྡོ་རྗེ་དྲིལ་བུ་སྟེ་རིམ་པ་ཇི་ལྟ་བར་ཡོངས་སུ་བཀོད་པ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་སོ། །དེ་ནས་མཆོད་ཡོན་སྦྱིན་པ་ལ་ཡང་མིང་གི་སྔགས་ཀྱི་མཐར་འགྱུར་ཏེ་ཆེ་གེ་མོ་ཨི་དཾ་གྲྀཧྣ་གྲྀཧྣ་ཨརྒྷཾ་ཀཾ་མེ་པུ་ནཿཞེས་པ་ནི་ངེས་པའོ། །ད་ནི་རྒྱས་པ་ལ་ཞེས་པ་ལ་སོགས་པས་རྒྱས་པ་ལ་སོགས་པའི་ལས་ཀྱི་དབྱེ་བས་སྔགས་ཀྱི་ཆོ་ག་གསུངས་ཏེ། འདིར་རྒྱས་པ་ལ་ཐམས་ཅད་དུ་སྔགས་བཟླས་པའམ་སྦྱིན་སྲེག་ལ་ཨོྃ་ཡིག་དང་པོ་དང་སྭཱ་ཧཱའི་མཐའ་ཅན་སྔགས་སུ་འགྱུར་རོ། །མི་བདག་ཅེས་པ་ནི་བོད་པའོ། །ཞི་བ་ལ་སྔགས་འདི་ན་མཿའི་མཐའ་ཅན་ནོ། །དགུག་པ་ལ་དེ་ཉིད་གཽ་ཥ་ཊ་མཐར་འགྱུར་རོ། །དེ་ཉིད་བ་ཥ་ཊ་མཐའ་ནི་དབང་ལའོ། །དེ་བཞིན་ཉིད་དུ་ཧཱུྃ་ཡིག་མཐའ་ཅན་མངོན་སྤྱོད་ལ་སྟེ་དབྱེ་བ་དང་བསྐྲད་པ་དང་གསད་པ་ལའོ། །རང་བཞིན་ཡོན་ཏན་དབང་གིས་ཕུར་བུས་གདབ་པ་དང་རྨོངས་པ་དང་རེངས་པ་ལ་ཕཊ་ཡིག་གི་མཐའ་ཅན་དུ་འགྱུར་རོ། །འདིར་རང་བཞིན་ནི་རྒྱས་པ་ལ་རླན་དང་བཅས་པའི་སའི་རང་བཞིན་ཏེ་དེས་ན་སྭཱ་ཧཱའོ། །ཞི་བ་ལ་ཆུའི་རང་བཞིན་ན་མཿའོ། །དགུག་པ་ལ་མེ་དང་སའི་རང་བཞིན་གཽ་ཥ་ཊའོ། །དབང་ལ་མེའི་རང་བཞིན་བ་ཥ་ཊའོ། །གསད་པ་དང་བསྐྲད་པ་དང་དབྱེ་བ་ལ་རླུང་དང་མེའི་རང་བཞིན་ཧཱུྃ་ཡིག་གོ། །ཕུར་བུས་གདབ་པ་དང་རེངས་པ་ལ་ལྷུན་པོ་དང་སའི་རང་བཞིན་ཕཊ་ཡིག་གོ། །རྨོངས་པ་ལ་ཡང་རླུང་དང་སའི་རང་བཞིན་ནོ། །ཡང་ན་ཐམས་ཅད་དུ་གསད་པ་ལ་སོགས་པ་དང་རྨོངས་པ་ལ་སོགས་པའི་ལས་གསུམ་པོ་རྣམས་ལ་ཡི་གེ་ཧུྃ་ཕཊ་ཀྱི་མཐའ་སྟེ་སྔགས་བཟླས་པ་དང་སྦྱིན་སྲེག་དང་མཆོད་པ་ལ་སོགས་པ་ཡང་སྔགས་པས་བྱའོ་ཞེས་པ་ནི་ངེས་པའོ། །ལྷའི་ཁ་དོག་ནི་ཞི་བ་དང་རྒྱས་པ་ལ་དཀར་པོ་དང་། དབང་ལ་སོགས་པ་ལ་དམར་པོ་དང་། གསད་པ་ལ་སོགས་པ་ལ་ནག་པོ་དང་། རྨོངས་པ་ལ་སོགས་པ་ལ་སེར་པོ་སྟེ་ལས་ཀྱི་དབྱེ་བ་རྣམས་ཀྱིས་སྔགས་སུ་འགྱུར་རོ་ཞེས་པ་ནི་ངེས་པའོ། །ད་ནི་དཀྱིལ་འཁོར་གྱི་ས་རྣམ་པར་དག་པའི་ས་བོན་རྣམས་གསུངས་ཏེ་འདིར་ཤར་དུ་རླུང་རྣམ་པར་དག་


DKG099_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐུགས་རྡོ་རྗེ་ཁ་དོག་ནག་པོ་སའི་ཆ་ལ་ཁྱབ་པར་བྱེད་པའོ། །བྱང་དུ་ཆུ་དག་པས་སྐུ་རྡོ་རྗེ་དཀར་པོ་དང་ལྷོ་རུ་མེ་དག་པས་གསུང་རྡོ་རྗེ་དམར་པོ་དང་ནུབ་ཏུ་རང་གི་རིགས་སའི་ཕྱོགས་སུ་གནས་པ་ཡེ་ཤེས་རྡོ་རྗེ་སེར་པོའོ། །དེ་བཞིན་དུ་སྒྲ་གཅན་དང་ཟླ་བ་དང་ཉི་མ་དང་དུས་མེ་དག་པས་ཞལ་བཞིའི་དབྱེ་བས་སའི་ཆའོ། །དེའི་ཕྱིར་གྲངས་བཞིན་དུ་རླུང་གི་སྐྱེ་གནས་ཨི་དང་མེའི་སྐྱེ་གནས་རྀ་དང་ཆུའི་སྐྱེ་གནས་ཨུ་དང་སའི་སྐྱེ་གནས་ནི་ལྀའོ། །དེ་བཞིན་དུ་རླུང་ལ་སོགས་པའི་ལྷ་རྣམས་ཀྱི་སྐྱེ་གནས་ནི་ཨི་ཡིག་ལ་སོགས་པ་རང་རང་གི་ས་བོན་ཏེ་འདུ་བྱེད་དང་ཚོར་བ་དང་འདུ་ཤེས་དང་གཟུགས་ཀྱི་རང་བཞིན་རྣམས་སོ། །ཨ་ཡིག་ནི་མ་བརྗོད་ཀྱང་ནམ་མཁའི་སྐྱེ་གནས་ཏེ་རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་དོ་ཞེས་པ་ཐམས་ཅད་དུ་ངེས་པ་སྟེ་ཨ་ཨི་རྀ་ཨུ་ལྀ་ཀ་ཅེས་པ་སོ་སོར་བསྡུ་བའི་ཚིག་ལས་སྤྲོ་བའི་རིམ་པས་ཏེ་སྐྱེད་པའི་རིམ་པས་སོ་ཞེས་པ་ནི་ངེས་པའོ། །ད་ནི་ཕྱག་རྒྱས་གདབ་པའི་དོན་དུ་ཕྱག་རྒྱའི་ས་བོན་རྣམས་གསུངས་ཏེ་འདིར་དཔྲལ་བར་སྐུའི་ཕྱག་རྒྱ་ཨོྃ་ཡིག་དཀར་པོ་དང་མགྲིན་པར་གསུང་གི་ཕྱག་རྒྱ་ཨཱཿཡིག་དམར་པོ་དང་སྙིང་ཁར་ཐུགས་ཀྱི་ཕྱག་རྒྱ་ཧུྃ་ཡིག་ནག་པོའོ་ཞེས་པ་ནི་ཐབས་ཀྱི་ཕྱག་རྒྱའོ། །ཤེས་རབ་ཀྱི་ལྟེ་བར་སྭཱ་དང་གསང་བར་ཧཱའོ་འདི་དག་དང་བཅས་པ་ལྔ་སྟེ་གང་གི་ཕྱིར་ཟླ་བའི་རྐང་པ་ལ་བཅུ་གསུམ་ཟླ་བའི་རྐང་པར་ལྔ་གསུངས་པའོ། །ཉི་མར་དུས་ཞེས་གསུངས་པའི་ཕྱིར་ཉི་མའི་རྐང་པ་གསུམ་གསུངས་སོ། །རིང་བོའི་དབྱེ་བ་ལས་ཞེས་པ་ནི་སྡེ་བ་སྦྱོར་གྱི་ངོར་རྩ་བར་སྭ་ཧ་ཐུང་ངུའོ། །དེ་བཞིན་དུ་ཨོྃ་སྐུའི་ཞལ་དང་ཨཱཿགསུང་གི་ཞལ་དང་ཧུྃ་ཐུགས་ཀྱི་ཞལ་དང་ཧོ་ཡེ་ཤེས་ཀྱི་ཞལ་ལོ། །གཞན་པ་དག་ཀྱང་དེ་བཞིན་གཞོམ་དུ་མེད་པ་ལྔ་པ་སྟེ་གང་གིས་གཙོ་བོ་རྒྱས་བཏབ་པ་དེ་ཉིད་ནི་སྟོད་པ་ཆེན་པོ་འགྱུར་མེད་ལྔའོ་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་ཨཱ་སོགས་དང་བཅས་ཞེས་པ་ནི་ཨཱ་ལ་སོགས་པ་དབྱངས་དྲུག་དང་ལྷན་ཅིག་ཏུ་ཧྲྃ་ཡིག་དྲུག་ནི་རོ་རྐང་དྲུག་དང་ལྷན་ཅིག་ན་མཿསོགས་ཀྱིས་ཡན་ལག་དྲུག་ཏུ་འགྱུར་ཏེ་ཨོྃ་ཧྲླཱྀ་ནཾ་མཿ། ཨོྃ་ཧྲཱུྃ་སྭཱ་ཧཱ། ཨོྃ་ཧྲྼཱཾ་བཽ་ཥ་ཊ། ཨོྃ་ཧྲཱིཾ་ཧཱུྃ། ཨོྃ་ཧྲཱཾ་བ་ཥ་ཊ། ཨོྃ་ཧྲཿཕཊ་ཅེས་པ་གྲངས་བཞིན་དུ་སྙིང་ཁ་དང་མགོ་བོ་དང་


DKG099_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་དང་གོ་ཆ་དང་མིག་དང་མཚོན་ཆ་སྟེས་དང་ཆུ་དང་མེ་དང་རླུང་དང་སྟོང་པ་དང་ཡེ་ཤེས་ཀྱི་དབྱངས་དང་བཅས་པ་ཧྲཾ་ཡིག་གི་སྔགས་ཉིད་དེ་དེ་ལྟར་ཡན་ལག་དྲུག་གོ། །དེ་བཞིན་དུ་ཕྲེཾ་གི་ཡི་གེ་ནི་སྣ་ཚོགས་ཡུམ་གྱི་ས་བོན་ནོ། །རྒྱལ་བ་དུས་ཀྱི་འཁོར་ལོ་ཤེས་རབ་དང་བཅས་པ་དག་གི་སྔགས་ནི་[ཧྐྵྃམླཝྼྻ]་ཞེས་པའོ། །བཅོམ་ལྡན་འདས་དེ་ཉིད་ཐ་དད་པར་བསྐྱེད་པའི་སླད་དུ་ཧུཾ་ཡིག་ཡེ་ཤེས་ཀྱི་ས་བོན་ཏེ་ཤེས་རབ་དང་ཐབས་སོ་སོར་བསྐྱེད་པའི་སླད་དུའོ། །སྙིང་པོ་དག་ཀྱང་དེ་བཞིན་དུ་རྒྱལ་བའི་བརྩེགས་པའི་སྔགས་སྔར་གསུངས་པ་ཨོྃ་ཨཱཿཧུྃ་ཧོ་ཞེས་པ་ཞལ་བཞི་དང་བཅས་པའོ། །ཧྲཱྃ་ཡིག་ལ་སོགས་ཡན་ལག་དྲུག་པོ་ཨོྃ་ཡིག་དང་པོར་གྱུར་པ་དང་ལྡན་པ་ནི་བཟླས་པའི་དོན་དུ་བཅོམ་ལྡན་འདས་ཀྱི་ཉེ་བའི་སྙིང་པོ་སྟེ། ཨོྃ་ཧྲཱྃ་ཧྲཱིཾ་ཧྲྼཱྀཾ་ཧྲཱུཾ་ཧྲླཱྀ་ཧྲཾཿཞེས་པ་སྐྱེད་པའི་རིམ་པས་ལས་ཐམས་ཅད་སྒྲུབ་པ་ལ་སྟེ་དྲག་པོ་ལ་སྡུད་པའི་རིམ་པས་ཧྲླཱྀཾ་ནས་བཟླས་སོ། །ལྷ་དང་ལྷ་མོ་རྣམས་ཀྱི་ཕྲེང་བའི་སྔགས་ནི་དེ་བཞིན་གཞན་དུ་འགྱུར་རོ། །དེ་ཡང་ལས་ཀྱི་དབྱེ་བ་དུ་མ་ཡིས་རྣམ་པ་མང་པོ་ཚིག་དུ་མ་དང་ལྡན་པར་ཤེས་པར་བྱའོ། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་འདིར་ནི་ས་ལ་སོགས་པའི་རང་བཞིན་ཏེ་དེའི་ཡོན་ཏན་དབང་གིས་སོ་ཞེས་པ་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །དེ་ལྟར་རྒྱུད་གཞན་ཐམས་ཅད་ལ་ངེས་པའོ། །ད་ནི་རིན་ཆེན་ཞེས་པ་ལ་སོགས་པས་ལྷ་རྣམས་མཆོད་པ་གསུངས་པ་འདིར་སྔར་བརྗོད་པའི་ཆོ་གས་ལྷ་རྣམས་དམིགས་པ་བྱས་ཏེ་དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་སྔར་གྱི་སྔགས་ཀྱི་ཚིག་རྣམས་ཀྱིས་མཆོད་ཡོན་ལ་སོགས་པ་འབུལ་ལོ། །དེ་ནས་མཆོད་པའི་དོན་དུ་དང་པོར་ཙནྡན་ལ་སོགས་པའི་དྲི་བཟུང་ནས་མཐེ་བོ་དང་མིང་མེད་དག་གིས་ཕྱི་རོལ་དུ་མཎྜལ་བྱས་ལ་གཙོ་བོ་ལ་སོགས་པ་རྣམས་མཆོད་པར་བྱའོ། །ཐམས་ཅད་ཀྱི་མིང་གི་དང་པོར་ཨོྃ་ཡིག་སྦྱིན་པར་བྱ་སྟེ་ལས་ཐམས་ཅད་ཀྱི་མཆོད་པ་ལ་མིང་གི་མཐར་ན་མཿཞེས་པར་འགྱུར་ཞིང་ལས་སོ་སོ་ལ་ནི་རྒྱས་པ་ལ་སོགས་པ་ལ་སྭཱ་ཧཱ་མཐར་རིག་པར་བྱའོ། །འདིར་ལས་ཐམས་ཅད་ལ་མཆོད་


