Nitartha Digital Library
Tibetan
༄༅། །ཡེ་གསང་ཐུགས་གཏེར་གྱི་ཟིན་བྲིས་ལས། ལམ་མདོས་ཡས་ཟོར་གྱི་བཅའ་ཐབས་སྒོམ་དོན་རབ་གསལ་བཞུགས་སོ། །

1 occurrence of ནང་གི་སྒྲིབ་པ་ཅན་
[Clear Hits]


 
ཡེ་གསང་ཐུགས་གཏེར་གྱི་ཟིན་བྲིས་ལས། ལམ་མདོས་ཡས་ཟོར་གྱི་བཅའ་ཐབས་སྒོམ་དོན་རབ་གསལ་བཞུགས་སོ། །


1 occurrence of ནང་གི་སྒྲིབ་པ་ཅན་
[Clear Hits]

 
no previousཡེ་གསང་ཐུགས་གཏེར་གྱི་ཟིན་བྲིས་ལས། ལམ་མདོས་ཡས་ཟོར་གྱི་བཅའ་ཐབས་སྒོམ་དོན་རབ་གསལ་བཞུགས་སོ། །no next

ཡེ་གསང་ཐུགས་གཏེར་གྱི་ཟིན་བྲིས་ལས། ལམ་མདོས་ཡས་ཟོར་གྱི་བཅའ་ཐབས་སྒོམ་དོན་རབ་གསལ་བཞུགས་སོ། །

(༡)ཡེ་གསང་ཐུགས་གཏེར་གྱི་ཟིན་བྲིས་ལས། ལམ་མདོས་ཡས་ཟོར་གྱི་བཅའ་ཐབས་སྒོམ་དོན་རབ་གསལ་བཞུགས་སོ། །

(༢)ན་མོ་གུ་རུ་བཛྲ་པཱ་ཎི་ན་ཐཱ་ཡ། ཡེ་གསང་གསང་བའི་ཐུགས་གཏེར་གཏེར་གྱི་མཆོག །ཟབ་དོན་དོན་གྱི་ཡང་སྙིང་སྙིང་པོའི་བསྟན། །དར་རྒྱས་རྒྱས་པའི་ཕྲིན་ལས་ལས་མགོན་མདོས། །སྒོམ་རིམ་རིམ་གཉིས་མདོ་དོན་དོན་བསྡུས་དབྱེ། །གཏེར་སྲུང་སྲུང་མས་རྗེས་གནང་གནང་བ་སྩོལ། །དེ་ལ་འདིར་ཕྲིན་ལས་མགོན་པོའི་ལས་མདོས་ལས་ཐོག་མར། གལ་ཆེ་བ་གསུམ་གྱིས་གཞི་བཟུང་སྟེ། གཞི་ལ་རང་འདོད་ཀྱི་ཞེན་པ་མ་ཞུགས་པས་བསྟན་པ་དང་སེམས་ཅན་ནམ་དོན་དུ་དམིགས་ནས། ལམ་བསྐྱེད་རྫོགས་རིམ་པ་གཉིས་ཀྱིས་གཞུང་བསྲངས་ནས། འབྲས་བུ་མྱུར་དུ་ཐོབ་པར་བྱེད་པ་ལ། ཐེ་ཚོམ་དང་སོམ་ཉི་མེད་པའི་བློ་གཏད་

(༣)ལིངས་སྐྱུར་གྱིས་རྩ་བའི་བླ་མ་དང་ཡི་དམ་ཆོས་སྐྱོང་ལ་ཡིད་ཆེས་པའི་དད་པ་བརྟན་པོ་དང་ལྡན་པས། བཅས་བཤམས་ཀྱི་རིམ་པ་རྣམས་གཞུང་གི་ཡིག་ཆུང་དང་། སྐྱབས་རྗེ་འཁོར་ལོའི་མགོན་པོ་སི་ཏུ་པདྨ་དབང་ཆེན་ཞབས་ཀྱི་ཟིན་བྲིས་ལྟར་དང་། གདན་ས་བར་ལུགས་ཀྱི་ཕྱག་བཞེས་མཐོང་བརྒྱུད་ལྟར་ལག་ལེན་དུ་འདེབས་པ་གལ་ཆེ། འདིར་ཡང་ཟུར་གསལ་མི་བརྗེད་པའི་ཐོ་ལྟ་བུ་ལ། རི་རབ་བང་རིམ་བཞིའི་སྟེང་དུ་དམར་གཏོར་སྤྱི་འགྲེ་རྩེ་ཐོན་ལས་ཐོག་མདིལ་མི་མཛད་ལེབ་ཞལ་དུ་བཀོད། ཟློག་བའི་མེ་རི་རྟ་ཞོན་བྲིས་པས་བརྒྱན། གཏོར་མའི་མདུན་དུ་གཙོ་བོ་ཏྲཀྴད་འབུར་སྐུ་ལ་འཁོར་

(༤)གཞུང་གསལ་ལྟར་འབུར་དུ་བཟོ་བའམ་སྤར་བཏབ་པ། བང་རིམ་དང་པོར་དམར་གཏོར་ཁྲག་བྱུག་པ་བཅུ་དྲུག་ལ་རུ་དང་བཙུགས་པ། བང་རིམ་གཉིས་བར་གཏོར་ཟོར་བཅུ་གསུམ་ནི། ཟོར་ཀོང་དུ་དམར་གཏོར་ཁྲག་བྱུག་པ་བཞག་ནས་ཟོར་གྱི་ཟུར་གསུམ་ནས་རྩང་ཐུར་བསྣོལ་མར་སྤྱི་ལྟར་བཙུགས་པ། བྱ་ནག་དགྲ་སྙིང་ཟབ་བཅུ་གསུམ་སྤར་བཏབ་པ། ནམ་མཁའ་ནག་རྐྱང་བཅུ་གསུམ་བདུད་ཞགས་དངོས་སམ་སྤར་བཏབ་པ་བཅུ་གསུམ། བང་རིམ་གསུམ་པ་ལ་ཀོང་བུ་ཟུར་གསུམ་དུ་ཁྲག་བླུགས་པ་བཅུ་གསུམ། མདའ་བཀྲ་བཅུ་གསུམ། ཁྱི་ནག་དགྲ་སྙིང་ཟབ་བཅུ་གསུམ། རྟ་ནག་བཅུ་གསུམ། རོ་ལངས་ནག་པོ་ཁྲོས་པ་བཅུ་གསུམ། བང་རིམ་བཞི་པ་ལ། ཤྭ་རྡིལ་དཀར་ནག་བཅུ་གསུམ། ཁྲམ་ཤིང་བཅུ་གསུམ་ལ། གོང་འོག་དང་བར་ནས་རིམ་པ་གཉིས་རེ་དང་ལྡན་པའི་ཕོ་ཁྲམ་སྟེ་འདི་ཉིད་གཙོ་བོ་བདུད་མགོན་གྱི་ཕོ་མདོས་ཡིན་པས་སོ། །ནད་རྐྱལ་དངོས་དུག་སྣའི་ཐུམ་བུའམ་སྤར་བཏབ་པ་བཅུ་གསུམ། ཟོར་བཅུ་གསུམ། འཕང་བཀྲ་བཅུ་གསུམ། བར་བར་དུ་ཤ་ཁྲག་སྣ་ཚོགས་ཅེས་པ་ལ། དཔལ་མགོན་པོའི་གཞུངས་ལས། སྟག་གཟིག་ལ་སོགས་གཅན་ཟན་གྱི་ཤ་ཁྲག །ཕོ་རོག་ལ་སོགས་བྱ་ནག་གི་ཤ་ཁྲག །རྟ་ནག་ལ་སོགས་རྨིག་པ་ཅན་གྱི་ཤ་ཁྲག །གཡག་ནག་ལ་སོགས་བྱོལ་སོང་ཆེན་པོའི་

(༥)ཤ་ཁྲག་གོ །སྒོ་གཙོང་སོགས་གཞུང་ལྟར་ཚོགས་པར་བྱའོ། །ཧོ་མཁུང་ནང་དུ་དགྲ་ལིང་ འདྲེ་ལིང་ གདོན་ལིང་ ཕ་རོལ་བྱད་མའི་ལིངྒ་ཐམས་ཅད་སྤྱི་དང་མཐུན་པ་མིང་གཟུགས་སྤེལ་ཚིག་རྣམས་ཞིབ་ཏུ་བྱས་ཏེ ཞེས་པར། སྲིད་པ་གཏེར་ཁྱིམ་ལས། དུག་ཤོག་ལ་ཁྱི་ཁྲག་དང་ར་ཁག་གིས་བྱ་ཤ་ཟན་གྱི་སྒྲོ་རྐང་གིས་བྲི ཁྱད་པར་ཕོ་རོག་ཤིས བྲི་དུས་ཐེབས་དང་བསྟུན་ལ ཉི་མ་དམར་ཐག་འགྲོ་ཁར་དགྲ་བོ་རེ་ལ་ལིངྒ་རེ་བྲི རང་གི་ལག་པ་བཀྲུས་ལ་ཁ་རླངས་དང་དྲི་མ་མ་ཕོག་པར་བྱ གདོང་དང་ལག་པ་ལ་ཁྲག་བྱུགས ཁ་ལ་ཤ་ཆེན་མུར ཁ་ལྷོ་ནུབ་སྲིན་པོའི་ཕྱོགས་སུ་གྱུ་ལ་བྲི འཁོར་ལོ་རྩིབས་དྲུག་གི་ལྟེ་བར་བྲི་བའམ། ཡང་ན་སྤྱི་ལྟར་བྲིས་ཀྱང་རུང་། ཕྱི་རོལ་སྤྱི་བོའི་ཐད་ནས་སྔགས་མགོ་ནང་བསྟན་ལ་བོན་སྐོར་གྱིས་རྦད་སྔགས་བྲི སྤྱིར་བསད་པ་དང་དབང་དུ་བསྡུ་བ་ལ་སྔགས་མགོ་ནང་བསྟན། མནན་པ་ལ་སྔགས་མགོ་ཕྱི་བསྟན་དུ་གསུངས། ཡང་དེ་ཉིད་ལས། ལིངྒ་དུག་ཁྲག་གིས་བྲི་བ་དྲག་པོ ནད་ཁྲག་གིས་བྲི་བ་རྩུབ་མོ མཚལ་གྱིས་བྲེ་བ་འཇམ་པོ མཛེ་ཁྲག་གིས་བྲིས་ན་མཛེར་ཤི ནད་ཁྲག་གིས་བྱུག་ན་ནད་ཀྱིས་འཆི གྲི་ཁྲག་གིས་བྱུག་ན་གྲིར་ཤི ལིངྒ་རླུང་ལ་

(༦)ཕྱར མེ་ལྕེ་ལ་གཡུགས ཁ་རླངས་དང་དྲི་མ་དག་པར་བྱ རྫས་ནི། དུར་ཁྲོད་ཐལ་བ རན་འཐག་ཡས་གཞིའི་རྡོ་ཕྱེ མི་བསང་པའི་ལྕགས་ཕྱེ ཟངས་ཕྱེ དུག་སྣ གྲི་ཁྲག ནད་ཁྲག་བྱུག ཡུགས་སའི་ཤི་སྐྲས་བཅིངས་ན་དྲག་པོ ཁྱི་ནག་དང་ར་རོག་སྤུས་བཅིངས་པ་དྲག་ལ་རྩུབ་བ སྣ་ལྔས་བཅིངས་པ་རྩུབ་མོའོ ཞེས་གསུངས་སོ། །དགུག་གཞུག་དང་ལྷ་དབྱེ་བྱ། གུལ་རྒོད་བདུག །དབྱེ་རྫས་ཡོད་ན་ལིངྒའི་རྣྀྲ་ཏྲིའི་སྟེང་དུ་གཞག་ཅིང་ལྟེ་བ་ལ་ཧོམ་ཁུང་སོགས་བཞག་གང་དགོས་སུ་བཞག ༈ ཐུན་ཟོར་ལ་ཐུན་རྫས་ཡུངས་ཀར་ནག ༈ ས་ཟོར་ལ་ཕུང་སའམ་གདབ་ཆད་པའི་ས། ༈ ཆུ་ཟོར་ལ་དགུན་ཁ་ཆབ་རམ། ༈ མེ་ཟོར་ལ་དུག་ཤིང་གི་རལ་འབར་དང་མེ་རི་བྲིས་པ། ༈ རླུང་ཟོར་ལ་རླུང་གཡབ་ཤོག་བུ་ལ་བཟོས་པ། རྡོ་རྗེ། མདུང་ཞགས། ལྕགས་ཀྱུ། ཁ་ཊཱཾྭ། ཕུར་པ་རྣམས་དངོས་སམ་བྲིས་པ། གཏོར་ཟོར་ལ་ཟོར་རྐང་དུ་དམར་གཏོར་བཀོད་པ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དེ་ཡང་སྤྱིར་བཏང་གི་མདོས་ལ་སྲུང་བའི་མདོས་དཀྱིལ་འཁོར་ལྟར་བཀོད་པ་ཞེས་གཙོ་བོ་ཞལ་ཤར་དུ་གྱུ་ཞིང་འཁོར་དང་མདོས་ཀྱི་རྒྱན་བཀོད་ཐམས་ཅད་ཞལ་ནང་དུ་ཕྱོགས་པ་དང་། ཟློག་མདོས་ཞེས་འཁོར་དང་རྒྱན་བཀོད་

(༧)ཐམས་ཅད་ཕྱིར་བསྟན་པ་དང་། མགྲོན་ཐབས་དམག་མདོས་ཞེས་ཐམས་ཅད་ཞལ་ཤར་དུ་གྱུ་བའི་ལུགས་ཡོད་ཀྱང་འདིར་ཟློག་མདོས་ཀྱི་ལུགས་སུ་བཀོད་པའོ། བརྟེན་མདོས་བསྐང་མདོས་གཏའ་རུ་གཟུག །ཟློག་མདོས་དྲག་པོའི་གཟེར་ཁས་བརྒྱན། །བསད་མདོས་སྲོག་ལ་ས་ཨར་ལ་གཏད། །དགྲ་མདོས་ད་ལྟ་གདན་ས་བར་པ་ནས་དམག་ཐབས་སུ་བཀོད་པ་ཡིན་མཆན། དགྲ་པོའི་སྟེང་དུ་འཕེན། ཅེས་སོ། འདོན་འགྲིགས་ཕྱག་བཞེས་ཟིན་བྲིས་སྔ་མ་རྣམས་དང་མཐོང་བརྒྱུད་སློབ་དཔོན་ཞལ་ལུང་ལྟར་བྱ་བ་ལས་ཡང་བསྐྱར་དུ་མ་བྲིས་པ་གཞུང་གི་ཡིག་ཆུང་རྩ་བར་བཟུང་ངོ་། །མདོས་བྱིན་གྱིས་བརླབས་ནས་མདོས་བསྐྱེད་ཀྱི་སྐབས་སུ། མདོས་ཀྱི་རྒྱུ་སྟོང་པ་ཉིད། རྐྱེན་སྣང་བ་སྣ་ཚོགས། རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལས་ངོ་བོ་སྣང་སྟོང་གཉིས་མེད། ངེས་ཚིག་ཡས་ཟོར་སྲིད་གསུམ་རླག་བྱེད འབྱུང་བ་ལྔ་བརྩེགས་ཀྱི་དཀྱིལ་འཁོར ཡས་ནི་སྲིད་པ་གསུམ་གྱི་ལྷ་འདྲེ་ཐམས་ཅད་ཚིམ་པར་བྱེད་པས་ཡས། ཟོར་ནི་དྲག་པོའི་ཟློག་ཟོར་མཚོན་ཆ་སྟེ། ཇི་སྐད་དུ་ཡང་། འཕང་བར་བྱེད་པ་ཟོར་གྱི་ལས རྣོ་བར་བྱེད་པ་ཐུན་གྱི་རྫས རླག་པར་བྱེད་པ་སྔགས་ཀྱི་དཔལ ཅེས་སོ། ལྷ་ཀླུ་མི་ཡི་སྲིད་པ་གསུམ་གང་དུ་བྱང་ཆུབ་སྒྲུབ་པའི་བར་

(༨)ཆད་གནས་པ་ཐམས་ཅད་རླག་པར་བྱེད་པ་སྟེ། ནུས་རྩལ་ཆེ་བའི་ཚད་དུ་སྲིད་པ་གསུམ་ཡང་སྐད་ཅིག་གིས་རླག་པར་བྱེད་ན། དགྲ་དང་བགེགས་དང་ལྟ་ཅི་སྨོས་པའོ། །ཕྱི་སྣོད་སྣང་བ་ནང་བཅུད་སྲིད་པ་ཐམས་ཅད་འབྱུང་བ་ལྔ་ལ་བརྟེན་ཏེ། ཕྱི་ལྟར་ན་ས་ཆུ་མེ་རླུང་ནམ་མཁའ། ནང་ལྟར་ན་ཤ་ཁྲག་དྲོད་དབུགས་སེམས། གསང་བ་ལྟར་ཡུམ་ལྔར་ཡེ་ནས་དག་པ་གང་གཙོ་བོ་ལ་འཁོར་གྱིས་བསྐོར་བས་དཀྱིལ་འཁོར་རོ། །དབྱེ་བ་ལས་བཞིའི་མདོས་ལས་དྲག་པོ་བསྟན་བཤིག་རྨིངས་ནས་སྐེམ་བའི་མཚོན་ཆ། གདུག་པ་དུག་གི་སྤུ་གྲི། གཏོར་བྱེད་རླུང་གི་མདོས་ཆེན། མདོས་རྫས་སྒོམ་ཚུལ་གཞུང་གསལ་ལྟར་ལས། ཀུན་ཁྱབ་ཀྱི་ནམ་མཁའ་སྲིད་གསུམ་ལྷ་འདྲེའི་བརྟེན་མཁར ཞེས་པ་ལ་ལ་དག་གིས་ནམ་མཁའ་བོན་ལུགས་ཡིན་ཅིང་རྒྱ་གར་དུ་མེད་པར་སྨྲ་ཡང་། ཡོད་པ་སྒྲུབ་བྱེད་མདའི་ལུང་འདྲེན་དང་བཅས་མཁས་གྲུབ་སྔ་མ་རྣམས་ཀྱིས་བསྒྲུབས་ཟིན་པས་སླར་སྒྲུབ་མི་དགོས་ཤིང་མདོས་རྫས་ཀྱི་གཙོ་བོ་ཡིན་ཏེ། ཇི་སྐད་དུ་ཡང་། ཨོ་རྒྱན་ཆེན་པོས། ནམ་མཁའ་སྐྱེ་མེད་སྟོང་པ་ལས སྐྱེ་བའི་ཆོ་འཕྲུལ་འོད་ལྔ་ཤར འོད་ལྔ་ཐུགས་སུ་བཏགས་པ་ཡི གདུགས་ཆེན་འབར་བའི་མཁའ་དབྱིངས་སུ ཅེས་སོ། གཞུང་ལྟར་དམིགས་

(༩)འདོན་ཟུང་འབྲེལ་དུ་བྱའོ། །བརྟེན་པའི་དམ་རྫས་སྙིང་གསུམ་དར་གྱི་ཙིཏྟ ཞེས་པ་ནི། གསང་སྒྲུབ་དཔེ་ཚན་བརྒྱད་པ་ལས། བྱ་ནག་ཁྱི་ནག་ལུག་ནག་གི སྙིང་གསུམ་རྩ་སྦུབས་རྩ་སྔགས་བཅུག དཀར་དམར་མཐིང་གསུམ་དར་དུ་དྲིལ ཞེས་པ་དེ་ཡིན་ཏེ་སྒྲུབ་རྟེན་ནོ། །ཏྲཀྴད་བརྟེན་རྫས་ཀྱི་ཞལ་གདམས་མེ་འབར་རྡོ་རྗེ་ལ་གདམས་པས་ཚབ་རུང་བར་ངེས་ཏེ། ཡོངས་དགེའི་ཞལ་ལུང་དུ་ངེས་སོ། །དེ་ནས་སྒོམ་ཚུལ་དངོས་ནི། གཞུང་གི་ཡུག་ཆུང་ལས། སྣང་སྲིད་ཀུན་ཁྱབ་ཏིང་འཛིན་གྱིས བདུད་མགོན་གནད་ནས་འགུགས་པར་བྱ རེ་དོགས་མེད་པའི་ཉམས་མྱོང་གིས ལས་མགོན་དགྲ་ལ་དྲང་བར་བྱ ཉམས་ང་མེད་པའི་གདེངས་ཚད་ཀྱིས སྲོག་བདུད་ལས་ལ་འགྱེད་པར་བྱ ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས སྒྲུབ་རྫས་ཡོ་བྱད་ཚོགས་པར་བྱ ང་བདག་བྲལ་བའི་བསྐྱེད་རྫོགས་ཀྱིས བདག་མདུན་གཅིག་ཆར་དབྱེར་མེད་བསྒོམ ཞེས་པ་ནི། བདག་ཉིད་དཔལ་ཆེན་པོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཏིང་ངེ་འཛིན་སྣང་སྲིད་ཀུན་ཁྱབ་འཁོར་འདས་གཞི་རྫོགས་ཀྱི་ངང་ལ་གནས་པས། བདུད་མགོན་སྤྱན་འདྲེན་ཅིང་། རང་ཉིད་ཧེ་རུ་ཀའི་ལྷར་སྣང་གི་ང་བརྒྱལ་བརྟན་པོས་ལས་མགོན་ནག་པོ་དགྲ་ལ་རྦད་པ་ལ་རེ་བ་དང་དགས་པ་

(༡༠)སྤོང་བ་དང་། སྲིད་གསུམ་དགྲ་ལངས་ཀྱང་ཉམ་ང་མེད་པར་དཔའ་བའི་གདེངས་ཚང་ལྟ་བའི་རྫོང་ལ་ཞུགས་པ། སྒོམ་པའི་འཕྲང་ལས་གྲོལ་བས་ཤན་པ་སྲོག་བདུད་དགྲ་ལ་འགྱེད་པའོ། །ལེ་ལོ་ནི་ལམ་སྒྲུབ་པའི་དགྲ་དང་། བརྩོན་འགྲུས་ནི་ལམ་སྒྲུབ་པའི་གྲོགས་ཡིན་པས་འབད་པ་བསྐྱེད་དེ། སྒྲུབ་རྫས་ཡོ་བྱད་ཐམས་ཅད་ཚོགས་ན་བསྟན་སྲུང་དམ་ཅན་རྒྱ་མཚོ་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་རང་བཞིན་ཤུགས་ཀྱིས་འདུ་བར་གསུངས་སོ། །བདག་མདུན་གཅིག་ཆར་དབྱེར་མེད་ཅེས་པ་འདི། རྙིང་མ་སྤྱིའི་བདག་མདུན་ཆིག་རྫོགས་ཟེར་བ་དེ་མ་ཡིན་ཏེ། འདིར་ནི་རང་ཉིད་རྡོ་རྗེ་གྲོ་ལོད་དང་མདུན་གྱི་ཏྲཀྴ་ད་གཉིས་ངོ་བོ་གཅིག་པ་ལ་བཟང་ངན་དང་ཐ་དད་སྤུ་རྩེ་ཙམ་ཡང་མེད་པ་ལ་རྣམ་པ་ལས་མགོན་དྲེགས་པ་སྡེ་བརྒྱད་དུ་སྒོམ་དགོས་པའི་དོན་ཡིན་ཏེ། སྣང་བ་བསྐྱེད་རིམ་དུ་དཔའ་བ། སྟོང་པ་རྫོགས་རིམ་དུ་དབའ་བ། ཟུང་འཇུག་དབྱེར་མེད་དུ་དབའ་བའི་ངང་ནས། ལུས་ལྷའི་དར། ངག་སྔགས་ཀྱི་ངར། ཡིད་ཏིང་ངེ་འཛིན་གྱི་ངར་གསུམ་དང་མ་བྲལ་བས་བཞེངས་བསྐུལ་དང་པོ་ལ། རང་ཉིད་རྡོ་རྗེ་གྲོ་ལོད་ཀྱི་དཀྱིལ་འཁོར་དུ་གསལ་བ་ལ། སླར་ཡང་རྡོ་རྗེ་གྲོ་ལོད་ཀྱི་དཀྱིལ་འཁོར་རབ་འབྱམས་ཞིང་ཀུན་འུར་འུར་སྟོང་གསུམ་སྟོང་ཆེན་

(༡༡)ཆེམ་ཆེམ་ཁམས་གསུམ་གནས་རིས་ལྡིག་ལྡིག །སྲིད་གསུམ་འཇིག་རྟེན་ཤིག་ཤིག་གིས་དྲག་པོའི་ལས་ལ་བྱོན་ནས་སྣང་སྲིད་གཞིར་བཞེངས་ཀྱི་མདོས་ཟོར་ཡས་ཆེན་བཞེས་ནས། མངོན་སྤྱོད་དྲག་པོའི་ཕྲིན་ལས་དམ་སྲིད་མ་ལོག་བསྟན་དགྲའི་དམག་དཔུང་ཟློག་པའི་ལས་ཞི་བས་མི་འདུལ་བ་རྣམས་དྲག་པོས་འདུལ་བར་སྔོན་ཚེ་ཞལ་གྱིས་བཞེས་པའི་ཐུགས་དམ་ལས་མ་འདའ་བར་རྣལ་འབྱོར་སྒྲུབ་པ་པོ་བདག་གིས་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་བ་སྟེ་འོག་མ་ཀུན་ལ་འགྲེས་སོ། །མགོན་པོ་ཐམས་ཅད་ཀྱི་ནང་ནས་ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད་ནག་པོ་འདི་ལས་ཤིན་ཏུ་མྱུར་བའི་རྒྱ་གར་སློབ་དཔོན་དྷན་སཾ་ཀྲི་ཏས་སློབ་དཔོན་པདྨ་འབྱུང་གནས་ལ་གནང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མ་འོངས་སུམ་ཅུའི་ཁར་ལ་དུས་སུ་སྙིང་པོའི་བསྟན་བསྲུང་བའི་བཙས་སུ་དགོངས་ཏེ་གཏེར་དུ་སྦས་ཤིན་ཏུ་ཟབ་པ་སྙིང་ཁྲག་ལྟ་བུ་ཡིན། ལ་ལ་དག་གིས་ཏྲཀྴད་གཉོས་ལོཙྪའི་བཀའ་སྲུང་ཡིན་པས་གཉོས་ཀྱི་མར་བ་ལོ་ཙཱའི་དཔེ་བུམ་ཆུ་ནང་དུ་འཕང་བས་ཀ་བརྒྱུད་པའི་སྲུང་མ་ཡོངས་གྲགས་མིན་སྨྲ་བ་ནི། ཕྱོགས་སྔའི་ནམ་མ་ལངས་བར་དགག་སྒྲུབ་ཀྱི་ཉི་མ་ཤར་བ་རྫའི་ཁུར་པོ་ཁུར་ནས་རྡོ་བའི་གཡུལ་དེར་ཞུགས་

(༡༢)པ་དང་འདྲ་སྟེ། མཉམ་མེད་དྭགས་པོ་ལྷ་རྗེའི་བཀའ་སྲུང་ཐུན་མོང་མ་ཡིན་པ་མགོན་པོ་སྤུ་གྲི་གཅིག་ཞུར་ཏྲཀྴད་ཡིན་པའི་ཕྱིར་རོ། བཞེངས་བསྐུལ་གཉིས་པ་ཕྲིན་ལས་ཀྱི་མགོན་པོ་སྤྱན་འདྲེན་པ་ལ་ཧཱུྃ་གསུམ་སྔར་དང་འདྲ་བས་ལྷ་ཀླུ་མིའི་སྲིད་པ་གསུམ་གྱི་གནས་ནས་ལེགས་ལྡན་གྱི་སྲས་ཏྲཀྴད་ནག་པོ་སྤྱན་འདྲེན་པ་སྟེ། དེ་ཡང་ལེགས་ལྡན་ལ་རིགས་གསུམ་སྟེ། དང་པོ་ཡེ་ཤེས་ཀྱི་ལེགས་ལྡན་ནི་ཐུགས་རྗེ་ཆེན་པོ་སྤྱན་རས་གཅིག་ཁྲོས་པ་སྟེ། མདོ་སྡེ་ཟ་མ་ཏོག་ལས། སྤྱན་རས་གཟིགས་དེ་ཉིད་མགོན་པོ་ནག་པོ་ཆེན་པོས་འདུལ་བའི་སེམས་ཅན་ལ། ནག་པོ་ཆེན་པོའི་སྐུར་བཞེངས་ནས་སེམས་ཅན་གྱི་དོན་མཛད་དོ། །ཞེས་སོ། གཉིས་པ་ལས་ཀྱི་ལེགས་ལྡན་ནི་བདུད་པོ་མ་ཏྲཾ་རུ་དྲ་སྟེ། ད་ཉིད་དཔལ་ཆེན་ཧེ་རུ་ཀ་རིགས་ལྔས་དམ་ལ་བཏགས་པས། ཁོ་བོའི་རྒྱུད་ཐམས་ཅད་དུ་མ་ཏྲཾ་རུ་དྲ་བསྒྲལ་ཚུལ་མང་དུ་འབྱུང་བ་དང་། དབལ་མགོན་པོ་མ་ནིང་གི་རྒྱུད་ལྟར་ན། ཆེ་མཆོག་ཧེ་རུ་ཀ་མ་ནིང་མཆེད་གསུམ་དུ་སྤྲུལ་ནས་རུ་དྲ་སྡེ་གསུམ་དམ་ལ་བཏགས་པ་ཡིན་ཏེ། མ་ནིང་གི་བསྟོད་པ་ལས། འཇིག་རྟེན་འདས་པའི་དུས་ནས་སྔོན་བྱུང་བ ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུང་ཐུགས སྲིད་རྩེའི་བདག་འཛིན་རུང་སྡེ་གསུམ་འདུལ རྩལ་ཆེན་ཕྲིན་ལས་རྫོགས་

(༡༣)ལ་ཕྱག་འཚལ་བསྟོད ཅེས་གསུངས་པས་སོ། །ཀུན་བཟང་ཆེ་མཆོག་བུདྡྷ་ཧེ་རུ་ཀས་བཏུལ་བ་དང་། དེ་བཞིན་དུ་ཡང་དག་འཁོར་ལོ་བདེ་མཆོག་བཛྲ་ཧེ་རུ་ཀ་དང་། རཏྣ་ཧེ་རུ་ཀ་འཇམ་དཔལ་གཤིན་རྗེ་དང་། པདྨ་ཧེ་རུ་ཀ་རྟ་མགྲིན་དང་། ཀརྨ་ཧེ་རུ་ཀ་ཕུར་པ་སོགས་ཐམས་ཅད་ཀྱིས་དམ་ལ་བཞག་པ་དོན་ལ་གནས་པ་སྟེ། ཇི་སྐད་དུ་ཡང་། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག་ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ ཐུགས་རྗེའི་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད ཅེས་སོ། །དེ་ལྟར་མ་ཏྲཾ་རུ་དྲ་དམ་ལ་བཞག་པའི་རྣམ་ཤེས་དེ་ཉིད་མགོན་པོ་ལེགས་ལྡན་ནག་པོར་གྱུར་ནས་བསྐལ་བཟང་སངས་རྒྱས་སྟོང་གི་བསྟན་པ་སྲུང་བའི་སྐུར་བཞེངས་མ་འོངས་པ་ན་ཐལ་བ་ཞེས་བྱ་བའི་འཇིག་རྟེན་དུ་བདེ་གཤེགས་ཐལ་བའི་དབང་པོ་ཞེས་བྱ་བར་སངས་རྒྱས་པར་འགྱུར་བ་དེ་ལ་སྲས་མགོན་པོ་འབུམ་སྡེ་བྱུང་བས་ན། ལེགས་ལྡན་ནག་པོ་མགོན་པོ་ཀུན་གྱི་ཡབ། ཅེས་གསུངས་ལ། དེ་དག་ཀྱང་རིགས་ལྔར་འདུ་བ་སྟེ། སྐུའི་མགོན་པོ་སྟག་ཞོན། གསུང་གི་མགོན་པོ་བིང་དམར། ཐུགས་ཀྱི་མགོན་པོ་གྲི་གུག་ཅན་ཏེ་བེར་ནག་ཅན། ཡོན་ཏན་གྱི་མགོན་པོ་སེར་ཞོན། ཕྲིན་ལས་ཀྱི་མགོན་

(༡༤)པོ་ཏྲཀྴད་ནག་པོ་དང་ལྔའོ། །གསུམ་པ་འཇིག་རྟེན་གྱི་ལེགས་ལྡན་ནི། ལྷ་ཆེན་བརྒྱད་ཀྱི་ནང་དུ། ལེགས་ལྡན་སྨུག་ནག་ཕྱག་ན་བིང་ཆེན་བསྣམས། ཞེས་པ་དང་། དྲེགས་པའི་སྡེ་དཔོན་སུམ་ཅུའི་ནང་དུ། མགོན་པོའི་སྡེ་དཔོན་ལེགས་ལྡན་ནག་པོ་ཚོགས་ཀྱི་བདག་པོ་དེ་ཡིན་ནོ། །ཕྲིན་ལས་ཀྱི་མགོན་པོ་དེ་ཉིད་ལ་མཚན་གྱི་རྣམ་གྲངས་ཤིན་ཏུ་མང་བ་སྟེ། ཏྲཀྴད་ནག་པོ་སྟེ་ལས་མཁན་དང་མིག་གསུམ་དྲག་པོ་སོགས་ལ་འཇུག་པ་དང་། དུག་གི་སྤུ་གྲི་སོགས་མཚན་གཞན་རྣམས་གཞུང་གསལ་ལྟར་རོ། བཞེངས་བསྐུལ་གསུམ་པ་འཁོར་སྡེ་བརྒྱད་ཀྱི་མགོན་པོ་བསྐུལ་བ་ལ་ནད་གསེས་སུ་བརྒྱད་ཡོད་ཀྱང་ཡི་གེའི་ཟོལ་ཡང་པའི་ཕྱིར་ཕྱོགས་གཅིག་བུ་འདྲིལ་བ། ཤར་ཕྱོགས་དྲི་ཟའི་མགོན་པོ། ༡ ལྷོ་ཕྱོགས་གཤིན་རྗེའི་མགོན་པོ། ༢ ནུབ་ཕྱོགས་ཀླུ་བཙན་གྱི་མགོན་པོ། ༣ བྱང་ཕྱོགས་གནོད་སྦྱིན་གྱི་མགོན་པོ། ༤ ཤར་ལྷོ་མེ་ལྷའི་མགོན་པོ། ༥ ལྷོ་ནུབ་གཟའ་བདུད་ཀྱི་མགོན་པོ། ༦ ནུབ་བྱང་རླུང་ལྷའི་མགོན་པོ། ༧ བྱང་ཤར་དབང་ལྡན་གྱི་མགོན་པོ་དང་བརྒྱད་པོ་ཐམས་ཅད་ལ་འདྲེ་བདུད་སོགས་བདུད་ཀྱི་མིང་ཐོགས་པ་བདུད་མགོན་ཉིད་ཀྱི་རྣམ་རོལ་སྤྲུལ་པ་ཡིན་པས་སོ། །བཞེངས་བསྐུལ་བཞི་པ་དེའི་རྗེས་འབྲང་། སྟེང་ཕྱོགས་ལྷ་དམག་

(༡༥)འོག་ཕྱོགས་ཀླུ་དམག །བར་ཕྱོགས་སྡེ་བརྒྱད་ཀྱི་དམག་རྣམས་བསྐུལ་བའོ། །སྡེ་བརྒྱད་ལ་དབྱེ་བསྡུ་དང་གྲངས་སྣ་ཚོགས་འབྱུང་བ་སྟེ་འདིར་ནི། ལྷ་བདུད་ཀླུ་བཙན་མ་མོ་གཟའ རྒྱལ་པོ་གཤིན་རྗེས་བདག་རྣམས ཞེས་དགུར་གསུངས་དང་། གྲོ་ལོད་ཀྱི་གཏོར་འབུལ་དུ་བཅུར་གསུངས་ཏེ། ལྷ་དང་གཤིན་རྗེ་བདུད་དང་བཙན གཟའ་དང་རྒྱལ་པོ་མ་མོའི་ཚོགས ཀླུ་དང་ས་བདག་ཐེའུ་རང་ཚོགས ཅེས་དང་། དེར་མ་ཟད་བཀའ་སྲུང་ཐམས་ཅད་ཀྱི་རྣོ་མྱུར་ལས་བྱེད་ཀྱི་ཕོ་ཉ་ཡིན་ལ། ཕྱི་ལྟར་ན། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་ལྷའི་སྡེ། ༡ ཐག་བཟང་རིས་སོགས་ལྷ་མ་ཡིན་གྱི་སྡེ། ༢ ཟུར་ཕུར་ལྔ་པ་སོགས་དྲི་ཟའི་སྡེ། ༣ ལྗོན་པ་རྟ་མགོ་ཅན་ལ་སོགས་པ་མིའམ་ཅིའི་སྡེ། ༤ དགའ་བོ་འཇོག་པོ་ལ་སོགས་པ་ཀླུའི་སྡེ། ༥ བྱ་རོག་མགོ་བརྩེགས་ལ་སོགས་གྲུལ་བུམ་སྡེ། ༦ ཚངས་པ་ལ་སོགས་པ་གཉེན་གྱི་སྡེ། ༧ ལང་ཀ་མགྲིན་བཅུ་ལ་སོགས་པ་སྲིན་པོའི་སྡེ། ༨ ནང་ལྟར་ན། ལྷ་ཆེན་མ་ཧཱ་དཱེ་ཝ། ༡ སྨན་མོ་འབྲུག་སྒྲ་མ། ༢ མ་མོ་ཙ་མུནྟྲི། ༣ གཤིན་རྗེ་རཀྴ་དམར་པོ། ༤ གཟའ་མུན་པ་ནག་པོ། ༥ བཅན་གུར་པ་ཏ། ༦ ཀླུ་རྒྱལ་

(༡༦)སོག་མ་མེད། ༧ བདུད་མོ་གསེར་མིག་གོ ༨ གསང་བ་ལྟར་ན། ལྷ་ཆེན་དབང་ཕྱུག ༡ ཀླུ་འཆི་བདག་མགོ་དགུ། ༢ གཤིན་རྗེ་ཆོས་ཀྱི་རྒྱལ་པོ། ༢ མ་མོ་ཨེ་ཀ་ཙ་ཏི། ༤ བདུད་རོལ་པ་སྐྱེས་གཅིག ༥ སྲིན་པོ་རཀྴ་ནག་པོ། ༦ གནོད་སྦྱིན་བྲ་མར་ཙ། ༧ གཟའ་བདུད་ཁྱབ་འཇུག་ཆེན་པོའོ། ༨ སྦས་པའི་སྡེ་བརྒྱད་ནི། བགེགས་བི་ན་ཡ་ཀ ༡ རྨུ་བདུད་ནག་པོ་ཧ་ལི་ཀ ༢ དགྲ་ལྷའི་རྒྱལ་པོ་ཨུ་ཙ་མའི། ༣ སྲིན་པོ་རཀྴ་ནག་པོ། ༤ མ་མོ་ནག་མོ་གསོད་བྱེད། ༥ ཀླུ་བཙན་རོལ་པ་གློག་འགྱུ། ༦ གཤིན་རྗེ་ཡཀྴ་ཧ་ལ། ༧ བདུད་པོ་བྱ་རོག་པོ། ༨ བསྟན་པ་སྐྱོང་བའི་སྡེ་བརྒྱད་ནི། བདུད་ཡང་རྗེ་ནག་པོ། ༡ སྲོག་བདག་ཚངས་པ་དཀར་པོ་སྙིང་འབྱིན། ༢ ཀླུ་རྗེ་ཡུལ་ལྷ་ཕྱྭ་སངས། ༣ དབལ་མགོན་པོ་ནག་པོ། ༤ དམ་ཅན་རྡོ་རྗེ་ལེགས་པ། ༥ སྲིན་པོ་ནག་པོ་སྲོག་གི་བདག་པོ། ༦ གནམ་བྲེལ་དཀར་པོ། ༧ སྒྲོལ་གིང་གཙོ་བོ་ཡམ་ཤུད་དམར་པོའོ། ༨ དྲག་པོ་སྔགས་ཀྱི་སྡེ་བརྒྱད་ནི། བཙན་སྦྲུལ་མགོ་ཅན། ༡ རྨུ་རྗེ་ཡ་བ་ཏེ། ༢ ཀླུ་བདུད་ནག་པོ། ༣ གནོད་སྦྱིན་ཡཀྴ་མེ་དབལ། ༤ མོན་མོ་ནག་མོ་ཁྲག་འཛག་མ། ༥ གཟའ་བདུད་མིག་མང་། ༦ སྔགས་

(༡༧)ཀྱི་བདག་མོ། ༧ བདུད་ནག་པོ་བཀྲག་མེད་དོ། ༨ ལས་བྱེད་མྱུར་མགྱོགས་ཀྱི་སྡེ་བརྒྱད་ནི། མ་མོ་སྤལ་མགོ་ཁྲག་མིག་མ། ༡ བཙན་རོལ་པ་ཤུ་ལ། ༢ རྒྱལ་པོ་ལིང་བྱིན་ཏར་ལེགས། ༣ གཤིན་རྗེ་ལིང་པ་དམར་པོ། ༤ གནོད་སྦྱིན་ཐོད་པ་དཀར་པོ། ༥ བདུད་ཤན་པ་དམར་པོ། ༦ ཀླུ་བགེགས་ཀྱི་དབང་པོ། ༧ དྲི་ཟ་སྨུག་པོ་ལྕགས་ཀྱི་ཐོབ་ཅན་ནོ། ༨ བཏགས་ཤིང་ཆགས་པའི་སྡེ་བརྒྱད་ནི། ཡུལ་ལྷ་རུ་བཏགས་ཤིང་ཆགས་པ་ཐང་ལྷ། ༡ མ་སད་དུ་བཏགས་ཤིང་ཆགས་པ་གཡའ་སྤང་སྐྱེས། ༢ གྲི་བཙན་དུ་བཏགས་ཤིང་ཆགས་པ་སྐྱེས་བུ་ལུང་བཙན། ༣ རུ་དྲ་རུ་བཏགས་ཤིང་ཆགས་པ་རྡོ་རྗེ་བདུད་འདུལ། ༤ མཁའ་འགྲོར་བཏགས་ཤིང་ཆགས་པ་ཧེ་ལེ་འབར་མ། ༥ ཀླུར་བཏགས་ཤིང་ཆགས་པ་ཀླུ་རྒྱལ་གཙུག་ཕུད་ཅན། ༦ རྒྱལ་པོར་བཏགས་ཤིང་ཆགས་པ་ཤིང་བྱ་ཅན། ༧ ཐེའུ་རང་དུ་བཏགས་ཤིང་ཆགས་པ་བྱ་རོག་བདག་པོ་དང་བརྒྱད་དོ། ༨ ཞེས་པ་འདི་ནི་འཇའ་ཚོན་མ་ནིང་དགོས་སྒྲུབ་ཀྱི་སྐབས་ལྟར་ཡིན་པས། སྲིད་ལ་གཏེར་ཁྱིམ་དང་ཕྱོགས་འདྲའོ། །གཏེར་ཁྱིམ་ལས། མྱུར་མགྱོགས་ཀྱི་སྡེ་བརྒྱད་ལ། གཤིན་རྗེ། ༡ མ་མོ། ༢ བདུད། ༣ བཙན། ༤ རྒྱལ་པོ།

(༡༨)པ། ཀླུ། ༦ གནོད་སྦྱིན། ༧ གཟའ་དང་བརྒྱད་དུ་གསུངས་སོ། །བཞེངས་བསྐུལ་ལྔ་པ་ལས་མཁན་ཕོ་ཉའི་དམག་དཔུང་བསྐུལ་བ་ལ། ཕྱོགས་སྐྱོང་བཅུ་ནི། སྟེང་གི་ཚངས་པ། འོག་གི་ས་བདག །ཤར་གྱི་དྲི་ཟ། ལྷོའི་གཤིན་རྗེ། ནུབ་ཀྱི་ཆུ་བདག །བྱང་གི་གནོད་སྦྱིན། ཤར་ལྷོ་མེ་ལྷ། ལྷོ་ནུབ་སྲིན་པོ། ནུབ་བྱང་རླུང་ལྷ། བྱང་ཤར་དབང་ལྡན་ན། །རྒྱལ་ཆེན་བཞི་དང་། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད། འཇིགས་བྱེད་དགུ་བཅས་བདུན་ཅུ་རྩ་ལྔ་ཡིན་ལ། གཙང་རིས་མགོན་པོ་བདུན་ཅུ་རྩ་གཉིས་དང་། རྩ་ལྔ་དང་། རྩ་བརྒྱད་སོགས་གྲངས་དང་འདྲེན་ཚུལ་འདྲ་མིན་འབྱུང་ཞིང་། ཞལ་ཆེམས་ལས་འགྱེད་ལས་དེ་ལས་མང་ཙམ་འབྱུང་སྟེ། ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད གནོད་སྦྱིན་བརྒྱད་དང་ཕྱོགས་སྐྱོང་བཅུ འཇིགས་བྱེད་དགུ་དང་ལས་མཁན་བརྒྱད གཙང་རིས་མགོན་པོ་བདུན་ཅུ་གཉིས ཅེས་འབྱུང་བས་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་དཔྱད་པར་ཞུ། དབང་ཕྱུག་ཉེར་བརྒྱད་མ་སྲིང་ཆུང་མ་བྲན་མོའི་ཚུལ་ཡང་སྤྱི་ལྟར་རོ། །དྲེགས་པ་སྔགས་བདག་བཅོ་བརྒྱད་ནི། གཤིན་རྗེའི་སྔགས་བདག་

(༡༩)འཆི་བདག་ནག་པོ། ༡ ཡུམ་གསོད་བྱེད་ནག་མོ་རལ་པ་ཅན། ༢ བདུད་ཀྱི་སྔགས་བདག་མེའི་ཁ་རླངས་ཅན། ༣ ཡུམ་བདུད་མོ་ནག་མོ་ཁྲག་འཐུང་མ། ༤ སྲིན་པོའི་སྔགས་བདག་གསོད་བྱེད་འབར་བ། ༥ ཡུམ་ཟ་བྱེད་ནག་མོ། ༦ གནོད་སྦྱིན་གྱི་སྔགས་བདག་གང་བ་བཟང་པོ། ༧ ཡུམ་ཤ་ཟ་སྔོན་མོ། ༨ ལྷའི་སྔགས་བདག་མ་ཧཱ་དེ་ཝ། རུ་དྲའི་སྔགས་བདག་ཐར་པ་ནག་པོ། ༡༠ རྨུའི་སྔགས་བདག་རྨུ་རྗེ་བཙན་པོ། ༡༡ མུ་སྟེགས་སྔགས་བདག་གུ་ལང་ནག་པོ། ༡༢ གཟའི་སྔགས་བདག་རཱ་ཧུ་ལ་ནག་པོ། ༡༣ ཀླུའི་སྔགས་བདག་ཀླུ་རྒྱལ་སོག་མ་མེད། ༡༤ རྒྱལ་པོའི་སྔགས་བདག་ལི་བྱིན་ཧར་ལེགས། ༡༥ འགོད་པོའི་སྔགས་བདག་ཁུ་ལེ་ལག་དགུ། ༡༦ དགྲ་ལྷའི་སྔགས་བདག་རྡོ་རྗེ་ལེགས་པ། ༡༧ བཙན་གྱི་སྔགས་བདག་ཡམ་ཤུད་དམར་པོ་དང་བཅོ་བརྒྱད་དོ། །འདི་རྣམས་ཀྱི་སྐུ་མདོག་ཕྱག་མཚན་བཀའ་བརྒྱད་དང་མཆོག་གླིང་གཏེར་བྱོན་དམོད་པ་དྲག་སྔགས་སུ་གསལ་བར་བཞུགས་ཀྱང་འདིར་ཡང་འཁོར་མོས་སྒོམ་ཙམ་ཡིན་པ་དང་། ཡི་གེ་མང་དུ་དོགས་པས་མ་བྲིས་སོ། །དྲེགས་པའི་སྡེ་དཔོན་སུམ་ཅུ་ནི་སྲིད་གསུམ་གཏིང་

(༢༠)ཟློག་ཏུ་བཀོད་ཡོད་པས་འདིར་གཉིས་ཟློས་མ་བྲིས་པས་དེར་བལྟའོ། །བརྟན་མ་བཅུ་གཉིས་སྐྱོང་མ་བརྒྱ ཞེས་པ་ནི། པདྨ་དབང་རྒྱལ་གྱིས་བརྟན་མ་བཅུ་གཉིས་གནད་ཀྱི་ཡི་གེ་ལས། དེ་ལྟར་འདོད་ཁམས་དག་པས་སྨན་མོ་བཞི། །སྤྲུལ་སྐུའི་ཕོ་ཉ་ལུས་ཀྱི་སྨད་ཀྱི་ཆ། །རྩ་རྣམས་དབང་དུ་སྡུད་ལ་ནན་ཏན་གཅེས། །གཟུགས་ཁམས་དག་པ་གནོད་སྦྱིན་ཆེན་མོ་བཞི། །ལུས་ཀྱི་སྐད་པ་ལོངས་སྐུའི་ཕོ་ཉ་མོ། །རླུང་རྣམས་དབང་དུ་སྡུད་ལ་ནན་ཏན་གཅེས། །གཟུགས་མེད་དག་པ་བདུད་མོ་ཆེན་མོ་བཞི། །སྟོད་ཀྱི་ཆར་རྫོགས་ཆོས་སྐུའི་ཕོ་ཉ་མོ། །ཐིག་ལེ་དབང་དུ་སྡུད་ལ་ནན་ཏན་གཅེས། །རྩ་རླུང་ཐིག་ལེའི་བླ་རྡོ་གསུམ་འཆང་བས། །སྐུ་གསུམ་ལྷུན་གྲུབ་འདུ་འབྲལ་མེད་པའི་དཔལ། །བདེ་གསལ་མི་རྟོག་ཡེ་ཤེས་དབང་དུ་འདུ། །ཟད་པར་ཟིལ་གནོན་རྟེན་འབྲེལ་བཅུ་གཉིས་རྫོགས། །མ་རིག་བདག་འཛིན་རིག་པ་ཡེ་ཤེས་ཏེ། །གཞན་གྱིས་མ་རྙེད་རང་གྲོལ་ངང་ལས་རྙེད། །འདི་དང་མི་ལྡན་རང་རྒྱུད་སུས་བཟུང་ཡང་། །གནས་སྐབས་ཙམ་ལས་མཐར་ཐུག་འགྲུབ་བར་དཀའ། །དེ་ཕྱིར་དཔལ་གྱི་རྡོ་རྗེ་ཧཱུྃ་ཡིག་གིས། །ཧ་ཧ་ཧི་ཧི་ཧུ་ཧུ་ཧེ་ཧེ་དང་། ཧོ་ཧོ་ཧཾ་ཧཾ་རླུང་རྣམས་དགུག་པར་བྱ། །ཡན་ལག་བཅུ་གཉིས་སྲིད་རྩ་དག་

(༢༡)པར་འགྱུར། རྟེན་འབྲེལ་བཅུ་གཉིས་བདེན་དོན་རྟོགས་པ་དང་། །བདེ་གཤེགས་བཅུ་གཉིས་གོ་འཕང་ཐོབ་པ་དང་། །མ་མོ་བཅུ་གཉིས་བདེ་ཆེན་དབྱིངས་སུ་རྫོགས། །སྐྱེ་དང་མཆེད་པ་བཅུ་གཉིས་ཡོན་ཏན་འཆར། །གནོད་སྦྱིན་སྡེ་དཔོན་བཅུ་གཉིས་ཕྲིན་ལས་སྒྲུབ། །སློབ་དང་མི་སློབ་རྣམ་པ་བཅུ་གཉིས་པ། །བཅུ་གསུམ་རྡོ་རྗེ་འཆང་གིས་མཐར་འཁྱོལ། །འདི་ཉིད་ཡིན་ནོ་བདེན་བཞིའི་རྣམ་པ་ཅན། །འབྱུང་བཞི་རིགས་བཞི་དབང་བཞི་ལམ་བཞི་དང་། །དུས་བཞི་སྐུ་བཞི་སྐྱེ་བ་བཞི་རྣམས་གྲོལ་བཞི་གསུམ་བཅུ་གཉིས་བཅུ་དྲུག་ངོ་བོར་རྫོགས། །ཅེས་སོ། བརྟན་མའི་ཡང་སྤྲུལ་སྐྱོང་མ་བཅུ་གཉིས། ཡ་མ་བཅུ་གཉིས་དང་། གཞན་ཡང་འབུམ་ཕྲག་ཉི་ཤུ་ཡང་གསུངས་ཏེ་བསམ་གྱིས་མི་ཁྱབ་བོ། བཞེངས་བསྐུལ་དྲུག་པ་དམག་གི་རུ་འདྲེན་སྡེ་བཞི་བསྐུལ་བ་ལ་ནང་གསེས་སུ་བཞི་ལས། ཤར་ཕྱོགས་ཀྱི་རུ་འདྲེན་འདོད་ཁམས་དབང་ཕྱུག་དམག་གི་རྒྱལ་མོ་རང་བྱུང་མ་དང་། ལྷོ་ཕྱོགས་ཀྱི་རུ་འདྲེན་གཤིན་རྗེ་ཡ་མ་རཱ་ཛ་སྲོག་བདག་དུག་གདོང་ཆོས་ཀྱི་རྒྱལ་པོ་དང་། ནུབ་ཕྱོགས་ཀྱི་རུ་འདྲེན་གཟའ་བདུད་མགོ་

(༢༢)དགུ་རཱ་ཧུ་ལ་དང་། བྱང་ཕྱོགས་ཀྱི་རུ་འདྲེན་བྱ་རོག་གདོང་ཅན་དང་བཞི་ལ་ཕྱོགས་བཞིའི་རུ་འདྲེན་སྡེ་བཞི་ཞེས་བྱ་ལ་དེ་སྟེང་སྟེང་འོག་གཉིས་དབུས་ཀྱི་རུ་འདྲེན་དང་གསུམ་བཅས་བསྡོམས་བས་དམག་དཔོན་རུ་འདྲེན་སྡེ་བདུན་ཅེས་བྱའོ། །བཞེངས་བསྐུལ་བདུན་པ་སྟེང་གི་རུ་འདྲེན་རྒྱབ་བརྟེན་དཔུང་གྲོགས་ཡབ་ལེགས་ལྡན་ལྷ་དམག་དང་བཅས་བསྐུལ་བ་དང་། འོག་གི་རུ་འདྲེན་བསྟོད་ཟླ་ཀླུ་རྒྱལ་དུག་གདོང་བསྐུལ་པ་དང་། དབུས་ཀྱི་རུ་འདྲེན་གཉིས་མེད་ཐུགས་སྤྲུལ་སྲོག་བདུད་ཤན་པ་ལག་དམར་བསྐུལ་བ་རྣམས་གཞུང་གི་ཚིག་རིས་ལྟར་འདོན་སྒོམ་ཟུང་དུ་ཆུབ་པར་བྱའོ། །སྔ་འགྱུར་རྙིང་མ་ལྟར་ན་ལས་མགོན་སྲོག་བདུད་རྟ་ནག་ཅན་ཞེས་མགོན་པོ་ཀུན་གྱི་རྣོ་མྱུར་ལས་བྱེད་ཀྱི་ཕོ་ཉ་ཀུན་གྱི་གཙོ་བོ་ཡིན་པས། ལོ་རྒྱུས་མགོན་པོའི་རྒྱུད་ལྟར་ཅུང་ཟད་བཤད་ན། ཆེ་མཆོག་མ་ནིང་ནག་པོས་རུ་དྲ་བསྒྲལ་ཞིང་། རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོ་དུར་ཁྲོད་ཐོད་མཁར་འབར་བའི་ནང་དུ། མ་ནིང་འཚོལ་བའི་བུ་ནག་པོ་ཆེན་པོ། མ་ནིང་གིས་རུ་དྲའི་ཆུ་དམ་ལ་བཀྲུན་བའི་བུ་རུ་དྲ་གསོད་པའི་སྲོག་བདུད་མཆན། བཞུགས་པའི་ཚེ་

(༢༣)སྤྱན་གསུམ་གྱིས་སྟེང་ལྷའི་སྲིད་པ། འོག་ཀླུའི་སྲིད་པ། བར་མིའི་སྲིད་པ་གསུམ་ལ་གཟིགས་པས་ལྷ་དང་ལྷ་མིན་འཐབ་པ་ལ་ཐུགས་རྗེའི་འོད་ཟེར་སྤྲོས་ཏེ་བརྒྱ་བྱིན་ལ་ཐིམ་པས་ལྷའི་དབང་པོས་དགོངས་ཏེ་དམག་དཔོན་དུ་སྤྱན་དྲངས། ལྷའི་བུ་མོ་ཨུ་མ་དྷཱེ་ཝ་དང་རོལ་པས་བུ་ལེགས་ལྡན་ནག་པོ་དང་བུ་མོ་རེ་མ་ཏི་གཉིས་འཁྲུངས་སྲོག་བདུད་དམག་གི་ཆས་སུ་ཞུགས་ཏེ་ཡན་ལག་གི་ལྷུ་ཚིག་བཞི་ལས་སྤྱན་བཞི་ཤར་བ་ལས་དམག་དཔོན་བཞི་རུ་སྤྲུལ་ཏེ། པྲ་མ་རཱ་ཛ་ལྷའི་དམག་དཔོན། ཡ་མ་རཱ་ཛ་གཤིན་རྗེའི་དམག་དཔོན། ནཱ་ག་རཱ་ཛ་ཀླུའི་དམག་དཔོན། དུ་ཡག་རཱ་ཛ་བདུད་ཀྱི་དམག་དཔོན་དུ་སྤྲུལ་ཞིང་བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་ནས་ཉི་ཟླ་འབུམ་གྱིས་འོད་ཟེར་འབར་བ། བདུད་མདའ་སྟོང་དམར་དགྲ་སྙིང་ལ་གཟིར་ཞིང་འདེབས་པ། གྲི་གུག་དང་ལྕགས་པར་ཐོགས་ནས་ཁ་ཊཱཾྭ་མཆན་དུ་བཟུང་ཞིང་སྐད་ཅིག་གླིང་བཞི་བསྐོར་བ། སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད་ཅིང་། ལྷག་ཁུང་གི་སན་གཅིག་གིས་སྣང་སྲིད་མོ་རྒྱུད་ཐམས་ཅད་དབང་དུ་སྡུད་པ། གནོད་སྦྱིན་བརྒྱད་ལྕགས་ཀྱི་བྱ་ཁྲ་རུ་སྤྲུལ་ནས་སྔོན་ལ་ལྡིང་ཞིང་དགྲ་བོའི་ཤ་དང་མིག་འབྲས་ལ་

(༢༤)རྔམ་པ། གཤིན་རྗེ་བརྒྱད་སྟག་གཟིག་དོམ་དྲེད་དུ་སྤྲུལ་ནས་ཉམས་པའི་ཁྲག་ལ་རོལ་པ། ཀླུ་ཆེན་བརྒྱད་གཡུ་འབྲུག་ཏུ་སྤྲུལ་ནས་གནམ་ལྕགས་ཐོག་གི་བུ་ཡུག་འཚུབ་པ། ཕྱོགས་སྐྱོང་བཅུ་ཁྱི་ནག་དུ་སྦྲུལ་ནས་ཁྲག་རྗེས་གཅོད་ཅིང་རྒྱུག་པ། ལྷ་ཆེན་བརྒྱད་ཁྲོ་ཆུང་ངུ་སྤྲུལ་ནས་དབུ་སྐྲའི་གསེབ་ནས་མཚོན་ཆའི་ཆར་འབེབས་པ། རྒྱལ་པོ་ཆེན་པོ་སྡེ་བཞིས་དམག་གི་རུ་འདྲེན་མཛད་ཅིང་ལྷ་མིན་གྱི་དཔུང་ཚོགས་ཕམ་པར་བྱས་སོ། །མགོན་པོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྩལ་ཤུགས་ཐམས་ཅད་གཅིག་ཏུ་བསྡུས་པ་ཏྲཀྴད་ནག་པོའི་འཁོར་ཚོགས་དེ་དག་ཐམས་ཅད་ཕྲིན་ལས་དོན་ཡོན་གྲུབ་པ་དང་རྣམ་དབྱེར་མེད་པས་ངོ་བོ་ཡེ་ཤེས་ལྔ་ལས་མ་འདས་ཀྱང་རྣམ་པ་དུག་ལྔའི་ཆོ་འཕྲུལ། རླུང་ནག་དགུ་ཀློང་འཚུབ་ཤིང་འཁྲུགས ཅེས་པ། རླུང་རི་རྡོ་རྗེ་རྒྱ་གྲམ་ཞིག་ནས་འཇིག་དུས་ཀྱི་མུན་པ་འཚུབས་པ་སྟེ་གཏི་མུག་གི་མུན་པ་འཐིབ་པ། སྣང་ཚད་སྲིད་ཚད་འཁོར་བའི་སེམས་ཅན། སྲིད་པ་ལས་འདས་པའི་སངས་རྒྱས་ཀྱི་སས་བསྡུས་པའི་ལྷ་འདྲེ་ཐམས་ཅད། ཞེ་སྡང་མེ་ལྟར་འབར། ང་རྒྱལ་ས་ལྟར་གཡོ། འདོད་ཆགས་ཆུ་ལྟར་ཁོལ།

(༢༥)ཕྲག་དོག་རླུང་ལྟར་འཚུབ་པས། སྡང་དགྲ་ཞིང་བཅུ་ཆང་བའི་གཙོ་བོ་སྡེ་དཔུང་ཐམས་ཅད་ཀྱི་གནས་གཞི་ཡུལ་མཁར་རྟེན་དང་བརྟེན་པར་བཅས་པ་མགོ་མཇུག་ལྡོག་སྟེ་ས་འོག་རིམ་པ་དགུའི་མར་ཞབས་སུ་ནོན་ཅིག་ཅེས་ཕྲིན་ལས་བཅོལ་བ་ཐམས་ཅད་ལ་མཚུངས་སོ། །མདོས་ཟོར་ཡས་ཆེན་འབུལ་ཞིང་བསྐང་མཆོད་བྱ་བ་ལ། ཧཱུྃ་གསུམ་ལྟ་བའི་གདེངས་དང་ལྡན་པས། རང་བྱུང་ཆོས་དབྱིངས་དེ་ཁོ་ན་ཉིད་མ་བཅོས་པའི་ཀློང་ནས་འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་གནས་རྡོ་རྗེ་གྲོ་ཡོད་རྩལ་དང་། ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་དྲག་ཏུ་ཁྲོས་པ་མཁའ་འགྲོ་བདུད་འདུལ་མ་སེང་གེའི་གདོང་པ་ཅན་གྱི་ཐབས་དང་ཤེས་རབ་ལས། སྣང་བའི་ཞི་ཁྲོ་རྒྱལ་བ་རབ་འབྱམས་ཀྱི་ལྷ་ཚོགས་ལ་དགོངས་གསོལ་སྔོན་དུ་འགྲོ་བས་མདོས་མཆོད་འབུལ་བ་ནི། ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ན་དག་པ་རབ་འབྱམས་ཀྱི་ཞིང་ཁམས་དང་བཅས་པ་མདོས་སུ་བཤམས་ནས། ནང་སྲིད་པ་བཅུད་ཀྱི་སེམས་ཅན་སངས་རྒྱས་དང་བཅས་མདོས་རྫས་སུ་དམིགས་ནས་འབུལ་བ་སྟེ། འབུལ་བའི་ཚུལ་ནི། མདོས་རྫས་དངོས་སུ་ཅི་འབྱོར་བ་དེ་དམིགས་པའི་རྟེན་དུ་བྱས་ནས་ཡིད་ཀྱིས་དཔལ་ཆེན་ཧེ་རུ་ཀའི་དགྱེས་རྫས་

(༢༦)འོག་མིན་དུར་ཁྲོད་མེ་རི་འབར་བ་དང་། རང་བྱུང་གི་དུར་ཁྲོད་བརྒྱད་ཀྱི་རྒྱན་བཀོད་པ་བསམ་ཡས་ལྷུན་གྲུབ་འཁོར་གསུམ་རྣམ་དག་གི་ལྟ་བས་ཟིན་པས་འབུལ་བ་སྟེ། མདོར་ན་དྲག་པོའི་མཐུན་རྫས་མཆོད་པའི་ཡོ་བྱད་དང་། མངོན་སྤྱོད་གསང་སྔགས་ཟབ་མོའི་སྒྲུབ་རྫས་དྲག་པོའི་མདོས་ཟོར་འཁོར་འདས་རང་གྲོལ་མཉམ་ཉིད་འཛིན་མེད་ཀྱི་ངང་ནས་འབུལ་བའོ། །འབུལ་ཡུལ་གོང་བཞེངས་བསྐུལ་གྱི་སྐབས་ལྟར་རྡོ་རྗེ་གྲོ་ལོད་ཡབ་ཡུམ། ལས་མགོན་ཡབ་དྲག་པོ་མིག་གསུམ་དང་། ཡུམ་ཆེན་ལྔ་དང་། སྡེ་བརྒྱད་ཀྱི་མགོན་པོ། སྟེང་འོག་བར་གསུམ་གྱི་དམག་ཚོགས་གཙང་རིས་ཀྱི་དཔལ་མགོན། སྔགས་བདག་བཅོ་བརྒྱད། སྡེ་དཔོན་སུམ་ཅུ། བརྟན་སྐྱོང་མ་མོ། རུ་འདྲེན་སྡེ་བདུན་དང་བཅས་པ་གསལ་བ་སེམས་ཀྱི་སྣང་ཆ་ལྷའི་དཀྱིལ་འཁོར་ཚིག་རིས་དང་མཐུན་པ་ལམ་གྱིས་གསལ་པ་དང་། སྟོང་པ་སེམས་ཀྱི་ངོ་བོ་ཆོས་ཉིད་དེ་བཞིན་ལས་མ་གཡོས་པ་སྟེ་དབྱིངས་རིག་ཟུང་འཇུག་གི་ངང་ནས་བསྐང་ཟློག་གི་ཕྲིན་ལས་བཅོལ་བའོ། །དབྱངས་གདངས་རོལ་མོ་ཕྱག་ལེན་རྣམས་ཡིག་ཆུང་དང་སི་ཏུ་རིན་པོ་ཆེའི་ཟིན་བྲིས་ལྟར་བྱའོ། །དེ་ནས་ཕྲིན་ལས་གཏོར་འབུལ་རྣམ་གསུམ་ཞེས། ཟན་ལིང་དམར་བྱང་བརྒྱ། མཁར་ཐབས་བརྒྱ་

(༢༧)འབྲུ་སྣ་ཤ་དུ་མ་བརྒྱ་རྣམས་མདོས་དྲུད་དུ་བཤམས་ལ། གཞུང་གི་ཡིག་ཆུང་ལྟར། འགུགས་གཞུག་ལྷ་དབྱེ་གཤེད་འབེབས་ཀྱི་དམིགས་པ་གསལ་བས་བསྒྲལ་ཆག་མི་བྱ་བར་དངོས་སུ་ཞལ་དུ་བཏབ་པ་སྟེ། དམིགས་རིམ་གཞུང་གི་ཡིག་ཆུང་ལྟར་རོ། །འགུགས་གཞུག་མཐའི་ཤེལ་ཤེལ་སོགས་སྲིད་པ་གཏེར་ཁྱིམ་གྱི་བླ་འགུགས་ཀྱི་སྔགས་ཏེ་རྨུག་རྨུག་དགྲ་བོའི་བླ་ལ་རྨུག་དཔེ་རྒྱུན་ལ་ལར་འདུག་པས་ར་མགོ་ཡོད་ན་ལེགས་སྙམ། གཞུང་གི་ཡིག་ཆུང་དང་ཟིན་བྲིས་ལྟར་ཞལ་དབྱེར་དང་རྦད་སྔགས་ཉེར་ལྔ་རེའི་མཚམས་སུ་རྦད་བསྐུལ་གཏོར་འབུལ་དགོས་ཀྱང་། དུས་གཏོར་སྐབས་འགྲུབ་དཀའ་བས་ད་ལྟ་ཕྱག་ལེན་དུ་ཞལ་དབྱེ་རེ་དང་རྦད་སྔགས་མཐར་གཟུགས་ཕུང་ཁཱ་ཧི་བཏགས་པ་བརྒྱ་དང་བརྒྱད་ཀྱི་མཐར། ཧཱུྃ་མ་ཧཱ་ཀཱ་ལ་མཐུ་བོ་ཆེ སོགས་ཀྱིས་གཏོར་མ་མདོས་ནང་དུ་འབུལ། དེ་བཞིན་དུ་ཞལ་དབྱེ་དང་རྦད་སྔགས་མཐར་ཡུལ་མཁར་བཏགས་པ་བརྒྱ་བརྒྱད་དང་། ཧཱུྃ་མ་ཧཱ་ཀ་ལའི་གཏོར་འབུལ་བྱ། ཡང་ཞལ་ཕྱེ་དང་རྦད་སྔགས་མཐར་ཡུལ་སྡེ་བཏགས་པ་བརྒྱ་བརྒྱད་དང་། ལས་འགྱེད་ཞལ་ཆེམས་ཀྱི་གཏོར་འབུལ་བྱ་བ་གདན་ས་བར་ལུགས་སོ། །རྒྱལ་བ་རབ་འབྱམས་ཀུན་འདུས་བདག སོགས་ཀྱི་ཞལ་ཕྱེ་སྐབས་བདག་དང་སྣང་སྲིད་འཁོར་འདས་རབ་འབྱམས་རྡོ་རྗེ་གྲོ་ལོད་དང་། ལས་མགོན་ཏྲཀྴད་ཀྱི་དཀྱིལ་འཁོར་དུ་གསལ་བ་དང་། ཁྱད་པར་ལས་གཏོར་མདོས་ཟོར་ལྷ་ཚོགས་དངོས་སུ་གསལ་བས་བཞེས་པར་དམིགས་

(༢༨)ལ་རྦད་བསྐུལ་ལས་འགྱེད་ཀྱི་ཕྲིན་ལས་ནན་ཏན་དུ་བཅོལ་བར་བྱའོ། །གོང་དུ་སྟོབས་བཅུའི་རྩལ་ལྡན་ནག་པོ་ཆེ ཞེས་དང་། བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ ཞེས་པ་ངེས་པའི་དོན་དུ་བདུད་མགོན་ཏྲཀྴད་ཉིད་སངས་རྒྱས་དོན་ཡོད་གྲུབ་པ་ཡིན་པས་སངས་རྒྱས་ཀྱི་ཐུགས་མཁྱེན་པའི་སྟོབས་བཅུ་ཡིན་མོད་ཀྱང་། འདིར་སྐུའི་སྟོབས་གཙོ་བོར་སྦྱར་ན་འཐད་ཆེ་བ་སྟེ། མངོན་པ་མཛོད་ལས། སྐུ་ལ་སྲེད་མེད་བུ་ཡི་སྟོབས། གཞན་དག་ཚིག་ན་གླང་ཆེན་སོགས། བདུན་ཅུས་ལྷག་པའི་སྟོབས་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །སྟོབས་བཅུ་ཡོངས་གྲགས་དང་འདི་དོན་བཤད་ན་ཡི་གེ་མང་དུ་དོགས་པས་གཞན་དུ་བྲི་བར་སེམས་སོ། །དང་པོ་སྣང་སྲིད་འཁོར་འདས་མདོས་སུ་འབུལ་བ་ནི། ཧཱུྃ་གསུམ་གྱི་དོན་སྔར་དང་འདྲ། རྒྱལ་བ་རྒྱལ་བའི་འཁོར་ལོ་སོགས་ཚིག་རྒྱན་འདྲེས་མའི་ཟུང་ལྡན། རྒྱལ་བ་ནི་སྟོབས་བཅུ་མངའ་བའི་སངས་རྒྱས་ཁོ་ན། རྒྱལ་བའི་འཁོར་ལོའི་མྱུ་གུ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ས་དང་པོ་ནས་བཅུ་བའི་བར་དང་། འདས་མ་འོངས་ད་ལྟའི་དུས་གསུམ་དང་། མ་ངེས་པའི་དུས་སམ། བསམ་གྱིས་མི་ཁྱབ་པའི་དུས་སམ། དུས་མེད་བའི་དུས་སྟེ། དུས་བཞི་མཉམ་པ་ཉིད་ཅེས་གསང་ཆེན་རྙིང་མའི་ཆོས་སྐང་བླ་མེད་བའོ། །

(༢༩)བསྟན་དགྲའི་གཡུལ་ལས་རྣམ་པར་རྒྱལ་བའི་འཁོར་ལོ་མཐའ་ཀླས་པ་སྟེ་མཐའ་ཡས་པར་བསྐོར་བའི་ཐུགས་རྗེ་དང་བྱིན་རླབས་ཀྱིས་སྲིད་པ་འཁོར་བ་པ་མི་འཁྲུལ་ཞིང་། ཞི་བ་མྱང་འདས་ལ་མི་གནས་པའི་དཔལ་དང་ལྡན་པའི་གོ་འཕང་ཐོབ་ནས་ཁྲོ་རྒྱལ་ནུས་པའི་འཁོར་ལོ་འབར་བ་ནམ་མཁའི་མཛོད་མི་ཟད་པ་རྒྱན་གྱི་འཁོར་ལོ། །ཁྲག་འཐུང་འཇིག་རྟེན་གསུམ་མཆོག་ཌཀྐི་སིདྷ་མུ་ཁ་ཡབ་ཡུམ་འཁོར་དང་བཅས་པ་ལ། སྟེང་ལྷའི་སྲིད་པ། བར་མིའི་སྲིད་པ། འོག་ཀླུའི་སྲིད་པ་གསུམ་མདོས་སུ་བཀོད་ནས་འབུལ་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་དངོས་པོར་སྣང་བ་ཐམས་ཅད་མདོས་སུ་དམིགས་ནས་འབུལ་བ་ལགས་ན་ཁམས་གསུམ་འཁོར་བའི་འཁོར་ལོ་བརྗོད་མེད་འོད་གསལ་སྟོང་པའི་དབྱིངས་སུ་གཞག་ཅིང་གཞོམ་མེད་མཛད་དུ་གསོལ་ཞེས་མདོས་སྤྱིར་འབུལ་བ་ཡིན་ལ། བྱེ་བྲག་ཏུ་ཕྱི་སྣོད་འབྱུང་བ་བཞི་རི་རབ་རི་བདུན་ཁོར་ཡུག་དང་བཅས་པ། ནང་བཅུད་མཐོ་རིས་གསུམ་ངན་སོང་གསུམ་གནས་ཡུལ་ལོངས་སྤྱོད་དང་བཅས་པ། མངོན་སྤྱོད་ཀྱི་གསང་བ་ཟབ་མོའི་སྒྲུབ་རྫས་མདོས་ཟོར་དང་བཅས་པ། དེ་དག་གི་རྒྱན་གྱི་ཁྱད་པར་རྒྱལ་མཚན་

(༣༠)བ་ལིང་། ནམ་མཁའ། རུ་མཚོན་སོགས་གཞུང་གསལ་ལྟར་འབུལ་ཞིང་མཐར་དོན་བསྡུས་སྙིང་པོར་དྲིལ་ཏེ་འབུལ་བ་ནི། དངོས་སུ་འབྱོར་བ་དམིགས་པའི་རྟེན་སྒྱུ་མ་མཁན་གྱི་རྡེའུའམ་ཤིང་བུ་ལྟ་བུ་ལ་བརྟེན་ནས་ཡིད་སྦྲུལ་ཆོས་དབྱིངས་ཁྱབ་པའི་མཆོད་སྤྲིན། དེ་ཡང་འབུལ་བའི་ཚུལ་ནི་དངོས་པོར་སྣང་བ་ཐམས་ཅད་བདེན་པར་མ་གྲུབ་པ་སྒྱུ་མ་མཁན་གྱིས་སྒྱུ་མའི་འཁྲུལ་འཁོར་ལྟ་བུར་དངོས་མེད་རང་རིག་འོད་གསལ་འདུས་མ་བྱས་པའི་བྱེད་ལས། ཕྱིའི་ཡུལ་སྣང་། ནང་གི་སེམས་སྣང་། སྣོད་ཀྱི་འཇིག་རྟེན། བཅུད་ཀྱི་སེམས་ཅན་ཐམས་ཅད་སེམས་ཉིད་ཀུན་བྱེད་རྒྱལ་པོའི་སྣང་བ་ཙམ་ལས་བདེན་པར་མ་གྲུབ་པ། སྒྱུ་མ། སྨིག་རྒྱུ། མིག་ཡོར་བྲག་ཅ་ལྟ་བུ་བདེན་མེད་རྫུན་མེད་ཆུ་ཟླའི་རོལ་གར་སེམས་ཀྱི་གཤིས་ཡེ་ནས་དག་ཅིང་སྟོང་པས་ཡེ་སྟོང་སེམས་ཀྱི་སྟོང་ཆ་ཀ་དག་གི་ངོས་ནས་གང་དུ་ཡང་མ་གྲུབ་བས་ཡེ་མེད། སེམས་ཀྱི་སྣང་ཆ་ལྷུན་གྲུབ་ཀྱི་ངང་ནས་འཁོར་འདས་འཆར་གཞི་བྱེད་བས་ཡེ་གནས་ཀྱི་རོལ་པའམ་རང་བཞིན་མདོས་སུ་འབུལ་བའོ། །སྨྲ་བསམ་བརྗོད་མེད་བློ་འདས་གདོད་མའི་དབྱིངས་སུ་མདོས་བཞེས་ལ་དུས་གསུམ་རྒྱལ་བའི་བསྟན་པ་ནམ་མཁའི་མཐའ་ཀླས་པར་འཕེལ་ཞིང་རྒྱས་པའི་ཞི་རྒྱས་དབང་

(༣༡)དྲག་གང་བཞེད་པའི་དོན་ཐམས་ཅད་སྒྲུབ་པར་མཛོད་ཅིག་པའོ། །མདོས་འབུལ་གྱི་འགྲེས་ཐམས་ཅད་མཚུངས་སོ། །དེ་ནས་ཕྲིན་ལས་ཀྱི་འཁོར་ལོའི་སྣང་ཆ། རབ་འབྱམས་རྒྱལ་བའི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛོད་འཛིན། ཡོན་ཏན་མི་འཛད་པ་རྒྱ་མཚོའི་འཁོར་ལོའི་མེ་ལ་ཚེ་མཁན། ཡེངས་མེད་དྲན་རིག་ཡིད་ཀྱི་འཁོར་ལོས་སྲུང་ཞིང་སྐྱོབ་པ་དང་། གཡོ་མེད་ཡོངས་གྲུབ་ཆོས་ཉིད་རྟག་པའི་འཁོར་ལོ་རྒྱས་པར་བྱེད་ཅིང་། ཀུན་ཁྱབ་མཐའ་ཡས་རྫུ་འཕྲུལ་གྱི་འཁོར་ལོ་བར་མེད་དུ་བསྐོར་བ་དང་། གཞོམ་མེད་ཆོས་སྐུའི་འཁོར་ལོ་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་ངང་ལས་མ་གཡོས་བཞིན་དུ་དྲག་པོ་མངོན་སྤྱོད་ཀྱི་འཁོར་ལོའི་མཚོན་ཆ་འཛིན་པ། རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་བདག་ཉིད། སྣང་སྲིད་འཁོར་འདས་གཉིས་ལ་དབང་བསྒྱུར་བའི་འཁོར་ལོ་འཆང་བ་པོ་སྲིད་གསུམ་འཇིག་བྱེད་བདུད་ནག་པོ་བཀྲག་མེད་ཅེས་ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡང་ཡིན་པར་བཞེད་ལ། སྲོག་བདུད་རྟ་ནག་ཅན་དང་། ཕུར་པའི་ཤྭ་ན་མུ་ཁ་ཏྲཀྴད་རྣམས་ངོ་བོ་གཅིག་པར་གཏེར་ཆེན་རྡོ་རྗེ་འཆང་གིས་གསུངས་སོ། །འདི་སྐབས་གོང་འོག་

(༣༢)གི་འཁོར་ལོ་ཞེས་པ་ཐམས་ཅད། ངོ་བོ་ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ་དང་། འཕགས་ལམ་ཡན་ལག་བརྒྱད་ལས་མ་འདས་ཀྱང་རྣམ་པ་མངོན་སྤྱོད་དྲག་པོ་ལས་ཀྱི་འཁོར་ལོ་དམ་བཅའ་བཞི་ལྡན་བརྒྱ་བྱིན་གྱི་རྡོ་རྗེ་དང་ཁྱབ་འཇུག་གི་འཁོར་ལོ་བཞིན་དུ་ཕྲིན་ལས་མགོན་པོའི་རྩལ་ཤུགས་ནུས་པ་ལ་སྦྱར་བའོ། །འཁོར་ལོའི་སྒྲ་བཤད་མངོན་པ་མཛོད་ལྟར་ན། འཁོར་ལོ་རིན་ཆེན་མྱུར་དུ་འཁོར་བ་དང་། མ་རྒྱལ་པ་ལས་རྒྱལ་བ་དང་། རྒྱལ་བ་རྣམས་རྣལ་དུ་འགོད་པ་དང་། ས་མཐོ་བ་ལ་འཕར་བ་དང་། དམའ་བ་ལ་འབབས་པ་ལྟར་རོ། །རྩིབས་བརྒྱད་འཕགས་ལམ་ཡན་ལག་བརྒྱད་ལ་སྦྱར་བ་སོགས་སྤྱིའི་གོ་བྱ་ཡིན་ཀྱང་ཡི་གེ་མང་དུ་དོགས་པས་མ་བྲིས་སོ། །འཁོར་སྡེ་བརྒྱད་མགོན་པོ། ཡེ་ཤེས་ལས་དང་འཇིག་རྟེན་མགོན་པོའི་དམག་ཚོགས། གཙང་རིས་བརྟན་སྐྱོང་དྲེགས་པའི་དམག་དཔུང་། རུ་འདྲེན་སྡེ་བདུན་དང་བཅས་པ་ལ་གཞུང་གསལ་ལྟར་མདོས་འབུལ་བར་བྱའོ། །དེ་ནས་དྲེགས་པའི་རྒྱལ་པོ་ལས་ལ་བསྐུལ་བ། སྤྱན་འདྲེན་སྔགས་མཐར་བསྟན་དགྲ་རུ་དྲ་ཁཱ་ཧི བརྒྱ་རྩ་བཟླ་གདན་ས་པར་ལྕགས་སུ་སྔར་དུས་ཏྲཀྴད་རྦད་སྔགས་ཀྱི་ཨཡམདུརུཙཤནའི་མཐར་བསྟན་དགྲ་རུ་དྲ་ཁཱ་

(༣༣)ཧི སྦྱར་བ་ཡིན་ཕྱིས་སུ་ཀུན་མཁྱེན་ལུགས་སུ་སྡེ་བརྒྱད་སྔགས་རྐྱང་ང་བཏགས་པ་ཡིན། དེ་ཡང་སྔ་མ་ཏྲཀྴད་ཀྱི་སྔགས་དང་སྤྲེལ་བ་ནི་ཀླད་ནོན་རྒྱལ་པོ་ལྟ་བུའི་སྔགས་ཡིན་པས་རང་ལ་མི་ལྡོག་ཅིང་ལས་འགྲུབ་པ་སོགས་ནུས་པ་ཆེ། ཕྱི་མ་སྡེ་བརྒྱད་རྐྱང་བ་ལ་བཏགས་པ་ནི། སྔགས་པ་ཤིན་ཏུ་ནུས་ལྡན་གྱིས། སྡེ་བརྒྱད་ཁྱི་ལྟར་རྦད་པ་ཞེས་གོང་བསྙེན་ཆེར་མེད་པ་ལ་རྩུབ་ཆ་ཆེ་ཞིང་བཀའ་གཉན་ནོ། །ལར་བཀའ་སྲུང་ཐམས་ཅད་ཀྱི་རྣོ་སོ་ནི་སྡེ་བརྒྱད་ཁོ་ན་ཡིན་ཏེ། དཔལ་མགོན་པོའི་རྒྱུད་ལས། དམག་འགྱེད་བྲན་ཕོ་བརྟེན་པ་ནི དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཡིན །སྨྱོ་འབོགས་གཏོར་བ་རྒྱལ་པོའི་སྡེ མཛེ་ཤུ་གཏོང་བ་ས་བདག་ཀླུ ཐོག་སེར་གཏོང་བ་གཟའ་ཡིན་ནོ རིམ་ནང་གཏོང་བ་མ་མོ་སྟེ གཟེར་ཐབས་གཏོད་བ་བཙན་ཡིན་ནོ འཐིབ་ནད་གཏོང་བ་རྨུ་ཡིན་ཏེ ཁྲོམ་ལ་འདེབས་པ་བདུད་ཡིན་ནོ ཕོ་ལྷོག་གཏོང་བ་སྲིན་པོ་སྟེ དྲག་པོར་གཟིར་ཞིང་གནད་ཀྱིས་གཅུན ཅེས་སོ། །འདི་དག་དང་རྦད་སྔགས་དམ་བཞག་རྣམས་ཀྱི་དམིགས་རིམ་གཞུང་གི་ཡིག་ཆུང་དུ་གསལ་བ་དེ་ཉིད་དོ། །སྲིད་གསུམ་གཏིང་ཟློག་ལ་འཇུག་ཚུལ་རིག་གཟིགས་དང་

(༣༤)ཕྱག་བཞེས་ལྟར་བྱའོ། །གཏོར་རྒྱག་ཉིན་བསྐང་བ་ཕུལ་ཟིན་ནས་འཁོར་འདས་རབ་འབྱམས་སོགས་ཀྱི་མཐར་ལས་ཟོར་བསྒུལ་ཞིང་ལས་ཟོར་གྱི་དམག་དཔུང་ལས་ལ་ཆས་པར་བསམ་མོ། །དུ་བརྒྱད་ནི་བདུད་པོ་སྡེ་བརྒྱད། མ་བཞི་ནི་མ་མོ་ཡུམ་བཞི། བྷྱོ་ནི་མ་མོ་མཁའ་འགྲོ་འབུམ་སྡེ། ཡ་ནི་གཤིན་རྗེའི་དམག་ཚོགས། རཀྵ་སྲིན་པོ་དང་གནོད་སྦྱིན། མ་ཧཱ་ཀཱ་ལ་མགོན་ཆེན་སྡེ་ལྔ་སོགས་མགོན་པོ་འབུམ་སྡེ། མགོན་ཆེན་སྡེ་ལྔ་ནི། དཔལ་མགོན་པོའི་རྒྱུད་ལས། སྐུ་ཡི་མགོན་པོས་ཨ་ཀར་རུ་དྲ་བཏུལ གསུང་གི་མགོན་པོས་ཁ་ཊཱྭཾ་རུ་དྲ་བཏུལ ཐུགས་ཀྱི་མགོན་པོས་མ་ཏྲཾ་རུ་དྲ་བཏུལ ཡོན་ཏན་མགོན་པོས་ཕོ་རྒྱུད་རུ་དྲ་བཏུལ ཕྲིན་ལས་མགོན་པོས་མོ་རྒྱུད་རུ་དྲ་བཏུལ ཞེས་སོ། ཀཾ་ཀ་ནི་ལས་མགོན་བྱ་རོག་གདོང་ཅན་ཏེ། གསང་སྔགས་གསར་མ་ལྟར་ན། མགོན་པོ་ཐམས་ཅད་ཀྱི་རྣོ་མྱུར་འདི་ཡིན་ཏེ་སྲོག་ཟན་ནག་པོའི་རྒྱུད་ལས། དེ་ཡི་བཀའ་སྡོད་ལས་མཁན་ནི སྲོག་བདུད་གཤེད་པོ་བྱ་རོག་གདོད ཞེས་གསུངས་པ་ལྟར། ཡབ་རྣམ་ཐོས་སྲས། ཡུམ་མཁའ་འགྲོ་མ་བྱ་རོག་གདོང་གི་སྲས། ཡབ་གནོད་སྦྱིན་ཡིན་པས་དངོས་གྲུབ་ཆེ་ཞིང་ལྷའི་ཆས། ཡུམ་

(༣༥)འཇིག་རྟེན་གྱི་ཌཱ་ཀི་ཡིན་པས་ནུས་རྩལ་ཆེ་ཞིང་དུར་བྱའི་གདོང་ཅན་ཏེ་གནོད་སྦྱིན་བྱ་རོག་གདོང་ཅན་དང་། བདུད་པོ་བྱ་རོག་གདོང་ཅན་ནི་ཡབ་གནོད་སྦྱིན་དུག་གི་མཆུ་ཅན་དང་། ཡུམ་ཀླུ་བདུད་ནག་མོ་ཁྲག་གི་རལ་པ་ཅན་ལ། བདུད་པོ་བྱ་རོག་གདོང་ཅན་དང་། དམར་པོ་རྩ་འཇིབ་མ་ལྕམ་དྲལ་འཁྲུངས་པ་ཡིན་ཅིང་། རིགས་བཞིར་ཡང་གསུངས་ཏེ། གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། ཤར་ན་སྲོག་བདག་བྱ་རོག་གདོང་། ལྷོ་ན་གཤིན་རྗེ་བྱ་རོག་གདོང་། ནུབ་ན་བདུད་པོ་བྱ་རོག་གདོང་། བྱང་ན་གནོད་སྦྱིན་བྱ་རོག་གདོང་། ཞེས་སོ། བིང་ཛནི་རྒྱབ་བརྟེན་གྱི་མགོན་པོ་བིང་འཛིན་དང་། ཨ་གྷོར་ལྷ་དམག་འབུམ་སྡེ་དང་བཅས་པ་སྟེ་རྒྱུད་ཁྲག་མཚོ་ཁོལ་མ་ལས་བིང་འཛིན་པ་ནི་གདོང་དམར་གྱི་བྲག་ལ་གནས་སོ། །བིང་འཛིན་བར་མ་ཨ་གྷོར་ནི་རྒྱ་ནག་རི་པོ་རྩེ་ལྔ་ལའོ། །ཞེས་གསུངས་པ་དེའོ། ནཱ་ག་བཛྲ་རཱ་ཛ་ནི་ཀླུ་རྒྱལ་དུང་སྐྱོང་གི་སྲས་པོ་གཉན་ཆེན་མཁར་ནག་རྡོ་རྗེ་རྒྱལ་པོ་སྟེ་བསྡོང་ཟླ་ཀླུ་བདུད་དྲེགས་པའི་དམག་དཔུང་དང་བཅས་སོ། །མ་ཧཱ་ཀཱ་ལ་ནག་པོ་ཆེན་པོ་ཏྲཀྴད་དྲག་པོ་མིག་གསུམ། ས་མ་ཡ་དམ་ལས་མ་འདའ། ཧཱུྃ་གཉིས་ཐུགས་རྒྱུད་གནད་ནས་བསྐུལ་བ། ཕཊ་གཉིས་དྲག་པོའི་ལས་ལ་ཆས་པ་

(༣༦)ཕཊ་ཀྱི་མཐའ་བརྟེན་སྭཱ་ཧཱས་བརྒྱན་པ་ནི་ཞི་དྲག་གཉིས་འདྲེས་སྦྱིན་བདག་དང་འཁོར་ལ་མི་རྩུབ་ཤིང་བཀྲ་ཤིས་པའི་གནད་ལྡན་དྲག་པོའི་མཐའ་ལ་ཞི་བའི་སྔགས་ཀྱིས་བརྟེན་པའོ། །དེ་ནས་ཞལ་ཆེམས་ལས་འབྱེད། ཧཱུྃ་འབོད་དོ་བསྐུལ་ལོས་དམ་ཚིག་གི་གནད་ལ་དབབ་ཅིང་། བསྐུལ་ལོ་རྦད་དོ་རབ་འབྱམས་ཞི་ཁྲོའི་ལྷ སོགས་ཀྱིས་གནད་ནས་ད་བསྐུལ་དུས་བབས་ཀྱི་གཏོར་རྫོངས་དང་བཅས་ཏེ། མདོས་ཆེན་གྱི་རྫས་སུ་ཏྲཀྴད་དང་གྲོ་ལོད་ཀྱི་གཏོར་ཟློག་གཉིས་བཅས་བཏེགས་ཏེ་སེར་ཕྲེང་བཅས་འབུལ་སར་སླེབ་ནས་འགུག་གཞུགས་རྒྱས་པ་ཚར་གཅིག་བསྡུས་པ་ཚར་གཉིས་མཆན་ལན་གསུམ། རང་བཟོ་མངོན་སྤྱོད་གསེར་སྐྱེམས། དམ་བརྡར་གྱིས་ཕྲིན་ལས་བཅོལ་ཞིང་། དཀོན་མཆོག་ཀུན་འདུས་ངོ་བོ་ཉིད་ཀྱིས་གསེར་སྐྱེམས་མཆོད་པ་ནི། རྡོ་རྗེ་གྲོ་ལོད་ཧེ་རུ་ཀའི་དཀྱིལ་འཁོར་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་ལ་འབུལ་བ་སྟེ། ཕྱི་ནང་གསང་བའི་དཀོན་མཆོག་རྩ་གསུམ་ཀུན་འདུས་གུ་རུ་རྡོ་རྗེ་གྲོ་ལོད་དང་། དེའི་རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་ཁྲོ་བོ་བརྒྱད། ཡུལ་བརྒྱད་གནས་སུ་དག་པའི་ཁྲོ་མོ་བརྒྱད། འབྱུང་བཞི་གནས་དག་གི་སྒོ་མ་བཞི་སོགས་གཙོ་འཁོར་ཡོངས་རྫོགས་ཡེ་གནས་གཞིའི་དཀྱིལ་འཁོར་ལ་

(༣༧)འབུལ་བའོ། འབྱུང་བ་བཞི་ལས་ནམ་མཁའ་མེད་པ་ཅི་ཞེ་ན། ནམ་མཁའ་ནི་འབྱུང་བ་ཀུན་ལ་ཁྱབ་བས་སོ། །དེ་ནས་རྡོ་རྗེ་སློབ་དཔོན་དགོངས་པ་དེ་བཞིན་ཉིད་ལས་མི་འདའ་བའི་དང་ལས་རྣམ་པ་ལྷའི་གསལ་སྣང་གཏུམ་དྲག་དང་ལྡན་པས་བཞེས་འབོད་སྡང་བ་རྣམ་སྲེག་རིག་སྔགས་གྲུབ་རྒྱལ་གྱིས་མཛད་པ་གསལ་ཞིང་དག་པར་བསྒྲགས། དེ་ཚེ་དཔོན་སློབ་ཐམས་ཅད་ཀྱིས་ཡེ་ཤེས་དང་འཇིག་རྟེན་ལས་གྲུབ་པའི་ལྷ་ཚོགས་མངོན་སུམ་དུ་བཞུགས་ནས་ཕྲིན་ལས་མཛད་དོ་སྙམ་པའི་འདུན་པ་རྩེ་གཅིག་པས་རིག་པ་ཧུར་ཕྱུང་ངོ་། །དེ་ནས་ཟོར་འཕེན་པ། ཧཱུྃ་གསུམ་གྱི་དོན་ལ་གནས་བཞིན་པས། ཐུན་ཟོར་ཐོགས་ལ། ཧཱུྃ་སྔོན་འགྱུར་བསྐལ་པའི་དང་པོ་ལ་སོགས་ཀྱིས་གཞུང་ལྷར་ཟོར་རྣམས་འཕེན་ཅིང་དམིགས་རིམ་ནི་ཐུན་ཟོར་གནམ་ལྕགས་ཐོག་སེར་གྱིས་དགྲ་བོའི་ལུས་ངག་ཡིད་གསུམ་ཐལ་བ་རྡུལ་དུ་བརླགས་པར་དམིགས། ས་ཟོར་རི་རབ་འབར་བའི་ཚིགས་ཀྱིས་བསྟན་དགྲའི་ཡུལ་མཁར་སྡེ་དང་བཅས་པ་ས་གཏིབ་འོག་ཏུ་མནན་ནས་ས་རིམ་པ་དགུའི་འོག་ཏུ་ཐིམ་པར་བསམ། ཆུ་ཟོར་བསྐལ་པ་འཇིག་པའི་ཆུས་བཤལ་ཞིང་སྦྱངས་པར་དམིགས། མེ་ཟོར་བསྐལ་པ་འཇིག་པའི་མེས་བསྲེགས་

(༣༨)དྲུང་ཟོར་གྱི་ཆ་མེས་བསྲེགས་པའི་ཐལ་བའང་རྗེས་མེད་དུ་གཏོར་བར་དམིགས། མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ་གྱིས་ཟིན་བྲིས་སུ། ཆོས་སྐུ་ཀུན་བཟང་ཡབ་ཡུམ། སངས་རྒྱས་སྤྱན་མ། མ་མཱ་ཀི། གོས་དཀར་མོ། དམ་ཚག་སྒྲོལ་མ་རྣམས་ལ་སྦྲུལ་པའི་ཐུན་རྫས་དཔག་ཏུ་མེད་པས་དགྲ་བོའི་ལུས་ངག་ཡིད་གསུམ་ཐལ་བར་བརླགས། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་མོ་ལྔའི་རང་བཞིན་རང་ཞི་རང་དག་དམིགས་མེད་ཁྱབ་གདལ་དང་ལ་གནས་པར་བསམ། དེ་བཞིན་ཕྱག་མཚན་ལྔ་ཡང་རྒྱལ་བ་རིགས་ལྔ་ལས་སྦྲུལ་པའི་མཚོན་ཆ་ལྔས་དགྲ་བགེགས་བྱད་མའི་ཕུང་པོ་ལྔ་དང་ཉོན་མོངས་ལྔ་བཅོམ་སྟེ་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་རང་ཞི་རང་དག་ཏུ་བསམ་མོ་ཞེས་གསུངས་པ་ལྟར་རོ། །གཏོར་ཟོར་གནམ་ལྕགས་འབར་བའི་ཐོག་རྒོད། སྣང་སྲིད་འཁོར་འདས་བརླག་པའི་མཚོན་ཆ་ཕྱག་ཏུ་ཐོགས་སྟེ་གསོང་བ་ཙམ་གྱིས་སྲིད་པ་གསུམ་འཇོམས་པར་བྱེད་པ། ཕྱར་བ་ཙམ་གྱིས་སྟོང་གསུམ་གྱི་འཇིག་རྟེན་བརླག་ནུས་པ། ནུས་པའི་དུག་གཟེར་བཏབ་པ་ཙམ་གྱིས་སྲིད་གསུམ་འདུལ་བ། འཕང་པ་ཟོར་གྱི་ལས་ཀྱིས་སྣང་སྲིད་འཁོར་འདས་ཀྱི་གཟུགས་ཅན་གཟུགས་མེད་ཀྱི་དགྲ་བགེགས་རྨེངས་ནས་སྐེམ་པའི་ལས་མཛད་པར་བསམ་

(༣༩)མོ། །དེ་ནས་ཧཱུྃ་མ་ཧཱ་ཀཱ་ལ་མཐུ་བོ་ཆེའི་མཐར་རྦད་སྔགས་རོལ་མོ་འབེབས་ཆེན་དང་བཅས་པས་མདོས་ཆེན་དང་ལས་མགོན་གཏོར་ཟློག་རྒྱས། རྡོ་རྗེ་དྲེགས་འཇོམས་ལྷ་ཚོགས་སོགས་ནས་ཐུགས་རྗེའི་གཏུམ་རྔམ་དགྲ་ལ་མཱ་ར་ཡ་ཕཊ བར་ཀྱིས་གཞུང་གི་ཚིག་རིས་ལྟར་དམིགས་འདོན་ཟུང་དུ་ཆུབ་པར་བྱ། ཁྲོ་རྒྱལ་འབར་བ་ཚར་གསུམ་དང་སྔགས་མཐར་རོལ་མོ་འབེབས་ཀྱི་སྐབས་གྲོ་ལོད་བཟློག་གཏོར་མེ་ཐབ་ཏུ་འཕེན་ཅིང་མཱ་ར་ཡའི་རོལ་ཆེན་ལྡིར་ཞིང་འབྱུང་བཞི་རི་རབ་དང་བཅས་པའི་དཀྱིལ་འཁོར་མགོ་མཇུག་ལྡོག་སྟེ། གནམ་ས་གཉིས་པོ་སྟེང་འོག་འདྲེས་ནས་དམིགས་བྱའི་དགྲ་བགེགས་དམ་སྲི་གང་ཡིན་པ་དེའི་རྗེས་ཤུལ་ཙམ་ཡང་མེད་པར་རྡུལ་དུ་བརླགས་པར་བསམས་ལ་སྟོང་ཉིད་དུ་བཞག་ལ། རིགས་ལྔ་སྟོང་ཉིད་ཀྱི་ཟློག་པས་རྒྱས་གདབ་བོ། །སྒོ་དྲུང་དུ་ཡར་བྱོན་ནས་གཏོར་གཞོང་སྦུབས་ལ། ཧཱུྃ། དཀོན་མཆོག་གསུམ་དང་ཡི་དམ་ལྷ མཁའ་འགྲོ་ཆོས་སྐྱོང་བདེན་པའི་མཐུས བར་ཆད་བྱེད་པའི་དམ་སྲི་རྣམས གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག རུ་དྲ་སརྦ་ཨཾ་ཀུ་ཤ་ཛ ཛཧཱུྃ་བྃ་ཧོ ཞེས་རྩ་གསུམ་བདེན་པས་ལན་གསུམ་བཀུག་ལ། ཧཱུྃ་ཞེས་ཡེ་ཤེས་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངང་དུ་གནས་བཞིན་

(༤༠)བས། ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་དངོས་པོར་སྣང་བ་ཐམས་ཅད་སེམས་སུ་གཏན་ལ་ཕབ་ནས་སེམས་ཀྱི་སྣང་བ་ཙམ་དུ་ཤེས་ཤིང་རང་དབང་དུ་མ་འདུས་པར་ཨ་འཐས་སུ་ཤོར་ན། འཁྲུལ་བའི་སྣང་བ་སེམས་སུ་འདུས་པའི་ཐབས་མེད་དེ། བདེན་པར་མ་གྲུབ་པ་ལ་གྲུབ་པར་བཟུང་ནས་ཞེན་ཅིང་འཁྲུལ་བ་དངོས་འཛིན་གྱིས་འཁོར་བར་འཆིང་བས། བྲོ་ཡང་དངོས་པོར་སྣང་པའི་སྟེང་དུ་བརྡུང་ནས་ང་བདག་གཉིས་འཛིན་གྱི་ཞེན་པ་མེད་པར་སེམས་ཉིད་གདོད་མའི་ངང་དུ་འབོལ་ལེ་ཤིགས་སེ་ཞོག་ཨག །དེ་ཡང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཡིན་ཏེ། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་གསུངས་པ་ལྟར་རོ། །འོ་ན་ཕྱི་རོལ་དངོས་པོའི་སྣང་བ་རེ་བྲགས་རྡོ་རྩི་ཤིང་ནགས་ཚལ་འདི་རྣམས་ཇི་ལྟར་ཡིན་ཞེ་ན། སེམས་འཁྲུལ་བའི་བག་ཆགས་བརྟས་པའམ་རྒྱས་ཤིང་གོམ་པས་ཕྱི་རོལ་གྱི་དངོས་པོ་སྲ་མཁྲེགས་སུ་སྣང་བ་སྟེ། དེ་ཡང་བསྐལ་པ་ཆགས་པའི་དུས་སུ་རླུང་ཆུ་ལ་ཞུགས་ནས་དཀྲུགས་པས་ས་རྡོའི་གཟུགས་སུ་གྲུབ་པའོ། སམྦུ་ཊི་ལས། ཆོས་རྣམས་སེམས་ཀྱི་འཁྲུལ་པ་སྟེ། །སེམས་ལས་མ་གཏོགས་ཆོས་རྣམས་མེད། ཅེས་དང་། ས་ར་ཧས། རླུང་གིས་ཆུ་ལ་ཞུགས་ཤིང་དཀྲུགས་པ་ཡིས་

(༤༡)འཇམ་པའི་ཆུ་ཡང་རྡོ་ཡི་གཟུགས་སུ་འགྲོ། །རྟོལ་པས་དཀྲུགས་པའི་རྨོངས་པ་གཟུགས་མེད་ལ། །ཤིན་ཏུ་སྲ་ཞིང་མཁྲེགས་པ་ཉིད་དུ་གྱུར། །ཞེས་སོ། སྣང་བ་སེམས་སུ་ཤེས་པར་བྱས་ནས་འཛིན་མེད་ཀྱི་ངང་དུ་ཉམས་སུ་བླངས་བས་གཉིས་སྣང་གི་འཛིན་པ་དག་ནས། སྣང་སེམས་གཉིས་མེད་ཆོས་ཀྱི་སྐུར་སངས་རྒྱས་པ་ཡིན་ལ། སེམས་ཅན་རྣམས་ནི་དང་པོར་ང་དང་བདག་ཏུ་འཛིན་པས་དངོས་སྣང་ལ་ཞེན་བཞུགས་ནས་འཁྲུལ་སྣང་གི་བག་ཆགས་མེད་པ་ལ་ཡོད་པར་འཛིན། མི་རྟག་པ་ལ་རྟག་པར་འཛིན། མི་བདེན་པ་ལ་བདེན་པར་འཛིན་པས་འཁོར་བའོ། །རྗེ་བཙུན་བཞད་པ་རྡོ་རྗེས། སྣང་བ་སེམས་སུ་མ་ཤེས་ན། །དངོས་པོར་དགག་བསག་ལ་ལོངས། །ཞེས་སོ། སྣང་བ་ལ་འཁྲུལ་སྣང་ལས་སྣང་དག་སྣང་གསུམ་མོ། །དང་པོ་འཁྲུལ་སྣང་ལ་རྟོག་བཅས་སུ་འཁྲུལ་བ་དང་རྟོག་མེད་དུ་འཁྲུལ་བ་གཉིས། དང་པོ་ནི། དུང་ལ་སེར་པོར་སྣང་བ། ཐོ་ཡོར་མིར་སྣང་བ། བག་ཁྲ་སྤྲུལ་དུ་འཁྲུལ་པའོ། གཉིས་པ་ནི། ང་མེད་པ་ལ་ང་རུ་བཟུང་བ་སོགས་ཕྱིན་ཅི་ལོག་གི་བློའོ། །ལས་སྣང་ནི། དམྱལ་བ་ཡི་དྭགས་དུད་འགྲོ་ལ་སོགས་རིགས་དྲུག་གི་དངོས་སྣང་ངོ་། །དག་སྣང་ལའང་ཉམས་དང་དག་པ་དངོས་གཉིས། རྣལ་འབྱོར་པ་ལ་ཉམས་སྣང་། ས་ཐོབ་བ་ལ་དག་

(༤༢)པའི་སྣང་བའོ། །དེ་ཡང་ངན་རྫོབ་སྟོན་པས། ངན་སོང་གསུམ་གྱི་སྡུག་བསྔལ་རྣམས། །དེ་ཡང་སེམས་ཀྱི་ཆོ་འཕྲུལ་ཡིན། །མཐོ་རིས་གསུམ་གྱི་བདེ་བ་རྣམས། །དེ་ཡང་སེམས་ཀྱི་ཆོ་འཕྲུལ་ཡིན། །ཅེས་དང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སེམས་བདེ་གསལ་མི་རྟོགས་འབྲས་བུ་སྟེ། །དེ་ཡང་སེམས་ཀྱི་ཆོ་འཕྲུལ་ཡིན། །ཅེས་སོ། ཧཱུྃ་དགུ་ནི་ཐེག་པ་རིམ་པ་དགུ་དང་། ཡེ་ཤེས་ཐིག་ལེ་དགུའི་ངོ་བོའོ། །གཏོར་གཞོང་རྣམས་ཁ་གྱེན་དུ་བསྟན་ལ་འབྲུ་འཐོར་ཞིང་སྨོན་ལམ་བྱ། མཁའ་ཁྱབ་ཞིང་གི་རྩ་གསུམ་རྒྱལ་བ་རབ་འབྱམས་ལ་དགོངས་གསོལ་ལན་གསུམ། དང་པོ་སྙན་གསན་བབས། བར་དུ་བརྩེ་བས་དགོངས། ཐ་མ་ཞལ་གྱིས་བཞེས་ཏེ། ཧཱུྃ་གསུམ་བཞི་ལུས་ངག་ཡིད་གསུམ། ལམ་རྩ་ཐིག་རླུང་གསུམ། འབྲས་བུ་སྐུ་གསུམ་དག་པའི་ངང་ནས། སྣང་སྲིད་འཁོར་འདས་དཀྱིལ་འཁོར་འདིར སོགས་ནི་བར་ཆད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བ་ལ་དགའ་བ་བསྒོམ་ཞིང་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་ནས། རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཀྱང་དགོངས་གཅིག་དང་དབྱངས་གཅིག་གིས། སངས་རྒྱས་ཆོས་ཀྱི་ཆབ་སྲིང་རྒྱ་ཆེ་ཤིང་གཏིང་ཟབ་བ་རྒྱ་མཚོ་ལྟ་བུ། ཐོགས་མེད་ཀུན་ལ་ཁྱབ་པ་ནམ་མཁའ་ལྟ་བུ། ནམ་ཡང་འཕོ་འགྱུར་མེད་པར་རབ་

(༤༣)ཏུ་བརྟན་པ། འགྱུར་མེད་ཡོངས་གྲུབ་རྡོ་རྗེའི་ཆོས་བདུན་གྱིས་བཀྲ་ཤིས་དཔལ་འབར་རྒྱན་གྱི་འཁོར་ལོར་མདའ་གསོལ་ཞིང་དབང་འབྱོར་བར་བསམ་མོ། །

(༤༤)

(༤༥)ཡེ་གསར་ཐུགས་གཏར་གྲོ་ལོད་ཀྱི། རྫོགས་ཆེན་ཨ་ཏི་ཁྱབ་གདལ་ཆེའི། ཁྲིད་ཡིག་རིག་འཛིན་དགོངས་གསལ་གྱི། །སྔོན་འགྲོའི་ཁྲིད་རིམ་དང་པོ་བཞུགས། ཨི་ཐི། ས་མ་ཡ།

(༤༦)ན་མོ་གུ་རུ་བུདྡྷ་རཏྣཱ་ཡ། །མཆོག་གསུམ་སྐུ་གསུམ་རྩ་གསུམ་ཞི་ཁྲོའི་ལྷ། །ཀུན་འདུས་ཀུན་ཁྱབ་བླ་མ་པད་འབྱུང་གི། །རྒྱལ་ཚབ་ནུས་ལྡན་ཉེར་གཅིག་ཡོངས་ཀྱི་གཙོ། །མི་འགྱུར་རྡོ་རྗེའི་མཚན་འཆང་ལ་ཕྱག་འཚལ། །ཐེག་དགུའི་ཡོངས་རྩི་རྡོ་རྗེ་གྲོ་ལོད་ཆོས། །ཚེ་གཅིག་སངས་རྒྱས་མྱུར་འགྲུབ་རྫོགས་པ་ཆེ། །ཀུན་གྱི་སྙིང་ཐིག་ཐེག་དགུ་ཟབ་དགུའི་བཅུད། །ཆིག་དྲིལ་ཁྲིད་ཡིག་རིག་འཛིན་དགོངས་གསལ་དབྱེ། །དྲུག་ལྡན་བརྒྱུད་པའི་བླ་མས་

(༤༧)བྱིན་གྱིས་རློབས། །ཡི་དམ་དཀྱིལ་འཁོར་ལྷ་ཡིས་དངོས་གྲུབ་སྩོལ། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བཀའ་རྒྱ་དཀྲོལ། །གཏེར་སྲུང་དམ་ཅན་རྒྱ་མཚོས་ཕྲིན་ལས་སྤེལ། ཞེས་མཆོད་པར་བརྗོད་དེ་ལས་སུ་བྱ་བ་ནི་ཟབ་ཆོས་འདི་ཉིད་ཀྱི་གཞུང་ལས། སྔོན་ཚེ་དུས་གསུམ་སངས་རྒྱས་དུས ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་ ཉོན་མོངས་དུག་ལྔའི་གཉེན་པོར་གསུངས ཞེས་པ་ལྟར་འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པ་འདིས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་

(༤༨)བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས། དུག་གསུམ་གྱི་གཉེན་པོར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པའི་ཚུལ་ཡང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཆ་མཉམ་འདུལ་བའི་གཉེན་པོ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། ཞེས་གསུངས་པ་ལྟར་ལས། ཕྱི་མ་ལ་ཡང་འདི་ཉིད་ལས ཆ་སྙོམས་རྒྱུད་སྡེ་བཞི་པོ་ཡང་ རྫོགས་ལྡན་ཟུང་དང་རྩོད་ལྡན་དུས བླ་མེད་གསང་སྔགས་རྗེས་སུ་གནང་ ལས་ཅན་རྣམས་ཀྱིས་ཤེས་པར་གྱིས ཞེས་དང་། ཐམས་ཅད་འདུས་

(༤༩)པའི་རྒྱུད་ལས། རྫོགས་ལྡན་དང་པོར་བྱ་བའི་རྒྱུད སུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད གཉིས་ལྡན་གསུམ་པར་རྣལ་འབྱོར་རྒྱུད རྩོད་ལྡན་གསང་བ་བླ་ན་མེད དུས་བཞི་ལ་ནི་གཟིགས་ནས་གསུངས རྒྱུད་ནི་རྣམ་པ་བཞི་རུ་བཤད ཅེས་དང་། ཁྱད་པར་བཀའ་རྫོགས་པ་ཆེན་པོ་ཨ་ཏི་ཁྱབ་བརྡལ་གྱི་རྒྱུད་འདི་ནི། ཇི་སྐད་དུ་ཡང་། ཁྱད་པར་ཨ་ཏི་ཁྱབ་བརྡལ་རྒྱུད རིགས་ཀུན་བདག་པོས་ཞུས་པའི་ངོར བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ ཀུན་ཏུ་བཟང་པོར་སྤྲུལ་ནས་གསུངས གནས་ནི་འོག་མིན་ཆོས་ཀྱི་དབྱིངས འཁོར་ནི་རིག་འཛིན་ཕོ་མོས་བསྐོར དུས་ནི་ཆོས་འཁོར་བསྐོར་བའི་དུས ཆོས་ནི་རྩོད་ལྡན་སྙིགས་མའི་དོན ཚེ་གཅིག་འཇའ་ལུས་འགྲུབ་པའི་གནད ཅེས་གསུངས་པ་ལྟར ཚེ་གཅིག་འཇའ་ལུས་འགྲུབ་པའི་ཟབ་ཆོས་རྡོ་རྗེ་གྲོ་ལོད་ཆོས་སྐོར་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལྷ་སྲས་མུ་ཁྲི་བཙན་

(༥༠)པོའི་ཆོས་སྐལ་དུ་གནང་སྟེ། ད་ལྟ་སྤེལ་བའི་གནས་མེད། མ་འོངས་ཕྱི་རབས་སེམས་ཅན་གྱི་དོན་དུ་གཏེར་དུ་སྦོས་ཤིག་གསུངས་ནས་གཏེར་དུ་སྦས་པ་ཡིན་ཏེ། མ་འོངས་དུས་ཀྱི་ཐ་མ་ནི སུམ་ཅུའི་ཁ་རལ་བྱུང་བའི་ཚེ ལྷ་སྲས་མུ་ཁྲིའི་ཆོས་སྐལ་དུ གནམ་ལྕགས་འབར་བའི་སྦུ་བུར་བཞུགས རྡོ་རྗེ་འབར་བའི་མཚོ་ལ་སྦས སྙིང་གི་ཐུགས་སྲས་དེ་ཉིད་ཀྱི བར་ཆད་སེལ་བའི་མཚོན་ཆར་ཤོག ཅེས་གསུངས་ཏེ་གཏེར་དུ་སྦས གཏེར་སྨྱོན་ཉིད་ཀྱིས་གདན་དྲངས་པའི་ཡེ་གསང་ཐུགས་གཏེར་རྡོ་རྗེ་གྲོ་ལོད་ཀྱི་རྫོགས་ཆེན་ཨ་ཏི་ཁུབ་གདལ་གྱི་སྔོན་འགྲོའི་ངག་འདོན་ཐར་ལམ་རབ་གསལ་གྱི་དོན་ཉམས་སུ་ལེན་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། སྔོན་འགྲོ་ལའང་། ཐུན་མོང་དང་ཁྱད་པར་གཉིས་ལས། དང་པོ་སྣོད་ལྡན་གྱི་གང་ཟག་ནི། དད་པ་དང་མོས་གུས་ཤིན་ཏུ་ཆེ་བ། ཤེས་རབ་ཟབ་ཅིང་རྒྱ་ཆེ་བ། བྱམས་སྙིང་རྗེ་

(༥༡)བྱང་ཆུབ་ཀྱི་སེམས་དང་ལྡན་པ། བརྩོན་འགྲུས་ལ་ཐང་ལྷོད་མེད་པ། མཆེད་ལྕམ་ལ་བརྩེ་གདུང་ཆེ་བ། རང་རྒྱུད་འཇམ་ཞིང་དུལ་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། སེམས་རྒྱུད་རི་བོ་ལྟར་བརྟན་པ། ཐོས་བ་སྐར་ཚོགས་ལྟར་བཀྲ་བ། བླ་མ་གཙུག་གི་ནོར་བུ་ལྟར་བསྐུར་བ། དམ་ཚིག་ཤེལ་ལྟར་དག་པ། ཆོས་བརྒྱད་དུག་ལྟར་སྤང་བ། ཆགས་སྡང་ངང་གིས་ཆུང་བ། སྙིང་པོའི་དོན་ལ་མོས་པ་ལ་ཆོས་འདི་གདམས་པར་བྱའོ། དེ་ལ་དང་པོ། ཐོག་མེད་ལས་ཀྱི་སྡུག་བསྔལ་བསམ་པའི་ཁྲིད་ལ། ཀྱེ་མ་ཀྱི་ཧུད་ཅེས་རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། འོ་སྐོལ་སེམས་ཅན་ཐམས་ཅད་རྒྱུ་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ནའང་། སྔོན་ཚེ་འཁོར་བ་ཐོག་མ་མེད་པ་ནས་མ་རིག་པ་སོགས་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་འཁོར་ཡུག་ཏུ་འཁོར་བའི་དབང་གིས་འཁོར་བ་

(༥༢)སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་འཁྱམས་པ་ནི། དབུལ་པོའི་ཁྱིམ་གྱི་ས་འོག་ཏི་གཏེར་ཡོད་པ་མ་ཤེས་ཤིང་དབུལ་ཞིང་ཕོངས་པས་སྡུག་བསྔལ་བ་ལྟར། ཆགས་སྡང་དབང་གིས་ལས་ངན་པའི་བག་ཆགས་བསགས། ཨ་འཐས་རེ་དོགས་ཀྱི་རྒྱ་རུ་ཚུད་དེ། སེམས་ཉིད་འོད་གསལ་ཆོས་ཀྱི་སྐུ་བསྒྲིབས་ཏེ། ལས་དང་ཉོན་མོངས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་མནར་བའི་འགྲོ་བ་རིགས་དྲུག་གི་གནས་སུ་རྣམ་སྨིན་མི་ཁོམ་བརྒྱད་ཀྱི་གཟུགས་སུ་ལུས་ངན་སྣ་ཚོགས་བླངས་བའི་གཟུགས་ཀྱི་ཤ་རུས་བསགས་ན་འཇིག་རྟེན་གྱི་ཁམས་དང་མཉམ་པ་དང་། རྣག་ཁྲག་བསགས་ན་འོག་གཞི་མཐའི་རྒྱ་མཚོ་ཙམ་མོ། ཞེས་རང་གི་རྒྱུད་ཐོག་ཏུ་བསམ་ཞིང་ཡང་ཡང་བསྒོམ། དེ་དག་ལ་ངེས་ཤེས་བསྐྱེད་པའི་ཕྱིར་ངག་ཏུ། བསམ་བརྗོད་བྲལ་བའི་སེམས་ཉིད་འདི རྒྱུ་ནི་སངས་རྒྱས་ཡིན་ན་ཡང་ ལས་ཉོན་འཁྲུལ་པས་འཁོར་བར་ཁྲིད རིགས་དྲུག་འཁོར་བའི་

(༥༣)འཁོར་ལོ་བསྐོར ལས་ངན་བག་ཆགས་ངང་གིས་འཕེལ ཨ་འཐས་རེ་དོག་རྒྱ་རུ་ཚུད འབྲས་བུ་ད་རུང་འཁོར་བར་འཁྱམས ལུས་ངན་ཕུང་པོ་གྲངས་མེད་བླངས རྣམ་སྨིན་མི་ཁོམ་གཟུགས་བརྒྱད་བླངས ད་དུང་རང་སེམས་ཞལ་མ་མཐོང་ གཉུག་མའི་རང་སེམས་རྡོ་དང་འདྲ ལས་ཉོན་མུན་པས་མ་སྒྲིབས་སམ བསམ་ཞིང་སྙིང་རྩ་འཁྲུགས་པར་གདའ ཞེས་ཡང་ཡང་བསམ་མོ། དེ་དག་གི་སྐབས་སུ་དམྱལ་བར་སྐྱེས་ནས་ཐོ་ལུམ་ཟོས་པ་དང་ཁྲོ་ཆུ་འཐུང་བ་ཡང་གྲངས་མེད། ཡི་དྭགས་སུ་སྐྱེས་ནས་སྣབ་ལུད་རྣག་ཁྲག་ཟོས་པའང་ཚད་མེད། དུད་འགྲོར་སྐྱེས་ནས་འབུ་སྲིན་སྲོག་ཆགས་ཟོས་པ་དང་རང་ཤ་རང་གིས་ཟོས་པའང་མཐའ་མེད། སེམས་ཅན་རེ་རེས་ཕམ་བྱས་ནས་དྲིན་གྱིས་བསྐྱང་བའང་བསམ་གྱིས་མི་ཁྱབ་སྟེ། མདོ་ལས། །སེམས་ཅན་རེ་རེ་ཐམས་ཅད་ཀྱིས། །ཡང་དང་ཡང་དུ་ཕ་བྱས་ཤིང་། །རྟ་

(༥༤)དང་གླང་པོ་ཕོག་པ་ཡང་། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །སེམས་ཅན་རེ་རེ་ཐམས་ཅད་ཀྱི། །ཡང་དང་ཡང་དུ་མ་བྱས་ཤིང་། །ནུ་ཞོ་འཐུང་བ་གང་ཡིན་པ། །རྒྱ་མཚོ་ཆེན་པོ་བཞི་ལས་མང་། ཞེས་གསུངས་པ་ལྟར་སྔོན་ཆད་མ་བྱས་པ་དང་། མ་མྱོང་བའི་བདེ་སྡུག་གང་ཡང་མེད། ད་དུང་ལས་སྒྲིབ་མ་བྱང་གི་བར་དུ་འཁོར་བ་མཐའ་མེད་མུ་མེད་པར་འཁྱམས་དགོས་པ་འདི་ཨ་རེ་སྡུག །ཞེ་རེ་འཇིགས། ཡི་རེ་ཆད། བསམ་རེ་སྐྱོ། ཡ་རེ་བ། ད་ནི་དུས་ད་ལྟ་ཉིད་ནས་འཁོར་བ་ནས་ཐར་པའི་ཆོས་ཤིག་བྱ་བསམ་པའི་བློས། །སྔོན་གྱི་ཚེ་རབས་འདི་ལ་བསམ་ཙ་ན། །སྡིག་སྤྱོད་ལུས་ངན་བླངས་པ་མ་གཏོགས་པ། །ཆོས་སྤྱོད་མི་ལུས་ཐོབ་པ་མི་འདུག་པས། །ད་རེས་ཐར་ལམ་བསྙགས་ན་མི་ལེགས་སམ། དོན་བསམ་བཞིན་ངག་ཏུའང་བརྗོད། དེ་ལྟར་དམིགས་འདོན་ཟུང་དུ་འཇུག་པའི་སྔོན་འགྲོའི་དམིགས་རྐང་

(༥༥)དང་པོ་འདོན། གཉིས་པ་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་ལ། དེ་ལྟར་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བ་དེ་ཙམ་འཁྱམས། སྡུག་བསྔལ་དེ་ཙམ་ཞིག་མྱོང་དགོས་བྱུང་འདུག །དེས་ན་ད་རེས་ཀྱི་ལུས་འདི་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་བརྒལ་བར་མ་ནུས་ཤིང་། མི་ཁོམས་པའི་གནས་བརྒྱད་དུ་སྐྱེས་ན་ཇི་ལྟར་བྱ། མདོ་ལས། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། ཀླ་ཀློ་ཚེ་རིང་ལྟ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམས་བརྒྱད། ཅེས་གསུངས་པ་ལྟར། དམྱལ་བ་ནི་ཞེ་སྡང་གིས་ཚ་གྲང་སྡུག་བསྔལ་གྱིས་མི་ཁོམ། ཡི་དྭགས་ནི་སེར་སྣའི་དབང་གིས་བཀྲེས་ཤིང་སྒོམ་པས་མི་ཁོམས། དུད་འགྲོ་ནི་གཏི་མུག་དབང་གིས་གླེན་ཞིང་ལྐུགས་ལ་གཅིག་ལ་གཅིག་ཟ་ཞིང་འཚོ་བས་མི་ཁོམས། ས་མཐའ་ཀློ་མོན་ནི་དགེ་སྡིག་མི་ཤེས་པས་མི་ཁོམས། ལྷ་ཚེ་རིང་པོ་ནི་ཤེས་པ་ཡུལ་ལ་འཇུག་

(༥༦)པ་རྒྱུན་ཆད་པའི་སྙོམས་འཇུག་གིས་མི་ཁོམ། མུ་སྟེགས་ལོག་ལྟ་ཅན་ནི་དཀོན་མཆོག་དང་ལས་འབྲས་ལ་བདེན་པར་མི་བརྩི་ནས་མི་ཁོམ། སངས་རྒྱས་མ་བྱོན་པའི་མུན་གླིང་ནི་དཀོན་མཆོག་གསུམ་གྱི་སྒྲ་ཙམ་མི་ཐོས་པས་མི་ཁོམ། ལྐུགས་པ་དང་དམུས་ལོང་ནི་དབང་པོ་སྐྱོན་ཞུགས་པས་མི་ཁོམ་པས་ཆོས་སྒྲུབ་པའི་ཁོམ་སྐབས་མེད་པའི་གནས་དེ་དགེ་རྒྱུ་མ་སྐྱེས་པས་དལ་བརྒྱད་དེ། མི་ཁོམ་བརྒྱད་སྤངས་དེ་ཡིས་དལ་བ་རྟག་ཏུ་རྙེད། ཅེས་སོ། མདོ་ལས། མིང་གྱུར་ཡུལ་དབུས་སྐྱེས་པ་དང་། །དབང་པོ་ཚང་ཞིང་ཆོས་ལ་དད། དེ་བཞིན་ལས་མཐའ་མ་ལོག་པའོ། ཞེས་རང་འབྱོར་ལྔ་དང་། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། ཞེས་གཞན་འབྱོར་ལྔ་ཚང་བའི་དུས་སུ་སྐྱེས་པ་བདག་ནི་ལས་དང་སྐལ་པ་བཟང་། རེ་དགའ་རེ་སྐྱིད་བསམ། གུ་རུ་པདྨའི་ཞལ་ནས། དཀའ་བ་དེ་ཙམ་

(༥༧)སྔོན་བསགས་ཀྱིས་ཐོབ་ཀྱང་འོན་ལོང་ཞ་ལྐུགས་དབང་པོ་མ་ཚང་ན་ཆོས་སྤྱོད་དཀའ། མཐའ་འཁོབ་ཀླ་ཀློ་མི་ཁོམ་པའི་གནས་སུ་སྐྱེས་ན་ཆོས་བྱ་བའི་སྐལ་པ་མེད། མུ་སྟེགས་ལོག་ལྟ་རིགས་ཆད་དུ་སྐྱེས་ན་སངས་རྒྱས་ཀྱི་བསྟན་པ་ལ་མི་འཇུག །དེས་ན་ད་ལྟའོ་སྐོལ་ལྷོ་ཛམ་བུ་གླིང་དུ་སྐྱེས། སངས་རྒྱས་ཀྱི་བསྟན་པ་ཡོད་པའི་དུས་འདིར་མི་ལུས་ཐོབ་དབང་པོ་ཚང་། བླ་མ་དམ་པ་དང་མཇལ། ཅི་བྱེད་རང་དབང་ཡོད་པའི་དུས་འདིར་དམ་པའི་ཆོས་ཤིགས་མི་བྱེད་ན། མི་ལུས་རིན་ཆེན་ཆུད་གསན་པ་ཡིན་ནོ། ཡར་མར་ས་མཚམས་ད་རེས་ཡིན་པ་ལ། མི་ཚེ་སྟོང་ཟད་བྱེད་པ་ཚོ་སྙིང་རེ་བརྩེ་བ་ཤ་ཏག་ཏུ་འདུག་གོ །ཞེས་གསུངས་སོ། དེ་ཡང་དཔེའི་སྒོ་ནས་རྙེད་པར་དཀའ་བ། གྲངས་ཀྱི་སྒོ་ནས་རྙེད་པ་ང་དཀའ་བ། རྒྱུའི་སྒོ་ནས་རྙེད་པར་དཀའ་བར་གསུངས་ཏེ། དང་པོ་ནི། འཇིག་རྟེན་ན་ཨུ་དུ་མ་རའི་མེ་ཏོག་དཀོན་པ་ལྟར་མི་ལུས་

(༥༨)ཐོབ་པར་དཀའ། རྒྱ་མཚོའི་གཉའ་ཤིང་གི་བུ་གར་རུ་སྦས་མགྲིན་པ་ཚུད་དཀའ་བ་ལྟར་མི་ལུས་ཐོ་བ་དཀའ། གྱང་ལོགས་ལ་སྲན་མ་གཏོར་བས་གཅིག་ཙམ་ཆགས་པར་དཀའ་ན། དེ་ལས་ཀྱང་མི་ལུས་ཐོབ་པ་དཀའ་བ་སྟེ། མ་ཧཱ་གུ་རུ་པདྨས། དལ་འབྱོར་གྱི་མི་ལུས་ཐོབ་པ་ཤིན་ཏུ་དཀའ། ཇི་ལྟར་དཀའ་ན་ཞལ་བའི་ལོགས་ན་སྲན་མ་གཏོར་བ་མི་ཆགས་པ་དང་། རྒྱ་མཚོར་གཉའ་ཤིང་འཕྱོ་བའི་བུ་གར་རུ་སྦལ་གྱི་མགྲིན་པ་ཚུད་པའམ། ཁ་བ་གྱེན་དུ་བསླང་བའི་མིག་ཏུ་ཡུངས་དཀར་འཕངས་པ་མི་ཚུད་པ་ལྟར་མི་ལུས་ཤིན་ཏུ་རྙེད་དཀའ་འོ། །གཉིས་པ་ནི། དེ་དཀའ་བའི་དཔེ། རིགས་དྲུག་སེམས་ཅན་འབྲུའི་ཕུང་པོ་སྤུངས་པ་འདྲ། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་ནས་ཕུང་གི་རྨིང་དང་འདྲ། ལྷ་མ་ཡིན་རྐེད་པ་དང་འདྲ། ལྷ་དང་མི་གཉིས་རྩེ་མོ་དང་འདྲ། རིགས་དྲུག་གཞན་གྱི་ལུས་མཐོང་ན་མི་ལུས་ཐོབ་པ་མི་སྲིད་པ་ཙམ་ཡིན། དུད་འགྲོ་ཁ་འཐོར་གྱི་ལུས་མཐོང་ན་སྲིད་

(༥༩)མཐའ་ཙམ་ཡིན། རིགས་དྲུག་སེམས་ཅན་ལ་ཚོད་རྩིས་ཐོང་དང་གསུངས། གསུམ་པ་ནི། དལ་འབྱོར་ཐོབ་པའི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་དགོས་པས། ད་ལྟ་སྲོག་གཅོད་ཀྱི་སྡོམ་པ་ཙམ་བསྲུང་བར་དཀའ་ན་མི་ལུས་ཇི་ལྟར་ཐོབ། གཞན་ཡང་སྔོན་བྱོན་སངས་རྒྱས་བྱང་སེམས་སྐྱེས་ཆེན་གྲུབ་ཐོབ་ཐམས་ཅད་ཀྱང་མི་ལུས་རིན་པོ་ཆེ་འདི་ལ་བརྟེན་ནས་དམ་ཆོས་ཚུལ་བཞིན་བསྒྲུབས་པས་སངས་རྒྱས་པར་ཡིན་ནོ། དེ་ལྟར་དྲན་པས་དམིགས་རྐང་གཉིས་པ་འདོན། །དེ་ལྟར་དལ་འབྱོར་ཐོབ་ཀྱང་རྟག་ཏུ་འཆི་བའི་ཆོས་ཅན་ཡིན་པས་འཆི་བ་མི་རྟག་པ་མ་བསྒོམ་ན། དལ་འབྱོར་ཐོབ་ཀྱང་དུད་འགྲོ་དང་མཚུངས་པས་མི་རྟག་པ་བསྒོམ་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། མི་རྟག་པ་བསྒོམ་པས་གཉེན་ལ་ཞེན་ཆགས་ཆུང་། དགྲ་ལ་སྡང་སེམས་བྲལ། བརྩོན་འགྲུས་ཀྱི་ལྕག་ཏུ་འགྱུར། དགོས་མེད་རྒྱུད་ལ་སྐྱེས། ཆོས་ལ་དཀའ་སྤྱད་བཟོད། ཇི་སྐད་

(༦༠)དུ་ཡང་། །ངེས་པར་འཆི་བ་བསམ་ལ་རྟག་འཛིན་སྤངས། །ནམ་འཆི་ཆ་མེད་བསམ་ལ་རྟག་འཛིན་བློ་སྣ་བསྐུར། །ཆོས་མིན་ཕན་མེད་བསམ་ལ་དམ་ཆོས་སྒྲུབས། ཅེས་གསུངས་པ་ལྟར། གཅིག་ཀྱང་མ་ཤི་བར་ལུས་པ་མེད་པས་བདག་ཀྱང་ངེས་པར་འཆི། ལུས་འདི་ལ་མི་འཆི་བའི་སྲ་བརྟན་མེད་ཅིང་འདུས་བྱས་ཡིན་པས་འཆི། ཚེ་ཉིན་ཞག་སྐད་ཅིག་རེ་ལའང་ཟད་པ་མ་གཏོགས་བསྣོན་པ་མེད་པས་འཆི། ཚེ་ལ་ནམ་འཆིའི་ངེས་པ་མེད་པས་ནམ་འཆི་ཆ་མེད་དུ་འཆི། འཆི་བའི་རྐྱེན་མང་བས་འཆི་རྐྱེན་གང་གིས་བྱེད་ཆ་མེད་དུ་འཆི། གསོན་པའི་རྐྱེན་ཉུང་བས་དེ་རིང་ཙམ་ཡང་མི་འཆི་བའི་གདེང་མེད་པས་འཆི། དེས་པར་འཆི་བའི་དུས་ལ་བབ་ན་ཟས་ནོར་མང་བས་འཆི་བ་མི་བསླུ་སྟེ་འཆི། གཉེན་འབྲེལ་མང་ཡང་འཆི་བ་མི་བསླུ་སྟེ་འཆི། རང་ལུས་གཅེས་འཛིན་ཟས་གོས་ཀྱིས་བསྐྱང་བ་འདིས་ཀྱང་འཆི་བ་མི་བསླུ་སྟེ་འཆི། དེ་ལྟར་ཡང་གཞུང་ཉིད་ལས། །འཁོར་བ་

(༦༡)བའི་འཁོར་ལོ་རབ་འབྱམས་པའི་རིགས་དྲུག་སེམས་ཅན་རྣམས སྒྱུ་ལུས་མི་རྟག་སྟོན་དུས་མེ་ཏོག་འདྲ་སྟེ་ནམ་ཡལ་མེད ཚེ་འདི་མི་རྟག་ཉི་མའི་གྲིབ་སོ་འདྲ་སྟེ་ཡད་མ་ལུད ནོར་རྫས་མི་རྟག་རྩ་ཁའི་ཟིལ་པ་འདྲ་སྟེ་སེར་སྣའི་བསོག་འཇོག་སྤངས འཁོར་གཡོག་ཟླ་གྲོགས་གཉེན་འདུན་ཚོར་འདུས་མགྲོན་པོ་འདྲ་སྟེ་སོ་སོར་བྱེར གློ་བུར་བར་ཆད་རླུང་ལྟར་ལྡང་བས་སེམས་ཉིད་མར་མེ་ནམ་ཁྱེར་མེད འདུས་བྱས་ལས་ལ་ཟིན་དུས་མེད་དེ་སྒྱུ་མའི་གྲོང་ཁྱེར་རྫུས ཟིན་མེད་བྱ་བས་རང་མགོ་བསྐོར་བས་འཁོར་བར་ཡང་ཡང་འཁྱམས འཁོར་བའི་འཁོར་ལོ་ཟད་དུས་མེད་པས་ཉི་ཟེར་རྡུལ་ལྟར་འཚུབས ཕྱི་མའི་ལས་ལུས་ཇི་ལྟར་ལེན་ཡང་ཞེ་རེ་འཇིགས སྐྱབས་གནས་དཔུང་གཉེན་བར་དོར་མེད་པའི་སྐབས་དེར་སྡུག་བསྔལ་གཅོས ལས་ཉོན་སྡིག་སྒྲིབ་ཡེ་ནས་བསགས་པ་འདི་ཡང་དག་རེ་དཀའ ཉོན་མོངས་དུག་ལྔ་གཉེན་པོས་མ་

(༦༢)ཟིན་པ་ཡན་འདིས་ནི་རང་རེ་ཕུང་ རློམ་སེམས་སེར་སྣ་རེ་ལྟོས་ཨ་འཐས་ཞེན་ཆགས་འདིས ཅི་བྱ་གཏོལ་མེད་གཅེར་བུ་སེར་བས་འདས་འདྲ་ཞིག ནམ་ཞིག་མི་རྟག་འཆི་བའི་དུས་འདིར་འོང་སྲིད་དོ ཚེ་འདིའི་བསོག་འཇོག་ཚོང་མགྲོན་ཇག་པས་བཅོམ་འདྲ་ཞིག ནམ་ཞིག་ཕྱི་མའི་སོ་ནམ་རྒྱ་མཚོ་དུས་ཀྱིས་སྐེམ་འདྲ་ཞིག ནམ་ཞིག ཕྱི་མའི་ས་ལམ་ལམ་མཁན་མེད་པའི་རྐང་མགྱོགས་བཞིན འཇིགས་རུང་སྲིན་པོའི་ཡུལ་དུ་འཁྱམས་འདྲའི་སྡུག་བསྔལ་ཞིག ནམ་ཞིག དགེ་སྡིག་འབྲས་བུ་གང་ཐོབ་མེད་པའི་བཏང་སྙོམས་ལས ས་བོན་མེས་ཚིག་མྱུ་གུ་འདྲ་བའི་དུས་ཚོད་གཅིག ནམ་ཞིག ཚེ་འདིར་དོན་མེད་སྡིག་པའི་ལས་བསགས་ཆོས་ལ་སྨད འཆི་ཁའི་སྐྱབས་གནས་ཆོས་ལས་མེད་པས་བསམ་རེ་ཕྱི དཔེར་ན་ནམ་མཁར་བྱ་འཕུར་བྱ་གྲིབ་ཁྱི་ཡིས་དེད་འདྲ་ཞིག ནམ་ཞིག ཚེ་འདིར་ལུས་ལ་རྟག་པར་འཛིན་ཅིང་

(༦༣)གཅེས་པར་བཟུང་ མི་རྟག་མངོན་འཆར་བར་དོར་ཡིད་ལུས་གཅེར་བུར་རྒྱུག གཏད་མེད་ལྟོས་བྲལ་བྱ་སྤུ་རླུང་གིས་གཏོར་འདྲ་ཞིག ནམ་ཞིག ཚེ་འདིར་གཡོ་སྒྱུས་རྣམ་གཡེང་དགེ་བའི་ལས་ལ་ལོག་པར་བལྟ ཕྱི་མའི་འབྲས་བུ་སྲིན་བུའི་ཁ་ཆུས་རང་ཉིད་འཆིང་འདྲ་ཞིག ནམ་ཞིག་མི་རྟག་འཆི་བའི་འདི་ཕྱིའི་མཚམས་དེར་འོང་ངེས་སོ ཚེ་འདིར་གསང་སྔགས་ཁྱད་གསོད་དགེ་བའི་ལས་ལ་སྨོད ནམ་ཞིག་མི་རྟག་བྱུང་དུས་དབང་བཞི་ལེན་པར་སེམས ཐུགས་རྗེའི་ལྕགས་ཀྱུ་མྱུར་ཡང་འཛིན་པར་མི་ནུས་པས དཔེར་ན་སྲུབ་མེད་རྡོ་བ་རྒྱ་མཚོའི་ཀློང་དཀྱིལ་ནས ཉ་བའི་ལྕགས་ཀྱུས་རྡོ་བ་མ་བླངས་ལྟར དམ་ཚིག་མ་བསྲུངས་འདྲེན་པར་ཡོད་དོ་ཨང་ ཕྱི་རབས་རྗེས་འཇུག་ཐུགས་ལ་དེ་ལྟར་ཞོག དོན་བསམ་ཞིང་ངག་ཏུའང་བརྗོད་ལ་རང་རྒྱུད་དང་འདྲེས་ངེས་བྱ། དེ་ཡང་སྙིགས་མ་ལྔ་བདོ་བའི་

(༦༤)དུས་འདིར་འཆི་རྐྱེན་ཤིན་ཏུ་མང་ཞིང་ལྷག་པར་ལྷ་སྲིན་སྡེ་བརྒྱད་ཟིང་ལང་ཤིང་རྒྱ་ནད་རྒྱུག་འགྱེལ་ལ་སོགས་པའི་ནད་སྣ་ཚོགས་དང་། རྒྱལ་འགོང་དམ་སྲི་ལ་སོགས་པའི་འདྲེ་སྲིན་གདུག་པ་ཅན་རྣམས་ཀྱིས་སྐྱེ་འགྲོའི་ཚེ་སྲོག་མྱུར་དུ་གཅོད་པར་བྱེད་པ་ཤིན་ཏུ་མང་བས་ནམ་འཆི་ཆ་མེད་དོ། །དེ་ཡང་གཏེར་གཞུང་ལས། མ་འོངས་སུམ་ཅུ་ཁ་རལ་དུས ཕྱི་སྣོད་འཇིག་རྟེན་ཞིང་ཁམས་སུ འདྲེ་སྲིན་འབྱུང་པོ་འུར་རྒྱུག་བྱེད ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཀྱི ལུས་སྲོག་དུས་མིན་ངེས་མེད་འཇིག འབྱུང་བཞིའི་ནད་ཀྱིས་ངེས་པར་འཇིག འབྱུང་བཞིའི་ནད་ཀྱིས་འགྲོ་ཀུན་གཟིར དབང་མེད་བར་དོར་དུས་མིན་འཁྱམས ཅེས་དང་། དེ་ལྟར་ཡང་། སྒྱུ་ལུས་མི་རྟག་འཆི་པའི་རོ ཕྱི་སྣོད་མི་རྟག་དུས་བཞི་འགྱུར ནད་བཅུད་མི་རྟག་སྐྱེ་འགྲོའི་གཟུགས ནད་མཚོན་དམག་འཁྲུག་དུས་མིན་འཇིགས ཚེ་ཚད་མི་རྟག་སུམ་ཅུ་རལ

(༦༥)ལྷ་སྲིན་འབྱུང་པོ་སྐར་ལྟར་འཁྲུགས སད་སེར་མི་ནད་ཕྱུགས་ནད་འཚུབས གཙུག་ལག་དགེ་འདུན་སྡེ་རྣམས་འཇིགས མཆོག་གསུམ་བླ་མ་འོ་རེ་བརྒྱལ བོད་ཁམས་མི་ལ་བདེ་བ་མེད ཅེས་སོ། །དེ་ལྟར་ཐམས་ཅད་མི་རྟག་པས་བདག་ཀྱང་མི་རྟག་པར་བསམ་ཤིང་དམ་པའི་ཆོས་ལ་བརྩོན་འགྲུས་དྲག་པོ་ད་ལྟ་ཉིད་ནས་སྒྲུབ་དགོས་ཏེ། མདོ་ལས། རྟག་ཏུ་བརྩོན་འགྲུས་གང་བརྩམས་པ། །དེ་ལ་བྱང་ཆུབ་ཡོད་མི་དཀའ། ཅེས་དང་། གང་ལ་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དེ། ཞེས་གསུངས་པས། དམ་པའི་ཆོས་ལ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མ་སོང་བར། བརྩོན་འགྲུས་མགོ་ལ་མེ་ཤོར་བ་གསོད་པ་ལྟར་མྱུར་དུ་སྒྲུབ་དགོས། ནམ་འཆི་ཆ་མེད་འདི་ལ་བསམས་ནས། མི་ཚེ་ཆོས་ལ་དྲིལ་བ་མ་གཏོགས་པར། ཚེ་འདིའི་བྱ་བ་སྒྲུབ་ལོང་མི་འདུག་པས། འཆི་བ་མི་རྟག་བསྒོམས་ན་མི་ལེགས་སམ། ཞེས་ཡིད་ལ་བསམ་

(༦༦)ཞིང་དམིགས་རྐང་གསུམ་པ་འདོན། །བཞི་པ་ལས་རྒྱུ་འབྲས་བསྒོམ་པ་གལ་ཆེ་སྟེ། གུ་རུ་པདྨའི་ཞལ་ནས། ཚེ་འདི་ཕྱིའི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་སྔོན་གྱི་ལས་ལས་གྲུབ་བས། ལས་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་པ་གལ་ཆེ། རྒྱུ་སྡིག་པ་བྱས་པས་འབྲས་བུ་སྡུག་བསྔལ། རྒྱུ་དགེ་བའི་ལས་ལ་འབྲས་བུ་བདེ་བ་འབྱུང་བར་ཡང་སངས་རྒྱས་བསླུ་བ་མེད་པའི་ས་དང་། མར་ངན་སོང་དུ་ལྟུང་བ་ཡང་རྒྱུ་འབྲས་བསླུ་མེད་ཀྱི་རྟེན་འབྲེལ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་པས། དེ་ལ་སྡིག་པ་མི་དགེ་བ་ནི། སྲོག་གཅོད་པ། མ་བྱིན་པ་ལེན་པ། འདོད་པས་ལོག་པར་གཡེམ་པ། རྫུན། ཕྲ་མ། ཚིག་རྩུབ། ངག་འཆལ། བརྣབ་སེམས། གནོད་སེམས། ལོག་ལྟ་བཅས་རྣམ་པ་བཅུའོ། །མི་དགེ་བ་དེ་དག་རེ་རེ་ལ་ཡང་། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་དང་གསུམ་ལས། མི་དགེ་བ་

(༦༧)དེ་དག་ཞེ་སྡང་གིས་ཀུན་ནས་བསླངས་ཏེ། ཡུལ་མཆོག་ལ་བརྟེན་ནས་ཆེན་པོར་སྤྱད་པས་དམྱལ་བར་སྐྱེ། འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ་ཡུལ་འབྲིང་པོ་ལ་བརྟེན་ནས་བར་མར་སྤྱད་པས་ཡི་དྭགས་སུ་སྐྱེ། གཏི་མུག་གི་ཀུན་ནས་བསླངས་ཏེ་ཡུལ་མཐའ་མ་ལ་བརྟེན་ནས་སྡིག་པ་ཆུང་ངུར་སྤྱད་པས་དུད་འགྲོར་སྐྱེ་སྟེ། རིན་ཆེན་ཕྲེང་བ་ལས། ཀུན་གྱིས་སྡིག་བསགས་ངན་འགྲོའོ། རྒྱུ་མཐུན་གྱི་འབྲས་བུ་ལ་གཉིས་ཏེ། མྱོང་བ་རྒྱུ་མཐུན་ནི། གལ་ཏེ་མི་ལུས་ཐོབ་པར་སྨིན་པར་འགྱུར་ཏེ། ལུང་སྔ་མ་ལས། །གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །བརྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་ཕོར་བྱས་པས་དགྲ་ཟླ་བཅས། །རྫུན་དུ་སྨྲ་བས་སྐུར་པ་མང་། །ཕྲ་མ་ཡིས་ནི་བཤེས་དང་དབྱེ། །ཚིག་རྩུབ་པོས་ནི་མི་སྙན་ཐོས། །ངག་འཁྱལ་ཡིས་ནི་ཚིག་མི་བརྩུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་

(༦༨)བྱེད། །ལོག་པར་བལྟ་བས་ལྟ་ངན་འཛེགས། ཅེས་དང་། བྱེད་པ་རྒྱུ་མཐུན་ནི་སྔར་མི་དགེ་བ་གང་དང་གང་ལ་གོམས་པ་དེ་ད་དུང་བྱེད་སྙིང་འདོད་པར་འགྱུར་རོ། །དབང་གི་འབྲས་བུ་ནི། །སྲོག་གཅོད་ས་ཕྱོགས་གཟི་མདངས་ཆུང་། །མ་བྱིན་ལེན་གྱིས་སད་སེར་ལྡང་། །འདོད་ལོག་གིས་ནི་རྡུལ་འཁྲིགས་པ། །རྫུན་གྱིས་མི་གཙང་དྲི་ང་བ། །ཕྲ་མས་ས་ཕྱོགས་མཐོ་དམན་ཅན། །ཚིབ་རྩུབ་ཀྱིས་ནི་ཚྭ་སྒོ་ཅན། །ངག་འཁྱལ་གྱིས་ནི་དུས་འགྱུར་ལྡོག །བརྣབ་སེམས་ཀྱིས་ནི་འབྲས་བུ་ཕྲ། །གནོད་སེམས་འབྲས་བུ་རོ་ཁ་བ། །ལོག་ལྟས་ཆུང་རྒྱུའམ་མེད་པའོ། །ཞེས་དང་། སྤྱོད་འཇུག་ལས། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། ཅེས་གསུངས་པ་ལྟར་ཡང་ཡང་བསམ་དགོས་སོ། །དེ་ལས་ལྡོག་པ་དགེ་

(༦༩)པ་བཅུ་ཡིན་ཏེ། རྣམ་སྨིན་གྱི་འབྲས་བུས་མཐོ་རིས་གསུམ་དུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ནི། སྲོག་གཅོད་སྤངས་པས་ཚེ་རིང་། །མ་བྱིན་ལེན་སྤངས་ལོངས་སྤྱོད་ཆེ། །འདོད་ལོག་སྤངས་པས་དགྲ་ཟླ་མེད། །རྫུན་ཚིག་སྤངས་པས་སྐུར་འདེབས་བྲལ། །ཕྲ་མ་སྤངས་པས་བཤེས་དང་མཐུན། །ཚིག་རྩུབ་སྤངས་པས་སྙན་པ་ཐོས། །ངག་འཁྱལ་སྤངས་པས་ཚིག་བཙུན། །བརྣབ་སེམས་སྤངས་པས་རེ་བ་འགྲུབ། །གནོད་སེམས་འཇིགས་མེད་བདེ་དང་ལྡན། །ལོག་ལྟ་སྤངས་པས་ལྟ་བཟང་ཐོབ། དབང་འབྲས་ཀྱང་། །ས་ཕྱོགས་གཟི་ཆེ་ལོ་ཏོག་འཕེལ། །རྡུལ་མེད་དྲི་ངམ་ཐོ་དམན་མེད། །ཚྭ་སྒྲོ་མེད་ཅིང་དུས་ཚིག་སྙོམས། །འབྲས་བུ་ཆེ་ཞིང་མངར་བ་དང་། །མང་པོར་ཡོད་པར་སྐྱེ་བའོ། །ཞེས་གསུངས་ལྟར་རོ། །དེ་ཡང་དགེ་བས་བདེ་བ་དང་། སྡིག་པས་སྡུག་བསྔལ། འདྲེས་མས་བདེ་སྡུག་འདྲེས་མང་མྱོང་

(༧༠)བས་འཕེན་རྫོགས་ཀྱི་ལས་སོ་སོར་མྱོང་ཚུལ་ཤེས་པར་བྱ་དགོས་སོ། །དགེ་སྡིག་གང་ཡིན་ཀྱང་། སྐྱེ་བ་ཕྱི་མ་མྱོང་འགྱུར་གྱི་ལས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་དང་། གཉེན་པོས་ཟིན་ན་མྱོང་བ་མ་ངེས་པ་སོགས་ཞིབ་ཏུ་ཡིད་ལ་ངེས་པར་བྱའོ། །ལས་འབྲས་བསླུ་མེད་འདི་ལ་བསམ་ཙ་ན། །སྡིག་སྤངས་དགེ་སྒྲུབ་བྱེད་པ་མ་གཏོགས་པ། །དགེ་སྡིག་འཆོལ་བར་སྤྱོད་ན་མི་རུང་བས། །ལས་འབྲས་ཞིབ་ཀྱིས་བརྩི་ན་མི་ལེགས་སམ། ཞེས་དོན་ལ་བསམ་གཞིག་བྱ་ཞིང་དམིགས་རྐང་པ་ཞི་བ་འདོན་པ་སྒོམ་བྱ། །ལྔ་པ་འཁོར་བའི་ཉེས་དམིགས་ནི། གུ་རུ་པདྨའི་ཞལ་ནས། དོན་མེད་ལས་ལ་སྡུག་རྒུར་མ་བྱེད་པར། །འདི་ཕྱི་གཉིས་ཀར་བདེ་སྐྱིད་ཆོས་མཛོད་ཅིག །སྡིག་པ་མི་དགེས་ངན་སོང་གསུམ་དུ་སྐྱེ། །དགེ་བ་བྱས་པས་མཐོ་རིས་གསུམ་དུ་སྐྱེ། །སངས་རྒྱས་མ་ཐོབ་བདེ་བ་གང་ནའང་མེད། ཅེས་གསུངས་པ་ལྟར། སངས་རྒྱས་མ་ཐོབ་ཀྱི་བར་དུ་རིགས་

(༧༡)དྲུག་གི་གནས་གར་སྐྱེས་གར་གནས་ཀྱང་མཐར་ཐུག་གི་བདེ་བ་མེད་དེ། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་དང་ལྷ་མིན་ལྷ་རྣམས་ཏེ། །རིགས་དྲུག་ཁམས་གསུམ་འཁོར་བའི་གནས། །གང་དུ་སྐྱེས་ཀྱང་སྡུག་བསྔལ་ཉིད། ཅེས་གསུངས་པ་ལྟར་དང་། དེའི་ནང་ནས་ཀྱང་ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་བརླག་མེད་ཅིང་། ཁྱད་པར་དམྱལ་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་སྟེ། ཚ་དམྱལ་བ་རྣམས་ནི་གཤིན་རྗེའི་སྐྱེས་བུ་འཇིགས་སུ་རུང་བ་རྣམས་ཀྱིས་དམྱལ་བའི་སེམས་ཅན་དེ་དག་ལྕགས་བསྲེགས་ཀྱི་ས་གཞིར་འདེད་ཅིང་བསྒྱེལ་ནས་རབ་ཏུ་འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས་ལུས་དུམ་བུ་བརྒྱ་སྟོང་མང་པོར་གཏུབ་པ་དང་། བསྐལ་པ་དུས་མཐའི་མེ་དཔུང་འབར་བ་ལྟ་བུས་བཙོ་ཞིང་བསྲེགས་པ་ལ་སོགས་པའི་སྡུག་བསལ་རྒྱུན་ཆད་མེད་པར་མྱོང་བ་དང་། གྲང་དམྱལ་རྣམས་ནི། གནས་གངས་རིའི་ཁྲོད་

(༧༢)འཁྱགས་པའི་ཐང་ཆེན་པོའི་སྟེང་ཁ་བ་བུ་ཡུག་གི་རེག་བྱ་ཤིན་ཏུ་གྲང་བས་གདུང་བ་སྣང་བའི་ཁྱད་པར་སྐར་མའི་འོད་ཙམ་ཡང་མེད། དྲོ་བའི་རྐྱེན་ཁང་ཁྱིམ་ཉི་མ་གོས་སོགས་ལྟ་ཞོག །ས་གཞི་ལ་གཤོང་བུ་ཙམ་ཡང་མེད་པར་གྲང་བའི་སྟོབས་ཀྱིས་ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་ཅན་སོགས་ལུས་ཚལ་པ་བརྒྱ་སྟོང་དུ་མར་གས་པ་སོགས་ལས་ངན་མ་ཟད་པར་དུ་སྡུག་བསྔལ་མྱོང་དགོས་ཏེ། མཆོག་གཏེར་པདྨ་གར་དབང་ཆོས་སྤྱོད་ལམ་རིམ་ལས། དམྱལ་བ་ཚ་གྲང་སྡུག་བསྔལ་བཟོད་བླག་བྲལ། །ཚེ་ཚད་དག་ཀྱང་བསྐལ་པ་དུ་མ་སྟེ། །ད་ལྟ་ལུས་འདི་མེ་འོབ་ནང་དུ་བཙུད། །གཤེད་མ་བརྒྱ་ཡིས་མཐའ་ནས་བསྐོར་གྱུར་ཀྱང་། །དམྱལ་བའི་སྡུག་བསྔལ་ཕྲའུ་མཚོན་དུ་མེད། དེ་འདྲའི་སྡུག་བསྔལ་བཟོད་ཐུབ་གདེང་ཡོད་དམ། ཅེས་གསུངས་པ་ལྟར་རོ། །ཡི་དྭགས་ནི་ཕྱིའི་སྒྲིབ་པ་ཅན་དང་།  ནངགིསྒྲིབཅན ་དང་། ཟས་སྐོམ་གྱི་སྒྲིབ་པ་

(༧༣)ཅན་རྣམས་ལའང་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་བཟོད་རླག་མེད་དེ། ལུང་སྔ་མ་ལས། ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་བསམ་མི་ཁྱབ། །བསྐལ་པ་དུ་མར་ཟས་སྐོམ་ཅུང་ཟད་ཀྱང་། །རྙེད་པར་མི་འགྱུར་ཆུ་ཐིགས་ཙམ་མི་མཐོང་། །ཉམ་ཐག་སྨྲེ་སྔགས་བསྐལ་པ་སྟོང་དུ་འབོད། །ཉིན་གཅིག་བཟའ་བཏུང་གང་ཡང་མ་རྙེད་ན། །སྡུག་བསྔལ་ཅི་འདྲ་དེ་ཡིས་མཚོན་ནུས་མིན། །ཅེས་སོ། །དུད་འགྲོ་རྣམས་ནི་གླེན་ཅིང་གཏི་མུག་པའི་དབང་གིས་ཆེ་བ་རྣམས་ཀྱིས་ཆུང་དུ་མང་པོ་དུས་རེ་ལ་ཟ་བ་དང་། ཆུང་བུ་རྣམས་ཀྱིས་ཆེན་པོའི་ལུས་ལ་མཆུ་བཙུགས་ནས་རྒྱུན་དུ་ཟ་བ་དང་། མུན་གླིང་དུ་སྐྱེས་པ་རྣམས་རང་ལུས་མི་མཐོང་བས་ཉིང་ཤ་ཉིད་ཀྱིས་ཟ་བ་དང་། དུད་འགྲོ་ཁ་འཐོར་གྱི་སྡུག་བསྔལ་ཀྱང་བསམ་གྱིས་མི་ཁྱབ་སྟེ། སྔ་མ་ལས། བྱོལ་སོང་བླུན་རྨོངས་གཅིག་གིས་གཅིག་ལ་ཟ། །མུན་གླིང་གནས་དང་དབང་མེད་

(༧༤)བཀོལ་སྤྱོད་ཀྱི། །སྡུག་བསྔལ་བཟོད་མེད་གཤེད་མས་རྟག་ཏུ་བཀོལ། ལྷ་རྣམས་ནི་འཆི་འཕོ་འོག་ཏུ་ལྟུང་བའི་སྡུག་བསྔལ། རིང་བའི་འཆི་ལྟས། ཉེ་བའི་འཆི་ལྟས། དམྱལ་བའི་སྡུག་བསྔལ་ལས་བཅུ་དྲུག་གི་ཆར་མི་ཕོད་པ་ཡོད་དོ། སྔ་མ་ལས། ལྷ་ཡི་བདེ་སྐྱིད་མ་དང་གི་རྨི་ལམ་བཞིན། །ཚེ་ཚང་རྫོགས་ནས་མི་ཡི་འཆི་འཕོ་ནི། །བརྒྱད་འགྱུར་ཙམ་གྱི་སྡུག་བསྔལ་དུས་དེར་མྱོང་། །ལྷ་ལས་འཕོས་ནས་ངན་སོང་གསུམ་དུ་ལྷུང་། ཅེས་སོ། ལྷ་མ་ཡིན་ལ་ཕྲག་དོགས་ཀྱི་དབང་གིས་ལྷ་རྣམས་ལ་འཐབ་ཅིང་རྩོད་པའི་སྡུག་བསྔལ་དཔག་ཏུ་མེད་དེ། སྔ་མ་ལས། ལྷ་མིན་ལྷ་ལ་འཁྲུག་ཅིང་རྟག་ཏུ་ཕམ། །ནང་དུ་བཟའ་མི་དུམ་ཞིང་རྟག་ཏུ་འཁྲུག །ཡང་ཤི་ཡང་སོས་སྡུག་བསྔལ་བཟོད་བླག་མེད། ཅེས་སོ། །འོ་སྐོལ་མི་རྣམས་ལ་ཡང་། ད་ལྟ་རང་རེ་རྣམས་ཀྱིས་ཉམས་སུ་མྱོང་བ་ལྟར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། དགྲ་སྡང་བ་དང་འཕྲད་དམ་འཕྲད་

(༧༥)ཀྱིས་དོགས་པའི་སྡུག་བསྔལ། གཉེན་བྱམས་པ་དང་བྲལ་ལམ་བྲལ་གྱིས་དོགས་པའི་སྡུག་བསྔལ། ཡོད་པ་རྣམས་འཚོ་སྐྱོང་བསྲུང་མི་ཐུབ་པའི་སྡུག་བསྔལ། མེད་པ་རྣམས་བཙལ་གྱིས་མི་རྙེད་པ་བཀྲེས་ཤིང་ཕོངས་པའི་སྡུག་བསྔལ། ཆེན་པོ་རྣམས་ལ་སེམས་ཀྱི་སྡུག་བསྔལ། དམན་པ་རྣམས་ལ་ལུས་ཀྱི་སྡུག་བསྔལ་སོགས། འགྱུར་པའི་སྡུག་བསྔལ་སོགས་ལ་མིག་གིས་བལྟས་ལ་སེམས་ཀྱིས་དཔྱད་ན་གསལ་ལོ། །ཡང་སྔ་མ་ལས། མི་ཡི་ཡུལ་ན་སྐྱེ་རྒ་ན་འཆི་ཡི། །སྡུག་བསྔལ་བསམ་གྱིས་མི་ཁྱབ་བཞི་དང་ལྡན། །བསགས་པའི་ནོར་འཛད་སྐྱེས་པའི་ཐ་མ་འཆི། །དར་བའི་མཐའ་གུད་སྐྱིད་པའི་ཐ་མ་སྡུག །ཟས་ནོར་མི་རྙེད་བྲེལ་ཕོངས་ཡ་རེ་ང་། །སྡུག་བསྔལ་ངང་དུ་མི་ཚེ་དོན་མེད་ཟད། ཅེས་སོ། །དེ་ཡང་གཞུང་ལས། །རང་གཞན་སེམས་ཅན་ཐམས་ཅད་ཀུན། །ཟིན་མེད་ཚེ་འདིའི་འདུན་གྲོས་གཡེངས། །མི་ཚེ་སྟོང་ཟད་སྙོམས་ལས་ཅན། །

(༧༦)རིགས་དྲུག་འཁོར་ལོར་མི་འཇིགས་སམ། ཅེས་རིགས་དྲུག་འཁོར་བའི་སྡུག་བསྔལ་གྱི་འཁོར་ལོ་དེ་རྣམས་ལ་ངེས་འབྱུང་དང་སྐྱོ་ཤས་དྲག་པོ་བསྐྱེད་ཅིང་། འཁོར་བ་ནས་ད་རེས་ཅི་ཐར་གྱི་ཐབས་ལ་འབད་པར་བྱ་དགོས་ཏེ། ཡབ་སྲས་མཇལ་བའི་མདོ་ལས། འཁོར་བའི་སྐྱོན་རྣམས་མཐོང་བ་ན། །སྐྱོ་བའི་སེམས་ནི་རབ་ཏུ་བསྐྱེད། །ཁམས་གསུམ་བཙོན་རར་འཇིགས་པས་ན། །བརྩོན་པའི་སེམས་ཀྱིས་སྤངས་པར་བྱེད། །ཅེས་གསུངས་པ་ལྟར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཐར་བའི་དུས་མེད་ལས་ཀྱི་བཙོན་དོང་འདི་ལས་མྱུར་དུ་ཐར་པའི་ཐབས་ལ་འབད་པར་གྱིས་ཤིག །འཁོར་བའི་སྡུག་བསྔལ་འདི་ལ་བ་ཡམ་ཙ་ན། །གང་དུ་སྐྱེས་ཀྱང་སྡུག་བསྔལ་མ་གཏོགས་པར། །བདེ་བ་སྐད་ཅིག་ཙམ་ཡང་མི་འདུག་པས། །གཏན་བདེའི་ཐར་བ་བསྒྲུབས་ན་མི་ལེགས་སམ། །འཁོར་བ་མཐའ་མེད་འདི་ལ་བསམ་ཙ་ན། །ད་དུང་འཁོར་བར་འཁྱམ་

(༧༧)བ་མ་གཏོགས་པར། །གནས་ངན་ལེན་འདི་ཆོད་དུས་མི་འདུག་པས། །གཉེན་པོ་བཙན་ཆོད་བསྒོམས་ན་མི་ལེགས་སམ། ཞེས་རང་རྒྱུད་ལ་གཞིག་འགྲེལ་ཡང་ཡང་བྱའོ། དམིགས་རྐང་ལྔ་པ་འདོན་བསྒོམ་བྱ། །དྲུག་པ་ཐར་པའི་ཕན་ཡོན་ནི། དེ་ལྟར་འཁོར་བ་ལས་གྲོལ་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་བདེ་བ་བསམ་གྱིས་མི་ཁྱབ་སྟེ། སྒྲིབ་གཉིས་ཀྱི་མུན་པ་སངས་པས་འཁོར་བའི་མཐའ་ལ་མི་གནས། ཚོགས་གཉིས་ཀྱི་དཔལ་འབྱོར་རྒྱས་པས་དོན་གཉིས་ལྷུན་གྱིས་གྲུབ། བདག་གཞན་གཉིས་མེད་དུ་རྟོགས་པས་དགྲ་གཉེན་གྱི་སྣང་བ་མེད། འཁོར་བ་རིས་མེད་དུ་རྟོགས་པས་སྤང་བླང་གི་ཚུལ་ཁྲིམས་གཙང་། ཅིར་སྣང་རང་སེམས་སུ་རྟོགས་པས་སྣང་བ་ཆོས་སྐུར་ཤར། འགྲོ་ཀུན་ཕ་མར་ཤེས་པས་བྱང་ཆུབ་ཀྱི་སེམས་དང་ལྡན། སྣང་སྟོང་དབྱེར་མེད་དུ་རྟོགས་པས་ཆགས་སྡང་དང་ཕྱོགས་རིས་དག །བྱ་