DKG099_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སླད་དུ་ལྷ་རྣམས་ཀྱི་སྔགས་ཀྱི་ཚིག་རྣམས་ནི་རྩ་བའི་རྒྱུད་ལས་འདི་ལྟ་སྟེ། ཨོྃ་བུད་དྷཱ་ཡ་ན་མཿ། ཨོྃ་དྷརྨྨཱ་ཡ་ན་མཿ། ཨོྃ་སཾ་གྷཱ་ཡ་ན་མཿ། ཨོྃ་བཛྲ་སཏྭཱ་ཡ་ན་མཿ། ཨོྃ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ། ཨོྃ་སྭ་བྷཱ་བི་ཀ་ཀཱ་ཡཱ་ཡ་ན་མཿ། ཨོྃ་དྷརྨྨཱ་ཀཱ་ཡཱ་ཡ་ན་མཿ། ཨོྃ་སཾ་བྷོ་ག་ཀཱ་ཡཱ་ཡ་ན་མཿ། ཨོྃ་ནི་ར་མཱ་ཎ་ཀཱ་ཡཱ་ཡ་ན་མཿ། ཨོྃ་ཛྙཱ་ན་བཛྲཱ་ཡ་ན་མཿ། ཨོྃ་ཙིཏྟ་བཛྲཱ་ཡ་ན་མཿ། ཨོྃ་བཱ་ཀ་བཛྲཱ་ཡ་ན་མཿ། ཨོྃ་ཀཱ་ཡ་བཛྲཱ་ཡ་ན་མཿ། ཨོྃ་ཙ་ཏུར་བི་མོ་ཀྵེ་བྷྱོ་ན་མཿ། ཨོྃ་ཙ་ཏུར་བྲཧྨ་པི་ཧཱ་རེ་བྷྱོ་ན་མཿ། ཨོྃ་སཔྟ་ཏྲིཾ་ཤད་བོ་དྷི་པཱཀྵི་ཀ་དྷརྨྨ་བྷྱོ་ན་མཿ། ཨོྃ་ཙ་ཏུར་ཤཱི་ཏི་ས་ཧཱ་སྲ་དྷརྨྨ་སྐན་དྷེ་བྷྱོ་ན་མཿ། ཨོྃ་སརྦ་དྷརྨྨ་དེ་ཤ་ཀེ་བྷྱོ་ན་མཿ། ཨོྃ་རཏྣ་ཏྲ་ཡཱ་ཡ་ན་མཿ། ཨོྃ་ཤཱཀྱ་མུ་ན་ཡེ་ན་མཿ། ཨོྃ་ཀཱ་ལ་ཙཀྲཱ་ཡ་ན་མཿ། ཨོྃ་དཱ་ན་པཱ་ར་མི་ཏཱ་ཡཻ་ནམཿ། ཨོྃ་ཤཱི་ལ་པཱ་ར་མི་ཏཱ་ཡཻ་ན་མཿ། ཨོྃ་ཀྵཱ་ན་ཏི་པཱ་ར་མི་ཏཱ་ཡཻ་ན་མཿ། ཨོྃ་བཱིརྱ་པཱ་ར་མི་ཏཱ་ཡཻ་ན་མཿ། ཨོྃ་དྷྱཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ། ཨོྃ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ། ཨོྃ་ཨུ་པཱ་ཡ་པཱ་ར་མི་ཏཱ་ཡཻ་ན་མ། ཨོྃ་པྲ་ཎི་དྷཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ། ཨོྃ་པ་ལ་པཱ་ར་མི་ཏཱ་ཡཻ་ན་མཿ། ཨོྃ་ཛྙཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ། ཨོྃ་ཛ་ཡ་གྷ་ཊེ་བྷྱོ་ན་མཿ། ཨོྃ་བི་ཛ་ཡ་གྷ་ཊེ་བྷྱོ་ན་མཿ། ཨོྃ་སརྦ་ཙིཧྣེ་བྷྱོ་ན་མཿ། ཨོྃ་སརྦ་མུ་དྲཱ་བྷྱོ་ན་མཿ། ཨོྃ་ཙིན་ཏཱ་མ་ཎ་ཡེ་ན་མཿ། ཨོྃ་དྷརྨྨ་ག་ཎ་ཌྱཻ་ན་མཿ། ཨོྃ་དྷརྨྨ་ཤཾ་ཁཱ་ཡ་ན་མཿ། ཨོྃ་ཀལྤ་བྲྀ་ཀྵཱ་ཡ་ན་མཿ། ཨོྃ་ཨཀྵོ་བྷྱ་ཡ་ན་མཿ། ཨོྃ་ཨ་མོ་གྷ་སིད་དྷ་ཡེ་ན་མཿ། ཨོྃ་རཏྣ་སཾ་བྷ་བཱ་ཡ་ན་མཿ། ཨོྃ་ཨ་མི་ཏཱ་བྷཱ་ཡ་ན་མཿ། ཨོྃ་བཻ་རོ་ཙ་ནཱ་ཡ་ན་མཿ། ཨོྃ་ལོ་ཙ་ནཱ་ཡཻ་ན་མཿ། ཨོྃ་མཱ་མ་ཀྱཻ་ན་མཿ། ཨོྃ་པཱཎྜ་རཱ་ཡཻ་ན་མཿ།ཨོྃ་ཏཱ་རཱ་ཡཻ་ན་མཿ ཨོྃ་བཛྲ་དྷཱ་ཏྭཱི་ཤྭཪྻཻ་ན་མཿ། ཨོྃ་བཛྲ་པཱ་ཎ་ཡེ་ན་མཿ། ཨོྃ་ཁ་གརྦྷཱ་ཡ་ན་མཿ། ཨོྃ་ཀྵི་ཏི་གརྦྷཱ་ཡ་ན་མཿ། ཨོྃ་ལོ་ཀེ་ཤྭ་རཱ་ཡ་ན་མཿ། ཨོྃ་སརྦ་ནི་བ་ར་ཎ་བི་སྐམ་བྷི་ནེ་ན་མཿ། ཨོྃ་ས་མནྟ་བྷ་དྲཱ་ཡ་ན་མཿ། ཨོྃ་གན་དྷ་བཛྲཱ་ཡཻ་ན་མཿ། ཨོྃ་རཱུ་པ་བཛྲཱ་ཡཻ་ན་མཿ། ཨོྃ་ར་ས་བཛྲཱ་ཡཻ་ན་མཿ། ཨོྃ་སྦར་ཤ་བཛྲཱ་ཡེ་ན་མཿ། ཨོྃ་ཤབྡ་བཛྲ་ཡཻ་ན་མཿ། ཨོྃ་དྷརྨྨ་དྷཱ་ཏུ་བཛྲཱ་ཡེ་ན་མཿ། ཨོྃ་ཨུཥྞཱི་ཥཱ་ཡ་ན་མཿ། ཨོྃ་བིགྷྣཱན་ཏ་ཀཱ་ཡ་ན་མཿ། ཨོྃ་པྲཛྙཱ་ནྟ་ཀཱ་ཡ་ན་མཿ། ཨོྃ་པདྨཱནྟ་ཀཱ་ཡ་ན་མཿ། ཨོྃ་ཡ་མཱནྟ་ཀཱ་ཡ་ན་མཿ། ཨོྃ་སྟམ་བྷི་ནྱཻ་ན་མཿ། ཨོྃ་མཱ་ནི་ནྱཻ་ན་མཿ། ཨོྃ་སྟོ་བྷི་ནྱཻ་ན་མཿ། ཨོྃ་ཨ་ཏི་བཱིཪྻཱ་ཡཻ་ན་མཿ། ཨོྃ་ཨ་ཏི་ནཱི་ལཱ་ཡཻ་ན་མཿ། ཨོྃ་སརྦ་དྷཱ་རི་ཎཱི་བྷྱོ་ན་མཿ།


DKG099_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཨོྃ་ཥ་ཌཱཾ་གཱ་ཡ་ན་མཿ། ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ། །དེ་ནས་གསུང་གི་དཀྱིལ་འཁོར་ལ་འདི་ལྟ་སྟེ། ཨོྃ་བཛྲ་ཙརྩི་ཀཱ་ཡཻ་ན་མཿ། ཨོྃ་བཛྲ་བཱ་རཱ་ཧྱཻ་ན་མཿ། ཨོྃ་བཛྲ་མ་ཧེ་ཤྭཪྻཻ་ན་མཿ། ཨོྃ་བཛྲ་ཨཻ་ན་དྲྱཻ་ན་མཿ། ཨོྃ་བཛྲ་བྲཧྨ་ནྱཻ་ན་མཿ། ཨོྃ་བཛྲ་མ་ཧཱ་ལ་ཀྵྨྱཻ་ན་མཿ། ཨོྃ་བཛྲ་ཀཽ་མཱཪྻཻ་ན་མཿ། ཨོྃ་བཛྲ་བཻཥྞ་བྱཻ་ན་མཿ། ཨོྃ་ཨཥྚ་ཨཥྚ་ཀེ་ན་ཙ་ཏུཿ། ཥ་ཥྛི་བཛྲ་ཡོ་གི་ནཱི་བྷྱོ་ན་མཿ། ཨོྃ་ཥ་ཊ་ཏྲིཾ་ཤ་ཏ་ཨིཙྪཱ་བྷྱོ་ན་མཿ། ཞེས་པ་ནི་གསུང་གི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ། །དེ་ནས་སྐུའི་དཀྱིལ་འཁོར་ལ་འདི་ལྟ་སྟེ། ཨོྃ་བཛྲ་བཻཥྞ་བེ་ན་མཿ། ཨོྃ་བཛྲ་ནཻཪྼྀ་ཏྱཱ་ཡ་ན་མཿ། ཨོྃ་བཛྲ་ཨགྣ་ཡེ་ན་མཿ། ཨོྃ་བཛྲོད་དྷ་ཡེ་ན་མཿ། ཨོྃ་བཛྲེན་དྲཱ་ཡ་ན་མཿ། ཨོྃ་བཛྲེ་ཤྭ་རཱ་ཡ་ན་མཿ། ཨོྃ་བཛྲ་བྲཧྨ་ཎེ་ན་མཿ། ཨོྃ་བཛྲ་བི་ནཱ་ཡ་ཀཱ་ཡ་ན་མཿ། ཨོྃ་བཛྲ་ཀཱཪྟི་ཀེ་ཡཱ་ཡ་ན་མཿ། ཨོྃ་བཛྲ་བཱ་ཡ་བེ་ནམཿ། ཨོྃ་བཛྲ་ཡ་མཱ་ཡ་ན་མཿ། ཨོྃ་བཛྲ་ཡཀྵེ་བྷྱོ་ན་མ། །ཨོྃ་བཱ་རུ་ཎྱཻ་ན་མཿ། ཨོྃ་བཱ་ཡ་བྱཻ་ན་མཿ། ཨོྃ་ཡཱ་མི་ནྱཻ་ན་མཿ། ཨོྃ་ཡཀྵི་ཎྱཻ་ན་མཿ། ཨོྃ་མ་ཧཱ་བ་ལཱ་ཡ་ན་མཿ། ཨོྃ་ཨ་ཙ་ལཱ་ཡ་ན་མཿ། ཨོྃ་ཊཀྐི་རཱ་ཛཱ་ཡ་ན་མཿ། ཨོྃ་ནཱི་ལ་དཎྜ་ཡ་ན་མཿ། ཨོྃ་སུམ་བྷ་རཱ་ཛཱ་ཡ་ན་མཿ། ཨོྃ་རཽ་དྲཱ་ཀྵྱཻ་ན་མཿ། ཨོྃ་བཛྲ་ཤྲྀ་ཁཾ་ལཱ་ཡཻ་ན་མཿ། ཨོྃ་ཙུན་དཱ་ཡཻ་ན་མཿ། ཨོྃ་བྷྲྀ་ཀུ་ཊྱཻ་ན་མཿ། ཨོྃ་མཱ་རཱི་ཙྱཻ་ན་མཿ། ཨོྃ་པྲ་ཏྱེ་ཀ་མཱ་ས་བྷེ་དེ་ན་ཥཥྛི་ཨུཏྟ་ར་ཏྲི་ཤ་ཏ་བཛྲ་ཏི་ཐི་དེ་བཱི་བྷྱོ་ན་མཿ། ཨོྃ་ཥ་ཊ་ཏྲིཾ་ཤ་ཏ་པྲ་ཏཱི་ཙྪ་བྷྱོ་ན་མཿ། ཨོྃ་བཛྲ་ཛ་ཡཱ་ཡ་ན་མཿ། ཨོྃ་བཛྲ་ཀར་ཀོ་ཊ་ཀཱ་ཡ་ན་མཿ། ཨོྃ་བཛྲ་བཱ་སུ་ཀ་ཡེ་ན་མཿ། ཨོྃ་བཛྲཱ་ནན་ཏཱ་ཡ་ན་མཿ། ཨོྃ་བཛྲ་ཏཀྵ་ཀཱ་ཡ་ན་མཿ། ཨོྃ་བཛྲ་མ་ཧཱ་པདྨཱ་ཡ་ན་མཿ། ཨོྃ་བཛྲ་ཀུ་ལི་ཀཱ་ཡ་ན་མཿ། ཨོྃ་བཛྲ་ཤཾ་ཁ་པཱ་ལཱ་ཡ་ན་མཿ། ཨོྃ་བཛྲ་པདྨཱ་ཡ་ན་མཿ། ཨོྃ་བཛྲ་བི་ཛ་ཡཱ་ཡ་ན་མཿ། ཞེས་པ་ནི་སྐུའི་དཀྱིལ་འཁོར་ལའོ། །དེ་ནས་དུར་ཁྲོད་རྣམས་སུ་འདི་ལྟ་སྟེ། ཨོྃ་ཤྭཱ་ནཱ་སྱཱ་ཡཻ་ན་མཿ། ཨོྃ་སཱུ་ཀ་རཱ་སྱཱ་ཡཻ་ན་མཿ། ཨོྃ་བྱཱ་གྷྲཱ་སྱཱ་ཡཻ་ན་མཿ། ཨོྃ་ཛཾ་བུ་ཀཱ་སྱཱ་ཡཻ་ན་མཿ། ཨོྃ་ག་རུ་ཌཱ་སྱཱ་ཡཻ་ན་མཿ།ཨོྃ་ཨུ་ལཱུ་ཀཱ་སྱཱ་ཡཻ་ན་མཿ། ཨོྃ་གྲྀ་དྷྱཱ་སྱཱ་ཡཻ་ན་མཿ། ཨོྃ་ཀཱ་ཀཱ་སྱཱ་ཡཻ་ན་མཿ། ཨོྃ་སརྦ་བྷཱུ་ཏེ་བྷྱོ་ན་མཿ། ཞེས་པ་ནི་དུར་ཁྲོད་བརྒྱད་པོ་རྣམས་ལའོ། །དེ་ནས་ཕྱི་རོལ་དུ་འཇིག་རྟེན་པའི་ལྷ་རྣམས་ཀྱི། ཨོྃ་བཛྲ་ཙནྡྲཱ་ཡ་ན་མཿ། ཨོྃ་བཛྲ་སཱུཪྻཱུ་ཡ་ན་མཿ། ཨོྃ་བཛྲ་མཾ་ག་ལཱ་ཡ་ན་མཿ། ཨོྃ་བཛྲ་བུདྷཱ་


DKG099_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ན་མཿ། ཨོྃ་བཛྲ་པྲྀ་ཧ་སྤ་ཏ་ཡེ་ན་མཿ། ཨོྃ་བཛྲ་ཤུ་ཀྲཱ་ཡ་ན་མཿ། ཨོྃ་བཛྲ་ཤ་ནཻཤྩ་རཱ་ཡ་ན་མཿ། ཨོྃ་བཛྲ་ཀེ་ཏ་བེ་ན་མཿ། ཨོྃ་བཛྲ་རཱ་ཧ་བེ་ན་མཿ། ཨོྃ་བཛྲ་ཀཱ་ལཱགྣ་ཡེ་ན་མཿ། ཨོྃ་བཛྲ་དྷྲུ་བེ་ན་མཿ། ཨོྃ་བཛྲཱ་ག་སྟྱཱ་ན་མཿ། ཨོྃ་སརྦ་ནཀྵ་ཏྲེ་བྷྱོ་ན་མཿ། ཨོྃ་དྭ་ད་ཤ་རཱ་སི་བྷྱོ་ན་མཿ། ཨོྃ་ཥོ་ཊ་ཤ་ཀ་ལཱ་བྷྱོ་ན་མཿ། ཨོྃ་ད་ཤ་དི་ཀ་པཱ་ལེ་བྷྱོ་ན་མཿ། ཨོྃ་བཛྲ་ནནྡི་ཀེ་ཤྭ་རཱ་ཡ་ན་མཿ། ཨོྃ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ན་མཿ། ཨོྃ་བཛྲ་གཎྜཱ་ཀཪྞྞཱ་ཡ་ནམཿ། ཨོྃ་བཛྲ་བྷྲྀཾ་གི་ཎེ་ན་མཿ། ཨོྃ་སརྦ་ཀྵེ་ཏྲ་པཱ་ལེ་བྷྱོ་ན་མཿ། ཨོྃ་སརྦ་དཱུ་ཏཱི་བྷྱོ་ན་མཿ། ཨོྃ་ཧཱ་རི་ཏྱེ་ན་མཿ། ཨོྃ་སརྦ་སིད་དྷི་བྷྱོ་ན་མཿ། ཨོྃ་དྷརྨྨ་ཙཀྲཱ་ཡ་ན་མཿ། ཨོྃ་བྷ་ཏྲ་གྷ་ཊཱ་ཡ་ན་མཿ། ཨོྃ་བཛྲ་དུ་ན་དུ་བྷྱཻ་ན་མཿ། ཨོྃ་བོ་དྷི་བྲྀཀྵཱ་ཡ་ན་མཿ། ཨོྃ་གུ་རུ་བུད་དྷ་བོ་དྷི་ས་ཏྭེ་བྷྱོ་ན་མོ་ན་མཿ། ཞེས་པ་ནི་མཆོད་པའི་ཆོ་གའོ། །དེ་ནས་རིན་ཆེན་ཨིནྡྲ་ནཱི་ལ་ལ་སོགས་པ་རྣམས་དང་གསེར་གྱི་མེ་ཏོག་དང་རྣམ་པ་མང་པོའི་གོས་ཏེ་ཁ་དོག་ལྔའི་གོས་རྣམས་དང་དྲི་དང་སྤོས་དང་མར་མེ་དང་དྲིལ་བུ་དང་མེ་ལོང་དང་བླ་རེ་དང་རྣམ་མང་འབྲས་བུ་དང་ཁ་དོག་ལྔའི་བ་དན་རྣམས་དང་། གར་དང་རོལ་མོ་ཡིས་རྣམ་བཀྲ་མཆོད་པ་བྱས་ཏེ་གཞན་པ་རྣམ་བཅུ་ཞེས་པ་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །དེ་ལྟར་སློབ་མ་བདག་ཉིད་ཀྱི་ནུས་པས་ཇི་ལྟར་གསུངས་པ་བཞིན་མཆོད་པ་བྱས་ཏེ་དེ་ནས་སློབ་དཔོན་དག་གི་ཞབས་ཀྱི་དྲུང་དུ་མཎྜལ་བྱས་ནས་མཆོག་གི་བུ་ཡིས་ཡོན་ནི་དག་པའི་སླད་དུ་དབུལ་བྱ་སྟེ། །དག་པ་གསུམ་གྱིས་ཞེས་པ་ལུས་དང་ངག་དང་སེམས་དག་པས་རྫས་དང་བདག་ཉིད་བུ་དང་བུ་མོ་དང་བཅས་ཏེ་གལ་ཏེ་རང་ལ་མེད་ན་རིགས་ལས་སྐྱེས་པའི་གཞོན་ནུ་མ་དབུལ་བར་བྱའོ། །དེ་ལྟར་ཡོན་ཕུལ་ཏེ་དེ་ནས་གསོལ་བ་གདབ་པ་དང་སྨོན་ལམ་གདབ་པར་བྱའོ། །བདག་ནི་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི་སྟེ་བྱང་ཆུབ་ཀྱི་བར་དུའོ། །ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་དག་སེམས་ནི་དག་པས་སོ། །ཞེས་པ་གསེར་བཅས་མེ་ཏོག་དག་གིས་མཎྜལ་བྱས་ནས་བླ་མ་ལ་ནི་གསོལ་བ་གདབ་པར་འགྱུར། །དེ་ནས་སྨོན་ལམ་གདབ་པར་བྱ་


DKG099_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་གཟུང་བར་བགྱི་ཞེས་པ་རྡོ་རྗེའི་རིགས་ལ་གནས་པས་དམ་ཚིག་འདི་ཐམས་ཅད་གཟུང་བར་བགྱིའོ། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་སྟེ་རིན་ཆེན་གྱི་རིགས་ལ་གནས་པས་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་སྦྱིན་པ་རྣམ་པ་བཅུ་སྦྱིན་པར་བགྱིའོ། །རིན་ཆེན་ལྕགས་ཟས་བ་ལང་རྟ། །གླང་ཆེན་བུ་མོ་ནོར་འཛིན་དང་། །འདོད་པའི་ཆུང་མ་རང་གི་ཤ། །སྦྱིན་པ་རྣམ་པ་བཅུ་རུ་འདོད། །ཅེས་པ་སྟེ། ཡིད་བཞིན་གྱི་ནོར་བུ་བསྒྲུབས་ནས་སྦྱིན་པ་སྦྱིན་པར་བགྱིའོ་ཞེས་པ་སྨོན་ལམ་མོ། །འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི་ཞེས་པ་འཁོར་ལོའི་རིགས་ལ་གནས་པས་བདུད་རྩི་ལྔ་ལ་སོགས་པ་དང་གོ་ཀུ་ད་ཧ་ན་དང་ཕུང་པོ་དང་དབང་པོའི་ཚོགས་པ་བསྲུང་བར་བགྱིའོ་ཞེས་པ་སྟེ་སྨོན་ལམ་མོ། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་ཞེས་པ་རལ་གྲིའི་རིགས་ལ་གནས་པར་གྱུར་པས་བླ་མ་དམ་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་གཞན་རྣམས་ལ་ཡང་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བགྱིའོ་ཞེས་པ་སྨོན་ལམ་མོ། །གསལ་བར་ཆུ་སྐྱེས་རིགས་ལ་སྟེ་པདྨའི་རིགས་ལ་གནས་པར་གྱུར་པས་རིགས་དང་རིགས་མ་ཡིན་པ་ལ་མངོན་པར་འགྲོ་བས་གསལ་བར་པདྨ་ལ་རེག་པ་ལས་ཚུལ་ཁྲིམས་ཀྱི་སྡོམ་པའི་སླད་དུ་ཚངས་པར་སྤྱོད་པའི་སྡོམ་པ་རྣམས་ནི་བསྐྱང་བར་བགྱི་ཞེས་པའི་སྨོན་ལམ་གདབ་པར་བྱའོ། །སེམས་ཅན་རྣམས་ནི་ཐར་བའི་སླད་དུ་རྒྱལ་བ་སྐྱེད་མཛད་རིགས་ལ་སྟེ་རྡོ་རྗེ་རྩེ་གཅིག་པའི་རིགས་ལ་གནས་པར་གྱུར་པས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱིའོ་ཞེས་སྨོན་ལམ་གདབ་པར་བགྱིའོ། །དེ་ལྟར་སྨོན་ལམ་གདབ་པ་བྱས་པའི་ཚེ་དབང་བསྐུར་བའི་སླད་དུ་གསོལ་བ་བཏབ་པའི་བླ་མ་དགྱེས་ཤིང་མཉེས་པར་གྱུར་པས་སློབ་མ་དམ་པ་ཁྲུས་བྱས་དྲི་ཡིས་རྗེས་བྱུགས་བརྟུལ་ཞུགས་ངེས་པ་དང་ལྡན་ཤར་གྱི་སར་ནི། དཀྱིལ་འཁོར་གྱི་ཕྱི་རོལ་དུ་གཞག་པར་བྱ་ཞིང་དངོས་གྲུབ་དོན་དུ་སོ་ཤིང་སྔར་བརྗོད་པའི་ཆོ་གས་རྒྱལ་བ་མཆོག་གི་རྡོ་རྗེ་དག་གིས་ཞེས་པ་ཨོྃ་ཨཱཿཧུྃ་འདི་དག་གིས་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ། དེ་ནས་


DKG099_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

གསོར་ནས་མཎྜལ་དུ་དོར་བར་བྱའོ། །ཕྱོགས་ཀྱི་ཆ་གང་དུ་ལྷུང་བ་དེར་དེའི་ལས་རབ་འབྱམ་འགྲུབ་པར་འགྱུར་ཏེ། ཕྱོགས་བརྒྱད་རྣམས་སུ་ཞི་བ་ལ་སོགས་པའི་ལས་སྔར་གསུངས་སོ། །དེ་ནས་ཁར་ཆུ་ཁྱོར་བ་གསུམ་བླུད་དེ་དག་པར་བྱས་ནས་དཀྱིལ་འཁོར་ལ་ཡོལ་བ་བཀོད་ཅིང་ཤར་གྱི་སར་སློབ་མ་ཁྲིད་ལ་དེ་ནས་དེའི་ལྕེ་ལ་བདུད་རྩི་ལྔ་སྦྱིན་པར་བྱའོ། །རྒྱལ་བ་མཆོག་གི་དམ་ཚིག་དག་གིས་ཏེ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་པོ་དག་གིས་སྔར་སྤོས་བསྒྲུབས་ནས་སྤོས་དེ་ཉིད་ལྷ་དབབ་པའི་དོན་དུའོ། །དེ་ལ་སྔགས་ནི་ཧཱུྃ་གི་ཡི་གེ་གཅིག་སྟེ་ཨར་ལ་དང་བཅས་པ་ཞེས་པ་ཨོྃ་ཨ་ར་ར་ར་ར་ལ་ལ་ལ་ལ་བཛྲཱ་བེ་ཤ་ཡ་ཧུྃ་ཞེས་པའི་སྔགས་འདིས་ཁྲོ་བོའི་གཙོ་བོ་བསྐུལ་བ་བྱས་ནས་ཁྲོ་བོ་དབབ་པོ་ཞེས་པའི་དོན་ཏོ། །འདི་ལ་བཟླས་པ་བྱེ་བ་དང་སྦྱིན་སྲེག་འབུམ་ཕྲག་བཅུས་སྔོན་དུ་བསྙེན་པ་བྱའོ། །དེས་འགྲུབ་པར་འགྱུར་ཏེ་དྲན་པ་ཙམ་གྱིས་ཁྲོ་བོ་འབེབས་པར་བྱེད་དོ། །དེ་ལ་མཚན་ཉིད་ནི་ཚིགས་སུ་བཅད་པ་བརྒྱད་ཅུ་རྩ་བརྒྱད་པས་གསུངས་པ་འདིར་འགྱུར་ཏེ། ཁྲོ་བོའི་རྒྱལ་པོ་ཕེབས་ན་མཚོན་ཆས་མཛེས་པའི་ལག་པ་དག་གིས་བདུད་ཀྱི་ཚོགས་ལ་སྡིགས་བྱེད་ཅིང་ཞེས་པ་ནི་འདིར་སློབ་མ་ལ་ཁྲོ་བོའི་རྒྱལ་པོ་བབས་པར་གྱུར་ན་མཚོན་ཆས་མཛེས་པར་བྱས་པའི་ལག་པ་དག་གིས་བརྟན་པ་དང་གཡོ་བ་གང་ལ་བསྣུན་པ་དེ་ཕྱེ་མ་བརྒྱར་བྱེད་དོ། །བདུད་ཀྱི་ཚོགས་ཆོས་ལ་འཚེ་བར་བྱེད་པ་གང་ལ་སྡིགས་མཛུབ་ཀྱིས་བསྡིགས་པ་དེས་ལ་འགྱེལ་བར་བྱེད་ཅིང་སེམས་མེད་པར་བྱེད་དོ། །དེ་བཞིན་དུ་གཡོན་བརྐྱང་ལ་སོགས་སྟབས་རྣམས་དང་ནི་རྣམ་མང་བྱེད་པ་རྣམས་ཀྱིས་རྡོ་རྗེའི་གར་གྱིས་གར་བྱེད་དེ། འདིར་སློབ་མ་གང་ཞིག་སྔར་གར་གྱི་མཚན་ཉིད་ཅུང་ཟད་ཀྱང་མི་ཤེས་པ་དེ་ཉིད་ཁྲོ་བོ་ཕེབས་པར་གྱུར་པ་ན་རྡོ་རྗེའི་གར་བྱེད་དོ། །བར་སྣང་ལ་ཡང་རྣམ་མང་བྱེད་པ་རྣམས་ཀྱིས་ཞེས་པ་གར་བྱེད་དོ། །ཅི་སྟེ་བཞད་པར་བྱེད་ན་དེའི་ཚེ་ཧུྃ་གི་ཡི་གེ་འདྲེས་པས་དགྲ་སྟེ་བདུད་ཀྱི་ཚོགས་ལ་འཇིགས་པ་སྟེར་བ་དང་ནི་དེ་བཞིན་དུ་སློབ་མ་གང་ཞིག་སྔར་མི་ཤེས་པ་དེ་ཁྲོ་བོ་ཕབས་པ་ན་མི་ལ་སོགས་པ་རྣམས་ཀྱི་ས་རྟོགས་པར་བྱ་བ་མ་ཡིན་པའི་སྒྲས་རྒྱུད་གཞན་དུ་མ་ལས་གང་གསུངས་པའི་གླུ་བྱེད་དོ། །