(༧༨)བྲལ་བརྗོད་མེད་དུ་ཤེས་པས་འཁོར་འདས་ཀྱི་མཚང་ཞིག །རང་ངོ་རང་གྲོལ་དུ་རྟོགས་པས་བདེ་ཆེན་གྱི་བཙན་ས་ཟིན་པ་སྟེ་རྣམ་གྲོལ་གཏན་གྱི་བདེ་བ་བསམ་གྱིས་མི་ཁྱབ་བོ། དེ་ཡང་གཏེར་གཞུང་ལས། །དེ་ཡང་གསང་སྔགས་དམ་ཚིག་གནད་དུ་བསྣུན་པའི་ཕྱིར རྒྱལ་བ་རབ་འབྱམས་གསང་སྔགས་ཆོས་ལ་བརྟེན་ནས་སངས་རྒྱས་སོ བར་དུ་བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ་སྤྱན་སྔ་རུ ཉ་པ་ལྔ་བརྒྱས་སྔོན་བྱས་ལས་ལ་སྐྱོ་བ་སྐྱེས སངས་རྒྱས་དབང་བཙུག་སྔར་བྱས་སྡིག་སྒྲིབ་བཤགས་ཤིང་སྦྱོངས ཅེས་མ་ཐོབ་བའི་ཆོས་ལ་ཡོངས་སུ་གྲགས་པ་ལྟར་དགྲ་བཅོམ་པའི་གོ་འཕང་མངོན་དུ་མཛད་ནས་སླར་དག་པའི་ཞིང་ནས་བགྲོད་པ་གཅིག་པའི་གསང་སྔགས་རྡོ་རྗེ་ཐེག་པས་སྨིན་པར་མཛད་པ་ལ་དགོངས་ནས་ཉ་པ་ལྔ་བརྒྱ་ཉ་དང་བཅས་རྣམས་དག་པའི་ཞིང་ཁམས་སུ ཚེ་གཅིག་སངས་རྒྱས་མངོན་གྱུར་ལུས་མ་བཞག་པར་གཤེགས ཅེས་དང་།

(༧༩)ཕྱི་མའི་དོན་ཀྱང་སྔ་མ་ལྟར་ཐ་སྙད་དུ་མས། ཉན་ཐོས་ཀྱི་མི་ཤེས་པའི་རྒྱུ་བཞི་ལས་ཆོས་ཟབ་ཅིང་ཕྲ་བ་མི་ཤེས་པ་ལྟར་ཞལ་ཚོན་གཅོད་དཀའ་བས་སངས་རྒྱས་གཉིས་པའི་གསུང་ལ་ཐེ་ཚོམ་པར་མི་འཚལ་བླངས་དགོས་ཏེ། ཡང་གཅིག་བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ་སྤྱན་སྔ་རུ དགའ་བོ་སོར་ཕྲེང་སློབ་དཔོན་བཀའ་ལས་མ་འདས་ཤིང་ མངོན་སྤྱོད་ལས་ལ་རབ་བསྐལ་སྒྲོལ་བའི་ལས་བཟད་ཚེ སངས་རྒྱས་ཞལ་མཐོང་གསང་སྔགས་ཟབ་མོའི་ཆོས་རྣམས་ཐོས དགའ་བོ་སོར་ཕྲེང་སྔར་བྱས་སྡིག་སྒྲིབ་སྐྱོང་ཞིང་བཤགས སངས་རྒྱས་དཔང་བཙུག་ཡང་དག་དོན་ལ་རྩེ་གཅིག་བསྒྲིམ དགའ་བོ་སོར་ཕྲེང་མཚམས་མེད་ལས་ཀྱིས་མ་བསྒྲིབས་ཏེ དགའ་བོ་ཚེ་གཅིག་སངས་རྒྱས་ས་ཐོབ་ཕ་རོལ་ཕྱིན འབྲེལ་ཐོག་ཐམས་ཅད་ཡང་དག་སངས་རྒྱས་ས་ལ་བཀོད ལུས་མ་བཞག་པར་དག་པའི་ཞིང་དུ་གཤེགས་པའོ

(༨༠)གསང་སྔགས་དམ་ཚིག་གནད་དུ་བསྣུན་ན་དེ་ལྟར་རོ། །ཞེས་གསུངས་པ་ལྟར་མདོ་སྔགས་ཟུང་འབྲེལ་གྱི་ལམ་ཟབ་མོ་ཉམས་སུ་ལེན་པ་ལ་འབད་པར་འཚལ་ལོ། །དམིགས་ཐུན་དྲུག་པ་འདོན་ཞིང་བློ་སྦྱང་བར་བྱའོ། །སྨྲས་པ། ཐར་པའི་ཕན་ཡོན་འདི་ལ་བསམ་ཙ་ན། །བདེ་ནས་བདེ་བར་འགྲོ་བར་མ་གཏོགས་པ། །སྡུག་བསྔལ་མིང་ཙམ་གྲགས་པར་མི་འདུག་པས། །དེའི་རྒྱུ་དམ་ཆོས་བསྒྲུབས་ན་མི་ལེགས་སམ། ༈ །སྤྱི་དོན་གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་གཉིས་ལས། དང་པོ་བསྟན་པའི་འཇུག་སྒོ་སྔོན་འགྲོའི་རྩ་བ་སྐྱབས་སུ་འགྲོ་བའི་ཁྲིད་ནི། གཞུང་ལས། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ ངན་སོང་འཇིགས་སྐྲག་འཁོར་བ་འདི མི་རྟག་སྒྱུ་མར་མི་ཤེས་སམ ཤེས་བཞིན་སངས་རྒྱས་དབུང་དུ་ཚོགས བསླུ་མེད་དཀོན་མཆོག་སྐྱབས་སུ་ཚོལ ཞེས་གསུངས་བས་སྐྱབས་སུ་འགྲོ་བ་གལ་ཆེ་ཏེ། དེ་ལ་

(༨༡)སྐྱབས་འགྲོའི་རྒྱུ་ནི། རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་སྤྱི་དང་བྱེ་བྲག་ཏུ་ངན་སོང་གསུམ་གྱི་སྡུག་བསྔལ་དང་། ཚེ་འདིར་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྐྱབས་སུ་འགྲོ་བའོ། དེ་ལ་དང་པོ་སྐྱབས་སུ་འགྲོ་བའི་ཡུལ་ནི། ཕྱི་ལྟར་ན་སངས་རྒྱས་ཆོས་དང་དགེ་འདུན་གསུམ། ནང་ལྟར་ན་བླ་མ་ཡི་དམ་མཁའ་འགྲོ་གསུམ། གསང་བ་ལྟར་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། དོན་དམ་པ་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། མདོ་ལས། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། ཅེས་སོ། །དཀོན་མཆོག་གསུམ་མ་གཏོགས་གང་གིས་ཀྱང་སྐྱོབ་མི་ནུས་ཏེ། ཇི་སྐད་དུ་ཡང་། རང་ཡང་འཁོར་བའི་བཙོན་རར་དམ་བཅིངས་པའི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་བར་ནུས། ཅེས་དང་། མདོ་ལས། འཇིགས་པས་སྐྲག་བའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ལྗོན་ཤིང་

(༨༢)དག་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ནོ། །སྐྱབས་དེ་ལ་ནི་བསྟེན་པ་ནི། །འཇིགས་པ་ཀུན་ལས་ཐར་མི་འགྱུར། །གང་ཞིག་སངས་རྒྱས་ཆོས་དང་ནི། །དགེ་འདུན་དག་ལ་སྐྱབས་འགྲོ་བ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འགོག་པ་དང་། །བདེ་ཞིང་མྱ་ངན་འདས་བྱས་ནས། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། ཅེས་གསུངས་པ་ལྟར་རོ། །གཉིས་པ་སྐྱབས་སུ་འགྲོ་བའི་ཚུལ་ནི། བླ་མ་དཀོན་མཆོག་ལ་བློ་ལིངས་ཀྱིས་བཀལ་ནས་རང་གི་སྐྱབས་འགྲོ་བྱེད་པ་བཞིན། སེམས་ཅན་ཐམས་ཅད་ཀྱིས་སྐྱབས་འགྲོ་བྱེད་པར་བསམ་ལ་སྐྱབས་ཡུལ་མདུན་གྱི་ནམ་མཁའ་དམིགས་ལ། ན་མོ་བདག་གཞན་མར་གྱུར་སོགས་ནས། དྲིན་ཆེན་རྩ་བའི་བླ་མ་ལ་སྐྱབས་སུ་མཆིའོ་བར་བརྒྱ་སྟོང་གང་ནུས་དང་། ཨོཾ་ཨཱཧཱུྃ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སོགས་དྲག་རྩལ་གཞུང་གི་སྐྱབས་འགྲོ་དང་བསྒྲུབ་ས་ལ་ཕྱག་

(༨༣)འབུམ་ཐེར་གྱི་གྲངས་བསགས་སམ། གཞུང་ལྟར་རྩེ་གཅིག་གསོལ་བ་འདེབས། ཡན་ལག་བདུན་པ་སོགས་བྱ། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི། མདོ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་པར་ག་ལ་ནུས། ཅེས་སོ། བསླབ་བྱ་ནི། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཟབ་གནད་ཐེམ་ཡིག་ཤོག་དྲིལ་ལས། སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་དམ་ཚིག་ཏུ་བོན་དང་མུ་སྟེགས་ཕྱི་རོལ་དྲེགས་བྱེད་ལ་ཕྱག་མི་བཙལ་ཏེ་སྐྱབས་སུ་མ་བཙལ་ཞིག །དཔུང་གཉེན་གྱི་མཆོག་ཏུ་གྱུར་པ་བླ་མ་ཡི་དམ་མཁའ་འགྲོ་ཁོང་པའི་སྙིང་ལྟར་འཆང་ཞིང་། བྲན་གཡོག་མཆོག་ཏུ་གྱུར་པ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་རྣོ་བའི་མཚོན་དུ་འཆང་ཞིག །རྩ་བའི་དམ་ཚིག་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་

(༨༤)སེམས་རིན་པོ་ཆེ་ཆུ་བོའི་རྒྱུན་ལྟར་སྒོམས་ཤིག །གཞི་ཡི་དམ་ཚིག་སྐྱབས་འགྲོ་དང་བཟླས་བརྗོད་ལ་བརྩོན་ཅིག །ལམ་གྱི་དམ་ཚིག་བསྐྱེད་རྫོགས་ལ་རང་དབང་ཐོབ་པར་བྱོས་ཤིག །འབྲས་བུའི་དམ་ཚིག་ལུས་མེད་པའི་ཏིང་ངེ་འཛིན་གྱི་ངང་དུ་རང་རིག་རིག་རྩལ་གྱི་སྤྲུལ་སྒྱུར་ནམ་མཁའི་ཀློང་དུ་སྒྱུར་ཅིག །ཡན་ལག་གི་དམ་ཚིག་ཏུ་སེམས་ཅན་ཐམས་ཅད་ལ་ཉེ་བར་འཚོ་བ། སྲོག་གཅོད་པ། མ་བྱིན་པ་ལེན་པ། རྫུན་སྨྲ་བ། གཞན་གྱི་རིག་མ་བརྐུ་བ། །དཀོན་མཆོག་ལ་སྐུར་པ་གདབ་པ། མྱོས་པར་འགྱུར་བ། བག་མེད་པ། ལོག་པར་ལྟ་བ་ལ་སོགས་པའི་མི་དགེ་བ་ཐམས་ཅད་སྤོངས་ཤིག །སྲུངས་ཤིག །ལེགས་པའི་ལམ་འདི་འཆང་ཞིག །ཅེས་གསུངས་པ་ལྟར་རོ། ༈ །གཉིས་པ་ཐིག་མཆོག་ཆོས་ཀྱི་སྙིང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་ནི། གཞུང་ལས། རིགས་དྲུག་འཁོར་བའི་

(༨༥)སེམས་ཅན་རྣམས སངས་རྒྱས་ཐོབ་ཕྱིར་སེམས་བསྐྱེད་དོ ཅེས་གསུངས་ལྟར། སེམས་བསྐྱེད་པའི་ཡུལ་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་སྤྱི་དང་། བྱེ་བྲག་ཏུ་ངན་སོང་གསུམ་གྱི་སེམས་ཅན་རྣམས། རང་གི་ཚེ་རབས་དུ་མར་ཕ་མ་བྱས་ཤིང་ཚད་མེད་པའི་དྲིན་གྱིས་བསྐྱངས་པ་རྣམས་ད་ལྟ་ལ་ལ་ནི་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་དངོས་ལ་སྤྱོད། ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་སྟོབས་པོ་ཆེ་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ། འདི་རྣམས་ཀྱི་སྡུག་བསྔལ་སྐྱོབས་པའི་ཕྱིར་དུ་རང་ཉིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་འདི་ཉམས་སུ་བླངས་ནས་སེམས་ཅན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་གཏན་བདེ་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་སྙམ་པའི་སྙིང་རྗེ་དང་། རྟག་ཏུ་སྡུག་བསྔལ་གཏན་ནས་མེད་པའི་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པའི་དགའ་

(༨༦)བ་དང་། བདག་གཞན་ཉེ་རིང་ཐམས་ཅད་ལ་ཆགས་སྡང་དང་བྲལ་ནས་རྟོག་མེད་རང་གྲོལ་ཡེ་སངས་རྒྱས་པའི་ཆོས་སྐུ་ལ་རྟག་ཏུ་གནས་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་ཆེན་པོའི་ངང་ནས་སེམས་ཅན་ཐམས་ཅད་དང་། ཁྱད་པར་ངན་འགྲོ་ལ་སྙིང་རྗེ་ཆེན་པོས་ཀུན་ནས་ཁྱབ་པའི་ངང་ནས། །ན་མོ་སྐྱབས་གནས་དཀོན་མཆོག་གསུམ་པོ་དགོངས་སུ་གསོལ སོགས་ནས། ཀ་དག་ཀློང་དུ་སངས་རྒྱས་སེམས་བསྐྱེད་དོ ཞེས་པའི་བར་རྒྱུད་ལ་འདྲེས་ངེས་འདོན་བསྒོམ་བྱའོ། དེ་ལྟར་སེམས་བསྐྱེད་པའི་བསླབ་བྱ་ནི། སྨོན་པའི་བསླབ་བྱ་ཚད་མེད་པ་བཞི་ལ་བློ་སྦྱང་བ་དང་། འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་པ་དྲུག་ལ་སློབ་པ་དང་། དཀར་པོའི་ཆོས་བཞི་སྒྲུབ་ཅིང་ནག་པོའི་ཆོས་བཞི་སྤང་བ་ལ་འབད་པར་བྱའོ། སེམས་བསྐྱེད་པའི་ཕན་ཡོན་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་

(༨༧)ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཇི་སྙེད་པ། །དེ་ཙམ་ལས་ཀྱང་ལྷག་པར་འགྱུར། །ཅེས་དང་། བྱམས་སྨོན་ལས། །ངན་འགྲོ་ཐམས་ཅད་ལྡོག་བྱེད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ཞེས་གསུངས་པས་མཚོན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་ཞིང་སྤྱོད་འཇུག་ལས་གསུངས་པ་ལྟར་ཕན་ཡོན་རྣམས་ཡང་ཡང་རྗེས་སུ་དྲན་པར་བྱའོ། ༈ །གསུམ་པ་སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། མེ་ཏོག་བཀོད་པའི་རྒྱུད་ལས། །བླ་མ་རྡོ་རྗེ་སེམས་དཔའ་བསྒོམ། །རང་བྱུང་ཡི་གེ་བརྒྱ་ཡི་མཐུས། །སྒྲིབ་གཉིས་བག་ཆགས་བྱང་བར་འགྱུར། ཞེས་དང་། རང་བྱུང་ཐིག་ལེ་ཡི་གེ་བརྒྱ། །སངས་རྒྱས་ཀུན་གྱི་ས་བོན་ཏེ། །ཉམས་ཆག་ཐམས་ཅད་འཇོམས་པར་བྱེད། ཅེས་གསུངས་པ་ལྟར་

(༨༨)དམ་ཚིག་ཉམས་ཆག་ཉེས་ལྟུང་བྱུང་ན་དག་ཅིང་སྦྱོང་བར་བྱེད་པའི་ལྷ་ཡིན་ཏེ། རྒྱུད་ལས། འདས་པར་བྱ་བ་མ་ཡིན་ཞིང་། །འདས་ན་ཚིག་ཕྱིར་དམ་ཚིག་གོ །ཞེས་གསུངས་སོ། །དེ་ལ་གདམས་པ་འདིའི་ལུགས་ཀྱི་བསྲུང་བྱ་འདི་རྣམས་ཡིན་ཏེ། ཇི་སྐད་དུ་ཡང་། ཕྱིའི་དམ་ཚིག་འགྲོ་ལ་ཉེར་འཆེའི་བསམ་སྦྱོང་སྤངས་ཏེ་གཞན་ཕན་བྱང་ཆུབ་སྒྲུབ ནང་གི་དམ་ཚིག་ལྷ་སྔགས་ཏིང་འཛིན་བརྩོན་འགྲུས་ལྕག་གི་ས་འབེབས་གསང་བའི་དམ་ཚིག་ཞེ་འདོད་འཛིན་པ་ཡལ་བར་དོར་ཞིང་ཟབ་མོའི་ཆོས་ལ་འབུངས ཕྱི་ལྟར་རིགས་དྲུག་སེམས་ཅན་སངས་རྒྱས་ཐོབ་ཕྱིར་སྨོན་ལམ་སེམས་བསྐྱེད་བརྩོན ནང་ལྟར་འབྲེལ་ཐོག་སེམས་ཅན་སངས་རྒྱས་ཐོབ་ཕྱིར་ལྷ་སྔགས་ཏིང་འཛིན་བརྟེན གསང་ལྟར་རང་རིག་ཡེ་ཤེས་བརྙེས་ཏེ་བཅུ་དྲུག་བླ་མའི་ས་ཐོབ་ཤོག ཅེས་ཡན་ལག་བདུན་པ་སྦྱར། མ་སྦྱར་ཀྱང་ཆད་པའི་སྐྱོན་མེད། མོས་གུས་གདུང་བས་

(༨༩)གསོལ་དགོས་པའི་རྒྱུ་མཚན་ནི། མཚོ་སྐྱེས་མ་ཧཱ་གུ་རུའི་ཞལ་ནས། གང་ཞིག་ལས་ཅན་སྐྱེས་བུ་དང་པ་ཅན། །བདག་པ་གདུང་བའི་སེམས་ཀྱིས་གསོལ་བ་འདེབས། །རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས། །སངས་རྒྱས་གཞན་ལས་བདག་ཉིད་ཐུགས་རྗེ་མྱུར། ཅེས་དང་། །མ་འོངས་པདྨའི་རྗེས་འཇུག་གདུལ་བྱ་རྣམས། །སློབ་དཔོན་དྲན་ཅིང་གསོལ་བཏབ་བར་ཆད་སེལ། །བསྟན་པ་འཇིག་པའི་དམག་གི་ཚིགས་ལྡང་ཡང་། །གསོལ་བ་ཕུར་ཚུགས་བཏབ་པས་ངེས་པར་བཟློག །གཞན་ཡང་རྐྱེན་ངན་ཆེ་ཆུང་གང་བྱུང་ཡང་། །པདྨ་ང་ལ་གསོལ་བཏབ་ངེས་པར་སེལ། །འཇིགས་བརྒྱད་ཞི་དང་འབྱོར་དྲུག་ལེགས་ཚོགས་རྒྱས། །དབང་སྡུད་ཚར་དབང་འདོད་ཀྱང་ང་དྲན་འགྲུབ། འཆི་ཁའི་མཚམས་སྦྱོར་དུས་ཆེན་ལ་བབ་ཚེ། །ཁོ་བོའི་མཚན་ནི་ལན་གསུམ་བཀླག་བས་ན། །བར་དོ་སྐད་ཅིག་དེ་ལ་གྲོལ་བར་འགྱུར། ཅེས་སོགས་

(༩༠)གསུངས་པ་ལྟར་ཚེ་གཅིག་ལ་སངས་རྒྱས་པར་བྱེད་པ་ལ་གསང་སྔགས་གསར་རྙིང་ཐམས་ཅད་ནས། བླ་མ་ལ་གསོལ་བ་གདབ་པ་གཙོ་ཆེ་བར་བཤད་པས། དཔེར་ན་ཡིད་བཞིན་ནོར་བུ་ལ་གསོལ་བ་བཏབ་ན་དགོས་འདོད་ཐམས་ཅད་འབྱུང་ཞིང་། མ་བཏབ་ན་མི་འབྱུང་བ་དང་མཚུངས་པས། བླ་མ་ལ་གསོལ་བ་མ་བཏབ་ན་བྱིན་རླབས་མི་འཇུག་ཅིང་རང་རྒྱུད་ལ་ཡོན་ཏན་གང་ཡང་མི་སྐྱེ་བས། དེས་ན་རྣམ་གྲོལ་གཏན་བདེ་བསྒྲུབ་ཕྱིར་རང་སེམས་དབང་དུ་བཙུག །ཕྱི་ཡི་དམ་ཚིག་རྒྱལ་བའི་བཀའ་ཉན་རང་སེམས་དཔང་དུ་བཙུགས ནང་གི་དམ་ཚིག་རིགས་དྲུག་སྡུག་བསྔལ་རང་ཞལ་བལྟ་ཞིང་སྡིག་སྤང་དགེ་བ་སྒྲུབ གསང་བའི་དམ་ཚིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ཕྱི་རོལ་ལྷ་རྣམས་དོར ཕྱི་ལྟར་དམ་ཚིག་ཁྲུས་དང་གཙང་སྦྲ་དཀྱིལ་འཁོར་མཆོད་གཏོར་ལྷག་བསམ་ལས་ལ་འབུངས ནང་ལྟར་དམ་ཚིག་བསྐྱེད་རྫོགས་ཟབ་མོའི་དོན་ལ་ནན་ཏན་བསྐྱེད

(༩༡)གསང་ལྟར་དམ་ཚིག་ལྷ་དང་བླ་མ་དབྱེར་མེད་སྒྲུབ ཕྱི་ཡི་དམ་ཚིག་ཁ་ན་མ་ཐོའི་ངག་འཁྱལ་སྐུར་འདེབས་སྤངས ནང་གི་དམ་ཚིག་རྩ་རླུང་ཐིག་གསུམ་དབྱེར་མེད་བསྲེ་བ་གནད གསང་བའི་དམ་ཚིག་ང་བདག་འཛིན་པ་དབྱིངས་སུ་གཏོར་བར་བྱ ཕྱི་ཡི་དམ་ཚིག་རྒྱལ་བ་རབ་འབྱམས་སྐྱབས་སུ་བཙལ་ཞིང་དཔང་དུ་བཙུགས ནང་ལྟར་དམ་ཚིག་རྒྱལ་བ་རབ་འབྱམས་ལུས་ལྟར་བསྒོམ་ཞིང་བླང་དོར་བྲལ གསང་ལྟར་དམ་ཚིག་རྒྱལ་བ་རབ་འབྱམས་དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད ཕྱི་ཡི་དམ་ཚིག་རྒྱལ་བ་རབ་འབྱམས་སྣང་སྲིད་འཁོར་འདས་གང་པར་བསྐྱེད ནང་གི་དམ་ཚིག་རིགས་དྲུག་འཁོར་བའི་འགྲོ་ཀུན་རྒྱལ་བ་རབ་འབྱམས་སྐུ་རུ་བསྐྱེད གསང་བའི་དམ་ཚིག་ཡེ་སྦྱོར་ཡེ་སྒྲོལ་ཡེ་སྟོང་ཡེ་གནས་ཡེ་ཤེས་ལྔ་ཡི་ཀློང་དུ་བཞག ཡང་གསང་དམ་ཚིག་རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་

(༩༢)འགྱུར་མེད་རྡོ་རྗེའི་སྐུ་རུ་བསྒོམ ཡེ་གསང་དམ་ཚིག་མཆེད་དང་ལྕམ་དྲལ་ཡི་དམ་ལྷ་རུ་བསྒོམ ཐུགས་གསང་དམ་ཚིག་དུག་ལྔ་དུག་གསུམ་རང་ཞལ་བལྟ་ཞིང་སྐུ་ལྔ་སྐུ་གསུམ་ངོ་བོར་སྦྱོང་ སྦས་གསང་དམ་ཚིག་རང་ཉིད་ལྷར་བསྐྱེད་ལས་ཀྱི་དྷཱ་ཀི་མཁའ་འགྲོ་བསྒོམ དེ་ལའང་ཚིག་རྩུབ་ངག་འཁྱལ་སྤངས་ཏེ་ལྷ་རུ་ཤེས་པར་བྱ ཞེས་གསུངས་པ་རྣམས་མ་ཉམས་པ་བསྲུངས་ན་ཚེ་གཅིག་ལ་སངས་རྒྱས་འགྲུབ་པར་འགྱུར་གྱི། གལ་ཏེ་ཉམས་ཆགས་དང་ལྟུང་བ་བྱུང་ན་བསྒོམ་བཟླས་འདིས་སོར་ཆུང་བར་འགྱུར་བ་ཡིན་པས། བརྩོན་པ་གལ་ཆེ་བ་ནི། ཨོཾ་ཨཱཧཱུྃ། རང་ཉིད་ཐ་མལ་གནས་པའི་སྤྱི་གཙུག་ཏུ། སོགས་ནས། སྡིག་སྒྲིབ་དག་པའི་རྟགས་མ་བྱུང་གི་བར་འབད་པ་ནི་གནད་དམ་པའོ། ཞེས་པའི་བར་སྔོན་འགྲོ་གཞུང་ལྟར་ཉམས་སུ་བླང་ངོ་། །སྡིག་སྒྲིབ་དག་པའི་རྟགས་སུ། ལུས་བདེ་བ། སྙིང་དགའ་བ། ཁམས་དྭངས། ཉམས་

(༩༣)སྣང་སྣ་ཚོགས་འཆར། རྨི་ལམ་དུ་ཁྲུས་བྱས་པ། ལུས་ལ་རྣག་ཁྲག་འབུ་སྲིན་ཐོན་པ། ལུས་ཤེལ་ལྟར་དག་པ། འོད་འབར་བ། ཉི་ཟླ་ཤར་བ། བདུད་རྩི་འཐུང་བ། གོས་དཀར་པོ་གྱོན་པ། དར་དཀར་པོ་བྱར་བ། དུང་འབུད་པ། གྱེན་ལ་འགྲོ་བ། མེ་ཏོག་གི་ཚལ་དུ་ཕྱིན་པ། སྐུ་གསུང་ཐུགས་རྟེན་རྙེད་པ་སོགས་འབྱུང་ངོ་། ༈ །བཞི་པ་ཚོགས་གཉིས་རྫོགས་པ་མཎྜལ་གྱི་ཁྲིད་ལ། གསང་འདུས་རྩ་རྒྱུད་ལས། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་བའི་ཕྱིར། །ཤེས་རབ་ཅན་གྱིས་ཉིན་བཞིན་འབུལ། ཞེས་གསུངས་པ་ལྟར། གནས་ལུགས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྟོགས་པར་བྱེད་པ་ལ་སྔོན་དུ་མཆོད་པ་འབུལ་བ་སོགས། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་དགོས་པར་གསུངས་ཏེ། མདོ་ལས། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པར།

(༩༤)དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་སྲིད། ཅེས་གསུངས་པས་མཎྜལ་འབུལ་བ་གལ་ཆེ་བ་སྟེ། བཀོད་པ་ཆེན་པོ་ལས། རྣམ་དག་སེམས་ལྡན་མཎྜལ་ནི། །ཕུལ་བའི་བསོད་ནམས་གཞལ་དུ་མེད། ཅེས་གསུངས་པ་ལྟར་རོ། །དེ་ཡང་ཕྱིའི་མཎྜལ་རྒྱ་མཚོ་རི་རབ་ཉི་ཟླ་ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་བློས་བླངས་ཏེ་འབུལ་བ་དང་། ནང་གི་མཎྜལ་རང་གི་ལུས་ལོངས་སྤྱོད་དངོས་སུ་འབྱོར་རམ་ཡིད་ཀྱིས་སྤྲུལ་ནས་ཅི་ནུས་སུ་འབུལ་བ་དང་། གསང་པའི་མཎྜལ་རང་རིག་རང་གསལ་ཆོས་དབྱིངས་སེམས་ཉིད་ཀྱི་ནོར་བུ་དགོས་འདོད་ཀུན་འབྱུང་དུ་འབུལ་བ་སྟེ། གྲོ་ལོད་གཞུང་ལས། སྲིད་གསུམ་གནས་ཡུལ་མཎྜལ་ལ རིགས་དྲུག་འཁོར་བའི་འཁོར་ལོས་བརྒྱན སྙིང་རྗེ་ཆེན་པོས་བརྩེར་དགངས་ལ ཡེ་སྟོང་ངང་དུ་བཞེས་སུ་གསོལ ཞེས་གསུངས་པས་མཚོན ཕྱི་ནང་གསང་བའི་མཎྜལ་ཐམས་ཅད་གཅིག་ཏུ་བསྡུས་

(༩༥)ནས་བླ་མ་སྐུ་གསུམ་གྱི་ཞིང་ཁམས་འབུལ་སྙམ་པས། ཨོཾ་ཨཱཧཱུྃ རིན་ཆེན་ལས་གྲུབ་རི་རབ་ལྷུན་པོ་དང་ སོགས་ནས། བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག བར་གཞུང་ལྟར་ཉམས་སུ་ལེན་ནོ། ཕན་ཡོན་ནི། མཎྜལ་ཕུལ་བས་ཚོགས་གཉིས་རྫོགས། །མཎྜལ་ཕུལ་བས་སྡིག་སྒྲིབ་བྱང་། །མཎྜལ་ཕུལ་བས་ཕྱིན་དྲུག་རྫོགས། །མཎྜལ་ཕུལ་བས་སྐུ་གཉིས་ཐོབ། །ཅེས་གསུངས་པ་ལྟར་རོ། ༈ །ལྔ་བརྒྱུད་ལ་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ། དགོངས་འདུས་ལས། བསྐལ་བ་འབུམ་གྱི་སངས་རྒྱས་རྣམས། །བླ་མ་མཉེས་པར་བྱེད་ལས་ཤིས། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་འབྱུང་། ཞེས་གསུངས་པ་ལྟར་གསང་སྔགས་ལམ་གྱི་རྩ་བ་བླ་མ་རྡོ་རྗེ་སློབ་དཔོན་ཚུལ་བཞིན་བསྟེན་པ་དང་། བླ་མའི་རྣལ་འབྱོར་བསྒོམ་པ་ནི་ཤིན་ཏུ་གལ་ཆེ་བ་

(༩༦)སྟེ། ཇི་སྐད་དུ་ཡང་། ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། །བླ་མའི་རྣལ་འབྱོར་བསྒོམ་པ་ཟབ། ཅེས་གསུངས་པ་ལྟར་རོ། །དེ་ཡང་བླ་མ་དཀོན་མཆོག་ཀུན་འདུས་ཡིན་ཏེ། གསང་འདུས་ལས། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་ཧེ་རུ་ཀ ཀུན་བྱེད་རྒྱལ་པོ་བླ་མ་ཡིན། ཅེས་སོ། མདོ་རྒྱུད་མན་ངག་ཐམས་ཅད་བླ་མ་ཁོ་ན་བསྒོམ་པ་གཙོ་ཆེ་བར་གསུངས་ཤིང་། བླ་མ་མ་བསྟེན་པར་འཁོར་བའི་རྒྱ་མཚོ་ལས་བསྒྲལ་མི་ནུས་ཏེ། སྐྱེ་བ་འཛིན་པ་མེད་པ་ཡི། །གྲུ་ཡིས་ཕ་རོལ་སྒྲོལ་མི་ནུས། །ཡོན་ཏན་ཐམས་ཅད་རབ་ལྡན་ཀྱང་། །བླ་མ་མེད་ན་སྲིད་མཐའ་ཡིན། ཅེས་དང་། མཚན་དང་དཔེ་བྱད་ལྡན་པའི་སྐུ། །བསྐལ་པ་སྟོང་དུ་བསྒོམ་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། ཞེས་གསུངས་པ་ལྟར། བླ་མ་ཡང་རང་གི་རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་

(༩༧)པདྨ་འབྱུང་གནས་དང་དབྱེར་མེད་དུ་བསྒོམ་དགོས་ཏེ། གུ་རུ་ཉིད་ཀྱི་ཞལ་ནས ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན པདྨར་བསྒོམ་མཆོད་དང་སུས་སྒྲུབ་པ ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ལས དགོས་འདོད་ཐམས་ཅད་ངང་གིས་འབྱུང་བ་བཞིན རྒྱལ་བ་རྒྱ་མཚོས་བྱིན་རླབས་བུ་བཞིན་སྐྱོང་ དམ་ཅན་མཁའ་འགྲོས་དངོས་གྲུབ་ཆར་བཞིན་འབེབས སྣང་སྲིད་ལྷ་འདྲེས་ཅི་བསྒོའི་ལས་རྣམས་སྒྲུབ ཕྲིན་ལས་ལྷུན་གྲུབ་མཐའ་ཡས་སེམས་ཅན་སྒྲོལ དེ་དག་ཐམས་ཅད་བདག་ཉིད་བསྟེན་ལས་འབྱུང་ ཞེས་ཞལ་གྱིས་བཞེས་པ་ལྟར་ཡིན་པས། དེའི་དོན་ཡང་། དུས་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་རྣམས སོ་སོར་མ་ཡིན་པར་འབྱུང་སྐུ་ལ་རྫོགས བརྡ་དོན་རྟགས་ཀྱི་སྐུ་མདོག་ཕྱག་མཚན་ཡང་ གང་ལ་གང་འདུལ་དེ་ལ་དེ་སྟོན་པ ཅེས་གསུངས་པ་

(༩༨)ལྟར་ཡིན་ནོ། ཇི་ལྟར་བསྒོམ་པའི་ཚུལ་ནི། ཕྱི་ལྟར་ཁྲོ་མཚོགས་སུ་བསྒོམ་པ། ནང་ལྟར་ཐོ་བརྩེགས་སུ་བསྒོམ་པ། གསང་བ་ལྟར་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་པ་གསུམ་ལས་འདིར་ཕྱི་མ་ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་སྟེ། ཨ་ཏི་བཀོད་པའི་རྒྱུད་ལས། །དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་ལམ་སྤྱི་བོའི་གཙུག ཡན་ལག་མཐིལ་དུ་གང་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། ཅེས་སོ། གསོལ་འདེབས་བསྒོམ་ཚུལ་ནི། མདུན་གྱི་ནམ་མཁར་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་སོགས་ནས། བསྟོད་པར་འོས་པའི་ཚོགས་ལ་ཕྱག་འཚལ་བསྟོད། ཅེས་པའི་མཐར། རྒྱས་པར་སྤྲོ་ན་མཆོད་པ་འབུལ་བ་ནི། སྲེད་གསུམ་ལྷ་མིའི་དཔལ་འབྱོར་བཀོད་པའི་ཚོགས། །བདག་པོས་བཟུང་དང་མ་བཟུང་ཡོ་བྱད་དང་། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་

(༩༩)མཐའ་ཀླས་པ། །ལུས་དང་ལོངས་སྤྱོད་བཅས་ཏེ་མཆོད་པ་འབུལ། སྡིག་པ་བཤགས་པ་ནི། མ་རིག་འཁྲུལ་པའི་དབང་གིས་ཐོག་མེད་ནས། །བསགས་པའི་དུག་གསུམ་དམ་ཚིག་སྡོམ་འགལ་སོགས། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་མ་ཐོལ་ཞིང་བཤགས། །ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་རློབས། རྗེས་སུ་ཡི་རང་བསྒོམ་པ་ནི། དུས་གསུམ་རྒྱལ་བ་རྒྱལ་སྲས་མཛད་པ་དང་། །ཁྱད་པར་བླ་མའི་རྣམ་ཐར་མཛད་ཕྲིན་སོགས། །སྲིད་ཞིའི་ཚོགས་གཉིས་དགེ་ཚོགས་ཐམས་ཅད་ལ། །རབ་ཏུ་དགའ་བས་རྗེས་སུ་ཡི་རང་ངོ་། ཆོས་འཁོར་བསྐོར་བར་བསྐུལ་བ་ནི། བདག་སོགས་འགྲོ་ལ་ཟབ་ཆོས་བདུད་རྩིའི་ཆར། །རྒྱུན་མི་ཆད་པས་སྐལ་ལྡན་སྨིན་པ་དང་། །ཆོས་མིན་ཆག་ཆོས་མཐའ་དམག་དུས་འཁྲུག་སོགས། །ཞི་མཛད་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། མྱ་ངན་ལ་མི་འདའ་བར་བཞུགས་སུ་གསོལ་

(༡༠༠)བ་ནི། གདུལ་བྱར་གྱུར་པའི་སྙིགས་དུས་འགྲོ་བ་དང་། །སྲིད་པའི་མུན་པར་འཁྱམས་པའི་སེམས་ཅན་རྣམས། །མ་ལུས་ཡང་དག་ལམ་ལ་བཀོད་པའི་ཕྱིར། །སྤྲུལ་པའི་ཉི་མ་ནུབ་མེད་རྟག་འཆར་གསོལ། བསྔོ་བ་སྨོན་ལམ་ནི། བདག་སོགས་ཚེ་འདིའི་སྣང་བ་ནུབ་མ་ཐག །རང་སྣང་འོད་གསལ་ཟངས་མདོག་དཔལ་རི་དེར། །གུ་རུའི་ཐུགས་རྗེའི་ལྕགས་ཀྱུས་མྱུར་བཟུང་ནས། །ངན་འགྲོའི་འཇིགས་བྲལ་རིག་འཛིན་སར་འགོད་ཤོག །གསོལ་བ་འདེབས་པ་གནད་ཆེ་བར་གསུངས་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་བསམས་ལ་གདུང་ཤུགས་དྲག་པོས། རྗེ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་སོགས་གཞུང་ལྟར་གསོལ་འདེབས། བསྙེན་པ་གང་འགྲུབ་དང་། བླ་མ་ཀུན་འདུས་ཀྱི་ངོ་བོ་སོགས། སངས་རྒྱས་མྱུར་དུ་ཐོབ་པར་བྱིན་གྱིས་རློབས་ཤིག །

(༡༠༡)ཅེས་ཐུགས་རྒྱུད་བསྐུལ་ཞིང་། དབང་བཞི་ལེན་པ་བསྡུ་ན་ཚིག་བདུན་གསོལ་འདེབས་ལྟར་དང་། རྒྱས་ན་བླ་མའི་ལས་བྱང་ལེ་བརྒྱད་ལས་བྱུང་བ་འདི་ཡང་ཐུན་སྐབས་གང་འོས་སུ་བྱ་བ་ནི། ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནི །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་གི སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག ཕྲིན་ལས་རྣམ་བཞི་ལྷུན་གྱི་གྲུབ་པའི་དབང་ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ འཁྲུལ་མེད་ཐུགས་ཀྱི་དངོས ཡོན་ཏན་རེ་སྐོང་དངོས ཕྲིན་ལས་འགྲོ་འདུལ་དངོས འཆི་མེད་ཚེ་ཡི་དངོས འཛད་མེད་ལོངས་སྤྱོད་དངོས ཐུན་མོང་ཡིད་བཞིན་

(༡༠༢)དངོས་གྲུབ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ བདག་གིས་སྒོ་གསུམ་བརྩོན་འགྲུས་ཆེར་བསྐྱེད་ཀྱང་ ངོ་བོ་ཀ་དག་རང་ཞལ་མ་མཐོང་བས མ་ཧཱ་གུ་རུའི་ཐུགས་རྗེའི་བྱིན་རླབས་ཀྱིས རང་རིག་སྐྱེ་མེད་འོད་གསལ་ཆོས་ཀྱི་སྐུ ད་ལྟ་ཉིད་དུ་མཐོང་བར་བྱིན་གྱིས་རློབས ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས སྤྲོ་ན་བྱའོ། གསོལ་འདེབས་དབང་ལེན་གནད་ཤིན་ཏུ་ཆེ་བ་སྟེ། །གུ་རུའི་གསུངས་ལས། དད་འདུན་མོས་གུས་མ་ཞན་གསོལ་བ་ཐོབ མ་དག་སྣང་བ་དོར་ལ་གསོལ་བ་ཐོབ ཅེས་གསུངས་པས་མཚོན། དད་འདུན་མོས་གུས་རྒྱུད་ལ་སྐྱེ་བའི་ངང་ནས་གསོལ་བ་བཏབ་ན། སངས་རྒྱས་གཞན་ལས་ཐུགས་རྗེ་བྱིན་རླབས་ནུས་རྩལ་ལྷག་པར་ཆེ་བ་ཉིད། མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་དང་རྗེ་འབངས་ཉེར་ལྔ་ལ་སོགས་པ་འདི་དག་ཐམས་

(༡༠༣)ཅད་ཀྱང་གུ་རུ་རིན་པོ་ཆེ་ཉིད་ཀྱི་རྣམ་རོལ་ཡིན་པར་གསུངས་ཏེ། བདེ་གཞུང་ལས་བདེ་བ་ཅན་དུ་ཚེ་དཔག་མེད པོ་ཏ་ལ་རུ་སྤྱན་རས་གཟིགས རྡོ་རྗེ་གདན་དུ་བསྟན་པའི་གཙོ དྷ་ན་ཀོ་ཥར་པདྨ་འབྱུང་ འཆི་མེད་རྡོ་རྗེ་དྲག་པོ་རྩལ མ་རུངས་ཚར་གཅོད་རྟ་མཆོག་དཔལ དྲེགས་པ་འཇོམས་མཛད་མེ་ཕྲེང་ཅན སྐུ་ལྔ་མཚན་བརྒྱད་རིགས་དྲུག་དང་ རྗེ་འབངས་སྤྲུལ་དང་ཡང་སྤྲུལ་རྣམས གང་ལ་གང་འདུལ་སྐུར་བསྟན་ཅིང་ རིགས་དྲུག་འཁོར་བ་དོང་ནས་སྤྲུག ཅེས་གསུངས་པ་ལྟར་རོ། །དབང་དང་དངོས་གྲུབ་ལེན་པ་རྒྱས་བསྡུས་གང་རུང་གི་མཐར། མཆོག་གཏེར་ཆོས་སྤྱོད་ལམ་རིམ་ལས། སྤྱི་བོའི་བླ་མའི་སྤྱི་མགྲིན་སྙིང་ལྟེ་ནས ཨོཾ་ཨཱཧཱུྃ་ཧྲཱི ལས་ནི་ཡེ་ཤེས་ཀྱི འོད་ཟེར་དཀར་དམར་མཐིང་སེར་འཕྲོས་པ་ཡིས བདག་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག བུམ་

(༡༠༤)གསང་ཤེས་རབ་བཞི་པའི་དབང་རྣམས་ཐོབ བླ་མ་འོད་ཞུ་རང་ལ་གཉིས་མེད་བསྟིམ བདག་དང་བླ་མའི་ཐུགས་གཉིས་དབྱེར་མེད་བསྲེ མ་བཅོས་ཀ་དག་ངང་ལ་མཉམ་པར་བཞག ཅེས་མ་བཅོས་ཀ་དག་གདོད་མའི་གནས་ལུགས་ཀུན་བཟང་པདྨ་འབྱུང་གནས་ཀྱི་རང་ཞལ་བལྟའོ། མཐར། དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ སོགས་ཀྱི་སྨོན་ལམ་གདབ་པར་བྱའོ། སྔོན་འགྲོ་བསགས་སྐབས་དམིགས་ཐུན་སྔ་མ་རྣམས་ཤར་བསྒོམ་བྱ་ཞིང་། དེ་གང་ལ་བབ་པ་ནན་ཏན་གྱིས་བསྒོམ་ཞིང་གྲངས་བཟུང་། ཕྱི་མ་རྣམས་ཁྱུག་ཙམ་རེ་ཐུན་རྗེས་མར་གཏོང་བ་སོགས་སྤྱི་དང་འདྲའོ། དེ་ལྟར་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལེགས་པར་གྲུབ་ནས། དངོས་གཞི་ལ་བསྐྱེད་རྫོགས་རིམ་པ་གཉིས་ལས། ཆོས་སྐུའི་བསྐྱེད་རིམ་ཀུན་བཟང་ལས་བྱང་བསྒོམ་པ། ལོངས་སྐུའི་བསྐྱེད་རིམ་རིགས་ལྔ་ལས་བྱང་

(༡༠༥)ལྟར་དང་། སྤྲུལ་སྐུའི་བསྐྱེད་རིམ་ཡེ་ཤེས་གསང་བ་དྲག་རྩལ་ཡབ་བཀའ། དྲག་སྒྲུབ་རྩ་བའི་ལས་བྱང་ཡུམ་བཀའ་གསང་སྒྲུབ་མནྡཱ་ར་བ། དྲག་སྒྲུབ་སེང་གདོང་དྲག་མོ་ཐོག་འབེབས་མ་བཅས་དང་། སྙན་བརྒྱུད་ལུས་དཀྱིལ་ཀུན་དྲིལ་ཟངས་སྦུབ་མ་རྣམས་ཀྱི་བསྐྱེད་རིམ་ལ་བརྟེན་ནས་བརྟན་པ་ཐོབ་པར་བྱའོ། དེ་རྣམས་ཀྱི་ལྷ་ཁྲིད་རྣམ་བཤད་སོ་སོར་བྲིས་ཡོད་པ་ལྟར་ཉམས་སུ་ལེན་པར་ཞུ། དེ་ཡང་རྟེན་བསྐྱེད་རིམ་མེད་ན། བརྟེན་པ་རྫོགས་རིམ་མེད། ཁྲིད་རྒྱུན་ལྟ་བུའི་ཚེ་བསྐྱེད་རིམ་ལྷ་ཁྲིད་ལ་ཏིང་འཛིན་རྣམ་གསུམ་ནས་བཟུང་། བདག་བསྐྱེད་རྫོགས་པར་གསལ་འདེབས་ཤིང་། རས་བྲིས་སོགས་ཡོད་ན་མི་ཤེས་པར་བསྟེན་ཏེ་བསླབ། དེ་ལྟ་བུ་མ་གྲུབ་ཆེ། འོ་ཁྱེད་རྣམས་ཐ་མལ་གྱི་སྒྱུ་ལུས་གདོས་བཅས་ཀྱི་ཤ་ཁྲག །བདག་འཛིན་གྱི་ཕུང་པོ། མི་གཙང་བའི་སྙིགས་མ། མ་དག་པའི་སྣང་སེམས་དོར་ལ། ལྷ་

(༡༠༦)སྐུ་སྣང་ལ་རང་བཞིན་མེད་པ། སྣང་བཞིན་དུ་སྟོང་། སྟོང་བཞིན་དུ་གསལ་བ། སྣང་སྟོང་དབྱེར་མེད་མེ་ལོང་གི་གཟུགས་བརྙན་ལྟར་བཀྲ་བ། །ཆུ་ནང་གི་ཟླ་བ་ལྟར་གསལ་བ། ནམ་མཁའི་འཇའ་ཚོན་ལྟར་སྣང་ལ་མ་གྲུབ་པ། རྒྱ་མཚོ་ལྟར་ཟབ་པ། ཟླ་བ་ལྟར་གསལ་བ། ཉི་མ་ལྟར་འཚེར་བ། ཟབ་གསལ་དབྱེར་མེད་འཇའ་ལུས་སྣང་སྟོང་ཆོས་ཀྱི་སྐུར་སྒོམས་ཤིག །དེ་ལྟར་བསྒོམས་པའི་ཕན་ཡོན་ནི། གཞུང་ལས། བསྐྱེད་རིམ་བསྒོམས་པའི་ཕན་ཡོན་ནི རབ་ནི་རང་རིག་ལྷ་རུ་འགྱུར འབྲིང་ནི་འཁོར་ལོས་བསྒྱུར་རྒྱལ་ཐོབ ཐ་མས་བར་དོར་གྲོལ་བ་ཐོབ ཡི་དམ་དེ་ཡི་འཁོར་དུ་སྐྱེ བསྐྱེད་རྫོགས་ཟུང་འཇུག་བསྒོམ་པར་བྱ ཅེས་སོགས་གསུངས་པ་ལྟར་ཡིན་ནོ། ཡེ་གསང་ཐུགས་གཏེར་གྲོ་ལོད་ཀྱི་སྔོན་འགྲོའི་ཁྲིད་རིམ་དང་པོ་འདི་ནི། གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས་

(༡༠༧)འདིར་མངོན་པར་མཐོ་ཞིང་ཡོངས་སུ་གྲགས་པའི་གནས་སྤྱི་འབྱམས་ཉི་ཟླ་ཕུག་རང་བྱུང་གི་གཞལ་མེད་ཁང་དུ་གཏེར་སློབ་མཁན་པོ་ཀརྨ་རཏྣས་ནམ་སྙིང་ཚེ་སྒྲུབ་ཀྱི་ཐུན་བར་དུ་བྲིས་ཤིང་། ལུས་པ་རོ་སྙོམས་སྡོམ་བུར་རྒྱུ་སྐབས་ཅུང་ཟད་རེ་བྲིས་ཤིང་། ཡོངས་སུ་རྫོགས་པ་རབ་ཚེས་མེ་སྤྲེལ་གྲོ་ཞུན་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་ཆུ་དམར་རྦ་རློང་འཁྲུགས་པའི་ཕུའི་སྒར་ཆུང་དུ་གྲུབ་པ་དགེ་ལེགས་འཕེལ། ཤྲཱིཤྲཱིཤྲཱི སརྦ་མངྒ་ལཾ། དགེའོ། བྷ་ཝནྟུ། དགེའོ། །།

(༡༠༨)

(༡༠༩)ཡོངས་དགེའི་གྲོ་ལོད་ཀྱི་ཟིན་བྲིས་ལས། ཕྱི་སྒྲུབ་ཀུན་བཟང་གི་དམིགས་ཟིན་བསྒོམ་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། །

(༡༡༠)ཨོཾ་སྭ་སྟཱི། །མི་འགྱུར་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང་། །དྲག་པོའི་སྐུར་བཞེངས་བདུད་འདུལ་གྲོ་བོ་ལོད། །གུ་རུའི་ཞལ་ཚབ་ནུས་ལྡན་ཉེར་གཅིག་གཙོ། །རིག་འཛིན་རྩལ་འཆང་གྲུབ་པའི་དབང་པོར་འདུད། །གང་དེའི་ཟབ་གཏེར་གྲོ་ལོད་ཀྱི། །ཟིན་བྲིས་སྒོམ་དོན་རབ་གསལ་བ། །རང་ཞལ་བལྟ་བའི་མེ་ལོང་འདྲི། །རྩ་གསུམ་ལྷ་ཡིས་གནང་བ་རྩོལ། །དེ་ལ་འདིར་དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པའི་རྣལ་འབྱོར་པས་ཡོངས་དགེའི་

(༡༡༡)ཟབ་གཏེར་བླ་མ་དྲག་པོའི་སྙིང་ཐིག་ཉམས་སུ་ལེན་པ་ལ། ཐོག་མར་ཟབ་ཆོས་ལ་ཡིད་ཆེས་ཤིང་དད་པ་བརྟན་པོ་དང་ལྡན་པས་ཚིག་བདུན་གསོལ་འདེབས་འདོན་པའི་སྐབས་སུ་ཨོ་རྒྱན་ཆེན་པོ་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ་ཨོ་རྒྱན་སངས་རྒྱས་གཉིས་པ་གུ་རུ་པདྨ་འབྱུང་གནས་ཁྱེད་ཀྱི་རྗེས་སུ་བདག་ཉིད་ཞུགས་ཏེ་ལམ་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་བསྒྲུབ་པར་བགྱིའོ། ཞེས་པ་སོགས་ཚིག་དོན་ཡ་བྲལ་དུ་མ་སོང་བར་འདོན། གཏེར་

(༡༡༢)སྟོན་གུ་རུ་ཆོས་དབང་གི་གཏེར་བྱོན་ལ་ཚིག་རྐང་བདུན་ཡོད་པས། ཚིག་བདུན་གསོལ་འདེབས་ཞེས་སུ་གྲགས་པ་བསྡུས་པ་ཡིན། ད་ལྟ་ཀཾ་ཚང་གི་གསུ་རྒྱུན་འདི་རོང་སྟོན་བདེ་ཆེན་གླིང་པའི་གཏེར་མ་རྒྱས་པ་ཡིན། རྒྱས་པའི་སྐབས་སུ་གུ་རུ་རིན་པོ་ཆེའི་སྐུ་ལས་དབང་བཞི་ལེན་ཅིང་རྒྱུད་བྱིན་གྱིས་བརླབ་པར་དམིགས། གཞན་ཡང་བསམ་པ་ལྷུན་གྲུབ་འདོན་ཚེ་ཡང་གུ་རུ་ཡིད་བཞིན་ནོར་བུ་ལ་གང་འདོད་ཀྱི་གསོལ་བ་ཚིག་དོན་ལྟར་བཏབ་པས་བསམ་དོན་ཆོས་བཞིན་དུ་འགྲུབ་པར་བསམ་མོ། །དཀྱིལ་འཁོར་ལྷ་ཚོགས་ལ་གསོལ་འདེབས་གཏེར་སྟོན་ཉིད་ཀྱི་ཞལ་གསུང་ཧྲཱིཡང་དག་རྫོགས་སངས་རྒྱས་དང་སོགས་ཀྱི་ཚེ་རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ་མི་ཕྱེད་པའི་དད་པ་དྲག་པོས་སེམས་གཞན་དུ་མ་ཡེངས་པར་འདོན། བརྒྱུད་འདེབས་དམར་ནག་ཅོད་པན་འཆང་བ་ཟུང་གིས་མཛད་པ་སྲིད་ཞི་ལས་འདས་ཀྱི་ཚེ་དམིགས་པ་གསལ་ཞིང་སྤྲོ་ན། ཀུན་བཟང་རིགས་ལྔ་སོགས་རྒྱལ་བ་དགོངས་བརྒྱུད། ༡ རིགས་གསུམ་མགོན་

(༡༡༣)པོ་སོགས་རིག་འཛིན་བརྡ་བརྒྱུད། ༢ ཨོ་རྒྱན་པདྨ་འབྱུང་གནས་ལྷ་སྲས་མུ་ཁྲི་སོགས་གང་ཟག་སྙན་བརྒྱུད། ༣ མནྡཱ་ར་བ་ཡེ་ཤེས་མཚོ་རྒྱལ་སོགས་མཁའ་འགྲོ་གཏད་རྒྱ་བརྒྱུད་པ། ༤ མི་འགྱུར་རྡོ་རྗེ་ཡབ་སྲས་སོགས་ཤོག་སེར་ཚིག་གི་བརྒྱུད་པ། ༥ སྨོན་ལམ་དབང་བསྐུར་བརྒྱུད་པ་སྟེ་དྲུག་ལྡན་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་དམིགས། ཞར་བྱུང་འདི་སྐབས་བརྒྱུད་པ་དགུ་ལྡན་ཞེས་པ་གོང་གི་སྟེང་དེར་བཀའ་བབ་ལུང་བསྟན། ༧ དམ་རྫས་མྱོང་གྲོལ། ༨ གྲུབ་ཐོབ་རྣལ་འབྱོར་གྱི་བརྒྱུད་པའམ་བྱིན་རླབས་དོན་གྱི་བརྒྱུད་པ་གསུམ་འདྲེན་པ་ནི་གཏེར་ཆེན་རྡོ་རྗེ་གླིང་པའི་ལྟ་བ་ཀློང་ཡངས་ལས་གསུངས། སྨོན་ལམ་དབང་བསྐུར་ཞེས་པ་ནི་སྔོན་གྱི་དུས་སུ་སློབ་དཔོན་པདྨས་རྗེ་འབངས་རྣམས་ལ་དབང་བསྐུར་ཞིང་སྨོན་ལམ་བཏབ་པ་སྟེ་འདི་ལ་གཏེར་ཆོས་སྨོན་ལམ་བརྒྱུད་པའང་ཟེར། མཁའ་འགྲོ་གཏད་རྒྱ་ནི་མཁའ་འགྲོས་གཏེར་ཁ་དངོས་སུ་གཏད་པ། ཤོག་སེར་ཚིག་བརྒྱུད་

(༡༡༤)ནི་ཤོག་སེར་ཕབ་ནས་དབང་ལུང་ཁྲིད་སོགས་སྤེལ་བ། བཀའ་བབ་ལུང་བསྟན་ནི་མ་འོངས་པ་ཕྱོགས་གཏེར་ཁ་ལུང་བསྟན་པ། དམ་རྫས་མྱོང་གྲོལ་ནི་བདུད་རྩི་ཆོས་སྨན་དང་མྱོང་གྲོལ་ཨཱརྒྱ་ཅན་སོགས་སོ། །གྲུབ་ཐོབ་རྣལ་འབྱོར་གྱི་བརྒྱུད་པའམ་བྱིན་བརླབས་དོན་གྱི་བརྒྱུད་པ་ནི། ཨོ་རྒྱན་རིན་པོ་ཆེས་གཏེར་སྟོན་བྱིན་གྱིས་བརླབས་ནས་དགོངས་པ་མཉམ་པ་དང་། གཏེར་སྟོན་གྱིས་སློབ་མ་བྱིན་གྱིས་བརླབས་ནས་དགོངས་པ་མཉམ་པའོ། དེ་ཐམས་ཅད་ཀྱང་བརྒྱུད་པ་དྲུག་ཏུ་འདུས་སོ། །བརྒྱུད་པའི་བླ་མ་རྣམས་བསྡུ་ན་རྩ་བའི་བླ་མ་དང་ཨོ་རྒྱན་པདྨ་དབྱེར་མེད་པ་ལ་ཐམས་ཅད་འདུས་སོ། །གསོལ་འདེབས་གཉིས་འདོན་རེས་སྐབས་སྒོམ་དོན་ལྷ་ཚོགས་བརྒྱུད་རིམ་བཅས་འདྲ། གཏེར་སྟོན་སྐྱེ་ཕྲེང་གསོལ་འདེབས་སྐབས་སུ་གསང་བདག་ཕྱག་ན་རྡོ་རྗེ་སོགས་རིག་འཛིན་དེ་རྣམས་ཀྱིས་སྤྲུལ་བར་ཡིད་ཆེས་ཤིང་ཐེ་ཚོམ་དང་བྲལ་བའི་ངང་ནས་འབྲེལ་པ་ཐོགས་ཚོགས་སུ་ཤེས་འདི་གསོལ་འདེབས་རྩེ་གཅིག་ཏུ་བྱའོ། །དེ་ནས་

(༡༡༥)རང་ཉིད་པདྨ་བཛྲ་ཡབ་ཡུམ་དུ་སྐད་གཅིག་གིས་གསལ་བས་སྔོན་གཏོར་བྱིན་གྱིས་བརླབས་ལ་གནས་བདག་ལྷ་ཀླུ་སྡེ་བརྒྱད་ལ་དཀར་གཏོར་གསེར་སྐྱེམས་འབུལ་ཞིང་ཕྲིན་ལས་བཅོལ། ཧཱུྃ་བྷྱོ་ཞེས་ཡབ་ཡུམ་ས་བོན་གྱི་ཐོག་དྲངས་རང་ཉིད་པདྨ་བཛྲ་གྱིས་ང་རྒྱལ་བརྟན་པོའི་ངང་ནས་གླུད་གཏོར་བྱིན་གྱིས་བརླབས་ཤིང་བ་སྔོས་ནས། ཕྱོགས་མེད་ཕྱོགས་བྲལ་གནས་སུ་ཕྱིར་དེངས་ཤིག ཅེས་དམིགས་མེད་ཀྱི་ངང་དུ་མཁའ་ལ་སྤྲིན་དེངས་པ་ལྟར་སོང་བར་བསམ་མོ། །ལ་ལ་དག་གི་པདྨ་བཛྲ་ཞེས་པ་རྡོ་རྗེ་གྲོ་ལོད་ཞེས་ཁ་བསྒྱུར་བར་ཐོས་ཏེ་དེ་འདྲ་མི་དགོས། བླ་མ་ལོངས་སྐུའི་སྔོན་འགྲོ་འདིར་སྦྱར་བ་ཡིན་པས་མ་བཅོས་སོར་བཞག་ལེགས། དེ་མཚམས་ཧཱུྃ་ཞེས་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་ཐུགས་རྡོ་རྗེའི་ས་བོན་གྱིས་ཐོག་དྲངས་ཏེ། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས། རྟེན་འབྲེལ་གྱི་རྩ་བ་དཔའ་བོ་མཁའ་འགྲོ། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་

(༡༡༦)སྲུང་མ་རྣམས་ལ་བདེན་པ་བརྡར་ནས་བགེགས་ཚོགས་བསྐྲད་ལ་བརྗོད་པ་ཚིག་གིས་མཚམས་བཅད་དོ རང་བཞིན་ལྟ་བའི་ངང་ནས་ཆོས་ཉིད་རྟོགས་མེད་ཀྱི་མཚམས་བཅད་པ་ནི། རྣམ་རྟོག་གཉིས་འཛིན་འཁྲུལ་སྣང་གི་བདུད་བགེགས་རྣམས་དམིགས་མེད་ངང་དུ་རང་ཞི་ཁྱབ་གདལ་ཀློང་དུ་རང་དག་བདེན་མེད་ངང་དུ་རང་ཡལ། རང་སེམས་རེ་དོགས་ཀྱི་བདུད་ཡེ་སྟོང་ཀློང་ཡངས་ཆེན་པོར་མཚམས་བཅད་པ་ནི། རྡོ་རྗེའི་ལས་རིམ་ལས། བསམ་བྱ་དམིགས་སུ་མེད་པས་ན། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་ཤར་བ། །མཚམས་ཀྱི་མཆོག་ཏུ་དེ་གསུངས་སོ། །ཅེས་གསུངས་པ་ལྟར་བཅད་བྱའི་བགེགས། བཅད་པའི་མཚམས། གཅོད་བྱེད་ཀྱི་གདམས་ངག་སོགས་གང་དུ་མ་གྲུབ་ཅིང་བློ་ལས་འདས་པ་ངོས་བཟུང་མེད་པའི་རྣམ་ཀུན་མཆོག་ལྡན་ལ་གནས་པས་བཟླས་པ་སྔགས་ཀྱི་མཚམས་བཅད་པ་ནི། སརྦ་བི་གྷཱན་སོགས་ཀྱིས་སྔགས་འདོན། བགེགས་ཐམས་ཅད་ཞི་བར་གྱུར་ཅིག །

(༡༡༧)ཆོས་དབྱིངས་སྐྱེ་མེད་ཀྱི་ཀློང་དུ་ཞི་བར་གྱུར་ཅིག །ཅེས་སྲུང་འཁོར་བསྒོམ་པ་ནི། ཡོངས་དགེ་ཉིད་ཀྱི་ཞལ་གསུང་ཟིན་བྲིས་ལས། རང་ཉིད་དྲག་རྩལ་ལེགས་གསལ་བའི། །ཐུགས་ཀའི་རྡོ་རྗེ་ཧཱུྃ་བཅས་ལས། །འོད་ཟེར་ཁྲོ་ཚོགས་མེ་དཔུང་དང་། །མཚོན་ཆའི་འདབ་ཆར་དྲག་འཕྲོས་པས། །གདོན་བགེགས་འབྱུང་པོ་བསྲེག་བརླག་བཅོམ། །མིང་མེད་ཐལ་བར་བརླག་པར་བསྒོམ། །མཁའ་དབྱིངས་ཁྱབ་གདལ་ཀློང་ཡངས་དང་། །ཁྲོ་ཚོགས་རྡོ་རྗེའི་གུར་ཁང་ཡངས་པའི་ནང་། ཞེས་གསུངས་པ་ལྟར། རང་ཉིད་བླ་མ་པདྨ་འབྱུང་ནས་ཀྱི་ཐུགས་གཉིས་མེད་རིག་པའི་རང་རྩལ་འཕྲོ་འདུའི་ཆོ་འཕྲུལ་ཁོ་ན་ལས་ཁྲོ་བོ་ཁྲོ་མོ་ཐིག་ལེ་ཐིག་ཕྲན་རྡོ་རྗེའི་གུར་ཁང་མེ་དཔུང་འབར་བ་དང་བཅས་སྣང་སྲིད་ལྷར་གསལ་བའི་སྲུང་འཁོར་བསྒོམ་མོ། །ཧྲཱིནི་བླ་མ་དྲག་པོ་རྩལ་གྱི་ས་བོན། ཧཱུྃ་ནི་སྣང་སྟོང་ཁྲོ་བོའི་ས་བོན། བྷྱོ་ནི་བདེ་སྟོང་ཁྲོ་མོའི་ས་བོན། ཧཾ་ཐབས་ཨེ་ཤེས་རབ་བཛྲ་རྡོ་རྗེ་རཀྵ་སྲུང་བ་ཛྭ་ལ་འབར་བ་སྟེ་

(༡༡༨)མེ། བྷྲཱུྃ་ཞེས་པ་འབྱུང་བ་ལྔ་འདུས་བའི་ས་བོན་རྡོ་རྗེ་སྲུང་བའི་གུར་ཁང་བརྟན་པར་བྱེད་པ། ཨ་གསུམ་ནི་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་སྐྱེ་འགགས་གནས་གསུམ་དང་བྲལ་བའི་རང་བཞིན་ཅན་ནོ། །རྣམ་ཐར་སྒོ་གསུམ་ནི་སྟོང་པ་ཉིད། མཚན་མ་མེད་པའོ། །འདི་སྨོན་པ་མེད་པའོ། །འདི་སྐབས་སྣང་སྲིད་འཁོར་འདས་ལྷ་དང་ལྷ་མོ་ཁྲོ་བོ་ཁྲོ་མོ། རྣམ་རྟོག་འདས་པ་སྟོང་པ་ཉིད་དེ་འདས་པའི་རྗེས་མི་གཅོད། ད་ལྟ་བ་ལ་མཚན་མར་མི་འཛིན། མ་འོངས་པའི་མདུན་མི་བསུ་བ་མཆན། རྡོ་རྗེའི་གུར་ཁང་། དེ་རྒྱབ་མཚོན་ཆ། དེ་རྒྱབ་མེ་རིའི་གུར་ཁང་དུ་གྱུར་པར་བསྒོམ་ཞེས་མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ་གྱི་ཟིན་བྲིས་སུ་འདུག་པ་རྡོ་རྗེའི་གུར་ཁང་གི་རྒྱབ་ཏུ་མཚོན་ཆའི་གུར་གསུངས་པ་ཞལ་རྒྱུན་འདྲ་ཡིན་ནམ་གཞུང་གི་སྲུང་བའི་སྔགས་ལ་རྡོ་རྗེ་མེ་རི་ལས་མཚོན་ཆའི་སྔགས་མི་འདུག་བས་མ་བསྒོམས་ཀྱང་ཆད་པའི་སྐྱོན་རང་ནི་མེད་འདྲ་སྙམ། ཟིན་བྲིས་རྣམས་སུ་རྡོ་རྗེའི་གུར་ཁང་ཙམ་ལས། རྒོད་ངའི་དབྱིབས་ཅན་དང་། གུར་གྱི་དབྱིབས་ཅན་གཉིས་ལས་གང་ཡིན་མི་གསལ་ཀྱང་། ཐུགས་

(༡༡༩)སྒྲུབ་ཕལ་ཆེར་ལ་གུར་དབྱིབས་སུ་གསུངས་པས་གུར་དབྱིབས་འཐད་པར་སེམས་སོ། །སྲུང་བའི་འཁོར་ལོ་ནི་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པར་བསྒོམ། །སྲུང་འཁོར་གྱི་ནང་མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་ཐོ་བརྩེགས་དྲག་རྩལ་གྱི་གཞུང་ལྟར་མཁའ་ལ་ཉི་མ་ཤར་བ་ལྟར་གསལ་བའི་མཐར་སྐྱབས་ཡུལ་ཕྱི་ནང་གསང་བའི་ཚོགས་རྣམས་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བཞུགས་པའི་སྤྱན་སྔར། སྐུ་གསུམ་རྡོ་རྗེ་གསུམ་གྱི་ས་བོན་གྱིས་མགོ་དྲངས་ཏེ་སྐྱབས་འགྲོ་ལན་གསུམ་བྱ། སྐྱབས་ཡུལ་ཕྱིའི་དཀོན་མཆོག་སངས་རྒྱས་ཆོས་དང་དགེ་འདུན་གསུམ། ནང་གི་དཀོན་མཆོག་བླ་མ་ཡི་དམ་མཁའ་འགྲོ་གསུམ། གསང་བའི་དཀོན་མཆོག་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། དེ་ཐམས་ཅད་ཀྱང་དྲིན་ཅན་རྩ་བའི་བླ་མ་དང་ཨོ་རྒྱན་པདྨ་དབྱེར་མེད་རང་གི་སེམས་དང་རོ་གཅིག་པར་ཤེས་པས་སྐྱབས་སུ་འགྲོའོ། །དེ་ཡང་སེམས་ཉིད་སྐྱེ་བ་མེད་པ་སངས་རྒྱས་དཀོན་མཆོག །གསལ་ལ་འགགས་པ་མེད་པ་

(༡༢༠)དམ་ཆོས་དཀོན་མཆོག །གསལ་སྟོང་དབྱེར་མེད་པ་དེ་དགེ་འདུན་དཀོན་མཆོག །དེ་བཞིན་དུ་གསལ་བ་སེམས་ཀྱི་མཚན་ཉིད་བླ་མ། སྟོང་པ་སེམས་ཀྱི་རང་བཞིན་ཡི་དམ། ཟུང་འཇུག་སེམས་ཀྱི་ངོ་བོ་མཁའ་འགྲོ་དང་ཆོས་སྐྱོང་སེམས་སེལ་བའམ། གསལ་ཧྲིག་གེ་བདེ་གསལ་བ་སེམས་ཀྱི་མཚན་ཉིད་དེ་ལ་བལྟས་པས་གཟུགས་དབྱིབས་ཁ་དོག་གང་ཡང་མ་གྲུབ་པ་དེ་སྟོང་པ་སེམས་ཀྱི་རང་བཞིན། གསལ་བཞིན་དུ་སྟོང་ཞིང་། སྟོང་བཞིན་དུ་གསལ་བའི་གསལ་སྟོང་ཟུང་དུ་འཇུག་པ་དེ་སེམས་ཀྱི་ངོ་བོའམ། དེ་བཞིན་དུ་སེམས་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་སྣ་ཚོགས་སུ་ཤར་བ་སྤྲུལ་སྐུའོ། མདུན་གྱི་སྐྱབས་ཡུལ་ཡེ་ཤེས་པ་རང་སེམས་སྐུ་གསུམ་དབྱེར་མེད་རང་ངོ་ཤེས་ཏེ་གཉིས་མེད་རོ་གཅིག་ཏུ་བཞག་ན་དེས་གོ་ཆོད་དོ། །འོ་ན་རང་ལ་སྐྱབས་ཡུལ་ཐམས་ཅད་ཚང་ཡོད་པས་མདུན་དུ་སྐྱབས་ཡུལ་བསྒོམས་ནས་སྐྱབས་འགྲོ་བྱ་མི་དགོས་སོ་ཞེ་ན། སྐྱབས་ཡུལ་བསྒོམ་ནས་སྐྱབས་སུ་ཤི་ཏུ་ནས་ཀྱང་

(༡༢༡)འགྲོ་དགོས་ཏེ། ད་ལྟ་རང་ལ་གནས་པའི་སེམས་ཉིད་སྐུ་གསུམ་གྱི་བདག་ཉིད་འདི་སྒྲིབ་པའི་དྲི་མ་ཐམས་ཅད་དང་བྲལ་ནས་མངོན་སུམ་དུ་རྟོགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་རག་ལས་པས་སོ། ཇི་སྐད་དུ་ཡང་། ཧེ་རུ་ཀ་གལ་པོ་ལས། །མཚན་ཉིད་རྒྱུ་ཡི་ཐེག་པ་ནི། །སེམས་ཉིད་སངས་རྒྱས་རྒྱུ་རུ་ཤེས། །འབྲས་བུ་སྔགས་ཀྱི་ཐེག་པས་ནི། །སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམ། ཞེས་གསུངས་པ་ལྟར་རོ། །ནམ་ཞིག་ན་བླ་མ་དང་རང་སེམས་སངས་རྒྱས་གསུམ་དབྱེར་མེད་དུ་རྟོགས་ན་འབྲས་བུ་མངོན་དུ་གྱུར་པ་ཡིན་ལ། ད་ལྟའང་དབྱེར་མེད་དུ་ཤེས་པའི་ངང་ནས་སྐྱབས་སུ་འགྲོ་བར་བྱའོ། །མདུན་གྱི་སྐྱབས་ཡུལ་དེ་དག་གི་སྤྱན་སྔར། ཧོ ཞེས་ངོ་མཚར་བའི་དོན་ནམ་རྨད་དུ་བྱུང་བའི་ཚུལ་གྱིས་ཡན་ལག་བདུན་པ་འབུལ་བ་ནི། སྡིག་པ་བཤགས་པ། ༡ དམ་བཅའ་བ། ༢ སེམས་བསྐྱེད་པ། ༣ ཕྱག་འཚལ་བ། ༤ ལུས་འབུལ་བ། ༥ སྨོན་ལམ་གདབ་

(༡༢༢)བ། ༦ ཚོགས་མཆོད་འབུལ་བ། ༧ བསྟོད་པའི་ཡན་ལག་དང་བརྒྱད་དོ། །གཏེར་མཆན་དུ་ཡན་ལག་བདུན་པ་གསུངས་ཤིང་གྲངས་བརྒྱད་དུ་གྱུར་པ་གང་ཞེ་ན། ཚོགས་སོགས་འདོད་ཡོན་གྱིས་མཆོད་པ་འབུལ་བ་སྤྱི་དང་། ལུས་འབུལ་བ་བྱེ་བྲག་ཡིན་པས་སྤྱི་དང་བྱེ་བྲག་བསྡོམས་ནས་མཆོད་པའི་ཡན་ལག་ཏུ་བགྲངས་པའི་གྲངས་བདུན་དུ་ངེས་སོ། །ཡན་ལག་གཞན་རྣམས་ཤེས་པར་སླ་ལ། ལུས་འབུལ་བ་ལ་དགོས་པ་གསུམ་དང་ལྡན་ཏེ། རྡོ་རྗེའི་ལས་རིམ་ལས། །ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང་། །དབང་ཕྱུག་ད་ལྟའི་སངས་རྒྱས་བདག །མ་འོངས་རང་བཞིན་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་བྱ། །མཆོག་གི་ཡོད་ཕྱིར་སྣོད་དུ་འགྱུར། ཅེས་གསུངས་པ་ལྟར། སངས་རྒྱས་ལ་ལུས་ཕུལ་བས་མཐར་ཐུག་འབྲས་བུ་དེ་འདྲ་ཐོབ་པའི་དགོས་པ། ༡ བླ་མ་ལ་ལུས་ཕུལ་བས་བྱིན་རླབས་འཇུག་པའི་དགོས་པ། ༢ སེམས་ཅན་ལ་ལུས་ཕུལ་བས་མ་འོངས་པ་ན་གདུལ་བྱར་འགྱུར་

(༡༢༣)བའི་དགོས་པའོ། ༣ དེ་ཡང་སྔོན་གྱི་བདེར་གཤེགས་འདས་པའི་སངས་རྒྱས། མདོ་སྔགས་ལུང་རྟོགས་ཀྱི་དབང་ཕྱུག །ད་ལྟའི་སངས་རྒྱས་དཔལ་ལྡན་བླ་མ་དམ་པ་རིགས་བརྒྱའི་ཁྱབ་བདག །ཁམས་བདེར་གཤེགས་སྙིང་པོའི་རང་བཞིན་ཅན་གྱིས་སེམས་ཅན་ཐམས་ཅད་ནི་མ་འོངས་པའི་སངས་རྒྱས་ཏེ། ཡུལ་དེ་གསུམ་ཀ་ཚོགས་བསགས་པའི་ཞིང་དུ་སློབ་དཔོན་སངས་རྒྱས་གསང་བའི་རྡོ་རྗེའི་ལས་རིམ་ལས་གསུངས་སོ། ༈ །ཡན་ལག་བདུན་ཡང་སྔ་འགྱུར་བ་ཀའམ་ལྟར་ན། ཕྱག་འཚལ་བ། ༡ སྐྱབས་སུ་འགྲོ་བ། ༢ མཆོད་པ་འབུལ་བ། ༣ སྡིག་པ་བཤགས་པ། ༤ རྗེས་སུ་ཡི་རང་བ། ༥ སེམས་བསྐྱེད་པ། ༦ ལུས་འབུལ་བ། ༧ བསྔོ་བའི་ཡན་ལག་གོ ༨ ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་ཞེས་གཅིག་ཏུ་བརྩིས་པའི་ཡན་ལག་བདུན་དུ་བཞེད། ༈ །རྣལ་འབྱོར་རྒྱུད་རྣམ་སྣང་མངོན་བྱང་དང་། བླ་མེད་རྒྱུད་སམྦུ་ཊཱི་དང་། རྡོ་རྗེ་གུར་བཅས་ནས་ཚིག་མཐུན་

(༡༢༤)བར་གསུངས་པའི་བྱང་སེམས་སྡོམ་བཟུང་ཡན་ལག་བདུན་ནི། དང་པོ་ཡན་ལག་བདུན་པ་འབུལ་བའི་ཡུལ་དཀོན་མཆོག་གསུམ་ལ་སོགས་ཚིག་རྐང་གཅིག་སྡིག་པ་སོ་སོར་བཤགས་པའི་ཚིག་རྐང་། ༡ འགྲོ་བའི་དགེ་སོགས་རྗེས་སུ་ཡི་རང་། ༢ སངས་རྒྱས་བྱང་ཆུབ་སོགས་དོན་དམ་བྱང་ཆུབ་ཀྱི་སེམས་བཟུང་བ། ༣ སངས་རྒྱས་སོགས་ཚིག་རྐང་ཐེག་པ་ཆེན་པོའི་སྐྱབས་འགྲོ། ༤ རང་གཞན་སོགས་ཚིག་རྐང་གཉིས་སྨོན་པ་སེམས་བསྐྱེད། ༥ བྱང་ཆུབ་མཆོག་གི་སོགས་ཚིག་རྐང་གསུམ་འཇུག་པའི་སེམས་བསྐྱེད། ༦ འགྲོ་ལ་སོགས་བསྔོ་བའི་ཡན་ལག་དང་འདུན་ནོ། ༧ ཡན་ལག་བདུན་ཡང་གྲངས་དང་སྦྱར་ན། །སྐྱབས་ཡུལ་སྐུ་གསུམ་བླ་མའི་སྤྱན་སྔར་སྡིག་པ་བཤགས་པ། ༡ དམ་བཅའ་ཞིང་སེམས་བསྐྱེད་ནས་ཆོས་འཁོར་བསྐོར་བར་བསྐུལ་བ། ༢ ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། ༣ རང་ལུས་ལོངས་སྤྱོད་དགེ་རྩར་བཅས་མཎྜལ་དུ་ཕུལ་ནས་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་དང་།

(༡༢༥)བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་པ། ༥ འདོད་ཡོན་ལྔ་ཡི་ལྷ་མོ་སྤྲུལ་ནས་མཆོད་པ་འབུལ་བ། ༦ རྒྱལ་བའི་གསང་གསུམ་གྱི་ཡོན་ཏན་ལ་བསྟོད་ཅིང་རྗེས་སུ་ཡི་རང་བ་དང་བདུན་ནོ། ༢ དཔེ་ལ་ཡང་རང་ལུས་བཞུགས་པའི་གདན་དུ་འབུལ་ཞེས་པ་གདན་བྱས་འདུག་ཀྱང་ཡོངས་དགེ་གཏེར་ཆེན་ཉིད་ཀྱི་ཕྱག་བྲིས་སུ་བརྟེན་འདུག་པས་བླ་མ་དཔོན་པོ་ལ་ཞུ་བའི་རྟེན་དུ་འབུལ་བ་ཡིན་ལ་དེ་དུས་བླ་མ་མི་དཔོན་ལ་མགོ་བཏགས་ནས་མགོ་འབུལ་ལུས་འབུལ་ཟེར་བ་བཞིན་ནོ། །གཏེར་མཆན་དུ་གདན་འབུལ་ཟེར་བ་ནི། བླ་མ་སྐུ་གསུམ་གདན་འཛོམ་པའི་སྤྱན་སྔར་ལུས་འབུལ་བ་ཡིན་ཏེ། བླ་མ་ཁྲི་འཁོད་དུས་ཁྲི་འབུལ་བཞག་པ་ནི། བླ་མ་ཁྲི་ལ་མངའ་གསོལ་བའི་ལེགས་འབུལ་ཡིན་གྱི་འབུལ་བ་དེ་ཁྲིར་བརྩེགས་ནས་བླ་མ་ལ་འབུལ་མི་དགོས་པ་བཞིན་འདིར་ཡང་རང་ལུས་བླ་མའི་བཞུགས་གདན་དུ་འབུལ་དགོས་པ་མ་ཡིན་པར་ཤེས་དགོས་སོ། །མཐར་སྐྱབས་ཡུལ་རྣམས་རང་ལ་ཐིམ་པས་ལས་ཉོན་སྡིག་སྒྲིབ་

(༡༢༦)ཐམས་ཅད་དག་ནས་སྤྲིན་མེད་པའི་ནམ་མཁའ་ལྟར་རང་ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར་པར་བསམ། ༈ །འདིར་རང་ངོ་ལ་མཉམ་པར་བཞག་པ་པདྨ་ཉིན་བྱེད་དབང་པོའི་ཟིན་བྲིས་སུ་གསུངས་པ་ནི་མཆན་བུར་སེམས་རང་ཞལ་གཅེར་གྱིས་བལྟའོ། ཞེས་པའི་དོན་ནི་བྱིན་འབེབས་སྐབས་རང་ཉིད་བླ་མ་དྲག་པོ་རྩལ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཏེ་མཐའ་ཀླས་པ་དང་། ཁྱད་པར་ལྷོ་ནུབ་རྔ་ཡབ་དཔལ་གྱི་རི་བོ་སོགས་ནས་རྩ་བ་གསུམ་གྱིས་ལྷ་ཚོགས་ལྷ་སྐུ་ཕྱག་རྒྱའི་རྣམ་པ། གསུང་སྔགས་ཕྲེང་གི་རྣམ་པ། ཐུགས་ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་ལྟར་སྤྱན་དྲངས་པར་དམིགས་ལ་དར་སྣ་ལྔ་ཡི་གཡབ་དར་རམ་མདའ་དང་གཡབ་ཅིང་གདུང་བའི་དབྱངས་དང་བཅས་པས། ཧཱུྃ་སྐྱེ་མེད་སོགས་ཀྱི་སྐྱེ་མེད་ཆོས་སྐུའི་དབྱིངས་ནས་བཀའ་བརྒྱུད་བླ་མ། འགགས་མེད་འོག་མིན་མཁའ་སྤྱོད་ལོངས་སྐུའི་ཞིང་ནས་