DKG099_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ཁྲོ་བོའི་རྒྱལ་པོ་ཕེབས་པ་ནི་ངོ་ཚ་མེད་ཅིང་དོགས་པ་མེད་པར་འགྱུར་ཏེ། ཡོན་ཏན་དབང་གིས་ཞེས་པ་ཁྲོ་བོའི་རང་བཞིན་གྱིས་སོ། །ལྷ་གཞན་རྣམས་ཀྱང་ཞི་བའོ་ཞེས་པ་ནི་ཅི་སྟེ་སྤྱན་མ་ལ་སོགས་པའི་ལྷ་ཡིན་ན་ཞི་བའོ་ཞེས་པ་སྟེ་ཁྲོ་བོ་དབབ་པའི་ངེས་པའོ། །འདིར་ཡང་རྒྱ་ཆེར་གཞན་ཁྲོ་བོ་བཅུ་པོ་རྣམས་ཀྱི་རང་བཞིན་བཅུ་པོ་རྣམས་ནི་ཕྱག་རྒྱ་བཅིང་བས་རིག་པར་བྱའོ། །མཚན་མ་གང་གིས་གང་བསྐྱེད་པ་དེ་ཡང་དེའི་ཕྱག་གི་ཕྱག་རྒྱར་འགྱུར་ཏེ་དེ་ནི་དེས་ཤེས་པར་བྱའོ་ཞེས་པ་ངེས་པའོ། །ད་ནི་སྐུ་ཞེས་པ་ལ་སོགས་པས་ཁྲོ་བོའི་རྒྱལ་པོའམ་བྱང་ཆུབ་སེམས་དཔའི་སྐུ་ལ་སོགས་པའི་བྱིན་གྱིས་བརླབ་པ་གསུངས་པ་འདིར་སྐུ་ཕེབས་པ་ནི་རྣལ་འབྱོར་ལྡན་པ་ཞེས་པ་ལྷའི་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་གྱུར་ན་རང་བཞིན་ཡོན་ཏན་དབང་གིས་དྲག་པོ་དང་ཞི་བའི་རང་བཞིན་གྱིས་སློབ་མ་སྐུའི་བྱ་བ་བྱེད་པ་སྟེ། ཇི་ལྟར་ཁྲོ་བོ་དང་བྱང་ཆུབ་སེམས་དཔའ་ནི་ནམ་མཁའ་ལ་འགྲོ་བ་དང་ས་འོག་ཏུ་འགྲོ་བར་མཛད་པ་དེ་བཞིན་དུ་སློབ་མས་བྱེད་ཅིང་དཀྱིལ་འཁོར་ལ་སོགས་པ་མ་མཐོང་བ་སྐྱེད་པར་བྱེད་དེ་མཆོག་གི་ལྷའི་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་གྱུར་པས་རི་བོ་འབྱིན་པ་ལ་སོགས་པ་སྐུའི་བྱ་བ་བྱེད་དོ། །དེ་བཞིན་དུ་གསུང་ཕེབས་པས་ནི་སྲིད་གསུམ་ལྷ་དང་ཀླུ་དང་ལྷ་མིན་རྣམས་ལས་རྣམ་པར་རྒྱལ་བའི་སྨྲ་བ་པོར་འགྱུར་ཏེ། ལྷའི་གསུང་རྡོ་རྗེས་བྱིན་གྱིས་བརླབས་པའི་སློབ་མ་རྨོངས་པ་ཡང་འཇམ་དཔལ་ཇི་ལྟ་བ་དེ་བཞིན་དུ་འགྱུར་རོ་ཞེས་པ་ངེས་པའོ། །དེ་བཞིན་དུ་མཆོག་གི་ལྷའི་ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་ཐམས་ཅད་དང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་མ་མཐོང་བ་ཐམས་ཅད་སློབ་མས་ཤེས་པར་འགྱུར་ཞེས་པ་ཐུགས་ཕེབས་པའི་ངེས་པའོ། །ཅི་སྟེ་སྐྱེ་བ་སྔ་མའི་བག་ཆགས་ཀྱི་སྟོབས་ཀྱིས་ཁ་ཅིག་ལ་ཡེ་ཤེས་ཕེབས་པར་འགྱུར་ཏེ། དེའི་ཚེ་དཀྱིལ་འཁོར་ལ་འགྲུབ་པར་འགྱུར་ཞིང་སངས་རྒྱས་སུ་འགྱུར་རོ། །བླ་མ་ཡི་ཡང་བླ་མ་ཞེས་པ་མངོན་པར་ཤེས་པ་ལྔ་ཐོབ་པ་དང་ས་བཅུའི་དབང་ཕྱུག་ཏུ་འགྱུར་རོ། །སངས་རྒྱས་ཞེས་པ་ནི་ཉེ་བར་བཏགས་པའི་ཚིག་སྟེ། རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུ་ཞེས་པ་ཡང་དེ་བཞིན་ནོ། །སྐུ་དང་གསུང་དང་ཐུགས་དང་


DKG099_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་མཚན་ཉིད་ངེས་པའོ། །ད་ནི་ས་ཞེས་པ་ལ་སོགས་པས་སྤྱན་མ་ལ་སོགས་པ་རྣམས་ཀྱི་བྱིན་གྱིས་བརླབས་པ་གསུངས་པ་འདིར་གང་གི་ཚེས་ཕེབས་པས་ནི་རྣལ་འབྱོར་པ་སྟེ། སློབ་མ་བྱིན་གྱིས་བརླབས་པར་གྱུར་ན། རི་དང་མཚུངས་པར་འགྱུར་ཏེ། མི་བརྒྱ་ཕྲག་དུ་མས་ཀྱང་བསྐྱོད་པར་མི་ནུས་སོ། །ཆུས་ཀྱང་བསིལ་བར་རབ་ཏུ་འགྱུར་ཏེ། འདིར་མཱ་མ་ཀཱི་ས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པས་གང་ཞིག་སྲེག་པའི་རིམས་ཀྱིས་བཟུང་བ་ལ་འཁྱུད་ན་ཡང་དེ་རིམས་དང་བྲལ་བར་འགྱུར་རོ། །མེ་ཕེབས་པས་ནི་སྲེག་པར་འགྱུར་ཏེ་འདིར་གང་གི་ཚེ་གོས་དཀར་མོས་བྱིན་གྱིས་བརླབས་པར་གྱུར་ན། དེའི་ཚེ་གང་ལ་རེག་པ་དེ་སྲེག་པར་བྱེད་དོ། །ཅི་སྟེ་རླུང་ཕེབས་པས་བྱིན་གྱིས་བརླབས་ན་དེ་བཞིན་སྐམ་པ་དག་ཏུ་རབ་ཏུ་འགྱུར་ཏེ། གང་ལ་འཁྱུད་པ་དེ་དཔག་ཚད་དུ་མ་རྣམས་སུ་སྐྲོད་པར་བྱེད་དོ། །དེ་བཞིན་དུ་སྟོང་པ་ཕེབས་པས་མི་སྣང་བར་འགྱུར་ཏེ། གང་ལ་རེག་པ་དེ་ཉིད་མི་སྣང་བར་འགྱུར་ཞིང་ས་སྟེང་དུ་ནི་མཁའ་ལ་སྤྱོད་པ་ཉིད་དུ་རབ་ཏུ་འགྱུར་ཞེས་པ་ངེས་པའོ། །དེ་བཞིན་ཐམས་ཅད་རང་བཞིན་ཡོན་ཏན་དབང་གིས་རིག་པར་བྱ་སྟེ་འདིར་གང་གི་ཚེ་ལྷའི་མིག་ཕེབས་པར་གྱུར་ན་དེའི་ཚེ་ལྷའི་མཆོག་གི་གཟུགས་དང་མི་མཐོང་བའི་རྫས་ཀྱང་མཐོང་བར་འགྱུར་རོ། །གང་གི་ཚེ་ལྷའི་རྣ་བ་ཕེབས་པར་གྱུར་ན་དེའི་ཚེ་སེམས་ཅན་རྣམས་ཀྱི་སྒྲ་གང་མི་ཐོས་པ་དེ་ཐོས་པར་འགྱུར་རོ། །གང་གི་ཚེ་ལྷའི་ཡིད་ཕེབས་པར་གྱུར་ན་དེའི་ཚེ་གཞན་གྱི་སེམས་ཤེས་པར་འགྱུར་རོ། །གང་གི་ཚེ་ལྷའི་ལུས་ཀྱི་དབང་པོ་ཕེབས་པར་གྱུར་ན། དེའི་ཚེ་ལྷའི་རེག་བྱ་འཛིན་པར་འགྱུར་ཞིང་། སྔོན་གྱི་གནས་ཤེས་པར་འགྱུར་རོ། །གང་གི་ཚེ་ལྷའི་ལྕེ་ཕེབས་པར་གྱུར་ན། དེའི་ཚེ་ལྷའི་རོ་མྱོང་བར་འགྱུར་ཞིང་། དེས་ནམ་མཁའི་རྫུ་འཕྲུལ་དུ་འགྱུར་རོ། །གང་གི་ཚེ་ལྷའི་སྣ་ཕེབས་པར་གྱུར་ན་དེའི་ཚེ་ལྷའི་དྲི་འཛིན་པར་འགྱུར་ཏེ། དེས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ་ཞེས་པ་ནི་ངེས་པའོ། །ད་ནི་དབབ་པ་ཞེས་པ་ལ་སོགས་པས་ལྷ་དབབ་པ་བསྐྱེད་པའི་མཚན་ཉིད་གསུངས་པ་འདིར་ལྷ་དབབ་པ་གང་ཡིན་པ་དེ་ནི་ངེས་པར་ཞེས་པ་མཐའ་


DKG099_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འགྱུར་ཏེ་སྔགས་པ་སློབ་དཔོན་རྣམས་ཀྱི་སྒོམ་པའི་སྟོབས་དང་སྔོན་དུ་བསྙེན་པའི་དབྱེ་བ་དང་ནི་ཞེས་པ་ཆོ་ག་སྣ་ཚོགས་པ་དང་། རྣམ་མང་དམ་ཚིག་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལ་སོགས་པ་བསྲུངས་པ་དང་། དེ་བཞིན་དུ་སྔགས་ཀྱི་བཟླས་པ་ལ་སོགས་པ་རྣམས་ཀྱིས་ཀྱང་ཕེབས་པར་འགྱུར་གྱི་རྣམ་པ་གཞན་དུ་ན་མི་འགྱུར་རོ། །འགའ་ཞིག་དག་གི་ཚེ་བླ་མ་བརྒྱུད་པའི་རིམ་པས་རྣམ་པར་དག་པའི་སློབ་མ་ལ་སྟེ། སངས་རྒྱས་རོ་མྱོང་བྱེད་པས་བདུད་རྩིའི་དབང་ལས་དཀྱིལ་འཁོར་འགའ་ཞིག་ཏུ་ནི་མཆོག་གི་བུ་ལ་འགྱུར་རོ། །མིའི་བདག་པོ་ཞེས་པ་ནི་བོད་པའོ། །རང་བྱིན་བརླབ་པས་དམན་པ་རྣམ་མང་སྲིད་པ་རྣམས་ཀྱིས་སྔགས་པ་རྣམས་ལ་དངོས་གྲུབ་ཡོད་མ་ཡིན་ཇི་སྲིད་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་བར་དུ་དེ་བཞིན་གཤེགས་པས་འཇིག་རྟེན་པ་ཞེས་གསུངས་པའོ། །འདིར་མཆོག་རྣམས་ཀྱི་དབབ་པའོ། །གཞན་དུ་འབྱུང་པོ་དང་སྲིན་པོའི་འཁོར་ལ་སོགས་པ་རྣམས་ཀྱི་དབབ་པ་ནི་མཐའ་ཡས་པ་སྟེ། དེ་རྣམས་ཀྱི་མཚན་ཉིད་དང་བླ་མའི་བཀའི་མཚན་ཉིད་ཀྱང་ལེའུ་ལྔ་པའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱ་སྟེ། དེས་ན་འདིར་དཀྱིལ་འཁོར་དུ་འཇུག་པ་ལ་དེ་རྣམས་མ་གསུངས་སོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་ཕེབས་པ་བཏང་ཞེས་པ་ལ་སོགས་པས་ཕེབས་པ་ཉེ་བར་ཞི་བ་ལ་སོགས་པ་གསུངས་ཏེ། འདིར་གང་གི་ཚེ་སློབ་མ་ཁྲོ་བོའི་ལྷ་ལ་སོགས་པས་བྱིན་གྱིས་བརླབས་པ་དེའི་ཚེ་སློབ་དཔོན་གྱིས་གང་ཅུང་ཟད་མངོན་པར་འདོད་པའི་བྱ་བ་དྲི་བར་བྱའོ། །དེ་ནས་ཨོྃ་ཨཱཿཧུྃ་ཡི་གེ་གསུམ་གྱིས་མེ་ཏོག་མངོན་པར་བསྔགས་ཏེ་མགོ་བོར་སྦྱིན་པར་བྱའོ། །དེས་ཕེབས་པ་གཏོང་ཞིང་རང་གི་གནས་སུ་འགྲོ་བར་འགྱུར་རོ། །དེ་ལྟར་ཕེབས་པ་གཏོང་བར་འགྱུར་ཏེ་དེ་ནས་ཕེབས་པ་བཏང་བའི་ཕྱི་ནས་མགོ་བོར་རྒྱལ་བས་བསྲུང་བ་ཞེས་གསུངས་པའི་ཕྱིར་མགོ་བོར་ཨོྃ་ཡིག་གིས་སོ། །སྙིང་ཁར་ཧུྃ་ཡིག་གིས་སོ། །སྤྱི་གཙུག་སྟེ་གཙུག་ཏོར་དུ་ཧྃ་ཡིག་གིས་སོ་ཞེས་པ་ནི་ཐབས་སྟེ། རང་གི་རྡོ་རྗེ་གསུམ་གྱིས་ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱིས་སོ། །དེ་བཞིན་དུ་ལྟེ་བར་ཧོཿཡིག་གིས་སོ། །མགྲིན་པར་ཨཱཿཡིག་གིས་སོ། །གསང་བར་ཀྵཿ


DKG099_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་གིས་སོ་ཞེས་པ་ནི་ཤེས་རབ་ཀྱི་སྟེ་རང་གི་རྡོ་རྗེ་གསུམ་གྱིས་ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱིས་སོ། །འདིར་ནི་གཉི་གའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཡུལ་ལའོ། །གཞན་དུ་ནི་ཧཱུྃ་ཡིག་རིང་པོ་གསུང་རྡོ་རྗེ་དང་ཐུང་ངུ་ཐུགས་རྡོ་རྗེ་སྟེ་གང་ན་ཡོད་པ་ལའོ། །དེ་ནས་བསྲུང་བ་བྱ་ཞིང་ལུས་ལ་སེར་པོའི་གོས་དག་བྱིན་ཏེ། མིག་ནི་བསྒྲིབས་པར་གྱུར་པའི་སློབ་མ་དཀྱིལ་འཁོར་འདིར་ནི་གཞུག་པ་བསྒྲུབ་པར་བྱའོ། །དང་པོར་ཀུན་རྫོབ་དོན་དུ་བརྟུལ་ཞུགས་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་སྟེ། ཀུན་རྫོབ་ནི་བསོད་ནམས་ལ་སོགས་པའི་ཚོགས་སོ། །དེའི་དོན་ནི་དེའི་དོན་ནོ། །རབ་མཆོག་བགྲོད་པ་རྣམས་ལ་བགྲོད་པ་དེ་རྣམས་ཞེས་པ་ལ་རབ་མཆོག་ནི་རྣམ་པར་གཟིགས་ལ་སོགས་པ་དང་སྐལ་བ་བཟང་པོ་ལ་ཤཱཀྱ་ཐུབ་པའི་མཐར་ཐུག་པ་དེ་བཞིན་གཤེགས་པ་བདུན་པོ་རྣམས་སོ། །དེ་རྣམས་ཀྱི་བགྲོད་པ་ནི་བསོད་ནམས་དང་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་དོ། །དེ་ལ་བགྲོད་པ་ནི་རབ་མཆོག་བགྲོད་པ་རྣམས་ལ་བགྲོད་པ་སྟེ། དེ་ཉིད་སློབ་དཔོན་གྱིས་སློབ་མ་ལ་སྦྱིན་པར་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལ་བརྟུལ་ཞུགས་རྣམས་ནི་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད་ཅེས་པ་སྟེ། བརྟུལ་ཞུགས་ལྔའི་ངེས་པའོ་ཞེས་པའི་དོན་ཏོ། །གང་ལས་ཅིའི་ཕྱིར་ཞེ་ན་འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པའི་ལས་ལྔ་པོ་འདི་རྣམས་སོ་དེའི་ཕྱིར་མི་བྱའོ་ཞེས་པ་སྟེ་ངེས་པའོ། །སྣ་ཚོགས་གཙོ་བོ་སུ་ཞིག་གི་ཞེ་ན་གང་ཞིག་གང་གི་དུས་སུ་བྱུང་བའི་དེ་བཞིན་གཤེགས་པ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ། ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ་ཞེས་པ་ནི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་བསྐྱངས་པ་ཇི་ལྟ་བ་དེ་བཞིན་དུའོ་ཞེས་པ་སྟེ། དེ་བཞིན་གཤེགས་པའི་ངེས་པས་བསླབ་པའི་གནས་ལྔ་དང་ལྡན་པའོ། །དེ་ནས་གལ་ཏེ་འདོད་ན་དེའི་ཚེ་གཞན་


DKG099_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྦྱིན་པར་བྱའོ། །དེ་ལ་ཆོ་ལོ་དང་ཁ་ན་མ་ཐོ་བཅས་པའི་ཟས་སྔར་བརྗོད་པ་དང་ཚིག་ངན་ཀློག་པ་དང་འབྱུང་པོའི་ཆོས་ཕ་མེས་ཀྱི་བྱ་བ་དང་མཆོད་སྦྱིན་གྱི་བྱ་བ་རིག་བྱེད་ལས་བརྗོད་པ་དང་ལྷ་མིན་གྱི་ཆོས་ནི་ཀླ་ཀློའི་ཆོས་ཏེ་མི་བྱའོ་ཞེས་པ་ཉེ་བའི་སྡིག་པ་ལྔ་དང་དེ་བཞིན་དུ་སྔ་མ་དང་ཕྱི་མ་བཅུ་པོ་རྣམས་ཀྱི་དང་པོ་གསོད་པ་ལྔ་དུས་ཐམས་ཅད་དུ་མི་བྱ་སྟེ་བ་ལང་གསོད་པ་དང་བྱིས་པ་གསོད་པ་དང་བུད་མེད་གསོད་པ་དང་སྐྱེས་པ་གསོད་པ་དང་། ལྷ་མིའི་བླ་མ་ཞེས་པ་ནི་སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པ་སྟེ། རྣམ་པར་བཤིག་པ་ནི་གསོད་པ་གཞན་ནོ། །དེ་བཞིན་དུ་གྲོགས་པོ་ལ་འཁུ་བ་དང་རྗེ་བོ་ལ་འཁུ་བ་དང་སངས་རྒྱས་ལ་འཁུ་བ་དང་དགེ་འདུན་ལ་འཁུ་བ་དང་། ཡིད་བརྟན་ལ་འཁུ་བ་ཞེས་པ་ལྔ་མི་བྱའོ། །དེ་བཞིན་དུ་དབང་པོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་ཞེས་པ་ནི་གཟུགས་ལ་ཀུན་ནས་ཆགས་པ་དང་སྒྲ་ལ་ཀུན་ནས་ཆགས་པ་དང་དྲི་ལ་ཀུན་ནས་ཆགས་པ་དང་། རོལ་ཀུན་ནས་ཆགས་པ་དང་རེག་ལ་ཀུན་ནས་ཆགས་པ་དང་ལྔའོ། །སྲིད་པའི་བདག་པོ་རྡོ་རྗེ་སེམས་དཔའི་ངེས་པའི་བརྟུལ་ཞུགས་ཉི་ཤུ་ལྔ་སྟེ། སློབ་མ་རྣམས་ཀྱིས་བསྐྱང་བར་བྱ་ཞིང་རྡོ་རྗེ་སློབ་དཔོན་གྱིས་དབང་གི་དུས་སུ་སློབ་མ་ལ་སྦྱིན་པར་བྱའོ། །བརྟུལ་ཞུགས་སྦྱིན་པའི་ངེས་པའོ། །ད་ནི་དཔལ་ལྡན་སྔགས་ཞེས་པ་ལ་སོགས་པས་དཀྱིལ་འཁོར་དུ་འཇུག་པ་གསུངས་ཏེ་འདིར་དང་པོར་བརྟུལ་ཞུགས་བྱིན་པའི་དེ་མ་ཐག་ཏུ་ལས་ཐམས་ཅད་པ་ལ་གོས་སེར་པོའམ་གོས་དམར་པོས་གདོང་བཅིང་བར་བྱ་ཞིང་ཞི་བ་ལ་སོགས་པ་ལ་ལྷའི་ཁ་དོག་གི་མདོག་ཅན་གྱི་གོས་སྲབ་མོས་ཏེ་ཨོྃ་དྭཱ་ད་ཤཱཾ་ག་ནི་རོ་དྷ་ཀཱ་རི་ཎེ་ཧུྃ་ཕཊ་ཅེས་འདིས་བསྔགས་ནས་སོ། །དེ་ནས་དང་པོར་མིག་བཀབ་ནས་དགེ་བའི་གྲོགས་ལ་སོགས་པས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ། དེ་ནས་ཤར་གྱི་སྒོར་སློབ་དཔོན་གཙོ་བོའི་གཟུགས་སུ་གནས་པས་ཏེ་གལ་ཏེ་དཀྱིལ་འཁོར་ལ་ལྷ་གཡོན་བརྐྱང་ལ་སོགས་པའི་སྟབས་ཀྱིས་བཞེངས་པ་ཡིན་ན་དེའི་ཚེ་སློབ་དཔོན་བཞེངས་པས་སློབ་མ་ལ་དབང་བསྐུར་སྦྱིན་པར་བྱའོ། །ཅི་སྟེ་བཞུགས་པ་ཡིན་ན་དེའི་ཚེ་བཞུགས་པས་སྦྱིན་པར་བྱའོ། །དེ་ནས་དགེ་


DKG099_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གྲོགས་ཀྱིས་གཏད་པའི་སློབ་མའི་མགོ་བོ་ལ་དུང་གི་ཆུས་བསང་གཏོར་བྱས་ཏེ་ཨོྃ་ཨཱཿཧུྃ་ཞེས་པ་ཡི་གེ་གསུམ་གྱིས་ལན་བདུན་མངོན་པར་བསྔགས་པའི་མེ་ཏོག་གཅིག་དེའི་ལག་པའི་པདྨ་སྦྱར་བར་ཀུན་དུ་སྦྱིན་པར་བྱ་སྟེ། མེ་ཏོག་གི་སྙིམ་པ་རྣམ་པར་དག་པས་སོ། །དེ་ནས་ལག་པའི་པདྨ་སྦྱར་བ་དག་ལས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་རྒྱལ་བའི་བུམ་པའི་སྟེང་དུ་སྔར་བརྗོད་པའི་ངེས་པས་མེ་ཏོག་དོར་བ་དང་དུས་གཅིག་ཏུ་མིག་གི་དར་དགྲོལ་བར་བྱའོ། །ཡང་ན་སྔར་མེ་ཏོག་དོར་བ་བྱས་ལ་ཕྱི་ནས་དགྲོལ་བར་བྱ་སྟེ་ཨོྃ་དི་བྱིན་ཏྲི་ཡཱ་ཎུ་ཊ་གྷཱ་ཊ་ཡ་སྭཱ་ཧཱ་ཞེས་པའི་སྔགས་འདིས་སོ། །མིག་དབྱེ་བ་བྱས་ནས་གང་གི་གནས་སུ་མེ་ཏོག་བཟང་པོ་ཡི་གེ་གསུམ་གྱིས་མངོན་པར་བསྔགས་པ་ལྷུང་བ་དེར་གནས་པའི་ལྷ་ནི་དེའི་རིགས་ཀྱི་ལྷར་འགྱུར་ཏེ། དེའི་ལས་ཀྱི་ཕྱག་རྒྱས་འགྲུབ་བོ་ཞེས་པ་ནི་ངེས་པའོ། །དེ་ནས་དེའི་རིགས་ཀྱི་ལྷ་བསྟན་ཏེ་ཕྱི་ནས་ཆུ་ལ་སོགས་པ་དབང་བདུན་པོ་རྣམས་དང་རྣམ་གསུམ་འདིར་ནི་ཇི་བཞིན་དུ་བུམ་པ་ལ་སོགས་པ་སྟེ་དེར་ལས་ཀྱི་ཕྱག་རྒྱ་མཆོད་ནས་སོ། །བླ་མེད་འཆད་པར་འགྱུར་བ་ཡང་དག་རབ་སྦྱིན་བྱ་ཞེས་པ་སློབ་དཔོན་གྱིས་ཏེ་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་ཀླུ་ཞེས་པ་ལ་སོགས་པས་དབང་བདུན་གྱི་ཆོ་ག་གསུངས་ཏེ་འདིར་ཀླུ་ཞེས་པ་བརྒྱད་དང་བཞིའི་རྒྱལ་དང་རྣམ་རྒྱལ་བུམ་པ་དག་གིས་ཞེས་པ་ནི་བུམ་པ་བརྒྱད་ཀྱི་ཕྱོགས་ལ་རྒྱལ་བའི་བུམ་པ་ལྔ་དང་རྣམ་པར་རྒྱལ་བའི་བུམ་པ་ལྔས་སོ། །བུམ་པ་བཞིའི་ཕྱོགས་ལ་རྒྱལ་བའི་བུམ་པ་གསུམ་དང་རྣམ་པར་རྒྱལ་བའི་བུམ་པ་གསུམ་གྱིས་ཏེ། ནོར་བུ་གསེར་གྱི་རང་བཞིན་ནམ་དེ་མེད་ནས་ཡི་རང་བཞིན་རིན་ཆེན་དང་བཅས་པ་སྨན་དང་དྲི་དང་ལྡན་པ་ཞེས་པའོ། །དེ་ལ་སྨན་ནི་སྔར་གསུངས་པའི་དྲིའི་ལེ་ཚེ་སྦྱར་བ་ལས་མི་གཅེས་པ་ལ་སོགས་པའི་ཆ་ཤས་ཀྱིས་གཟུང་བར་བྱ་སྟེ། སློབ་དཔོན་གྱིས་རྩ་བའི་རྒྱུད་ལས་གསུངས་པའི་ཆོ་གས་ཉི་ཤུ་རྩ་ལྔ་པོ་རྣམས་ཀྱི་ནང་ནས་ཇི་ལྟར་རྙེད་པ་ལྔ་གཟུང་བར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་ཡི་ལེ་ཚེ་སྦྱར་བ་ལ། །རྒྱལ་པོ་ཚངས་མ་ལ་སོགས་སྨན། །མིག་ཟླ་མེ་སོགས་ཆ་ཤས་དང་། །ལྔ་ལྔ་ཡིས་ནི་རིམ་པས་དགོད། །ཚངས་


DKG099_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྲེད་མེད་དྲག་མོ་དང་། །དབང་ཕྱུག་མཆོག་གི་དབང་ཕྱུག་མ། །དབང་མོ་དཔལ་མོ་ཕག་མོ་དང་། །གཞོན་ནུ་ཙཪྩི་ཀཱ་དེ་བཞིན། །ས་མོ་ཆུ་མོ་མེ་མོ་དང་། །རླུང་མོ་མཁའ་སྤྱོད་མ་དེ་བཞིན། །མ་དང་སྲིང་མོ་བུ་མོ་དང་། །ཚ་མོ་རང་སྐྱེས་མ་དེ་བཞིན། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་མོ། །དམངས་མོ་གཡུང་མོ་དེ་བཞིན་བཤད། །ཅེས་པའི་སྨན་ནི་དངོས་གྲུབ་ཆེ། །ཟོས་པས་རྟག་ཏུ་རྫུ་འཕྲུལ་སྟེར། །ཞེས་པའོ། །ད་ནི་འདི་རྣམས་ཀྱི་རབ་ཏུ་གསལ་བའི་མིང་བརྗོད་པར་བྱ་སྟེ། འདིར་ཚངས་མ་ཞེས་པ་ནི་པྲཧྨ་དཎྜི་སྟེ་ཆ་གཉིས་དང་སྲེད་མེད་མ་ནི་བིཥྞུ་ཀཱནྟཱ་སྟེ་ཆ་གཅིག་དང་དྲག་མོ་ཞེས་པ་རུ་ཊ་ཛ་ཊཱ་སྟེ་ཆ་གསུམ་དང་དབང་ཕྱུག་མ་ནི་རབ་ཏུ་གྲགས་པ་སྟེ་ཆ་བཞི་དང་མཆོག་གི་དབང་ཕྱུག་མ་ནི་དེ་བ་དཱ་ལི་སྟེ་ཆ་ལྔའོ་ཞེས་པ་དང་པོའི་དགོད་པའོ། །དེ་ནས་གཉིས་པ་བརྗོད་པར་བྱ་སྟེ་དབང་མོ་ཞེས་པ་ནི་ཨིནྟཱ་བཱ་རུ་ཎི་སྟེ་ཆ་གསུམ་དང་དཔལ་མོ་ནི་ལཀྵ་ཎ་སྟེ་ཆ་བཞི་དང་ཕག་མོ་ཞེས་པ་ནི་བ་རཱ་ཧ་ཀ་རྞྞཱ་སྟེ་ཆ་ལྔ་དང་གཞོན་ནུ་མ་ཞེས་པ་ནི་ཀར་ཎི་ཀ་སྟེ་ཆ་གཉིས་དང་ཙཪྩི་ཀཱ་ཞེས་པ་ནི་ཨ་དྷོ་པུཥྤི་ཀ་སྟེ་ཆ་གཅིག་གོ་ཞེས་པ་ནི་གཉིས་པ་ལྔ་དགོད་པའོ། །དེ་ནས་གསུམ་པ་བརྗོད་པར་བྱ་སྟེ། ས་མོ་ཞེས་པ་ནི་མུ་ཥ་ལཱི་སྟེ། ཆ་ལྔ་དང་ཆུ་མོ་ཞེས་པ་ནི་རུ་དནྟྲཱི་སྟེ། ཆ་གཉིས་དང་མེ་མོ་ཞེས་པ་ནི་ཛྱོ་ཏིཥྨ་ཏཱི་སྟེ། ཆ་གཅིག་དང་རླུང་མོ་ནི་ལ་ཛྫཱ་ལུ་སྟེ། ཆ་གསུམ་དང་མཁའ་སྤྱོད་མ་ནི་ཨཪྐ་སྟེ་ཆ་བཞིའོ་ཞེས་པ་ནི་གསུམ་པ་ལྔའོ། །དེ་ནས་བཞི་པ་དགོད་པ་བརྗོད་པར་བྱ་སྟེ་མ་ཞེས་པ་ནི་པུ་ཏྲཾ་ཛཱ་རི་སྟེ། ཆ་གཅིག་དང་སྲིང་མོ་ཞེས་པ་ནི་ས་ཧ་དེ་བ་སྟེ་ཆ་གསུམ་དང་བུ་མོ་ནི་ཀྲྀ་ཏཱཉྫ་ལི་སྟེ་ཆ་བཞི་དང་ཚ་མོ་ནི་ཨ་ཛ་ཀརྞྞཱ་སྟེ་ཆ་ལྔ་དང་རང་སྐྱེས་མི་ན་མོ་ཧ་ནཱི་བ་ཊ་པ་ཏྲི་ཀཱ་སྟེ་ཆ་གཉིས་སོ་ཞེས་པ་ནི་བཞི་པ་ལྔའོ། །དེ་ནས་ལྔ་པ་དགོད་པ་བརྗོད་པར་བྱ་སྟེ་བྲ་མ་ཟེ་མོ་ཞེས་པ་ནི་བྲི་ཧ་ཇཱི་སྟེ་ཆ་བཞི་དང་རྒྱལ་རིགས་མོ་ཞེས་པ་ནི་བྷཱྀ་ང་ག་རཱ་ཛཱ་སྟེ་ཆ་ལྔ་དང་རྗེ་རིགས་མོ་ནི་ཤིང་དངར་ཏེ་ཆ་གཉིས་དང་། དམངས་རིགས་མོ་ནི་ཀཎྜ་ཀཱ་རི་སྟེ་ཆ་གཅིག་དང་གཡུང་མོ་ནི་མ་ཡུ་རི་ཤི་ཁཱ་སྟེ། ཆ་གསུམ་མོ་ཞེས་པ་ལྔ་པ་དགོད་པའོ། །དེ་བཞིན་དུ་གྲངས་ཇི་ལྟ་བས་སོ་བ་ལ་སོགས་པ་འབྲུའི་ཚོགས་རྣམས་ཏེ་སོ་བ་དང་སོ་བ་ཆེན་པོ་དང་། མོན་སྲན་དང་