(༡༢༧)ཡི་དམ་ལྷ་ཚོགས། འཁྲུལ་མེད་ཐུགས་རྗེའི་རང་རྩལ་གང་འདུལ་སྤྲུལ་སྐུའི་ཞིང་ནས་རིག་འཛིན་གྲུབ་ཐོབ་རྒྱ་མཚོ། ཕྱི་རོལ་དུ་ཡུལ་ཉེར་བཞི་ལ་སོགས་པའི་ཞིང་རང་ལུས་རྩ་རླུང་ཐིག་ལེ་རྣམ་དག་རྡོ་རྗེའི་ལུས་ཕྱི་ནང་གཞན་གསུམ་རྣམ་པར་དག་པའི་གནས་ནས་དཔའ་བོ་མཁའ་འགྲོ། རིག་པའི་རང་རྩལ་གང་འདུལ་སྒྱུ་འཕྲུལ་དྲྭ་པ་ལས་ཆོས་སྐྱོང་སྲུང་མ་སྟེ། རྩ་བ་གསུམ་གྱིས་ལྷ་ཚོགས་རྣམས་ཀྱིས་བྱིན་ཕབ་པའོ། ༈ །སྣང་ཡང་མ་གྲུབ་པའི་ཕྱི་སྒྱུ་མ་ནི་དོན་དམ། དེ་ལས་འཁོར་འདས་སྣ་ཚོགས་སུ་ཤར་བ་ནི་མེད་བཞིན་དུ་སྣང་བའི་ཕྱིར་འཕྲུལ་པ་སྟེ། ཀུན་རྫོབ། དེ་གཉིས་དབྱེར་མེད་འཁོར་འདས་ཀུན་ལ་ཁྱབ་ཅིང་འབྲེལ་བས་དྲྭ་བ་ཞེས་བྱ་སྟེ། སྒྱུ་འཕྲུལ་བླ་མ་ལས། སྟོང་ཞིང་དབེན་པའི་སེམས་ཉིད་འདི། །རིགས་དང་ཁ་དོག་དབྱིབས་མེད་དེ། །ཅི་ཡང་མེད་ལས་ཅི་ཡང་སྣང་། །མ་སྐྱེས་སྒྱུ་འཕྲུལ་སྣ་ཚོགས་འབྱུང་། །རྒྱལ་བའི་དཀྱིལ་འཁོར་སྣ་ཚོགས་ཀྱང་། །

(༡༢༨)སེམས་ཀྱི་སྒྱུ་འཕྲུལ་ཆེན་པོ་ཡིན། ཅེས་སོ། བྱིན་ཕབ་པའི་ཚུལ་ཡང་། ཕྱི་སྣོད་ལ་བྱིན་བབ་པས་ཐར་པ་ཆེན་པོའི་གཞལ་ཡས་ཁང་ཞིང་གི་བཀོད་པར་ཡེ་ནས་དག་པའི་རང་བཞིན་དུ་ཤེས་པ་ལས། ཆེད་དུ་གཞལ་ཡས་ཁང་བསྒོམ་མི་དགོས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་དག་པ་ཡེ་ཤེས་ཀྱི་འཁོར་ལོས་བསྒྱུར་བ་སྟེ་ཁ་ལོ་བསྒྱུར་བའམ་དབང་བསྒྱུར་བའོ། དེ་ལྟར་ལན་གསུམ་བརྗོད་ཅིང་བྱིན་བབ་ལ། །བྱིན་རླབས་བསྡུ་བ་ནི། ཨོཾ་སྤྲུལ་སྐུ། ཨཱལོངས་སྐུ། ཧཱུྃ་ཆོས་སྐུའི་ས་བོན་གསུམ་གྱིས་ཐོག་དྲངས་བླ་མ་སྐུ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྐུའི་བྱིན་རླབས་ལུས་ལ་ཞུགས་པས་ལུས་སྣང་སྟོང་འཇའ་ལུས་ཆོས་སྐུ། བླ་མ་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཀྱི་བྱིན་རླབས་ངག་ལ་ཞུགས་པས་ངག་གྲགས་སྟོང་ཚངས་དབྱངས་ཀྱི་ལོངས་སྤྱོད་རྫོགས་སྐུ། བླ་མ་སྤྲུལ་སྐུ་དཔའ་བོ་མཁའ་འགྲོའི་བྱིན་རླབས་གཞི་ལུས་ལ་ཞུགས་པས་རྩ་དག་

(༡༢༩)རླུང་ཐིམ། ༢ ཐིག་ལེ་བརྟེན་པས་རྣམ་སྨིན་གྱི་ལུས་དག་ནས་དྭངས་མའི་ལུས་བླ་མ་སྤྲུལ་པའི་སྐུར་གྱུར། ༈ །བླ་མ་སྐུ་གསུམ་གྱི་ཕྲིན་ལས་དྲག་པོའི་རོལ་པ་ཆོས་སྐྱོང་སྲུང་མའི་བྱིན་བརླབས་གནས་བཞིར་ཐིམ་པས་ཞི་རྒྱས་དབང་དྲག་གི་ལས་བཞི་ལྷུན་གྱིས་གྲུབ་ཅིང་རྟོག་ཚོགས་རང་གྲོལ་བླ་མ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་གོ་འཕང་མངོན་དུ་བྱས་པར་དམིགས། ཡེ་ཤེས་ཆོས་སྐྱོང་ཡིན་ཏེ་དྲེགས་པ་རང་རྒྱུད་པ་བསྟིམ་མི་དགོས་མཆན། བླ་མའི་བྱིན་འབེབ་ཀྱི་སྐབས་སུ་ལུས་འཇའ་ལུས་ཆོས་སྐུར་བྱིན་གྱིས་བརླབས་ཟིན་ན། སླར་མཁའ་འགྲོའི་བྱིན་འབེབ་ཀྱི་སྐབས་སུ་རྩ་རླུང་ཐིག་གསུམ་རྣམ་པར་དག་རྒྱུ་གང་ཡིན་ཞེ་ན་མི་འགལ་ཏེ། སྤྱི་དང་བྱེ་བྲག་གིས་བྱིན་འབེབས་ཡིན་པའི་ཕྱིར་ཐོག་མར་བླ་མའི་བྱིན་འབེབས་ལུས་ལྷ་སྐུར་སྨིན་པར་བྱེད་པ་སྤྱི་ཡིན་ལ། བྱེ་བྲག་ཟབ་མོ་སྔགས་ཀྱི་ཁྱད་ཆོས་མཆོག་དབང་གོང་མ་གསུམ་གྱི་ལམ་ལ་བརྟེན་ནས་རྩ་རླུང་ཐིག་ལེ་དག་དགོས་པའི་ཕྱིར། དབང་གི་སྐབས་སུའང་བུམ་དབང་ཁོ་ན་བསྐུར་ནས་དེའི་ལམ་ཁོ་

(༡༣༠)ན་བསྒོམས་ནས་འབྲས་བུ་མི་ཐོབ་ལ། དབང་གོང་མ་གསུམ་གྱི་ལམ་ལ་བརྟེན་ནས་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་དགོས་པའི་ཕྱིར་རོ། །བྱིན་བསྡུ་བའི་ཚེ་ལྷ་སྐུ་རྣམས་རང་གི་ལུས་ བུམ་གསང་ཤེར་ཡེ་ཚིག་དབང་གིས་ལུས་ངག་ཡིད་གསུམ་ཆ་སྙོམ་དང་བཅས་པའི་སྒྲིབ་པ་དག །སྐུ་བཞིའི་འབྲས་བུ་གྲུབ་པའོ། ལ་བསྟིམ། །སྔགས་ཕྲེང་རྣམས་རང་གི་མགྲིན་པ་དང་ག་ལ་ཐིམ། ཕྱག་མཚན་རྣམས་སྙིང་ག་དང་སེམས་ལ་བསྟིམ། ཆོས་སྐྱོང་སྐུའི་རིགས་རྣམས་དཔྲལ་བ། གསུང་གི་རིགས་རྣམས་མགྲིན་པ། །ཐུགས་ཀྱི་རིགས་རྣམས་སྙིང་ག །ཡོན་ཏན་དང་ཕྲིན་ལས་ཀྱི་རིགས་རྣམས་ལྟེ་བ་དང་གསང་བར་བསྟིམས་པ་ཡིན་ལ། །ཡང་ན་ཆོས་སྐྱོང་ཐམས་ཅད་ཕྲིན་ལས་ཀྱི་རོལ་བ་ཡིན་པས་གསང་བར་བསྟིམ་མོ། །སྔགས་དོན་ཨོཾ་ཨཱཧཱུྃ་སྐུ་གསུམ་ཧཾ་ཨེ་ཐབས་དང་ཤེས་རབ་དྷརྨ་དྷཱ་ཏུ་ཛྙཱ་ན་ཡེ་ཆོས་དབྱིངས་ཡེ་ ཡེ་ཤེས་ཀྱི་ཆོས་སྐྱོང་ཡིན། ཤེས། ཀཱ་ཡ་ཝཱཀྐ་ཙིཏྟ་སྐུ་གསུང་ཐུགས་སིདྡྷི་དངོས་གྲུབ་ཛའབུགས་པ་སྟེ་དབང་དུ་བསྡུ་བ་ཧཱུྃ་དབྱེར་

(༡༣༡)མེད་དུ་བསྟིམ་པའོ། ༈ །མཆོད་པ་བྱིན་རླབས་ནི་སྐུ་གསུམ་གྱི་ས་བོན་འབྲུ་གསུམ་སྔོན་དུ་འགྲོ་བས་དངོས་སུ་བཤམས་པའི་མཆོད་རྫས་ཐམས་ཅད་ཟག་པ་སྟེ། ཉོན་མོངས་པ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ནི། ནམ་མཁའི་མཐའ་དང་མཉམ་པ་ཟད་མི་ཤེས་པ་ཕྱོགས་བཅུའི་ཞིང་རབ་འབྱམས་རྒྱ་མཚོ་དཔག་པར་དཀའ་བ་རྣམས་སུ་འདས་པ་དང་། ད་ལྟ་བ། མ་འོངས་པ། མ་ངེས་པ་སྟེ་དུས་བཞི་མཉམ་པ་ཉིད་དུ་རྒྱུན་མི་འཆད་པར་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་བྱིན་བརླབས་པའོ། །དངོས་སུ་བཤམས་པའི་མཆོད་པ་དེ་ལའང། ཉོན་མོངས་པ་དང་མ་འདྲེས་པ་ནི། རྒྱུ་དུག་གསུམ་གྱིས་ལྕགས་ཀྱུས་མ་བཟུང་བ། རྐྱེན་མི་དགེའི་ཞགས་པས་མ་བཅིངས་པ། བར་རྡོ་ཆགས་ཀྱིས་སེལ་མ་ཞུགས་པ། ཐ་མ་ཞེན་ཆགས་ཀྱི་གཡས་མ་གོས་པར་བཤམ། བྱིན་རླབས་སྐབས་འདིར། སྨན་རག་གཏོར་གསུམ་གྱི་བྱིན་རླབས་སྒོམ་དོན་གཞན་གསང་བ་སྤྱི་ལུགས་ནི་སྦྱར་མི་སྤོབས་ཏེ་ཞལ་

(༡༣༢)རྒྱུན་ཡང་མི་འདུག་པས་བཅོས་བསླད་དུ་འགྲོ་བར་སེམས། སྔགས་ཀྱི་བྱིན་རླབས་ཁོ་ན་བྱ་བ་ནི་སྤྱིར་བསྡུས་པའི་ལུགས་ཡིན་པས་བདུད་རྩི་བཞུ་བཏུལ་སོགས་མི་དགོས་པར་མངོན་ནོ། །སྔགས་ཚན་དོང་པོ་ཕྱི་མཆོད་འདོད་ཡོན་གཏོར་མ་བྱིན་རླབས། བར་པ་ནང་མཆོད་བདུད་རྩི་བྱིན་རླབས། ཕྱི་མ་གསང་མཆོད་རཀྟ་བྱིན་རླབས་ཡིན་ལ་གཏེར་མཆན་ལྟར་ན་སྔགས་ཚན་དང་པོ་དམ་ཚིག་གི་བདུད་རྩི་བསྐྱེད་སྔགས། གཉིས་པ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་འདྲེན་པའི་སྤགས། གསུམ་པ་དམ་ཡེ་དབྱེར་མེད་རོ་གཅིག་ཏུ་བསྲེ་བའི་སྔགས་སོ། །སྔགས་དོན་ཨོཾ་ཨཱཧཱུྃ་སྐུ་གསུམ་གྱིས་ས་བོན། ས་མ་ཡ་དམ་ཚིག །ཨ་མྲྀ་ཏ་བདུད་རྩི། སཱ་ག་ར་རྒྱ་མཚོ། ཨོཾ་ཨཱཧཱུྃ་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད། འདི་སྐབས་སྔགས་དོན་ལྷར་མཆོད་རྫས་རྣམས་དམ་ཚིག་གི་བདུད་རྩིའི་རྒྱ་མཚོ་ཆེན་པོར་དམིགས་ལ་སྨན་གཏོར་ལ་བདུད་རྩི་དང་། རཀྟས་བྲན་ཡང་འབྲུ་གསུམ་སྔར་དང་འདྲ། ཛྙཱ་ན་ཡེ་ཤེས། པཉྩ་ལྔ། ཨ་མྲྀ་ཏ་བདུད་རྩི། སཱ་ག་ར་རྒྱ་མཚོ། འབྲུ་གསུམ་

(༡༣༣)སྔར་བཞིན། སྔགས་བཟླ་ཚེ་བདུད་རྩི་གཡས་སྐོར་དུ་དཀྲུག །ཡང་ཐོག་མཐའི་འབྲུ་གསུམ་སྔར་བཞིན། ཛྙཱ་ན་པཉྩ་ཡེ་ཤེས་ལྔ། ཨ་མྲྀ་ཏ་འཆི་མེད་སྟེ་བདུད་རྩིའོ། སྔགས་ཀྱི་ཚེ་རཀྟ་གཡོན་སྐོར་དུ་དཀྲུག །ད་ལྟ་སྔགས་ཚན་རྣམས་སོ་སོར་གསུམ་རེ་བཟླ་བ་ཡིན། བསྙེན་བསྒྲུབ་སོགས་ཀྱི་ཚེ་སྔགས་རྣམས་སོ་སོར་ལན་བདུན་རེ་བཟླས་ན་ལེགས། དེ་ཚེ་མཆོད་རྫས་རྣམས་བྱིན་གྱིས་རླབས་པའི་དམིགས་པ་ནན་ཏན་བྱ། དམ་ཚིག་གི་བདུད་རྩི་བསྐྱེད་པའི་སྐབས་སུ་ཨོཾ་འོད་དུ་ཞུ་བ་ལས་གཏོར་མ། ཨཱའོད་དུ་ཞུ་བ་ལས་རཀྟ། ཧཱུྃ་འོད་དུ་ཞུ་བ་ལས་བདུད་རྩི་འབྲུ་གསུམ། རྗེས་མ་དེས་རྒྱས་བཏབ་ཏེ་སོ་སོས་མཚན་པར་བསྒོམ། ཡེ་ཤེས་ཀྱི་བདུད་རྩི་སྤྱན་འདྲེན་སྐབས་སྔགས་ཚན་བར་མའི་འབྲུ་གསུམ་ཐོག་མ་དེས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས། འབྲུ་གསུམ་རྗེས་མས་བྱིན་གྱིས་རླབས། སྔགས་ཚན་རྗེས་མའི་འབྲུ་གསུམ་དང་པོས་དམ་ཡེ་དབྱེར་མེད་དུ་བསྲེས། འབྲུ་

(༡༣༤)གསུམ་རྗེས་མས་ངོ་བོ་དབྱེར་མེད་རོ་གཅིག་པ་མར་ལ་མར་བཞག་པ་ལྟར་བསམ་མོ། །འདི་ཡན་ཕྲིན་ལས་སམ་ལས་བྱང་ཀུན་གྱི་སྔོན་དུ་འགྲོ་བའི་ཆོས་སོ། ༈ །དངོས་གཞི་ལ་དང་པོ་ཕྱི་སྒྲུབ་ཀུན་བཟང་གི་ལས་བྱང་ལ་ཐོག་མར་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ་ནི། སེམས་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བའི་བརྡར་ཧཱུྃ་ཡིག་གསུམ་བརྗོད་ལ་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་ད་ལྟའི་ཤེས་པ་མ་བཅོས་མ་བསླད་གཉུག་མའི་རང་ངོ་ལ་ངོ་རང་ཐོག་ཏུ་སྤྲད་པ་དེ་ཉིད་ཆོས་སྐུ་བློ་འདས་ཀྱི་དགོངས་པ་ཐག་གཅིག་ཐོག་བཅད་དེ། གང་ཤར་གྱི་རང་ངོ་ལ་བཅོས་བསླད་མེད་པར་ཆེ་རེ་བལྟས་ཏེ་དེའི་ངང་ལ་གློད་པས་དྲན་རྟོག་རྗེས་མེད་དུ་ཡལ་བ་རྦ་རླབས་ཆུར་ཐིམ་པ་ལྟར་གང་ཤར་རང་གྲོལ་སྤངས་གཉེན་དང་བྲལ་བའི་ངང་ལ་གདེང་གྲོལ་ཐོག་ཏུ་བཅས་ཏེ་འཁོར་འདས་ཡེ་སྟོང་སོགས་ཚིག་རྐང་བཞི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་སྟེ། རྒྱུད་གསང་བ་སྙིང་པོའི་ལེའུ་ལྔ་པ་ལས། །དངོས་རྣམས་ཉིད་ན་དངོས་མེད་པ། །རྟོགས་

(༡༣༥)པས་དབང་བསྒྱུར་ཏིང་འཛིན་ཡིན། ཞེས་དང་། གང་གི་གླང་ཆེན་མྱེས་འདྲའི་སེམས། །མཉམ་པར་བཞག་པས་བརྟུལ་ནས་སུ། །ཞེས་གསུངས་པ་ལྟར། སྣང་སྲིད་འཁོར་འདས་ཡེ་ནས་སྟོང་པའི་ཀློང་ཆེན་པོ་ནི་དབྱིངས་ཡེ་ཇི་བཞིན་པ་ཡུམ་ཀུན་ཏུ་བཟང་མོའི་དཀྱིལ་འཁོར་ཡེ་ནས་འགྱུར་བ་མེད་པ་རིག་པ་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཡབ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཡེ་ནས་སྟོང་ཞིང་སྐྱེ་འཆི་དང་བྲལ་བ་སྐྱེ་བ་མེད་པ་དོན་དམ་པའི་རིག་རྩལ་མ་འགགས་པར་ཤར་བ་ནི། སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱིས་དཀྱིལ་འཁོར་ཞེས་ལུང་ཨ་ནུ་ཡོ་གའི་དགོངས་པ་ལྟར་ལྟ་བ་དཀྱིལ་འཁོར་གསུམ་དུ་གཏན་ལ་བབ་ཏེ་མ་ཡེངས་བར་བསྒོམ་པ་ནི། དེ་བཞིན་ཉིད་དང་། སྟོང་པ་ཆེན་པོ་དང་། ནམ་མཁའ་ལྟ་བུ་དང་། གཞི་རྣམ་དག་གི་ཏིང་ངེ་འཛིན་ཞེས་མིང་གི་རྣམ་གྲངས་སོ། །གཉིས་པ་ནི། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལས། གཉིས་པ་ཀུན་སྣང་ནམ་མཁའི་ངང་། །སྙིང་རྗེ་གསུམ་གྱིས་ཁྱབ་བའི་ཕྱིར། །ཁྱབ་གདལ་

(༡༣༦)ཆེན་པོའི་ཏིང་འཛིན་བསྒོམ། ཞེས་པས་དེ་བཞིན་མ་རྟོགས་པའི་འགྲོ་བ་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་པ་ནི། འགགས་མེད་འཁྲུལ་པའི་རང་མདངས་ལས ཞེས་པ་ནས་བཟུང་། ད་ནི་དེ་ལས་སྒྲོལ་བར་བྱ ཞེས་པའི་བར་ཚིག་རྐང་བཅུ་གཉིས་ཀྱི་འཁོར་བའི་སེམས་ཅན་ལ་སྐྱོ་ཤས་དེས་འབྱུང་ཞེན་ལོག་བསྐྱེད་དེ། དེ་རྣམས་བདག་གིས་འཁོར་བའི་གནས་ལས་སྒྲོལ་བར་བྱའོ་སྙམ་བའི་དམ་བཅའ་འདི་ལ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། མཚམས་སྦྱོར་བའི་ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དང་། ཁྱབ་གདལ་ཆེན་པོའི་ཏིང་ངེ་འཛིན་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། དག་པ་གསུམ་གྱིས་རང་བཞིན་ནམ་དཀྱིལ་འཁོར་གསུམ་དུ་ཐག་ཆོད་པ་ལ་ངོ་མཚར་བའི་དོན་གྱིས་ཧོ གསུམ་སྔོན་དུ་འགྲོ་བས། ཕྱི་སྣོད་ཡེ་ནས་དག་པ་གཞལ་ཡས་ཁང་། ནང་བཅུད་ཡེ་ནས་དག་པ་ལྷ་དང་ལྷ་མོ། རྟོག་ཚོགས་ཡེ་ནས་དག་པ་འཁོར་འདས་ཟང་ཐལ་ཀུན་ཏུ་བཟང་པོའི་ཡེ་ཤེས་སུ་གཏན་ལ་ཕབ་པ།

(༡༣༧)སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་རས་སྣང་སྲིད་གཞི་རྫོགས་ཀྱིས་དཀྱིལ་འཁོར་བསྒོམ་པ་ནི་འདིའི་ཁྱད་ཆོས་སོ། །སྣོད་འབྱུང་པ་ལྔ་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་ཐར་བ་ཆེན་པོའི་གཞལ་མེད་ཁང་། བཅུད་ཕུང་པོ་ལྔ་ཡབ་ལྔར་རྣམ་པར་དག་པ་ཀུན་བཟང་རིགས་ལྔའི་ལྷ་ཚོགས། རྒྱུད་རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག་པ་ཡེ་ཤེས་ལྔར་གདོད་ནས་ལྷུན་གྲུབ་ཏུ་ཤེས་པར་བྱ་བ་ལས། དཀྱིལ་འཁོར་གཞལ་ཡས་ཁང་སྒོ་རྫོགས་སོགས་སྒོམ་མི་དགོས་སོ། ༈ །སླར་ཡང་རྡོ་རྗེ་གསུམ་གྱི་ཡི་གེ་སྔོན་དུ་འགྲོ་བས་འཁོར་འདས་གཉིས་སུ་སྣང་བའི་གཉིས་འཛིན་གྱི་ཞེན་པ་དེ་གཉིས་སུ་མེད་པའི་ཡེ་ཤེས་རང་བཞིན་སྐྱེ་མེད། རོལ་བ་འགགས་མེད། ངོ་བོ་དབྱེར་མེད་མཚན་ཉིད་བློ་འདས་སུ་ངོ་ཤེས། ཐག་ཆོད་གདེངས་ཐོབ་པས། ཕྱི་སྣོད་སྣང་སྲིད་ཡེ་ནས་སྟོང་ཀུན་ཏུ་བཟང་མོ། ནང་བཅུད་སེམས་ཅན་ཡེ་ནས་སྟོང་ཀུན་ཏུ་བཟང་པོའི་ཀློང་དུ་མི་གནས་པའི་དབྱིངས་སུ་མྱ་ངན་ལས་འདས་ མྱ་ངན་ལས་

(༡༣༨)འདས་པ་ཤི་བའི་དོན་མ་ཡིན་མཆན། པ་སྟེ་འཁོར་བ་ལས་འདས་ཏེ་གྲོལ་བའོ། །དོན་ནི་དབྱིངས་ཡེ་ཟུང་འཇུག །དེ་བཞིན་དུ་སྣང་སྟོང་། གསལ་སྟོང་། བདེ་སྟོང་། རིག་སྟོང་ཟུང་འཇུག་གིས་བདག་ཉིད་ཅན་ནོ། །གསུམ་པ་རྒྱུ་ཡི་ཏིང་ངེ་འཛིན་བསྒོམ་པ་ནི། ཀུན་བཟང་ཡབ་ཀྱི་ས་བོན་ཧཱུྃ་ཞེས་བརྗོད་པས་འཁྲུལ་མེད་རིག་པའི་རང་མདངས་ཏེ་གསལ་ཆ་ལས་ཡབ་ཀྱི་ས་བོན་ཧཱུྃ་མཐིང་ག་དང་། ཆོས་དབྱིངས་ཡུམ་གྱི་སྙིང་པོ་ཨ་དཀར་པོ་གཉིས་མཁའ་ལ་ཟླ་བ་ཤར་བ་ལྟར་བསྒོམ་པ་ནི། རྒྱུའི་ཏིང་ངེ་འཛིན་དང་། སྙིང་པོའི་ཏིང་ངེ་འཛིན་དང་། འབྲས་བུའི་ཏིང་ངེ་འཛིན་དང་། ནོར་བུ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །སྒོམ་པའི་ཚུལ་ནི་པཎ་ཆེན་བི་མ་ལས། དང་པོ་དམིགས་ཡུལ་ཡིག་འབྲུ་ལ་དམིགས། སྒོམ་ཐབས་འབུར་དུ་དོད་པ་ལྟར་བསྒོམ། ལམ་དུ་མཚན་བཅས་ཁྱེད། རྟགས་བསྐྱེད་རིམ་གསལ་བར་འོང་། ཉོན་མོངས་པ་ཆད་ལྟ་སྦྱངས། ལམ་ཚོགས་ལམ་བགྲོད། འབྲས་བུ་སྤྲུལ་སྐུ་ཐོབ་པར་གསུངས་

(༡༣༩)སོ། །ཞེས་གསུངས་པ་ལྟར་ལམ་དེས་རྫོགས་ཀྱི་དབང་དུ་བྱས་ན་ཡིག་འབྲུ་དེ་གཉིས་རྫབ་ཡིག་འབྲུ་ཚུགས་ལེགས་པར་མཐིང་དང་དཀར་པོས་བྲིས་ལ་མིག་མ་སྦྲིད་ཀྱི་བར་དུ་བལྟ། དེ་ནས་མིག་བཙུམ་པ་ན་མིག་ལམ་ཡིད་ངོར་ཤར་ཞིང་བརྟན་པ་མ་ཐོབ་བར་སྦྱངས་ཞིང་། དེ་ནས་ལྷ་སྐུ་བསྒོམ་པ་ཡིན་ཀྱང་། དེང་སང་མོས་སྒོམ་བྱེད་པས་དེ་འདྲའི་རྩོལ་བ་མ་ཐུབ་ཀྱང་ཐུན་མཚམས་ལྟ་བུར་ཕྲ་བ་ཡིག་འབྲུའི་ཏིང་ངེ་འཛིན་ལ་རྩལ་སྦྱོང་གྲུབ་ན་ལེགས། གོང་བཤད་ལམ་དེས་རྫོགས་ཀྱི་ཚེ་ཡང་ཐོག་མར་ཡིག་འབྲུ་ལ་སྦྱངས་ནས། དེ་མཚམས་ལས་བྱང་དབུ་ནས་བཟུང་འདོན་པ་ལས། བར་དེར་ལས་བྱང་བཅད་ནས་ཡིག་འབྲུ་ཁོ་ན་བསྒོམ་པ་མ་ཡིན་ནོ། །བསྐྱེད་རིམ་བསྒོམ་དོན་གཞུང་གསལ་ལྟར་ཡབ་ཡུམ་གཉིས་ཀ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་བསྒོམ་དགོས། ཡབ་ཀྱི་ཕྱག་མཚན་དཔལ་བེའུ་ནི་ཆོས་ཉིད་ཀྱི་དྲྭ་བ་ཆད་པ་མེད་པའི་བརྡར་བ་སྦས་བ། རིགས་དྲུག་གི་ཁྱབ་བདག་ཡིན་པའི་བརྡར་ཟུར་དྲུག་

(༡༤༠)དང་ལྡན་པ། ཕྲིན་ལས་ལྷུན་གྱིས་གྲུབ་པའི་བརྡར་ཁ་དོག་ལྗང་གུའོ། །ཡུམ་གྱི་ཕྱག་མཚན་རྡོར་དྲིལ་ནི་བདེ་སྟོང་ཟུང་འཇུག་གིས་བརྡའོ། །ཞབས་གཉིས་ཕྱེད་པའི་སྐྱིལ་མོ་ཀྲུང་ཞེས་ཡབ་ཀྱི་སྐེད་དུ་འཁྲིལ་བས་ཞབས་གཡོན་པ་སྟེང་དང་གཡས་པ་འོག་ཏུ་བྱས་པའི་ལོང་བུ་བསྣོལ་བས་སློང་བོར་འཁྲིལ་པའོ། །ཐབས་ཤེས་ཟུང་འཇུག་བདེ་སྟོང་འབར ཞེས་པ་ལྟར། སེམས་མའི་སྐྱིལ་ཀྲུང་མཆན། སྐུའི་ཆ་གང་དུ་རེག་པ་ཐམས་ཅད་བདེ་སྟོང་ལས་མ་འདས་ཀྱང་ཡུམ་གྱི་མཁའ་པདྨ་དམར་པོ་འདབ་མ་བརྒྱད་པ་དང་། ཡབ་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་སྙོམས་པར་འཇུག་པར་བསྒོམ་ཞིང་བདེ་སྟོང་གི་རང་ངོ་མཉམ་པར་བཞག་པ་ནི་དབང་པོ་གཉིས་སྦྱོར་གྱིས་སྒོ་ནས་ཆགས་པ་དེ་དག་པར་བྱེད་པ་བླ་མེད་རྒྱུད་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར། འོ་ན་སྨད་གཡོགས་ན་བཟའ་དང་བཅས་བས་ཁོ་ཞེ་ན། ཡེ་ཤེས་རང་སྣང་ལས་གྲུབ་པ་ནམ་མཁའི་འཇའ་ཚོན་ལྟ་བུ་ཡིན་བས་སྒྲིབ་ཐོགས་དང་བྲལ་བའི་རང་བཞིན་ཅན་ཡིན་ནོ། །ད་ལྟ་སྡུག་བསྔལ་བདེན་

(༡༤༡)བ་བེམ་པོ་རྟག་བརྟན་ཐེར་ཟུག་གིས་རྣམ་པ་དར་ཕྲུག་རས་སོགས་གྱོན་པ་ལྟ་བུར་མ་ཡིན་པར་ཤེས་དགོས་སོ། །བདེ་བ་ཆེན་པོ་དེ་ཡང་ཡན་ལག་བདུན་དང་། སྡུག་བསྔལ་གྱིས་བདེན་པ་ལས་གྲུབ་པ་གདོས་བཅས་མཆན། ལྡན་པ་སྟེ། ཟག་པ་མེད་པའི་བདེ་བ། ༡ རང་དབང་ཅན་གྱི་བདེ་བ། ༢ འདུས་མ་བྱས་པའི་བདེ་བ། ༣ གཉིས་སུ་མེད་པའི་བདེ་བ། ༤ བསམ་གྱིས་མི་ཁྱབ་པའི་བདེ་བ། ༥ རང་བཞིན་མེད་པའི་བདེ་བ། ༦ ངོ་བོ་ཉིད་ཀྱི་བདེ་བའོ། ༧ དེ་ལྟར་ཀུན་བཟང་ཡབ་ཡུམ་སྒོམ་པ་ནི། ཕྱག་རྒྱ་བཞི་ལས་ནང་ཡིད་ཀྱི་རིག་མ་བརྟེན་པ་ཆོས་ཀྱི་ཕྱག་རྒྱའོ། །སྤྱིར་ལྷ་ཁྲོ་བོར་བསྒོམ་པ་ཞེ་སྡང་དག་བྱེད། གདོང་ཅན་དུ་བསྒོམ་པ་གཏི་མུག་དག་བྱེད། ཡབ་ཡུམ་ཞལ་སྦྱོར་དུ་བསྒོམ་པ་འདོད་ཆགས་དག་བྱེད་ཡིན་པའང་ཤེས་དགོས་སོ། །དགེ་སློང་གི་དེ་ལྟ་བུར་བསྒོམས་ནས་རྣམ་སྨིན་རོ་མྱག་ཀྱི་འདམ་དང་། རྒྱུ་མཐུན་མངལ་གྱི་སྲིན་བུར་སྐྱེ་ཏེ་འདོད་ཆགས་བསྒོམ་བའི་ཕྱིར་ཞེན་མ་ཡིན་ཏེ། ཆོས་ཐམས་ཅད་སེམས་

(༡༤༢)ཉིད་དུ་ངང་སྣང་བས་ཡུལ་སེམས་གཉིས་མེད་དུ་གསལ་བ་ལ། གཉིས་སུ་ཆགས་ཤིང་ཞེན་པའི་དུས་ན། སེམས་ཉིད་ཀྱི་ངོ་བོར་ཤེས་པའི་ལྟ་བ་དང་། འདུ་ཤེས་སུམ་ལྡན་གྱི་སྒོམ་པ་དང་། ཐབས་ཀྱི་སྤྱོད་པ་གསུམ་གྱིས་ཟིན་ནས་ཆགས་པའི་རོ་ཡེ་ཤེས་སུ་གསལ་བའི་ཕྱིར་དང་། ཕྱི་རོལ་ཡུལ་དུ་སྣང་བ་ཡབ་ཡུམ་དང་། དབང་པོ་ནང་ནས་འཆང་བ་ཡབ། དེས་ཐ་མལ་གྱི་རྟོག་ཚོགས་རང་སར་དག་བ་སྒྲོལ་བ་སྟེ། སྦྱོར་སྒྲོལ་སྔགས་ཀྱི་ཁྱད་ཆོས་སོ། ༈ །བུ་འཁོར་གནས་ཀྱི་ལྷ་རྣམས་སྒོམ་ཚུལ་ནི། ཧྲཱིཞེས་རིགས་བརྒྱའི་ཁྱབ་བདག་པདྨ་བཛྲ་རྡོ་རྗེ་འཆང་གི་ས་བོན་གསུམ། སྐྱེ་འགག་གནས་གསུམ་དང་བྲལ་བ། དོན་དམ་པའི་ངོ་བོར་རྫོགས་པའི་བརྡར་སྔོན་དུ་འགྲོ་བས། ཀུན་བཟང་སྟོང་རའི་དབུས་སུ་རྩ་གསུམ་སྒོམ་ཚུལ་སྤྱིར་བཏང་ལ་གཡས་སུ་རོ་མ་དམར་པོ་དག །གཡོན་དུ་རྐྱང་མ་དཀར་པོ་ཡིན་ཀྱང་ཡོངས་དགེའི་ལུགས་འདེར་ཟངས་སྦུབ་མ་ལྟར་གཡས་པ་རོ་མ་དཀར་པོ་དང་། གཡོན་པ་རྐྱང་མ་དམར་པོ།

(༡༤༣)དབུས་སུ་དབུ་མ་མཐིང་གའོ། །ཀུན་བཟང་གི་གཞུང་འདི་ཉིད་ལས། གསལ་སྟོང་སྐུ་ཡི་རྩ་འཁོར་སྦོས་རིང་དུང་པ་ལྟར་རྩ་གསུམ་དཀར་མཐིང་དམར་བ་འོད་ཀྱི་སྦུ་གུར་སྒོམ དེ་ཡང་འཁོར་འདས་ཐམས་ཅད་རང་གི་ལུས་ལ་རྫོགས དེ་ཡང་གསལ་བ་བརྟན་པ་རང་དབང་ཐོབ་པར་བྱའོ ཞེས་གསུངས་པ་ལྟར་འདིའི་རྩ་འཁོར་ནི་གདུགས་ཀྱི་རྩིབས་མ་གྱེས་པ་ལྟ་བུ་ཡིན་ལ། སྤྱིར་བཏང་རླུང་གི་སྐབས་རོ་རྐྱང་གཉིས་སྣ་སྒོར་ཟུག་པ་དང་། །ཐིག་ལེའི་སྐབས་སུ་དབུ་མའི་སྣེ་སྨིན་མཚམས་སུ་བཀུག་པ་ལ་སོགས་དམིགས་གནད་སྣ་ཚོགས་ཡོད་མོད། ཟངས་སྤུབ་མར། རྩ་གསུམ་དཀར་མཐིང་དམར་བའི་ཡར་སྣེ་སྤྱི་བོར་ཟུག ཅེས་པ་ལས་མ་གསུངས་ཀྱང་། འདི་སྐབས་རོ་རྐྱང་གཉིས་ཀྱི་རླུང་དབུ་མར་དག་པའི་བརྡར་གཙུག་ཏོར་འཁོར་ལོའི་སྟེང་ནས་རོ་རྐྱང་གཉིས་དབུ་མར་ཐིམ་པ་སྟེ་ཟུག་པ། དབུ་མའི་ཡར་སྣེ་རྡོ་རྗེ་རྩེ་ལྔ་པ་བྱེད་པར་བསྒོམ་པའི་རྡོ་རྗེའི་ལྟེ་བར་བླ་མ་རིག་འཛིན་པདྨ་སཾ་བྷ་ཝ་ཡབ་ཡུམ་གཞུང་

(༡༤༤)ལྟར་སྒོམ། དེ་འོག་གཙུག་ཏོར་གྱི་འཁོར་ལོ་རྩ་འདབ་དྲུག་པ་དཀར་པོ་དེ་ལ་དཔྲལ་བ་ཆོས་ཉིད་འཁོར་ལོ་ཞེས་གསུངས་ལ་དེའི་དབུས་སུ་རྡོར་སེམས་ཡབ་ཡུམ་གཞུང་ལྟར་བསྒོམ། མཆན། རྡོར་སེམས་རིགས་ལྔ་བཅས་ལ་རང་རང་ས་བོན་གསུམ་གསུམ་གྱིས་དབུ་བཟུང་བ་ནི་སྐྱེ་འགག་གནས་གསུམ་དང་བྲལ་བ་དོན་དམ་པའི་བདག་ཉིད་དུ་ཤེས་པའོ། རྩ་འཁོར་གྱི་རྩ་འདབ་སྤྱི་བོར་བདེ་ཆེན་འཁོར་ལོ་སོ་གཉིས། མགྲིན་པ་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་རྩ་བཞི། གསང་བར་སོ་གཉིས། ཁ་དོག་ལྟའི་སྐུ་མདོག་དང་མཐུན། གཙུག་ཏོར། ༡ སྤྱི་བོ། ༢ སྙིང་གའི་རྩ་འདབ་རྣམས་ཅུང་ཟད་སྦུབ་པའི་རྣམ་པ། མགྲིན་པ། ༡ ལྟེ་བ། ༢ གསང་གནས་རྣམས་ཀྱི་རྩ་འཁོར་ཅུང་ཟད་བཀན་པའི་རྣམ་པར་བསྒོམ། ༈ །རྣམ་སྣང་གི་ཆོས་འཆད་ཕྱག་རྒྱས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཐུགས་ཀར་བསྣམས་པ་ནི་དེང་སང་ཆོས་འཁོར་ཕྱག་རྒྱ་ཟེར་བ་དེ་ཡིན། གཞན་ཤེས་པར་སླ། དོན་གྲུབ་ཀྱི་སྐྱབས་སྦྱིན་ཕྱག་རྒྱ་ནི་ཐུགས་ཀར་དེང་སང་ཆོས་འཆད་ཕྱག་རྒྱར་གྲགས་པ་མཛུབ་

(༡༤༥)མོ་མ་བཀུག་པའོ། །རྡོར་སེམས་གྱི་ཡུམ་སྙེམ་མའི་ཕྱག་མཚན་གྲི་ཐོད། རིགས་ཀྱི་ཡུམ་ལྔའི་ཕྱག་གཡས་པ་རྣམས་འཁོར་ལོ་སོགས་རང་རྟགས་དང་གཡོན་པ་རྣམས་དྲིལ་བུ་འཛིན་ཅིང་ཡབ་ལ་འཁྱུད་པའོ། །གཞུང་གསལ་ལྟར་ཡེ་ཤེས་པ་སྤྱན་འདྲེན་ལ་སྔགས་ཐོག་མའི་མཐའི་ཛཧཱུྃ་བྃ་ཧོ དེ་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བཞིའི་ཐུགས་རྒྱུད་བསྐུལ་བ་ཡིན་ལ་སྤྱན་འདྲེན་མཐའི་སྔགས་རྗེས་མའི་ཛཧཱུྃ་བྃ་ཧོ དེས་དམ་ཡེ་དབྱེར་མེད་ཆུ་ལ་ཆུ་བཞག་བ་ལྟར་བསྟིམ་པ་ཡིན། དེ་ནས་བདག་བསྐྱེད་རང་ཉིད་ལས། ལས་ཀྱི་སེམས་དཔའ་ཞེས་དོན་ཡོད་གྲུབ་པའི་རྣམ་པ་ཕྱིར་སྤྲོས་ལ་བཞུགས་སུ་གསོལ། ཕྱག་འཚལ་མཆོད་འབུལ་རྣམས་བྱ་བ་སྟེ། ཕྱི་མཆོད་ཉེར་སྤྱོད་དང་འདོད་ཡོན་རྣམ་ལྔ། ནང་མཆོད་སྨན་རག་གཏོར་གསུམ། གསང་མཆོད་སྦྱོར་སྒྲོལ་ཟབ་མོ་རྣམས་ཀྱིས་མཆོད་ཅིང་བསྐང་བ་བྱ་བ་ལ། སྤྱིར་ཕྱི་ཡོ་བྱད་དམ་ཚིག་རྫས་ཀྱི་ས་བསྐང་བ། ནང་ཏིང་ངེ་འཛིན་

(༡༤༦)གྱིས་བསྐང་བ། གསང་བ་དེ་ཁོ་ན་ཉིད་ཀྱི་བསྐང་བ་དང་གསུམ་ལས། འདིར་ཏིང་ངེ་འཛིན་དང་དེ་ཁོ་ནས་བསྐང་བ་ཡིན་ཏེ། བསྐང་བྱ་རིག་པ་རང་རིག་རང་གསལ། ཟང་ཐལ་སྒྲིབ་གཡོགས་དང་བྲལ་བའི་འོད་གསལ་ཡབ་ཀུན་ཏུ་བཟང་པོ། སྐོང་བྱེད་ཤེས་རབ་དབྱིངས་སྟོང་པ་ཉིད་ཡུམ་ཀུན་ཏུ་བཟང་མོ། དོན་མཁའ་དབྱིངས་དབྱེར་མེད། དབྱིངས་ཡེ་དབྱེར་མེད། བདེ་སྟོང་དབྱེར་མེད། གསལ་སྟོང་དབྱེར་མེད། ཡེ་ཤེས་ལྔ་དང་སྐུ་གསུམ་རོ་གཅིག་པའི་ཀློང་དུ་བསྐང་བྱ་སྐོང་བྱེད་མི་དམིགས་པའི་ངང་ལ་མཉམ་པར་བཞག་པ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ཀློང་དུ་འཁྲུལ་རྟོག་རྩད་ནས་གཅོད་པ་ཡེ་ནས་གསང་ཞིང་ཡེ་ནས་དག་པ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཀ་དག་གདོད་མའི་གནས་ལུགས་རང་ཞལ་མཇལ་བའི་ངང་དུ་བསྐང་བའོ། །དེ་ནས་བཤགས་པ་བྱ་བ་ལ། ཧོ ཞེས་དགོངས་གསོལ་གྱི་ཚིག་གསུམ་སྔོན་དུ་འགྲོ་བས། སྤྱིར་བཤགས་ཚུལ་ལ་རང་བཞིན་ལྟ་བའི་བཤགས་པ་ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་ལྟ་

(༡༤༧)བུ། དགེ་སྡིག་རང་བཞིན་མེད་པར་ཤེས་པ་རང་བཞིན་གནས་དག་གི་བཤགས་པ་ཡང་ཟེར། བསྒོམ་པ་ཏིང་ངེ་འཛིན་གྱིས་བཤགས་པ་རྩ་སྦུར་མེས་བསྲེགས་པ་ལྟ་བུ། རང་རིག་པའི་ཡེ་ཤེས་མེ་ལྟ་བུས་མཚན་འཛིན་གྱིས་བུད་ཤིང་བསྲེགས་པ་ཐབས་གང་དག་མཛད་པ་མཆན། སྤྱོད་པ་ཐབས་ཀྱིས་བཤགས་པ་གླང་པོ་ཆེ་ཆུར་འཇུག་པ་ལྟ་བུ། གནོང་འགྱོད་ཚིག་གིས་བཤགས་པ་རྒྱལ་པོའི་བཀའ་ཆད་ཕོག་པ་ལྟ་བུ་ཏེ་རྣམ་པ་བཞི་ལས་འདིར་གནོང་འགྱོད་ཚིག་གིས་བཤགས་པ་ཕུལ་ནས་ལྟ་བའི་ཀློང་དུ་བཟོད་པར་གསོལ་བའོ། །བསྟོད་པ་ནི། ཉེས་སྤྱོད་ཀྱི་ཞུ་བ་ཕུལ་ནས་ཅི་དགྱེས་མཛད་པ་ལྟ་བུར་མཆན། གསང་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་དབུ་དྲངས་ཏེ། ཤློ་ཀ་གཉིས་ཀྱི་ཀུན་བཟང་ཡབ་ཡུམ་ལ་གནས་ལུགས་གཞིའི་ངང་ནས་བསྟོད། དེ་ཤློ་ཀ་གཅིག་གིས་པད་འབྱུང་ལ་མཐར་ཐུག་འབྲའི་བུས་ངང་དུ་བསྟོད། དེ་ནས་རྡོར་སེམས་ཡབ་ཡུམ་ལ་རྣམ་པར་བྱེད་ལས་ཀྱི་སྒོ་ནས་བསྟོད། ཐབས་བདེ་བ་ཆེན་པོ་ཀུན་བཟང་ཡབ་ཀྱི་ཆ་

(༡༤༨)ལས་གཟུགས་སོགས་ཕུང་པོ་ལྔ་མ་སྤངས་གནས་དག་ཏུ་ཤེས་པས་རྒྱལ་བ་རིགས་ལྔ་ལ་བསྟོད། ཤེས་རབ་སྟོང་པ་ཉིད་ཀུན་བཟང་ཡུམ་གྱི་ཆ་ལས་འབྱུང་བ་ལྔ་མ་སྤངས་གནས་དག་ཏུ་ཤེས་པས་ཡུམ་ལྔ་ལ་བསྟོད་པ། རྟོགས་ཚོགས་སྒྱུ་འཕྲུལ་དྲྭ་བ་མ་སྤངས་གནས་དག་གིས་དཔའ་བོ་མཁའ་འགྲོའི་ཚོགས་ལ་བསྟོད། རིག་རྩལ་ཕྲིན་ལས་སྒྱུ་འཕྲུལ་དྲྭ་བ་མ་སྤངས་གནས་དག་གིས་ཆོས་སྐྱོང་སྲུང་མ་ལ་བསྟོད། དོན་དམ་དེ་ཁོ་ན་ཉིད་ཀྱི་ངང་དུ་བསྟོད་པ་ནི། བསྟོད་བྱའི་ལྷ། །བསྟོད་བྱེད་ཀྱི་ཚིག །བསྟོད་ཡུལ་གྱི་འབྲས་བུ་གསུམ་དམིགས་མེད་ཀུན་བཟང་ཡབ་ཡུམ་དུ་ཤེས་པ་སྟེ། དོན་གྲགས་སྟོང་བརྗོད་མེད་དོན་དམ་དེ་ཁོ་ན་ཉིད་ཀྱི་བསྟོད་པའོ། བཞུགས་གསོལ་ཕྱག་འཚལ་བསྐང་བཤགས་བསྟོད་པ་རྣམས་གྲུབ་ནས་ལས་ཀྱི་སེམས་དཔའ་རང་ལ་བསྟིམ་པའོ། གོང་བཤད་མ་སྤངས་གནས་དག་ནི། མ་སྤངས་ལ་ནི་མི་ལྡན་པ་སྟེ། དཔེར་ན་ཏིལ་མར་ལ། ཏིལ་གྱིས་རྫས་མ་སྤངས་ལ། ཏིལ་གྱི་གད་བུ་མི་ལྡན་པ་བཞིན་ནོ། །དེ་ཡང་

(༡༤༩)གཉིད་འཐུག་པོའི་འོད་གསལ་ལ་མཚོན་མ་གཉིད་དངོས་མ་སྤངས་ལ་འོད་གསལ་ཟིན་པའི་རང་དོན་གཉིས་མི་ལྡན་པ་དེ་ལ་གནས་སུ་དག་པ་ཟེར་ཏེ། གནས་དག་པ་དང་གནས་འགྱུར་བ་གཉིས་ཀྱང་དོན་གཅིག་མིང་གི་རྣམ་གྲངས་ཙམ་མོ། ༈ །བཟླས་པའི་ཐོག་མར་སྤྱན་འདྲེན་སྔགས་ཉེར་གཅིག་ཙམ་བཟླ། ཕྱི་སྒྲུབ་བསྙེན་པའི་སྐབས་སྤྱན་འདྲེན་སྔགས་བརྒྱ་རྩ་བརྒྱད་བཟླ་བ་ཡོངས་དགེའི་ཟིན་བསྡུས་སུ་གསུངས། དེ་སྐབས་འོག་མིན་སྟུག་པོ་བཀོད་སོགས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས་རིགས་བརྒྱའི་ཁྱབ་བདག་པདྨ་འབྱུང་གནས། ཀུན་བཟང་ཡབ་ཡུམ། རྡོར་སེམས་ཡབ་ཡུམ་ཆར་ལྟར་བབ་པ་ལྟར་སྤྱན་དྲངས་ནས་རང་ལ་བསྟིམ་མོ། ཕྱི་སྒྲུབ་ཀུན་བཟང་འདི་ལ་བདག་བསྐྱེད་ཁོ་ན་ལས། མདུན་བསྐྱེད་བསྒོམ་མི་དགོས་སོ། །རང་གཞུང་ལས། གྲགས་སྟོང་སྔགས་ཀྱི་འཁོར་ལོ་རྩ་འཁོར་དབུས་སུ། པདྨའི་ལྟེ་བར་བསྒོམ དེ་ཡང་ནམ་མཁའི་འཇའ་ཚོན་ཡིག་འབྲུ་ཤར་བ་བཞིན

(༡༥༠)འབྲུ་ཚུགས་ལེགས་པར་གྲུབ་བསྟན་ལ་ཁབ་བཙུག་ལྟར གསལ་བ་སྟོང་པ་འོད་ཟེར་འབར་བ་རང་དབང་ཐོབ་པར་བྱོས ཅེས་གསུངས་པ་ལྟར། སྙིང་གའི་རྩ་འཁོར་གྱི་དབུས་སུ་མི་བསྐྱོད་པའི་ཐུགས་དབུས་སུ། སྙིང་གི་རྩ་འཁོར་འདབ་མ་བརྒྱད་གནས་སུ་དག་པའི་པདྨ་དམར་པོ་འདབ་མ་བརྒྱད། དེའི་རླུང་གནས་སུ་དག་པའི་བརྡར་ཟླ་བའི་དཀྱིལ་འཁོར་ཉ་གང་བ། ཐིག་ལེ་གནས་སུ་དག་པའི་བརྡར་ཧཱུྃ་གི་ཡི་གེ་མཐིང་ག །དམ་ཚིག་སེམས་དཔའ་ཀུན་བཟང་ཡབ་ཡུམ། ཡེ་ཤེས་སེམས་དཔའ་མི་བསྐྱོད་ཡབ་ཡུམ། ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་མཐིང་གསལ་མཐར་པོ་དྷི་ཙིཏྟ་དང་རུ་ལུ་བཅས་ཨིནྡྲ་ནཱི་ལའི་ཕྲེང་བ་ལྟར་སྔོ་ཞིང་དྭངས་པ་སྔགས་ཀྱི་ཞལ་དོ་ནང་བསྟན་མདུན་ཕྱོགས་ནས་གཡས་བསྐོར་དུ་བཀོད་པ་ཁོ་ན་ལས་འཁོར་མི་དགོས་ཏེ་ཡིག་འབྲུ་སྟན་ལ་ཁབ་བཙུག་པའི་དཔེས་བསྟན་པའོ། །སྔགས་དོན་ནི་འབྲུ་གསུམ། གཞིའི་སྐབས་སུ་ལུས་ངག་ཡིད་གསུམ། ལཾ་གྱིས་སྐབས་སུ་རྩ་རླུང་ཐིག་གསུམ། འབྲས་བུའི་

(༡༥༡)སྐབས་སུ་སྐུ་གསུམ་མོ། བོ་དྷི་ཙིཏྟ་བྱང་ཆུབ་སྙིང་པོ། དེ་ལའང་གནས་བྱང་ཆུབ་སྙིང་པོ་དང་། རྟོགས་པ་བྱང་ཆུབ་སྙིང་པོ་གཉིས། དང་པོ་ནི་འོག་མིན་ལ་སོགས་པའི་ཞིང་ཁམས། གཉིས་པ་ནི་ཡེ་ཤེས་ཆོས་སྐུའོ། མ་ཧཱ་སུ་ཁ་བདེ་བ་ཆེན་པོ། གོང་བཤད་ཟག་མེད་ཀྱི་བདེ་བ་བདུན་ལྡན། ཛྙཱ་ན་དྷཱ་ཏུ་དབྱིངས་དང་ཡེ་ཤེས་ཏེ་ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་ཡེ་ཤེས་ལྔ། ཨཱརིང་པོ་རྣམ་བཅད་ཅན་ནི་གསུང་རྡོ་རྗེ་གཞོམ་མེད་ན་དའི་སྒྲས་སྐུ་གསུང་ཐུགས་ཀྱིས་ ཆོས་ཉིད་དོན་དང་། ཆོས་ཅན་ཀུན་རྫོབ། མཆན། རྒྱུད་བསྐུལ་པའོ། རུ་ལུའི་སྔགས་དོན་གཡུང་སྟོན་བཛྲ་ཤྲཱིའི་ཡེ་ཤེས་ལྷ་ལ་སྙན་གསན་ཕབ་པའི་སྔགས་སུ་གསུངས། གཏེར་ཆེན་གུ་རུ་ཆོས་དབང་གིས། །ཡང་དག་སྙིང་པོའི་སྒྲུབ་ཐབས་ལས། །ཞི་བ་སངས་རྒྱས་བཞི་བཅུ་གཉིས རུ་ལུ་འབྲུ་བརྒྱད་དག་ལ་འདུས ཨོཾ་ནི་རིགས་ལྔ་ཡབ་ཡུམ་བཅུ རུ་ལུ་གོང་མ་སེམས་དཔའ་བརྒྱད རུ་ལུ་འོག་མ་སེམས་མ་བརྒྱད

(༡༥༢)ཧཱུྃ་ནི་སྒོ་པ་ཁྲོ་བོ་བཞི༔ བྷྱོ་ནི་སྒོམ་ཁྲོ་མོ་བཞི༔ ཧཱུྃ་ནི་སྤྲུལ་སྐུ་ཐུབ་པ་དྲུག༔ ཡིད་དང་ཆོས་ནི་རང་བྱུང་གནས༔ ཞེས་ཞི་བའི་དུས་དང་། ཁྲོ་བོ་གནས་འགྱུར་བའི་སྐབས་སུ། ཨོཾ་ནི་ཁྲག་འཐུང་ཡབ་ཡུམ་བཅུ རུ་ལུ་གོང་མ་ཀཽ་རི་བརྒྱད རུ་ལུ་འོག་མ་ཕྲ་མེན་བརྒྱད༔ ཧཱུྃ་ནི་གདོང་མོ་སྒོམ་བཞི བྷྱོ་ནི་དབང་ཕྱུག་ཉི་ཤུ་བརྒྱད ཧཱུྃ་ནི་སྐུ་ལྔ་འདུས་པའི་དཔལ ཨོཾ་ནས་ཧཱུྃ་ལ་རྣམ་བསྡུས་པས ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སྨིན ཞེས་དོན་འགྱུར་དུ་གསུངས་པ་ལྟར་རོ། །སྔགས་གོང་འོག་གཉིས་སྦྲེལ་ཏེ་གང་འགྲུབ་བཟླའོ འདི་དག་ནི་བསྐྱེད་རིམ་ལྷ་ཁྲིད་གཙོར་སྟོན་གོ་སླ་ཉན་བདེར་བཀོད་པའོ། ༈ །རྫོགས་རིམ་རྫོགས་པ་ཆེན་པོའི་ལམ་གྱི་རིམ་པ་ནི། ཡིག་ཆུང་ལེའུ་བདུན་གྱིས་བསྟན་པ་ལྟར། གཞི་ཁྲེགས་ཆོད་ཀྱི་ལྟ་བ་ལ། ལམ་ཐོད་རྒལ་ཉི་ཁྲིད་ཀྱིས་བོགས་དབྱུང་ཞིང་། འབྲས་བུ་སྣང་བཞི་མཐར་ཕྱིན་གདོད་མའི་ཟད་ས་

(༡༥༣)ཀ་དག་ཆེན་པོར་སངས་རྒྱས་པ་ཉིད་དོ། ཨེ་ཝཾ་ལ་ཧཱཾ་ཤྲཱི་བི་ཛ་ཡནྟུ། དགེའོ། །དགེའོ། །དགེའོ། །།

(༡༥༤)

(༡༥༥)ལས་གཞུང་རྡོ་རྗེ་གྲོ་ལོད་ལས༔ བླ་མའི་ནང་སྒྲུབ་དྲག་པོ་རྩལ་གྱི་ཟིན་བྲིས་དམིགས་ཐུན་གསལ་པོར་བཞུགས་སོ།། །།

(༡༥༦)ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། བླ་མའི་ནང་སྒྲུབ་དྲག་པོ་རྩལ་གྱི་ཐོག་མར། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལ། ཨ་ཐུང་དུ་གསུམ་ནི་ཤེར་ཕྱིན་འབུམ་པ་ལས། ཨ་ཞེས་བྱ་བ་ནི། གདོད་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་གསུངས་པ་ལྟར་སྐྱེ་འགགས་གནས་གསུམ་དང་བྲལ་བ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཅན་ནོ། །དེ་ཡང་གསལ་སྒྲིབ་ཕྱོགས་ལྷུང་དང་བྲལ་བས་སྟོང་པ་ཉིད་བསྒོམ་ལ་ངོས་འཛིན་ནོ། །ཞེན་པའི་འཛིན་པ་མེད་པས་མཚན་མ་མེད་པ། །

(༡༥༧)འབྲས་བུ་ཆོས་སྐུ་ཡེ་ནས་ལྷུན་གྱིས་གྲུབ་པས་སྐུ་དང་ཡེ་ཤེས་ལ་གཞན་དུ་ཚོལ་བའི་རེ་བ་མེད་པས་ན་སྨོན་པ་མེད་པའོ། ཡང་དག་པ་ངེས་པའི་དོན་ལ་སྐྱེ་འཆི་འཕོ་འགྱུར་དང་བྲལ་བ་ནི། དཔེར་ན་ནམ་མཁའ་བཞིན་ནོ། །རང་རིག་པའི་ཡེ་ཤེས་ནི་བཟོ་བཅོས་དང་བྲལ་ཏེ། རང་གི་ངོ་བོས་སྟོང་ཞིང་བདག་མེད་པ་གང་ཤར་རིག་རྩལ་འགག་མེད་དུ་ཤར་བ་ནི། ནམ་མཁའ་ལ་སྤྲིན་དང་རྡུལ་ལ་སོགས་པས་གོས་པ་མེད་པ་བཞིན་དུ་རྣམ་པར་དག་པ་ཉིད་དོ། ༈ །དོན་དམིགས་པ་མེད་ཅིང་བློ་ལས་འདས་པ་བརྗོད་དུ་མེད་པ་ཡེ་ནས་

(༡༥༨)སྟོང་ཉིད་དུ་གནས་པས་ངོ་བོ་སྐྱེ་མེད་རྣམ་པར་རང་གསལ་དུ་ཤར་བས་རང་བཞིན་འགགས་མེད་རྩལ་མ་དངས་འཁོར་འདས་སུ་ཤར་བས་ཐུགས་རྗེ་ཀུན་ཁྱབ་ཏུ་ཤེས་པར་བྱའོ། །འདི་ལ་ངོ་བོ། ༡ ངེས་ཚིག ༢ །དབྱེ་བ། ༣ དབྱེ་བ། བྱེད་ལས། ༤ མིང་གི་རྣམ་གྲངས། ༥ མ་བསྒོམ་པའི་སྐྱོན། ༦ བསྒོམ་པའི་ཕན་ཡོན་དང་བདུན་ནོ། དང་པོ་ངོ་བོ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །གཉིས་པ་ངེས་ཚིག་ནི། ཡེ་གདོད་མ་ནས་ཆོས་ཐམས་ཅད་སྟོང་ཞིང་ཉིད་སྤྲོས་བྲལ་དུ་གནས་པ་ལས་སྒྲུབ་པ་པོས་དེ་བཞིན་ཉིད་དུ་རྟོགས་པས་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་ཅེས་བྱའོ། །དབྱེ་བ་ལ་གསུམ་ཏེ། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ལ་རང་ཆས་སུ་གནས་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ལས་དང་པོ་པ་བསྒོམ་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་གསུམ་མོ། ༈ །བཞི་པ་བྱེད་ལས་ནི། སྟོང་པ་དེས་མཚན་མའི་རྣམ་རྟོག་ཐམས་ཅད་འཇོམས་པར་བྱེད་པའོ། །ལྔ་པ་

(༡༥༩)མིང་གི་རྣམ་གྲངས་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། སྤྲོས་པ་མེད་པའི་ཏིང་ངེ་འཛིན་དང་། སྐྱེ་བ་མེད་པའི་ཏིང་ངེ་འཛིན་རྣམས་སོ། །དྲུག་པ་མ་བསྒོམ་པའི་སྐྱོན་ནི། །གནས་ལུགས་སྟོང་པ་ཉིད་ཀྱིས་མ་ཟིན་ནས་ལྷ་སྐུ་རང་རྒྱུད་བ་བསྒོམས་ན་འདོད་ཁམས་གྱི་ལྷར་སྐྱེ། ཁྲོ་ཚུལ་གྱི་ཆ་ལུགས་དང་ཕྱག་མཚན་རང་རྒྱུད་པར་བསྒོམས་ན་བདུད་དང་སྲིན་པོར་སྐྱེ། །མགོ་བརྙན་རང་རྒྱུད་པར་བསྒོམས་ན་དུར་ཁྲོད་ཀྱི་ཝ་སྦྱང་དུ་སྐྱེ། སྦྱོར་བ་རང་རྒྱུད་པར་བསྒོམས་ན་མངལ་གྱི་སྲིན་བུར་སྐྱེ། སྒྲོལ་བ་རང་རྒྱུད་པར་བསྒོམས་ན་སེམས་ཅན་དམྱལ་བར་སྐྱེའོ། །བདུན་པ་ཕན་ཡོན་ནོ། །དཔེར་ན་མཆན་ལ་ཕབ་ཐེབས་ན་གླུམ་དུ་འགྱུར་ལ། མ་ཐེབས་ན་མི་འགྱུར་བ་བཞིན་ཆོས་ཐམས་ཅད་ལ་སྟོང་ཉིད་ཀྱིས་རྩིས་ཟིན་ན་གདབ་ལས་དང་མནན་བསྲེགས་འཕང་གསུམ་བྱས་ཚད་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ལ། མ་ཐེབས་ན་མི་འགྱུར་རོ། །དྷརྨཱ་དྷ་ཏུ་སོགས་ཀྱིས་སྔགས་དོན་ནི། །

(༡༦༠)ཆོས་དབྱིངས་ཡེ་ཤེས་སྙིང་པོ་སྐྱེ་འགག་གནས་གསུམ་དང་བྲལ་བའོ། །ཀུན་སྣང་སྙིང་རྗེའི་ཏིང་ངེ་འཛིན་ནི་ཤུགས་ལ་ཚང་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རྩལ་ལས་ཧྲཱི ཞེས་གཞོམ་མེད་རང་སྒྲས་བསྐུལ་བ་ཙམ་གྱིས། དམིགས་མེད་ནམ་མཁའ་ལྟར་དག་ཅིང་ཁྱབ་པའི་དབྱིངས་རིག་པའི་ཡེ་ཤེས་རྣམ་པར་གྲོལ་བའི་ཀློང་ཡངས་ཆེན་པོར་གཞི་སྟོང་ཉིད་ཀྱི་རིག་རྩལ་འགགས་མེད་ཐོལ་སྐྱེས་སམ་སྐད་ཅིག་གིས་བརྫུས་ཏེ་སྐྱེ་བ་ཞེས་དེར་རྫུ་འཕྲུལ་གྱིས་སྐད་ཅིག་དྲན་པ་ཙམ་གྱིས་སྣང་བས་དྲན་རྫོགས་ཞེས་ཀྱང་བྱའི། མེ་ཏོག་པདྨ་ལས་སྐྱེས་པའམ་འཁྲུངས་པ་ལྟ་བུའི་དོན་མིན་ནོ། །ད་ལྟ་ནས་གདན་པདྨ་ཉི་ཟླ་བརྩེགས་པའི་སེང་གེའི་ཁྲི་ལ་བཞུགས་པ་བསྒོམ་དགོས་མ་གཏོགས་བཞུགས་གསོལ་སྐབས་སུ་ཁྱེད་ཡར་བཞེངས་ངས་སེང་ཁྲི་འབུལ་དགོས་ཟེར་པ་རྙིང་བུགས་སུ་རྟེན་བརྟེན་པར་བཅས་སྤྱན་འདྲེན་དགོས་པས། མཆན། མ་ཡིན་པར་ཤེས་དགོས་སོ། །ཇི་ལྟར་བསྒོམ་པའི་ཚུལ་བླ་མ་རིག་འཛིན་གསང་མཚན་

(༡༦༡)རྡོ་རྗེ་དྲག་པོ་རྩལ་དེ་ནི་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ། སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ་ཏེ་འགྲོ་དྲུག་མ་རེའི་དྲུང་དུ་པད་འབྱུང་གི་སྤྲུལ་པ་རེ་བཞུགས་པ་སྟེ། སྣང་སྲིད་འཁོར་འདས་ལ་ཁྱབ་པ་ཞིང་ཁམས་རབ་འབྱམས་སྐུ་ཡི་དབྱིངས་སུ་རྫོགས་ཏེ་རྣམ་སྣང་གངས་ཅན་མཚོ་ལྟར་བ་སྤུའི་ཁུང་བུ་རེར་ཡང་རྡུལ་སྙེད་ཀྱི་ཞིང་ཁམས་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པའོ། །རྒྱན་ཆ་ལུགས་གཞུང་གསལ་ལྟར་དང་བརྡ་དོན་གཏེར་སྟོན་ཉིད་ཀྱིས་ཕྱག་མཆན་གནང་བ་ལྟར་བསྒོམ། ཁ་ཊཱྭྃ་ག་ལ་ཐོད་མཁར་དགུ་བརྩེགས་ཅེས་པ་ཐོད་པ་སྐམ་པོ་གཡས་གཡོན་དབུས་གསུམ་དང་། དེ་འོག་རྙིང་པ་གཡས་གཡོན་དབུས་གསུམ། དེ་འོག་རློན་པ་གཡས་གཡོན་དབུས་གསུམ་ཐམས་ཅད་བགྲངས་པས་དགུ། རིམ་པ་གསུམ་གྱི་འོག་མ་རློན་པ་གསུམ་མཚན་ཉིད་རྒྱུ་ཡི་ཐེག་པ་གསུམ། ཉན་རང་བྱང་སེམས། བར་པ་རྙིང་པ་གསུམ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། བྱ་སྤྱོད་རྣལ་འབྱོར། སྟེང་མ་སྐམ་པོ་གསུམ་དབང་བསྒྱུར་ཐབས་

(༡༦༢)ཀྱི་ཐེག་པ་གསུམ་སྟེ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད། སྟེ་དགུའོ། ཡར་གྱི་རྩེ་གསུམ་ནི་ངོ་བོ་ཆོས་སྐུ་རང་བཞིན་ལོངས་སྐུ་ཐུགས་རྗེ་སྤྲུལ་སྐུ་གསུམ་ཏེ་སྐུ་གསུམ། ཚེ་བུམ་ནི་འཆི་པ་མེད་པའི་ཚེ་ལ་མངའ་བརྙེས་པ། རྒྱ་གྲམ་ནི་རྟེན་འབྲེལ་བཅུ་གཉིས་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་མཆན། གནས་སུ་དག་ཅིང་ས་ལམ་ཡོངས་སུ་རྫོགས་པ། ཡུ་བ་བརྒྱད་གཞོགས་དཀར་གསལ་ལྡེམ་པ་ནི་རྣམ་པར་ཐར་པ་བརྒྱད་དོ། རྣམ་ཐར་བརྒྱད་ནི། གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་ཐར། གཟུགས་གང་འདོད་དུ་སྤྲུལ་པའི་ཏིང་ངེ་འཛིན། གཟུགས་མེད་གཟུགས་ལ་བལྟ་བའི་རྣམ་ཐར། མིང་གཞིའི་ཕུང་པོ་ལ་བརྟེན་ནས་སྤྲུལ་པ་སྡུག་མི་སྡུག །གེགས་སེལ་སྡུག་པའི་རྣམ་ཐར། ཐམས་ཅད་སྟོན་ནུས་པ། གཟུགས་མེད་པའི་རྣམ་ཐར་བཞི། འགོག་པའི་རྣམ་ཐར་དང་བརྒྱད་དོ། ཡང་ན་གཉན་པོའི་རྣམ་ཐར་སྒོ་གསུམ། སྟོང་སྨོན་མཚན། སྤྲུལ་པའོ་རྣམ་ཐར་སྒོ་གསུམ། གཟུགས་སོགས་གསུམ། འཇིག་རྟེན་འདས་མ་འདས་ཀྱི་ལམ་གྱི་རྣམ་ཐར་གཉིས་དང་བརྒྱད་དོ། །ཆོས་རྣམས་ཡེ་ཤེས་ཀྱི་ཀློང་དུ་རོ་

(༡༦༣)གཅིག་པའི་རྟགས་སུ་དར་དབྱངས་ཌཱ་རུ་དྲིལ་ཆུང་གིས་བརྒྱན་པའོ། ༈ །རྒྱ་གར་དུ་གྲུབ་པའི་རིག་འཛིན་རྣམས་གྲུབ་པ་གང་ལ་བརྙེས་པ་ཡི་དམ་དེའི་ཕྱག་མཚན་འཆང་བ་ཡིན་ལ། ཨོ་རྒྱན་ཆེན་པོས་གདུལ་བྱ་གཞན་སྣང་དུ་ཡང་དག་ཧེ་རུ་ཀ་ལས་གྲུབ་པ་བརྙེས་པ་ཡིན་པས་ཡང་དག་གི་ཕྱག་མཚན་རྡོ་རྗེ་ཐོད་པ། ཁ་ཊཱྭྃ་ག་དང་དེ་ལ་གསང་བའི་རྡེའུ་ཆུང་བཏགས་པ་དང་། དར་དབྱངས་སུམ་ཁུག་དེ་རྒྱུ་ཞགས་ཀྱི་མཚོན་པ་ཡིན་ཅེས་བདག་ཅག་གིས་འདྲེན་མཆོག་གཏེར་ཆེན་རིག་པ་འཛིན་པ་མཆོག་གི་ཞལ་སྔ་ནས་གསུངས་སོ། །སྐུ་ལ་རིན་ཆེན་དྲྭ་བས་བརྒྱན ཅེས་པ་ནི་རིན་པོ་ཆེའི་མགུལ་རྒྱན་དང་། དོ་ཤལ་དང་། སེ་མོ་དོ། ཕྱག་ཞབས་ཀྱིས་གདུ་གུ་རྣམས་ལ་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པས་སྤྲས་པ་ནི་གསང་བ་སྔགས་ཀྱི་ཁྱད་ཆོས་འདོད་ཡོན་མ་སྤངས་ལམ་དུ་ཁྱེར་བའི་བརྡའོ། །ཕོད་ཀ་ནི་མཐིང་ནག་གར་གྱི་ཕུ་དུང་རྡོ་རྗེའི་ཁྱུང་གཤོག་ལྟ་བུ། ཐོང་ཀ་གནམ་སྒོ་ཡིན་པས་འཁོར་ལོ་རིས་ཀྱིས་བརྒྱན་པ། མཐའ་

(༡༦༤)ཆགས་ས་གཞི་ཡིན་པས་པདྨ་རིས་སུ་བརྒྱན་པ། སྐེད་པ་ཕོ་བྲང་ཡིན་པས་རཏྣའི་ཟར་བུས་བརྒྱན་པ། ཕུ་དུང་ཕྱོགས་མཚམས་ཡིན་པས་རྡོ་རྗེའི་རིས་སུ་བརྒྱན་པ། དབྱིབས་བྱ་ཁྱུང་གི་གཤོག་པ་ལྟ་བུའི་བུ་དུང་ཡོད་པས་གཟུགས་ཀྱིས་མགོ་མཇུག་ཁེབ་པའོ། ༈ །ཆོས་གོས་རྣམ་གསུམ་ནི། ཆོས་གོས་རྒྱལ་པོ་ལྟ་བུར་སྣམ་སྦྱར་དམར་སེར་སྣམ་ཕྲན་ཉེར་ལྔ་པ་གསེར་གྱི་པ་ཏྲ་ཅན། ཆོས་གོས་བློན་པོ་ལྟ་བུ་བ་གོས་དམར་པོ་སྣམ་ཕྲན་བདུན་པ་ཅན། ལེའུ་གྲངས་འཕྲེང་དུ་བརྩིས་པ་མཆན། ཆོས་གོས་གཡོག་པོ་ལྟ་བུ་མཐོང་གོས་སྣམ་ཕྲན་ལྔ་པ་ཅན། གཤང་ལྕི་འདོར་དུས་གནས་ཚོགས་མཆན། ཡེ་ཤེས་གསང་བ་འདི་ཉིད་ལ་ཕྱིའི་ཟབ་བེར་མི་དགོས་པའི་བྲིས་རྒྱུན་ཕལ་ཆེར་འགའ་ལ་ཆག་ལྷམ་འབྱུང་ཡང་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་ཞལ་བཀོད་གནང་བ་ཕྱིན་ཆད་ཞབས་ཆག་མེད་དོ། །གཞན་རྣམས་གཞུང་གིས་གསལ། སྔགས་ཕྲེང་ལུ་གུ་རྒྱུད་ཅེས་པ་རྒྱ་གར་གྱི་སྐད་དུ་ཤྲཱི་ཁ་ལཱ། བོད་སྐད་དུ་ལུ་གུ་རྒྱུད་དང་ལྕགས་ཐག་དང་ལྕགས་སྐད་

(༡༦༥)སོགས་སུ་བསྒྱུར་ཡང་དོན་ལ་ཨ་ལོང་སྦྲེལ་བའི་ལྕགས་ཐག་ཡིན་ཏེ་སྔགས་ཕྲེང་ལ་འོད་ཟེར་སྦྲེལ་བའི་དོན་ཏོ། །ཐུགས་རྗེ་ཆེན་པོ་དང་ཚེ་དཔག་མེད་གཞུང་ལྟར་བསྐྱེད། མཁའ་འགྲོ་སྡེ་ལྔ་ཕྱོགས་བཞི་དང་མདུན་ཤར་གྱི་ནང་དུ་བསྒོམ་རྒྱུ་ཡིན་ཀྱང་། ད་ལྟ་བྲི་བྱ་ལ་སྐུའི་ཟུར་བཞི་དང་མདུན་དུ་བྲིས་པ་ལྟར་བསྒོམ་ཀྱང་ཆོག་ལ། ཐམས་ཅད་ཀྱི་ཞལ་གཙོ་བོ་གུ་རུ་རིན་པོ་ཆེ་ཉིད་ལ་ཕྱོགས་པར་བསྒོམ། ཕྱག་མཚན་ཆོས་བདག་ཀརྨ་འགྱུར་མེད་ཀྱི་ཕྱག་བྲིས་ལྟར་ན་རྡོ་རྗེ་མཁའ་འགྲོ་ལྕགས་ཀྱུ་མདའ་དར་ཚེ་བུམ། རིན་ཆེན་མཁའ་འགྲོ་ཞགས་པ་མདའ་དར་ཚེ་བུམ། པདྨ་མཁའ་འགྲོ་ལྕགས་སྒྲོགས་མདའ་དང་ཚེ་བུམ། །ལས་ཀྱི་མཁའ་འགྲོ་དྲིལ་བུ་མདའ་དར་ཚེ་བུམ། སངས་རྒྱས་མཁའ་འགྲོ་མདའ་དར་ཚེ་བུམ་རྐྱང་པ་དང་ན་བཟའ་ནང་གོས་དང་བེར་གསོལ་བ་བྲིས་འདུག་པ་གཏེར་ཆེན་ཡོངས་དགེའི་ཞལ་ཁྲིད་ཡིན་པར་ངེས། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་ཞལ་བཀོད་ལུགས་སུ་རྡོ་རྗེ་མཁའ་འགྲོ་ལྕགས་ཀྱུ་ཚེ་བུམ། རིན་ཆེན་མཁའ་

(༡༦༦)འགྲོ་ཞགས་པ་ཚེ་བུམ། པདྨ་མཁའ་འགྲོ་ལྕགས་སྒྲོགས་ཚེ་བུམ། ལས་ཀྱི་མཁའ་འགྲོ་དྲིལ་བུ་ཚེ་བུམ། སངས་རྒྱས་མཁའ་འགྲོ་མདའ་དར་ཚེ་བུམ། བེར་དང་ནང་གོས་མེད་པ་ཐམས་ཅད་དར་ཕྱར་དང་སྨད་གཡོག་སོགས་ལོངས་སྐུའི་ཆ་ལུགས་ཅན་བྲི་བ་སྒོམ་མཛད་པས་ལུགས་སྲོལ་དེ་གཉིས་གང་བདེ་བསྒོམ་པས་ཆོག །ལར་སྔ་འགྱུར་རྙིང་མའི་ཕྱོགས་སུ་བདག་མདུན་དབྱེར་མེད་དུ་བསྒྲུབ་པ་ཉིད་གཙོ་ཆེ་སྟེ། གསར་མའི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཤིན་ཏུ་ཟབ་པའི་བསྐྱེད་ཚུལ་ལའང་དེ་ལྟར་ཡོང་པར་ཀུན་མཁྱེན་དྷརྨཱ་ཀ་རས་གསུངས། ༈ །ཡང་བརྗོད་པ་ཚིག་གཅིག་གི་ས་བདག་མདུན་སོ་སོར་མཉམ་བསྒྲུབ་བྱེད་པ་ཕྱེད་དུ་གྲགས་ཆེ་ཞིང་། དེ་ལྟར་མཛད་མཁན་ཡང་ཡོད་པར། ཆོ་ག་སོ་སོའི་ཚིག་རིས་དང་སྦྱར་བའི་ཚེ་དང་པོ་བདག་ལྷར་བསྐྱེད་ནས། དེ་ལས་ས་བོན་སྤྲོས་ཏེ་མདུན་བསྐྱེད་བསྒོམ་པ་དང་། དང་པོ་རྒྱུ་ཡི་ཏིང་ངེ་འཛིན་ས་བོན་གཉིས་སྒོམ་ནས་དེ་ལས་ས་བོན་སྤྲོས་ཏེ་བདག་

(༡༦༧)མདུན་སོ་སོར་བསྒོམ་པ་གཉིས་ཀ་གཞུང་དོན་དང་འགལ་བས་འཐད་ལྡན་མ་ཡིན་པའི་ཕྱིར་ཐོག་མར་བདག་མདུན་དབྱེར་མེད་དུ་བསྐྱེད་ཟིན་ནས་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་ངོ་བོ་དབྱེར་མེད་ལ་རྣམ་པ་མདུན་བསྐྱེད་དུ་ལམ་མེར་སྣང་བ་གསལ་འདེབས་པར་མཛད་ན་ལེགས་ཅེས་ཀུན་མཁྱེན་སི་ཏུ་རིན་པོ་ཆེ་དྷརྨ་ཀཱ་རས་གསུངས། དེ་ནས་བདག་མདུན་ཐུགས་ཀའི་ཧཱུྃ་ཡིག་ལས་ཛ ཞེས་འགུགས་པའི་དོན་དང་འོད་ཟེར་སྣ་ལྔ་ལྕགས་ཀྱུའི་རྣམ་པ་གྲངས་མེད་པས་ཟངས་མདོག་དཔལ་རི་སོགས་དག་པ། པདྨ་ཉིན་བྱེད་ཀྱི་ཟིན་བྲིས་ཕྲིན་ལས་ཧཱུྃ་དང་ཛ ཡིག་ཀྱང་སྤྲོ་བར་འདུག་མཆན། སྐུ་གསུམ་གྱི་ཞིང་ཁམས་མེར་གྱིས་གང་ནས་སྐུ་གསུམ་བླ་མའི་ལྷ་ཚོགས་ཀྱི་ཡེ་ཤེས་པ་སྤྱན་དྲངས་ཏེ་བདག་མདུན་གྱི་བར་སྣང་དུ་བདག་མདུན་རང་རང་ལ་ཞལ་བསྟེན་ནས་བཞུགས་པར་མོས་ལ་སྤྱན་འདྲེན་ཚིག་རྐང་བདུན་མ་གསུམ་ལྔ་བདུན་སོགས་གདུང་བའི་དབྱངས་དང་བཅས་བྱ། དེ་དག་གིས་སྐབས་སུ་ཨོ་རྒྱན་པདྨ་དངོས་སུ་

(༡༦༨)འབྱོན་པར་ངེས་ཏེ། རྡོ་རྗེའི་གསུངས་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཞག་ལ ཨོ་རྒྱན་བདག་ཉིད་བོད་ཡུལ་ཐམས་ཅད་དུ ངེས་པར་འབྱོན་པ་ང་ཡི་ཐ་ཚིག་ཡིན ཟླ་རེའི་ཚེས་བཅུ་བྱུང་ངོ་ཅོག་ལ་ཡང་ སྤྲུལ་པས་བོད་ཁམས་ཁྱབ་པར་མི་འབྱོན་རེ དམ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད བདག་ལ་བློ་གཏད་ངེས་འབྱུང་བྱེད་པ་རྣམས དེ་དུས་འཇིག་རྟེན་བྱ་བ་ཐམས་ཅད་དོར སྤོང་ལྡན་གཏོར་མ་རིན་ཆེན་འབར་བ་བཞེངས ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་ཞིང་ ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་ཀྱིས་བོས༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས གཅེས་པའི་བུ་དུས་མ་ཡིས་མི་བཟོད་བཞིན བྱིན་གྱིས་བརླབ་བྱོན་དམ་ཚིག་ན་ར་ཀན ཅེས་ཚེས་བཅུའི་དུས་དང་མ་ཟད་ནམ་གསོལ་བ་བཏབ་ནའང་འབྱོན་ཏེ ལུས་སེམས་ང་དང་མི་འབྲལ་ཞིང་༔ གསོལ་འདེབས་སྨྲེ་སྔགས་ཚིག་གིས་བསྐུལ མོས་པའི་སློབ་མ་རྗེས་སུ་བཟུང་ འགྲོ་དོན་རྗེས་སུ་མ་