DKG099_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཙན་ཀ་དཀར་པོ་དང་ཏིལ་ནག་པོ་ནི་དང་པོ་ལྔའོ། །གཉིས་པ་ནི་ཀོ་ཊ་བཱ་དང་མུད་ག་དང་སྲན་མ་དང་ཏིལ་དཀར་པོ་དང་གྲོའོ། །གསུམ་པ་ནི་མཽ་ཥྛ་དང་ཏྲི་པུ་ཊ་དང་ཡུངས་ནག་དང་ནས་དང་མོ་ན་སྲན་ནོ། །བཞི་པ་ནི་སྲན་ཆུང་དང་ཉུངས་ཀར་དང་ཀཾ་གུ་དང་ཏུ་བ་རི་ཀ་དང་བར་བ་ཊི་ཀཱའོ། །ལྔ་པ་ནི་ཟར་མ་དང་བར་ཊཱི་དང་བརྞྞཱ་དང་ཀུ་ལ་ན་ཐ་དང་ཙ་ན་ཀ་ནག་པོ་སྟེ་ལེ་ཚེ་སྦྱར་བའི་ཆས་འབྲུ་ལྔ་ཇི་ལྟར་རྙེད་པ་གཟུང་བར་བྱའོ། །འདིར་ཆ་རྣམས་ནི་རིལ་བུའི་གྲངས་སོ། །དེ་ནས་རིན་པོ་ཆེ་རྣམས་ནི་བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་། དམངས་རིགས་དང་མཐར་སྐྱེས་ཀྱི་རིགས་ལས་སྐྱེས་པའི་རྡོ་རྗེ་རྣམས་དང་དེ་བཞིན་དུ་ཨིནྡྲ་ནཱི་ལ་དང་པདྨ་རཱ་ག་དང་ཟླ་བ་ཆུ་ཤེལ་དང་། ཀར་ཀེ་ཏ་ཀ་དང་མ་ར་ཀ་ཏ་ནི་གཙོ་བོའོ། །དེ་བཞིན་དུ་ལྕགས་རྣམས་ནི་གསེར་དང་དངུལ་དང་ཟངས་དང་ལྕགས་རྣོན་པོ་དང་། ཁ་བ་ལེན་གྱི་ལྕགས་སོ། །དེ་བཞིན་དུ་རིན་པོ་ཆེ་འབྲིང་པོ་ནི་མུ་ཏིག་དང་བྱི་རུ་དང་མུ་མེན་དང་། ཤཱུ་ལ་མ་ཎི་དང་ཐིག་ལེ་དྲུག་པའོ། །དེ་བཞིན་དུ་ཐ་མ་རྣམས་ནི་ཤེལ་དང་ཛཱི་བ་ཛཱ་ཏི་དང་ཌཽ་ཧ་རི་དང་མཆིང་བུ་དང་ནོར་བུ་ལྗང་ཁུ་རྣམས་སོ། །འདི་རྣམས་ལས་ཇི་ལྟར་འབྱོར་པ་གཟུང་བར་བྱའོ། །ཅི་སྟེ་བཀའི་འཁོར་ལོས་སྒྱུར་བ་རིན་པོ་ཆེ་ཆེན་པོའི་དབང་བསྐུར་བ་ལ་ནི་ལྷ་དང་ཀླུ་རྣམས་ཀྱི་རིན་པོ་ཆེ་ཁ་དོག་ལྔར་འགྱུར་རོ། །དེ་མེད་ན་ཁ་དོག་ལྔའི་མེ་ཏོག་དྲི་བཟང་པོ་རྣམས་སོ་ཞེས་པ་ངེས་པ་སྟེ་དབུལ་པོ་རྣམས་ཀྱིའོ། །དེ་བཞིན་དུ་སའི་རང་བཞིན་རིན་ཆེན་བཅས་ཞེས་སོ། །འདིར་རིན་པོ་ཆེ་ལྗང་ཁུ་ནི་རྣམ་པར་རྒྱལ་བའི་དུང་ལའོ། །རིན་པོ་ཆེ་སྔོན་པོ་ནི་ཤར་དང་ནུབ་ཀྱི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ལའོ། །ནག་པོ་ནི་ཤར་དང་མེའི་བུམ་པ་ལའོ། །དམར་པོ་ནི་ལྷོ་དང་བདེན་བྲལ་གྱི་བུམ་པ་ལའོ། །དཀར་བོ་ནི་བྱང་དང་དབང་ལྡན་གྱི་བུམ་པ་ལའོ། །སེར་པོ་ནི་ནུབ་དང་རླུང་གི་བུམ་པ་ལའོ། །དེ་བཞིན་དུ་ཁབ་ལེན་གྱི་ལྕགས་དང་། ལྕགས་རྣོན་པོ་དང་། ཟངས་དང་དངུལ་དང་གསེར་རོ། །དེ་བཞིན་དུ་སྨན་རྣམས་ཏེ་ཆ་གཅིག་པ་ནི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ལའོ། །ཆ་གཉིས་པ་ནི་ཤར་དང་མེར་རོ། །ཆ་གསུམ་པ་ནི་གཤིན་རྗེ་དང་ལྷ་མིན་དུའོ། །ཆ་བཞི་པ་ནི་བྱང་དང་འཕྲོག་


DKG099_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུའོ། །ཆ་ལྔ་པ་ནི་ནུབ་དང་རླུང་དུའོ། །དེ་བཞིན་དུ་རིལ་བུའི་དབྱེ་བས་འབྲུ་རྣམས་དང་དེ་བཞིན་དུ་སྔར་གསུངས་པའི་སྨན་གྱི་ལེ་ཚེ་སྦྱར་བའི་དྲི་ལྔ་སྟེ། དེ་ལྟར་ལྕགས་དང་རིན་པོ་ཆེ་དང་ནགས་ཀྱི་སྨན་དང་འབྲུ་དང་དྲིའི་རྫས་རྣམས་བུམ་པ་རྣམས་སུ་བླུགས་ནས་སླར་ཡང་ཉི་ཤུ་རྩ་ལྔ་པོ་དེ་དག་ཐུམ་པོར་བཅིངས་ཏེ་རྣམ་པར་རྒྱལ་བའི་དུང་ཆུས་གང་བར་གཞུག་པར་བྱའོ། །དེས་སྐྱེ་བའི་གནས་ལྔར་དབང་བསྐུར་བར་བྱ་སྟེ། གཙུག་ཏོར་དང་ཕྲག་པ་དང་དཔུང་པའི་ཚིགས་གཡས་པ་དང་གཡོན་པ་དང་དེ་བཞིན་དུ་དཔྱི་དང་བརླའི་མཚམས་དག་ལའོ། །དེ་ནས་རིགས་ཀྱི་ལྷ་རྣམ་པར་སྦྱང་བའི་དོན་དུ་མེ་ཏོག་འདོར་བའི་སྔགས་ནི་ཨོྃ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱ་ཧཱ་སྔགས་འདིས་སློབ་དཔོན་གྱིས་སློབ་མ་མེ་ཏོག་འདོར་དུ་གཞུག་པར་བྱའོ། །སྔགས་འདིས་མིག་དབྱེ་བར་བྱ་སྟེ་ཨོྃ་དི་བྱ་ན་ཡན་མུད་གྷཱ་ཊ་ཡཱ་མི་སྭཱ་ཧཱ། དེ་ནས་རིགས་ཀྱི་ལྷ་དང་དཀྱིལ་འཁོར་གྱི་གཙོ་བོ་དང་བོར་བྱས་པའི་དཀྱིལ་འཁོར་མཐའ་དག་བསྟན་པར་བྱའོ། །ཤར་གྱི་སྒོར་རིགས་དག་པར་བྱས་ཏེ། དེ་ནས་སློབ་དཔོན་གྱིས་སློབ་མ་ལག་པ་གཡོན་པ་ནས་བསྐྱོད་ཅིང་ལས་ཀྱི་རྡོ་རྗེ་ཅན་དང་ལྷན་ཅིག་བསྐོར་བ་བྱས་ནས་བྱང་གི་སྒོར་ཁྲི་དེ་དེར་ལུས་རྣམ་པར་དག་པའི་དོན་དུ་སྒྲོལ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་སྔགས་ཀྱིས་བུམ་པ་ཐམས་ཅད་ནས་ཆུ་བླངས་ལ་རྣམ་པར་རྒྱལ་བའི་དུང་དུ་བླུགས་ནས་སླར་ཡང་སྐྱེ་བའི་གནས་ལྔར་སྔགས་འདིས་ཆུའི་དབང་གིས་དབང་བསྐུར་བར་བྱ་སྟེ། ཨོྃ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་པས་སོ། །དེ་ནས་ཅོད་པན་གྱི་དབང་ལ་སྐྱེ་བའི་གནས་ལྔར་སྔགས་འདིས་དབང་བསྐུར་བར་བྱ་སྟེ། ཨོྃ་ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུད་དྷ་སྭཱ་ཧཱ་ཞེས་པས་སོ། །དེ་ནས་རིན་པོ་ཆེ་དང་གསེར་གྱི་ཅོད་པན་ནམ་གོས་ཀྱི་ཅོད་པན་བཅིང་བར་བྱའོ། །དེ་ལྟར་དབང་བསྐུར་གཉིས་ཀྱིས་ཁམས་དང་ཕུང་པོ་ཡོངས་སུ་དག་པས་སྐུ་རྣམ་པར་དག་པར་འགྱུར་རོ། །སྐུའི་ཞལ་གྱིས་ལ་སྐུ་དག་པར་བྱས་ཏེ། དེ་ནས་གཡས་སྐོར་གྱིས་སླར་ཡང་ལྷོའི་སྒོར་སློབ་མ་ཁྲིད་ནས་གསུང་རྣམ་པར་དག་པའི་དོན་དུ་དར་དཔྱངས་ཀྱི་དབང་ལ་སྐྱེ་བའི་གནས་ལྔར་སྔགས་འདིས་དབང་བསྐུར་བར་བྱ་སྟེ།ཨོྃ་ཨ་ཨཱ་ཨཾ་ཨཿཧ་


DKG099_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ཧཾ་ཧཿཧོཿཕྲེཾ་ད་ཤ་པཱ་ར་མི་ཏཱ་བ་རི་པཱུ་ར་ཎེ་སྭཱ་ཧཱ་ཞེས་པས་སོ། །དེ་ནས་རིན་པོ་ཆེའི་པཊྚ་ད་གསེར་གྱི་བཊྚའམ་མ་རྙེད་ན་མེ་ཏོག་གི་ཕྲེང་བ་དཔྲལ་བར་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུའི་དབང་ལ་སྐྱེ་བའི་གནས་ལྔར་སྔགས་འདིས་དབང་བསྐུར་བར་བྱ་སྟེ། ཨོྃ་ཧུྃ་ཧོཿསཱུཪྻ་ཙནྡྲ་བི་ཤོ་དྷ་ཀ་སྭཱ་ཧཱ་ཞེས་པས་སོ། །དེ་ནས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་སྤྱི་བོར་བཞག་ནས་དུང་གི་ཆུས་དབང་བསྐུར་བར་བྱའོ། །དབང་བསྐུར་གཉིས་ཀྱིས་གསུང་རྡོ་རྗེ་སྦྱངས་ཏེ། རྡོ་རྗེའི་མཐེ་བོ་བྱིན་ནས་སླར་ཡང་གཡས་སྐོར་གྱིས་བསྐོར་བ་བྱས་ཤིང་ཤར་གྱི་སྒོར་ཐུགས་རྡོ་རྗེ་སྦྱང་བའི་དོན་དུ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ལ་སྐྱེ་བའི་གནས་ལྔར་སྔགས་འདིས་དབང་བསྐུར་བར་བྱ་སྟེ། ཨོྃ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨ་ལ་ཨཱ་ལ་ཨཾ་ཨཿབི་ཥ་ཡེ་ན་དྲི་ཡ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་པས་སོ། །དེ་ནས་རྣ་བ་ལ་སོགས་པ་ལ་མེ་ཏོག་བཀོད་ནས་སླར་ཡང་མིང་གི་དབང་ལ་སྐྱེ་བའི་གནས་ལྔར་སྔགས་འདིས་དབང་བསྐུར་བར་བྱ་སྟེ། ཨོྃ་ཧ་ཧཱ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུ་ར་བྲ་ཧྨ་བི་ཧཱ་ར་བི་ཤུད་དྷ་སྭཱ་ཧཱ་ཞེས་པས་སོ། །དེ་ནས་ལག་པ་དང་རྐང་པ་དག་ལ་གདུ་བུ་དང་རྐང་གདུབ་ལ་སོགས་པའམ་དེ་དག་མེད་ན་མེ་ཏོག་གི་ཕྲེང་བ་བཅིངས་ལ་དེ་ནས་དབང་བསྐུར་བར་བྱ་སྟེ། ཁྱོད་ནི་རྡོ་རྗེ་ཆེ་གེ་མོ་ཞེས་བྱས་ནས་ལུང་བསྟན་པར་བྱའོ། །དབང་བསྐུར་གཉིས་ཀྱིས་ཐུགས་རྡོ་རྗེ་སྦྱངས་ཏེ་དེ་ནས་སླར་ཡང་གཡས་སྐོར་གྱིས་སློབ་མ་ནུབ་ཀྱི་སྒོར་ཁྲིད་ཅིང་ཡེ་ཤེས་རྣམ་པར་དག་པའི་དོན་དུ་རྗེས་སུ་གནང་བའི་དབང་ལ་སྐྱེ་བའི་གནས་ལྔར་སྔགས་འདིས་དབང་བསྐུར་བར་བྱ་སྟེ། ཨོྃ་ཧཾ་ཀྵཿདྷ་རྨྨ་ཙཀྲ་པྲ་བརྟ་ཀ་སྭཱ་ཧཱ་ཞེས་པས་སོ། །དབང་བསྐུར་བྱིན་པས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རྡོ་རྗེ་རྣམས་དབང་བདུན་གྱིས་རྣམ་པར་སྦྱངས་ཏེ། དེ་ནས་སློབ་མ་ལ་ལག་པར་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བྱིན་ནས་རྡོ་རྗེ་ཆེ་གེ་མོ་ཞེས་སློབ་དཔོན་གྱིས་བརྗོད་ཅིང་རྡོ་རྗེ་དྲིལ་བུ་རབ་ཏུ་བྱིན་ན་སྲ་རབ་མཆོག་སྙིང་རྗེ་དག་གིས་དག་པའི་ཆོས་ནི་བསྟན་པར་བྱའོ། །འདི་ལྟ་སྟེ་ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་ཞེས་པ་ལ་སོགས་པ་ནས་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ་ཞེས་པའི་མཐར་ཐུག་པ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་པོ་འདིས་སོ། །དཀྱིལ་