(༡༦༩)འདོར་ཞེས བསྐུལ་བའི་དུས་སུ་ཨོ་རྒྱན་ང་ སྐད་ཅིག་ཙམ་གྱིས་འོང་བར་འགྱུར ཅེས་རྡོ་རྗེའི་གསུང་ལ་བསླུ་བ་མེད་པས་ཡིད་ཆེས་པར་བྱའོ། །སྔོན་བསྐལ་མའི་དབུར་དཔེ་རྒྱུན་ལ་ལར་ཧཱུྃ་ཧྲཱིགཉིས་མེད། ལ་ལར་ཧྲཱིཡོད་པར་སྣང་ཡང་ཡོངས་དགེའི་ཕྱག་བྲིས་དང་དཔལ་སྤུངས་སྤར་མ་གཉིས་ཀར་ཧཱུྃ་ཡོད་པས་ཧཱུྃ་ནི་ཧ་ཨཱུ་མ་གསུམ་འདུས་པས་སྐུ་གསུམ་གྱི་ས་བོན་དུ་ཡང་འགྱུར་མོད། འདིར་ནི་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ཐུགས་ཀྱི་ས་བོན་གྱིས་ཐུགས་རྒྱུད་བསྐུལ་བའི་དོན་ཡིན་ནོ། །ཚིག་དོན་སྐབས་ད་ལྟའི་བསྐལ་པ་འདིའི་སྔོན་དུ་བྱུང་པ་འདས་པའི་དུས་སུ་གསུངས་པ་ཡིན། སྔོན་བྱུང་འདས་པའི་བསྐལ་པ་གསུངས་པ་མིན་ནོ། །དྷ་ན་ནོར་དང་ཀོ་ཥ་མཛོད་ཀྱི་དོན་ཏེ་འོ་མ་ཅན་གྱི་རྒྱ་མཚོ་དེའི་མིང་ལ་ནོར་མཛོད་ཅེས་པའོ། །ཤ་ཥ་ས་གསུམ་སྲོག་གཅིག་པའི་ཡི་གེ་ཡིན་པས་བཀླག་དུས་བརྩེགས་མའི་ཚེ་ཤ་ཥ་གཉིས་ས་རུ་བཀླག་པ་དང་རང་གི་སྒྲ་ཟུར་ཐོན་དགོས་པ་སོགས་བཞེད་

(༡༧༠)ཚུལ་མང་བ་ལྟར་འདིར་བྲིས་བརྗོད་གཉིས་ཀར་འདྲ་མིན་འདུག་ཀྱང་། ཡོངས་དགེ་གཏེར་ཆེན་གྱི་ཕྱག་བྲིས་དང་དཔལ་སྤུངས་སྤར་མ་གཉིས་ཀར་ཤ་ཡིན་ནོ། །ཕྱོགས་བཞི་འཇིགས་རུང་དུར་ཁྲོད་དང་ ཞེས་པའི་ཚིག་མཐའ་ནས་དབུས་སུ་བཅོས་ཏེ། མཁའ་འགྲོ་སྡེ་ལྔ་གཤེགས་སུ་གསོལ། ཅེས་འཛུད་པར་སྣང་ཡང་ཡོངས་དགེའི་ཕྱག་བྲིས་དང་དཔལ་སྤུངས་སྤར་མ་གཉིས་ཀར་མེད་པས་ཚིགས་མཐའ་དང་སྒྲ་སྡུད་པའི་དོན་བཅས་ཚིག་རྐང་འོག་མ་དང་སྦྲེལ་ལ། ཕྱོགས་བཞིའི་དུར་ཁྲོད་དང་ཨོ་རྒྱན་མཁའ་སྤྱོད་ཀྱི་ཞིང་ཁམས་ནས་མ་མོ་མཁའ་འགྲོའི་ཚོགས་ཐམས་ཅད་སྤྱན་འདྲེན་པའི་ཚེ་མཁའ་འགྲོ་སྡེ་ལྔ་ཡང་དེར་འདུས་སོ། སྔགས་དོན། ཨོཾ་ཨཱཧཱུྃ་སྐུ་གསུམ་བཛྲ་རྡོ་རྗེ་གུ་རུ་བླ་མ་པདྨ་རྒྱ་གར་སྐད་སོར་བཞག་ཐོད་ཕྲེང་རྩལ་གསང་མཚན་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཛ ཐུགས་རྒྱུད་བསྐུལ་བ་སིདྡྷི་དངོས་གྲུབ་པ་ལ་བཟང་པོའི་འབྲས་བུ་ཧཱུྃ་ཐུགས་རྒྱུད་བསྐུལ་བ་ཨཱདབྱེར་མེད་དུ་བསྟིམ་པ་ཧྲཱི བླ་མ་རིག་འཛིན་གྱི་

(༡༧༡)རྒྱུའི་ས་བོན། ཧཱུྃ་སངས་རྒྱས་མཁའ་འགྲོ། ཧ་རྡོ་རྗེ་མཁའ་འགྲོ། རི་རིན་ཆེན་མཁའ་འགྲོ། ནི་པདྨ་མཁའ་འགྲོ། ས་ལས་ཀྱི་མཁའ་འགྲོ། བཛྲ་ས་མ་ཡ་ཛཛ རྡོ་རྗེའི་དམ་ཚིག་ལས་མ་འདའ་བར་བྱོན་བྱོན་ཅེས་པའོ། ༈ །དེ་ནས་བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲོས་པའི་ལས་ཀྱི་སེམས་དཔའ་དང་སེམས་མས་བདག་བསྐྱེད་ཀྱི་ཡེ་ཤེས་པ་ལ་བཞུགས་གསོལ་ཕྱག་འཚལ་མཆོད་སྐོང་བཤགས་བསྟོད་རྣམས་བྱ་ཞིང་མཆོད་ལྷ་རང་ལ་བསྡུ། དེ་བཞིན་དུ་ཚིག་རིས་འདོན་པ་གཅིག་གིས་ཚེ་དེ་ཉིད་ལས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ལྷ་དང་ལྷ་མོས་མདུན་བསྐྱེད་ཀྱི་ཡེ་ཤེས་པ་ལ་བཞུགས་གསོལ་ཕྱག་མཆོད་སྐོང་བཤགས་རྣམས་བྱ་ཞིང་མཆོད་ལྷ་མདུན་བསྐྱེད་ལ་བ་སྤུ་དགོས་སོ། །འདི་སྐབས་མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ་གྱི་ཟིན་བྲིས་སུ་བདག་མདུན་ལྷ་ཚོགས་ཁྱབ་གཅིག་ཏུ་གདན་འབུལ་ཕྱག་འཚལ་མཆོད་བསྟོད་རྣམས་བྱེད་ཅེས་པ་ལས་གསང་མའི་

(༡༧༢)ལུགས་སུ་སྣང་བས་ཁ་གསལ་གོ་བདེར་བཀོད་ན། སྔ་འགྱུར་རྙིང་མའི་ལུགས་སུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྱན་འདྲེན་དགོས་ལ་འདི་ནི་གསང་ཆེན་ཨ་ཏི་ཡོ་གའི་མན་ངག་མཐར་ཐུག་སྣང་སྲིད་ཡེ་རྫོགས་ཀྱི་དཀྱིལ་འཁོར་ཞེས་ཕྱི་སྣོད་ཡེ་ནས་གཞལ་ཡས་ཁང་དུ་དག་ཅིང་གནས་པས་དཀྱིལ་འཁོར་ཕོ་བྲང་རྣམས་བསྒོམ་མི་དགོས་པ་ཡིན། དེ་མཚུངས་དཀོན་མཆོག་སྤྱི་འདུས་ལའང་གཞལ་ཡས་ཁང་མེད་ཀྱང་འགའ་ཞིག་གིས་པད་གདན་གཞལ་ཡས་ཁང་དུ་སྒྲུབ་པ་ཡང་མདོ་བསྐུལ་རིང་མོའི་དཔེ་ལྟར་དཀའ་ལ་ནོར་བ་ཆེན་པོ་རེད་ཅེས་གཏེར་ཆེན་རིག་པ་འཛིན་པ་མཆོག་གི་ཞལ་སྔ་ནས་གསུངས་སོ། །འདིར་ནི་རྟེན་སེང་ཁྲི་པདྨ་ཉི་ཟླ་དང་བརྟེན་པའི་གུ་རུ་རིན་པོ་ཆེ་དང་དེ་མཚུངས་རིགས་བདག་འགྲོ་འདུལ་ཐུགས་རྗེ་ཆེན་པོ་མཁའ་འགྲོ་སྡེ་ལྔ་དང་བཅས་ལ་གདན་པདྨ་ཉི་ཟླ་ལས་གཞན་མེད། སྤྱན་འདྲེན་པའི་སྐབས་སུ་ཡང་ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ་ཞེས་པ་ལྟར་ཉི་མ་དང་ཟླ་བ་ཤར་བ་ལྟར་བདག་

(༡༧༣)མདུན་སོ་སོའི་ནམ་མཁར་སྐུ་གསུམ་བླ་མ་མཁའ་འགྲོའི་དཀྱིལ་འཁོར་ཝལ་གྱིས་གསལ་བར་བསྒོམ། དེ་རྣམས་ལ་འཁོར་དང་ཡང་འཁོར་སྤྲུལ་པ་དང་ཡང་སྤྲུལ་གྱི་ཚོགས་ནི་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་སྐུའི་ཞིང་ཁམས་ཡོངས་ལ་ཁྱབ་པ་དང་། ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས་པའི་གོ་དོན་གྱིས་དཔའ་བོའི་བྲོ་བརྡུང་། དཔའ་མོས་གླུ་ལེན། སྐུ་སྒེག་པའི་གར་སྟབས། གསུང་ཧཱུྃ་ཕཊ་ཀྱི་ཛཔྲ་སྒྲ། ཐུགས་ཡེ་ཤེས་ཆེན་པོའི་བྱིན་རླབས། གདུགས་དང་བ་དན་དང་རོལ་མོའི་སྒྲ་ལ་སོགས་པས་གནམ་ས་བར་སྣང་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་འུར་འུར་ཐིབ་ཐིབས་སུ་བྱོན་པར་དམིགས། སངས་རྒྱས་རྣམས་ཀྱི་ཡོན་ཏན་དབང་ཕྱུག་བརྒྱད་ཀྱི་ནང་ཚན་གདུལ་བྱའི་སར་རྩོལ་མེད་དུ་གཤེགས་པ་ནི་ཀུན་ཏུ་འགྲོ་བའི་དབང་ཕྱུག་ཡིན་པས་ཕལ་པ་ལྟར་འགྲོ་དོན་གྱི་རྩོལ་བ་དཀའ་ལས་མི་དགོས་སོ། །དེ་ལྟ་བུའི་བདག་མདུན་དབྱེར་མེད་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བཞུགས་སུ་གསོལ་བ་

(༡༧༤)ནི། བླ་མ་དང་དཔོན་པོ་ཡུལ་དམ་པ་འགའ་ལ་ཐུགས་སློད་ཀྱིས་བཞུགས་དགོས་ཞུ་བ་བཞིན་དུ། ཤེས་རབ་ཀྱི་རང་བཞིན་ཉི་མ། ཐབས་ཀྱི་རང་བཞིན་ཟླ་བ། འཁོར་བའི་ཉེས་སྐྱོན་གྱིས་མ་གོས་པདྨ། མི་འཇིགས་བཞི་ལྡན་གྱི་སེང་ཁྲི་གཙོ་བོ་ལ་དང་། གཞན་རྣམས་ཉི་ཟླ་པདྨའི་གདན་ལ་ཐུགས་དགྱེས་པ་ཆེན་པོའི་ངང་ཚུལ་གྱིས་བཞུགས་སུ་གསོལ། ཞེས་ཞུ་ཞིང་སླར་ཡང་སྔར་བརྗོད་པས་བརྟེན་པར་དམིགས། སྔགས་དོན་གུ་རུ་དཱེ་ཝ་དྷ་ཀི་ནཱི་ཡེ བླ་མ་ལྷ་དང་མཁའ་འགྲོ་རྣམས། བཾ་ས་བོན། པདྨ་མཎྜལ་པདྨའི་དཀྱིལ་འཁོར། དེ་བཞིན་དུ་མ་ས་བོན། སཱུརྱ་མཎྜལ ཉི་མའི་དཀྱིལ་འཁོར། ཨ་ས་བོན། ཙནྡྲ་མཎྜལ ཟླ་བའི་དཀྱིལ་འཁོར། ཏིཋྛ་བྷྲཱུྃ་མི་འགྱུར་བརྟེན་པར་གྱུར་ཅིག་པའོ། །དེ་ནས་ལས་ཀྱི་སེམས་དཔའ་སེམས་མ་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སྔགས་དོན་གུ་རུ་བླ་མ། དཱེ་ཝ་ལྷ་སྟེ་ཡི་དམ། དྷཱ་ཀི་

(༡༧༥)ནི་མཁའ་འགྲོ། ན་མོ ཕྱག་འཚལ་ལོ། །ཕྱི་མཆོད་སྣང་སྲིད་ཀྱི་འཁོར་འདས་ཀྱིས་བསྡུས་པའི་མཆོད་པར་འོས་པ་ཐམས་ཅད་ཀྱིས་མཆོད་པ་ཡེ་སྟོང་ཀློང་ཡངས་ཆེན་པོར་བཞེས་སུ་གསོལ་ཞེས་སོ། །ཆོས་ཉིད་ལ་ཆོས་ཉིད་ཐིམ། ཡེ་ཤེས་ལ་ཡེ་ཤེས་རོལ། སྒྱུ་མ་ལ་སྒྱུ་མ་ལོངས་སྤྱོད་པའི་ཚུལ་དུ་དངོས་འཛིན་འཆིང་བའི་ཡུལ་ལས་འདས་པར་མཆོད་དོ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་འབྲས་བུ་ད་ལྟ་ཉིད་དུ་ཐོབ་པར་མཛོད་ཅིག་པའོ། སྔགས་གཞན་རྣམས་སྔར་དང་འདྲ། སརྦ་པཱུ་ཛཧོ ཞེས་པ་མཆོད་པ་ཐམས་ཅད་ཀྱིས་མཉེས་པར་མཛོད་ཅེས་པའོ། བར་གྱི་ཧཱུྃ་ཐམས་ཅད་གཟུང་འཛིན་གཉིས་བསྡུས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྐུར་ཡེ་ནས་དག་གོ་ཞེས་གསལ་གདབ་པའི་དོན་ཏོ། །གཟུགས་སྒྲ་དྲི་རོ་རེག་བྱ་འདོང་བའི་ཡོན་ཏན་ལྔ་མ་སྤངས་དག་པའི་ནང་མཆོད། མ་ཧཱ་པཱུ་ཛཧོ ཞེས་མཆོད་པ་ཆེན་པོས་མཉེས་པར་མཛོད། གཏེར་སྟོན་ཉིད་ཀྱི་ཕྱག་མཆན་ལྟར་རོ། །མཆན་

(༡༧༦)བདུད་རྩི་དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་བ་ནི། བདུད་རྩི་ཡོན་ཏན་གྱི་རྒྱུད་ལས། །གཙོ་བོ་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམ་རྫས་རྩི་བཅུད་སྨན་དུ་སྦྱར། །རཱ་ས་ཡ་ན་སྨན་ཆེན་པོ། །ཟོས་པས་མཆོག་ཐུན་དངོས་གྲུབ་ཐོབ། ཞེས་གསུངས་པ་སྟེ། འདི་ལ་ངོ་བོ། དེས་ཚིག་དབྱེ་བ་གསུམ་ལས། དང་པོ་ངོ་བོ་ནི། འཁོར་འདས་ཐམས་ཅད་ཡེ་ནས་བདུད་རྩིའི་རང་བཞིན་དུ་གནས་པའོ། །གཉིས་པ་དེས་ཚིག་ནི། མྲྀ་ཏ་སྲོག་གཏོང་བའི་ཁམས་ལས། རཀྟའི་རྐྱེན་བྱིན་ནས་སྔོན་དུ་དགའ་བའི་ན་ཀ་བཞག་ནས་སྒྲ་བསྒྲུབས་པས་ཨ་མྲི་ཏ་འཆི་བ་མེད་པའི་སྒྲ་ལས་བདུད་རྩི། ཇི་སྐད་དུ་ཡང་། །གཙང་དམེར་འཛིན་བདུད་དམ་རྫས་རྩིས། །ཡེ་ཤེས་ངང་དུ་རོ་གཅིག་པ། ཅེས་སོ། །གསུམ་པ་དབྱེ་བ་ལ། སྔོན་བྱུང་གི་བདུད་རྩི། ཕྱིའི་བདུད་རྩི། ནང་གི་བདུད་རྩི། གསང་བའི་བདུད་རྩིའོ། དང་པོ་ནི། སྔོན་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བའི་ཟག་པ་རྒྱ་མཚོར་འཕང་བའི་རྒྱུ་ལས་

(༡༧༧)བདུད་རྩི་ཐམས་ཅད་ཀྱི་ཕྱི་མོ་ཙནྡན་སྤྲུལ་གྱི་སྙིང་པོའི་སྡོང་པོ་གྲུབ་སྟེ། དེ་ཡང་སྡོང་པོ་ཙནྡན་སྨུག་པོ། རྩ་བ་མཱུ་ལ་པ་ཏི། ཡལ་ག་ལི་ཤི། ལོ་མ་གནྡྷ་བྷ་དྲ། མེ་ཏོག་གུར་གུམ། འབྲས་བུ་ཛ་ཏི། ཐང་ཆུ་ག་བུར། ཤུན་པ་ཤིང་ཚར་སྣང་བ་ནི་སྔོན་གྱི་བྱུང་བའོ། །གཉིས་པ་ཕྱིའི་བདུད་རྩི་ནི། ད་ལྟ་སྨན་རྣམས་དངོས་སུ་སྦྱར་བ་གཡས་ཀྱི་སྨན་མཆོད་དམིགས་རྟེན་དུ་བྱའོ། །འདི་སྐབས་ཀྱི་བཟང་དྲུག་ནི། ཙནྡན། ལི་ཤཱི། གུར་གུམ། ཛྱ་ཏི། ག་བུར། ཤིང་ཚའོ། གསུམ་པ་ནང་གི་བདུད་རྩི་ལྔ་ནི། མཆོག་ཆེན་མི་ལ་ཚང་སྟེ། སྲིད་པ་ཆགས་པའི་རྩ་བ་ལྟེ་བ། གཟུགས་ཕུང་ཕྱི་ནང་གི་ཤ་རུས་སྡོང་པོ། ཡལ་ག་ཡན་ལག་བཞི། ལོ་མ་སེན་མོ་སྐྲ་དང་བ་སྤུ། མེ་ཏོག་དབང་པོ་ལྔ། འབྲས་བུ་དོན་སྙིང་ལྔ། སྙིང་པོ་རྐང་མར་དང་སླ་བ་ཀླད་རྒྱུད། ཤུན་པ་ལྤགས་པའོ། བཞི་པ་གསང་བའི་བདུད་རྩི་ནི། ཡབ་ཀྱི་རྒྱུ་དང་ཡུམ་གྱི་རྐྱེན་ནོ། དམ་རྫས་

(༡༧༨)བདུད་རྩིའི་ཆེ་བ་དང་ཕན་ཡོན་ནི། ཨོ་རྒྱན་ཆེན་པོས། །བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་འདུ་བའི་རྩི། །མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན། །ཟོས་པས་ཡོན་ཏན་བརྗོད་མི་ཡོང་། །སངས་རྒྱས་སྐུ་ལྔའི་ཡོན་ཏན་ཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས། །ནང་དུ་ཉོན་མོངས་དུག་ལྔ་དག །གསང་བ་རང་བྱུང་ཡེ་ཤེས་རྟོགས། ཅེས་སོ། ཡི་གེ་ལ་ལར་མ་ཧཱ་ཨ་མྲྀ་ཏ་ཞེས་ཡོད་ཀྱང་། གཏེར་ཆེན་ཉིད་ཀྱི་ཕྱག་བྲིས་དང་དཔལ་སྤུངས་གི་སྦར་གཉིས་ཀར་མི་འདུག་པས་མ་ཧཱ་མི་དགོས། སྔགས་དོན་གཞན་གོང་ལྟར་ལ་ཨ་མྲྀ་ཏ་པཱུ་ཛ་ཧོ ཞེས་པ་བདུད་རྩིས་མཉེས་པར་མཛོད་ཅེས་སོ། འདིར་སྨན་མཆོད་ལྡེབ་རྐྱང་ཡོད་པ་སྦྱར་ན་ལེགས། མ་སྦྱར་ཀྱང་ཆད་པའི་སྐྱོན་མེད་དོ། ༈ །གསང་བ་རཀྟའི་མཆོད་པ་འབུལ་བ་ནི། ཕྱི་ལྟར་ཤ་ཁྲག །ནང་ལྟར་ན་ཆོས་ཀྱིས་དབྱིངས། གསང་བ་ལྟར་ན་ཡུམ་གྱི་པདྨ་རཀྟ་ཆོས་ཐམས་ཅད་འབྱུང་བའི་གནས། རཀྟ་

(༡༧༩)ཚར་གསུམ་བསྐྱེད་ཅེས་པར། རཀྟའི་དྭངས་མ་འདོང་ཡོན་གྱི་ལྷ་མོ། ཁུ་བ་རཀྟའི་རྒྱ་མཚོ། སྙིགས་མ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ཏུ་བསྐྱེད་པའང་ཡོད་ལ། འདི་ནི་ཉོན་མོངས་དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་བ་སྟེ་རིག་སྟོང་ཟུང་འཇུག་མ་སྤངས་རང་གྲོལ་སྒྲོལ་བའི་མཆོད་པ། སྣང་བ་ཡབ་དང་སྟོང་པ་ཡུལ་གྱིས་རང་བཞིན་འདུ་འབྲལ་མེད་པའི་དུག་གསུམ་སྐུ་གསུམ་གྱི་ངོ་བོར་སྦྱངས་པ་བདེ་སྟོང་ཟུང་འཇུག་སྦྱོར་བའི་མཆོད་པ། ཉོན་མོངས་པའི་ཆགས་པ་མེད་པ་ཆགས་པ་དང་བྲལ་བ་སྟེ། མི་ལྡན་པ་རཀྟའི་མཆོག །འདོད་ཆགས་རྣམ་དག་སོར་རྟོགས་ཡེ་ཤེས་ཀྱི་ངོ་བོ་གསང་བ་སྙོམས་འཇུག་ཡེ་ཤེས་ཀྱི་བདུད་རྩི་འདི་ཉིད་སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས་ལ་འབུལ་ལོ། །གསང་གསུམ་དགྱེས་པ་ཆེན་པོས་བཞེས་ལ་དབང་དང་བྱིན་རླབས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩོལ་ཅིག་པའོ། །མ་ཧཱ་རཀྟ་པཱུ་ཛ་ཧོ རཀྟ་ཆེན་པོས་མཉེས་

(༡༨༠)པར་མཛོད། རཀྟ་ནི་དངོས་པོའི་སྐབས་སུ་ཁྲག །ཁ་དོག་གིས་སྐབས་སུ་དམར་པོ། བྱེད་ལས་ཀྱི་སྐབས་སུ་ཆགས་པ་ལ་འཇུག་པས་ངོ་བོ་ལ་ཆགས་པ་མེད་ཅིང་འབྲས་བུ་ལ་ཆགས་པ་དང་བྲལ་བས་ན་ཆགས་པ་ཆེན་པོ་ཞེས་བྱའོ། །དམིགས་པའི་རྟེན་ནི་གཡོན་གྱི་རཀྟའོ། ཡང་གསང་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་བཟའ་བཅའ་གཏོར་མའི་མཆོད་པ་ནི། སྨན་གཏོར་སྣོད་རང་བྱུང་གི་བྷནྡྷ་སྟོང་གསུམ་དང་མཉམ་པར་ཕྱི་དཀར་བ་ཐབས་ཟླ་བའི་རང་བཞིན་གསལ་བ། ནད་དམར་བ་ཤེས་རབ་ཉི་མའི་རང་བཞིན་འཚེར་བ། འོད་ཟེར་མིག་གིས་མི་བཟོད་པར་འཆར་བ་མཆན། ༈ །བ་ལ་སྟོབས་ཀྱི་བྱིངས་སམ་ཁཾ་ལ་སྒྲ་སྒྲུབ་བས་སྟོབས་དང་གཟི་བརྗིད་བསྐྱེད་པར་བྱེད་པ་བ་ལི༚་ཏེ་གཏོར་མ་ལྷུན་པོ་ལྟ་བུར་བརྗིད་པ་ངོ་བོ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ནོ། །ཤ་ལྔ་གསར་རྙིང་གི་བཞེད་ཚུལ་ངོས་འཛིན་འདྲ་མིན་ཡོད་ཀྱང་། སྔ་འགྱུར་རྙིང་མའི་བཀའ་བརྒྱད་རང་ཤར་གྱི་རྒྱུད་ལེའུ་ཉེར་ལྔ་པ་ལས། །འཁོར་ལོ་རྩིབས་

(༡༨༡)བཞི་མུ་ཁྱུད་བཅས དྲི་ཆེན་གླང་ཤ་ཛ་ཏི་ཤར བྱང་སེམས་སེང་ཤ་བཟང་དྲུག་དབུས ཤ་ཆེན་རྟ་ཤ་ཀ་ཀོ་ལྷོ པདྨ་རྨ་བྱ་ལི་ཤི་ནུབ དྲི་ཆུ་ཁྱུང་ཤ་གུར་གུམ་བྱང་ ཞེས་གསུངས་པ་ལྟར་རོ། །རྡོ་རྗེ་གདན་བཞིའི་རྒྱུད་ལས་གསུངས་པའི་ཤ་ལྔའི་ངོས་འཛིན་ལུང་སྦྱོར་སོགས་ཡི་གེ་མང་དུ་དོགས་པས་མ་བྲིས་སོ། །བདུད་རྩི་ལྔ་ཡི་ངོས་འཛིན་ནི་གསར་རྙིང་ཐམས་ཅད་འདྲའོ། །ཚིག་དོན་གཞུང་གསལ་ལྟར་ཤེས་པར་སླའོ། བ་ལིདྷ་པཱུ་ཛ་ཧོ གཏོར་མས་མཉེས་པར་མཛོད། ཛྙཱ་ན་པཉྩ་ག་ཎ་ཙ་ཀྲ་ཁཱ་ཧི་ཁཱ་ཧི ཡེ་ཤེས་སྔའི་ཚོགས་ཀྱི་འཁོར་ལོ་བཞེས་ཤིག་བཞེས་ཤིག །འདིར་ཕྱི་ནང་གསང་མཆོད་ཀྱི་ངོས་འཛིན་རྒྱུད་མ་ཧཱ་ཡོ་ག་དང་ཅུང་ཟད་མཚུངས་མིན་འདུག་ཀྱང་ཡོངས་དགེ་གཏེར་ཆེན་ཉིད་ཀྱི་ཕྱག་མཆན་གནང་བ་ལྟར་ལས་བཅོས་བསྒྱུར་དང་མང་མ་བྱས་སོ། ༈ །ཐུགས་དམ་བསྐང་བ་ནི། སྐྱོན་དང་ཉེས་བདག་ཅིང་ཁ་སྐོང་བ་དང་སོར་ཆུད་པར་

(༡༨༢)བྱེད་པའི་ཕྱིར་གསང་བ་སྔགས་ཀྱི་ལུགས་སུ་བསྐང་བ་དང་། འདུལ་བ་སོ་ཐར་གྱི་ལུགས་སུ་གསོ་སྦྱོང་གསུངས་པ་ཡིན་ཏེ། གྲུབ་དབང་ཀརྨ་ཆགས་མེད་ཀྱིས། །དམ་ཚིག་ཉམས་ཆག་ཕྲ་ཞིབ་བྱུང་བ་རྣམས། །བསྐང་བ་འདི་ཡིས་དག་པར་གསུངས་པ་ཡིན། །དམ་ཚིག་ས་ཡ་འབུམ་སྡེ་ཡོད་པའི་ཕྱིར། །ཕྲ་ཞིབ་རྣམས་ནི་རང་གི་མི་ཤེས་པས། །དེ་ཉིད་དག་ཕྱིར་བསྐང་བ་ཆགས་མེད་བྱ། །འདི་ནི་སྔགས་ཀྱི་གེགས་སེལ་གནད་ཆེན་ཡིན། ཅེས་གསུངས་པ་ལྟར་ལ་ཕྱི་ནང་། གསང་བ། ཡང་གསང་། དེ་ཁོ་ན་ཉིད་ཀྱིས་སྐོང་ཚུལ་མང་ཡང་། གཏེར་གཞུང་འདིར་ནི་དོན་དམ་དེ་ཁོ་ན་ཉིད་ཀྱི་ངང་དུ་བསྐང་བའོ། །དེ་ཡང་ཟུང་འཇུག་བཞིའི་བསྐང་བ་ཡིན་ཏེ། དང་པོ་དབྱིངས་རིག་ཟུང་འཇུག་གམ། རིག་སྟོང་ཟུང་འཇུག་གིས་བླ་མ་ཆོས་སྐུའི་ཐུགས་དམ་བསྐང་། བདེ་སྟོང་དབྱེར་མེད་དམ་ཟུང་དུ་འཇུག་པས་བླ་མ་ལོངས་སྐུ་སྣང་སྟོང་ཟུང་འཇུག་གིས་བླ་མ་སྤྲུལ་སྐུ། གསལ་སྟོང་ཟུང་འཇུག་གིས་ཡང་སྤྲུལ་མཁའ་འགྲོའི་ཚོགས་

(༡༨༣)རྣམས་ཐུགས་དམ་བསྐང་བའོ། །དེ་ཡང་ཕྱི་ལྟར་ན་སྣོད་དང་བཅུད། ནང་ལྟར་ན་གཞལ་ཡས་ཁང་དང་ལྷ་ཚོགས། གསང་བ་ལྟར་ན་སྐུ་དང་ཞིང་ཁམས། དེ་ཁོ་ན་ཉིད་དུ་དབྱིངས་དང་ཡེ་ཤེས་དབྱེར་མེད་པར་མཉམ་པ་ཉིད་དུ་གདོད་ནས་འདུ་འབྲལ་མེད་པས་སྐང་བྱ་བསྐོང་བྱེད་གཉིས་སུ་མེད་དེ་ཆོས་དབྱིངས་ཡངས་པའི་ཀློང་དུ་བསྐང་། གོང་བཤད་ཟུང་འཇུག་བཞི་ལྡན་དུ་སྦྱོར་བས་སྦྱར་བྱ་སྦྱོར་བྱེད་མེད་དེ་འདོད་ཁམས་བདེ་སྟོང་། །གཟུགས་ཁམས་གསལ་སྟོང་། གཟུགས་མེད་ཁམས་རིག་སྟོང་དུ་སྦྱོར་བའམ་ཟུང་དུ་འཇུག་པའམ་དག་པ་སྟེ་གྲོལ་བའོ། དོན་ཉམས་ལེན་དང་སྦྱར་ཚེ། སེམས་ཉིད་རིག་པ་རབ་གསལ། དེ་ཉིད་རིག་བཞིན་དུ་སྟོང་ཞིང་། སྟོང་བཞིན་དུ་རིག་པས་རིག་སྟོང་ཟུང་འཇུག་ཆོས་དབྱིངས་རྣམ་དག་གི་དཀྱིལ་འཁོར། དེ་བཞིན་དུ་བདེ་སྟོང་། སྣང་སྟོང་། གསལ་སྟོང་ཟུང་འཇུག་སེམས་ཉིད་གདོད་མའི་གཞི་ལ་རྫོགས་པས་བསྐང་བའོ། །དེ་དག་

(༡༨༤)དབང་བཞི་དང་འབྲེལ་བའི་བསྐང་བ་ཡིན་ཏེ། སྣང་སྟོང་བུམ་དབང་། གསལ་སྟོང་གསང་དབང་། བདེ་སྟོང་ཤེར་དབང་། རིག་སྟོང་དབང་བཞི་པ། །ཚིག་དབང་གིས་ལམ་ཡིན་པའི་ཕྱིར་རོ། །རྡོ་རྗེའི་ཚེ་ནི་སྐྱེ་འཆི་འཕོ་འགྱུར་མེད་པ་འཆི་མེད་འཇའ་ལུས་པདྨ་འབྱུང་གནས་ལྟ་བུ། བདུད་རྩི་སྨན་ནི་ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བར་བྱེད་པ་སངས་རྒྱས་སྨན་བའི་ཕྱག་གི་ཨ་རུར་རྣམ་པར་རྒྱལ་བ་དང་ལྷུང་བཟེད་ཀྱི་བདུད་རྩི་ལྟ་བུ། གྲུབ་ཆེན་བརྒྱད་ནི། དགྱེས་རྡོར་ལས། དབང་དང་། མངོན་སྤྱོད་དང་། དགྲ་སྡེ་འཇིགས་པ་དང་། བསྐྲད་པ་དང་། བསད་པ་དང་། དབུག་པ་དང་། ཞི་བའི་ལས་དང་། རྒྱས་པ་སྟེ་ལས་ཆེན་བརྒྱད་དུ་གསུངས་སོ། །ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་ནི། གུར་ལས། གཏེར་མཐོང་ མིག་སྨན་དང་། རྫས་རླུང་སོགས་ རྐང་མགྱོགས་དང་། རོ་ལང་རལ་གྲི་དང་། ཚེ་དང་ལོངས་སྤྱོད་ ས་འོག་གྲུབ། སྐྱེ་བདུན་ རིལ་བུ་དང་ནི་རྫས་མཁའ་

(༡༨༥)སྤྱོད་ཉིད། སྒྲིབ་ཤིང་ མི་སྣང་བ་དང་ ཚེ་དང་ལོངས་སྤྱོད་ བཅུད་ཀྱིས་ལེན། ཅེས་སོ། །མངོན་ཤེས་ལྔ་ནི་ལམ་ལྔ་དང་འབྲེལ་བའི་སྤྱན་ལྔ། ཤ་ཡི་སྤྱན། དཔག་ཚད་བརྒྱ་སྟོང་སོགས་ཀྱི་གཟུགས་ཕྲ་རག་མཐོང་། ལྷའི་སྤྱན། འཆི་འཕོ་དང་སྐྱེ་བ་ཤེས། ཤེས་རབ་ཀྱི་སྤྱན། བདག་མེད་གཉིས། ཆོས་ཀྱི་སྤྱན། རང་དང་སྤང་རྟོགས་མཉམ་པའི་རྒྱུད་ཚོད་རིག་པ་ཆོས་ཀྱི་སྤྱན་ཏེ་འཕགས་པའི་གང་ཟག །སངས་རྒྱས་ཀྱི་སྤྱན། ཇི་ལྟ་ཇི་སྙེད། མངོན་ཤེས་དྲུག་ནི། གཅིག་དང་དུ་མར་སྤྲུལ་བ་ རྫུ་འཕྲུལ་གྱིས་མངོན་ཤེས། འཇིག་རྟེན་ཁམས་གྱི་སྒྲ་ཆེ་ཆུང་ ལྷའི་རྣ་བའི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས། རང་གཞན་གྱི་ཚེ་རབས་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས། གཟུགས་ཕྲ་རགས་ལྷའི་མིག་གིས་མངོན་ཤེས་པ། སྒྲིབ་གཉིས་སྤོང་བའི་ཐབས་ ཟག་པ་ཟད་པའི་མངོན་ཤེས་སོ། །འདི་རྣམས་བསྒོམ་རིམ་ལ་གལ་མི་ཆེ་ཡང་རྣམ་པ་རྐང་གྲངས་ཙམ་ཤེས་

(༡༨༦)དགོས་པས་ཡིག་ཚོགས་ལམ་འཛེམ་བར་བྲིས་པའོ། །དམ་ཚིག་ཉམས་ཆག་བཤགས་པ་ལ་བཞི། རྟོགས་པ་ལྟ་བའི་སྒོ་ནས་བཤགས་པ། བསྒོམ་པ་བསྐྱེད་རྫོགས་ཀྱི་སྒོ་ནས་བཤགས་པ། བསྲུང་བྱ་དམ་ཚིག་གིས་སྒོ་ནས་བཤགས་པ། གདུང་བ་སྨྲེ་སྔགས་ཀྱི་སྒོ་ནས་བཤགས་བྱའོ། །ཡུལ་དམ་པ་སྐུ་གསུམ་བླ་མ། བཤགས་རྒྱུའི་དམ་ཚིག་རྣམས་ཉམས་ཆག་འགལ་འཁྲུལ། ཁམས་གསུམ་གྱི་སྡིག་སྒྲིབ་ཐུན་མོང་དུ་བཤགས་པའོ། མཆན། དེ་ཡང་སྐུ་གསུམ་བླ་མའི་དཀྱིལ་འཁོར་སྣང་ལ་རང་བཞིན་མ་གྲུབ་བར་བསྒོམ་པ་བསྐྱེད་རྫོགས་ཀྱི་བཤགས་པ་དང་། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དང་། ལྔ་ཚན་དུ་དབྱེ་བའི་ཡན་ལག་དམ་ཚིག་ཉེར་ལྔ་རྣམས་ལ་འགལ་ཉམས་འདས་རལ་བཤགས་བས་བསྲུང་བྱ་དམ་ཚིག་གི་སྒོ་ནས་བཤགས་པ། །དུག་གསུམ་དུག་ལྔ་བག་ཆགས་འཁྲུལ་དབང་དུ་ཤོར་བ་རྣམས་ཞེ་གནོང་འགྱོད་དུ་བྱ་བ་གདུང་བ་སྨྲེ་སྔགས་ཀྱི་སྒོ་ནས་བཤགས་པ་དང་། བཤགས་བྱ་

(༡༨༧)བཤགས་བྱེད་དམིགས་མེད་ཨ་ཏི་ཁྱབ་གདལ་གྱི་ཀློང་དུ་སྐྱེ་འཆི་འཕོ་འགྱུར་མེད་པའི་རིག་རྩལ་ཆོས་སྐུའི་རོལ་པ་ལ་བཟླ་བ་ནི་རྟོགས་པ་ལྟ་བའི་སྒོ་ནས་བཤགས་པའོ། ༈ །བསྟོད་པ་ནི་སྐུ་གསུམ་བླ་མའི་ལྷ་ཚོགས་ལ་གསང་གསུམ་གྱིས་ཡོན་ཏན་རྗེས་ ཐག་གཅོད་པ་མཆན།། སུ་དྲན་པའི་སྒོ་ནས་བསྟོད་པ་སྟེ། ཤ་ལོ་ཀ་དང་པོ་གཉིས་གནས་ལུགས་ངོ་བོ་རང་བཞིན་གྱི་ངང་ནས་བསྟོད་པ། ཧཱུྃ དུས་མིན་འཆི་བ་འཇོམས་མཛད་པ མན་ཆད་སྣང་ཚུལ་སྤྲུལ་བསྒྱུར་གྱིས་སྒོ་ནས་བསྟོད་པའོ། མཆོད་འབུལ་བསྐང་བཤགས་བྱེད་པ་པོའི་སྤྲུལ་བའི་ལྷ་དང་ལྷ་མོ་རྣམས་བདག་མདུན་སོ་སོར་བསྟིམ་མོ། ༈ །བདག་མདུན་སོ་སོའི་ཡེ་ཤེས་པ་ནམ་མཁར་བཞུགས་པ་ལ། བདག་མདུན་སོ་སོའི་དབང་བཞི་ལེན་པ་ནི། རྡོ་རྗེ་གསུམ་གྱི་ཡི་གེ་སྔོན་དུ་འགྲོ་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་འབྲུ་གསུམ་ཆར་ལྟར་བབས་ནས་བདག་མདུན་གྱི་དམ་ཚིག་པའི་གནས་

(༡༨༨)གསུམ་ཐིམ་མེར་གྱིས་གང་བས་དབང་བཞིའི་བྱིན་རླབས་ཐོབ། སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་བསམ། གོང་དུ་བསྐང་བཤགས་གྱི་སྐབས་སུ་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་གྲུབ་ཟིན་པས་འདིར་དབང་བཞིའི་བྱིན་རླབས་ཞུགས་པར་བསྒོམ་པ་ལས་སྡིག་སྒྲིབ་དག་པའི་དམིགས་པ་མི་དགོས་སོ། །དམ་ཚིག་པའང་ཡེ་ནས་དམ་ཡེ་དབྱེར་མེད་ཡིན་པས་དམ་ཚིག་པ་ལ་སྒྲིབ་པ་སྦྱང་བྱ་ཡོད་བསམ་པ་སོགས་དམ་ཡེ་གཉིས་ལ་བཟང་ངན་གྱིས་འཛིན་པ་མི་རུང་ངོ་། །སྔགས་ཀྱི་དབང་བཞི་ལེན་པའི་དོན་ནི། ཨོཾ་སྤྲུལ་སྐུ་ཨཱལོངས་སྐུ་ཧཱུྃ་ཆོས་སྐུ་བཛྲ་རྡོ་རྗེ་སྟེ་མི་ཆོད་པ་སོགས་རྡོ་རྗེའི་ཆོས་བདུན་ལྡན། གུ་རུ་ཡོན་ཏན་ཀུན་གྱིས་འབྱུང་གནས་བླ་མ། པདྨ་རྒྱ་གར་གྱི་སྐད་སོར་བཞག་དོན་ལ་མ་ཆགས་དྲི་བྲལ། ཐོད་ཕྲེམ་རྩལ་གསང་མཚན། བཛྲ་ས་མ་ཡ་ཛརྡོ་རྗེའི་དམ་ཆོག་ལས་མ་འདའ། སིདྡྷི་ཕ་ལ་ཧཱུྃ་ཨཱདངོས་གྲུབ་བཟང་པོ་ཧཱུྃ་གིས་བསྐུལ་བ་ཨཱཞེས་

(༡༨༩)བསྟིམ་པའོ། ཧྲཱིཧཱུྃ་ཧ་རི་ནི་ས་ཞེས་པ་བླ་མ་དང་མཁའ་འགྲོ་སྡེ་ལྔའི་རྒྱུ་མ་ནོར་བ་རྩ་བའི་སྔགས་ཏེ་ས་བོན་ཨཱཡུ་སིདྡྷིཚེ་ཡི་དངོས་གྲུབ། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ སྐུ་ཡི་མངོན་པར་དབང་བསྐུར་ཅིག །ཝཀྐ་ཨ་བྷི་ཥིཉྩ་ཨཱ གསུང་གི་མངོན་པར་དབང་བསྐུར་ཅིག །ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ ཐུགས་ཀྱི་མངོན་པར་དབང་བསྐུར་ཅིག །སརྦ་དྷརྨཱ་ཆོས་ཐམས་ཅད་དྷཱ་ཏུ་དབྱིངས་སམ་ཁམས་ཛྙཱ་ན་པཉྩ་ཡེ་ཤེས་ལྔ་ཨ་བྷི་ཥིཉྩ་མངོན་པར་དབང་བསྐུར་བ། ཆོས་དབྱིངས་ཡེ་ཤེས་ལྔ་ཡི་དབང་ཐམས་ཅད་མངོན་པར་བསྐུར་དུ་གསོལ་ཞེས་པའོ། ཨེ་ཤེས་རབ་སྟོང་པ་ཉིད། ཧཱཾ ཐབས་བདེ་བ་ཆེན་པོ། ཨཱདབྱེར་མེད་དུ་བསྟིམ་པ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཨཱསྐུ་ལྔ་ཡེ་ཤེས་ལྔ། ཀཱ་ཡ་བཛྲ་སྐུ་རྡོ་རྗེ། ཝཀྲ་བཛྲ་གསུང་རྡོ་རྗེ། །ཙིཏྟ་བཛྲ་ཐུགས་རྡོ་རྗེ། ཛྙཱ་ན་བཛྲ་ཡེ་ཤེས་རྡོ་རྗེ། སརྦ་བཛྲ་ཐམས་ཅད་རྡོ་རྗེ། དཔེ་རྒྱུན་ལ་ལར་སྭ་བྷ་ཝ་བཛྲ་ཞེས་རང་བཞིན་རྡོ་རྗེ་ཞེས་ཡོད་ཀྱང་

(༡༩༠)ཡོངས་དགེའི་ཕྱག་བྲིས་དང་དཔལ་སྤུངས་སྤར་མ་ལ་མེད་པས་མི་དགོས་སོ། །ཀརྨ་སཱ་ག་རཱ་བཛྲ་ཕྲིན་ལས་རྒྱ་མཚོའི་རྡོ་རྗེ། ཨ་བྷི་ཥིཉྩ་མངོན་པར་དབང་བསྐུར་བ། ཏིཥྛ་གསུམ་ནི་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་ནས་མི་འགྱུར་བརྟན་པར་གྱུར་ཅིག་ཅེས་པའོ། འདི་ཡན་བླ་མ་སྐུ་གསུམ་གྱི་དབང་ལེན་ནོ། ཨོཾ་ནི་སྔགས་ཀྱི་མགོ་འདྲེན། ཨ་འ་ཆུང་ན་རོ། ཟླ་ཚེས། ཐིག་ལེ་ལྔ་སྐུ་ལྔ་ཡེ་ཤེས་ལྔ། ཤྲཱི་དཔལ་སྟེ་གཉིས་སུ་མེད་པའི་ཡེ་ཤེས། མ་ཧཱ་ཆེན་པོ། གུ་རུ་བླ་མ། པདྨ་ཧེ་རུ་ཀ་པདྨ་ཁྲག་འཐུང་། ཀྲོ་དྷ་རཱ་ཛ་ཁྲོ་བོའི་རྒྱལ་པོ། ཨོཾ་ཨཱཧཱུྃ་སྐུ་གསུང་ཐུགས། ཨ་བྷི་ཥིཉྩ་མངོན་པར་དབང་བསྐུར་བ། དེ་ལྟར་ཁྲོ་བོའི་རྒྱལ་པོ་པདྨ་ཧེ་རུ་ཀས་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས་ཧཱུྃ་གསུམ་གྱིས་བཅུད་ཁམས་གསུམ་གྱིས་སེམས་ཅན་ཐམས་ཅད་ཡི་དམ་ཁྲོ་བོའི་ལྷ་སྐུ། བྷྲཱུྃ་གསུམ་གྱིས་ཕྱི་སྣོད་ཁམས་གསུམ་པོ་གཞལ་ཡས་ཁང་གི་རང་བཞིན། རཀྵ་གསུམ་གྱིས་མཚན་

(༡༩༡)འཛིན་འཁྲུལ་བའི་གདོན་བགེགས་ཐམས་ཅད་བསྲུང་བྱ་སྲུང་བྱེད་འཁོར་གསུམ་དམིགས་མེད་ཀྱིས་ཀློང་དུ་རྒྱས་གདབ་པ། །སྭཱ་ཧཱ་ནི་གཞི་ཚུགས་ཅིག་ཅེས་འགྲིབ་པ་མེད་པར་འཕེལ་བའི་དོན། མངྒ་ལཾ་ཤྲཱི་ཛྭ་ལ་སཱུརྱ་ཙནྡྲ་ཙཀྲ་མཎྜལ་ཏིཥྛ་བཀྲ་ཤིས་དཔལ་འབར་ཉི་ཟླའི་འཁོར་ལོའི་དཀྱིལ་འཁོར་འགྱུར་མེད་དུ་བརྟན་པ། འདི་ཡན་ཡི་དམ་ལྷ་ཡི་དབང་ལེན་ནོ། ཧཱུྃ་ཡེ་ཤེས་ལྷ་ཡི་ས་བོན་དུ་བདུད་ཀྱི་ས་བོན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་ཕྲིན་ལས་མགོན་པོའི་སྲོག་ཡིག་ནས་བསྐུལ་ཏེ་ཨ་བྷི་ཥིཉྩ་མངོན་པར་དབང་བསྐུར་བ་ཧཱུྃ་དུ་ལས་མགོན་ཐུགས་སྲོག་ཙཀྲ་འཁོར་ལོ་ཀརྨ་ཙཀྲ་ཕྲིན་ལས་འཁོར་ལོ་ཧཱུྃ་དུ་ལས་མགོན་སྲོག་སྔགས་རཀྵ་སྲུང་བ་བྷྲཱུྃ་མི་འགྱུར་བརྟན་པ་སྭཱ་ཧཱ་གཞི་ཚུགས་ཅེས་རབ་ཏུ་བརྟན་པ། ས་མ་ཡ་རཀྵ་ཡང་གམ་ལས་མ་འདས་སྲུང་ཅིག་ཅེས་དོན་ཕྲིན་ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་སྟེ་ཕྲིན་ལས་སྒྲུབས་

(༡༩༢)ཤིག་སྲུང་ཅིག་དམ་ལ་མ་འདའ་ཅིག་ཅེས་ཆོས་སྐྱོང་སྲུང་མའི་དབང་བླངས་ནས་ཕྲིན་ལས་རབ་འབྱམས་ཀྱི་འཁོར་ལོ་བསྒྱུར་བ་སྟེ་ཁ་ལོ་བསྒྱུར་བའོ། །སྔགས་གཅོད་མཚམས་ཡོངས་དགེའི་ཕྱག་བྲིས་དང་དཔལ་སྤུངས་སྦར་མ་གཉིས་ཀར་འདི་ལྟར་ཡོད་པས་ཤིན་ཏུ་དག་པས་འདི་ལྟར་དགོས། དཔེ་ལ་ལར་ཆོས་སྐྱོང་གི་སྲོག་ཡིག་ཡི་དམ་གྱི་མཐར་སྦྱར་ནས་གཏེར་ཚག་བྱས་པ་དང་། ཨ་བྷི་ཥིཉྩ་ཧཱུྃ་དུ་ཞེས་སྦྲེལ་ཞིང་ཙཀྲ་ཀརྨ་ཙཀྲ་སོགས་སྦྲེལ་པ་ནི་མ་དག་པ་ཁོ་ནའོ། སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས་སོགས་ཀྱི་ཚེ་བདག་མདུན་གྱི་ཡེ་ཤེས་པ་ལྷ་ཚོགས་སོ་སོར་བསྟིམ་མོ། ༈ །བསྙེན་དམིགས་ནི། ཧཱུྃ རང་རིག་བླ་མར་གསལ་བ་ཡི སོགས་ཀྱི་བསྙེན་དམིགས་གཞུང་གསལ་ལྟར་ལ་པདྨ་དང་རྡོ་རྗེའི་ཁ་དོག་ཡོངས་དགེ་ཉིད་ཀྱིས་ཞལ་གསུངས་ཟིན་བྲིས་ཉུང་དུ་རྣམས་སུ་གསལ་ཁ་མི་འདུག །སི་ཏུ་པདྨ་ཉིན་བྱེད་དང་མཁས་གྲུབ་བསྟན་འཕེལ་གྱི་ཟིན་བྲིས་སུ་པདྨའི་ཁ་དོག་མི་གསལ་

(༡༩༣)ཞིང་རྡོ་རྗེ་གསེར་གྱི་རྡོ་རྗེར་གསུངས་འདུག་པ་ཞལ་རྒྱུན་འདྲ་ཡིན་ནམ། མཁས་གྲུབ་དམ་པ་དེ་གཉིས་ལ་ནོར་འཁྲུལ་མེད་པར་གོར་མ་ཆག །རང་རེས་ནི་དབུས་ཡིག་ཆུང་གཏོར་གདན་དཀྱིལ་འཁོར་བྲི་བྱར་དུ་དེ་སྟེང་པདྨ་འདབ་བརྒྱད་དཀར དབུས་སུ་རྡོ་རྗེ་རྩེ་ལྔ་དམར ཞེས་ལུང་གྲངས་སུ་བྱས་ནས། བླ་མ་དྲག་པོ་རྩལ་གྱི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཉི་མ་དམར་པོ། ཟླ་བ་དཀར་པོ། པདྨའི་རིགས་སོ་སོར་རྟོགས་པའི་རང་རྩལ་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་གིས་མཐར་སྔགས་ཕྲེང་ཞལ་ངོ་ཕྱི་ལ་བསྟན་པ་གཡོན་དུ་བཀོད་ལ། འཁོར་དུས་གཡས་སུ་འཁོར་བར་བསྒོམ་དགོས། མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ་གྱིས་ཟིན་བྲིས་སུ་གསུངས་འདུག །ཡོངས་དགེའི་ཞལ་གསུངས་སྔགས་ཕྲེང་ཁ་དོག་གསལ་ཆ་མི་འདུག་གཏེར་སྨྱོན་ཞལ་གསུངས་ལ་ཡང་གསལ་ཁ་མི་འདུག་པདྨ་ཉིན་བྱེད་དབང་པོའི་ཟིན་བྲིས་སུ་ཐོད་ཕྲེང་རྩལ་གྱི་སྔགས་ཕྲེང་མཐིང་ཁ་མཆན། ལས། །དང་པོ་

(༡༩༤)བླ་མ་བསྒྲུབས་པའི་ཚེ ལས་བྱང་གཞུང་བཞིན་དབང་བཞི་བླངས བསྙེན་མཚམས་ཐུན་བར་རྩེ་གཅིག་ཏུ དང་པོ་སྤྱན་འདྲེན་སྔགས་བྱང་ནི བརྒྱ་འམ་ཉེར་ལྔ་དག་པར་བསྒྲངས དེ་ཚེ་སྤྱན་འདྲེན་དམིགས་པ་བྱེད གཉིས་པ་རྩ་སྔགས་གང་འགྲུབ་བཟླས དེ་ཚེ་རང་ཉིད་བླ་མ་བསྐྱེད སྐུ་གསུམ་བླ་མ་ཐོ་བརྩེགས་བསྒོམ རིགས་ལྔ་མཁའ་འགྲོ་ཁྲོམ་ཚོགས་བསྐྱེད དེ་ཚེ་ཚེ་སྒྲུབ་དམིགས་པ་བཅས དེ་ནི་བླ་མའི་བསྙེན་ཐེམ་ཡིན ཅེས་སོ། །དང་པོ་སྤྱན་འདྲེན་གྱི་སྔགས་བཟླ་ཚེ ཟངས་མདོག་དཔལ་རི་སོགས་ཕྱོགས། སྔགས་ཕྲེང་དཀར་པོ་དང་ཚེ་བཅུད་བསྡུ་བསྟིམ་མཆན། བཅུའི་ཞིང་ཁམས་མཐའ་ཡས་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་རྒྱ་མཚོའི་ལྷ་ཚོགས་རྣམས་སྐུ་པད་འབྱུང་། གསུང་སྔགས་ཕྲེང་དབྱངས་གསལ། ཐུགས་ཕྱག་མཚན་རྡོ་རྗེ་ཐོད་པ་ཁ་ཊཱཾྭ་རྣམས་ཆར་ལྟར་བབ་ནས་རང་ལ་ཐིམ་པའི། རང་གི་ལུས་ངག་ཡིད་གསུམ་ཨོ་རྒྱན་ཆེན་པོའི་སྐུ་གསུང་

(༡༩༥) ཐུགས་སུ་དབྱེར་མེད་དུ་བྱིན་གྱིས་བརླབས་པར་བསམ། ༈ །རྒྱུན་བསྙེན་བཟླས་པའི་ཚེ་སྔགས་ཕྲེང་དང་བོས་མི་འཁོར་བར་གསལ་བཏབ། གསལ་ཐེབ་པ་དང་དང་པོ་དལ་པུས་གཡས་སུ་འཁོར། དེ་ནས་ཇེ་མྱུར་དུ་འཁོར་བར་དམིགས། དང་པོ་སྔགས་ཕྲེང་བཀོད་པའི་ཚེ་ཐོད་ཕྲེང་རྩལ་གྱི་སྔགས་སྒྲ་ལྷང་ལྷང་སྒྲོགས་པར་བསམ། འཁོར་ཚེའང་སྔགས་མགྱོགས་བུལ་སྔགས་འཁོར་དང་མཐུན་པར་དི་རི་རི་སྒྲོགས་པར་བསྒོམ། དེ་ནས་བདག་མདུན་གྱི་སྔགས་འཁོར་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་ལ་བོག་པས་གཞལ་ཡས་ཁང་། ནང་བཅུད་འགྲོ་བ་རིགས་དྲུག་གཟུགས་ཅན་གཟུགས་མེད་རྣམས་ཀྱང་བླ་མ་ཨོ་རྒྱན་ཆེན་པོ་རྩ་བ་གསུམ་གྱི་དཀྱིལ་འཁོར་དུ་དམིགས། དེ་དག་ཐམས་ཅད་ཀྱིས་སྔགས་སྒྲས་སྣོད་བཅུད་འཇིག་རྟེན་ཐམས་ཅད་འུར་འུར་ཆེམ་ཆེམ། ཤིག་ཤིག །ཡོམ་ཡོམ་དུ་གཡོ་ཞིང་། འགྲོ་བ་རིགས་དྲུག་གིས་སྡུག་

(༡༩༦)བསྔལ་རྒྱུ་ས་བོན་བག་ཆགས་བཅས་པ་དག་ནས་དག་པའི་ཞིང་འབའ་ཞིག་ཏུ་གྱུར། དྲེགས་པ་སྡེ་བརྒྱད་གདུག་པ་ཅན་རྣམས་ཀྱིས་སྡང་སེམས་ཞི། རྒྱལ་བ་རབ་འབྱམས། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བ་སྟེ། །སྔགས་ཀྱི་འོད་ཟེར་དེ་འཕྲོ་ཞིང་ཕོག་པ་ཙམ་གྱིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་མཆོག་དང་ཐུན་མོང་གི་དངོས་གྲུབ་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་འཇའ་ཚོན་སྣ་ལྔའི་རྣམ་པར་སྤྱན་དྲངས་ནས་བདག་མདུན་སོ་སོར་བསྟིམ། དེ་བཞིན་དུ་སྣང་སྲིད་འཁོར་འདས་ཀྱི་ཚེ་དཔལ་མཐུ་སྟོབས་གཟི་བརྗིད་རྣམས་ཀྱང་འོད་ཀྱི་རྣམ་པར་བསྡུས་ནས་རང་གི་སྒོ་གསུམ་ལ་མཚོ་ལ་ཆར་པ་བབ་པ་ལྟར་སིབ་སིབ་ཐིམ་པར་བསྒོམ། བསྙེན་དམིགས་སྔགས་འཁོར་མདུན་བསྐྱེད་ལའང་བདག་བསྐྱེད་ལྟར་བསྒོམ་དགོས། བསྙེན་སྒྲུབ་སྐབས་སུ་བདག་བསྐྱེད་གཙོ་ཆེ་ལས་སྦྱོར་

(༡༩༧)ཟློག་སྒྲུབ་སོགས་ལ་མདུན་བསྐྱེད་གཙོ་ཆེ། ལར་གསང་བ་སྤྱི་ལུགས་སུ་སྲོག་ཡིག་སྔགས་ཕྲེང་རྣམས་ལྟ་རང་མདོག་བསྒོམ་པ་གཙོ་ཆེ། འདི་ལའང་སྔ་དྲོ་ཕྱི་དྲོ་སོགས་ལས་བཞིའི་དམིགས་པའི་ཁ་བསྒྱུར་སྦྱར་ཆོག་གོ ༈ །ཟིན་བྲིས་དམིགས་ཐུན་ལས། ལས་གཞུང་བཞིན་དུ་དྲག་པོ་རྩལ་གསལ་བའི། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་མེད་འཕྲོས། །འཕགས་མཆོད་སེམས་ཅན་སྡིག་སྒྲིབ་ལེགས་སྦྱངས་ནས། །ཞིང་ཁམས་རབ་འབྱམས་སངས་རྒྱས་བྱང་སེམས་དང་། ཡི་དམ་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་ཚོགས། །སྐུ་ནི་པད་འབྱུང་སྐུ་དང་གསུང་དབྱངས་ཚིག །ཨཱ་ལི་ཀཱ་ལི་དཀར་དམར་ཐུགས་རྡོ་རྗེ། །ཆར་བཞིན་བབ་ནས་རང་ལ་སིབ་སིབ་ཐིམ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་གྱིས་བརླབས་པར་བསམ། །རང་ཉིད་བླ་མ་དྲག་རྩལ་གསལ་བ་ཡི། །ཐུགས་ཀར་

(༡༩༨)པད་ཟླའི་སྟེང་དུ་རྡོ་རྗེ་ཧཱུྃ། །རྡོ་རྗེའི་དཀྱིལ་དབུས་ཧཱུྃ་མཐར་སྔགས་གཡས་སུ། །འཁོར་བའི་རང་སྒྲས་ཕྱི་སྣོད་ནང་བཅུད་སོགས། །གཟུགས་ཅན་གཟུགས་མེད་པད་འབྱུང་སྐུར་གྱུར་ནས། །རང་ཉིད་རམ་འདེགས་ཚུལ་དུ་སྔགས་རམ་འཇོག །འཇིག་རྟེན་ཁམས་ཀུན་ཤིག་ཤིགས་ཡོམ་ཡོམ་གཡོ། །མ་ཡེངས་ཁྱབ་གདལ་ངང་དུ་བརྩོན་ལ་བཟླ། ཅེས་པའོ། ལས་གཞུང་རྡོ་རྗེ་གྲོ་ལོད་ལས། ཟིན་བྲིས་དམིགས་ཐུན་ཕྲན་བུ་འདི༔ མ་བཅོས་ལེགས་པར་བཞུགས་སུ་ཆུག༔ ཅེས་གསུངས་པའི་ཟིན་བྲིས་ལས་བཅོས་བསྒྱུར་མེད་པར་ཡིད་ཆེས་པའི་ཕྱིར་རྒྱབ་སྐྱོར་ལུང་འདྲེན་དུ་བྲིས་པའོ། ༈ །ཡང་དམིགས་ཐུན་ཟིན་བྲིས་ལས། ཕྲིན་ལས་བཞི་བསྒྲུབ་དམིགས་པ་ཕྲན་བུ་ནི༔ སྔ་དྲོ་ལྷ་གཟུགས་སྔགས་ཕྲེང་དཀར་པོ་བསྒོམ༔ འཆི་མེད་ཚེ་དབང་རིག་འཛིན་རྩལ་རྫོགས་བསམ༔ ཉིན་གུང་ལྷ་གཟུགས་སྔགས་ཕྲེང་སེར་པོ་བསྒོམ༔ དབང་

(༡༩༩)ཐང་ལོངས་སྤྱོད་འབྱོར་དྲུག་རྒྱས་པར་བསམ༔ དགོང་མོ་ལྷ་གཟུགས་སྔགས་ཕྲེང་དམར་པོ་བསྒོམ༔ སྣོད་བཅུད་སྣང་སྲིད་འཁོར་འདས་དབང་སྡུད་བསམ༔ འབྱོར་པ་དྲུག་ནི། ཚེ་བསོད་ནམས། དཔལ། གཟི་བརྗིད། འཁོར་སློབ། ལོངས་སྤྱོད་འབྱོར་བའོ། སྲོང་ལ་ལྷ་གཟུགས་སྔགས་ཕྲེང་མཐིང་གར་བསྒྱུར༔ བསྟན་དགྲ་གདོན་བགེགས་ཐལ་བར་བརླག་པར་བསམ༔ ཉིན་བསྐོར་ཕྲིན་ལས་བཞི་བསྒྲུབ་དམིགས་པ་ལགས༔ གུ་རུ་ས་དྷ་ན་ཝརྡྷནྟུ། བླ་སྒྲུབ་འཕེལ་བར་གྱུར་ཅིག །

(༢༠༠)

(༢༠༡)བྲབ་གསང་དོན་བསྡུས་ཚེ་སྒྲུབ་ཀྱི་དམིགས་རིམ་བཞུགས་སོ། །

(༢༠༢)ཨོཾ་སྭ་སྟི། སྦས་གསང་དོན་བསྡུས་ཚེ་སྒྲུབ་ཀྱི་དམིགས་རིམ་ལ། ཤྲཱི་མ་ཧཱ་གུ་རུ་པདྨ་བཛྲ་ཡེ ཞེས་བསྐྱེད་པ་རྐྱེན་གྱིས་སྔགས་བཟླས་པ་ཙམ་གྱིས་ཆུ་ལ་ཉ་ལྡང་བ་ལྟར་ཐབས་བདེ་བ་ཆེན་པོ་ཡབ་ཀྱི་རྣམ་པར་གསལ་བ་ལ། ཤེས་རབ་སྟོང་པ་ཉིད་ཡུལ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་པར་ཤར་བ་སྐུ་མདོག་དཀར་གསལ་མདའ་དར་ཚེ་བུམ་འཛིན་པ་ལོངས་སྐུའི་རྒྱན་རྫོགས་པ། ཡབ་རྡོ་རྗེ་དྲག་པོ་རྩལ་གཞུང་གསལ་ལྟར་ལ་འཁྲིལ་སྦྱོར་བདེ་སྟོང་ལྷན་ཅིག་སྐྱེས་

(༢༠༣)པའི་དགའ་བས་ཐུགས་རྒྱུད་ཡོངས་སུ་གང་བར་དམིགས་པ་ནི་འོད་ཟེར་སྤྲོ་བསྡུའི་གཞི་འགོད་པའོ། །གོང་གི་སྔགས་དོན་ཡོངས་དགེ་ཉིད་ཀྱི་ཕྱག་མཆན་གནང་བ་ལྟར་ན། དཔལ་ཆེན་པོ་བླ་མ་འགྱུར་མེད་རྡོ་རྗེ་ཞེས་དོན་འགྱུར་མཛད་པའོ། ཤྲཱིན། ཤྲཱིཀ་བརྟན་པའི་དབྱིངས་སམ་ཁམས་ལས་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོས་སྲིད་ཞིའི་མཐའ་ལ་མི་གནས་པ། མ་ཧཱ་ཆེན་པོ། གུ་རུ་བླ་མ། པདྨ་བཛྲ་ཡེ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་དོན་ཏེ། ཆོས་ཉིད་

(༢༠༤)རིས་མེད་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་སམ། འཁོར་འདས་ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱི་རང་རྩལ་ལམ་རང་སྣང་ལས། སྐད་ཅིག་དྲན་རྫོགས་སྣང་སྟོང་ཟུང་འཇུག་ལྷ་སྐུ་ཞལ་སྦྱོར་གྱིས་རྣམ་པར་གསལ་གནས་གསུམ་འབྲུ་གསུམ་གྱི་མཚན་པ་ལས། པདྨ་ཉི་ཟླ་རྡོ་རྗེ་ཧཱུྃ་དང་སྔགས་ཕྲེང་གསལ་མ་ཐེབ་ཀྱང་མི་འགལ་ལ། བསྐྱེད་རྫོགས་བྱང་ཞིང་དམིགས་པ་གསལ་བས་དྲག་རྩལ་གཞུང་ལྟར་གྱི་ཐུགས་སྨད་དུ་གནས་གསུམ་བྱིན་གྱིས་བརླབ་ཀྱི་ཧཱུྃ་ཡིག་དང་ཐུགས་དབུས་སུ་པད་དཀར་འདབ་བརྒྱད་ཀྱི་ཉི་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའི་ངོ་བོ་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་རྒྱལ་བ་ཐམས་ཅད་ཀྱིས་ཐུགས་རྡོ་རྗེའི་ངོ་བོའམ་དྭངས་མའི་ཐུགས་སྲོག་ཧཱུྃ་ཡིག་མཐིང་གསལ་གནམ་སྔོན་ཞུན་མའམ་བཻ་ཌཱུརྱ་སྔོན་པོ་ལས་གྲུབ་པ་ལྟ་བུ། ཧ་ཡིག །འ་ཆུང་། ཞབས་ཀྱུ། ཟླ་ཚེས། ཐིག་ལེ་ནཱ་ད་དང་བཅས་པ་གཟབ་ཡིག་འབྲུ་ཚུགས་ལེགས་པ་གདོང་མདུན་བསྟན་ནམ།

(༢༠༥)ལེབ་ཞལ་གང་བ་དེ་གསལ་བ་དེ་ལས་འོད་ཟེར་སྤྲོ་བསྡུ་བྱ་བ་ཡིན། བསྡུ་ན་གནས་གསུམ་བྱིན་བརླབས་ཀྱི་ཐུགས་ཀའི་ཧཱུྃ་ཡིག །གྲུབ་དབང་ཆགས་མེད་ཞབས་ཀྱིས་ཡིག་མགོའི་ཐད་དེ་མདུན་དུ་བསྟན་དགོས་གསུངས་མཆན། ལས་སྤྲོ་བསྡུ་བྱས་ཀྱང་ཆོག་སྟེ། རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རྒྱས་བསྡུས་གང་ལྟར་ཡང་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་དཀར་པོ་འཕྲོས། རྩ་གསུམ་རྒྱལ་བ་རབ་འབྱམས་རྒྱ་མཚོར་སྐུ་མཉེས་པའི་མཆོད་པ་ཕུལ། སྐུ་ཡི་བྱིན་རླབས་དངོས་གྲུབ་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩི་འོ་མའི་རྒྱུན་ལྟ་བུས་རང་གཞན་སེམས་ཅན་ཀུན་གྱི་ལུས་ལ་ཕོག་པས་འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ། འགྱུར་མེད་ཡེ་ཤེས་དྭངས་མའི་ལུས་ཐོབ་སྐྱེ་འཆི་འཕོ་འགྱུར་བགྲེས་རྒུད་དང་བྲལ་བར་དམིགས། རྒྱས་སྐབས་ཐུགས་ཀར་སྔགས་ཕྲེང་དཀར་པོ་གཡས་སུ་འཁོར་བར་བསྒོམ་ཞིང་བཟླས་པ་བྱ། བསྡུ་

(༢༠༦)ན་འོད་ཟེར་སྤྲོ་བསྡུ་ཁོ་ན་དམིགས་ཞིང་བཟླ། དེ་བཞིན་ཐུགས་སྲོག་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཞེས་འོད་ཟེར་གྱི་སྣེ་ལྕགས་ཀྱུ་ལྟར་འགུགས་པ་གྲངས་མེད་པ་སྤྲོས་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་དང་། ཁྱད་པར་དུ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསུང་མཉེས་བའི་མཆོད་པ་འབུལ། དེ་རྣམས་ཀྱི་ཐུགས་རྗེ་ནུས་རྩལ་གྱི་བྱིན་རླབས་བདུད་རྩི་དམར་པོའི་རྣམ་པར་སྤྱན་དྲངས་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ངག་དང་མགྲིན་བར་ཐིམ་པས་ཚངས་དབྱངས་ཡན་ལག་དྲུག་ཅུའི་ཡོན་ཏན་མ་ལུས་པ་རྫོགས་ནས་འགགས་མེད་གྲགས་སྟོང་གི་ནུས་རྩལ་མ་ལུས་པ་ཡོངས་སུ་རྫོགས་པ་རྒྱལ་བའི་གསུང་གི་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དབང་ཐོབ་པར་དམིགས། གསུང་དབྱངས་ཡན་ལག་དྲུག་ཅུ་ལ་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་གསུང་དབྱངས་ཡན་ལག་དྲུག་ཅུ་རྩ་གཉིས་སུ་གསུངས་པ་ཐུབ་པ་དགོངས་རྒྱན་སྡོམ་པར་བཀོད་པ་དང་། སྤྱི་མདོ་

(༢༠༧)དགོངས་འདུས་ལས་གསུངས་པ་སོགས་ངོས་འཛིན་འདྲ་མིན་ཡོད་ཀྱང་ཡི་གེ་མང་དུ་དོག་པས་ཤེས་པར་འདོད་ན་དེ་དང་དེ་ལྟར་རོ། །རྒྱས་སྐབས་སྔགས་ཕྲེང་ཁ་དོག་དམར་པོར་བསྒྱུར་ཞིང་བཟླས་པ་བྱ། བསྡུ་ན་འོད་ཟེར་སྤྲོ་བསྡུ་ཁོ་ནས་ཆོག །ཡང་བདག་བསྐྱེད་གུ་རུའི་ཐུགས་ཀ་ནས་འོད་ཟེར་མཐིང་གསལ་ནམ་མཁའ་དྭངས་པ་ལྟ་བུར་འཕྲོས། རྩ་གསུམ་རྒྱལ་བ་རབ་འབྱམས་དང་ཁྱད་པར་དཔའ་བོ་དང་མཁའ་འགྲོའི་ཚོགས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། དཔའ་བོ་དང་དཔའ་མོའི་ཚོགས་རྣམས་བདེ་སྟོང་དགྱེས་པ་ཆེན་པོའི་དབྱིངས་སུ་རྣམ་པར་རོལ་པ་ལས། བྱང་ཆུབ་སེམས་ཀྱི་བདུད་རྩི་བྱང་སེམས་དཀར་དམར་གྱི་རྒྱུན་ཆར་ལྟར་བབ་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཡིད་དང་ཐུགས་ཀར་ཐིམ་པས་བདེ་བ་དང་སྟོང་པ་དབྱེར་མི་ཕྱེད་པ་སྣང་བཞིན་དུ་སྟོང་ལ་སྟོང་བཞིན་དུ་སྣང་བ་འདི་ཞེས་བློ་ཡི་རྟོག་པའི་ཡུལ་ལས་འདས་པ། འཆི་མེད་གཉུག་མ་ལྷན་ཅིག་སྐྱེས་

(༢༠༨)པ་རིག་པའི་རང་རྩལ་ཀ་དག་ཆོས་སྐུའི་དོན་རྟོགས་པར་དམིགས། རྒྱས་སྐབས་སྔགས་ཕྲེང་མཐིང་གར་བསྒྱུར་ལ་བཟླས་པ་བྱ། བསྡུ་ན་སྤྲོ་བསྡུའི་དམིགས་པ་དང་བཅས་ཏེ་བཟླའོ། །ཡང་བདག་བསྐྱེད་ཐུགས་སྲོག་ལས་འོད་ཟེར་ལྗང་གུ་མ་རྒད་ཞུན་མའི་མདོག་ལྟ་བུ་སྣང་སྲིད་འཁོར་འདས་ཁྱབ་པར་འཕྲོས་རྩ་གསུམ་རྒྱལ་བ་རབ་འབྱམས་དང་ཁྱད་པར་བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་ཕོག་པས་ཐུགས་དམ་བསྐང་ཞིང་དེ་རྣམས་ཀྱི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་བཞི་ཐོགས་མེད་དུ་བསྒྲུབས་པའི་ཡོན་ཏན་དང་དངོས་གྲུབ་ཐམས་ཅད་འོད་ཟེར་སྣ་ལྔ་འདྲེས་པས་ཁ་དོག་ལྗང་ནག་སྟེ་ལྗང་སྨུག་གི་རྣམ་པ་འོད་ཟེར་སྣ་བཞི་འདྲེས་པ་ལས་ཁ་དོག་ལྗང་གུ་འབྱུང་བ་དུས་འཁོར་ལས་བཤད། ད་ལྟ་སྣ་ཚོགས་མདོག་ལ་ལྗང་གུ་བྱེད་པ་དེ་དོན་ཡིན་མཆན། དྲག་པོའི་ཕྲིན་ལས་སྒྲུབ་པ་ལྟར། དཀར་སེར་དམར་སྔོ། རང་གཞན་སེམས་ཅན་ཀུན་གྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་དམིགས། རབ་འབྱམས་རྒྱལ་བ་ཀུན་གྱི་ཡོན་ཏན་དང་ཕྲིན་

(༢༠༩)ལས་ལ་དབང་འབྱོར་ཏེ་རང་དབང་ཐོབ་ནས་ཐབས་མཁས་པའི་མཛད་པ་ཕྲིན་ལས་མཐའ་ཡས་པས་མཁའ་མཉམ་འགྲོ་བའི་རེ་བ་སྐོང་བར་དམིགས། རྒྱས་སྐབས་སྔགས་ཕྲེང་ལྗང་གུར་བསྒྱུར་ཞིང་བཟླས་པ་བྱ། བསྡུ་ན་འོད་ཟེར་སྤྲོ་བསྡུ་ཁོ་ནས་འཐུས་ཞིང་དམིགས་པ་གསལ་བར་བསྒོམ་ལ་བཟླའོ། །དེ་དག་ནི་བསྐྱེད་རིམ་དམིགས་བཅས་ལྷའི་རྣལ་འབྱོར་ཟབ་མོ་ལ་བརྟེན་ནས་ཚེ་དང་ཡེ་ཤེས་སྤེལ་བའོ། །གཉིས་པ་ཀ་དག་རྫོགས་པ་ཆེན་པོའི་ངང་ལ་མཉམ་པར་བཞག་ནས་ཚེ་དང་ཡེ་ཤེས་སྤེལ་བ་ནི། ཚེ་སྒྲུབ་འདི་བདག་བསྐྱེད་ཁོ་ན་མ་གཏོགས་མདུན་བསྐྱེད་ལ་བསྒོམ་མི་དགོས་སོ། བདག་བསྐྱེད་གུ་རུ་ཡབ་ཡུམ་དམ་ཡེ་དབྱེར་མེད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དབྱིངས་སྟོང་པ་ཉིད་ཀྱི་ངང་དུ་བསྡུ། དེ་ཡང་དམིགས་གཏད་མཚན་འཛིན་ཐམས་ཅད་དང་བྲལ་བ་ཀ་དག་གདོད་མའི་གནས་ལུགས་སམ། ཡེ་དག་གམ། ཡེ་སྟོང་དེ་བཞིན་ཉིད་ཀྱི་ཀློང་དུ་

(༢༡༠)ཐིམ་པས། ཕུང་པོ་གདོས་བཅས་མཚན་མར་འཛིན་པ་རགས་པའི་ལུས་སྣང་ཡང་དབྱིངས་སྟོང་པ་ཉིད་ཀྱི་ངང་དུ་ཡལ་ཞིང་འཆི་མེད་གཉུག་མ་ཆོས་སྐུའི་རང་ཞལ་མངོན་སུམ་དུ་རྟོགས་པས་རིག་རྩལ་མ་འགགས་འཁོར་ཡུག་འབྱམས་སུ་ཀླས་པས་སྐྱེ་འཆིའི་འཇིགས་པ་དང་བྲལ་བས། ཡེ་ནས་རང་ལ་རང་ཆས་སུ་གནས་པའི་སོ་སོ་རང་རིག་པའི་ཀུན་བཟང་མངོན་དུ་གྱུར་པས་མ་གྱུར་ཡིད་ཅན་འགྲོ་བ་འདི་རྣམས་ཀྱང་མཐར་ཐུག་གི་འབྲས་བུ་ཀུན་ཏུ་བཟང་པོའི་ས་ལ་གནས་པར་གྱུར་ཅིག་ཅེས་པའོ། །དེ་ཉིད་བསྒོམ་པས་ཉམས་སུ་ལེན་པ་ནི་བདག་བསྐྱེད་དམིགས་གཏད་མཚན་འཛིན་དང་བྲལ་བའི་ཀློང་དུ་ཐིམ་མོ་སྙམ་པའི་བློ་དེ་གའི་རང་ངོ་ལ་ཅེ་རེ་བལྟས་པས་སྣང་བ་མ་འགགས་ལ་དེར་འཛིན་བློའི་དྲི་མ་དང་བྲལ་བའི་གསལ་སྟོང་འཛིན་མེད་དུ་རྗེན་སོང་གིས་འཆར་བས་གང་ཤར་དེ་ལ་བཅས་བཅོས་མི་བྱ་བར་དེ་ཀའི་ངང་ལ་ལྷོད་ཀྱིས་ཀློད་ནས་མཉམ་པར་འཇོག་པ་གནད་ཀྱི་དམ་པའོ། །

(༢༡༡)དེ་ལ་ཡུན་བསྐྱང་ཏེ་བལྟས་པས་བལྟ་བྱ་ལྟ་བྱེད། མྱོང་བྱ་མྱོང་བྱེད། ཡུལ་དང་ཡུལ་ཅན་སོགས་གཟུང་འཛིན་ཐམས་ཅད་དང་བྲལ་བའི་ཡུལ་མེད་པར་རང་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཞིག་འཆར་བས། དེ་གའི་སྟེང་དུ་མ་བཅོས་མ་བསླད་མ་བསྒྱུར་བར་བཞག་པ་ནི་རྫོགས་པ་ཆེན་པོའི་ལམ་དབང་པོ་རབ་ཀྱི་བསྒོམ་ཚུལ་རིག་པ་གཤིས་ལུགས་སུ་བཞག་པ་ཞེས་བྱ་ལ། རྫོགས་ཆེན་གྱིས་ཆོས་སྐད་དུ་རིག་པ་སྤྱི་བླུགས་སུ་འཇོག་པ་ཡང་ཟེར་རོ། །འདི་སྐབས་ལས་དང་པོ་པ་ལྟ་བུས་བསྙེན་པ་བཟླ་ཚེ་སེམས་ངོ་བལྟ་རྒྱུ་ལ་གནོད་ན་མི་བཟླ་བར་རང་ངོ་སྐྱང་། གོམས་པ་ནས་རྩལ་སྦྱོང་བའི་ཕྱིར་བསྙེན་པ་ཤུབ་བུར་བཟླ་ཞིང་སེམས་མི་ཡེངས་པར་བྱ། དེ་དག་གིས་མི་གནོད་པར་ཆེར་བསྒོམས་ན་བསྙེན་པ་སྐད་འཐེང་མཐོ་བར་འདོན་ཅིང་། རིག་པ་གཤིས་ལུགས་ཀྱི་མཉམ་བཞག་དེ་ལས་མ་གཡོས་པར་བྱའོ། །དེ་དག་ལ་གོམས་པར་བྱས་པས་ཐུན་མཚམས་

(༢༡༢)རྗེས་ཐོར་ཀྱི་སྐབས་སུ་སྤྱོད་ལམ་ཐམས་ཅད་ལ་བསྲེ་ནུས་ཞིང་བསྐྱེད་རྫོགས་ཟུང་འཇུག་གི་བོག་ཐོན་པར་འགྱུར་རོ། །དེ་ཡང་ངོ་སྤྲད་ཅིང་རྩལ་སྦྱངས་པ་གལ་ཆེ་བ་སྟེ། སློབ་དཔོན་དགའ་རབ་རྡོ་རྗེའི་ཞལ་ནས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ སེམས་ལ་སྐྱེ་འགགས་མེད་པས་ནམ་མཁའ་འདྲ ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ནས༔ དེ་ཉིད་མ་བཙལ་བཞག་ན་བསྒོམ་པ་ཡིན༔ ཞེས་གསུངས་པ་ལྟར། མཉམ་བཞག་ཏུ་རིག་སྟོང་རྗེན་པའི་ཡེ་ཤེས་ལ་ཞེན་འཛིན་གྱིས་མ་བསླད་པར་རང་གསལ་རྒྱ་ཡན་དུ་ཀློད་ཅིང་། རྗེས་ཐོབ་ཏུ་གང་སྣང་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་རམ། རྨི་ལམ་གྱི་སྣང་བ་ལྟར་གསལ་སྟོང་འཛིན་མེད་དུ་ཐག་བཅད་པ་དེ་ལམ་དུ་ཁྱེར་པས་མཉམ་བཞག་སྤྲོས་བྲལ་གྱི་ཡེ་ཤེས་དེ་ཀ་རྩལ་སྣང་མ་འགགས་པའི་རོལ་པར་ཤར་ནས་ཡུལ་སྣང་ཐམས་ཅད་མེད་བཞིན་སྣང་པར་ཐག་ཆོད། དེ་ཀ་མཉམ་རྗེས་དབྱེར་

(༢༡༣)མེད་དམ་བདེན་གཉིས་ཟུང་འཇུག་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གཤིས་ལུགས་སོ། །གནས་ལུགས་དབུ་མ་ཆེན་པོའམ། ཕྱག་རྒྱ་ཆེན་པོའམ། རྫོགས་པ་ཆེན་པོ་ཡིན་པས། སེམས་ཅན་ཐམས་ཅད་ལ་ཡེ་ནས་རང་བཞིན་དུ་བཞུགས་ཀྱང་། དེ་ལྟར་ངོ་མ་ཤེས་ཤིང་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོས་དྲངས་པའི་བྱང་ཆུབ་ཀྱི་སེམས་མ་འགགས་པར་འཆར་ཏེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ། །ཤར་ཙམ་ནས་གཤིས་འཛིན་མེད་དུ་ཁྲོལ་ལེ་སྐྱུར་རེ་བསྐྱང་ངོ་། །དེ་ལྟར་མཉམ་རྗེས་དབྱེར་མེད་དུ་བསྲེས་ཏེ། ལམ་དུ་ཁྱེར་བ་གང་ཤར་རང་གྲོལ་མངོན་དུ་གྱུར་ནས་རྣམ་རྟོག་བསྒོམ་གྱིས་གྲོགས་སུ་འཆར་རོ། །གལ་ཏེ་རྣམ་རྟོག་གིས་གནོད་ན་འགྱུ་དྲན་གྱི་རྟོགས་པ་གང་ཤར་ལ་དེ་ཀར་ཅེ་རེ་བལྟས་པས་རྦ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་དུ་ཡལ་ཏེ། རྣམ་རྟོག་གཞི་མེད་རྩ་བྲལ་དུ་ཤེས་ཤིང་ཐག་ཆོད་པས་དགེ་སྦྱོར་རྐྱེན་ཐུབ་ཉམས་ལེན་སྐྱོང་བ་དེར་འགྲོ་

(༢༡༤)བ་ཡིན་ཅེས་མཁས་གྲུབ་དམ་པ་གོང་མ་རྣམས་ཀྱི་ཞལ་སྔ་ནས་གསུངས་སོ། །འདི་དག་བསྒོམ་ཚུལ་ཞིབ་རྒྱས་ཕྱི་སྒྲུབ་ཀུན་བཟང་གི་ཡིག་ཆུང་གཞི་ལྟ་བས་གཏན་ལ་འབེབས་ཚུལ་ལ་མ་བསྒོམ་པ་ཉམས་སུ་ལེན་ཚུལ་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་ངོ་སྤྲོད་གསལ་བར་གསུངས་པ་ཉིད་དོ། །འོ་ན་ཕྱི་སྒྲུབ་རྫོགས་པ་ཆེན་པོ་བསྟན་པ་མི་འཐད་དོ་ཞེ་ན། །སྤྱིར་རྒྱུད་དཀྲུག་ལུང་དཀྱུས་མན་ངག་གབ་པ་རྣམས་གཏེར་ཆེན་ཉིད་ཀྱི་ཞལ་ལུང་ལ་བརྟེན་ནས་ཁྲིད་དགོས་ཤིང་། འདིར་ནི་དེ་ལྟར་གབ་སྦས་ཀྱང་མ་ཡིན་ལ། གུ་རུ་རྡོ་རྗེ་གྲ་ལོད་ཀྱི་སྒྲུབ་ཐབས་འདི་ནི་ཨ་ཏི་ཡོ་ག་ཐེག་ཀུན་རྩེ་མོ་ཤིན་ཏུ་རྣལ་འབྱོར་གྱི་ལམ་ཟབ་མོ་ཡིན་ལ། དེ་དག་ལ་ནང་གསེས་ཕྱི་ནང་གསང་བ་གསུམ་དུ་གསུངས་པའི། ཕྱི་བསྐྱེད་རིམ་གཙོ་བོར་སྟོན་པ་ཀུན་བཟང་དང་རིགས་ལྔ། ནང་རྩ་རླུང་ཐིག་ལེའི་ལམ་དང་འབྲེལ་བ་ནང་སྒྲུབ་ཡེ་ཤེས་གསང་བ་དང་སྦས་གསང་ཚེ་སྒྲུབ། གསང་བ་ལྷ་ཞི་བ་སྒྲུབ་བ་ལ་ཁྲོ་

(༢༡༥)བོའི་དཀྱིལ་འཁོར་སྒྲུབ་པས་བྱིན་རླབས་མྱུར་བ་རྒྱུད་མ་ཧཱ་ཡོ་ག་གསང་བ་སྙིང་པོ་ལས་གསུངས་པ་ལྟར། སྙིགས་དུས་དྲེགས་པ་སྡེ་བརྒྱད་མ་རུངས་པའི་གཉེན་པོ་རྡོ་རྗེ་གྲོ་ལོད། དེ་ལའང་བསྟོད་པའི་སྐབས་སུ་གསལ་བ་ལྟར་ཕྱི་སྒྲུབ་གུར་དྲག །ནང་སྒྲུབ་རྟ་མགྲིན་དུ་གསུངས་པས་མཚོན། གསང་བའི་ཟབ་གནད་བསམ་གྱིས་མི་ཁྱབ་པ་ཉིད་དོ། ༈ །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི། །འཆི་མེད་གཉུག་མའི་ཚེ་དབང་ཐོབ། །འཕོ་བཅས་ཐིག་ལེ་འཕོ་མེད་བརྟན། །གློ་བུར་ལྟར་སྣང་སྲོག་གི་ཚེ། །འགྱུར་མེད་རྡོ་རྗེར་ཡོངས་ སྦས་གསང་ཚེ་སྒྲུབ། འཆི་མེད་གཉུག་མའི་ཚེ་མཆན།། །།འཕོ་བ་དང་བཅས་པའི་ཐིག་ལེའི་ཚེ། རིང་པོར་འཚོ་བ། འགྱུར་བ་མེད་པ་རྡོ་རྗེའི་སྐུ་ཐོབ་པ་དང་། འགྲུབ་ཤོག །ཨེ་ཀ་ཤརྡྷཾ།། །།པདྨ་འབྱུང་གནས་དང་མི་འགྱུར་རྡོ་རྗེས་སྦྱར་བ་མཆན།

(༢༡༦)

(༢༡༧)ཡེ་གསང་ཐུགས་ཀྱི་གཏེར་ཁ་ལས། རྒྱལ་བ་རིགས་ལྔའི་བྲབ་ཁྲིད་བཞུགས་སོ། །

(༢༡༨)ན་མོ་གུ་རུ་པདྨ་བཛྲ་ཡ། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་ལྷ། །རིགས་ཀྱི་བདག་པོར་འབྲལ་མེད་བཞུགས། །རིགས་ལྔའི་ཟབ་ཁྲིད་འདི་ན་དབྱེ། །འདི་ལ་བཞི། རྨི་ལམ་འཁྲུལ་པ་ངོས་བཟུང་བ། །བསྲེ་བ་ཆོས་སྐུ་མཛུབ་ཚུག །འཕོ་བ་བཙན་ཐབས་སངས་རྒྱས། བར་དོ་འཁྲུལ་པ་རང་གྲོལ་ལོ། །དེ་ལ་དང་པོ་རྨི་ལམ་འཁྲུལ་པ་ངོས་བཟུང་བ་ནི། གཞུང་ལས། རང་ཞལ་མ་མཐོང་རང་སེམས་འདི

(༢༡༩)མ་འཁྲུལ་སྐྱེ་མེད་སངས་རྒྱས་ཐུགས འཁྲུལ་པས་ལས་ངན་འཁོར་བའི་སེམས འཁྲུལ་པ་རང་ཞལ་འདི་ལྟར་བལྟ༔ ཞེས་གསུངས་པས། སྤྱིར་སེམས་ཅན་ཐམས་ཅད་མ་འཁྲུལ་ན་སངས་རྒྱས་ཡིན་ཀྱང་། མ་རིག་འཁྲུལ་པའི་དབང་གིས་ལས་ངན་སྣ་ཚོགས་ལ་སྤྱོད་ཅིང་འཁོར་བ་ངན་སོང་གསུམ་སོགས་སུ་སྡུག་བསྔལ་དཔག་མེད་མྱོང་བ་ཡིན་ཏེ། དེ་ཡང་གཞི་ཅི་ལས་འཁྲུལ་ན། སེམས་སྟོང་ཉིད་ལས་འཁྲུལ། རྒྱུ་ཅི་ལས་འཁྲུལ་ན་མ་རིག་པ་ལས་

(༢༢༠)འཁྲུལ། འཁྲུལ་ཚུལ་ཇི་ལྟར་ན་འགྲོ་བ་རིགས་དྲུག་གིས་སྤྱོད་ཡུལ་དུ་འཁྲུལ། དཔེ་ཇི་ལྟར་འཁྲུལ་ན་གཉིད་ཀྱི་རྨི་ལམ་ལྟར་འཁྲུལ། འཁྲུལ་པ་ལ་སྐྱོན་ཅི་ཡོད་ན། སྡུག་བསྔལ་ཤ་སྟག་ལ་སྤྱོད་པ་སྟེ། རྗེ་རིག་འཛིན་ཉིད་ཀྱི་ཞལ་ནས། བྱ་བྱེད་སྣང་བའི་ཡུལ་འདི་རྨི་ལམ་མཚུངས། རྨི་ལམ་བག་ཆགས་འཁྲུལ་པར་ཤེས་པར་མཛོད། །ཤེས་ན་འོད་གསལ་འཁོར་ཡུག་ཤར་བར་གདའ། །མ་ཤེས་འཁྲུལ་སྣང་བག་ཆགས་ལུ་གུ་རྒྱུད། ཅེས་གསུངས་པ་ལྟར་རྨི་ལམ་འཁྲུལ་བ་ངོས་ཟིན་ན་གཉིས་འཛིན་མེད་པ་འོད་གསལ་འཁོར་མོ་ཡུག་ཏུ་འགྲོ་ཞིང་། མ་ཟིན་པས་གཏི་མུག་མ་རིག་བག་ཆགས་ཀྱི་ངང་ལས་འཁྲུལ་སྣང་ལུ་གུ་རྒྱུད་དུ་ཉིན་མོ་བྱ་བའི་ལས་ཀྱི་འཁྲུལ། མཚན་མོ་གཏི་མུག་གཉིད་ཀྱིས་འཁྲུལ་བ་བག་མེད་མུ་མེད་མཐའ་མེད་ལ་འགྲོ་བ་ཡིན་ཏེ། འཁྲུལ་བ་དེ་ངོས་བཟུང་བར་བྱ་བ་ལ། དང་པོ་ཉིན་པར་གྱི་ལས་དང་བྱ་བ་ཅི་བྱེད་ཐམས་ཅད་དང་། །

(༢༢༡)ཕྱིའི་ཡུལ་སྣང་། ནང་དགྲ་གཉེན་གྱིས་སྡུག་བསྔལ་བཟང་ངན་གང་སྣང་བ་ཐམས་ཅད་རྨི་ལམ་ལྟ་བུའི་འཁྲུལ་པ། སྒྱུ་མ་ལྟ་བུར་བདེན་མེད་དུ་བློ་སྦྱོང་དགོས་ཏེ། ཤེར་ཕྱིན་སུམ་བརྒྱ་པ་ལས། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། ཞེས་སོ། དེ་ཡང་མི་བདེན་པ་ལ་བདེན་པར་བཟུང་བས་སྡུག་ཏུ་བཅུག་ནས་འཁོར་བར་འཁྱམས་པའི་སྐྱོན་མཚངས་ཤེས་པར་བྱའོ། །དེ་ལྟར་སྒོམས་པས་མཚན་མོའི་རྨི་ལམ་ཡུལ་གྱིས་འཁྲུལ་སྣང་བཟང་ངན་ཐམས་ཅད་དྲན་བས་ཟིན་ཅིང་སྔོན་ནས་ཉམས་ལེན་ཡོད་ན་འོད་གསལ་ཐོག་ཏུ་གནས་སོ། །ཉམས་ལེན་མེད་པ་ཞིག་ཡིན་ཀྱང་ཉིན་མོའི་འཁྲུལ་སྣང་བདེན་མེད་ལ་གོམས་བས། རྨི་ལམ་ཟིན་པར་འགྱུར་ཏེ། རྩ་ཚིག་ལས། ཀྱེ་མ་བདག་ལ་རྨི་ལམ་བར་དོ་འཆར་དུས་དེར༔ གཏི་མུག་རོ་ཉལ་བག་མེད་སྤངས་

(༢༢༢)བྱ་ནས༔ དྲན་པ་ཡེངས་མེད་གནས་ལུགས་ངང་ལ་བཞག༔ རྨི་ལམ་བཟུང་ནས་སྤྲུལ་བསྒྱུར་འོད་གསལ་སྦྱངས དུད་འགྲོ་བཞིན་དུ་ཉལ་བར་མ་བྱེད་པར༔ གཉིད་དང་འོད་གསལ་འདྲེས་པའི་ཉམས་ལེན་གཅེས༔ ཅེས་པ་ལྟར་གོམས་ཤིང་བརྟན་པ་ཐོབ་ན་རྨི་ལམ་སྤྲུལ་བསྒྱུར་ལ་རང་དབང་ཐོབ་བོ། རྨི་ལམ་ངོས་བཟུང་བ་ནི། གཞུང་ལས། གཏི་མུག་ངང་དུ་གཉིད་ལོག་ཚེ༔ གཡང་ལ་ལྟུང་དང་ཆུ་ཡིས་ཁྱེར༔ ཐོག་སེར་འབེབས་དང་མེ་ཡིས་ཚིག༔ རླུང་གིས་ཁྱེར་དང་རྦབ་ཀྱིས་དེད༔ འཇིགས་རུང་གཟུགས་བརྙན་མཐོང་བ་དང་༔ རང་ལུས་མཚོན་གྱིས་གཟིར་བ་སོགས༔ འཁྲུལ་སྣང་དྲག་པོ་འཆར་བའི་ཚེ༔ རྨི་ལམ་ཡིན་པར་ཤེས་པར་བྱ༔ མ་ཡེངས་ངང་དུ་དྲན་རིག་བརྟན༔ རང་རིག་ཡི་དམ་ལྷ་རུ་སྒོམ༔ སྙིང་ཁར་པདྨ་འབྱུང་གནས་སྒོམ༔ སྤྱི་བོར་རྩ་བརྒྱུད་བླ་མ་སྒོམ༔ སྣང་སྟོང་སེམས་ལ་གཞོམ་གཞིག་མེད༔ ༔

(༢༢༣)འཁྲུལ་སྣང་བག་ཆགས་ཡིན་ནོ་བསམ༔ ཞེས་གསུངས་པས་རྨི་ལམ་ལ་བདེ་སྡུག་འཇིགས་སྐྲག་གང་བྱུང་བ་རྣམས་རྨི་ལམ་གྱིས་འཁྲུལ་པ་ཡིན། ཡང་དག་པར་བདེན་པ་མ་ཡིན་སྙམ་པའི་འདུན་པ་དྲག་པོ་བྱེད་ཅིང་དྲན་པ་མ་ཡེངས་པར་དྲན་རིག་བརྟན་པའི་ངང་ལས་རང་རིག་ཡི་དམ་གྱི་ལྷ་གང་མོས་སྒོམ། དེའི་ཐུགས་ཀར་པདྨ་འབྱུང་གནས་སྒོམ། རང་གི་སྤྱི་བོར་རྩ་བའི་བླ་མ་གང་ཡིན་དེ་སྒོམ༔ སྒོམ་མཁན་དང་། རྨི་ལམ་གྱིས་སྣང་བ་དང་རྨི་ལམ་མྱོང་མཁན་གྱི་ཤེས་ཐམས་ཅད་སྣང་སྟོང་དབྱེར་མེད་ཡིན། དོན་ལ་ནི་རང་སེམས་ལ་སྐྱེ་འཆི་དང་གཞོམ་གཞིག་ཅུང་ཟད་ཙམ་ཡང་མེད། འདི་རྣམས་འཁྲུལ་སྣང་བག་ཆགས་ཡིན་སྙམ་པའི་དྲན་ཤེས་བརྟན་པ་གལ་ཆེ། དེ་ལྟར་ཟིན་ན་རྨི་ལམ་འཁྲུལ་པ་ངོས་ཟིན། བདེན་འཛིན་དང་བྲལ་རྨི་ལམ་འོད་གསལ་དུ་འཆར། བར་དོ་ཆོས་ཉིད་དུ་འཆར། རང་སེམས་ལ་རང་དབང་ཐོབ་པའོ། །

(༢༢༤)གཞུང་ལས། དེས་ནི་འཇིགས་སྐྲག་རང་སར་ཞི༔ འཁྲུལ་སྣང་རྨི་ལམ་འོད་གསལ་ཟིན༔ ཚེ་འདིར་རྨི་ལམ་མ་ཟིན་ན༔ བར་དོ་འཇིགས་སྐྲག་ཟེར་འོད་རྣམས༔ ཡིད་སྨོན་བྱེད་ཙམ་མིན་ལགས་སོ༔ རྨི་ལམ་ངོས་ཟིན་འོད་གསལ་རྟོགས༔ འདི་ཕྱིར་པ་དེ་བ་ཐོབ་པར་འགྱུར༔ དེ་ཕྱིར་མ་འོངས་སེམས་ཅན་རྣམས༔ སྙིང་ལ་འཆང་ཅིག་ས་མ་ཡ༔ ཅེས་སོ། ༈ །གཉིས་པ་བསྲེ་བ་ཆོས་སྐུ་མཛུབ་ཚུགས་ནི། རྨི་ལམ་འོད་གསལ་ཚད་དུ་མ་ཕེབ་པའི་གང་ཟག་གིས། རང་སེམས་ཆོས་སྐུ་གཅེར་མཐོང་ལྟ་བར་བྱེད་པ་ལ། དང་པོ་ལུས་ཕུང་པོའི་བདག་འཛིན་གྱི་གདོས་ཐག་བྲལ་ནས། སེམས་སྐྱེ་མེད་ཟང་ཐལ་བལྟ་དགོས་ཏེ། མདོ་ལས། དར་འཛིན་པ་དང་ང་ཡིས་འཛིན་པས། སེམས་ཅན་རྣམས་འཁོར་བ་ལ་འཁོར་རོ། །ཞེས་གསུངས་པས་ལུས་འདི་ལ་སྔར་ཡང་བདག་ཏུ་བཟུང་ཞིང་འཛིན་པས་གནས་ལུགས་ཀྱི་རང་ཞལ་མ་མཐོང་། བདག་

(༢༢༥)འཛིན་སྒྲོག་གིས་བཅིངས། བདག་མེད་པ་ལ་བདག་ཏུ་བཟུང་། ང་མེད་པ་ལ་ང་རུ་འཛིན། ལུས་སྲོག་ལ་གཅེས་འཛིན་བྱས། ན་བ་ལ་ན་དོགས། འཆི་བ་ལ་འཆི་དོགས། རྒས་པ་ལ་རྒས་དོགས། དགྲ་འདྲེས་ཁྱེར་དོགས། བདེ་བ་ལ་རེ། སྡུག་པ་ལ་དོགས། དགྲ་དང་འཐབ། གཉེན་དང་འགྲོགས། མི་དགེ་བསགས། དགེ་བ་བརླབ། །ཐར་ལམ་འགགས། འཁོར་བ་སྒྲུབ། མྱང་འདས་པོར། བདེ་བ་འཕྲོག །སྡུག་དང་སྤྲད། འཁོར་བར་འཁྱམས་པ་ཐམས་ཅད་ལུས་དང་སྲོག་ལ་གཅེས་འཛིན་དང་། བདག་འཛིན་བྱས་པ་ལས་བྱུང་འདུག་སྟེ། སྤྱོད་འཇུག་ལས། འཇིག་རྟེན་དག་ན་འཚོ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེ་ཀོས་བདག་ལ་ཅི་ཞིག་བྱ། ཞེས་གསུངས་པ་ལྟར་བདག་ཏུ་འཛིན་པའི་ལུས་སྲོག་ལ་ད་ནི་གཅེས་འཛིན་

(༢༢༦)མི་བྱ། ཞེན་ཆགས་མི་བྱ། སྡུག་དོག་མི་བྱ། བདེ་བ་ལ་མི་རེ། འཇིགས་པ་ལ་མི་སྐྲག །ཞེན་མེད། འཛིན་པ་མེད། ལྟོས་མེད། དགོས་མེད་ཡིན་སྙམ་པའི་ངང་ནས། རང་གི་རྩ་བའི་བླ་མ་པདྨ་འབྱུང་གནས་ཡིད་ལ་དྲན་པའི་ངང་ནས་རང་ལུས་ས་ཆུ་མེ་རླུང་གཡང་ས་དང་། རི་རབ་ཀྱི་འོག །འཇིགས་སུ་རུང་བའི་གཅན་གཟན་དང་། སྲིན་པོ་ནམ་མཁའ་དང་ཉི་ཟེར་རྣམས་དང་བསྲེ་ཞིང་། དེའི་ཚེ་རང་སེམས་ཞེས་བྱ་བ་དེ་བལྟས་པས་མ་རིག །བཙལ་བས་མ་རྙེད། བཟུང་བས་མ་ཟིན། གར་གནས་མ་ཤེས། གར་འགྲོ་མ་ཚོར། ཁ་དོག་མ་མཐོང་། གཟུགས་བརྙན་མ་མཐོང་བའི་ངོ་བོ་ཆེ། སྟོབས་པོ་ཆེ། བག་ལ་ཉལ། ཀུན་བྱེད་པའི་མཁན་པོ་འཁོར་འདས་ཀུན་གྱི་རྩ་བ་ཡིན་ཟེར་བ་ཁྱོད་མཐོང་རྒྱུ་ཨི་འདུག་རིག་རྒྱུ་ཨི་འདུག །རྟོགས་རྒྱུ་ཨི་འདུག་བལྟ་བསམས་ལ། རང་ལུས་ལྟོས་མེད་དུ་བསྲེས་བས། ལུས་གདོས་བཅས་དང་བྲལ་ཡང་། སེམས་སྐྱེ་མེད་

(༢༢༧)འཆི་མེད་ཡིན་པས་འཇིགས་སྐྲག་གིས་གཞོམ་པར་མི་ནུས་ཤིང་རང་སེམས་གཅེར་བུར་བུད་ནས་གཅེར་མཐོང་དུ་འགྱུར་ཏེ། །དེ་ལ་ཇི་ལྟར་བསྲེ་བའི་ཚུལ་ནི། གཞུང་ལས། ཞལ་གདམས་བསྲེ་བའི་གདམས་པ་ནི༔ གུ་རུ་ཡིད་ལ་དྲན་པའི་ངང་༔ རང་ལུས་འོད་དུ་ལྟེམ་གྱི་ཞུ༔ ས་ཡི་ཁམས་གྱུར་སེར་ལྟེམ་ལྟེམ༔ ས་དེ་དུམ་བུར་གས་ཏེ་འཐོར༔ གནམ་ས་ཆ་ལ་ང་བརྡབ་པར་བསམ༔ སེམས་ནི་འཆི་སམ་སྨས་སམ་བལྟ༔ རིག་རྩལ་འདི་ལ་འཆི་བ་མེད༔ དེ་བཞིན་རང་ལུས་འོད་དུ་ཞུ༔ འབྱུང་པ་ཆུ་ཡི་རྒྱ་མཚོ་སྔོ༔ མཐའ་ཡི་རྒྱ་མཚོ་ཙམ་དུ་བསྐྱེད༔ རྦ་རླངས་འཁྲུག་པས་སྲིད་གསུམ་ཁྱབ༔ རང་སེམས་ཁུར་རམ་འཐུམས་སམ་བལྟ༔ རིག་རྩལ་ཆུ་ཡི་གཞོམ་པ་མེད༔ དེ་བཞིན་རང་ལུས་འོད་དུ་ཞུ༔ རླུང་ནག་འཚུབས་མས་སྟོང་གསུམ་གང་༔ ས་གཡོ་རི་བསྒྱིལ་སྲིད་གསུམ་འདར༔ ༔

(༢༢༨)རང་ཉིད་དེ་ཡི་དཀྱིལ་དུ་འདུག༔ འཆི་འམ་ཁྱེར་རམ་འབོར་རམ་བལྟ༔ རིག་རྩལ་རླུང་གིས་གཞིག་ཏུ་མེད༔ དེ་བཞིན་གཡང་ལ་ལྷུང་བར་དམིགས༔ རིག་རྩལ་ཆག་དང་གྲུམ་པ་མེད༔ དེ་བཞིན་རི་བོ་འགྱིལ་བར་དམིགས༔ འོག་ཏུ་རང་ཉིད་ཡོད་པར་བསམ༔ མུན་ཏིབ་ནག་ཐིབ་སོང་བར་བསམ༔ རིག་རྩལ་ཟང་ཐལ་རིས་མི་ནོན༔ དེ་བཞིན་རི་ལ་རང་གི་ལུས༔ ཕར་ཐར་ཚུར་ཐར་འགྲོ་བར་དམིགས༔ རིག་རྩལ་འདི་ལ་ཐོགས་པ་མེད༔ དེ་བཞིན་འཇིགས་རུང་སྲིན་པོའི་ཁ༔ གནམ་ས་ཙམ་དུ་གདང་བར་དམིགས༔ རང་ལུས་ཀྲུཾ་ཀྲུམ་ཟོས་བར་བསམ༔ རིག་རྩལ་སྲིན་པོས་ཟོས་པ་མེད༔ དེ་བཞིན་མེ་རི་འབར་བའི་ནང་༔ རང་ལུས་ཚིག་སྟེ་འབར་བར་དམིགས༔ ཐལ་བ་བུན་གྱིས་སོང་བར་བསམ༔ རིག་རྩལ་མེ་ཡིས་ཚིག་པ་མེད༔ དེ་བཞིན་ནམ་མཁར་འཕུར་པ་དང་། །ནམ་མཁའི་དཀྱིལ་དུ་རྒྱུག་པར་

(༢༢༩)དམིགས༔ རིག་རྩལ་གཤོག་པས་འཕུར་བ་མེད༔ དེ་བཞིན་ནམ་མཁར་རང་གི་ལུས༔ མགོ་མཇུག་ལྡོག་ནས་སོང་བར་དམིགས༔ དེ་བཞིན་ཉི་ཟླའི་དཀྱིལ་དུ་བསྡད༔ རིག་རྩལ་ཟེར་གྱིས་གཞོམ་དུ་མེད༔ ཅེས་གསུངས་པ་ལྟར་རེ་རེ་བཞིན་བསྲེ་ཞིང་སྒོམ་པས༔ ལུས་ཞེན་མེད་བདག་འཛིན་གི་གདོས་ཐག་ཆོད། གཅེས་འཛིན་གྱིས་དོགས་འབྲལ། དངོས་འཛིན་གྱི་འཁྲུལ་པ་ཡལ། རང་ལུས་ཀྱི་ཕུང་པོ་བོར། འཆི་མེད་ཀྱི་ལུས་དང་ལྡན། དོན་ནི་རང་སེམས་སྐྱེ་འཆི་མེད་པའི་གནས་ལུགས་རྗེན་པར་འཆར་བ་མཐོང་སྟེ། ཕན་ཡོན་ནི། གཞུང་ལས། དོན་ནི་རང་ལུས་བོར་ནས་སུ༔ སྐྱེ་འཆི་མེད་པའི་སེམས་ལ་ལྟོས༔ འཆི་མེད་དོན་གྱི་རིག་འཛིན་འགྲུབ༔ ཆོས་སྐུ་མཛུབ་ཚུགས་ཞལ་གདམས་འདི༔ མ་འོངས་སེམས་ཅན་སྙིང་ལ་འཆང་༔ རང་དོན་ཡིན་ནོ་ས་མ་ཡ༔ ༈ །གསུམ་པ་བཙན་ཐབས་སུ་སངས་རྒྱས་པ་

(༢༣༠)འཕོ་བའི་གདམས་ངག་སྒོམ་པ་ནི། གཞུང་ལས། ཞལ་གདམས་འཕོ་བའི་རིམ་པ་ནི༔ གློ་བུར་དགྲ་ཡིས་སྡང་བ་དང་༔ འཆི་ལ་ཐུག་ནས་ཐབས་ཟད་ནས། རང་ལུས་དྲང་སྲོང་རིག་པ་བརྟེན༔ ཕྱི་སྣང་བའི་ཡུལ་དུ་སེམས་མི་སྤྲོ༔ ནང་འཛིན་པའི་སེམས་འདི་ནང་དུ་བསྡུ༔ སེམས་མ་ཡེངས་ངང་དུ་བསྐྱེད་རིམ་སྒོམ༔ རིག་པ་འཕྲོ་འདུ་རྦད་ཀྱིས་བཅད༔ ཅེས་གསུངས་པའི་གདམས་ངག་སྒོམ་པ་ལ། སྔོན་ནས་སྦྱངས་པ་དང་། ལས་ལ་སྦྱར་བ་གཉིས་ཀྱིས། དང་པོ་སྔོན་དུ་སྦྱངས་པ་ནི། འཆི་ལྟས་གསལ་བའི་མེ་ལོང་ལྟར་བརྟགས། འཆི་རྟགས་ལ་ངེས་པ་ཐོབ་ནས་ཟླ་བ་དྲུག་བདུན་གང་ཙམ་ནས་སྦྱངས། ཉེ་བའི་འཆི་རྟགས་རྩ་ནུས་ཉམས་རྟགས་སྤྱི་བོའི་རླངས་པ་ཡལ། རླུང་ནུས་ཉམས་རྟགས་རྣ་བའི་འུར་སྒྲ་ཆད། ཐིག་ལེའི་ནུས་པ་ཉམས་རྟགས་མིག་གི་འོད་དཀར་པོ་མེད་ན་ངེས་པའི་རྟགས་སོ། །ལར་ད་ལྟ་ནས་སྦྱངས་ན་ཤིན་ཏུ་བཟང་སྟེ། རིག་འཛིན་ཉིད་ཀྱི་

(༢༣༡)ཞལ་སྔ་ནས། ལ་ཆེན་སྔོན་དུ་བསྐྱེད་རིམ་སྦྱངས་ནས་བརྟན་པ་ཐོབ་པར་གྱིས། གཞན་ལ་འཕོ་བ་འདེབས་དུས་ཁྱི་མཐོང་རྡོ་ལེན་བྱས་པས་གོ་སོ་གར་ཆོད། ཅེས་གསུངས་སོ། །ཁྱད་པར་གདམས་ངག་འདི་ནི་འཆི་ཁ་མའི་གདམས་ངག་གཙོ་ཆེར་བཤད་པས། དཔེར་ན་དཔའ་བོ་གཡུལ་དུ་ཞུགས་ཕྱིར་གོ་མཚོན་གྱི་གྲབ་བྱེད་པ་ལྟར། ད་ལྟ་ནས་སྦྱངས་ནས་ནམ་འཆི་བའི་དུས་ལ་བབ་ཚེ་ཐོགས་མེད་དུ་འཕོ་དགོས། གང་དུ་འཕོ་ན་ཞིང་ཁམས་བདེ་བ་ཅན་དུ་འཕོ་དགོས་ཏེ། མདོ་ལས། ཀུན་དགའ་བོ་སེམས་ཅན་གང་དག་ཁ་ཅིག་དེ་བཞིན་གཤེགས་པ་དེའི་རྣམ་པ་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོངས་སུ་བསྔོས་ཏེ། འཇིག་རྟེན་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་ལ་ཉེ་བར་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

(༢༣༢)རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་གི་དགེ་འདུན་གྱི་ཚོགས་དུ་མས་བསྐོར་ཞིང་མདུན་གྱི་བལྟས་ནས་བཞུགས་པར་འགྱུར་ཏེ། དེ་དག་གི་བཅོམ་ལྡན་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དྭངས་པའི་སེམས་ཀྱིས་ཤི་འཕོས་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་དག་ཏུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པས་དེ་ལྟ་བུའི་ཞིང་ཁམས་བདེ་བ་ཅན་དེ་ན་འགྲོ་བའི་ཐབས་ནི། དད་གུས་འདུན་པ་དང་ལྡན་པས་ལམ་ཟབ་མོ་འཕོ་བའི་གདམས་ངག་ལ་བརྟེན་ནས་འགྲོ་དགོས། ཇི་ལྟར་འཕོ་བའི་ཚུལ་ནི། སྐྱབས་འགྲོ་སེམས་བསྐྱེད་སོགས་ཁྱད་པར་གྱིས་སྔོན་འགྲོ་རྣམས་སོང་ནས། རང་ཡི་དམ་གྱི་ལྷ་རྡོ་རྗེ་གྲོ་ལོད་སོགས་ཀྱི་སྐུར་གསལ་བར་སྒོམ། རླུང་དྲག་པོ་ལན་གསུམ་སྣ་བུག་ནས་ཕྱིར་འབུད་ལ་སྡིག་སྒྲིབས་ཐམས་ཅད་ཐལ་བ་རླུང་གིས་གཏོར་བ་ལྟར་སོང་བར་བསྒོམ། གཏེར་གཞུང་ལས། ལུས་ནི་ཁང་པའི་ཚུལ་དུ་སྒོམ༔ སྤྱི་གཙུག་རྒྱ་མཐོང་ཡོད་པར་སྒོམ༔ རྩ་ནི་འོད་ཀྱི་སྦུ་གུར་སྒོམ༔ དེ་དབུས་རང་སེམས་བྱ་ཁྱུང་སྒོམ༔ དེ་སྟེང་པདྨ་འབྱུང་གནས་བསྒོམ༔ རང་རིག་ཁྱུང་ཆེན་རྩལ་བསྐྱེད་འཕུར༔ པད་

(༢༣༣)འབྱུང་ཐུགས་ཀར་འོད་དུ་བསྟིམ༔ རང་དང་པད་འབྱུང་དབྱེར་མེད་པར༔ བདེ་བ་ཅན་དུ་མདའ་ལྟར་སོང་༔ སྣང་མཐའི་ཐུགས་ཀར་ཐིམ་པར་བསྒོམ༔ མྱུར་དུ་འཕོ་བར་ཐེ་ཚོམ་མེད༔ ཅེས་གསུངས་པས། རང་ལུས་དྲང་པོར་བསྲང་ཕྱི་སྣང་ལ་སེམས་མི་སྤྲོ། རིག་པ་ནང་དུ་བསྡུ། དེ་ནས་རང་གི་ལུས་དར་དམར་གྱི་གུར་ལྟ་བུའི་ནང་དུ། རྩ་དབུ་མ་ཤེལ་གྱི་ཀ་བ་བཙུག་པ་ལྟ་བུའི་འོད་ཀྱི་སྦུ་གུ་མདའ་སྨྱུག་འབྲིང་པོ་ཙམ་མཚན་ཉིད་བཞི་ལྡན། ཕྱི་དཀར་ལ་ནང་དམར་པ། ཕྱི་གསལ་ནང་གསལ་སྒྲིབ་ཐོགས་མེད་པ། ཡར་སྣེ་སྤྱི་གཙུག་ཏུ་ཟངས་ཁ་ཟེད་པ་ལྟ་བུར་ཧད་པོར་སོང་བ། མར་སྣེ་ལྟེ་བའི་དཀྱིལ་དུ་ཟུག་ཅིང་། རང་གི་སྙིང་ཁར་པདྨ་འདབ་མ་ཁ་གྱེན་དུ་བྱེ་བའི་སྡོང་བུ་མཐིང་ག །འདབ་མ་དམར་པོ། ཟེའུ་འབྲུ་དཀར་པོའི་དབུས་སུ་ཕ་མ་གཉིས་ལས་ཐོབ་པའི་དྭངས་མ་དཀར་དམར་གཉིས་དེ་ཉི་མ་དང་ཟླ་བར་གྱུར་པའི་སྟེང་དུ་རང་གི་

(༢༣༤)རྣམ་པར་ཤེས་པའི་ངོ་བོ། འོད་ཀྱི་བྱ་ཁྱུང་དཀར་ལ་དམར་བའི་མདངས་ཆགས་པ། གསལ་ཞིང་འོད་དུ་འབར་བ། འཕར་ཞིང་འཕུར་ལ་ཁད་པ་གཅིག་བསམ་སྟེ། དེ་ནས་རང་གི་སྤྱི་བོར་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་རྩ་བའི་བླ་མ་དང་དབྱེར་མེད་པདྨ་འབྱུང་གནས་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད་པ་འཛིན་པ། པད་ཞྭ་ཆོས་གོས་ཟ་འོག་གི་བེར་སྨུག་གསོལ་ཞིང་། གྲུ་མོར་སྦས་ཡུམ་ཚུལ་དུ་ཁ་ཊཱྭྃ་རྩེ་གསུམ་བཅུག་པ། འཁོར་དུ་རྩ་གསུམ་རབ་འབྱམས་སྤྲིན་ལྟར་གཏིབ་བས་བསྐོར་བར་བསམ་ལ། དད་གུས་དྲག་པོས། ཧྲཱི ཆོས་སྐུ་སྣང་བ་མཐའ་ཡས་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ འཇའ་ལུས་མཁའ་སྤྱོད་འགྲུབ་པ་དང་༔ ཟབ་ལམ་འཕོ་བ་འབྱོངས་གྱུར་ཅིག༔ སོགས་ཧཱུྃ་དམར་མ་ལྟར་གསོལ་འདེབས་བྱ། ཧཱུྃ་རིང་པོ་གཅིག་བརྗོད་པའི་ཚ་རང་སེམས་བྱ་ཁྱུང་དེ་འཕར་ཞིང་འཕུར་ལ་ཁད་

(༢༣༥)པར་བསམ། དེ་ནས་ཕཊ་སྒྲ་ཐུང་ཞིང་དྲག་ཏུ་བརྗོད་པའི་ཚེ། བྱ་ཁྱུང་དེ་རྩ་དབུ་མའི་ལམ་ནས་ཡར་སྐད་ཅིག་ལ། སོག་སྦུབ་ནང་ནས་ཡུངས་དཀར་བུས་བཏབ་པ་བཞིན་དུ་སྤྱི་བོའི་ཚངས་པའི་བུ་གར་ཤར་གྱིས་ཐོན་ནས། པདྨ་འབྱུང་གནས་ཀྱི་གདན་ལ་རེག་ཙམ་བྱས་པར་བསམ། ཡང་ཧཱུྃ་བརྗོད་ནས་བྱ་ཁྱུང་སྙིང་ཁར་པདྨའི་གདན་ལ་ཕབ། ཡང་ཕཊ་བརྗོད་ཚེ་ཡར་ལ་འཕོ། དེ་ལྟར་དབའ་ལྡོག་ཡང་ཡང་བསྒོམ་པས་རང་གི་སྤྱི་བོ་ཚ་བ་དང་། ཆུ་སེར་འབྱུང་བ་དང་། རྣ་བ་འུར་ཞིང་། མགོ་བོ་འཁོར་བར་འབྱུང་ཚེ་ལུས་སེམས་ཀློད་ལ། བྱ་ཁྱུང་སྙིང་གར་ཕབ་ལ་དམིགས་མེད་ཤེས་པ་རང་ལུགས་སུ་བཞག །པདྨ་འདབ་བརྒྱད་ཁ་ཟུམ་པར་རིག་པ་བྱ་ཁྱུད་བཞུགས་པར་བསམ་ལ་བདེ་བར་འདུག །སྤྱི་བོའི་པདྨ་འབྱུང་གནས་རང་ལ་བསྟིམ་མོ། །ཡང་ཁྲོམ་ཆོས་ལྟ་བུ་ལ། ཧཱུྃ་དང་ཕཊ་ཀྱི་སྒྲ་མང་སྦྱངས་ཚར་རྗེས་སུ་སྨོན་ལམ་འདི་ལྟར་བྱ། །

(༢༣༦)བདག་དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །ལུས་འབྱུང་བཞི་སྟོང་གསལ་ཁང་པ་རུ། །རྩ་དབུ་མ་འོད་ཀྱི་སྦུ་གུའི་ནང་། །སྙིང་པདྨ་འདབ་བརྒྱད་ཉི་ཟླའི་སྟེང་། །སེམས་སྐྱེ་མེད་བྱ་ཁྱུང་གཤོག་སྒྲོ་རྒྱས། །ཡིད་སྐད་ཅིག་གློག་འགྱུ་ཇི་བཞིན་ཏུ། །གནས་སྤྱི་བོའི་གཙུག་གི་ནམ་མཁའ་ལ། །སྐྱབས་ཀུན་འདུས་པད་འབྱུང་ཐུགས་ཀ་རུ། །ཁྱུང་རང་སེམས་ཡར་ལ་རྒྱངས་ཀྱི་འཕུར། །རྗེ་བླ་མའི་ཐུགས་དང་དབྱེར་མེད་འདྲེས། །རང་བྱ་ཁྱུང་པད་འབྱུང་དབྱེར་མེད་པར། །ནུབ་བདེ་བ་ཅན་དུ་མདའ་ལྟར་སོང་། །མགོན་སྣང་མཐའི་ཐུགས་ཀར་ཐིམ་པར་གྱུར། །འབྲས་ཕྱིར་མི་ལྡོག་པའི་ས་ཐོབ་ཤོག །གཞན་ཡང་སྨོན་ལམ་གང་ཤེས་བྱའོ། །དེ་ནས་ལས་ལ་སྦྱར་བ་ནི། འཕོ་བའི་དམིགས་པ་ཧཱུྃ་དམར་མ་ཞེས་བྱ་བ་ནུས་ལྡན་རྡོ་རྗེས་བརྩམས་པའི་ཆོས་ས་མ་ཡ རྒྱ་རྒྱ་རྒྱ འདི་ཡི་དམིགས་རིམ་ནི། རང་ཉིད་རྡོ་རྗེ་གྲོ་ལོད་དུ་བསྒོམ་ནས༔ དེའི་

(༢༣༧)ཐུགས་ཀ་ནས་ཧཱུྃ་དམར་ནག་གཅིག་གི་ཞབས་ཀྱུ་ནར་གྱིས་བརྐྱངས་ཏེ༔ དམིགས་བྱ་རྡོ་རྗེ་ཕག་མོར་བསྐྱེད་ནས༔ དེ་ཡི་རྩ་དབུ་མའི་རྒྱུད་ནས་ཧཱུྃ་གིས་དྲངས་ཏེ་སྐད་ཅིག་གིས་རྩ་དབུ་མའི་ནང་ནས་ཐོན་སྟེ༔ སྤྱི་བོར་པདྨ་འབྱུང་གནས་གསལ་བར་སྒོམ་པའི་ཐུགས་ཀར་སིབ་སིབ་ཐིམ་པར་བསྒོམ༔ བདག་མདུན་གྱིས་བསྐྱེད་རིམ་གསལ་བ་གལ་ཆེ༔ ཧཱུྃ་གིས་ལྕགས་ཀྱུས་སྐད་ཅིག་དྲན་རྫོགས་སུ་བར་མ་ཆད་པར་ཎིྲ་ཡིག་འདྲེན་པ་གལ་ཆེའོ༔ ཐེ་ཚོམ་མེད་པར་དམིགས་པ་བཅུས་དམིགས་བྱའི་རྣམ་ཤེས་འཕོ་བར་ཐེ་ཚོམ་མེད༔ ཨོ་རྒྱན་ཡང་བདེ་བ་ཅན་དུ་སྣང་མཐའི་ཐུགས་ཀར་ཐིམ་པ་ཡིན་ནོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྕང་ལོ་ཅན་དུ་གསང་བའི་བདག༔ སོགས་བརྗོད། ཧྲཱི ཆོས་སྐུ་སྣང་བ་མཐའ་ཡས་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ འཇའ་ལུས་མཁའ་སྤྱོད་འགྲུབ་པ་དང་༔ ཟབ་ལམ་འཕོ་བ་འབྱོང་

(༢༣༨)གྱུར་ཅིག༔ ཧཱུྃ་ཕཊ ཧྲཱི ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ༔ གསོལ་བ་འདེབས་སོ༔ འཇའ་ལུས༴ ཟབ་ལམ༴ ཧཱུྃ་ཕཊ༔ ཧྲཱི༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ གསོལ་བ༴ འཇའ་ལུས༴ ཟབ་ལམ༴ ཧཱུྃ་ཕཊ༔ ཧྲཱི༔ ལྷ་ལྕམ་མནྡཱ་ར་བ་ལ༔ ༔གསོལ་བ༔ ཧྲཱི༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ། ཧྲཱི ལྷ་སྲས་མུ་ཁྲི་བཙད་པོ་ལ༔ གསོལ་བ༔ ཧྲཱི རིག་འཛིན་རྗེ་འབངས་ཉེར་ལྔ་ལ༔ གསོལ་བ༔ ཧྲཱི ཡི་དམ་གུ་རུ་དྲག་པོ་ལ༔ གསོལ་བ༔ ཧྲཱི དབང་ཆེན་རྟ་ཕག་ཡབ་ཡུམ་ལ༔ གསོལ་བ༴ ཧྲཱི གུ་རུ་རྡོ་རྗེ་གྲོ་ལོད་ལ༔ གསོལ་བ༔ ཧྲཱི རིག་འཛིན་མི་འགྱུར་རྡོ་རྗེ་ལ༔ གསོལ་བ༔ ཧྲཱི དཔལ་མགོན་མ་ནིང་ནག་པོ་ལ༔ གསོལ་བ༔ དེ་ལྟར་གསོལ་བ་བཏབ་པའི་

(༢༣༩)མཐུས༔ སྣང་སྲིད་ཐམས་ཅད་བདེན་མེད་གྱུར༔ དངོས་སྣང་འཁྲུལ་པའི་ཡིད་འགགས་ཏེ༔ དངོས་མེད་རེ་དོག་བླང་དོར་བྲལ༔ ཐམས་ཅད་ཆོས་དབྱིངས་ཀློང་ཐིམ་ཤོག༔ ༈ བུ་མ་ཡེངས་མ་ཡེངས་རིག་པ་གཏོད༔ ལུས་སྣང་སྟོང་རྡོ་རྗེ་ཕག་མོ་བསྒོམ༔ གནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན༔ སྲོག་ནིྲ ཡིག་སྔོན་པོ་གསལ་བདེ༔ ཧཱུྃ་དམར་པོའི་ཞབས་ཀྱུའི་ཡར་བླངས་ཏེ༔ རྩ་དབུ་མའི་རྒྱུད་ནས་སྤྱི་བོར་ཐོན༔ རྗེ་པད་འབྱུང་ཐུགས་ཀར་སིབ་སིབ་ཐིམ༔ དབྱེར་མེད་པ་ཆུ་ལ་ཆུ་བཞག་ལྟར༔ སངས་རྒྱས་པའི་འབྲས་བུ་ཐོབ་པར་ཤོག༔ ཕཊ༔ ཅེས་ལས་སྦྱོར་དང་༔ ལ་ཆེན་སྔོན་དུ་བསྐྱེད་རིམ་སྦྱངས་ནས་བརྟེན་པ་ཐོབ་པ་གྱིས༔ གཞན་ལ་འཕོ་བ་འདེབས་དུས་ཁྱི་མཐོང་རྡོ་ལེན་བྱས་པར་གར་ཡོང་༔ རང་རྒྱུད་སྨིན་འདུལ་བྱས་ན་གཞན་རྒྱུད་སྨིན་པ་འདུལ་བ་རྒྱུད་སྡེ་ཐམས་ཅད་ནས་གསུངས་པ་གདའོ༔ ༔

(༢༤༠)རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་ཁྱད་ཆོས་ཐུགས་ཏིག༔ རྡོ་རྗེ་གྲོ་ལོད་རྩལ་གྱིས་ཞལ་གདམས་མན་ངག་ཤིན་ཏུ་རྣོ་བ༔ རོ་ཆོག་མཁན་ཆོས་གཤིན་པོ་རྣམས་ལ་ཕན་ཐོག་པར་ཤོག༔ བྲན་གྱི་མཆོག་གྱུར་གཟའ་རཱ་ཧུ་ལས་ཆོས་འདི་སྲུང་ཅིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བཞི་པ་བར་དོ་འཁྲུལ་བ་རང་གྲོལ་ལས། སྤྱིར་བསྟན་པ་དང་། བྱེ་བྲག་སྒོམ་པའི་ཐབས་དང་གཉིས་ལས། དང་པོ་ལ། སྔ་འགྱུར་རྙིང་མའི་བཞེད་པ་བར་དོ་རྣམ་པ་དྲུག་སྟེ། སྐྱེ་གནས་བར་དོ་ནི་སྐྱེས་ནས་མ་ཤི་བར། ༡ རྨི་ལམ་བར་དོ་གཉིད་མ་སད་བར། ༢ བསམ་གཏན་བར་དོའམ་སྣང་བ་སྐྱེ་ཤིའི་བར་དོ་ནི། ལམ་བསྐྱེད་རྫོགས་རིམ་པ་གཉིས་དང་ཁྱད་པར་བར་དོའི་གདམས་ངག་སྒོམ་པ། ༣ འཆི་ཁ་བར་དོའམ་རང་བཞིན་ལམ་གྱིས་བར་དོ་ནི་བར་དོ་དང་པོ་འོད་གསལ་འཆར་བའི་སྐབས། ༤ ཐ་མལ་སིད་པའི་བར་དོའམ་ཆོས་ཉིད་བར་དོ་ནི་གཉིས་པ། ༥ སྲིད་

(༢༤༡)པ་བར་དོའམ་སྐྱེ་གནས་བར་དོ་ནི་བར་དོ་གསུམ་པ་དྲུག་ཏུ་གསུངས་སོ། །དེ་ཐམས་ཅད་གསུམ་དུ་འདུ་བ་ཡིན་ཏེ། བླ་མ་ཞང་གིས། མིང་ནི་གསུམ་སྟེ། སྐྱེ་ཤི་བར་དོ་རྨི་ལམ་བར་དོ། སྲིད་པ་བར་དོ་དང་གསུམ་མོ། འཁྲུལ་ལུགས་ནི་གསུམ་སྟེ། དང་པོ་སྣང་བ་འཁྲུལ། གཉིས་པ་བག་ཆགས་འཁྲུལ། གསུམ་པ་ལས་ཀྱིས་འཁྲུལ་ལོ། །དུས་ནི་གསུམ་སྟེ། དང་པོ་སྐྱེས་ནས་མ་ཤིའི་བར། གཉིས་པ་གཉིད་ནས་མ་སད་པར། གསུམ་པ་ཤི་ནས་སྐྱེ་བ་མ་བླང་གི་བར་རོ། །ལུས་ནི་གསུམ་སྟེ། དང་པོ་རྣམ་སྨིན་གྱིས་ལུས། གཉིས་པ་བག་ཆགས་ཀྱི་ལུས། གསུམ་པ་རླུང་སེམས་ཀྱི་ལུས་པོ། སྦྱངས་བྱེད་ནི་གསུམ་སྟེ། རྣམ་སྨིན་གྱིས་ལུས་དབང་དང་དམ་ཚིག་བསྐྱེད་རྫོགས་ཀྱིས་སྦྱོང་། བག་ཆགས་ཀྱི་ལུས་རྨི་ལམ་སྒྱུ་ལུས་འོད་གསལ་གྱིས་སྦྱངས། རླུང་སེམས་ཀྱི་ལུས་རབ་འོད་གསལ། འབྲིང་རྨི་ལམ། ཐ་མ་

(༢༤༢)སྒྱུ་ལུས་དང་བསྲེ་ཞིང་སྦྱོང་བར་བྱའོ། ༈ །གཉིས་པ་བྱེ་བྲག་སྒོམ་པའི་མན་ངག་ནི་ཆོས་ཉིད་བར་དོ་སྟེ། གཏེར་གཞུང་ལས། འདི་དང་ཕྱི་མའི་སོ་མཚམས་སུ༔ བར་དོའི་འཁྲུལ་སྣང་འཆར་བའི་ཚེ༔ འཇའ་འོད་མེ་དཔུང་བཟོད་དཀའི་ནང་༔ ཞི་ཁྲོ་རབ་འབྱམས་སྐུ་གཟུགས་འཆར༔ མ་དག་སྣང་བས་བདུད་དུ་འཆར༔ དག་སྣང་གོམ་འདྲིས་ཡོང་པའི་མི༔ ལྷ་རུ་ཤེས་ནས་སངས་རྒྱས་ཐོབ༔ ཅེས་སོ། །དེ་ཡང་བར་དོ་དང་པོ་འོད་གསལ་ངོས་མ་ཟིན་ཞིང་འཁྲུལ་སྣང་འཆར་བའི་ཚེ་རིག་པ་རང་སོ་འཇུག་ཅིང་མ་འཁྲུལ་པར་རང་ལ་གནས་པའི་ཡེ་ཤེས་སུ་ངོ་ཤེས་པ་གལ་ཆེ། དེ་དག་གི་ཚེ་རང་ཉིད་པད་འབྱུང་དྲག་པོ་རྩལ་དུ་སྒོམ་ལ། ཞི་ཁྲོའི་ལྷ་ཚོགས་ཤར་པ་ཐམས་ཅད་རང་ལ་བསྡུ་ཞིང་རང་ཉིད་སྐུ་གསུམ་གྱི་ཞིང་གང་དུ་སྐྱེ་བར་འདོད་པ་དེར་མདའ་ལྟར་འཕོ་བའི་འདུན་པ་གཏད་པས་གྲོལ་བར་ངེས་སོ། །གཏེར་གཞུང་རྩ་བ་ལས། རྨོངས་པའི་རིགས་ལ་ངོ་སྤྲོད་པ༔

(༢༤༣)འདི་དང་ཕྱི་མའི་སོ་མཚམས་སུ༔ འཇིགས་སྐྲག་བཟོད་དཀའ་འཆར་བའི་ཚེ༔ རང་ཉིད་པདྨ་འབྱུང་གནས་སྐུ༔ འཇའ་ལུས་སྣང་སྟོང་གཟུགས་སུ་བསྒོམ༔ འཇིགས་སྐྲག་འདི་རྣམས་འཁྲུལ་སྣང་ཆ༔ གསོན་ཚེ་ལྷ་རྣམས་ལུས་ལ་ཚང་༔ ད་ལྟ་སྣང་བའི་ཆ་ལས་གྲུབ༔ སེམས་ནི་མར་མེའི་མདངས་ལྟར་གདའ༔ རང་སེམས་འཁྲུལ་པས་གཉིས་སུ་མཐོང་༔ རང་ལ་རང་ཉིད་སྐྲག་པ་མེད༔ ༔སྣང་བའི་ཡུལ་ལས་ཞི་ཁྲོའི་སྐུ༔ འདི་ནི་དམ་ཡི་དབྱེར་མེད་ཡིན༔ རང་ཉིད་པད་འབྱུང་བསྒོམ་ནས་ནི༔ ཞི་ཁྲོའི་ལྷ་རྣམས་རང་ལ་བསྟིམ༔ རང་སེམས་དངོས་མེད་རིག་རྩལ་འདི༔ ཐོགས་པ་མེད་པ་འཕུར་རོ་བསམ༔ གང་མོས་ཞིང་དུ་རིག་པ་གཏད༔ ཐོགས་མེད་མདའ་ལྟར་སོང་བར་བསམ༔ བར་དོ་མེད་པར་སངས་རྒྱས་ཐོབ༔ ཚེ་འདིར་ཚིག་དོན་ཡིད་ལ་ཟུང་༔ དེ་ཕྱིར་མ་འོངས་ལས་ཅན་རྣམས༔ སྙིང་ལ་འཆང་ཅིག་

(༢༤༤)ཨ་ཐམ་རྒྱ༔ ཅེས་སོ། །རྩ་ཚིག་ལས། ཀྱེ་མ༔ བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ ཀུན་ལ་སྡངས་སྐྲག་འཇིགས་སྣང་སྤང་བྱས་ནས༔ གང་ཤར་རང་སྣང་རིག་པ་ངོ་ཤེས་འཇུག བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགག་ལ་ཐུག་པའི་དུས་ཞིག་འོང་༔ རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔ ཅེས་གསུངས་པ་ལྟར་རོ། །ལྷག་པའི་ལྷ་མཆོག་ཚེ་གཅིག་སྒྲུབ་པའི་ལྷ། །ཡེ་གསང་ཐུགས་གཏེར་རྡོ་རྗེ་གྲོ་ལོད་ཀྱི། །རྒྱལ་བ་རིགས་ལྔའི་ཟབ་ཁྲིད་ཟིན་ཏིག་འདི། །དགེ་བྱེད་ཆུ་སྟག་ལོ་རུ་རཏྣས་བྲིས། །ཉེས་འགལ་བཤགས་ཤིང་དགེ་ཚོགས་འགྲོ་ལ་བསྔོ། །དགེ་བས་རྒྱལ་བསྟན་དར་རྒྱས་ཡུན་གནས་ཤོག །ཧྲཱིད་ཡ་ཤཱ་ས་ན་ན་ཝ་རྡྷནྟུ། ༈ །བར་དོ་དྲུག་གི་སྨོན་ལམ་རྗེ་རས་པ་ཆེན་པོའི་ཞལ་ལུང་བཞུགས་སོ། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྨོན་ལམ་

(༢༤༥)བདེན་ཚིག་འགྲུབ་པར་བྱིན་གྱིས་རློབས། །འཁོར་འདས་སྐྱེ་ཤི་གཉིས་ཀྱི་བར་དོ་འདིར། །མཚན་ལྡན་བླ་མ་ཚུལ་བཞིན་བསྟེན་ནས་སུ། །ཚུལ་གནས་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས། །ལྷ་སྒོམ་སྤྱོད་པ་མཐའ་རུ་ཕྱིན་པར་ཤོག ༡ སྣང་བ་སྐྱེ་ཤི་བསམ་གཏན་བར་དོ་རུ། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་དག་པས། །རིག་པ་ཡེ་ཤེས་སེམས་ཀྱི་རྩལ་རྫོགས་ཕྱིར། །བསྐྱེད་རྫོགས་རིམ་གཉིས་བསྟན་པ་མཐར་ཕྱིན་ཤོག ༢ འཆི་ཁ་རང་བཞིན་ལམ་གྱི་བར་དོ་རུ། །སྙན་བརྒྱུད་གདམས་ངག་ཟབ་མོ་སྒོམ་པའི་མཐུས། །གཞི་དང་ལམ་གྱི་འོད་གསལ་མ་བུ་འཕྲད། །དོན་དམ་ཆོས་སྐུའི་རང་ཞལ་མཐོང་བར་ཤོག ༣ །རྨི་ལམ་ཉིང་འཁྲུལ་གཉིད་ཀྱི་བར་དོ་རུ། །འཁྲུལ་སྣང་བག་ཆགས་ལམ་དུ་བསླད་པའི་ཕྱིར། །རྨི་ལམ་སྒྱུ་ལུས་སྤྲུལ་བསྒྱུར་མཐར་ཕྱིན་ནས། །ལོངས་སྤྱོད་རྫོགས་སྐུ་མངོན་དུ་འགྱུར་བར་

(༢༤༦)ཤོག ༤ ཐ་མ་ཆོས་ཉིད་སྲིད་པ་བར་དོ་རུ། །ཡེ་ཤེས་ལྔ་ཡི་རང་རྩལ་ཞི་ཁྲོའི་ལྷ། །སྐུ་གསུམ་ལྷུན་གྲུབ་བཞུགས་པ་ངོ་འཕྲོད་ནས། །ཡི་དམ་ལྷ་དང་དབྱེར་མེད་སངས་རྒྱས་ཤོག ༥ །སྐྱེ་གནས་བརྒྱུད་པའི་བར་དོ་གསུམ་པ་རུ། །འཕོ་བའམ་ནི་བསམ་བཞིན་ལུས་བླངས་ཏེ། །རྒྱུ་འབྲས་བསླུ་བ་མེད་པའི་རྟེན་འབྲེལ་གྱིས། །ལམ་གྱི་འཕྲོ་མཐུད་འབྲས་བུ་མངོན་གྱུར་ཤོག ༦ བར་དོ་དྲུག་གི་གདམས་ངག་ལ་བརྟེན་ཏེ། །རབ་འབྲིང་ཐ་མའི་ཉམས་ལེན་མཐར་ཕྱིན་ནས། །རང་དོན་མངོན་གྱུར་གཞན་དོན་ལྷུན་གྲུབ་པ། །སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་རྗེ་བཙུན་བཞད་པ་རྡོ་རྗེའི་ཞལ་གདམས་ལྟར་བར་དོ་དྲུག་གི་སྨོན་ལམ་འདི་ཡང་རང་གི་ཡིད་ལ་གོམ་ཤིང་འདྲིས་པའི་ཆེད་དང་། ཆོས་དྲུག་ཉམས་སུ་ལེན་པའི་ལས་དང་པོ་རྣམས་ལ་ཕན་པའི་བློས་གཏེར་སློབ་མཁན་པོ་ཀརྨ་རིན་ཆེན་དར་རྒྱས་དཔལ་བཟང་པོས་

(༢༤༧)ཤུ་བྷ་ཀྲི་ཏ་དགེ་བྱེད་ཆུ་སྟག་གི་ལོ་གྲོ་ཞུན་ཟླ་བའི་ཡར་ཆོས་ལ། འོག་མིན་ཀརྨའི་སྒྲུབ་ཁང་བྱམས་པ་ཆོས་གླིང་དབྱངས་ཅན་དགའ་བའི་ཚལ་ནས་ཐུན་བར་དུ་བྲིས་པ་འགྲོ་རྣམས་བར་དོ་ཆོས་ཉིད་དུ་གྲོལ་བར་གྱུར་ཅིག །ཤུ་བྷཾ།།

(༢༤༨)

(༢༤༩)ཡེ་གསང་ཐུགས་གཏེར་ཟིན་བྲིས་ལས། གསང་སྒྲུབ་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ་གྱི་དམིགས་ཟིན་རབ་གསལ་མཐུ་སྟོབས་བཅུད་འབེབས་ཞེས་བྱ་བ་བཞུགས་སོ། །

(༢༥༠)ན་མོ་གུ་རུ་པདྨ་ཀྲོ་དྷཱ་ཡ། གསང་སྒྲུབ་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ་གྱི་དམིགས་རིམ་ཐོག་མར་ཧཱུྃ་གི་དོན་ནི། བཤགས་རྒྱུད་རྡོ་རྗེ་རྩེ་མོ་ལས། །ཡི་གེ་ཧཱུྃ་ནི་ཅི་ཞིག་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་སྡངས་ཤིང་གསོད་བྱེད་པ། །ཧཱུྃ་ནི་མཆོག་ཏུ་བསྟན་པར་བྱ། །ཞེས་གསུངས་པ་ལྟར་དང་། འདིར་གོང་འོག་བར་གསུམ་ཐམས་ཅད་དུ་ཧཱུྃ་གསུམ་རེ་

(༢༥༡)འབྱུང་བ་ནི། དཔའ་བ་གསུམ་དང་ལྡན་པས་གདེང་གསུམ་ཐོབ་པའི་ངར་གསུམ་དང་ལྡན་པའོ། །དཔའ་བ་གསུམ་ནི་སྐུ་འགྱུར་མེད་སྣང་སྟོང་དུ་དཔའ་བ། གསུང་འགགས་མེད་གྲགས་སྟོང་དུ་དཔའ་བ། ཐུགས་སྐྱེ་མེད་རིག་སྟོང་དུ་དཔའ་བ་སྟེ། ལུས་ངག་ཡིད་གསུམ་གདོད་ནས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཤེས་པས་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བར་འཆར་བས། མཐའ་དང་བྲལ་བ་ལྟ་བའི་གདེངས། །བློ་ལས་འདས་པ་བསྒོམ་

(༢༥༢)པའི་གདེང་། །མ་བཅོས་ཤུགས་འབྱུང་སྤྱོད་པའི་གདེང་། །རིག་པ་མདུང་ལྟར་རྣོ་བ་ཡིས། །གཟུང་འཛིན་ཕྱི་ཡི་དགྲ་བགེགས་འབིགས། །རིག་པ་སགས་བརྡར་ངར་མ་ཡིས། །ང་བདག་ནང་གི་ཀུན་རྟོག་འདུལ། །རིག་པ་སྤུ་གྲི་འབར་བ་ཡིས། །ཆགས་སྡང་གསང་བའི་ཉོན་མོངས་གཅོད། །རང་རིག་རང་གསལ་ཡི་གེ་ཧཱུྃ། །འགྱུར་མེད་ཐུགས་ཀྱི་ངོ་བོར་ཤར། །ཅེས་སོ། །ལས་བྱང་གཞུང་གསལ་ལྟར་བདག་བསྐྱེད་དང་མདུན་བསྐྱེད་དྲག་པོ་རྩལ་གྱི་གཡས་སུ་གྲོ་ལོད་བསྒོམ། ཚིག་རྐང་དང་པོ་གཉིས་ཀྱིས་ཆོས་སྐུ་དེ་བཞིན་བསྟན་པ་ཡིན་ཏེ། གདོས་བཅས་ལུས་སྣང་རྟག་བརྟན་ཐེར་ཟུག་ཏུ་ཞེན་པ་སྤངས་ནས། སེམས་ཉིད་མ་བཅོས་ཆོས་དབྱིངས་ཁྱབ་གདལ་ཆེན་པོའི་ངང་ལས་ལྷར་གསལ་བ་སྟེ། གོང་བཤད་ཤོག་ཕྲན་ཚེ་སྒྲུབ་མཐའི་ཏིང་ངེ་འཛིན་དེ་ཁོ་ན་ཉིད་ཀྱི་ཀློང་ལས་བདག་བསྐྱེད་བསྒོམ་པ་ལས། བདག་བསྐྱེད་དྲག་པོ་རྩལ་གནས་འགྱུར་མེད་དེ་ཤོག་ཕྲན་མཐར་

(༢༥༣)དམིགས་གཏད་མཚན་འཛིན་བྲལ་བའི་ཀློང་དུ་ཐིམ་ཟིན་པའི་ཕྱིར་རོ། །ངོ་བོ་དྲག་པོ་རྩལ་ལ་རྣམ་པ་གྲོ་ལོད་དུ་བསྒོམ་དགོས་ཏེ། ངོ་བོ་པད་འབྱུང་དྲག་པོ་རྩལ༔ རྣམ་པ་གང་འདོད་བསྐྱེད་རིམ་བསྒོམ༔ ཅེས་གསུངས་པའི་ཕྱིར་རོ། །རིག་རྩལ་འཕྲོ་འདུའི་ཆོ་འཕྲུལ་ལས༔ ཞེས་པ་རིག་པའི་རང་རྩལ་སེམས་ཀྱི་འཕྲོ་འདུ་ཨ་ཏིའི་དགོངས་པ་སྐད་ཅིག་དྲན་རྫོགས་ལས། རྒྱུའི་ཏིང་ངེ་འཛིན་ངར་བསྐྱེད་སྔགས་བརྗོད་པ་མེད་དེ། དབང་པོ་ཡང་རབ་ཀྱི་ལུགས་སོ། །ད་ལྟ་པད་རག་ཏུ་གྲགས་པ་འདི་ནི་མཆོད་དམར་པོ་ཡིན་ལ། རིན་པོ་ཆེ་པདྨ་རཱ་ག་དངོས་ནི་དམར་སྨུག་རྒྱ་སྐྱེགས་དྭངས་མའི་ཁུ་བ་ལྟ་བུའོ། ཧཱུྃ་གི་སྒྲས་ཕོ་རྒྱུད་དབང་དུ་སྡུད་པ། ཕེ༚་གྱི་སྒྲས་མོ་རྒྱུད་དབང་དུ་སྡུད་པ། ཨཱརལླིའི་སྒྲ་རོལ་བའི་དོན་ལ་འཇུག་ཀྱང་ཞ་ལུ་ལོ་ཆེན་གྱིས་དགྲ་བོ་འཇོམས་པར་བསྒྱུར་འདུག །དོན་ནི་ཞལ་ནས་སྔགས་ཀྱི་བརྡ་སྐད་དེ་གསུམ་གྱིས་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དབང་དུ་བསྡུད་ཅིང་། སྲིད་པ་གསུམ་གྱི་དྲེགས་

(༢༥༤)པ་སྡེ་བརྒྱད་ཟིལ་གྱིས་གནོན་པའོ། སྨིན་མ་ནི་རྫི་མའོ། སྨིན་མ་སྨར། ཨག་ཆོམ་དམར་སེར་བསྐལ་པ་འཇིགས་དུས་ཀྱི་མེ་ལྟར་འབར་བ། དབུ་སྐྲ་དམར་སེར་ཉི་ཁྲི་ཆིག་སྟོང་གྱེན་དུ་འབར་བ་དང་ཐུར་དུ་བསྐྱོད་པ། གཙུག་ཏོར་གྱི་ཕྱི་ནས་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པའི་རྩེར་རྡོ་རྗེ་ཕྱེད་པ་མཐིང་ཀས་བརྒྱན་པའི་ལྟེ་བར་རིགས་བདག་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་ལུགས་ཅན་བསྒོམ། ས་མཚམས་སུ་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་རིན་པོ་ཆེའི་རྩེ་བྲན་ཅན། བར་མཚམས་རིན་པོ་ཆེའི་ཕྲེང་བས་སྦེལ་བ། སྤྲུལ་རྒྱལ་རིགས་དཀར་པོས་དབུ་སྐྲ་ཐོར་ཚུགས་བཅིང་པ། ཐོད་སྐམ་སྲོག་ཞུའི་ཟུར་ནས་རོ་རྐྱང་གི་རླུང་དག་པའི་བརྡར་སྙན་དར་སྔོ་དམར་གཉིས་འཕྱང་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ནམ་མཁའི་དབྱིངས་སུ་ཕྱར་བས་ས་དགུའི་རྟོག་པ་འཇོམས་པའོ། །ཁམས་གསུམ་ས་དགུ་ནི། གཟུགས་མེད་སྐྱེ་མཆེད་མུ་བཞི། གཟུགས་ཁམས་ལ་བསམ་གཏན་བཞི་དང་བརྒྱད། འདོད་རྣམ་རྟོག །ཁམས་དང་

(༢༥༥)དགུའོ། །རྩེ་མོར་ཡེ་ཤེས་ཀྱི་བྱ་ཁྱུང་མཐིང་ནག་གནམ་ལྕགས་ཀྱི་རྭ་ངང་མཆུ་སྡེར་ཅན་རལ་གྲི་དང་སྤུ་གྲིའི་གཤོག་པ་ལྡིང་ཞིང་འཕྱོ་བ། །སྟེང་གི་ལྷ་གདོན་ནི་ཉི་མ་ལ་སོགས་པའི་གཟའ་བརྒྱད་དང་། སྨིན་དྲུག་ལ་སོགས་པའི་རྒྱུ་སྐར་ཉེར་བརྒྱད་རྗེས་འབྲང་དང་བཅས་པའི་གདོན་རྣམས་སོ། །གཡོན་གནམ་ལྕགས་ཀྱི་ཕུར་བུ་ཟུར་གསུམ་པས་ཁམས་གསུམ་དབྱིངས་སུ་སྒྲོལ་བ། རྒྱ་མདུད་གོང་མའི་སྟེང་དུ་གནམ་ལྕགས་ཀྱི་སྡིག་པ་ར་ཙ་མགོ་དགུ་རཱ་བཅོ་བརྒྱད་པ། དམ་ཚིག་ཉམས་པའི་སྲི་དང་། དམ་ཚིག་ལོག་པའི་རྒྱལ་འགོང་དྲེགས་བྱེད་ཐམས་ཅད་ཧབ་ཧབ་ཏུ་ཟ་བ། གདོན་ནི་སྨྱོ་བྱེད་བརྗེད་བྱེད་སྐེམ་བྱེད་གྲིབ་གདོན་ལ་སོགས་པ་དང་། བགེགས་ནི་འབྱུང་པོ་མི་མ་ཡིན། མཚན་མོ་རྒྱུ་བ་སྐྱེ་འགྲོ་སེམས་ཅན་ལ་གནོད་ཅིང་འཚེ་བའོ། །དེ་ཐམས་ཅད་ལ་འདྲིལ་ཞིང་འདེབས་པ་ལྟ་ཅི། གནམ་ལྕགས་ཀྱི་ཕུར་བུ་དུག་གི་ངར་ལྡན་པ་དེ་གཟིར་ཞིང་ཚད་པ་ཙམ་གྱིས་གདོན་

(༢༥༦)བགེགས་འབྱུང་པོ་ཐམས་ཅད་བརྒྱལ་ཞིང་སྡངས་བར་བྱེད་པའོ། །སྦྲུལ་རྒྱལ་རིགས་དཀར་ཁྲས་དབུ་བརྒྱན་པ་སྟེ་སྐྲ་ཆིངས། རྗེ་རིགས་སེར་ཁྲས་སྙན་རྒྱན་ཏེ་སྙན་ཆ་ལ་འཁྲིལ་བ། བྲམ་ཟེ་དམར་ཁྲས་མགུལ་ཆུ་སྟེ་མགུལ་རྒྱན་རིན་པོ་ཆེའི་ཕྲེང་བ་ལ་འཁྲིལ་བ། དམངས་རིགས་ནག་ཁྲས་ངོ་ཤལ། གདོལ་བ་ལྗང་ཁྲས་ཕྱག་ཞབས་ཀྱི་གདུ་གུ་བྱས་པའོ། རུས་བའི་རྒྱན་དྲུག་ནི་སྦྱིན་བཏང་ལ་ཕར་ཕྱིན། ཐོད་ཕྲེང་དང་རིང་ཐུང་མཉམ་པ་སྐུ་ལ་གྱོན་པ་མཆན། རིན་པོ་ཆེའི་ཕྱག་ཞབས་ཀྱི་གདུ་གུ་འཁྲིལ་བ་མཆན། དྲུག་དང་རིགས་དྲུག་གི་ངོ་བོ་སྟེ། འཁོར་ལོ་མི་བསྐྱོད་པ་དང་བསམ་གཏན། མགུལ་རྒྱན་རིན་འབྱུང་དང་སྦྱིན་པ། རྣ་ཆ་འོད་དཔག་མེད་དང་བཟོད་པ། གདུ་གུ་དྲུག་རྣམ་པར་སྣང་མཛད་དང་ཚུལ་ཁྲིམས། སྐ་རག་དོན་ཡོད་གྲུབ་པ་དང་བརྩོན་འགྲུས། ཐལ་བ་རྡོ་རྗེ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིར་ནི། རུས་རྒྱན་དྲུག་དང་རིན་ཆེན་རྒྱན༔ ཅེས་པ་ལྟར་ཁྲོ་བོ་འཆོལ་པའི་ཆ་ལུགས་རུས་

(༢༥༧)པ་དང་རིན་པོ་ཆེའི་རྒྱན་བརྒྱད་དགོས་པས་སྙན་རྒྱན་རུས་པའི་ཨ་ལོང་མི་འབྱུང་བས་ཐོད་སྐམ་གྱི་དབུ་རྒྱན་བརྩི་བར་བཞེད་པ་དང་། །ཡང་ལ་ལས་ཐོད་སྐམ་ཐམས་ཅད་རྒྱན་དུ་བགྲང་ནས། ཐོད་སྐམ་ལྔའི་ཁ་ནས་རུས་པའི་དྲྭ་བ་དང་དྲྭ་བ་ཕྱེད་པས་དཔྲལ་བའི་བྱེད་ཙམ་དུ་སླེབ་པ་དེ་བགྲང་བར་བཞེད། ཕྱག་ཞབས་ཀྱིས་གདུ་གུ་རྣམས་རིན་པོ་ཆེ་ཡིན་ལ་རུས་པའི་ཕྲེང་བ་སུམ་གཤིབ་མདོ་ནོན་དང་བཅས་པས་མཁྲིག་མ་དཔུང་བ་ལོང་བུ་རྣམས་སུ་ཡོད་ཅེས་མཁས་པ་དག་གིས་ཞལ་ལས་ཐོས། སྤྱི་གཙུག་ཏུ་རུས་པའི་འཁོར་ལོ་རྩིབས་སུམ་ཅུ་སོ་གཉིས་པ། ལྟེ་བ་ནས་གཙུག་ཏོར་རལ་པའི་ཐོར་ཚུག་གྱེན་དུ་ཐོན་པ། རྩིབས་ཀྱི་དྲྭ་མིག་རྣམས་ནས་དབུ་སྐྲ་གཟིང་ཞིང་འབར་བ་མགྲིན་པར་རུས་པའི་ཕྲེང་བ་དྲྭ་མིག་བཅུ་དྲུག་པ་སྙིང་གའི་མདུན་རྒྱབ་ཏུ་རུས་པའི་འཁོར་ལོ་རྩིབས་བཞི་པ་ལ་སྦྲེལ་བའི་རུས་པའི་ཕྲེང་བའི་སེ་རལ་ཁ་གཉིས་གཤིབ་དང་བཞི་ག་ཤིབ་གང་རུང་། སྐ་རགས་རུས་ཕྲེང་

(༢༥༨)དྲཱ་མིག་དྲུག་ཅུ་རྩ་བཞི་པ། མགུལ་རྒྱན་དང་སྐེད་རྒྱན་ཕྱག་ཞབས་ཀྱི་རྒྱན་རྣམས་ལ་མདོ་ནོན་རུས་པའི་རྡོ་རྗེ་དང་། རུས་ཕྲེང་གི་དྲྭ་མིག་ནི་སྒོམ་ཐག་དྲྭ་བ་མ་ལྟ་བུ་ཡིན་ཅིང་། འཁོར་ལོ་མགྲིན་རྒྱན་སེ་རལ་ཁ་སྐ་རགས་རྣམས་ནི་འཁོར་ལོ་བཞིའི་རླུང་དག་པའི་བརྡ་དང་། ཡན་ལག་གི་རུས་རྒྱན་རྣམས་ཡན་ལག་གིས་རླུང་རྣམ་པར་དག་པའི་བརྡ་ཡིན་པར་རྗེ་གཏེར་ཆེན་རིག་པ་འཛིན་པ་མཆོག་གི་ཞལ་སྔ་ནས་གསུངས་སོ། ༈ །ཞིང་ཆེན་ཏེ་མི་ལྤགས། གླང་ཆེན་ཀོ་རློན། སྟག་ཤམས་ན་བཟའ་ཆོས་གོས་རྣམ་གསུམ་ནི། སྣམ་སྦྱར་དམར་སེར། བླ་གོས་དམར་པོ། མཐོང་ཤམ་དམར་སྨུག་ཀྱི་སྟེང་དུ་སྟག་ཤམ་ཀྱི་སྨད་དཀྲིས་གསོལ་བ། ཐོད་པ་སྐམ་རློན་གྱི་དོ་ཤལ་ལ། སྒྲུབ་ཐབས་འགའ་རེར་འདུ་བྱེད་ལྔ་བཅུ་རྩ་གཅིག་གི་རྣམ་རྟོག་དེ་ཐོལ་སྐྱེས་རྦད་ཆོད་དུ་བཅད་མ་ཐག་པ་མཚོན་པའི་མགོ་རློན་བཅད་མ་ཐག་པ་ཁྲག་དང་བཅས་པའི་ཕྲེང་བར་བཤད་པ་དང་། ལ་ལར་འདུ་བྱེད་དེ་འདས་མ་འོངས་ད་ལྟའི་

(༢༥༩)དུས་གསུམ་དག་པའི་བརྡར་ཐོད་པ་སྐམ་རློན་རྙིང་གསུམ་གྱི་ཕྲེང་བ་གསུམ་དུ་བཤད་པའང་འབྱུང་ལ། འདིར་ནི་ཐོད་པ་སྐམ་རྙིང་རློན་གསུམ་སྤེལ་བའི་ཕྲེང་བ་སྟེ། སྐམ་པོ་རྣམས་ཁ་ནས་བརྒྱུས་པ་དང་། རློན་རྙིང་རྣམས་མིག་དང་། རྣ་བ། སྣ། སྐྲ་རྣམས་ནས་བརྒྱུས་པ། ཕྲེང་ཐག་མིའི་རྒྱུ་མ་ལས་བྱས་པ་སྟེ། འདི་དག་གར་གྱིས་ཉམས་དགུའི་ནང་ཚན་མི་སྡུག་པ་སྐྱུགས་བྲོ་ནས་ཆས། བྱུགས་པའི་རྩི་གསུམ་འཆང་བ་དཔའ་བའི་ཆས། ཐུགས་རྒྱུད་སྙིང་རྗེ་ཆེན་པོས་ཡོངས་སུ་གང་བ་སྙིང་རྗེའི་ཉམས། ཆོས་གོས་རྣམ་གསུམ་གསོལ་བ་ཆོས་ཀྱི་སྒེགས་པའི་ཆས། བ་སྤུའི་བུ་ག་ནས་རྡོ་རྗེའི་ཐོག་དང་སེར་པ་འབེབས་པ་འཇིགས་སུ་རུང་བའི་ཆས། དཔེར་ན་ལྕགས་སྲེག་གི་ཟིར་འམ། ཉི་ཟེར་གྱིས་རྡུལ་ལྟར་འཁྲིགས་པ། སྐར་མདའ་ལྟར་རྒྱུག་པ། མཚོན་ཆ་སྣ་ཚོགས་བུ་ཡུག་ལྟར་འཚུབས་ཤིང་ཁྲོ་ཆུང་གྲངས་མེད་འོད་ཟེར་ལྟར་འཕྲོ་བས་ད་དུང་

(༢༦༠)བགེགས་ཚར་གཅོད་པ་དྲག་ཤུལ་གྱི་ཆས། ཞི་བའི་ཆས་རིན་པོ་ཆེའི་རྒྱན་བརྒྱད། ཧེ་རུ་ཀའི་ཆས་རུས་རྒྱན་དྲུག །ཁྲོ་བོའི་ཆས་དུར་ཁྲོད་ཆས་བརྒྱད། དགེ་སློང་གི་ཆོས་གོས་རྣམ་གསུམ་གསོལ་བ་ནི་ཁྲོ་བོ་འཆོལ་པ་ཞེས་སྨྱོན་པ་ལྟ་བུ། ཕྱི་ཡོ་བྱད་ཆས་གོས་ལས་བྱུང་བའི་རྒོད་པོ་བའི་ཉམས་སམ་བཞད་གད་ཀྱི་ཉམས། ཐུགས་ལ་ཉོན་མོངས་པའི་རྩུབ་རེག་དང་བྲལ་བ་ཞི་བའི་ཉམས་ངོ་མཚར་བའམ་རྨད་དུ་བྱུང་བའི་ཉམས་ནི་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོས་སེམས་ཅན་གྱིས་དོན་མཛད་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་ལ་ངོམ་པ་སྟེ་རྔམ་པའོ། །གཏེར་ཆེན་བདུད་འདུལ་རྡོ་རྗེའི་གྲོ་ལོད་ལ། སྙན་ལ་དུང་ལོང་བཏགས་པ་བྱ་བྲལ་རྣལ་འབྱོར་པའི་ཆས་དང་། ཕོད་ཁ་མཐིང་ནག་གྱོན་བ་སྔགས་པའི་ཆས་དང་། དབུ་སྐྲ་ཝ་མིག་གཡས་སུ་འཁྱིལ་བ་ཞེས་ཅོ་ཏོ་ལི་ཏོག་ཏུ་གྲགས་པ། དེང་སང་འགྱུར་མགོ་མ་བཅོས་གནས་ལུགས་ཀྱི་ཆས་དང་།

(༢༦༡)བདུད་ཀྱིས་སྐུ་ལ་མེ་བཏང་བས་མེའི་དུད་པས་སྐུ་མདོག་གྲོ་བོར་གྱུར་པས་གྲོ་ལོད་དུ་གྲགས་པ་སོགས་བཞད་གད་ཐེག་པ་མང་པོ་ཡོད་པའང་འཕྲོས་དོན། འདིའི་གར་གྱི་ཉམས་དགུ་གྲོ་ལོད་ཀྱི་ཁྱད་ཆོས་ཡིན་གྱིས་ཁྲོ་བོ་གཞན་དང་མི་མཚུངས། གཞན་ཡང་བཀའ་བརྒྱད་སོགས་བཞེད་ཚུལ་མི་འདྲ་བ་མང་ཡང་ཡི་གེ་མང་དུ་དོགས་པས་མ་བྲིས་པའོ། །གར་སྟབས་ཅེས་པ་དུས་འཁོར་འགྲེལ་ཆེན་ལས། གཡས་བསྐུམ་གཡོན་བརྐྱང་སུ་བྱས་པ་ནི་རྡོ་རྗེ་གར་གྱིས་དོན་དུའོ། །ཞེས་གསུངས་པ་ལྟར་གཡས་བསྐུམ་གཡོན་བརྐྱངས་ཀྱིས་འདོར་སྟབས་སོ། །ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དམར་སེར་གྱི་དབུས་སུ་ཡེ་ཤེས་སེམས་དཔའི་ངོ་བོ་པདྨ་རཱ་ག་ལས་གྲུབ་པའི་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ཡིག་མཐིང་ནག་གི་མཐར་ཨོཾ་ཨཱཧཱུྃ་ཤྲཱི་ཧེ་རུ་ཀ་སོགས་སྤྱན་འདྲེན་ཞི་བསྙེན་ཞལ་ངོ་ཕྱི་ལ་བསྟན་པ་