DKG099_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་དབང་བདུན་གྱི་ཆོ་ག་བྱས་ཏེ་དེ་ནས་སློབ་མ་ལ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །རྡོ་རྗེ་སློབ་དཔོན་གྱིས་རྒན་པ་དང་གཞོན་པའི་དོན་དུ་ལོ་ལ་སོགས་པ་རབ་ཏུ་བསྒྲག་པར་བྱ་སྟེ། འདིར་ལོ་ཆེ་གེ་མོ་དང་རིགས་ལྡན་གྱི་རྒྱལ་པོ་ཆེ་གེ་མོ་ཆོས་སྟོན་པ་དང་ཟླ་བ་ཆེ་གེ་མོ་དང་ཉ་ཆེ་གེ་མོ་དང་གཟའ་ཆེ་གེ་མོ་དང་། ཚེས་ཆེ་གེ་མོ་དང་སྐར་མ་ཆེ་གེ་མོ་དང་སྦྱོར་བ་ཆེ་གེ་མོ་དང་བྱེད་པ་ཆེ་གེ་མོ་ལ་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་བདག་གིས་སློབ་མ་ཆེ་གེ་མོ་མཆོག་གི་དང་པོའི་སངས་རྒྱས་སམ་དཀྱིལ་འཁོར་གཞན་དུ་དབང་བདུན་གྱིས་དབང་བསྐུར་ཏེ་འོག་མིན་གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་སླད་དུ་བདག་གིས་ལུང་བསྟན་ཞིང་རྗེས་སུ་གནང་ངོ་ཞེས་པ་སྟེ་དབང་བདུན་གྱི་ངེས་པའོ། །འདིར་རྒྱུད་གཞན་དང་གཞན་ལས་བྱིས་པའི་སྐྱེ་བོ་གཞུག་པའི་སླད་དུ་དེ་བཞིན་གཤེགས་པ་ལྔ་དག་པས་དབང་ལྔ་སྟེ། མི་བསྐྱོད་པས་ཆུའི་དབང་དང་རིན་ཆེན་འབྱུང་ལྡན་གྱིས་ཅོད་པན་ནོ་ཞེས་གང་གསུངས་པ་དེ་ལ་སྔ་མ་དང་ཕྱི་མ་འགལ་ཏེ་རྒྱུད་ཐམས་ཅད་ལས་དཀྱིལ་འཁོར་དུ་མེ་ཏོག་དོར་བས་སློབ་མའི་རིགས་ཀྱི་ལྷ་གང་ཡིན་པ་དེས་ཅོད་པན་དང་དེའི་རིགས་ཀྱི་ཕྱག་རྒྱས་དེའི་དངོས་གྲུབ་བོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེས་ན་མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་གསུངས་པའི་ཕྱིར་གང་དུ་མེ་ཏོག་ལྷུང་བའི་དེ་བཞིན་གཤེགས་པ་དེ་ཅོད་པན་དུ་འགྱུར་གྱི་ཐམས་ཅད་དུ་རིན་ཆེན་འབྱུང་ལྡན་ཉིད་ནི་མ་ཡིན་ནོ། །དེ་བཞིན་དུ་བསྡུས་པའི་རྒྱུད་ལས་ཆུ་ལ་སོགས་པའི་དག་པ་མེད་དེ་ཆོ་ག་གཞན་སྟོབས་དང་ལྡན་པའི་ཕྱིར་རོ། །ད་ནི་ངེས་པར་རྡོ་རྗེ་ཞེས་པ་ལ་སོགས་པས་རྣམ་པར་དག་པའི་ཆོས་བསྟན་པ་གསུངས་པ་འདིར་སྲོག་གཅོད་པ་ལ་སོགས་པའི་དམ་ཚིག་ནི་རྣམ་པ་གཉིས་ཏེ། དྲང་བའི་དོན་དང་ངེས་པའི་དོན་གྱིས་ཕྱི་རོལ་དང་ནང་གི་བདག་ཉིད་དོ། །དེ་ལ་ཕྱི་རོལ་དུ་བཅོམ་ལྡན་འདས་ཀྱིས་སྲོག་གཅོད་པ་བྱ་བ་གང་ཡིན་པ་དེ་ནི་མཚམས་མེད་པ་ལྔ་བྱེད་པ་རྣམས་དང་སངས་རྒྱས་ཀྱི་བསྟན་པ་


DKG099_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་པ་བྱེད་པ་རྣམས་དང་དམ་ཚིག་འདྲལ་བ་རྣམས་སོ་ཞེས་པ་ངེས་པ་སྟེ་མཚམས་མེད་པ་ལྔ་པོ་དེ་ཉིད་སྔོན་དང་ཕྱི་མར་ཤེས་ནས་སོ། །འདིར་འགའ་ཞིག་སྔར་མཚམས་མེད་པ་ལྔ་བྱེད་པ་པོ་ཕྱིས་བསོད་ནམས་བྱེད་པ་པོར་འགྱུར་ཏེ། གཏུམ་པོ་མྱ་ངན་མེད་པ་དང་ཆོས་རྒྱལ་མྱ་ངན་མེད་པ་བཞིན་ནོ། །དེའི་ཕྱིར་དེ་ལ་གནོད་པ་བྱས་ན་དམྱལ་བར་འགྱུར་ཏེ། སྔགས་པས་དགེ་བ་དང་མི་དགེ་བའི་ལས་ཡོངས་སུ་མ་ཤེས་པའི་ཕྱིར་རོ། །དེས་ན་ཇི་སྲིད་དུ་མངོན་པར་ཤེས་པ་ལྔ་དང་ལྡན་པར་མ་གྱུར་པ་དེ་སྲིད་དུ་སྔགས་པས་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་མ་གཏོགས་པ་དྲག་པོའི་ལས་མི་བྱའོ། །དེ་བཞིན་དུ་བརྫུན་དུ་སྨྲ་བ་དང་མ་བྱིན་པར་ལེན་པ་དང་གཞན་གྱི་བུད་མེད་འཕྲོག་པ་དང་དམ་ཚིག་བསྟེན་པ་དང་རིགས་དང་རིགས་མ་ཡིན་པ་ལ་མངོན་པར་འགྲོ་བ་དང་རང་གི་ལུས་ཀྱི་མཐར་ཐུག་པ་སྦྱིན་པ་ཡང་གཞན་ལ་ཕན་པའི་ཕྱིར་ཏེ། རང་གི་དོན་དུ་ནི་མ་ཡིན་ནོ་ཞེས་པ་ངེས་པའོ། །འདིར་གང་གི་ཚེ་འཆི་བའི་མཐའི་བར་དུ་མཚམས་མེད་པ་ལྔ་བྱེད་པ་དེའི་ཚེ་ཁྲོ་བོའི་རིགས་ལས་སྔར་བསྒྲུབས་པའི་སྔགས་དང་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་གསང་པར་བྱའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་དྲང་བའི་དོན་ཏོ། །དེ་བཞིན་དུ་ལམ་མ་ཡིན་པར་ལྟུང་བ་རྣམས་མངོན་པར་གདོན་པའི་སླད་དུ་བརྫུན་གྱི་ཚིག་སྨྲ་བར་བྱ་སྟེ་རང་གི་དོན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་ནི་ཡི་དགས་ཀྱི་འགྲོ་བར་འགྲོ་བ་བཟློག་པའི་དོན་དུ་སྟེ་རང་གི་དོན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་གྱི་བུད་མེད་འཕྲོག་པ་ནི་དུད་འགྲོའི་སྐྱེ་གནས་སུ་འགྲོ་བ་བཟློག་པའི་དོན་དུ་སྟེ་རང་གི་དོན་དུ་ནི་མ་ཡིན་ནོ། །རིགས་སུ་འཛིན་པ་རྣམ་པར་གཞིག་པའི་སླད་དུ་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་རྣམས་བསྟེན་པར་བྱའོ། །དེ་བཞིན་དུ་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་གཡུང་མོ་ལ་སོགས་པའི་བུད་མེད་རྣམས་ལ་སྨད་པར་མི་བྱའོ། །བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་སྦྱིན་པ་ཆེན་པོ་སྦྱིན་པར་བྱའོ། །དེ་ལྟར་རལ་གྲིའི་རིགས་དང་རིན་པོ་ཆེའི་རིགས་དང་པདྨའི་རིགས་དང་། འཁོར་ལོའི་རིགས་དང་གྲི་གུག་གི་རིགས་ལ་སྔགས་རྣམས་བསྒྲུབས་ནས་ནུས་པ་དང་ལྡན་པར་གྱུར་


DKG099_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་རྣལ་འབྱོར་པས་ཐམས་ཅད་བྱ་སྟེ་ཇི་ལྟར་འཇིག་རྟེན་པའི་བཞད་གད་དུ་མི་འགྱུར་བའོ་ཞེས་པ་ནི་དྲང་བའི་དོན་ཏོ། །ད་ནི་ངེས་པའི་དོན་བརྗོད་པར་བྱ་སྟེ་འདིར་རང་གི་ལུས་ལ་སྲོག་བཀག་པ་ནི་སྲོག་གཅོད་པ་སྟེ། རྡོ་རྗེའི་རིགས་དག་ལ་ནི་ཞེས་པ་གཙུག་ཏོར་དུ་དགག་པར་བྱའོ། །སྲོག་གཅོད་པ་དེས་རྣལ་འབྱོར་པའི་ཁུ་བ་སྟེང་དུ་འགྱུར་རོ་ཞེས་པའོ། །རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག་ནི་འདིར་བདེན་པ་མིན་པ་ཞེས་བྱ་བ་རབ་ཏུ་མི་གནས་པའི་ཚིག་སྟེ། དྲང་བའི་དོན་དང་ངེས་པའི་དོན་གྱིས་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་ཚིག་ཏུ་ཅིག་ཅར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་དེ་ཉིད་སྙིང་ཁར་གཞོམ་དུ་མེད་པའི་སྒྲའོ་ཞེས་པ་ནི་ངེས་པའོ། །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་ཞེས་པ་ལ་འདིར་གཞན་ནི་རྡོ་རྗེ་སེམས་དཔའོ། །དེའི་ནོར་ནི་རིན་པོ་ཆེ་སྟེ་ཡིད་བཞིན་གྱི་ནོར་བུའོ། །དེ་འཕྲོག་པ་ནི་རིན་ཆེན་རིགས་ལ་སྟེ་མགྲིན་པར་ས་བརྒྱད་པའི་གནས་སུའོ་ཞེས་པ་ངེས་པའོ། །མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག་ཅེས་པ་ལ་གཞན་གྱི་བུད་མེད་ནི་ཕྱག་རྒྱ་ཆེན་མོ་སྟེ་དེ་འཕྲོག་པ་ནི་གཞན་གྱི་བུད་མེད་འཕྲོག་པའོ། །དབྲོག་པ་དེ་ནི་མཆོག་གི་པདྨའི་རིགས་ལ་སྟེ་དཔྲལ་བར་ས་བཅུ་པའི་གནས་སུ་སྟེང་དུ་ཁུ་བའོ་ཞེས་པའོ། །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ་ཞེས་པ་ལ་འདིར་ཆང་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །སྒྲོན་མ་ནི་གོ་ཀུ་ལ་སོགས་པ་སྟེ་ནང་དུ་དབང་པོ་ལྔའོ། །སངས་རྒྱས་རྣམས་ནི་བདུད་རྩི་ལྔའོ། །འཁོར་ལོ་ལ་ནི་སྟེ་ལྟེ་བའི་པདྨར་བསྟེན་པར་བྱ་བ་ནི་བཟའ་བར་བྱ་བའོ། །བཤང་བ་དང་གཅི་བ་དང་ཁུ་བ་ཕྱི་རོལ་དུ་མི་འཛག་པར་བྱའོ་ཞེས་པ་ནི་ངེས་པའི་དོན་ཏོ། །གཡུང་མོ་ལ་སོགས་པའི་བུད་མེད་རྣམས་ནི་གྲི་གུག་ལ་སྟེ་གསང་བའི་པདྨར་སྨད་པར་མི་བྱའོ། །མཁའ་ཡི་པདྨར་ཏེ་སྐྱེ་གནས་སུ་བསྲུབས་པ་ལ་ཕྱི་རོལ་དུ་ཁུ་བ་མི་འཕོ་བའི་ཚངས་པར་སྤྱོད་པ་ངེས་པའོ། །སེམས་ཅན་དོན་གྱི་སླད་དུ་སྦྱིན་པར་བྱ་སྟེ་ནོར་དང་བཅས་པ་བུ་དང་ཆུང་མ་ལ་སོགས་པ་དང་ལྷན་ཅིག་ཏུ་རང་གི་ལུས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་རབ་ཏུ་སྦྱིན་པར་བྱའོ། །དེ་བཞིན་དུ་ཚུལ་


DKG099_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་ཚོགས་ཀྱི་དོན་དུ་བུད་མེད་རྣམས་ཀྱི་མཁའ་ཡི་པདྨར་སྨད་པར་མི་བྱའོ། །དེའི་ཕྱིར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་དག་ལས་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལྟར་ཚོགས་གསུམ་གྱིས་ཀྱེ་རིགས་ཀྱི་བུ་ཁྱོད་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །གཞན་དུ་མཐའ་ཡས་བསྐལ་པས་མིན་པར་གང་རྒྱལ་བས་གསུངས་པའོ་ཞེས་པ་སྟེ་རྒྱུད་ཐམས་ཅད་ལས་རྣམ་པར་དག་པའི་ཆོས་བསྟན་པའི་ངེས་པའོ། །ད་ནི་ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཞེས་པ་ལ་སོགས་པས་དབང་གི་རྣམ་པར་དག་པ་གསུངས་ཏེ་འདིར་ཆུའི་དབང་གང་ཡིན་པ་དེ་ནི་རླུང་ལ་སོགས་པའི་ཁམས་ལྔ་རྣམ་པར་དག་ཅིང་སྒྲིབ་པ་མེད་པ་ཉིད་དོ། །དེ་བཞིན་དུ་ཅོད་པན་གྱི་དབང་ནི་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རྣམ་པར་དག་པའོ། །དཔའ་བོའི་དར་དཔྱངས་ཀྱི་དབང་ནི་ཕ་རོལ་དུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པའི་དོན་དུ་སྦྱིན་པ་ལ་སོགས་པའི་ནུས་མ་བཅུའོ། །རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་དབང་ནི་ལ་ལ་ནཱ་དང་ར་ས་ནཱ་རྣམ་པར་དག་པ་སྟེ་ཟླ་བ་དང་ཉི་མ་སྒྲིབ་པ་མེད་པ་ཉིད་དོ། །བརྟུལ་ཞུགས་ཀྱི་དབང་ནི་གཟུགས་ལ་སོགས་པའི་ཡུལ་དང་མིག་ལ་སོགས་པའི་དབང་པོ་རྣམ་པར་དག་པ་སྟེ་ལྷའི་མིག་ལ་སོགས་པ་ལ་འཇུག་པའོ། །མིང་གི་དབང་ནི་བྱམས་པ་ལ་སོགས་པའི་སྦྱོར་བ་ཚངས་པའི་གནས་བཞིས་གནས་པ་ལ་དུས་ཐམས་ཅད་དུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམ་པར་དག་པ་སྟེ་སྒྲིབ་པ་མེད་པ་ཉིད་དོ། །རྗེས་གནང་གི་དབང་ནི་རྫོགས་པའི་བྱང་ཆུབ་དཔལ་མོ་ཆོས་ཀྱི་འཁོར་ལོ་སྐོར་ཞིང་ཆོས་སྟོན་པའོ། །དེ་ཡང་སྲིད་པའི་འཇིགས་འཇོམས་ཏེ་གཞན་ལ་ཕན་པ་བྱེད་པའི་ཕྱིར་རོ། །དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་ནི་མི་འཕོ་བའི་བདེ་བ་རྗེས་སུ་རིག་པ་སྟེ་སྟོང་པ་ཉིད་སྟོན་པའོ་ཞེས་པ་ངེས་པའོ། །དེ་ལྟར་སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་རྣམས་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ་སྟེ། སློབ་དཔོན་གྱིས་སློབ་མ་རྣམས་ལའོ་ཞེས་པ་ནི་རྡོ་རྗེ་སློབ་དཔོན་རྣམས་ཀྱི་དབང་བསྐུར་བདུན་སྦྱིན་པ་ལ་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་དབང་ཞེས་པ་ལ་སོགས་པས་དབང་བསྐུར་བའི་འབྲས་བུ་གསུངས་ཏེ། འདིར་དབང་བདུན་རྣམས་ཀྱིས་


DKG099_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོར་མངོན་པར་དབང་བསྐུར་བར་གྱུར་པ་ན་དགེ་བའི་དབང་གིས་ས་བདུན་གྱི་ནི་དབང་ཕྱུག་ཉིད་དུ་འགྱུར། གལ་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་བྱེད་ན་དེའི་ཚེ་ལུས་འདི་ཉིད་ཀྱིས་ས་བདུན་གྱི་དབང་ཕྱུག་ཉིད་དུ་འགྱུར་རོ། །ཅི་སྟེ་མི་དགེ་བ་བཅུ་དང་བྲལ་ཏེ་ཤི་བར་གྱུར་ན་དེའི་ཚེ་དེ་ནས་དགེ་བའི་དབང་གིས་ས་བདུན་གྱི་དབང་ཕྱུག་ཉིད་དུ་འགྱུར་རོ་ཞེས་པ་ངེས་པ་སྟེ་བསོད་ནམས་ཀྱི་ཚོགས་ཀྱིས་སོ། །བུམ་པ་གསང་བས་མངོན་པར་དབང་བསྐུར་སླར་ཡང་ཕྱིར་མི་ལྡོག་པ་སོགས་སུ་ངེས་པར་རབ་ཏུ་འཇུག་ཅེས་པ་ནི་འདིར་བུམ་པ་དང་གསང་བ་དག་གིས་མངོན་པར་དབང་བསྐུར་བ་ནི་ཚུལ་ཁྲིམས་ཀྱི་དབང་གིས་ཕྱིར་མི་ལྡོག་པ་མིག་ཡོ་བར་འགྱུར་ཏེ་སོགས་པའི་སྒྲས་ལེགས་པའི་བློ་གྲོས་སུ་འགྱུར་རོ། །མི་གཡོ་བ་ན་སྐྱེ་གནས་སུ་བསྲུབས་པ་ལ་བྱང་ཆུབ་ཀྱི་སེམས་མི་གཡོ་བ་སྟེ། ལེགས་པའི་བློ་གྲོས་ཞེས་པ་ནི་བདེ་བ་ཆེན་པོའི་སེམས་སོ། །འདིར་ཤེས་རབ་ཡེ་ཤེས་དག་གིས་མངོན་པར་དབང་བསྐུར་ན་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་སྲིད་པའི་འཇིགས་པ་འཇོམས་པ་འཇམ་དབྱངས་ཉིད་དུ་འགྱུར་ཞེས་པ་ནི་ཆོས་ཀྱི་སྤྲིན་དུ་འགྱུར་བ་སྟེ། ཆོས་ཀྱི་སྤྲིན་ནི་བདེ་བ་ཆེན་པོའི་ཆར་གྱིས་རང་དང་གཞན་གྱི་དོན་བྱེད་པའོ་ཞེས་པ་ངེས་པའོ། །དེ་ལྟར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་སྔོན་དུ་འགྲོ་བ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལས་ས་བཅུ་གཉིས་པ་ལ་རྣལ་འབྱོར་པ་རྣམས་སངས་རྒྱས་ཉིད་དོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །གལ་ཏེ་གཡོ་སྒྱུའི་དབང་གིས་ཞེས་པ་མི་དགེ་བ་བཅུ་ལ་ཞུགས་པའི་དབང་གིས་འཆད་པར་འགྱུར་བའི་རྩ་བའི་ལྟུང་བ་བྱུང་ན་འདི་རྣམས་མཐའ་དག་དམྱལ་བར་སྡུག་བསྔལ་དུ་འགྱུར་ཏེ། དེའི་དབང་ལ་སོགས་པ་ཕྱིན་ཅི་ལོག་གི་དབང་གིས་སོ་ཞེས་པ་ནི་ངེས་པའོ། །ད་ནི་རྩ་བའི་ལྟུང་བ་ཞེས་པ་ལ་སོགས་པས་རྩ་བའི་ལྟུང་བ་རྣམ་པར་དག་པ་གསུངས་ཏེ། འདིར་གང་གི་ཚེ་འཆད་པར་འགྱུར་བའི་རྩ་བའི་ལྟུང་བ་བྱུང་བར་གྱུར་ན་དེའི་ཚེ་དབང་བདུན་ལ་གནས་པ་དག་གིས་སྔགས་བཟླས་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས་དག་པར་འགྱུར་ཏེ། ཡོན་ཏན་ལྡན་པ་ཞེས་པ་ཕྱིས་མི་བྱེད་པའི་སྡོམ་པ་


DKG099_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པ་ཡིའོ། །བུམ་པ་གསང་བའི་དབང་བསྐུར་བ་ལ་གནས་པ་ལ་གང་གི་ཚེ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན་དེའི་ཚེ་གལ་ཏེ་ན་བརྟུལ་ཞུགས་ངེས་པའི་དབང་གིས་ཞེས་པ་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དབང་གིས་རྣམ་པར་དག་པར་འགྱུར་ཏེ་དེ་ཉིད་ལ་སློབ་དཔོན་གྱིས་བརྟུལ་ཞུགས་ཀྱི་ངེས་པས་ཆད་པ་སྦྱིན་པར་བྱའོ། །གོང་མ་ལ་ནི་དག་པ་མེད་ཅེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་གང་གི་ཚེ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན་དེའི་ཚེ་དག་པ་མེད་དོ། །དོན་ཅི་ཞེ་ན། དེ་ལ་སློབ་དཔོན་གྱིས་འདིའི་ཆད་པ་སྦྱིན་པར་མི་བྱ་སྟེ། རང་གི་བསོད་ནམས་དང་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་བདག་ཉིད་ཀྱིས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་བརླབས་དང་བཅས་པའི་གནས་སུ་སོང་སྟེ། བདག་ཉིད་དག་པ་འཐོབ་བོ་ཞེས་པ་ནི་སངས་རྒྱས་རྣམས་ཀྱི་བཞེད་པའོ། །རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ་ཞེས་པ་ནི་འདིར་གང་གི་ཚེ་དབང་བདུན་ལ་གནས་པའམ་བུམ་པ་དང་གསང་བའི་དབང་ལ་གནས་པ་ལ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན། དེའི་ཚེ་དེ་དག་པའི་སླད་དུ་དཀྱིལ་འཁོར་འདི་བྲིས་ནས་སླར་མི་བྱེད་པའི་དོན་དུ་སླར་ཡང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་བྱའོ། །དེ་ནས་རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཞེས་པ་རིགས་ཀྱི་དབུས་སུ་སྔར་ཐུ་བོའི་མིང་གང་ཡིན་པ་དེ་ནི་ཆུང་བ་ཉིད་དུ་འགྱུར་ཏེ། གཞོན་པ་ཉིད་དུ་འགྱུར་རོ་ཞེས་པ་སླར་མི་བྱེད་པའི་སྡོམ་པའི་སླད་དུ་དེ་བཞིན་གཤེགས་པའི་ངེས་པ་སྟེ། སློབ་མ་རྣམས་ཀྱིས་གདོན་མི་ཟ་བར་བྱའོ། །ད་ནི་དཔལ་ལྡན་ཞེས་པ་ལ་སོགས་པས་རྩ་བའི་ལྟུང་བ་རྣམས་གསུངས་ཏེ། འདིར་རྒྱུད་ཐམས་ཅད་ལས་རྩ་བའི་ལྟུང་བ་བཅུ་བཞིའོ། །དེ་རྣམས་ལས་ཇི་ལྟར་སོ་སོར་འགྱུར་བ་དེ་བཞིན་དུ་གསུངས་པ་བུ་རྣམས་ཏེ་དབང་བསྐུར་བའི་སློབ་མ་རྣམས་ཀྱི་རྩ་བའི་ལྟུང་བ་རི་བོང་འཛིན་པ་ཞེས་པ་དང་པོར་འགྱུར་ཏེ། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་ཞེས་པ་ལ་འདིར་བླ་མ་རྣམ་པ་གཉིས་ཏེ། བླ་མ་དམ་པ་དང་བླ་མ་དམ་པ་མ་ཡིན་པའོ། །དེ་དག་གི་ཐུགས་དཀྲུགས་པ་ཡང་རྣམ་པ་


DKG099_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ་གཞན་གྱི་དོན་དང་རང་གི་དོན་ལས་སོ། །དེ་ལ་གཞན་གྱི་དོན་ལས་གང་གི་ཐུགས་འཁྲུག་པ་དེ་ནི་དཔལ་ལྡན་བླ་མའོ། །རང་གི་དོན་ལས་གང་གི་ཐུགས་འཁྲུག་པ་དེ་ནི་བླ་མ་དམ་པ་མ་ཡིན་པའོ། །འདིར་སློབ་མ་མི་དགེ་བ་བཅུ་ལ་ཞུགས་པས་དཔལ་ལྡན་བླ་མའི་ཐུགས་དཀྲུགས་པར་འགྱུར་ཏེ། ཐུགས་དཀྲུགས་པ་དེ་ལས་རྩ་བའི་ལྟུང་བར་འགྱུར་རོ། །རང་གི་དོན་ལ་ཞུགས་པའི་བླ་མ་ནི་མི་དགེ་བ་བཅུ་ལ་ཞུགས་པ་ལས་མ་ཡིན་ནོ་ཞེས་པ་སྟེ་ངེས་པའོ། །དེ་ཡི་བཀའ་ལ་འགོངས་པས་གཞན་རྩ་བའི་ལྟུང་བ་གཉིས་པར་འགྱུར་ཏེ། བླ་མའི་ལྐོག་ཏུ་གྱུར་པར་མི་དགེ་བ་བཅུ་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་སྤུན་ལ་ཁྲོས་པས་གསུམ་པར་འགྱུར་ཏེ། གང་གི་ཚེ་རྡོ་རྗེའི་སྤུན་རྒན་པོའམ་གཞོན་ནུ་བསླབ་པ་དང་ལྡན་པ་ལ་རབ་ཏུ་ཁྲོ་བར་བྱེད་ནའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་ཞེས་པ་ལ་འདིར་བྱམས་པ་བཏང་བ་ནི་རྣམ་པ་བཞི་སྟེ། ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་དང་ཤིན་ཏུ་ཆེན་པོའི་དབྱེ་བས་སོ། །དེ་ལ་ཆུང་ངུ་ནི་སྐད་ཅིག་ཙམ་བྱམས་པ་བཏང་ཞིང་དེ་ནས་ལྡོག་པར་འགྱུར་བ་སྟེ། ཆུ་ལ་དབྱུག་པའི་རི་མོ་ལྟ་བུའོ། །འབྲིང་པོ་ནི་བྱེ་མའི་རི་མོ་སླར་ཡང་རླུང་གིས་མཉམ་པ་ཉིད་དུ་འགྱུར་བ་ལྟ་བུའོ། །ཆེན་པོའི་བདག་ཉིད་ནི་ས་གས་པ་སླར་ཡང་དབྱར་གྱི་ཆུས་མཉམ་པ་ཉིད་དུ་འགྱུར་བ་ལྟ་བུའོ། །དེ་བཞིན་དུ་བྱམས་པ་མེད་པའི་སེམས་ཤིན་ཏུ་ཆེན་པོའི་བདག་ཉིད་ནི་ཡོངས་སུ་སྨིན་པ་སྟེ། དཔེར་ན་རྡོ་ཐ་དད་པ་སླར་ཡང་འགའ་ཞིག་ཏུ་ཡོངས་སུ་རྫོགས་པར་རོ་མཉམ་པར་མི་འགྱུར་བའམ་དཔེར་ན་འབྲས་བུ་སྨིན་པ་ཤིང་ལ་མི་གནས་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་བྱམས་པ་ཡོངས་སུ་གཏོང་བ་སྟེ། དེས་རྩ་བའི་ལྟུང་བ་བཞི་པར་འགྱུར་རོ་ཞེས་པ་ནི་ངེས་པའོ། །མདའ་ཞེས་པ་ལྔ་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཞེས་པ་ལ་འདིར་བྱང་ཆུབ་ཀྱི་སེམས་ནི་ཁུ་བ་སྟེ། དེ་ཉམས་པ་ལས་འཕོ་བ་མེད་པའི་བདེ་བར་མི་འགྱུར་རོ། །དེའི་ཕྱིར་དེ་ཁོ་ན་ཉིད་མེད་པ་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་ཉིད་འདོད་པ་རྣམས་ལ་རྩ་བའི་ལྟུང་བ་ལྔ་པར་འགྱུར་རོ། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་སྟེ་གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་


DKG099_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་ལ་དེ་ཁོ་ན་ཉིད་ཀྱི་ལེའུ་འོ། །དེ་ལ་སྨོད་པ་གང་ཡིན་པ་དེ་ནི་དྲུག་པའོ། །རི་བོ་ཞེས་པ་བདུན་པར་འགྱུར་ཏེ་མ་སྨིན་པའི་མི་ཉན་ཐོས་ཀྱི་ལམ་ལ་གནས་པ་ལ་གསང་བ་བྱིན་ལས་ཞེས་པ་བདེ་བ་ཆེན་པོ་བྱིན་པ་ལས་སློབ་དཔོན་རྣམས་ལ་ལྟུང་བའོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་ཞེས་པ་བརྒྱད་པ་སྟེ། ཕུང་པོ་ཉོན་མོངས་པ་ལ་སོགས་པ་ནི་བསྙུང་བར་གནས་པ་ལ་བཀོད་པ་ལ་སོགས་པ་དང་ལུས་གཅོད་པ་ལ་སོགས་པར་བརྗོད་དེ་དེ་ལས་བརྒྱད་པར་འགྱུར་རོ། །སླར་ཡང་དགུ་པ་ནི་དག་པའི་ཆོས་ཏེ་སྟོང་པ་ཉིད་ཀྱི་ཆོས་ལ་མ་དད་པར་གྱུར་པ་གང་ཡིན་པའོ། །སྒྱུ་ཡི་བྱམས་པ་ནི་ཁ་ནས་ཚིག་གཞན་འདོན་ཞིང་སྙིང་ལ་གཞན་སེམས་པ་སྟེ། སྒྱུ་ཡི་བྱམས་པ་གང་ཡིན་པ་དེ་ནི་ཕྱོགས་ཞེས་པ་བཅུ་པའོ། །མིང་སོགས་བྲལ་བ་བདེ་བ་སྟེར་ལ་ཞེས་པ་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་ལ་རྟོག་པ་གང་ཡིན་པ་དེ་ནི་དྲག་པོ་ཞེས་པ་སྟེ་བཅུ་གཅིག་པའོ། །དག་པའི་སེམས་ཅན་དག་ལ་སྟེ་རྣལ་འབྱོར་པ་ལ་སྐྱོན་བརྗོད་པ་ལས་ཉི་མ་ཞེས་པ་བཅུ་གཉིས་པར་འགྱུར་རོ། །ཚོགས་ཀྱི་འཁོར་ལོར་དམ་ཚིག་ཐོབ་པར་གྱུར་པ་གཏོང་བ་ལས་གཞན་ཏེ་བཅུ་གསུམ་པར་འགྱུར་རོ། །བུད་མེད་ཐམས་ཅད་ལ་སྨོད་པ་གང་ཡིན་པ་དེ་ནི་ངེས་པར་ཏེ། གདོན་མི་ཟ་བར་མ་ནུ་ཞེས་པ་བཅུ་བཞི་པར་འགྱུར་རོ་ཞེས་པ་ངེས་པའོ། །གང་དག་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལ་སྟེ་དབང་བསྐུར་བ་རྣམས་ལའོ་ཞེས་པ་རྡོ་རྗེ་འཛིན་པའི་ངེས་པའོ། །ལྟུང་བ་སྦོམ་པོ་རྣམས་ནི་དུ་མ་སྟེ་དེ་རྣམས་ལ་ཆད་པ་ཤིན་ཏུ་ཆུང་བར་འགྱུར་རོ་ཞེས་པ་ནི་ངེས་པའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་དཀྱིལ་འཁོར་དུ་དབང་བསྐུར་བའི་མདོར་བསྡུས་ཆེན་པོ་སྟེ་བཞི་པའོ།། །།


previousདཀྱིལ་འཁོར་དུ་དབང་བསྐུར་བའི་མདོར་བསྡུས་ཆེན་པོ།next