(༢༦༢)གཡོན་དུ་བཀོད་པ་གཡས་སུ་འཁོར་བ་བདག་མདུན་གྲོ་ལོད་ཀྱི་གནས་གསུམ་གྱི་འབྲུ་གསུམ་དང་། ཁྱད་པར་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཕྱོགས་བཅུ་དག་པའི་ཞིང་དང་ལྷོ་ནུབ་རྔ་ཡབ་གླིང་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བར་དམིགས་ལ་སྤྱན་འདྲེན་གྱི་སྔགས་དང་བཅས་དད་མོས་གདུང་བའི་ཤུགས་བསྐྱེད་ལ། ཧོ གསུམ་སྒྱུ་འཕྲུལ་ལྟར་ན། ཧ་མཚན་མ་མེད་པ་དང་། ཨོ་འཇིགས་པར་བྱེད་བའི་དོན་དུ་བཤད་ཀྱང་། འདིར་ནི་ངོ་མཚར་དོན་ཏོ། །དགོངས་གསོལ་སྔོན་དུ་འགྲོ་བས། ཆོས་དབྱིངས་སྐྱེ་མེད་ཀྱི་ཀློང་ཡངས་ཏེ་ཆོས་སྐུའི་ཞིང་ནས་སྐུ་གསུམ་ཡེ་རྫོགས་ཀྱི་ཁྲོ་རྒྱལ། ལོངས་སྐུ་རིགས་ལྔའི་ཞིང་ནས་དུག་ལྔ་རྣམ་དག་གིས་ཁྲོ་རྒྱལ། འགྲོ་འདུལ་སྤྲུལ་སྐུའི་ཞིང་ནས་སྤྲུལ་པའི་ཁྲོ་རྒྱལ་སྤྱན་འདྲེན་པ་སྟེ། གཞན་གོ་བར་སླ་ལ། དུག་ལྔའི་གཏུམ་རྔམ་ནི། མ་དག་པའི་དུག་ལྔ་རང་རྒྱུད་པ་མིན་ཏེ། །

(༢༦༣)མ་སྤངས་གནས་དག་གི་དོན་གྱིས་སྒྱུ་མའི་འབྲས་བུ་ལ་བཏགས་པའོ། དེ་བཞིན་དུ་འབྱུང་བ་ལྔ་ཡེ་ནས་ཡུམ་ལྔ་རྣམ་དག་ཀྱང་རྣམ་པ་ཆོ་འཕྲུལ་དང་བཅས་ཏེ་བྱོན་པའོ། །ངེས་པའི་དོན་ལ་དུག་ལྔ་ཡེ་ནས་དག་པ་སྟེ་མེད་ཀྱང་། རྣམ་པ་ཁྲོ་བོའི་དཀྱིལ་འཁོར། །རིག་པའི་རང་རྩལ་འཕྲོ་འདུའི་ཆོ་འཕྲུལ་ལས་གཟི་བྱིན་འཇིགས་དུས་ཀྱི་མེ་ལྟར་འབར་ཞིང་། དུད་སྤྲིན་རླུང་ནག་མུན་པ་ལྟར་འཁྲིགས་ཤིང་འོད་དང་འོད་ཟེར་ཉི་མ་ལྟར་བ་བར་ཞིང་འཁྲུགས་པ་ཐུགས་ཞི་བ་ཆེན་པོ་ལས་མ་གཡོས་ཀྱང་ཁྲོས་པའི་སྣང་ཚུལ་ལས་རྡོ་རྗེའི་ཆོས་བདུན་ལྡན་གྱིས་ཐོག་དང་སེར་བ་འཁྲུགས་པ་དང་། སྤྲུལ་པའི་ཕོ་ཉ་བྱ་ཁྱུང་དང་ལྕགས་སྡིག་གིས་དམ་ལ་མི་གནས་པའི་སྡེ་བརྒྱད་གདུག་པ་ཅན་དང་དམ་སྲི་མ་ལོག་རྣམས་ཧ་བ་ཧ་བ་ཟ་ཞིང་ཧུབ་ཧུབ་ཏུ་རྔུབས་པ། ཕྱག་མཚན་རྡོ་རྗེ་ཕུར་བུས་དུག་གསུམ་དབྱིངས་སུ་བསྒྲལ་བ་སྟེ། མདོར་ན་ཞི་བས་མི་ཐུལ་

(༢༦༤)བ་རྣམས་དྲག་པོས་བསྒྲལ་ཏེ་དུག་གསུམ་སྐུ་གསུམ་དུ་གྲོལ་ནས་འཁོར་བ་དོང་སྤྲུག་གི་ཕྲིན་ལས་མཛད་པ་སྔོན་གྱི་ཐུགས་དམ་བཅས་པ་དེ་ལས་མ་འདའ་ཞེས་པའོ། །སྔགས་དོན་གོང་འོག་གཉིས་བསྙེན་དམིགས་སྐབས་སུ་འཆད་དོ། །དེ་ལྟར་སྤྱན་དྲངས་པའི་ལྷ་ཚོགས་དེ་དག་མདུན་གྱི་དམ་ཚིག་པ་ལ་དབྱེར་མེད་དུ་བསྟིམ་མོ། །དེ་ནས་དམ་ཡེ་དབྱེར་མེད་བདག་མདུན་རང་རང་ལས་མཆོད་པའི་ལྷ་དང་ལྷ་མོ་སྤྲུལ་ནས་ཕྱག་འཚལ་བ། བཞུགས་གསོལ་མཆོད་པ་བསྐང་བཤགས་བསྟོད་པ་རྣམས་བྱའོ། །བླ་མ་དྲག་པོ་གྲོ་ལོད་རྩལ་གྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་སངས་རྒྱས་པའི་ཕྱིར་རོ། །ལུས་ཀྱི་སྒོ་ནས་ཕྱག་འཚལ་བ། ངག་གི་སྒོ་ནས་ཕྱག་འཚལ་བའི་བརྗོད་ཚིག །ཡིད་ཀྱི་སྒོ་ནས་མི་ཕྱེད་པའི་དད་པ་དང་གདུང་ཤུགས་བསྐྱེད་པའོ། །པདྨ་འདམ་དུ་སྐྱེས་ཀྱང་འདམ་གྱིས་མ་གོས་པ་ལྟར་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨ། ཐབས་ཤེས་ཟུང་འཇུག་

(༢༦༥)གི་ཉི་ཟླ་གཉིས་ལས་ཁྲོ་བོ་ལ་ཉི་མ་སྟེང་དུ་གནས་པའོ། །རོ་ལ་རྣམ་ཤེས་མེད་པ་ནི་བདག་མེད་པའི་བརྡའོ། །དཔེ་ལ་ལར་ཞིང་ཆེན་ཁྲིར་འདུག །ཡོངས་དགེའི་ཕྱག་བྲིས་སུ་ཞིང་བསྣོལ་ཡིན་འདུག །ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེད་གཉིས་མཚོན་པའི་ཕྱིར་རོ། །བསྣོལ་བའི་གདན་མཁས་པ་ལ་ལས། ཞིང་ཆེན་རོ་གཉིས་བསྣོལ་བ་དང་། ཞིང་རྐྱང་ངམ་ཞིང་ཆུང་རོ་གཅིག་ལ་ངོས་འཛིན་གནང་འདུག་ཀྱང་། དེ་ལྟར་མ་ངེས་ཏེ། བཀའ་བརྒྱད་ལས། ཞིང་ཆེན་ཞིང་ཆུང་བཀྲམ་པའི་ཁྲི་གསུངས་འདུག་པ་དང་། ཞིང་ཆེན་གྱི་གཡང་གཞི་གསུངས་པ་མི་ལྤགས་གཉིས་གཉིས་བྲིས་པའི་ཐང་སྐུ་འབུར་སྐུ་ཁུང་ཐུབ་མ་མཐོང་བ་སོགས་མི་འཐད་དོ། །ཞིང་ཆེན་ནི་རུ་དྲ་ལྟ་བུའི་གཙོ་བོ་སྟོབས་ལྡན་བསྒྲལ་བ་དང་། དེའི་འཁོར་བསྒྲལ་བ་ལ་མི་དགེ་ངན་སོང་གི་ལས་ཀྱི་སྟོབས་དང་ལྡན་ཞིང་འཁོར་འདས་ཐམས་ཅད་གཉིས་སུ་ཟ་བའི་དུག་གསུམ་རུ་དྲ་ཐར་བ་ནག་པོའོ། ཞིང་བྲན་

(༢༦༦)ནམ་ཞིང་ཆུང་ཞེས་བྱ་ལ། ཞིང་རྐྱང་ནི་རོ་རྐྱང་པ་གཅིག་དང་། ཞིང་བསྣོལ་ནི་གཉིས་སོ། །འཁོར་གསུམ་དམིགས་མཐའ་དང་བྲལ་བའི་ངང་ལ་བཞུགས་སུ་གསོལ་བའོ། ཕྱི་མཆོད་སྣང་བ་རྒྱན་གྱི་མཎྜལ་འབུལ་བ་ནི། ལུས་སྣང་བའི་སྲིད་པ་འདོད་ཁམས། ངག་ཕྱེད་སྣང་གི་སྲིད་པ་གཟུགས་ཁམས། ཡིད་མི་སྣང་བའི་སྲིད་པ་གཟུགས་མེད་ཁམས་གསུམ་མཎྜལ་དུ་བཀོད་ནས། རིགས་དྲུག་གི་གནས་སུ་རྒྱུ་ཞིང་འཁོར་བའི་འཁོར་ལོ་རྟེན་འབྲེལ་བཅུ་གཉིས་བར་མེད་དུ་འཁོར་བས་ལེགས་པར་བརྒྱན་པ་འདི་འབུལ་ལོ། །ཐུགས་སྙིང་རྗེ་ཆེན་པོས་བརྩེ་བར་དགོངས་ཏེ་བཞེས་ལ། །སྲིད་པའི་འཁོར་ལོ་ལོག་པའི་ལམ་གྱི་དྲྭ་བ་ཐམས་ཅད་བཅད་ནས་ཡེ་སྟོང་ཀློང་ཡངས་ཆེན་པོར་བཞེས་སུ་གསོལ་ཅིག་བའོ། །ནང་མཆོད་འདོད་ཡོན་རྣམ་ལྔ་སྣང་སྲིད་གཞིར་བཞེངས་སུ་འབུལ་བ་ནི། ཕྱི་སྣོད་མཁའ་དབྱིངས་ཁྱབ་གདལ་ཡོངས་པའི་སྣོད་དུ། ནང་བཅུད་སྟེང་ལྷའི་སྲིད་པ།

(༢༦༧)བར་མིའི་སྲིད་པ། འོག་ཀླུའི་སྲིད་པའི་བཀོད་པ་འབྱམས་ཀླས་སུ་གསལ་བ་ལ། རྒྱུའི་གཟུགས་འབྱུང་བ་བཞི། །འབྲས་བུའི་གཟུགས་དབང་པོ་ལྔ་། རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་སེམས་ཀྱི་བསམ་པ་བཅས་པ་དང་། དེ་བཞིན་དུ་ཚོར་བ་ཉམས་མྱོང་བྱ་བའི་བདག་ཉིད་ཅན་བདེ་སྡུག་བར་མ་གསུམ་དང་། འདུ་ཤེས་ཡུལ་ལ་མཚན་མར་འཛིན་པ་རྒྱ་ཆེ་ཆུང་ཚད་མེད་པ་གསུམ་དང་། འདུ་བྱེད་མངོན་པར་འདུ་བྱེད་པ་སེམས་ལས་བྱུང་བ་ཡུལ་རྣམ་པར་རིག་པའི་བདག་ཉིད་ཅན་གྱིས་རྣམ་ཤེས་ཚོགས་བརྒྱད་འདི་དག་མཆོད་པར་འབུལ་བའི་ཚུལ་ནི། ཡུལ་དང་ཡུལ་ཅན་ཐམས་ཅད་བདེན་མེད་སྒྱུ་མར་སྦྱངས་བའི་སྟོང་པའི་ངང་ལས་གཟུགས་སྣང་ཐམས་ཅད་གཟུགས་རྡོ་རྗེ་མ། དེ་བཞིན་དུ་སྒྲ། དྲི། རོ། རེག །ཆོས་དྲུག །ཁམས་གང་སྣང་ཐམས་ཅད་ཀྱང་ཆོས་དབྱིངས་རྡོ་རྗེ་མར་ཤར་བས་དབང་པོ་དྲུག་གི་ཡུལ་དུ་དགྱེས་བསྐྱེད་ཀྱི་མཆོད་པ་ཕུལ་བ་དེ།

(༢༦༨)དོན་དམ་ཆོས་དབྱིངས་སྐྱེ་བ་མེད་པའི་དབྱིངས་སུ་བཞེས་ཤིག་ཅེས་སོ། །གསང་མཆོད་སྨན་རག་གཏོར་གསུམ་ལ་ཡང་། ཕྱིའི་གསང་མཆོད་བདུད་རྩི་སྨན། ནང་གི་གསང་མཆོད་ཆགས་མེད་རཀྟ། གསང་བའི་གསང་མཆོད་དམ་རྫས་བྷ་ལིང་རྣམས། ཤ་ལྔ་བདུད་རྩི་ལྔའི་དངོས་པོ་རྣམ་པར་དག་པ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་དུག་གསུམ་རྣམ་དག་གི་མཆོད་པ། གཏི་མུག་མི་རྟོག་ཆོས་སྐུ། འདོད་ཆགས་བདེ་ཆེན་ལོངས་སྐུ། །ཞེ་སྡང་གསལ་སྟོང་སྤྲུལ་སྐུར་མ་སྤངས་གནས་སུ་དག་པའོ། །ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། མཆོད་ཡུལ་གྱི་ལྷ། མཆོད་རྫས་ཀྱི་དངོས་པོ། མཆོད་པ་འབུལ་མཁན་གྱིས་རྣལ་འབྱོར་གསུམ་དོན་ལ་བདེན་པར་གྲུབ་པ་མེད་ཀྱང་། སྐྱེ་མེད་ཆོས་སྐུའི་རྩལ་ལས། འགགས་མེད་འཇའ་ལྟར་ཤར་བ་ལྟ་བུར་དེ་ཉིད་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་ཏེ་ཨེ་མ་ཧོ ཞེས་ངོ་མཚར་བ་སྟེ། དེ་ལྟར་མཆོད་པ་འབུལ་མཁན་གྱི་ངོ་བོ་

(༢༦༩)ལ་མཉམ་པར་བཞག་པའོ། །བསྐང་བ་ནི། དོན་དམ་ཆོས་དབྱིངས་དེ་བཞིན་ཉིད་ལ་ཡུལ་དང་ཡུལ་ཅན་སྤང་བྱའི་སྐྱོན་དང་དྲི་མ་སྤོང་བྱེད་ཀྱི་གཉེན་པོ་མ་གྲུབ་བ་ལ་རྣལ་འབྱོར་རང་གིས་རྟོག་ཚོགས་ཡེ་ཤེས་ལྔའི་རང་བཞིན་ནམ་རང་མདངས་སུ་མ་ཤེས་པར་དུག་ལྔ་རང་རྒྱུད་དུ་བཟུང་བ་བཤགས་ཤིང་། གཉིས་སུ་མེད་པར་རྟོགས་པའི་དབྱིངས་སུ་ཐུགས་དམ་བསྐང་བའོ། །གནོང་འགྱོད་དྲག་པོས་མཐོལ་བཤགས་ནི་གཞུང་དོན་ཤིན་ཏུ་གསལ་བ་གྱེར་བསྒོམ་བྱ། བསྟོད་པ་ནི། དང་པོ་སྐུ་གསུམ་དབྱེར་མེད་དུ་བསྟོད། གཉིས་པས་ཕྱི་ནང་གསང་གསུམ་ལ་བསྟོད། གསུམ་པས་དཀོན་མཆོག་ཀུན་འདུས་ལ་བསྟོད། བཞི་པས་སྤྲུལ་པ་བསམ་ཡས་ལ་བསྟོད། ལྔ་པས་ཕྲིན་ལས་དྲག་པོས་དགྲ་བགེགས་ཚར་གཅོད་ལ་བསྟོད་ཅིང་མཐའི་ཚིག་རྐང་གསུམ་གྱིས་འདོད་དོན་གསོལ་བ་གདབ་པའོ། །དུས་མིན་འཆི་བ་ནི་ཚེ་མ་ཟད་པར་རྐྱེན་གྱིས་བར་དུ་གཅོད་པའོ།

(༢༧༠)འཇིགས་པ་བརྒྱད་ནི། ནད། ༡ མུ་གེ། ༢ མེ། ༣ ཆུ། ༤ དུག ༥ དམག ༦ མཚོན། ༧ རྒྱལ་པོའི་ཆད་པའི་འཇིགས་པའོ། མཐར་མཆོད་ལྷ་རྣམས་བདག་མདུན་སོ་སོར་བསྟིམ་མོ། །བསྙེན་དམིགས་གོང་དུ་སེམས་དཔའ་སུམ་བརྩེགས་ཀྱི་སྐབས་སུ་བཤད་ལྟར་སླར་ཡང་གསལ་བཏབ་ལ་བཟླའོ། ལས་གཞུང་ཟིན་བྲིས་དམིགས་ཐུན་ཕྲན་བུ་ལས། དེ་ནས་འཛབ་དབྱངས་སྔགས་ཀྱི་དམིགས་རིམ་ནི༔ རང་ཉིད་གྲོ་ལོད་གསལ་བའི་ཐུགས་ཀའི་དབུས༔ པད་ཉིའི་དབུས་སུ་ཧཱུྃ་ཡིག་མཐིང་ནག་འབར༔ ཨ་རྩིག་ཡིག་འབྲུ་གཡས་བསྐོར་འོད་ཟེར་འཕྲོས༔ འཕགས་པ་མཉེས་མཆོད་སེམས་ཅན་སྒྲིབ་སྦྱངས་ནས༔ རྡོ་རྗེ་ཡི་གསལ་བ་ཅུང་ཟད་གབ་སྦས་མཆན། སངས་རྒྱས་བྱང་སེམས་ཁྲོ་བོའི་སྐུར་གྱུར་ནས༔ གསུང་ནི་དབྱངས་གསལ་ཐུགས་ནི་ཕྱག་མཚན་ཚོགས༔ ཆར་བཞིན་བབ་ནས་རང་ལྷར་གསལ་ལ་བསྟིམ་མོ༔ རང་ཉིད་གྲོ་ལོད་ལྷར་གསལ་ང་རྒྱལ་དང་༔ སྔགས་

(༢༧༡)ཕྲེང་རང་སྒྲས་འོད་ཟེར་ཚྭ་ཚྭ་འཕྲོས༔ སྣོད་བཅུད་སྣང་སྲིད་བསྲེགས་བཅོམ་གྲོ་ལོད་གྱུར༔ ཨ་རྩིག་རམ་འདེགས་སྔགས་བཟླས་སྣོད་བཅུད་འགེངས༔ གཟུགས་ཅན་གཟུགས་མེད་གདོན་བགེགས་འབྱུང་པོའི་ཚོགས༔ ལ་ལ་མེས་བསྲེག་ཐལ་བ་རླུང་གིས་གཏོར༔ ལ་ལས་སྙིང་བཏོན་དམ་གནས་མནའ་བསྐྱལ་བསམ༔ མ་ཡེངས་ངང་དུ་རྩེ་གཅིག་བཟླས་པ་བྱ༔ ཅེས་གསུངས༔ ཡང་བསྙེན་ཡིག་ཉུང་དུ་གཏེར་སྨྱོན་ཞལ་གསུངས་ལས། དེ་ནས་ཡི་དམ་བསྙེན་ཐེམ་ནས། །དང་པོ་སྤྱན་འདྲེན་སྔགས་རིང་བཟླ། །གཉིས་པ་པདྨ་ཧེ་རུ་ཀ །བསྙེན་སྔགས་ཨ་རྩིག་ནེ་རྩིག་ཡིན། །ལས་བྱང་གཏོར་མ་འབུལ་བའི་སྐབས། །བདག་མདུན་རྡོ་རྗེ་གྲོ་ལོད་ལ༔ འཁོར་དུ་སྣང་སྲིད་སྡེ་བརྒྱད་བསྐྱེད༔ ཤིན་ཏུ་གཉེན་པས་གཟབ་པར་བྱ༔ དེ་ནི་ཡི་དམ་བསྙེན་ཐེམ་ཡིན༔ ཅེས་སོ། པདྨ་ཉིན་བྱེད་ཀྱིས་ཟིན་བྲིས་སུ་

(༢༧༢)ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་གིས་ཁ་དོག་མི་གསལ་བ་དང་། ལ་ལར་དམར་ནག་ཏུ་བཤད་ཀྱང་། དམིགས་ཐུན་ཕྲན་བུ་ཞལ་གསུངས་ལས་མཐིང་ནག་ཏུ་བཤད་པ་ལྟར་རོ། །ཤྲཱི་ཧེ་རུ་ཀའི་སྔགས་ཕྲེང་པདྨ་རཱ་ག་ལྟར་དམར་པ་གཡས་སུ་འཁོར་བ་ལས་འོད་ཟེར་དམར་པོ་འཕྲོས། བདག་བསྐྱེད་ཀྱི་ཞལ་ནས་ཐོན་མདུན་བསྐྱེད་ཀྱི་གྲོ་ལོད་ཀྱི་ཞལ་དུ་ཞུགས། ཐུགས་དམ་གྱི་རྒྱུད་བསྐུལ། འོད་ཟེར་ཕྱོགས་བཅུར་འཕྲོས། སངས་རྒྱས་བྱང་སེམས་རྣམས་དང་དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་ནས་པདྨ་དྲག་པོ་རྩལ་སོགས་རྩེ་གསུམ་རྒྱལ་བ་རབ་འབྱམས་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཧཱུྃ་ཡིག་དང་ཨཱ་ལི་ཀཱ་ལི། ཐུགས་ཕྱག་མཚན་དང་རྡོ་རྗེ་དང་ཕུར་བ་ཆར་བབ་པ་ལྟར་བྱོན་ནས་བདག་མདུན་ལ་ཐིམ་པར་དམིགས་ལ་སྤྱན་འདྲེན་སྔགས་ཚན་གོང་འོག་

(༢༧༣)བརྒྱའམ་ཉེར་གཅིག་བཟླ། སྔགས་དོན་ཨོཾ་ཨཱཧཱུྃ་ནི་སྐུ་གསུང་ཐུགས་ཤྲཱི་ཧེ་རུ་ཀ་དཔལ་ཁྲག་འཐུང་མ་ཧཱ་ཆེན་པོ་གུ་རུ་པདྨ་སཾ་བྷ་ཝ་བླ་མ་པདྨ་འབྱུང་གནས་བཛྲ་ཀྲོ་དྷ་རཱ་ཛ་ཁྲོ་བོའི་རྒྱལ་པོ་ས་པ་རི་ཝཱ་ར་འཁོར་དང་བཅས་པ་ཙིཏྟ་བཛྲ་ས་མ་ཡ་ཛཛརྡོ་རྗེ་ཐུགས་ཀྱི་དམ་ཚིག་ལས་མ་འདའ་བར་བྱོན་ཅིག་པའོ། བ་ནི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཐུགས་ཀྱི་སྔགས་སོ། །ལན་གཉིས་ནི་ཡེ་ཤེས་དང་འཇིག་རྟེན། ཧཱུྃ་ནི་ཚར་གཅོད་པ་སྟེ། ལན་གཉིས་ནི་གཟུང་བ་དང་འཛིན་པ་ཚར་གཅོད་པའོ། །སྤྱན་འདྲེན་འོག་མའི་སྔགས་གཞན་འདྲ་བ་ལ་པདྨ་ཧེ་རུ་ཀ་གྲོ་དྷ་རཱ་ཛ་པདྨ་ཁྲག་འཐུང་ཁྲོ་བོའི་རྒྱལ་པོ་ཞེས་དང་། ས་ག་རི་ཝཱ་ར་མི་འབྱུང་ངོ་། །བསྙེན་པའི་དངོས་གཞི་ལ་ཤྲཱི་ཧེ་རུ་ཀ་བཟླ་བ་གྲུབ་ཐོབ་རྟ་མགྲིན་མགོན་པོ་དང་། འབོལ་ཡག་གཏེར་སྟོན་རིག་འཛིན་རྣམ་རྒྱལ་རྡོ་རྗེའི་ཞལ་རྒྱུན་ཡིན་པར་བླ་མ་དམ་པ་ཀརྨ་རི་རྒྱལ་གྱི་ཞལ་སྔ་ནས་གསུངས། །

(༢༧༤)དེ་ཡང་གྲུབ་དབང་ཆགས་མེད་ཞབས་ཀྱི་ཐོད་ཕྲེང་རྩལ་ལ་རབ་བྱེ་བ། འབྲིང་བདུན་འབུམ། ཐ་མ་སུམ་འབུམ་མ་ཐོན་བར་དུ་ཨ་རྩིག་མི་འདོན་པ་མན་ངག་ཡིན། དེ་མ་ཤེས་ན་སློང་དང་བར་ཆད་ཆེན་པོ་འོང་གསུངས་པ་དང་། གནད་གཅིག་པར་གོ་ཞིང་། བསྙེན་སྒྲུབ་ཆེར་མེད་པའི་རིགས་ལ་ལེགས་པར་མངོན། ད་ལྟ་འོག་མིན་ཀརྨའི་གདན་སར་གཏེར་ཆེན་ཞལ་ལུང་ཨ་རྩིག་བསྙེན་པའི་དངོས་གཞི་བྱེད་པའོ། དྲག་བསྙེན་སྐབས་སྔགས་ཕྲེང་ཨ་རྩིག་མཐིང་ག་ཞལ་ཕྱི་ལ་བསྟན་པ་གཡོན་དུ་བཀོད་པ་གཡས་སུ་འཁོར་བ་ལས་འོད་ཟེར་ཚ་ལ་རྩུབ་པ་མེ་སྟག་དང་སྐར་མདའ་ཀློག་འོད་ལྟ་བུར་འཕྲོས། འཁྲུགས་ཅན་གཟུགས་མེད་དགྲ་བགེགས་འབྱུང་པོ་ཐམས་ཅད་ཟིལ་གྱིས་མནན་དབང་དུ་བསྡུས་དམ་ལ་བཞག །སྲོག་སྙིང་ཕུལ་མནའ་བསྐྱལ་ཞིང་ཅི་བགྱིས་བྱེད་པར་གྱུར། བསྟན་པ་ལ་ཐོ་འཚམ་ཤིང་དམ་ལ་མི་གནས་པ་ཐམས་ཅད་མེས་བསྲེགས་ཐལ་བ་རླུང་གིས་

(༢༧༥)གཏོར་བར་དམིགས་ལ་དྲག་སྔགས་བཟླའོ། །སྔགས་དོན་ཀློང་གསལ་ཡེ་ཤེས་རབ་འབར་གྱི་དྲག་སྔགས། མཁས་དབང་བཻ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ཀྱིས་ཕབ་པ་ཡོད་པ་དང་། རང་རེས་མཆོག་གླིང་གཏེར་གསར་གུར་དྲག་གི་སྔགས་དོན་དྲིས་ལེན་བསྡུས་པ་ཡོད་པས་དེ་དང་མཚུངས་སོ། །ཞི་རྒྱས་དབང་དྲག་གིས་ལས་བཞིའི་དུས་གནད་ཀྱིས་སྔགས་ཕྲེང་ཁ་དོག་བསྒྱུར་བ་སོགས་དྲག་པོ་རྩལ་གྱིས་སྐབས་དང་འདྲ། སྡེ་བརྒྱད་ཤམ་བུ་བསྙེན་སྒྲུབ་རྒྱུན་ཁྱེར་དང་ཟློག་སྒྲུབ་སྐབས་ཀྱི་ཨུ་པ་དེ་ཤ་ཞལ་ལས་ཤེས་སོ། །གཏོར་འབུལ་སྐབས་བདག་མདུན་གྲོ་ལོད་ལ་སྡེ་བརྒྱད་ཀྱིས་བསྐོར་བར་སྒོམ་དགོས་ཏེ། གཏེར་སྨྱོན་ཞལ་གསུངས་དྲག་པོའི་བསྙེན་ཐེམ་ལས་གསུངས་པ་ཉིད་དོ། །གཏེར་ཆེན་དང་ཆོས་བདག་ཀརྨ་འགྱུར་མེད་ཟུང་གི་ཞལ་སློབ་དཔལ་བྲོ་སྔགས་འཆང་གུར་དྲག་གིས་ཟློག་པའི་ཙཀླིར་སྡེ་བརྒྱད་སྐུ་མདོག་ཕྱག་མཚན་སྡེ་བཅུའི་གསོལ་ཀ་ཏར་བྲིས་

(༢༧༦)འདུག་གོ །སྡེ་བཅུའི་གསོལ་ཀ་ལ་རྟེན་འབྲེལ་མ་འགྲིགས་ནས་ཡོངས་དགེ་གཏེར་སྨྱོན་གྱིས་དཔེ་ཆའི་མཐའ་རྩིད་སྐུད་ཀྱི་དྲུབ་ནས་འཕང་བཏང་བ་ཡིན་ནོ་ཅེས་ཁམས་སྨྱོན་ཀརྨ་ཐེག་མཆོག་བསྟན་གསལ་གྱིས་ཞལ་སྔ་ནས་གསུངས་ཅེས་བླ་མ་ཀརྨ་རི་རྒྱལ་གྱིས་བདག་ལ་གསུངས། ལར་སྡེ་བརྒྱད་ལ་ཕྱི་ནང་གསང་བ་གབ་སྦས་མཆོག་དང་སྤྲུལ་པ་སོགས་དབྱེ་ཚུལ་མང་ཡང་། རྒྱུད་སྡེ་ལས་གསུངས་པའི་སྡེ་བརྒྱད་ནི། ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན་ནམ་མཁའ་ལྡིང་མིའམ་ཅི་ལྟོ་འཕྱེ་ཆེན་པོ་དང་བརྒྱད་དོ། །བོད་ཡུལ་དུ་གྲགས་པ་ནི། དཀར་པོ་ལྷའི་སྡེ། དམར་པོ་བཙན་གྱི་སྡེ། ནག་པོ་བདུད་ཀྱི་སྡེ། ཁྲ་བོ་གཟའི་སྡེ། སྨུག་པོ་དམུའི་སྡེ། ཤ་ཟ་སྲིན་པོའི་སྡེ། དཀོར་བདག་རྒྱལ་པོའི་སྡེ། ནད་བདག་མ་མོའི་སྡེ་དང་བརྒྱད་དུ་བཞེད་པ་དང་། གཟའ་སྡེ་བརྒྱད་ཐམས་ཅད་ཀྱི་ས་གཙོ་བོར་བཞག་ནས་མི་འདྲེན་པ་སོགས་རྣམ་གྲངས་མང་ཡང་། འདིར་

(༢༧༧)གཞུང་གསལ་ལྟར། ལྷ། ༡ གཤིན་རྗེ། ༢ བདུད། ༣ བཙན། ༤ གཟའ། ༥ རྒྱལ་པོ། ༦ མ་མོ། ༧ ཀླུ། ༨ ས་བདག ༩ །ཐེའུ་རང་དང་བཅུ། ཀླུ་དང་ས་བདག་གཅིག་ཏུ་བརྩི་ཞིང་བཙན་དང་ཐེའུ་རང་གཅིག་ཏུ་རྩིས་པས་སྡེ་བརྒྱད་དོ། གྲོ་ལོད་དྲག་པོའི་ལྷ་ཚོགས་ལ་ཐུགས་དམ་གནད་བསྐུལ་གྱིས་ཕྲིན་ལས་བཅོལ་ཞིང་གཏོར་མ་འབུལ། ཡང་འཁོར་ཁྲོ་བོ། ཁྲོ་མོ། ཕོ་ཉ་ཆོས་སྲུང་། མ་མོ་བདུན། སྲིང་མོ་བཞི། །སྡེ་དཔོན་སུམ་ཅུ། བརྟན་མ་བཅུ་གཉིས། སྡེ་བརྒྱད་བྲན་འཁོར་དང་བཅས་པ་ལ་གཏོར་མ་གསེར་སྐྱེམས་དགྲ་ཕྱོགས་སུ་འབུལ་ལོ། །སྔགས་དོན་ནི་སྡེ་བརྒྱད་འཇིག་རྟེན་མགོན་པོ་བསྟན་སྲུང་རྒྱ་མཚོ་དམ་ལས་མ་འདའ་གཏོར་མ་བཞེས་ཤིག་བཞེས་ཤིག་སྔགས་དོན་ཕྱི་མ་དོན་འགྱུར་ལ། སྡེ་བརྒྱད་དམ་ལ་མ་འདའ་སྲུང་ཤིག་སྲུང་ཤིག་ཅེས་པའོ། ཚིག་འགྱུར་ས་མ་ཡ་ཡལ་གམ། ཧ་ན་ཧ་ན་བསྣུན་བསྣུན། རཀྵ་རཀྵ་སྲུང་སྲུང་། ཧཱུྃ་

(༢༧༨)ཡེ་ཤེས་ལྷའི་ཐུགས་སྲོག་གིས་དྲངས་ཤིང་བསྐུལ་བའོ། ༈ །གོང་གི་ཚིག་དོན་ཕོ་ཉ་ནི་སྤྲུལ་པའི་ཕོ་ཉ་སྤྱི་ལ་འཇུག་མོད། བཀའ་བརྒྱད་དུ་ཕོ་ཉ་དྲུག་ཅུ་རྩ་བཞིར་ཡང་གསུངས། ཆོས་སྐྱོང་བ་ནི་དཀར་ཕྱོགས་སྐྱོང་བ་སྤྱིའོ། ཞིང་སྐྱོང་ནི་དུར་ཁྲོད་ཆེན་པོ་བརྒྱད་དུ་གནས་པ། དྲེགས་པའི་སྡེ་དཔོན་སུམ་ཅུ་ནི། །དབང་ཕྱུག་ཨུ་མ་གཤིན་རྗེ་གསོད་བྱེད་ནག །སྲིད་རྒྱལ་རལ་གཅིག་རྐོས་རྗེ་རེ་མ་ཏི། །བེ་ཧར་ཚངས་པ་སྐུ་ལྷ་རཱ་ཧུ་ལ། གློག་ཕྲེང་ཁྲག་མིག་མེ་དཔལ་མོན་མོ་ནག །མ་ཧཱ་ཀཱ་ལ་རྡོ་རྗེ་བདུད་འདུལ་ཆེ། །ནག་པོ་བཀྲག་མེད་ཀཱ་ལ་ཡཀྵ་དང་། །ཤམ་པོ་ཐོག་གིས་བུ་ཡུག་གུ་རུམ་ཙེ། །བྲག་བཙན་གནམ་ཐེལ་ལམ་ཤུད་བི་ན་ཡ། །ནག་མོ་མགྱོགས་བྱེད་ཀླུ་བདུད་ཡགྴ་ནག །སྡེ་དཔོན་སུམ་ཅུ་ཞེས་གསུངས་པ་ལྟར་རོ། །སྐུ་མདོག་ཕྱག་མཚན་ནི་ཡི་གེ་མང་དུ་དོགས་པས་མ་བྲིས་ལ་ཤེས་པར་འདོད་ན་བཀའ་བརྒྱད་ལ་བལྟའོ། །མ་མོ་བདུན་གསར་མ་ལྟར་ན། །ཚངས་མ་དབང་

(༢༧༩)མོ་གཞོན་ནུ་མ། །ལྷ་ཆེན་མ་དང་རྟོག་འདོད་མ། །རྒན་བྱེད་མ་དང་སྣ་ཆེན་མ། ཞེས་འདོད་ཀྱང་། སྔ་འགྱུར་ལྟར་ན་བཀའ་བརྒྱད་སྤྱི་བསྐུལ་དུ། ཀུན་བཟང་ཀུན་དྲག་གྲགས་སྙན་ཡེ་ཤེས་མཆོག །འོད་གསལ་གཡུ་སྒྲོན་གསལ་འཕྲོ་ཆེན་མོ་བདུན། ཅེས་སོ། །སྲིང་མོ་བཞི་ནི། རྒྱལ་ཆེན་བཞིའི་སྲིང་མོ་བཞི་སྟེ། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ནག་མོ་སྡེར་ཅན་གནོད་སྦྱིན་སྲིང་། ཞེས་སོ། བརྟན་མ་བཅུ་གཉིས་ཡོངས་གྲགས་མངའ་བདག་ཉང་དང་། སུ་རུ་ཆོས་དབང་དང་། བྱང་གཏེར་སོགས་ལས་འབྱུང་བ་ལྟར་རོ། །ཆོས་བདག་སྤྲུལ་སྐུ་ཀརྨ་འགྱུར་མེད་ཀྱི་ཐུགས་དམ་རྟེན་གྱིས་ཞལ་ཐང་ཕྱག་བྲིས་སུ། །གྲོ་ལོད་ལ་དམག་དཔོན་རུ་འདྲེན་སྡེ་བདུན་གྱིས་བསྐོར་བ་བྲིས་འདུག་པའི་སྐུ་མདོག་ཕྱག་མཚན་ནི་ཡས་ཟོར་དང་མཚུངས་ཏེ། མ་མོའི་སྡེ་དཔོན་རང་བྱུང་

(༢༨༠)རྒྱལ་མོ་མཐིང་ནག་དྲིལ་རྟ་ལ་ཞོན་པ་དར་བེར་ནག་པོ་ཅན་ཕྱག་གཡས་ན་མདུང་དང་། གཡོན་ན་གནམ་ལྕགས་འཁོར་ལོ། །མགོན་པོའི་སྡེ་དཔོན་ལེགས་ལྡན་དམར་སྨུག་གཡས་བིང་དང་། གཡོན་ལྕགས་བར་དར་བེར་གསོལ་ཞིང་རྟ་ནག་ལ་ཞོན་པ། གཤིན་རྗེའི་སྡེ་དཔོན་ཡ་མ་རཱ་ཛ་མཐིང་ནག་ཆུ་སྲིན་གྱི་གདོང་བ་ཅན་སྟག་ཤམས་དང་ཞིང་ལྤགས་གསོལ་བ། གཡས་ཁྲོམ་ཤིང་དང་ཞགས་པ་གཡོན་མདུང་ཐུང་ཆུ་གླང་ལ་ཞོན་པ། །གཟའི་སྡེ་དཔོན་རཱ་ཧུ་ལ་དམར་པོ་དབུ་དགུ་རྩ་ཞལ་གཡས་དཀར་གཡོན་སྔོ་དབུས་དམར། དེའི་སྟེང་གཡས་དཀར་གཡོན་དམར་དབུས་མཐིང་། དེ་སྟེང་གཡས་དཀར་གཡོན་ལྗང་དབུས་དམར་བ། རྩ་བའི་ཞལ་གསུམ་ཨ་མ་ཙིག་སྡོམ་པ། ཕྱག་གཉིས་མདའ་གཞུ་འགེངས་པ། མཆན་གཡས་ན་མདུང་དར་ཕྱར་བ། སྦྲུལ་མཇུག་ལྗང་སྐྱ་འཁྱིལ་ཞིང་འབྲུག་ལ་ཞོན་པ། གནོད་སྦྱིན་གྱིས་སྡེ་དཔོན་བྱ་རོག་གདོང་ཅན་མཐིང་ནག་བྱ་གདོང་གྲི་ཐོད་

(༢༨༡)འཛིན་ཅིང་གཤོག་པ་གཡོབ་པ། ཞབས་གཉིས་ས་གའི་བཞུགས་སྟངས་རླུང་དམར་འཚུབ་མའི་ནང་དུ་གནས་པ། རུ་ཏྲའི་སྡེ་དཔོན་སྲོག་བདུད་ནག་པོ་ཞལ་གཅིག་ཕྱག་བཞི་བེར་ནག་པོ་དང་སག་ལྷྭམ་གསོལ་བ། ཕྱག་བཞིའི་དཔུང་པ་ལག་ངར་ལག་རྒྱབ་རྣམས་སུ་མིག་གིས་མཚན་པ། ཕྱག་དང་པོ་གཉིས་ཁ་ཊཱྃྭ་ག་དང་ལྕགས་པར་འོག་མ་གཉིས་མདའ་གཞུ་འཛིན་ཅིང་རྟ་ནག་ལ་ཞོན་པ། ཀླུའི་སྡེ་དཔོན་བཛྲ་རཱ་ཛ་མཐིང་ནག་རལ་པ་དམར་སེར་དང་སྦྲུལ་མགོའི་གདེང་ཀ་བདུན་ལྡན། གཡས་སྦྲུལ་ཞགས་དང་། གཡོན་ནད་རྐྱལ་ཐོགས་པ་གླང་ཆེན་ལ་ཞོན་པའོ། །འདི་ཡང་དོན་ལ་སྡེ་བརྒྱད་ཡིན་ཏེ། མགོན་པོའི་སྡེ་དཔོན་ལྷ་དང་། སྲོག་སྡུད་བདུད་དང་། བཙན་ཀླུ་རུ་བསྡུས་པའོ། །སྡེ་བརྒྱད་ཀྱི་སྲོག་ཡིག་ཀྱང་། ཨ ལྷ། ཡ གཤིན་རྗེ། མ མ་མོ། དུ བདུད། རུ གིང་གི་རྒྱལ་པོ། ཤ བཙན། ན ཀླུ་རུ་

(༢༨༢)འདོད་པ་དང་། ཡང་མི་འདྲ་བ་རུ བཙན་དུ རྒྱལ་པོ། ཤ གནོད་སྦྱིན་དུ་འདོད་པའི་ལུགས་སྲོལ་གཉིས་པའོ། ༈ །ཟློག་པ་ཁྲོ་རྒྱལ་འབར་བ་ལ། ཕྱིའི་ཟློག་པ། ཡེ་ཤེས་ཀྱི་ལྷ་ཚོགས་ཐུགས་ཞི་བ་ཆེན་པོར་གནས་ཀྱང་རྣམ་པ་ཁྲོ་གཏུམ་མེ་ལྟར་འབར་བའི་སྐུར་བཞེངས་ནས། དུག་གསུམ་ཡེ་ནས་དག་ཀྱང་རྣམ་པ་དུག་གསུམ་འབར་བའི་གཏོར་ཟོར་མཚོན་ཆའི་ཕུང་པོས་དམ་སྲི་མཐའ་དམག་ལྟས་ངན་བཟློག་པའོ། །གཉིས་པ་ནང་གི་ཟློག་པ། ཐུགས་སྙིང་རྗེ་ཆེན་པོ་ལས་མ་གོས་པའི་རྩལ་གྱིས་གཏུམ་རྔམས་མེ་ལྟར་འབར་བས་རྡོ་རྗེའི་ཆོས་བདུན་ལྡན་གྱི་ཐོག་དང་། །སེར་བ་དྲག་པོས་བྱང་མ་དགྲ་བགེགས་བསྟན་བཤིག་རྣམས་མི་གནས་པའི་དབྱིངས་སུ་བསྒྲལ། དེ་དག་གི་ལྷ་སྲུང་ཀུད་རང་གཤེད་རང་ལ་ཕབ་པའོ། །གསུམ་པ་གསང་བའི་ཟློག་པ་ཐུགས་ཏིང་ངེ་འཛིན་ཨ་ཏི་ཡེ་དག་ཁྱབ་གདལ་ཆེན་པོའི་ནུས་པའི་རྩལ་གྱིས། ནད་གདོན་འཕྲལ་རྐྱེན་སྔོན་ལས་སོགས་མི་

(༢༨༣)རུང་མི་འདོད་པའི་ཉེར་འཚེ་ཐམས་ཅད་དམིགས་མེད་བློ་འདས་ཀྱི་ངང་དུ་ཟློག་པའོ། །སྔགས་ཚན་ནི་བྷྱོ་ཟློག་མང་ཉུང་དཔལ་སྤུངས་སྤར་མ་དང་གཏེར་སྨྱོན་ཕྱག་བྲིས་ཅུང་འདྲ་མིན་ཡོད་དེ། ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག ཅེས་སྤར་མ་ལ་ཡོད་ཀྱང་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཅིག ཞེས་པ་ལས་ཕྱག་བྲིས་འཁྲུལ་མེད་དུ་མི་འདུག་བས་ཆོས་སྤྱན་ལྡན་པས་དཔྱད་པར་ཞུ། འདི་མཐར་དམར་གཏོར་ཐེབས་ཕྱོགས་སམ་དགྲ་ཕྱོགས་སུ་ཕུལ་ལ་ མི་འགྱུར་རྡོ་རྗེའི་ཕྱག་བྲིས། ནད་མཚོན་དུག་གི་ཕུང་པོར་དམིགས་པས་དགྲ་བགེགས་བརླག་པར་བསམ། །གནམ་ས་སྟེང་འོག་བསྒྱུར་བའི་དམིགས་པ་སོགས་གལ་ཆེ་སྐབས་དང་། རྨིས་ལྟས་ཆོ་འཕྲུལ་ངན་པ་བྱུང་ན་མ་གཏོགས་དུས་རྒྱུན་དུ་བྱ་མི་དགོས་སོ། ཨྀིྠ གུ་ཧྱདྷདྨདྷ༔ ༔ ༔ ༔

(༢༨༤)

(༢༨༥)རྫོགས་ཆེན་མཁའ་འགྲོ་སྙན་རྒྱུད་ཟངས་སྦུབ་མའི་ཟིན་བྲིས་ཟབ་དོན་གྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །།

(༢༨༦)ན་མོ་གུ་རུ་གུ་ཧྱ་ཛྙཱ་ན་པདྨ་སཾ་བྷ་ཝཱ་ཡ། ཡོངས་དགེ་གཏེར་ཆེན་མི་འགྱུར་རྡོ་རྗེའི་ཟབ་ཐིག་རྫོགས་ཆེན་སྙན་རྒྱུད་ཟངས་སྦུབ་མའི་ཟིན་བྲིས་ལ། ལུས་དཀྱིལ་བསྐྱེད་རིམ་བསྒོམ་པ། ལྷ་སྔགས་བཟླ་བ། རྫོགས་ཆེན་བསྒོམ་པ། དེའི་རྗེས་ཐོབ་ཏུ་དྲག་པོའི་སྐུར་བཞེངས་པའོ། །དེ་ཡང་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ། ཟུག་པ་རྩ་བའི་ཚུལ་དུ་ཕྱི་སེམས་སྡེ། གྱེས་པ་ཡལ་གའི་ཚུལ་དུ་ནང་ཀློང་སྡེ། འདྲིལ་བ་སྡོང་པོའི་ཚུལ་དུ་གསང་བ་མན་

(༢༨༧)ངག་གི་སྡེ། གསལ་བ་མེ་ཏོག་གི་ཚུལ་དུ་ཡང་གསང་བླ་མེད་གསང་སྔགས་མ་རྒྱུད་མཁའ་འགྲོའི་སྙིང་ཁྲག་ལས། སྨིན་པ་འབྲས་བུའི་ཚུལ་དུ་ཡང་ཏི་སྙན་རྒྱུད་ཟངས་ཀྱི་སྦུ་གུ་ཉམས་སུ་ལེན་པ་ལ། རྫོགས་ཆེན་སྤྱིའི་གཞུང་ལུགས་ལྟར་ན། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པ། དངོས་གཞི་རིག་པ་རང་ངོ་སྤྲད་པ། རྗེས་སྣང་ཉམས་གྱི་སྐྱོང་ཐབས་བསྟན་པ་གསུམ་གྱིས་ཁོག་ཕུབ་པ་ཡིན་ཀྱང་འདིར་ནི་མན་ངག་བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་དུ་

(༢༨༨)ཉམས་སུ་ལེན་པ་ལ། ཧཱུྃ་གསུམ་གྱིས་སྒོ་གསུམ་རྡོ་རྗེ་གསུམ་དུ་དཔའ་བས། ལྟ་སྒོམ་སྤྱོད་པའི་གདེངས་གསུམ་དང་ལྡན་པས་ཕྱི་གཟུང་འཛིན་གྱིས་དགྲ་བགེགས་འབིགས་པར་བྱེད་པ། ནང་ང་བདག་གིས་ཀུན་རྟོག་འདུལ་བར་བྱེད་པ། གསང་བ་ཆགས་སྡང་གི་ཉོན་མོངས་གཅོད་པར་བྱེད་པས། ཕྱི་འབྱུང་བ་བཞི་ཡི་རྐྱེན་ལས་གྲུབ་པའི་ལུས་ནི་བདེན་པར་མ་གྲུབ་པས་སྟོང་པ་ཉིད་ཀྱི་ངང་དུ་ཡལ། ཆོས་ཀྱི་དབྱིངས་སུ་ཐིམ། ཞེས་དམིགས་མེད་དུ་རྒྱས་བཏབ་ལ། །མེད་བཞིན་དུ་སྣང་བ་སྒྱུ་མ་མཁན་གྱིས་རྟ་དང་གླང་པོར་སྤྲུལ་བ་ལྟ་བུའི་གདོས་བཅས་ཤ་ཁྲག་ཟག་པ་དང་བཅས་པ་ཉེ་བར་ལེན་པའི་ཕུང་པོ་འདི་ལ་བརྟེན་ནས་ང་ཞེས་ངར་འཛིན་ལྷན་སྐྱེས་ལ་ཨ་འཐས་པའི་ཞེན་པ་ཞུགས་ནས་ཆགས་སྡང་གི་རྒྱུ་བྱེད་པ་འདི་ལ་བརྟགས་ཤིང་དཔྱད་ན། ཆགས་ཤིང་ཞེན་མཁན་ནམ་གནས་ཤིང་སྡོད་མཁན་ནི། རང་སེམས་དངོས་མེད་ཀུན་བྱེད་རྒྱལ་པོ་འདི་རང་ཡིན་པར་འདུག་སྟེ། འདི་ཉིད་ཀྱི་རིགས་པའི་རང་རྩལ་རང་རིག་རང་གསལ་

(༢༨༩)ནི་ཡེ་གདོད་མ་ནས་ཡེ་ཤེས་ལྷ་ཡི་སྐུ་སྟེ་ཆོས་ཀྱི་སྐུ་ཡིན་པ་ངོ་མ་ཤེས་ཤིང་ངོས་མ་ཟིན་ནས་འཁྲུལ་པ་ཡིན་འདུག་པས། ད་རེས་ནི་སྐྱབས་གནས་བསླུ་བ་མེད་པ། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་སྣ་ཚོགས་སུ་འཆར་བ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་དབྱེར་མེད་རྡུལ་གཅིག་གི་གོ་ས་ན་སྟོང་གསུམ་དར་ཡུག་གི་དཔེ་ལྟར་རང་ལ་གནས་པའི་བཞུགས་པ་དེ་ཡིན་ལ་ཡིན་བཞིན་དུ། གདུལ་བྱ་གཞན་སྣང་གི་རོལ་གར་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་གཞུང་ལྟར་གསལ་བར་བསྒོམ་པར་བྱ་སྟེ། ༈ །ཕྱིའི་སྟོང་ར་རྡོ་རྗེ་གྲོ་ལོད་མཁའ་འགྲོ་སེང་གདོང་འཁྲིལ་སྦྱོར་ལབ་ཀྱི་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་འདོར་སྟབས་ཀྱིས་བམ་རོ་ཉི་ཟླ་པདྨའི་གདན་ལ་འགྱིང་བ། ཡུམ་གྱིས་ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བ། འདི་ལ་ཞབས་མཐིལ་ཁ་སྦྱར་བ་དང་སྟེང་འོག་བསྒོམ་པའི་ལུགས་གཉིས་ལས་འདིར་ཕྱི་མ་དགོས་མཆན། ཡབ་ཀྱི་གསང་གནས་ཧཱུྃ་ཡིག་ལས་རྡོ་རྗེ་མཐིང་

(༢༩༠)ནག་རྩེ་ལྔ་པ་ལྟེ་བར་ཟླ་བ་ལ་ཧཱུྃ་གིས་མཚན་པ། ཡུམ་གྱིས་མཁའ་གསང་པྃ་ཡིག་ལས་པདྨ་དམར་པོ་འདབ་མ་གསུམ་པའི་ལྟེ་བར་ཉི་མ་ལ་ཨྃ་གིས་མཚན་པའི་ན་དཱ་ཟུང་དུ་འབྲེལ་བ་ཆགས་མེད་ཆགས་བྲལ་བདེ་གསལ་མི་རྟོག་པའི་ངང་དུ་གནས་པ། ཕྱག་མཚན་རྡོ་རྗེ་དང་ཕུར་པ་ལས། སྨྱོ་ཆོས་སུ་གྲགས་པའི་ལས་མདོས་སུ། ཕྱག་མཚན་གྱི་སྒྲུབ་ཐབས་འདུག་པར་གསེར་གྱི་རྡོ་རྗེ་རྩེ་ལྔ་བའི་ཡར་གྱི་རྭ་ལྔ་ལ་རྒྱལ་པ་རིགས་ལྔ། མར་གྱི་རྭ་ལྔ་ལ་རིགས་ཀྱི་ཡུམ་ལྔ། ལྟེ་བར་ཁྲག་འཐུང་རིགས་ལྔ་དང་རྩེ་མོར་བྱ་ཁྱུང་དམར་པོ་བསྐྱེད་ཅིང་རིགས་ལྔའི་བསྟེན་པ་དང་ཁྲོཾ་ག་རུ་ཎ་སོགས་ཀྱི་སྒྲུབ་པར་གསུངས། གཡོན་གྱི་ཕུར་པ་ལ་ཨ་སུ་རའི་བྲག་ཕུག་ན་ཐེའུ་རང་མགར་བས་བརྡུང་པའི་ཕུར་པ་ཟུར་གསུམ་པ་དཔལ་དང་ལྡན་པ་ཁྲུ་གང་བ། སྐུ་སྟོང་རྡོ་རྗེ་གྲོ་ལོད་གསལ་བར་བསྐྱེད་བའི་རྒྱ་མདུད་སྟེང་ན་སྡིག་པ་འགྱེད་པ། ཕུར་བའི་རྩེ་ནས་ཚྭ་ཚྭ་འཕྲོ་བ་ཡེ་ཤེས་ཀྱི་མེ་འབར་བ། དགྲ་བགེགས་ཀྱི་སྙིང་ལ་གཟིར་བ། །

(༢༩༡)དཔལ་ན་དྲེགས་པ་སྡེ་བརྒྱད་ཀྱི་མགར་བྱེད་པ། ཟིར་ཁོལ་བ། སེར་བ་སེར་བདག་གི་སྲོག་འདྲེན་ཅིང་དགྲ་ཡུལ་རྡུལ་དུ་བརླག་པར་བསྐྱེད་ནས། ཨ་རྩིག་གི་མཐར་ཛྙཱ་ན་བཛྲ་ཀརྨ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཀྱིས་སྒྲུབ་པར་བྱའོ་ཞེས་འདུག་ཀྱང་། ཟངས་སྦུབ་གཞུང་དང་མི་འདྲ་ཞིང་གྲུབ་སྨྱོན་གྱིས་གསུངས། གནམ་ལྕགས་དང་། ཡུགས་ས་མའི་གྲི་ལིང་། རབ་ཆད་རྒད་པོའི་རྨ་གྲི་དང་། ལྕགས་སྣ་གསུམ་ལ་མགར་བཞེས་ཕུར་པའི་བསྐྱེད་ཆོག་ཏུ་བཞུགས་པ་ནི་ཚེག་ལ་མི་ཞེན་པར་དོན་ལ་སྟོན་དགོས་པའི་གནད་ཀ་ཡིན་པར་འདྲའོ། ༈ །ཟངས་སྦུབ་མའི་སྐབས་འདིར་རྟག་བརྟེན་ཐེར་ཟུག་མ་ཡིན་པར་ཡེ་ཤེས་རང་སྣང་ལས་གྲུབ་པའི་རྡོ་རྗེ་ཡིག་རྙིང་འགའ་རེར་རྩེ་ལྔ་ཡོད་ཀྱང་། དཔལ་སྤུངས་སྤར་མར་རྩེ་དགུ་མཛད་འདུག་པ་ནི། ཇི་སྐད་དུ་ཡང་། ཕྱག་གཡས་རྡོ་རྗེ་རྩེ་དགུ་འཕྱར༔ རྩེ་མོར་ཡེ་ཤེས་ཁྱུང་ཆེན་འཕྱོ༔ ཞེས་གསང་སྒྲུབ་ལྟར་ཡིན་འདུག་པས་ཁྱད་པར་ཆེ་བ་རང་

(༢༩༢)མེད་འདྲ། རྡོ་རྗེའི་ལྟེ་བ་ཟླུམ་པོ་སྦུབས་སྟོང་ཁང་སེང་གི་ནང་དུ་མནྡ་ར་ཝ་གཞུང་ལྟར་བསྒོམ་པའི་ལྟོ་བར་དྲག་པོའི་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ། ཏྲཀྴད་ཀྱི་གོང་ནོན་གསང་བདག་རྡོ་རྗེ་གཏུམ་པོ་རྡོ་རྗེ་དང་ཞགས་པ་ཐོགས་པ་བསྒོམ་པའི་རྩེ་མོར་གནམ་ལྕགས་ཀྱི་བྱ་ཁྱུང་གཤོག་སྒྲ་དྷི་རི་རི་འཕྱོ་བའོ། །ཕྱག་གཡོན་དུ་གཟེར་རེག་ཕུང་གི་ཕུར་པའི་རྒྱ་མདུད་གོང་མའི་རྩེ་མོར་གནམ་ལྕགས་ཀྱི་སྡིག་པ་འཕྱོ་ཞིང་རྒྱ་མདུད་གོང་མའི་ནང་དུ། རྡོ་རྗེ་ཕུར་པ་ལྗང་ནག་ཡ་བརྐྱང་སྐུ་སྨད་ཕུར་པའི་དཔལ་ལྡན་ཕྱག་གཉིས་ཀྱིས་སྲས་མཆོག་ཕུར་པ་འདྲིལ་ཞིང་འདེབས་པ་རྡོ་རྗེའི་གཤོག་པ་དང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀུན་རྫོགས་པའི་ལྟེ་བར་མེ་རླུང་དམར་ནག་འཚུབས་མའི་ཀློང་དུ་སྲས་མཆོག་ཡཀྴ་མེ་དཔལ་སྨུག་ནག་དུར་ཁྲོད་ཆས་བརྒྱད་ལྡན་པ་གཡས་ཐོ་བ་དང་གཡོན་ལྕགས་ཀྱུ་འཛིན་པ་དམ་སྲི་ཉི་ཟླ་པདྨའི་ཀརྨ་དགོན་པས་ཚིག་གི་དངོས་བསྟན་ལྟར་ཁྱུང་གི་ཁོག་བར་གཞལ་ཡས་ཁང་དུ་ཕྱག་རྡོར་སྡིག་པའི་ཁོག་པར་མེ་རླུང་དབུས་སུ་ཡཀྴ་མེ་དཔལ་སྒོམ་པ་ཡིན་པར་གསུངས་

(༢༩༣)གདན་ལ་འགྱིང་བར་བསྒོམ། ༈ །འདི་སྐབས་སྐུ་ལ་རུས་ཆེན་གྱིས་རྒྱན་དྲུག་དུར་ཁྲོད་ཆས་བརྒྱད་གསོལ༔ ཞེས་པ་ལས་ཆོས་གོས་དང་ཤམས་ཐབས་མེད་པ་འདྲ། ཡོད་ཀྱང་ན་བཟས་རྡོ་རྗེ་དང་པདྨ་ནི་སྒྲིབ་ཐོགས་མེད་པ། ཏཱ་ར་ན་ཐའི་གསང་བའི་རྣམ་ཐར་གསལ་ལོ། ཧ་ཧ། །ཡུམ་སེང་གདོང་མ་ལ་རྙིང་མ་ལྟར་ན་གཟིག་ཤམས་དང་རུས་རྒྱན་ཅན་ཡིན་ཀྱང་། གསར་མ་ལྟར་ན་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ་ནི་སྟབས་བདེ་བ་འདྲའོ། །ཧ་ཧ། དེ་ནས་རྩ་བསྐྱེད་པ་ནི། ཧཱུྃ་གསུམ་གྱི་དོང་གོང་བཞིན་མི་འདའ་བའི་ངང་ནས། ༈ །རང་ཉིད་རྡོ་རྗེ་གྲོ་ལོད་དང་མཁའ་འགྲོ་སེང་གདོང་ཡབ་ཡུམ་འཁྲིལ་སྦྱོར་ཐབས་ཤེས་རབ་གཉིས་སུ་མེད་པའི་ཡབ་ཀྱི་སྐུའི་ནང་དབུས་དབུ་མ་ཐུགས་ཀྱི་རང་བཞིན་སྔོན་པོ་གཡས་སུ་རོ་མ་ཤེས་རབ་ཀྱི་ངོ་བོ་ཡིན་ཀྱང་རྣམ་པ་སྐུའི་རང་བཞིན་ཐབས་བདེ་བ་ཆེན་པོ་མཚོན་པས་དཀར་པོ། གཡོན་དུ་རྐྱང་མ་ཐབས་ཀྱི་ངོ་བོ་ཡིན་ཀྱང་རྣམ་པ་ཤེས་རབ་ཀྱི་རང་བཞིན་དམར་པོ་བསྒོམ་

(༢༩༤)དགོས་ཤིང་། ༈ །ཆོས་དྲུག་སོགས་གཞན་ལ་གཡས་སུ་རོ་མ་དམར་པོ་དང་། གཡོན་རྐྱང་མ་དཀར་པོ་ཡིན་ཀྱང་རོལ་པ་རྡོ་རྗེའི་དྲག་ཁྲོས་དང་སྙན་རྒྱུད་ཟངས་སྦུབ་འདི་གཉིས་དགོངས་པ་གཅིག་ཡིན་ཅིང་རྟེན་འབྲེལ་ལྟོས་ཆོས་ཐབས་ཤེས་ཀྱི་འབྲེལ་པ་ཡིན་པས་མི་འགལ་བའི་རྒྱུ་མཚན་ཀུན་མཁྱེན་རང་བྱུང་རྡོ་རྗེའི་ཟབ་མོ་ནང་དོན་དུ་གསལ་བས་དེར་བལྟ་བ་ལས་འདིར་ཡི་གེ་མང་དུ་དོགས་པས་མ་བྲིས་སོ། ༈ །དེ་གསུམ་གྱི་མར་སྣེ་ལྟེ་འོག་སོར་བཞིའི་མཚམས་སུ་འདུས་ཤིང་། དབུ་མའི་མར་སྣེ་གསང་བའི་རྩ་འཁོར་གྱི་དབུས་སུ་ཟུག་པ། དབུ་མའི་ཡར་སྣེ་གཙུག་ཏོར་གྱི་རྩེ་མོར་རྡོ་རྗེ་ཕྱེད་པ་མཐིང་ཀ་དབུ་སྐྲ་རལ་པ་དམར་སེར་ཐོར་ཚུགས་བཅིང་བའི་རྩེར་ཏོག་གི་ཚུལ་དུ་མངོན་ལ་ལྟེ་བར་ཚེ་དཔག་མེད་དམར་པོ་ཡབ་ཡུམ་སྤྱི་འགྲོ་བསྒོམ་པ་ནི། རིགས་ཀྱི་བདག་པོ་སྟེ་རལ་བ་ཐོར་ཚུགས་བཅིངས་པའི་ལྷག་མ་རྣམས་གྱེན་དུ་བརྫེས་པ་ནི་གཞུང་ལས། དམར་སེར་རལ་བའི་གསེབ་ཏུ་ཚེ་དཔག་ཡབ་ཡུམ་བཞུགས༔

(༢༩༥)ཞེས་པ་དེའོ། དྲག་པོ་རྩལ་གྱི་ཡིག་ཆུང་ལྟར་རླུང་བུམ་པ་ཅན་ཁྱད་དུ་བཟུང་ཞིང་སྦྱངས་པ་ཡིན་ན། གཡས་གཡོན་རོ་རྐྱང་གི་སྣེ་གཉིས་སྣ་བུག་གི་སྒོར་ཟུག་པ་བསྒོམ་དགོས་ཏེ། རླུང་རོ་ཧ་ཡི་འདོན་པའོ༔ སོགས་ཀྱི་བསྟན་མོད། འདིར་ནི་བྱར་མེད་ཡང་ཏིའི་དགོངས་པ་བསྐྱེད་རྫོགས་དབྱེར་མེད་སྒོམ་པ་གཙོ་བོར་བསྟན་ནས་རླུང་དང་གཏུམ་མོ་སྔོན་དུ་གྲུབ་ཟིན་པའི་དབང་དུ་བཏང་བས། རོ་རྐྱང་སྣེ་ཡང་སྤྱི་བོ་གཙུག་ཏོར་ལ་རེག་པའོ། ཀུན་བཟང་གི་སྐབས་སུ་རྩ་འཁོར་རྣམས་གདུགས་ཀྱི་རྩིབས་མ་ལྟར་བསྒོམ་པ་ཡིན་ཀྱང་། འདི་སྐབས་རྩ་མདུད་འོད་ཀྱི་ཐིག་ལེ་དང་། འཇའ་འོད་ཐིག་ལེ་ཐིག་ཕྲན་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་བཅས་གསལ་འདེབས་དགོས་པས། རྩ་འདབ་ཀྱི་ཚུལ་ཐམས་ཅད་ལ། ཕྱོགས་བཞིར་རེ་རེ་དང་དེ་ལས་གྱེས་པ་སོགས་གཏེར་གསར་ཡང་དག་དང་འདྲ་བ་ལ་མི་འདྲ་བའི་ཁྱད་པར་བཅས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་གླིང་པའི་ཞལ་ཁྲིད་དཔེའུ་རིས་

(༢༩༦)ལྟར་བསྒོམ་པར་བྱའོ། ༈ །ཀླད་པ་དུད་ཁང་ངམ་སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས། དབུ་མའི་ནང་དུ་པདྨ་ཉི་ཟླའི་གདན་ལ་ཚེ་དཔག་མེད་ཡབ་ཡུམ་གཞུང་གསལ་ལྟར་དང་། ཕྱོགས་ཀྱི་རྩ་མདུད་འོད་ཀྱི་ཐིག་ལེ་བཞིར་ཚེ་ལྷ་རྒྱལ་བ་རིགས་བཞི། འོད་ཀྱི་ཐིག་ལེ་བརྒྱད་དུ་སེམས་དཔའ་ཡབ་ཡུམ་བརྒྱད་དང་བར་མཚམས་ཕྱི་རོལ་དུ་རྒྱལ་བ་རབ་འབྱམས་སྤྲིན་གཏིབས་པ་ལྟར་འཁྲིག་གིས་ཁེང་བའམ། ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟ་བུར་བསྒོམ། རྩ་སྦུབ་ཀྱི་ནང་ཐམས་ཅད་ཡེ་ཤེས་སྒྲོན་མེའི་ཐིག་ལེ། རྡོ་རྗེ་ལུ་གུ་རྒྱུད་རྟ་རྔ་ལ་མུ་ཏིག་བརྒྱུས་པ་འདྲ་བ་ཐོད་རྒལ་གྱི་འཆར་སྣང་རྣམས་ཕྱི་རོལ་མིག་གིས་འཁྲུལ་སྣང་ཙམ་མ་ཡིན་པར། རང་ལུས་ལ་འཇའ་འོད་ཐིག་ལེ་ལྷ་སྐུ་ཞི་ཁྲོ་རང་ལ་ཡོད་བཞིན་པ་མིག་གིས་བལྟ་མི་བཟོད་པར་རྩ་འདབ་ཐམས་ཅད་དུ་བསྒོམ་པ་ནི། ༈ །དུས་འཁོར་ལས་སྤྲིན་མེད་ནམ་མཁའི་རྣལ་འབྱོར་ལ་གནད་དུ་བསྣུན་པས་སྟོང་གཟུགས་རེ་ཁཱ་

(༢༩༧)ནག་པོར་སྲིད་པ་གསུམ་གྱི་གཟུགས་བརྙན་ཤར་བ་དང་། རྫོགས་ཆེན་ལས། ཐོད་རྒལ་ཟེར་ཁྲིད་ཀྱི་འཆར་སྣང་ཐམས་ཅད་ནང་དུ་གནས་པའི་རྟགས་ཕྱི་རོལ་དུ་འཆར་བ་ཡིན་ཀྱང་། ངེས་པའི་དོན་ལ་རྩ་འཁོར་སོ་སོའི་ལྟེ་བར་འོད་གསལ་རྟགས་བཅུ་འཆར་ཞིང་། ཁྱད་པར་རིག་པ་ལུ་གུ་རྒྱུད་མིག་དང་སྙིང་གི་དབུས་སུ་གདོད་ནས་འཆར་བ་སྟེ། དུས་འཁོར་བ་ཕྱི་མ་འགའ་ཞིག་གིས་ཕྱི་རོལ་གྱི་ནམ་མཁའ་ལ་མ་ཡིན་ཅིང་ནང་དབུ་མའི་ནམ་མཁའ་ཁོ་ནའོ། །ཞེས་དགག་པ་མཛད་ཀྱང་ཕྱི་ནང་གཉིས་ཀ་ཡིན་ཀྱང་འདི་སྐབས་ནང་བསྒོམ་པ་གནང་ཟབ་པའི་མཐར་ཐུག་ཡིན་ཅེས་གཏེར་ཆེན་རིག་པ་འཛིན་པ་མཆོག་གི་ཞལ་སྔ་ནས་གསུངས་སོ། ༈ །རྩ་འཁོར་ལྷ་ཡི་ཁ་དོག་ལྟར་བསྒོམ་ན་སྤྱི་བོ་དམར་པོ་དང་། མགྲིན་པ་དཀར་པོ་ཡིན་ཀྱང་དེ་གོ་ལྡོག་ཟེར་བ་སྒོམ་མི་རུང་བས། སྤྱི་བོ་དཀར་པོ་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པར་དམར་པོ་བཅུ་དྲུག །སྙིང་ཁར་སྔོན་པོ་བརྒྱད། ལྟེ་

(༢༩༨)བར་སེར་པོ་དྲུག་ཅུ་རྩ་བཞི། གསར་བར་ལྗང་གུ་སུམ་ཅུ་རྩ་གཉིས་རྣམས་གསལ་བའི་དབུས་སུ་གནས་ལྷ་རྣམས་གཞུང་ལྟར་ལ། སྣང་བ་མཐའ་ཡས་ཀྱི་ཡུམ་གོས་དཀར་མོ་དམར་མོ་མདའ་དར་ཚེ་བུམ། འཇིག་རྟེན་དབང་ཕྱུག་གི་ཡུམ་གསང་ཡེ་དཀར་མོ་པད་ཕྲེང་བུམ་པ། པདྨ་འབྱུང་གནས་ཀྱི་ཡུམ་མནྡཱ་ར་བ་དཀར་གསལ་མདའ་དར་བུམ་པ། ཡེ་ཤེས་མཚོ་རྒྱལ་གསེར་མདོག་གཡས་རྡོ་རྗེ་དང་མདའ་དར་རྔ་ཡབ་གཡོན་ཐོད་པ་ཚེ་བུམ་གྱིས་བརྒྱན་པ། ཡབ་པདྨ་བཛྲ་རྩལ་ལམ་པདྨ་འབྱུང་གནས་སངས་རྒྱས་ཐོད་པ་སེར་པོ་རྡོ་རྗེ་དྲིལ་བུ་འཛིན་པ་ཡུམ་ལ་ཡབ་འཁྲིལ་བ་སྟེ་གོ་ལྡོག་ཞེས་བྱ། གསང་བའི་ཏྲཀྴད་ལྷ་བསྐྱེད་སྐབས་ཡབ་རྐྱང་ལས་ཡུམ་གྱིས་གསལ་ཁ་མེད་ཀྱང་བསྙེན་སྐབས་གསལ་བར་སྒོམ་དགོས། ཕྱག་མཚན་མདུང་དར་བདུད་ཞགས་ལྕགས་ཀྱུ་དགྲ་སྙིང་བཅས་གསལ་གདབ་བོ། ༈ །དེ་ལྟར་གཞི་ལུས་ཀྱི་ལྷ་དང་རྩ་གནས་ཀྱི་ལྷ་རྣམས་སྐད་ཅིག་དྲན་རྫོགས་སུ་གསལ་

(༢༩༩)བཏབ་ནས། སླར་ཡང་ཕྱི་སྟོང་ར་རྡོ་རྗེ་གྲོ་ལོད་ཡབ་ཡུམ་གྱི་རྒྱན་ཆ་ལུགས་ཕྱག་མཚན་སྤྱན་གྱི་དཀར་ནག་ཚུན་རྣམ་པ་གསལ་བར་བསྐྱེད་ཅིང་། ཡབ་སྔགས་ཤྲཱི་ཧེ་རུ་ཀ་དང་ཡུམ་སྔགས་དྷཱ་ཀི་ཛྙཱ་ན་སྦྲེལ་ཏེ་བཟླ་བ་ནི་ལྷར་གསལ་བ་སྐུའི་བསྙེན་པའོ། ༈ །དེ་ནས་གསུང་བཟླས་པ་སྔགས་ཀྱི་བསྙེན་པ་ནི། མཁས་གྲུབ་རྡོ་བསྟན་འཕེལ་ཀརྨ་འཇམ་དབྱངས་རྣམ་རྒྱལ་གྱིས་ཟིན་བྲིས་སུ། ཐུགས་ཀའི་གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་ཀའི་ཆ་སྨད་དུ་ཉི་མ་ལ་གནས་པའི་ཧཱུྃ་གི་མཐར་ཤྲཱི་ཧེ་རུ་ཀ་དང་དྷཱ་ཀི་ཛྙཱ་ན་ནས་བསྐོར་བ་དང་། པད་འབྱུང་ཐུགས་དབུས་ཟླ་བའི་གདན་ལ་ཧཱུྃ་གིས་མཐར་ཐོད་ཕྲེང་རྩལ་གྱིས་བསྐོར་བ་དང་། ཤྲཱི་ཧེ་རུ་ཀའི་སྔགས་ཕྲེང་ལས་འོད་ཟེར་སྤོས་རིང་ཀྱི་དུད་པ་ལྟ་བུ་བྱུང་། གུ་རུའི་ཐུགས་དབུས་ཐོད་ཕྲེང་རྩལ་གྱི་སྔགས་འཁོར་དང་ལྷན་ཅིག་ལན་གསུམ་གཡས་སུ་བསྐོར། གུ་རུ་ཞི་བའི་ཐོད་ཕྲེང་རྩལ་གྱི་འོད་ཟེར་དང་ལྷན་ཅིག་གུ་རུའི་སྤྱི་བོ་ནས་

(༣༠༠)ཐོན་མགྲིན་པའི་འཇིག་རྟེན་དབང་ཕྱུག་གི་སྔགས་འཁོར་ལ་བསྟིམས་ཞིང་རིམ་པར་སྤྱི་བོ་དང་སྟོང་རའི་སྣ་བུག་གཡས་ནས་ཐོན་སྤྱི་བོའི་ཚེ་དཔག་མེད་ལ་བསྐོར་བ་སོགས་འདུག་པ། བསྐྱེད་པ་མ་ཧཱ་ཡོ་ག་དང་མཐུན་ཅིང་སྡོམ་རེ་མདོའི་སྔགས་འཆང་རྣམས་ཀྱི་ཞལ་རྒྱུན་ཡིན་པར་གྲགས་པས་སྤྲོ་ན་ཟིན་བྲིས་ཉེར་མཁོའི་གསང་ཚིག་ལ་གཟིགས་པར་ཞུ། པདྨ་ཉིན་བྱེད་ཀྱི་ཟིན་བྲིས་སུ་ཐུགས་སྨད་དུ་ཤྲཱི་ཧེ་རུ་ཀའི་སྔགས་ཕྲེང་སྒོམ་རྒྱུ་མི་འདུག །དང་པོ་ཐུགས་ཀའི་གུ་རུ་ཡབ་ཡུམ་གྱི་ས་བོན་ཧཱུྃ་མཐར་སྔགས་ཕྲེང་གཡས་སུ་འཁོར་བར་དམིགས་ལ། དེ་ལས་འོད་འཕྲོས་རྒྱལ་བ་མཆོད་སོགས་དང་། དུད་ཁང་སྣང་བ་མཐའ་ཡས་ཀྱི་ས་བོན་ཧྲཱིདང་སྔགས་ཕྲེང་སོགས་དང་གཞན་རྣམས་ལའང་རིགས་འགྲེའི་དམིགས་པས་ཁྱབ་གསུངས་འདུག་པས་གནས་ལྷ་རྣམས་ལའང་ས་བོན་སྔགས་ཕྲེང་བསྐོར་བ་གསལ་གདབ་ནས་བཟླས་པ་བྱ་བའི་ལུགས་སྲོལ་དུ་འདུག ༈ །བདག་ཅག་གི་འདྲེན་མཆོག་གཏེར་ཆེན་

(༣༠༡)ཆོས་ཀྱི་རྒྱལ་པོ་མཆོག་གྱུར་གླིང་པ་ལ་རང་རེས་ཟངས་སྦུབ་མའི་ཁྲིད་ཞུས་ཤིང་རྡོ་བསྟན་འཕེལ་གྱི་ཟིན་བྲིས་སུ་སྔགས་འཁོར་གནས་རྣམས་ནས་འགྲོ་ཚུལ་དེ་འདྲ་འདུག་ཞུས་བས། མི་ཤེས་ཨང་ཀཾ་ཚང་གི་བག་མོ་ལ་དེ་འདྲ་ཡོད་ཨི་དར་གསུངས། པདྨ་ཉིན་བྱེད་ཀྱི་ཟིན་བྲིས་སུ་གནས་ལྷ་སོ་སོར་བཀོད་ཚུལ་འདུག་ཞུས་པས། དེ་སྤྱི་ཁྱབ་ཞིག་རེད་ལེ། ༈ །འདིའི་དགོངས་པ་དངོས་ནི། ཕྱི་སྟོང་ར་གསལ་འདེབས་ཚེ་བཟླ་བ་ནི་སྐུ་ཡི་བསྙེན་པ་དང་། གསུང་སྔགས་བཟླས་ལ་ཐུག་ཚེ། ཐུགས་ཀའི་གུ་རུ་པདྨའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་མཐིང་ཀའི་མཐར་ཤྲཱི་ཧེ་རུ་ཀ་དང་དྷཱ་ཀི་ཛྙཱ་ནའི་སྔགས་སྦྲེལ་མ་གཡོན་དུ་བཀོད་ནས་གཡས་སུ་འཁོར་བ་བསྒོམ། དྲག་སྒྲུབ་སྐབས་ཟླ་དཀྱིལ་དེ་ཉིད་དཀྱིལ་དང་སྔགས་དེ་ཨ་རྩིག་དང་ཨཀསམརདགོས། སྔགས་རིང་པོ་བསྐོར་ཚེ་སྤྲུལ་འཁྱིལ་བ་ལྟ་བུ་ཞེས་སྦྲུལ་གྱི་མདོ་དཀྱིལ་དུ་ཡོད་ལིས་རེད། སྔགས་ཀྱི་མཇུག་ཕྱི་

(༣༠༢)ན་ཡོད་དགོས། གཏེར་གཞུང་དུ་གསང་སྔགས་ཐུགས་ཀའི་གུ་རུ་ཡབ་ཡུམ་ལ་བཀོད་པ་གནད་ཡིན་གསུངས་པ་འདི་ལས་ཅི་ཡང་མི་དགོས། གནས་ལྷ་རྣམས་ཀྱི་རྒྱན་ཆ་ལུགས་རྩ་འཁོར་ཐིག་ལེ་ཐིག་ཕྲན་འཁོར་དང་བཅས་པ་གསལ་འདེབས་ཤིང་བཟླས་པ་འདི་ལྷ་དང་རང་སེམས་རོ་མཉམ་རླུང་སྔགས་སེམས་གསུམ་གཅིག་ཏུ་དག་པའི་གནད། མ་རྒྱུད་ལུང་ཨ་ནུ་ཡོ་གའི་དགོངས་པ་འཁྲུལ་མེད་ཡིན། རྫོགས་ཆེན་དཀོན་མཆོག་སྤྱི་འདུས་ལ་སྔ་རབས་བས་སྔགས་ཕྲེང་གསལ་འདེབས་སོགས་མི་གསུངས་པར་བསྐྱེད་རྫོགས་དབྱེར་མེད་ཀྱི་ངང་ནས་བཟླས་པ་གཙོ་བོར་མཛད། ཕྱིས་སུ་མ་ཧཱ་ཡོ་གའི་དགོངས་པ་བསྐྱེད་རིམ་གཙོར་བཏོན་ནས་བསྙེན་དམིགས་ཐམས་ཅད་ཀྱིས་སྦྱར་བ་རེད་གསུངས་པ་ལྟར་བདག་ཅག་གི་བྱ་སླ་ཞིང་བྱིན་རླབས་དང་ལྡན་པ་ཕྱི་མ་འདི་ལྟར་མོས་པ་ལམ་དུ་བྱེད་པ་ལགས། དེ་ཡང་ཕྱི་སྣོད་ནང་བཅུད་འཁོར་འདས་སྣང་སྲིད་རིགས་དྲུག་གི་གནས་ཐམས་ཅད་ནས་རྡོ་རྗེ་གྲོ་ལོད་ཀྱི་རང་བཞིན་དུ་དམིགས་ཏེ་སྔགས་བཟླ་བ་ནི་

(༣༠༣)སྣོད་བཅུད་བྱིན་བརླབ་འཁོར་འདས་ཟིལ་གནོན། རིགས་དྲུག་གནས་སྟོང་གི་དམིགས་བཟླས་ཅེས་བྱའོ། ༈ །དངོས་གཞི་རྫོགས་པ་ཆེན་པོའི་དོན་བསྒོམ་པ་ལ། ཀུན་བཟང་ཡིག་ཆུང་ལེའུ་གསུམ་གྱིས་གཞི་ལམ་འབྲས་བུའི་རྣམ་བཞག་ཁོང་དུ་ཆུད་པར་བྱ་ཞིང་། ལེའུ་བཞི་པས་འཆི་བ་མི་རྟག་བ་སྒོམ་ཞིང་འཁོར་བ་ལས་ངེས་པར་འབྱུང་བའི་བློས་སེམས་རྒྱུད་བསྐུལ་ཞིང་འཁོར་བ་ལ་སྙིང་པོ་མེད་པ་ནི། ཕྱུགས་པོ་འཚོ་སྐྱོང་གི་སྡུག་བསྔལ། སྤྲང་པོས་མི་རྙེད་པའི་སྡུག་བསྔལ་གཉིས་ཆ་མཚུངས། འཆི་ཁ་རྒྱལ་པོ་བང་མཛོད་ལ་ཆགས་པ་དང་། སྤྲང་པོ་བར་རྒ་ལ་ཆགས་པ་གཉིས་ཁྱད་པར་མེད་པས་ཅིས་ཀྱང་དགོས་མེད་ཀྱི་ཞེན་པ་གཏིང་ནས་ལོག་པ་དང་། ལེའུ་ལྔ་པས་གསང་སྔགས་ཀྱི་རྩ་བ་དམ་ཚིག་ཕྱི་ནང་གསང་བ་ཡང་གསང་ཡེ་ནས་ཐུགས་གསང་སྦས་གསང་གི་དོན་ལས་ནམ་ཡང་མི་འདའ་བ་དང་། ལེའུ་དྲུག་པས་གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་ལྟུང་བཤགས་

(༣༠༤)ཤིང་། གསང་སྔགས་རྡོ་རྗེ་ཐེག་པ་ཚེ་གཅིག་གིས་གྲོལ་བའི་ཆོས་ལ་ཡིད་ཆེས་བསྐྱེད། ལེའུ་བདུན་པ་ལྷ་སྔགས་ཏིང་ངེ་འཛིན་གསུམ་གྱིས་རྫོགས་པ་ཆེན་པོའི་དོན་གཏན་ལ་དབབ་ཅིང་། བོགས་འདོན་ཐོད་བརྒལ་ཟེར་ཁྲིད་ལ་བསྟེན་ནས་ལམ་གྱིས་རྩལ་སྦྱངས་པ་རྣམས་གྲུབ་པས་དོན་གྱི་སྙིང་པོ་འདི་ཉིད་ཉམས་སུ་ལེན་པ་ཡིན་ཏེ། དེ་ཡང་སློབ་དཔོན་ཤྲཱི་སེ་དྷས། དང་པོ་ཐུག་པར་གཏུག །བར་དུ་བཞག་སར་ཞོག །ཐ་མ་འགྲོ་སར་ཐོད། ཞེས་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་གསུམ་གསུངས་པ་ལྟར། དང་པོ་ཐུག་པར་གཏུགས་པ་ནི། ཁྲིད་སྟོན་ཤེས་པའི་བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ་གཏུགས་ནས་སེམས་ཀྱི་བྱུང་གནས་འགྲོ་གསུམ་གྱི་གདར་ཤ་ལེགས་བར་བཅད་དེ་ཞུ་གཏུགས་བྱེད། བར་དུ་བཞག་སར་བཞག་པ་ནི། སེམས་གང་ཤར་ལ་སྤངས་བླངས་བཟོ་བཅོས་མེད་པར་འཇོག་པའོ། ཐ་མ་འགྲོ་སར་གཏོང་བ་ནི། ཉམས་སུ་མྱོང་རྗེས་ཏིང་ངེ་འཛིན་གྱི་རོ་ལ་ཞེན་པ་མེད་པར་འཛིན་མེད་དུ་གཏོང་

(༣༠༥)བའོ། ༈ །འདི་ཉིད་ཀྱི་སྙན་བརྒྱུད་ཚིག་རྐང་རྩ་བ་དངོས་ནི། ཡེ་གདོད་མ་ནས་བཞུགས་པའི་ལྷན་སྐྱེས་ཀུན་ཏུ་བཟང་མོ་འདི་ཉིད་ཀྱི་ངང་དུ་ཡེངས་མེད་དུ་དྲན་པས་ཟིན་བཞིན་ནམ་མཁའ་ལ་རླུང་རྒྱུ་བ་ལྟར་བལྟ་བར་བྱའོ༔ ཞེས་པ་འདིའི་དོན་མཇུག་ཚུགས་སུ་ངོ་སྤྲད་ན་མི་འོང་སྟེ། རྗེ་མཆོག་གྱུར་གླིང་པས། ཕྱག་རྫོགས་དབྱེར་མེད་ཀྱི་ལྟ་བ་འདི། །བཤད་མཁན་མང་སྟེ་ཤེས་མཁན་ཉུང་། ཞེས་གསུངས་པ་ལྟར། དང་པོ་གནས་འགྱུ་ངོས་བཟུང་ཞིང་། ལོག་ནས་བལྟ་བ་དང་། བལྟ་མཁན་ཡོད་པ་མ་ཡིན་པའི་གནས་པའི་ངོ་བོ་སེམས་བསྡད་ཡོད་པ་དེ་གར་ཡོད་མ་རིགས་པ་ལྟ་བུའི་ཡེངས་པ་མ་ཡིན་པར་གནས་ན་གནས་ཡོད། འགྱུ་ན་འགྱུ་ཡོད་བསམ་པ་དེ་མ་བརྗེད་པར་སྐྱོང་བ་ཡིན་ཏེ། དེ་ཡང་གནས་པ་སེམས་ཀྱི་ངོ་བོ། འགྱུ་བ་སེམས་ཀྱི་རང་མདངས་ཡིན་ཏེ། ནམ་མཁའ་ལ་རླུང་རྒྱུ་བའི་དཔེ་ནི། འགྱུ་བ་དངོས་མེད་སིལ་བུ་འདྲ། །འཛིན་པ་མ་ཞུགས་འགྱུས་པས་

(༣༠༦)ཆོག །ཅེས་གསུངས་པ་ལྟར། རྫོགས་པ་ཆེན་པོ་ལྟ་བ་ལ་ཀ་དག་ཡེ་གྲོལ་ཆེན་པོ་ཞེས་བྱ་སྟེ། སེམས་ལ་བློས་བྱས་ཀྱི་བསྐྱུར་བཀོད་སྤུ་རྩེ་ཙམ་ཡང་མ་སོང་དེ། ངོ་བོ་ཀ་ནས་དག་པའི་གདོད་ནས་དག་པ་ཆོས་ཀྱི་སྐུ་རང་ཡིན་ཀྱང་། སྒོམ་ཚུལ་གྲིམ་ལྷོད་རན་པ་གལ་ཆེ་བ་སྟེ། སྔོན་འཕགས་པ་ཀུན་དགའ་བོས་གྲོ་བཞིན་སྐྱེས་ལ་བསམ་གཏན་བསླབ་པས། དེ་ཉིད་རེས་འགའ་ནི་གྲིམ། རེས་འགའ་ནི་ལྷོད་པས་བྱ་དཀའ་བར་གྱུར་བ་ན། སྟོན་བའི་དྲུང་དུ་ཞུས་པས། བཀའ་སྩལ་བ། ཚེ་དང་ལྡན་པ་ཁྱོད་ཁྱིམ་ན་གནས་ཚེ་པི་ཝང་བསྒྲེང་ཤེས་སམ། གསོལ་བ། དེ་ནི་ཤིན་ཏུ་མཁས་པ་ལགས་སོ། །འོ་ན་བི་ཝང་གི་རྒྱུད་ཧ་ཅང་སྡོམ་པ་ལས་སྒྲ་སྙན་པ་འབྱུང་ངམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །འོ་ན་ཧ་ཅང་ལྷོད་པ་ལས་བྱུང་ངམ། དེ་ཡང་མ་ལགས་སོ། འོ་ན་ཐང་ལྷོད་རན་ང་ལས་བྱུང་ངམ། བཅོམ་ལྡན་འདས་དེ་བཞིན་ལགས་སོ། འོ་ན་ཚེ་དང་ལྡན་པ་ཁྱོད་ཀྱི་སེམས་ཀྱང་

(༣༠༧)དེ་བཞིན་ཏེ། ཧ་ཅང་གྲིམ་པ་ཡང་མ་ཡིན། ཧ་ཅང་ལྷོད་པ་ཡང་མ་ཡིན་པར་བསྒོམ་ཤིག །ཞེས་གསུངས་པ་བཞིན་ནོ། །ཕྱག་རྫོགས་དབྱེར་མེད་དུ་བསྒོམ་པ་ཤིན་ཏུ་ཟབ་ཤིང་། རྒྱལ་བ་ཡང་དགོན་པས་ཀྱང་ཕྱག་རྫོགས་དབྱེར་མེད་དུ་སྒོམ་པ་ཡིན་ཏེ། ཉིད་ཀྱི་གསུང་ལས། ཆོས་རྫོགས་ཆེན་ཞེས་པའི་སྒྲ་བོ་ཆེ། །སྤྲང་གོ་བའི་ལེན་ཕྱོགས་དེ་ལ་བྱས། །སྒོམ་ཅིག་ཆར་གྱི་རྟོགས་པའང་དེ་ལས་འཁྲུངས། ཞེས་དང་། ཆོས་རྗེ་རང་བྱུང་རྡོ་རྗེ་ལའང་ས་སྤྱོད་འོག་མིན་ཀརྨའི་གདན་སར་བི་མ་མི་ཏྲ་ཞལ་གཟིགས་ནས། རྫོགས་པ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པ་ན་ཀརྨ་སྙིང་ཐིག་དགོངས་པའི་གཏེར་ལས་ཕབ་པ་ཡིན་ཏེ། ཇི་སྐད་དུ་ཡང་། བདག་ནི་བི་མ་ལ་ཡི་བྱིན་གྱིས་བརླབས། །ཀརྨའི་ཡང་དགོན་དབེན་པར་འདུག་པའི་ཚེ། །ནམ་ལང་དུས་མཐར་ཤར་གྱི་ཕྱོགས་རོལ་ནས། །ལྟ་བས་མི་ངོམ་འོད་ཀྱི་མཛེས་པ་ཞིག །མངོན་སུམ་ལྟར་སྣང་བདག་གིས་མཛོད་སྒུར་

(༣༠༨)ཐིམ། །དེ་ནས་འབད་མེད་གནད་འདི་ཐམས་ཅད་གོ །ཞེས་གསུངས་པ་ལྟར་དང་། ཆོས་རྗེ་རོལ་པའི་རྡོ་རྗེ་འོག་མིན་ཀརྨར་བཞུགས་དུས་ཀུན་ཏུ་བཟང་པོའི་དགོངས་པ་མཐར་ཐུག་རྫོགས་ཆེན་ཐོད་རྒལ་གྱི་རྟོགས་པ་མངོན་དུ་གྱུར་བའི་ཚུལ་ཡང་། རྡོ་རྗེའི་མགུར་ལས། །རང་གསལ་སྙིང་པོ་སྟོང་གསལ་ཀུན་ཏུ་བཟང་། །གདོང་ནས་དག་པ་རྫོགས་པ་ཆེན་པོའི་དབྱིངས། །གཞི་ལྔའི་གདངས་ལ་རང་གསལ་ཀུན་ཏུ་ཁྱབ། འོད་ལྔའི་གདངས་ལ་མ་བཅོས་མཉམ་པར་བཞག །ཅེས་དང་། བདག་ཅག་གིས་འདྲེན་མཆོག་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་གླིང་པས་ཐུན་མོང་གདུལ་བྱའི་སྣང་ངོར་ཀརྨའི་གདན་སར་རྟོགས་པ་མངོན་དུ་གྱུར་ཅིང་རྩལ་བསམ་ཡས་མཆིམས་ཕུར་རྫོགས་པ་ཡིན། བསམ་ཡས་མཆིམས་ཕུ་དེ་བྱིན་ཆེ་བར་འདུག །ང་མཆིམས་ཕུར་སྡོད་ཚེ་རྨི་ལམ་དུ། ཁྱེད་རང་གིས་རྟ་དཀར་པོ་ཞིག་ཆིབས་ནས་མཁར་བསིལ་ཀྱང་སེང་ཧྲལ་ལེ་རྟ་རྒྱུག་བྱེད་གི་འདུག་པ་ཅི་རེད་བྱས་པས། ཕ་ཝང་ཞིག་གི་

(༣༠༩)ནང་དུ་ཨ་དཀར་པོ་ཞིག་ཡོད་པ་དེ་བསྐོར་བ་རེད་ཟེར་པ་རྨིས་མི་ཤེས་ཨང་གསུངས་ཀྱང་། གནས་བསྐོར་བ་ལས་སྐྱེ་མེད་ཀྱི་དོན་སྒོམ་པར་ཟབ་ཅིང་སྲ་མཁྲེགས་པ་ཝང་ལྟ་བུའི་རྟོགས་པར་དཀའ་བའི་བརྡ་ཡིན་ནམ་ཞུས་བས་རིན་པོ་ཆེ་ཨཏྨ་གརྦྷ་དྷོ་ཡི་སྙིང་པོ་ནི་མཆོག་གི་རིན་པོ་ཆེ་རེད་པས་དེ་འདྲ་ཡིན་ལེ་མི་གདའ་བསམ་ཡས་མཆིམས་ཕུར་སྒྲུབ་བ་གྱིས་གསུངས་པའང་རང་བཞིན་གྱི་འཕྲོས་དོན་ནོ། །གོང་བཤད་དབྱིངས་སྟོང་པ་ལྷན་སྐྱེས་ཀུན་ཏུ་བཟང་མོའམ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཇི་ལྟར་བསྒོམ་པའི་ཚུལ་ཡང་། རྒྱལ་བ་ཡང་དགོན་པས། །ཡེ་སྒོམ་ལ་བློ་ཡིས་མ་སྒོམ་མཛོད། །རང་བབས་ལ་བཟོ་ཡི་མ་བཅོས་མཛོད། །བློ་རྟོག་པ་ལ་རྐྱེན་དུ་མ་བལྟ་ཞིག །མི་རྟོགས་པ་ཁྱད་དུ་མི་སྒོམ་པར། སེམས་རང་ལུགས་སུ་ཞོག་ལ་རྒྱངས་སོ་ཚུགས། །སྒོམ་ཞི་གནས་ཀྱི་མཐིལ་དུ་ཕེབ་པ་ཅིག་འོང་གིས། ཞེས་དང་། །བློ་རྟོགས་པ་འགྱུ་བ་གནས་ལུགས་ཀྱི་སྒོ། །རང་ངོ་ཤེས་

(༣༡༠)པ་ཉམས་ལེན་གྱི་གནད། །སེམས་ངོས་བཟུང་མེད་པ་རྟོགས་པའི་དབྱིངས། །སྣ་ཚོགས་སུ་འཆར་བ་རིགས་པའི་སྒོ། །བློ་བྲལ་གྱི་གསལ་སྟོང་རྗེན་པ་འདི་ལ། ངང་ལ་བཞག་གིན་དབྱིངས་ལ་ལྟོས་དང་། སྒོམ་ལྷག་མཐོང་གི་མཐིལ་དུ་ཕབ་པ་ཅིག་དྲོང་གིས། །ཞེས་པའི་དོན་ཡང་བསྐྱར་ཟློས་པ་ལ་མ་འཛོམ་པར་ཞུ་ན། །སེམས་མ་བཅོས་རང་བབས་སུ་བཞག་ཚུལ་ལ། །སྔོན་དུ་འདི་བྱ་འདི་བྱེད་མི་བསམ། རྗེས་ཀྱི་འདི་བྱ་འདི་བྱེད་མི་དྲན་པར་ཤེས་པ་སོ་མ་ཞེས་པ་ད་ལྟའི་སེམས་དེ་ཅི་གནས་སུ་བཞག །བཟང་རྟོགས་ངན་རྟོག་ཅི་བྱུང་ཡང་འདྲ་བས་དེ་ཉིད་མ་བཅོས་པའི་ངང་ནས་ངོ་བོ་ལ་བལྟས་པས་སྟོང་ཆམ་གྱི་འགྲོ་བ་དེ་ཞི་གནས་ཡིན་ཏེ། རྣམ་རྟོག་རགས་པ་འགགས་ཀྱང་ད་དུང་ཕྲ་བ་ནི་འགགས་པ་མེད་པ་མང་དུ་ཡོད་པ་དེ་ཡང་རིགས་ཤིན་ཏུ་དཀའ། དང་པོ་རྣམ་རྟོག་མང་པ་འདྲ་ཞིག་འབྱུང་སྟེ་རྣམ་རྟོག་རིགས་པའི་དོན་ཡིན་པས་སྐྱོན་མེད། འཕྲོ་རྒོད་ཤིན་ཏུ་ཆེ་ཞིང་ཡེ་ནས་མི་གནས་ན། ཐོལ་གྱི་སྐྱེས་པ་རྦད་ཀྱི་བཅད་པ་སོགས་

(༣༡༡)གང་བདེར་བྱའོ། །འགྱུ་བ་ཤིན་ཏུ་ཕྲ་བ་དེ་ཡང་དག་ནས་གནས་འགྱུའི་བར་ལག་འགྱེལ་བ་ཞེས་རིགས་པའི་ངོ་བོ་ལྷག་གེར་མཐོང་བ་ལས་ལྷག་མཐོང་ཞེས་བྱ། དེ་ལྟར་ཡུན་ང་སྲིང་ཞིང་སྒོམ་པས་ཉམས་ལ་མཐོ་དམན་སྣ་ཚོགས་པ་འཆར་བ་སྟེ། རེས་འགའ་བ་དེ་གསལ་མི་རྟོགས་པའི་ཉམས་དགའ་ཡལ་ལེ་བ། རིས་འགའ་སེམས་བཞག་ཀྱང་མི་སྡོད་པར་འཚུབས་ལོང་ངེ་བ། གསལ་ཡང་མི་གསལ་ནག་ཐོམ་མེ་བ། རིག་ཀྱང་མ་རིག་གར་སོང་འདིར་སོང་མེད་འདྲ་འབྱུང་ཡང་། ཡི་མ་ཆད་པར་སེམས་ལ་གཟིད་བསྟོད་དེ། སེམས་འདི་ལ་བལྟས་པས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག །རང་གི་རྒྱུད་ལ་ཕན། ཚོགས་ཐམས་ཅད་ཆིག་རྫོགས། ལམ་ཐམས་ཅད་ཆིག་ཆོད། འབྲས་བུ་ཐམས་ཅད་ཡེ་རྫོགས་གཞན་སུ་ལས་ཀྱང་སེམས་ཀྱི་ངོ་བོ་སྐྱོང་བ་འདི་ལས་ཟབ་པ་མེད་པར་ཐག་བཅད། ཡང་དག་རྫོགས་འདི་སངས་རྒྱས་ཀྱིས་ཆུ་བོ་ན་རཻ་ཛ་ནའི་འགྲམ་དུ་ལོ་དྲུག་ལ་

(༣༡༢)སྐྱིལ་མོ་ཀྲུང་གཅིག་གིས་ངང་དུ་ཏིང་ངེ་འཛིན་ལ་བཞུགས་པ་ཡིན་ན། དེང་སང་གི་ཆོས་པས་ཁོམ་དུས་བསྒོམ། མ་བྱུང་དུ་སྐྱུར་བས་ལེན་པ་ཡིན་པས་བརྩོན་འགྲུས་བྱའོ་བསམ་པའི་སྙིང་སྟོབས་བསྐྱེད། ཆོས་དང་པོ་ཐོས་བར་དུ་ཐོས་དོན་བསམ། ཐ་མར་བསམ་དོན་སྒོམ་དགོས་པ་ཡིན་ཅིང་མ་སྒོམ་བར་ཆོས་ལ་ཞུགས་པས་མི་ཕན་པ་ནི། སྡོང་པོ་བཀོད་པ་ལས། །ཡང་དག་སངས་རྒྱས་བསྟན་པ་འདི། །གོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་གངྒཱའི་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་ལྟར། །སྐམ་ནས་ཤི་བར་གྱུར་བ་བཞིན། །མ་སྒོམ་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་བྱིན་གྱུར་ཀྱང་། །བདག་ནི་བཀྲེས་པས་ཤི་བ་ལྟར། །མ་སྒོམ་ཆོས་ཀྱང་དེ་བཞིན་ནོ། ཞེས་སོགས་མང་དུ་གསུངས་པ་བཞིན་ནོ། །སྒོམ་པའི་ཕན་ཡོན་ནི། །དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གིས་བསྐལ་གཅིག་བར་དུ་ཉན་པ་བས། གང་གིས་སེ་གོལ་

(༣༡༣)གཅིག་ཏོགས་པ་ཙམ་གཅིག་ཏུ་དེ་ཁོ་ན་ཉིད་སྒོམ་པ་བསོད་ནམས་ཆེའོ། ཞེས་དང་། སློབ་དཔོན་ཤྲཱི་སེདྷས། །གལ་ཏེ་གངྒཱའི་བྱེ་སྙེད་ཀྱིས། །སེམས་ཅན་ཀུན་ལ་ལུས་སྦྱིན་པས། །བསོད་ནམས་རྒྱ་ཆེན་གང་ཡིན་པ། །སྐད་ཅིག་སྒོམ་པའི་ཆར་མི་ཉེ། །གལ་ཏེ་གང་གཱའི་བྱེ་སྙེད་ཀྱིས། །སེམས་ཅན་ཀུན་གྱི་སྲོག་བསྐྱབས་པས། །རྩེ་ཅིག་བསྒོམ་པ་འབུམ་ཆར་མིན། །སྟོང་གསུམ་རིན་ཆེན་མཆོད་རྟེན་གྱིས། །ཁེངས་བྱས་བསོད་ནམས་གང་ཡིན་པ། །དེས་ཀྱང་སྒོམ་པའི་ཆར་མི་ཉེ། །སེམས་ཅན་ཀུན་ལ་རིན་ཆེན་ནོར། །ཕུང་པོ་མང་པོ་སྦྱིན་པ་ཡི། །དགེ་རྩ་ཏིང་འཛིན་ཆར་མི་ཉེ། །སྒོམ་པའི་བསོད་ནམས་ཚད་ལས་འདས། ཞེས་གསུངས་པ་ལྟར་སྒོམ་པས་ཉམས་སུ་བླངས་པས། ཉམས་དང་པོ་རྩེ་གཅིག་སྒྱུ་མ་ལྟ་བུའི་ཉམས་ན་གསལ་མེ་ཆེན་མཆེད་པ་ལྟ་བུ། ཉམས་གཉིས་པ་དུ་མ་རོ་གཅིག་སྟོང་པ་ཉིད་ཀྱི་ཉམས་མཚོལ་ཁ་བ་བབས་པ་ལྟ་བུ།

(༣༡༤)ཉམས་གསུམ་པ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཉམས་འཆར་ཏེ། ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའོ། ༈ །དེ་ནས་དུག་གསུམ་ལམ་དུ་ཁྱེར་ཚུལ་ནི། སྙན་རྒྱུད་རྩ་བར། ཞེ་སྡང་གི་ངོ་བོ་གསལ་བའི་རང་མདངས་ལ་གཅེར་གྱི་བལྟས་ཤིང་དེའི་ངང་དུ་མ་ཡེངས་པར་ཀློད་ལ་བཞག་པའོ༔ ཞེས་པ། དོན་ལ་བལྟ་བྱ་ལྟ་བྱེད་མེད་ཀྱང་། ལས་དང་པོ་བས་བལྟ་བྱ་ལྟ་བྱེད་གཉིས་སུ་ཡོད་པ་འདྲ་བ་འབྱུང་ཡང་། དོན་ལ་སེམས་ཀྱི་རང་མདངས་ལས་གཞན་མེད། དཔེར་ན་མི་གཞན་ཞིག་གིས་ཚིག་ངན་དྲག་པོ་བརྗོད་བྱུང་བའི་ཚེ་དེའི་ངོ་བོ་ལ་བལྟས་པས་ཀྱང་རེ་ཞིག་སེམས་ལ་ན་ཀ་རེ་འདུག་ཀྱང་མཐར་སྟོང་ཆོབ་ཀྱི་འགྲོ་བ་དེ་ཀའོ། ༈ །གཏི་མུག་གི་ངོ་བོ་གང་ཤར་གྱི་སྣང་བའི་ཡུལ་ལ་བག་ཆགས་སུ་ཞེན་པ་དེའི་ངོ་བོ་ལ་མ་ཡེངས་པར་རང་སེམས་དྲན་རྫི་དང་མ་བྲལ་བར་ཤར་གྲོལ་གྱི་ངང་དུ་ཀློད་ལ་བཞག་པའོ༔ གཏི་མུག་ཞེས་པ་ནི་མ་རིག་པ་སྟེ་དོན་སེམས་ངོ་མ་ཤེས་ནས་འཁྲུལ་

(༣༡༥)པ་དེ་ཡིན། འདི་གཞིའམ་རྩ་བ་ནས་བཤད་ན། སེམས་ཀུན་གཞི་བདེ་གཤེགས་སྙིང་པོ་གློ་བུར་དྲི་མས་སྒྲིབ་པ་མ་རིག་པའི་དབང་གིས། དམེད་པ་ལ་ང་དང་། བདག་མེད་པ་ལ་བདག་ཏུ་འཛིན་པས། ཕྱི་ནང་སྣོད་བཅུད་ཀྱང་འཁྲུལ་སྣང་ལ་ཨ་འཐས་པ་ཙམ་ལས་དངོས་པོར་མ་གྲུབ། སྐྱིད་སྡུག་ལེགས་ཉེས་ཐམས་ཅད་སེམས་ཀྱི་འཁྲུལ་སྣང་ཁོ་ན་ཡིན་པས། སྒྱུ་མའི་འཁྲུལ་འཁོར་སྒྱུ་མ་མཁན་རང་གི་ཤེས་ཤིང་། །གཞན་གྱིས་དངོས་པོར་ཞེན་ནས་ལོངས་སྦྱོང་ནས་འཁྲུལ་པ་སྟེ། བལྟ་ཚུལ་ནི་ཡུལ་དུ་སྣང་བའི་བག་ཆགས་དེ་ལ་དྲན་པས་བཟུང་ཏེ་ཞེན་པ་མེད་པར་རང་བབས་སུ་སྐྱོང་བ་ལས་གཞན་མེད་དེ། །སྣང་བས་མི་འཆིང་ཞེན་བས་འཆིང་། །ཞེན་པ་ཆོད་ཅིག་རྣལ་འབྱོར་པ། ཞེས་པ་དེའོ། འདོད་ཆགས་ཀྱི་ངོ་བོ་ཞེན་འདོད་ཀྱི་ཀུན་ནས་སློང་བའི་ནོར་རྫས་དང་ཡོ་བྱད་གཉེན་འདུན་དང་ཟླ་གྲོགས་ལ་སེམས་ཨ་འཐས་སུ་སོང་ཞིང་༔ རེ་དོགས་ཀྱིས་རློམས་པའི་

(༣༡༦)བློ་ཐམས་ཅད། དམིགས་གཏད་དང་མཚན་འཛིན་མེད་པར༔ རང་གྲོལ་འཛིན་མེད་གང་ཤར་ངོས་ཟིན་པའི་ངང་དུ་ཤར་གྲོལ་དུས་མཉམ་དུ་བཞག་པར་བྱའོ༔ ཞེས་པ་གོང་བཤད་མ་རིག་པ་གཏི་མུག་གིས་དབང་ལས། ཡུལ་ཡིད་དུ་མི་འོང་བ་ལ་ཞེ་སྡང་། ཡུལ་ཡིད་དུ་འོང་བ་ལ་འདོད་ཆགས་སྐྱེ་བ་ཡིན་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་རྟ་དང་གླང་པོ་བཟང་ངན་གཉིས་སུ་སྦྲུལ་ནས་སེམས་ངོ་མི་ཤེས་པའི་བྱིས་པའི་བློ་ཅན་སྐྱེ་བོའི་ཚོགས་རྣམས་བཟང་པོ་ལ་ཆགས་པས་འདོད་ཆགས་སྐྱེ། ངན་པ་ལ་སྣང་བས་ཞེ་སྡང་སྐྱེ། བར་མ་བག་ཆགས་ལ་མཚན་འཛིན་ཞུགས་པས་གཏི་མུག་སྐྱེས་ཏེ་འཁྲུལ་པ་ཡིན་པས། ངོ་བོ་ནི་རང་གི་ཡིད་དུ་འོང་བ་ལ་འཛིན་པ་ཞུགས་ནས་ཨ་འཐས་ཞེས་ཤིན་ཏུ་ཞེན་ནས། གཞན་ལ་ཡོད་པ་རང་གིས་ཐོབ་ཏུ་རེ་བ་རང་ལ་ཡོད་པ་གཞན་ལ་ཤོར་གྱི་དོགས་པའི་བློ་མི་བདེ་ལིང་ངེ་བ་ལ་དམིགས་གཏད་མཚན་འཛིན་མེད་པར་བཞག་པས་རང་སར་གྲོལ་བ་ལ་འཛིན་པ་མེད་པར་གང་ཤར་ངོས་ཟིན་ཤར་

(༣༡༧)གྲོལ་དུས་མཉམ་ཆུ་ལ་རི་མོ་བྲིས་པ་ལྟར་རང་བཞིན་རང་ཐིམ་གཞི་མེད་རྩ་བྲལ་དུ་བཞག་པའོ། །དེ་བཞིན་དུ་དུག་ལྔའི་རྟོག་ཚོགས་ལམ་དུ་ཁྱེར་ཚུལ་ནི། རྣ་བའི་རྣམ་ཤེས་ཀྱི་སྒྲ་ལྷང་ལྷང་ཐོས་པའི་ཚེ་སྒྲ་དེ་ལ་བརྟགས་དཔྱད་དང་བསམ་གཞིག་གང་ཡང་མི་བྱེད་པར། སྒྲ་ཐོས་མཁན་གྱི་རང་རིག་གི་ངོ་བོ་བསྐྱངས་ནས་ལམ་དུ་ཁྱེར་བ་ཡིན་པས། དེ་བཞིན་དུ་མིག །རྣ་བ། སྣ། ལྕེ། ལུས། ཡིད་རྣམས་ལ་འགྲེས་ཚུལ་ཨོ་རྒྱན་རིན་པོ་ཆེས་གསུངས། འདི་ལྟར་མིག་གིས་ཡུལ་དུ་སྣང་བ་ཡི༔ སོགས་ཀྱི་དོན་ལ་གཞོལ་བས་ཤེས་སོ། ད་དུང་ངོ་སྤྲོད་འདི་གལ་ཆེ་བས་ཞུ་ན། ཕྱག་རྒྱ་ཆེན་པོ་ལས། སྟོང་ཐོག་ཏུ་ངོ་སྤྲད། སྣང་ཐོག་ཏུ་རྩལ་སྦྱངས། སྣང་སྟོང་ཟུང་འཇུག་ཏུ་ཉམས་སུ་བླངས་པས། རྗེས་ཤེས་ཨ་འཐས་སུ་ཤར་བ་རྩེ་གཅིག །རྗེས་ཤེས་སྒྱུ་མར་འཆར་བ་སྤྲོས་བརླ། རྗེས་ཤེས་སྟོང་པར་འཆར་བ་རོ་གཅིག །མཉམ་རྗེས་འདྲེས་པའམ་བྲལ་བ་སྒོམ་མེད་དུ་གསུངས་

(༣༡༨)བ་ལགས་ཤིང་། རྫོགས་པ་ཆེན་པོའི་ལུགས་སུ་ངོ་རང་ཐོག་ཏུ་སྤྲད། ཐག་གཅིག་ཐོག་ཏུ་བཅད། གདེངས་གྲོལ་ཐོག་ཏུ་བཅའ་བ་ཞེས་གསུངས་ཏེ། དེ་ཡང་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་ད་ལྟར་གྱི་ཤེས་པ་ལ་བཅོས་བསླད་མ་བྱས་པར་གཉུག་མ་ལྷན་སྐྱེས་ཀུན་ཏུ་བཟང་མོའི་རང་ངོ་སྐྱོང་བ་ནི་ངོ་རང་ཐོག་ཏུ་སྤྲད་པའོ། ༈ །བཞི་ཆ་གསུམ་བྲལ་ཆོས་སྐུ་བློ་འདས་ཀྱི་དགོངས་པ་ནི། ཐག་གཅིག་ཐོག་ཏུ་བཅད་པའོ། དེ་གང་ཡིན་ན་དུས་གསུམ་གྱི་རྟོག་པ་དྲང་བྲལ་བས་གསུམ་བྲལ། ད་ལྟའི་རིག་པ་སོ་མ་ལ་བཞི་ཆ་ཞེས་བྱ་སྟེ། དྲན་བས་མ་བཅོས་སླད་མེད་པ་དེའོ། །དུག་གསུམ་དུག་ལྔ་གང་ཤར་གྱི་ངོ་བོ་ལ་བཅོས་པ་སླད་མི་བྱ་བར་བཟུང་། ཆེ་རེ་བལྟས་ཏེ་དེའི་ངང་ལ་ཀློད་པས་དྲན་རྟོག་རྗེས་མེད་དུ་ཡལ་བས་རྦ་རླབས་ཆུར་ཐིམ་པ་ལྟར་གང་ཤར་རང་གྲོལ་སྤངས་གཉེན་དང་བྲལ་བའི་ངང་ལ་གདེངས་ཆོས་པའོ། །རང་གྲོལ་འཛིན་མེད་ཤར་གྲོལ་དུས་མཉམ་ལ་གྲོལ་ལུགས་རྣམ་པ་དྲུག་སྟེ། རང་གྲོལ་ལ་

(༣༡༩)གཉེན་པོ་མེད་དེ་སྦྲུལ་མདུད་རང་སར་གྲོལ་བ་ལྟ་བུ། ༡ ཡེ་གྲོལ་ལ་བསྐྱར་གཞི་མེད་དེ་ནམ་མཁའི་མདུད་པ་ལྟར་གྲོལ་བ། ༢ གཅེར་གྲོལ་ལ་ངོ་བོ་མེད་པའི་གནད་གཅེར་གྱིས་མཐོང་བས་ངོ་ཤེས་པའི་མི་དང་འཕྲད་པ་ལྟར་གྲོལ་བ། ༣ རང་གྲོལ་ལ་སྙིང་པོ་མེད་དེ་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟར་གྲོལ་བས་རང་བཞག་ལ་ཐོབ་ཤོར་མེད་པ། ༤ འགྱུ་གྲོལ་རང་སར་དག་པས་ཆུ་ལ་རི་མོ་བྲིས་པ་ལྟ་བུ། ༥ ཤར་གྲོལ་དུས་མཉམ་ཡིན་པས་ཆུ་ལ་རལ་གྲི་བསྣུན་པ་ལྟར་གྲོལ་བའོ། ༦ ཐེག་པ་ཀུན་གྱི་ཡང་རྩེ་ཨ་ཏི་ཡོ་ག་ལ་ཕྱི་སེམས་སྟེ། ནང་ཀློང་སྡེ། གསང་བ་མན་ངག་སྡེའི་དགོངས་དོན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དྲི་མེད་འོད་ཟེར་གྱི་མཛོད་བདུན་དང་སྙིང་ཐིག་རྣམས་ལས་ཞི་བ་རྒྱས་ཤེས་པར་བྱ་ཞིང་། མདོར་བསྡུས་འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱིས་ཞལ་སློབ་རྗེ་ཤེས་རབ་འོད་ཟེར་གྱིས་གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་ལྟར་ཤེས་

(༣༢༠)པར་བྱ་ཞིང་གཅིག་ཤེས་ཀུན་གྲོལ་ཕྱག་རྫོགས་དབུ་གསུམ་དབྱེར་མེད་ཀྱི་ཉམས་ལེན་ལ་ཆུ་བོའི་རྒྱུན་ལྟར་བརྩོན་པར་ཞུ། ༈ །གཞི་གནས་ཀྱི་ཡེ་ཤེས་ལ་ངེས་ཤེས་བསྐྱེད་པ་ནི། སྙན་རྒྱུད་རྩ་བ་ལས། འཁོར་འདས་ཀུན་ལ་ཁྱབ་པའི་ཡེ་ཤེས་ནི༔ སངས་རྒྱས་ཀྱིས་མ་བསྒྲུབ༔ སེམས་ཅན་གྱིས་མ་བསླད༔ མངོན་དུ་གྱུར་པའི་རང་རིག་ཡེ་ཤེས་འདི་ཁོ་ནའོ༔ དེ་ཡང་འཁོར་འདས་ཀུན་ལ་ཁྱབ་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་སྒོམ་པས་མ་མཛད༔ སེམས་ཅན་སྒྲིབ་པས་མ་བཅོས་པ་སྟེ༔ ཇི་སྐད་དུ་ཡང་། གང་ལ་སྲེད་དང་མྱ་ངན་འདས་འཕྲོ་བ༔ ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ༔ ཞེས་དང་། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི༔ སེམས་ཅན་མེད་ཅིང་སངས་རྒྱས་མེད༔ ཅེས་གསུངས། སམྦུ་ཊི་ལས། ཕྱི་དང་ནང་གི་བདག་ཉིད་ཅན༔ འདི་དག་ཐམས་ཅད་སེམས་ཀྱིས་བཏགས༔ སེམས་ལས་མ་གཏོགས་པ་ཉིད་ནི༔ གཞན་དུ་

(༣༢༡)ཡོད་པ་མ་ཡིན་ནོ༔ ཞེས་གསུངས་པ་ལྟར་རོ། །སེམས་དེ་ལ་གང་འདྲ་ཡོད་ཅི་ན་ངོ་བོ་ཉིད་ལ་རྣམ་རྟོག་གསལ་ཙམ་རིག་ཙམ་རྒྱུན་མི་འཆད་པ་སྟེ། དེ་ཡང་ཡུམ་བར་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ནི་ཕྱིན་ཡང་མེད། ནང་ན་ཡང་མེད། གང་དུའང་གནས་པ་མ་ཡིན་ནོ། །ཞེས་དང་། འདས་རྗེས་ལས། །དང་པོ་སེམས་ཀྱི་བྱུང་བ་བརྩལ། །མ་རྙེད་ཆོས་ཀྱི་སྐུ་དང་མཇལ། །བར་དུ་སེམས་ཀྱི་གནས་ས་བརྩལ། །མ་རྙེད་ལོངས་སྤྱོད་རྫོགས་སྐུར་འཕྲད། །ཐ་མ་སེམས་ཀྱི་འགྲོ་ས་བརྩལ། །མ་རྙེད་སྤྲུལ་པའི་སྐུ་དང་འཕྲད། དེ་ལྟར་སེམས་དེ་གློ་བུར་གྱི་དྲི་མས་བསྒྲིབས་པ་མ་གཏོགས་ཡེ་གདོད་མ་ནས་སངས་རྒྱས་པ་ཡིན་ཏེ། །ཡེ་སངས་རྒྱས་གཅིག་ཡིན་པ་ལས། །ཡང་སངས་རྒྱས་གཅིག་འདོད་པ་འཁྲུལ། ཞེས་སོ། །དེ་ཡང་སངས་རྒྱས་ཆོས་ཀྱི་སྐུ་དེ་སྟོང་པ་ཅང་མེད་རི་བོང་གི་རྭ་ལྟ་བུའམ། མུ་སྟེགས་ཆད་ལྟ་ལྟ་བུ་ནི་མ་ཡིན་ཏེ། །

(༣༢༢)རྫོགས་ཆེན་ལས། །ཆོས་སྐུ་ཅི་ཡི་ངོ་བོར་མ་གྲུབ་པ། །སེམས་ཅན་ཤེས་རབ་ཆུང་བས་མེད་པར་གོ །ཞེས་གསུངས་པ་ལྟར། དངོས་པོ་གདོས་བཅས་སུ་མ་གྲུབ་ཀྱང་སྟོང་པའི་མདངས་མ་འགགས་པ་ལས་ངོ་བོ་སྐུ་རུ་བཞུགས། རང་བཞིན་འོད་དུ་བཞུགས། ཐུགས་རྗེ་ཟེར་གྱི་ཚུལ་དུ་བཞུགས་དེའི་རྩལ་ལས་ལོངས་སྤྱོད་རྫོགས་སྐུར་ཤར་ཏེ། བར་གནས་བྱང་སེམས་འཕགས་པའི་དོན་མཛད། སྤྲུལ་བའི་སྐུས་སེམས་ཅན་གྱིས་དོན་མཛད་པ་འདི་ལ་རྫོགས་ཆེན་ཡེ་གྲོལ་ཀློང་ཡངས་དགོངས་པ་ཞེས་བྱའོ། །སྐུ་གསུང་ཐུགས་ཀྱི་རྒྱ་དང་སྐལ་མེད་ལ་གསང་བས་དྷ་ཐིམ༔ ཞེས་སོ། །དཔལ་བྲོ་སྔགས་འཆང་གི་ལུགས་སུ་ཟློག་སྒྲུབས་ཀྱི་སྐབས་སུ། །འདིར་གསོལ་ཀ་བསྐང་པ་རྒྱུན་གསོལ་གྱི་རིགས་ཐམས་ཅད་གསུངས་པ་ལགས། ༈ །རྫོགས་པ་ཆེན་པོའི་རྗེས་ཐོབ་ཏུ་དྲག་པོའི་སྐུར་བཞེངས་པ་ནི། ཕྱིའི་སྟོང་ར་དེ་གྲོ་ལོད་སེང་གདོང་འཁྲིལ་སྦྱོར་ལ་དམིགས་ཏེ་དྲག་སྔགས་འདུས་པ་གཉིས་སྦྲེལ་བཟླས་

(༣༢༣)ཤིང་གྲགས་སྟོང་སྔགས་ཀྱི་རང་སྒྲས། སྣང་བ་སྣོད་ཀྱི་འཇིག་རྟེན། སྲིད་པ་བཅུད་ཀྱི་སེམས་ཅན། འགྲོ་བ་རིགས་དྲུག་གི་དཀྱིལ་འཁོར། འདས་པ་དག་པའི་ཞིང་ཁམས་ཀྱི་གཟུགས་ཅན་གཟུགས་མེད་ཐམས་ཅད་མཚོལ་ཁ་བ་བབས་པ་ལྟར་རང་ལ་བསྡུ་ཞིང་སྟོབས་བཅུའི་རྩལ་རྫོགས་པར་དམིགས། དེ་ནས་དྲག་པོར་གནས་བསྒྱུར་ལ། སྤྱི་བོའི་སྣང་མཐའ་གུར་དྲག་མི་འཁྱིལ་སྤྱི་ལྟར་ལ་ཡུམ་ཕག་མོ་དམར་མོ་གྲི་ཐོད་ཅན། མགྲིན་པའི་ཐུགས་རྗེ་ཆེན་པོ་རྟ་ཕག་འཁྲིལ་སྦྱོར་ཡབ་ཡུམ་གཉིས་ཀ་དམར་པོ། སྙིང་ཁའི་གུ་རུ་རྡོ་རྗེ་གྲོ་ལོད་ཡབ་ཡུམ་སྨུག་ནག །ལྟེ་བའི་ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་དྲེགས་འཇོམས་དཔལ་འོག་མིན་ཀརྨའི་བླ་མ་སློབ་དཔོན་གྱི་ཞལ་རྒྱུན་ལ་རྡོ་རྗེ་གོ་ལོད་སྤྱི་ལྟར་ལ་སྐུ་མདོག་ལྗང་ནག་སྒོམ་པ་ཡིན་གསུངས། འགའ་རེས་པདྨ་བཛྲ་དྲག་སྒྲུབ་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་། རྡོ་རྗེ་རྩེ་མོ་ལས་མེ་ཕུང་བྱ་ཁྱུང་འཕྲོ་བ་ཡུམ་མཐིང་ནག་གྲི་ཐོད་ཅན་དང་འཁྲིལ་བ་

(༣༢༤)དེ་བསྒོམ་པར་གསུངས། གསང་བའི་ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད་མཐིང་ནག་ཤིན་ཏུ་ཁྲོས་པ་ལས་ཀྱི་མཁའ་འགྲོ་ནག་མོ་གྲི་ཐོད་འཛིན་པ་དང་འཁྲིལ་བར་དམིགས་ལ་སྔགས་བཟླ། སྡེ་བརྒྱད་དམ་གི་བསྙེན་སྐབས་ལྗང་གུ་དང་། དྲག་བསྙེན་སྐབས་མཐིང་ནག་ཏུ་བསྒྱུར་དགོས་མཆན། བཞག་གི་དམིགས་པ་གཞུང་ལྟར་སྐུ་ལས་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ཁ་དོག་ལྔའི་རྩེ་མོར་ཡེ་ཤེས་ཀྱི་མེ་རླུང་དམར་ནག་འཚུབས་མ་འུ་རུ་རུ་འབར་བའི་ཀློང་ནས་ཕྱག་མཚན་རྣམ་བཞི་གྲངས་མེད་པ་སེར་བ་ལྟར་འཁྲིགས་ཤིང་ཐོག་ལྟར་འབེབས་པས་སྡེ་བརྒྱད་སྤྱི་དང་། ཁྱད་པར་གང་གནོད་ལ་བསྡིག་པ་ཙམ་གྱིས་སྲོག་སྙིང་ཕུལ་ནས་དམ་ལ་གནས་པ་དང་། བཀའ་ལ་མི་ཉན་པར་ཐམས་ཅད་རྗེས་ཤུལ་མེད་པར་རྩྭ་སྦུར་མེས་བསྲེགས་པ་ལྟར་ཐལ་བ་བུན་གྱིས་སོང་བར་བསྒོམ། དེ་ཡང་སྐུ་ལས་མེ་དཔུང་ཕྱག་མཚན་སྤྲོས་པ་ཙམ་གྱི་ས་དབང་དུ་བསྡུས་ནས་དམ་ལ་བཞག་པར་བསྒོམས་པས། གཟུགས་

(༣༢༥)ཅན་མི་དང་གཟུགས་མེད་ལྷ་འདྲེ་ཐམས་ཅད་དམ་པའི་ཆོས་སྒོར་ཞུགས་ནས་གྲོལ་བར་ཐེ་ཚོམ་མེད་དོ། །རྫོགས་ཆེན་ཐམས་ཅད་ཀྱི་སྙིང་པོ་གསང་བ་གནད་ཀྱི་ཞལ་གདམས་ཤོག་དྲིལ་ཟངས་ཀྱི་སྦུ་གུར་གཞུག་ནས་གོང་བའི་ཁུག་མར་སྦས་དགོས་ཞེས་ཤིན་ཏུ་བཀའ་རྒྱ་དམ་ཞིང་ཐུགས་རྩིས་ཆེ་བས་འབྲལ་སྤང་བྱའོ། བི་ཛ་ཡནྟུ། ཤུ་བྷཾ།། །།

(༣༢༦)

(༣༢༧)ཡེ་གསང་ཐུགས་གཏེར་ཟིན་བྲིས་ལས། མཁའ་འགྲོ་མནྡཱ་ར་བའི་སྒྲུབ་ཐབས་ཀྱི་དམིགས་ཟིན་བདེ་སྟོང་དཔལ་བསྐྱེད་ཞེས་བྱ་བ་བཞུགས་སོ། །

(༣༢༨)ན་མོ་གུ་རུ་ཌཱཀྐི་སཱ་ག་ར་རཱ་ཛཱ་ཡ། མཁའ་འགྲོའི་སྒོམ་ཟིན་ལ། ཟིན་བྲིས་རྣམས་སུ་གྲོ་ལོད་གནས་འགྱུར་གྱིས་མཚོ་རྒྱལ་སྒོམ་པར་གསུངས་ཀྱང་། གཏེར་གཞུང་ཡིག་ཆུང་ལས། རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ ལས་གཞུང་རྩ་ཆིངས་ནང་ལྟར་བསྐྱེད༔ འོད་ཞུ་རང་ཉིད་མཁའ་འགྲོར་བསྒོམ། ཞེས་གསུངས་པ་ལྟར། རྡོ་རྗེ་གྲོ་ལོད་འོད་དུ་ཞུ་བ་ལས་མཁའ་འགྲོའི་དཀྱིལ་འཁོར་བསྒོམ་དགོས་སོ། །དེ་ཡང་ཧཱུྃ་ཞེས་ཐབས་བདེ་བ་ཆེན་པོ་ཡབ་ཀྱི་ས་བོན་དང་བྷྱོ

(༣༢༩)ཞེས་ཤེས་རབ་སྟོང་པ་ཉིད་ཡུམ་གྱི་ས་བོན་གྱིས་རང་སྒྲ་གྲགས་པ་ཙམ་གྱིས་རྐྱེན་ལས་རིག་པའི་རང་རྩལ་མ་འགགས་པའི་འཕྲོ་འདུ་ལས། དོན་དམ་འགྱུར་བ་མེད་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་འཁོར་འདས་ཀུན་ལ་ཁྱབ་གདལ་དུ་གནས་པའི་ངང་ལ་མཉམ་པར་བཞག་པ་ནི། སློབ་དཔོན་བི་མ་ལས། ཅི་ལའང་མི་རྟོག །ཅི་ལའང་མི་འཛིན། ཅིར་ཡང་མི་དམིགས་པར་བཞག་གོ །ཞེས་གསུངས་པའི་དོན་ཡིན་ལ། དེའི་རང་མདངས་མ་

(༣༣༠)འགག་རིག་པ་རང་རིག་རང་གསལ་གྱི་འཕྲོ་འདུ་སྟེ་རྣམ་པར་རོལ་པ་ལས། བདག་ཉིད་ཀྱི་གོ་ས་དང་། མདུན་བསྐྱེད་ཨོ་རྒྱན་དྲག་པོ་རྩལ་གྱི་གཡོན་དུ། ཡེ་ནས་སྟོང་ཞིང་ཁྱབ་པར་གདལ་བའི་ཕོ་བྲང་ཆེན་པོ་ནི། ཡེ་ཤེས་ལྔའི་འོད་ཀྱི་གུར་ཁྱིམ་ཡིན་ཏེ། གཏེར་གཞུང་ཡིག་ཆུང་ལས། རང་མདུན་མཁའ་དཀྱིལ་འོད་ཀྱི་གུར༔ ཁ་དོག་ལྔ་ལྡན་གསལ་བའི་དབུས༔ ཡུམ་མཆོག་ཡེ་ཤེས་མཁའ་འགྲོ་བསྐྱེད༔ ཅེས་གསུངས་པ་ལྟར། ཁ་དོག་ལྔ་ལྡན་འོད་ཀྱི་ཐིག་ལེ་ཟླུམ་ཧྲིལ་སྒོ་ང་ལྟ་བུ་ལྔ་བསྒྲགས། ནང་ནས་རིམ་བཞིན་དཀར། སེར། དམར། ལྗང་། སྔོ་བ་རྒྱ་ཁྱོན་ཚད་མེད་པར་དམིགས། དེ་དབུས་སྣ་ཚོགས་པདྨའི་ཟེའུ་འབྲུར་ཉི་དཀྱིལ་དམར་སེར་སྟེང་ཞིང་རྐྱང་སྟེ་རོ་རྐྱང་པ་གཅིག་གི་གདན་ལ། རང་རིག་གི་ངོ་བོ་བྷྱོ་ཡིག་མ་རྒྱུད་མཁའ་འགྲོ་ཡོངས་ཀྱི་སྲོག་སྔགས་དཀར་གསལ་ཉི་མ་ལྟར་འཚེར་བ་ལས་འོད་འཕྲོས། རྒྱལ་བ་མཆོད། སེམས་

(༣༣༡)ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། མཁའ་འགྲོ་མཚོ་རྒྱལ་གཞུང་གསལ་ལྟར་ན་དགོས་དམར་པོ། དར་བེར་དཀར་པོ། དར་དཔྱད་མཐིང་ག །སྐུ་རེག་ལྗང་གུ །མེ་ཏོག་དམར་པོའི་ཕྲེང་བ་ལ་གནས་པའི་ཐོད་སྐམ་ལྔའི་དབུ་རྒྱན། ཐོད་སྐམ་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་ཕྲེང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། དབུ་སྐྲ་ཐོར་ཚུགས་བཅིངས་བའི་རྩེར་ནོར་བུ་རིན་པོ་ཆེ་འབར་བས་བརྒྱན་པ། ཐོར་ཚུགས་བཅིངས་ལྷག་སྐུ་རྒྱབ་ཏུ་གྲོལ་བ། དར་སྣ་ལྔའི་ཅོད་པན་ཕྱོགས་མཚམས་སུ་འཕྱོ་བ། ཕྱག་གཡས་ཚེ་ཡི་དངོས་གྲུབ་སྩོལ་བར་མཛད་པའི་མདའ་དར། ཉོན་མོངས་གདུང་བ་སེལ་བའི་རྔ་ཡབ། ཡེ་ཤེས་ལྔ་ལྡན་གསེར་གྱི་རྡོ་རྗེ་བཅས་ནམ་མཁའ་ལ་ཕྱར་བ། ཕྱག་གཡོན་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཐོད་པ། ཉོན་མོངས་ཟག་པ་མེད་པའི་བདུད་རྩིར་གཏམས་པ། འཆི་མེད་ཚེ་བཅུད་འཛིན་པའི་བུམ་པ་ལ་

(༣༣༢)དགོས་འདོད་འབད་མེད་འབྱུང་བའི་དཔག་བསམ་ཤིང་གི་ཡལ་ག་ལོ་འདབ་མེ་ཏོག་དང་ལྡན་པས་སྤྲས་པ། ཐུགས་ཀར་བསྣམས་ཤིང་སྐུ་ལ་བརྟེན་པ་དང་མཁའ་ལ་བསོར་བ་སོགས་ཕྱག་གིས་གར་སྟབས་བསྒྱུར་བའོ། །དཀར་འཛིན་ཏེ་ནུ་མ་འབུར་བ་ཆུ་འཛིན་ཏེ་བྷ་ག་རྒྱས་པ། རིན་པོ་ཆེའི་རྒྱན་ཆས་བརྒྱད་དང་ལྡན་པ། དཔེ་རྒྱུན་ལ་ལར་ཞབས་ལྷམ་དར་མགོ་མ་གསོལ་བ་བྲིས་འདུག་ཀྱང་། ཆོས་བདག་ཀརྨ་འགྱུར་མེད་ཀྱིས་ཕྱག་བྲིས་སུ་ཞབས་རྗེན་བྲིས་འདུག །འཇའ་འོད་ཀྱི་རྩེར་ཡེ་ཤེས་ལྔའི་མེ་འབར་བའི་དབུས་སུ་གནས་པའོ། །གཞན་གཞུང་གསལ་ལྟར་རོ། །གནས་ལྷ་ཕག་མོ་ལྷ་ལྔ་དང་། སེར་གདོང་ལྷ་ལྔའི་ཁ་ཊཱྃ་ཐམས་ཅད་རྩེ་གསུམ་ཡིན། སེང་ཞལ་རྣམས་ཀྱང་རང་མདོག་ཡིན། ཏྲཀྴད་ཀྱི་ཆོས་འབྱུང་བསྣོལ་མ་མི་དགོས། མཐིང་ནག་གྲུ་གསུམ་པའི་ཟུར་གཅིག་མདུན་རྟེན་བསླངས་ཐབས་སྒོ་མེད་པ་དམར་གཏོར་མགོ་མཇུག་ལྡོག་པ་

(༣༣༣)ལྟ་བུའོ། དེ་རྣམས་ཀྱི་འཁོར་རྣམས་རང་རང་གི་གཙོ་བོ་ལ་ཞལ་ཕྱོགས་པའོ། །དེ་ལྟར་གཞི་ལུས་དང་འཁོར་ལོ་ལྷའི་ལྷ་ཐམས་ཅད་ཀྱང་ཐུགས་ལ་མ་རིག་པ་མེད་པས་ཟླ་བ་ལྟར་གསལ་བ། ཡེ་ཤེས་དང་ཡོན་ཏན་རྒྱས་པས་ཉི་མ་ལྟར་འཚེར་བ། མཚན་དང་དཔེ་བྱད་རྫོགས་པས་རི་རྒྱལ་ལྷུན་པོ་ལྟར་བརྗིད་ཅིང་ལྷུན་ཆགས་པ། ཐམས་ཅད་ཟིལ་གྱིས་གནོན་པས་ཡིད་བཞིན་ནོར་བུ་ལྟར་གཟི་འོད་འབར་བ་གསལ་བཏབ་བོ། །རང་རང་ཐུགས་སྲོག་ཡིག་འབྲུ་ཞེས་པ། བག་མོའི་ཐུགས་ཀར་ཧྲཱིཡིག་དམར་པོ་དང་། འཁོར་བཞིའི་ཐུགས་ཀར་ཧ་སྔོན་པོ་རི་སེར་པོ་ནི་དམར་པོ་ས་ལྗང་གུ། སེང་གདོང་མའི་ཐུགས་ཀར་ཧཱུྃ་མཐིང་ནག །འཁོར་བཞི་ལ་ཧ་དཀར་རི་སེར་ནི་དམར་ས་ལྗང་། པད་འབྱུང་གཙོ་འཁོར་དགུ་ལ་ཧྲཱིཡིག་དཀར་པོ་དགུ། གྲོ་ལོད་གཙོ་འཁོར་དགུ་ལ་ཧཱུྃ་ཡིག་དམར་ནག་དགུ། ལས་མགོན་ཐུགས་

(༣༣༤)ཀར་ཧཱུྃ་ཡིག་མཐིང་ག་དུ་ནག་པོས་མཚན་པ་འཁོར་བརྒྱད་ལ་དུ་ཡིག་ནག་པོ་བརྒྱད་གསལ་གདབ་ལ་རང་རང་སོ་སོའི་ཐུགས་སྲོག་ལས་འོད་ཟེར་རང་མདོག་སྦོས་རིང་ཀྱི་དུད་པ་ལྟར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས་གསང་སྔགས་མ་རྒྱུད་ཀྱི་བླ་མ་རྣམས་སྤྱན་དྲངས་ནས་བདག་མདུན་མཚོ་རྒྱལ་མའི་འཁོར་ལོ་ལྔའི་ལྷ་རྣམས་ལ་སིབ་སིབ་ཐིམ་བས་དབང་དང་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྫོགས་པར་བསྒོམ། གསང་སྔགས་མ་བརྒྱུད་བླ་མ་ནི། རྡོ་རྗེ་ཕག་མོའི་ཐུགས་ཀྱི་དགོངས་པ་ཡི༔ མཁའ་འགྲོ་སེང་གེའི་གདོང་ཅན་ཐུགས་བརྒྱུད་ནས༔ རྡོ་རྗེ་དྲག་པོ་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསང་སྔགས་མ་བརྒྱུད་ཀྱི་བླ་མ་ལ་གསོལ་བ་འདེབས༔ ཞེས་གསུངས་པ་ལྟར་རོ། །དེ་ཐམས་ཅད་ཀྱིས་བསྐྱེད་རིམ་རྣམ་པ་གསལ་ཞིང་རྣམ་དག་དྲན་པར་བྱའོ། །སླར་ཡང་བདག་མདུན་མཁའ་འགྲོ་མཚོ་རྒྱལ་གྱི་ཐུགས་ཀ་ནས་འོད་ཟེར་

(༣༣༥)དམར་པོ་ལྕགས་ཀྱུ་ལྟ་བུར་འཕྲོས། མ་མོ་མཁའ་འགྲོ་དབང་དུ་བསྡུས་ཤིང་དྲེགས་པ་སྡེ་བརྒྱད་བྲན་དུ་བཀོལ། ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་འགྲུབ། གསང་གསུམ་འགྱུར་མེད་རྡོ་རྗེའི་རང་བཞིན་གྱི་བཅོམ་ལྡན་འདས་མ་སྐུ་གསུམ་གྱི་བདག་ཉིད་ཅན་ངའོ་སྙམ་པའི་ལྷར་སྣང་ལ་ང་རྒྱལ་བརྟན་པར་བྱའོ། །དེ་ནས་སྤྱན་འདྲེན་པའི་ཕྱིར་སྔགས་ཀྱི་སྙན་གསན་དབབ་བོ། ཨོཾ་སྔགས་ཀྱི་མགོ་འདྲེན་ནོར་བུ་འཛིན་པའི་སྔགས་ཧྲཱིཔདྨ་རིགས་ཀྱི་སྲོག་སྔགས་དྷཱ་ཀི་མཁའ་འགྲོ་ཛྙཱ་ན་སཱ་ག་ར་རཱ་ཛ་ཡེ་ཤེས་མཚོ་རྒྱལ་ཧ་རི་ནི་ས་རིགས་བཞི་མཁའ་འགྲོའི་སྲོག་སྔགས་མ་བྷྱོ མ་མོ་མཁའ་འགྲོའི་སྲོག་སྔགས་སིདྡྷི་སརྦ་དངོས་གྲུབ་ཐམས་ཅད་ཛ དངོས་གྲུབ་འགུགས་པ་སྟེ་སྡུས་ཤིག་ཅེས་པ་དང་། ཧཱུྃ་ནི་དབྱེར་མེད་དུ་བསྟིམ་ཞིང་བརྟན་པའི་དོན་ཏོ། འཁོར་འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྣམས་ནི་འཇའ་གུར་གྱི་ནང་ཕྱོགས་མཚམས་བརྒྱད་དང་མཁའ་འགྲོའི་

(༣༣༦)དབུ་སྟེང་གི་ནམ་མཁའ་འཇའ་གུར་ནང་དང་འོག་ཕྱོགས་པད་གདན་གྱི་འོག་གི་འཇའ་གུར་ནང་དུ་སྐུ་མདོག་ཕྱག་མཚན་གཞུང་ལྟར་བསྒོམ། ཆོས་བདག་ཀརྨ་འགྱུར་མེད་ཀྱི་ཕྱག་བྲིས་ཐུགས་དམ་ཞལ་ཐང་དུ་འབུམ་ཕྲག་བཅུ་ལ་མཁའ་འགྲོ་བཅུ་བྲིས་འདུག་པ་ལ་ཐམས་ཅད་ནང་གོས་དང་བེར་གསོལ་བ། མེ་ཏོག་གི་ཕྲེང་བ་ཅན་དབུ་ལ་རིན་པོ་ཆེའི་སྲོག་ཞུ་དང་། རིན་པོ་ཆེའི་རྒྱན་ཅན་ཞབས་གཡས་བསྐུམ་གཡོན་བརྐྱང་གི་གར་སྟབས་སུ་བཞེངས་པ། ཞབས་རྗེན་པད་ཉི་རྐྱང་པ་མ་གཏོགས་རོ་གདན་མི་འདུག །སྐུ་མདོག་ཤར་དང་ཤར་ལྷོ་དཀར། ལྷོ་དང་ལྷོ་ནུབ་སེར། ནུབ་དང་ནུབ་བྱང་དམར། བྱང་དང་བྱང་ཤར་ལྗང་། སྟེང་ཕྱོགས་སྔོ། འོག་ཕྱོགས་ནག་པོའོ། ལར་ལོངས་སྐུའི་ཆས་དང་དར་གྱི་ཆས་གོས་ལྔ་ལྡན་གསོལ་བ་བྱས་ཀྱང་ཆོག །བཀའ་བརྒྱད་དུ་འབུམ་ཕྲག་ཉི་ཤུའི་མཁའ་འགྲོ་ཞེས་ཀྱང་གསུངས་སོ། །དེ་ནས་རང་ཉིད་ལྷར་གསལ་ཞིང་ང་རྒྱལ་བརྟན་

(༣༣༧)བོས་བཀའ་བསྒོ་ཞིང་སྤྱན་འདྲེན་པར་བྱ་བ་ནི། འཁོར་འབུམ་ཕྲག་བཅུའི་མཁའ་འགྲོའི་སྲོག་ཡིག་བྷྱོ རང་མདོག་གིས་མཚན་པ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས། ཨོ་རྒྱན་ཡུལ་དང་མཁའ་སྤྱོད་ཀྱི་ཞིང་རབ་འབྱམས་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་རྣམས་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་བྱོན་པར་དམིགས། སྤྱན་འདྲེན་ཕྱིར་མཁའ་འགྲོའི་སྲོག་སྔགས་ཡིག་འབྲུ་ཉེར་གསུམ་མ་ལན་གསུམ་འབྱུང་བའི་དང་པོས་སྙན་གསན་ཕབ། བར་པས་ཐུགས་དམ་བསྐུལ། རྗེས་མའམ་ཐ་མས་མངོན་སུམ་དུ་སྤྱན་དྲངས་ནས་བདག་མདུན་མཁའ་འགྲོའི་ལྷ་ཚོགས་ལ་སོ་སོར་བསྟིམ་མོ། ༈ །དེ་ནས་བདག་མདུན་སོ་སོ་ལ་མཆོད་པའི་ལྷ་དང་ལྷ་མོ། ལས་ཀྱི་སེམས་དཔའ་དང་སེམས་མའི་རྣམ་པར་ཕྱིར་ཐོན་ནས། བདག་མདུན་སོ་སོར་གདན་ལ་བཞུགས་གསོལ་ཕྱག་མཆོད་བསྐང་བཤགས་བསྟོད་པ་རྣམས་བྱ་བ་ནི། འཕྲུལ་དགའི་ཚུལ་ཏེ་ཐ་

(༣༣༨)དད་མིན། ཅེས་གསུངས་པ་ལྟར་རང་ལས་སྦྲུལ་ཞིང་རང་ལ་མཆོད་པས་ན་དེ་སྐད་ཅེས་བྱའོ། ༈ །བཞུགས་གསོལ་གྱི་སྐབས་སུ། རབ་འཇིགས་གཏུམ་རྔམ་དུར་ཁྲོད་ཆེ ཞེས་པ་ནི་མ་རིག་འཁོར་བའི་དུར་ཁྲོད་ཡོངས་སུ་དག་པར་བྱ་བའི་ཕྱིར། ཀུན་འབྱུང་སེམས་ཀྱི་དུར་ཁྲོད་ཆེན་པོར། རྟོག་པ་ལྟ་བའི་དུར་ཁྲོད་ཀྱིས་དགོངས་པས་གྲུབ་པ་གནས་ཀྱི་དུར་ཁྲོད་དུ་བྱིན་གྱིས་བརླབས་ཏེ་ལྷུན་གྱིས་གྲུབ་པར་འགྱུར་མེད་རྡོ་རྗེའི་བྲག །སྐྱོན་བྲལ་པདྨའི་གེ་སར། མུན་སེལ་ཉི་ཟླའི་དཀྱིལ་འཁོར་ལ་བརྟན་པར་བཞུགས་སུ་གསོལ་ནས། དག་པ་ལུས་ཀྱི་ཕྱག །གཙང་བ་ངག་གི་ཚིག །དྭངས་པ་མོས་པའི་བློ་སྟེ་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་བའོ། ༈ །མཆོད་པ་འབུལ་བ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་བླ་མེད་སྤྱིའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་དང་། བདུད་རྩི་རཀྟའི་མཆོད་པ་འབུལ་བའོ། གཉིས་པ་བྱེ་བྲག་ལ། ཕྱི་ཉེར་སྤྱོད་འདོད་ཡོན།

(༣༣༩)ནང་ལོངས་སྤྱོད་ཆས་གོས། གསང་བརྟེན་རྫས་སྤྱན་གཟིགས་ཀྱི་མཆོད་པའོ། །དེ་རྣམས་ཀྱི་བརྡ་དོན་ནི་གཞུང་ནས་ཤིན་ཏུ་གསལ་བ་དེ་ལྟར་ལས་འགྲེལ་མི་དགོས་སོ། །དེ་ལྟར་མཆོད་པའི་བྱེ་བྲག་ཕྱི་ཉེར་སྤྱོད་འདོད་ཡོན། །ནང་དམ་རྫས་ཤ་ལྔ་བདུད་རྩི་ལྔ། སྨན་རག་གཏོར་མ་གསུམ། གསང་བ་ཧེ་རུ་ཀའི་ཆས་གོས། ཡང་གསང་བརྟེན་བསྐང་སྒྲུབ་པའི་རྫས་ཀུན་བཟང་མཆོད་པའི་སྤྲིན་ཕུང་མཐའ་ཡས་བསམ་རྒྱུད་མཁའ་འགྲོའི་ལྷ་ཚོགས་ཐུགས་དམ་བསྐང་བའོ། །བཤགས་པ་ནི། རྩ་བའི་བླ་མའི་སྐུ་གསུང་ཐུགས་དང་འགལ་བ་མཐོལ་ཞིང་བཤགས་པ་དང་། དེ་བཞིན་དུ་བསྐྱེད་རིམ་སྐུའི་དམ་ཚིག །བཟླས་བརྗོད་གསུང་གི་དམ་ཚིག །རྫོགས་རིམ་ཐུགས་ཀྱི་དམ་ཚིག་ལས་འགལ་བ་བཤགས་པ་དང་། བླ་མ་སྐུ། ཡི་དམ་གསུང་། ཆོས་སྐྱོང་ཐུགས་དང་། ལེ་ལོ་འཆལ་སྤྱོད་ངོས་ལྐོག་སྐུ། སེམས་བསྐྱེད་ཆུང་བ་གསུང་། ཉེས་མེད་སེམས་ཅན་མནར་བ་ཐུགས། གསང་སྔགས་ལ་མ་དད་པ་སྐུ། མཐུན་པའི་དམ་རྫས་དུས་ཚོད་དང་འབྲེལ་བར་མ་སྤྱོད་པ་གསུང་། མཚན་ལྡན་གྱི་ཕྱག་རྒྱ་སྨོད་ཅིང་བརྙས་པ་ཐུགས་ཀྱི་དམ་ཚིག་ལས་འགལ་ཉམས་འདས་རལ་

(༣༤༠)ཐམས་ཅད་མཐོལ་ཞིང་བཤགས་པའོ། །བྱང་ཞིང་དག་ནས་བདག་གི་ལུས་ངག་ཡིད་གསུམ་རྒྱལ་བའི་གསང་གསུམ་དབྱེར་མེད་རོ་གཅིག་ཏུ་མངོན་པར་བྱང་ཆུབ་པ་སྟེ་སངས་རྒྱས་པའི་སྨོན་ལམ་གདབ་པའོ། །དེ་དག་ནི་གསང་སྔགས་སྤྱིའི་དམ་ཚིག་ཡིན་ལ་བྱེ་བྲག་མཁའ་འགྲོའི་དམ་ཚིག་གཏེར་ཁ་གཞན་ལས་ཀྱང་། ཁྱད་པར་མཁའ་འགྲོའི་དམ་ཚིག་ནི༔ འདི་ལྟར་སྣང་བའི་བུད་མེད་ཀུན༔ ཕྱི་ཡི་དྷཱ་ཀིར་ཤེས་པར་བྱ༔ ལུས་ལ་གནས་པའི་རྩ་རྣམས་ཀུན༔ ནང་གི་དྷཱ་ཀིར་ཤེས་པར་བྱ༔ རྩལ་རྒྱུ་བའི་བྱང་ཆུབ་སེམས༔ གསང་བའི་དྷཱ་ཀིར་ཤེས་པར་བྱ༔ བློ་འདས་སྤྲོས་དང་བྲལ་བ་ནི༔ དེ་བཞིན་དྷཱ་ཀིར་ཤེས་པར་བྱ༔ ཞེས་སོགས་གསུངས་པ་ལྟར་རོ༔ མཆོད་པའི་བྱེ་བྲག་བསྟོད་པ་ལ། དང་པོ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་ཕག་མོ་ལ་ཆོས་ཉིད་ངོ་བོ་ཉིད་ཀྱི་བསྟོད་པ་ནི། ཧཱུྃ་བྷྱོ ཡེ་གདོད་ལྷུན་གྲུབ་སོགས་དང་། དེའི་རང་རྩལ་མཁའ་འགྲོ་སྡེ་ལྔ་

(༣༤༡)ལ་བསྟོད་ནས། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་ལ་ཕྲིན་ལས་ལྷུན་གྲུབ་ཀྱི་བསྟོད་པ་མཁའ་དབྱིངས་རྣམ་དག་སོགས་དང་། བྱིན་རླབས་ཀྱི་རྩ་བ་བླ་མ་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་ལ་གསང་གསུམ་ཡོན་ཏན་ཡོངས་རྫོགས་ཀྱི་བསྟོད་པ་འཁྲུལ་མེད་རང་རྩལ་སོགས། དངོས་གྲུབ་ཀྱི་རྩ་བ་ཡི་དམ་རྡོ་རྗེ་གྲོ་ལོད་ལ་ཟབ་གསང་རྫོགས་པ་ཆེན་པོའི་སྒོ་ནས་བསྟོད་པ། ཆོས་ཅན་ཀུན་རྫོབ་ཀྱི་སྣང་བ་ཟད་ཅིང་། ཆོས་ཉིད་དོན་དམ་པ་ཨ་ཏི་ཡེ་དག་ཐེག་པའི་ཡང་རྩེར་འཕེལ་བ་སྟེ་ཕྱིན་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་མངའ་དབང་འབྱོར་བས་མི་ཟད་ནམ་མཁའི་མཛོད་འཛིན་ཅིང་། སངས་རྒྱས་གངྒཱ་ཀླུང་གི་བྱེ་སྙེད་ཀྱི་ཕྲིན་ལས་རབ་འབྱམས་གཅིག་བསྡུས་ཞི་བས་མི་ཐུལ་བ་རྣམས་དྲག་པོས་འདུལ་བའི་དཔའ་བོ་ཆེན་པོ་རྡོ་རྗེ་གྲོ་ལོད་དེ་ཁྲོ་རྒྱལ་འཇིག་རྟེན་གསུམ་མཆོག་ལ་བསྟོད་པའོ། རྟེན་འབྲེལ་

(༣༤༢)གྱི་རྩ་བ་སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་ལ་མཛད་པ་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། འདས་དང་ད་ལྟ་སོགས་དང་། ཕྲིན་ལས་ཀྱི་རྩ་བ་བསྟན་སྲུང་བདུད་མགོན་ལ་དྲག་པོ་དགྲ་བགེགས་ཚར་གཅོད་ཀྱི་སྒོ་ནས་བསྟོད་པ་རབ་འབྱམས་རྒྱལ་བའི་སོགས། དོན་དམ་དེ་ཁོ་ན་ཉིད་བསྟོད་བྱ་བསྟོད་བྱེད་ལས་འདས་པ་ ཐབས་ཤེས་ཨེ་ཝཾ་ཟུང་འཇུག་གི་སྒོ་ནས་བསྟོད་པའོ། །འདི་ལ་ཐབས་ལམ་དང་གྲོལ་ལམ་གྱི་བཤད་ཚུལ་རྒྱ་ཆེ་ནའང་ཡི་གེ་མང་དུ་དོག་པས་མ་བྲིས་ལ་ཤེས་པར་འདོད་ན་རྒྱུད་ཀྱི་གླེང་གཞིར་རྣམས་སུ་གསལ་ལོ། །བསྙེན་དམིགས་ལ་བྱིན་རླབས་བསྡུ་བ་དང་བསྙེན་པ་དངོས་གཉིས་ལས། དང་པོ་བྱིན་རླབས་བསྡུ་བ་ནི། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས་རྡོ་རྗེ་ཕག་མོ་ལ་སོགས་པའི་མ་རྒྱུད་མཁའ་འགྲོའི་སྐུ་དང་། གསུང་ཡིག་འབྲུ་ཨཱ་ལི་ཀཱ་ལི་དང་ཧྲཱིདྷཱ་ཀི་ཛྙཱ་ནའི་སྔགས་ཕྲེང་། ཐུགས་ཕྱག་མཚན་གྲི་ཐོད་ཁ་ཊཱྃྭ་རྡོ་རྗེ་མདའ་དར་རྔ་ཡབ་ཚེ་བུམ་ལ་སོགས་པ་ཆར་

(༣༤༣)བབས་པ་ལྟར་སྤྱན་དྲངས་ནས་ཀླད་པ་དུང་ཁང་གི་ཕག་མོ་ལྷ་ལྔ་ལ་ཐིམ་པས་འཆི་མེད་རྡོ་རྗེའི་ཆོས་བདུན་ལྡན་གྱི་སྐུ་ཐོབ་པར་དམིགས། དེ་ཡང་རྡོ་རྗེའི་ཆོས་བདུན་ནི། ཉོན་མོངས་པའི་སྒྲིབ་པས་མི་ཆོད་པ། ༡ ཤེས་བྱའི་སྒྲིབ་པས་མི་ཤིགས་པ། ༢ རྟོག་པ་ཆོས་ཉིད་དེ་བཞིན་ཉིད་ལ་བསླུ་བ་མེད་པའི་བདེན་པ། ༣ ནམ་ཡང་འགྱུར་བ་མེད་པས་སྲ་བ། ༤ འགལ་རྐྱེན་བར་ཆད་ཀྱིས་མི་འཕྲོག་པས་བརྟན་པ། ༥ སྒྲིབ་གཉིས་འཇོམས་པས་ཐམས་ཅད་དུ་མཐུ་ཐོགས་པ་མེད་པ། ༦ སྤང་བྱའི་གཡུལ་ལས་རྒྱལ་པས་ཕྱོགས་ཐམས་ཅད་ལས་མ་ཕམ་པའོ། །ཕག་མོ་ལྷ་ལྔའི་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པ་ཆར་བཞིན་བབས་ནས་སེང་གདོང་ལྷ་ལྔ་ལ་ཐིམ་པས་སྟོན་གྱི་ཐུགས་དམ་བཅས་པའི་རྒྱུད་བསྐུལ་ཏེ། འཆད་རྩོད་རྩོམ་པའི་ཆོས་སྒོ་ལ་གྲུབ་བ་ཐོབ་ཅིང་མངའ་བརྙེས་པ་སྟེ། ཕྱི་ལྟར་ན་གདུལ་བྱ་མཆོག་དམན་མཐའ་དག་ལ་དམ་

(༣༤༤)པའི་ཆོས་འཆད། ནང་ལྟར་ན་རླུང་ལྔའི་རང་གདངས་སྔགས་སུ་དག་པ། གསང་བ་ལྟར་ན་གཞོམ་མེད་ན་དཱའི་སྒྲ་དབྱངས་རྒྱུན་མི་འཆད་པ་སྟེ། །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་གྱུར་པའོ། ཕྱི་ལྟར་ན་མུ་སྟེགས་སོགས་ཀྱི་རྒོལ་ངན་རྩད་ནས་བཅོམ་པ་ནང་ལྟར་ན་ཉོན་མོངས་པའི་ལས་རླུང་འཇོམས་པ། གསང་བ་ལྟར་ན་ཀུན་རྟོག་ངན་པ་སོགས་ཕྱིན་ཅི་ལོག་གི་རྒོལ་བ་ངན་པ་ཐམས་ཅད་གཅིག་ཆར་དུ་འཇོམས་པའོ། ཕྱི་ལྟར་ན་བསྟན་བཅོས་རྩོམ་པ། ནང་ལྟར་ན་རྩ་ཁམས་ཡི་གེ་དག་པ། གསང་བ་ལྟར་ན་ཡང་དག་པའི་གནས་ལུགས་བརྗོད་མེད་ཀྱི་དོན་མངོན་དུ་བྱེད་པའོ། སེང་གདོང་ལྷ་ལྔའི་སྐུ་ལས་བྱིན་རླབས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པ་ཆར་བཞིན་བབ་ནས་སྙིང་གའི་དྲག་པོ་རྩལ་གཙོ་འཁོར་དགུ་ལ་ཐིམ་པས། གཅེར་མཐོང་ཤར་གྲོལ་དུས་མཉམ་ཀྱི་རང་ས་ཟིན་ཅིང་འཆི་མེད་ཆོས་སྐུའི་གདེངས་མཆོག་ཐོབ་པ་སྟེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཞལ་སྔ་ནས། རྣལ་འབྱོར་རབ་ཀྱི་འཆི་མེད་གདེང་མཆོག་ནི། རང་རིག་དགོངས་པ་ཡེ་ནས་འཆི་རྒྱུ་མེད། །རང་བྱུང་ཡེ་ཤེས་ཡེ་ནས་འཆི་རྒྱུ་མེད། །འོད་གསལ་ཆོས་ཉིད་ཡེ་ནས་འཆི་རྒྱུ་མེད། །ངར་འཛིན་རིག་བྲལ་

(༣༤༥)ཡེ་ནས་འཆི་རྒྱུ་མེད། །རྒྱུ་འབྲས་ལ་དོར་ཡེ་ནས་འཆི་རྒྱུ་མེད། །རེ་དོགས་གཉིས་མེད་ནམ་མཁའ་འཆི་རྒྱུ་མེད། །དེ་ལྟར་རྟོགས་ན་འཆི་བདག་བདུད་དང་བྲལ། ཅེས་སོ། །དྲག་པོ་རྩལ་གཙོ་འཁོར་ལས་བྱིན་རླབས་བདུད་རྩིའི་རྒྱུན་ལྟེ་བའི་གྲོ་ལོད་གཙོ་འཁོར་དགུ་ལ་ཐིམ་པས། ཡོན་ཏན་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ནི། ཡོན་ཏན་ལྷུན་གྱིས་གྲུབ་པ་ཡིད་བཞིན་ནོར་བུ་ལྟ་བུ། རང་གསལ་རྟོགས་བས་མ་སྒྲིབ་ཉི་ཟླ་སྤྲིན་བྲལ་ལྟ་བུ། ཀུན་ཁྱབ་ཕྱོགས་ལྷུང་མེད་པ་སྟོང་གསལ་ནམ་མཁའ་ལྟ་བུ། ཟབ་ཡངས་གཏིང་མཐའ་མི་མངོན་རྒྱ་མཚོ་ཆེན་པོ་ལྟ་བུའི་གསང་གསུམ་གྱི་ཡོན་ཏན་མ་ལུས་པ་ཐམས་ཅད་རྫོགས་པའོ། གྲོ་ལོད་ལྷ་དགུ་ལས་བྱིན་རླབས་བདུད་རྩིའི་རང་བཞིན་གསང་བའི་ལས་མགོན་གཙོ་འཁོར་རྣམས་ལ་ཐིམ་པས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རབ་འབྱམས་ལྷུན་གྱིས་གྲུབ་པ་ནི། ཞི་བས་ནི་ཕྱི་རུ་ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། ནང་དུ་མཚན་

(༣༤༦)འཛིན་གྱི་རྟོག་པ་ཐམས་ཅད་རང་སར་ཞི་ཞིང་དག་པ་དང་། རྒྱས་པས་ཕྱི་རུ་འཁོར་དང་ལོངས་སྤྱོད་རྒྱས་པ་དང་། ནང་དུ་ཚེ་བསོད་ཉམས་རྟོགས་འཕེལ་ཞིང་རྒྱས་པ་དང་། དབང་གིས་ཕྱི་རུ་གང་དབང་དུ་བྱ་བ་དེ་དབང་དུ་འདུས་པ་དང་། ནང་དུ་རང་སེམས་ལ་དབང་ཐོབ་པ་དང་། མངོན་སྤྱོད་ཀྱི་ཕྱི་རུ་དགྲ་བགེགས་བརླག་པ་དང་། ནང་དུ་ཉོན་མོངས་ཕྲ་རག་འཇོམས་པ་སྟེ་བརླག་པར་བྱེད་པའོ། གཞན་ཡང་ལུས་ནང་ཐམས་ཅད་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ཁ་དོག་ལྔ་ལྡན་གྱི་ཁྲ་ཤིག་གེར་གང་བས་འཆི་བ་མེད་པ་ཚེ་ལ་དབང་བའི་རིག་པ་འཛིན་པའི་གོ་འཕང་མངོན་དུ་གྱུར་ཏེ། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཟད་དེ་རྡོ་རྗེའི་ལུས་སུ་གྱུར་བས་རང་དོན་དུ་ལོ་སྟོང་དྲུག་བརྒྱར་བཞུགས་ཤིང་གཞན་དོན་དུ་འཆི་མེད་ཚེ་ཡི་རིག་འཛིན་གྲུབ་པས་ཇི་ལྟར་འདོད་པ་བཞིན་བསྒྱུར་ཞིང་བགྲེས་རྒུད་མེད་པར་བཞུགས་པ་སློབ་དཔོན་ཆེན་པོ་བཞིན་ནོ། །བསྙེན་པ་དངོས་ལ། སྙིང་གའི་གུ་རུའི་ཐུགས་

(༣༤༧)ཀར་ཧཱུྃ་ཡིག་དཀར་པོའི་མཐར་ཨཱོཾ་ཧྲཱིདྷཱ་ཀི་ཛྙཱ་ན་སོགས་མཁའ་འགྲོའི་བསྙེན་སྔགས་དཀར་པོ་ཞལ་ཕྱི་ལ་བརྟེན་ནས་གཡོན་བསྐོར་དུ་བཀོད་པ་གསལ་བཏབ་ལ་བཟླས་པ་བྱ། དེ་ཡང་བསྙེན་དམིགས་ཕྱོགས་གཅིག་གིས་བཏོན་ནས། བཟླས་པའི་ཚེ་གནས་ལྷ་ལྔའི་བྱིན་རླབས་བསྡུ་བསྟིམ་སྒོམ་ཞིང་བཟླས་པ་ཕྲེང་སྐོར་རེ་རེའམ་སྟོང་ཕྲག་སོགས་གང་འགྲོ་སྐབས་དང་སྦྱར། དེ་མཚམས་དངོས་གཞིའི་བསྙེན་དམིགས་གསལ་བས་བཟླས་པ་དངོས་ཀྱི་དམིགས་པ་བྱ། འདི་ལ་སྔགས་ཕྲེང་གཡོན་བསྐོར་དུ་བཀོད་པ་ལས་གཡས་སུ་འཁོར་མི་དགོས། མཐར་བདག་བསྐྱེད་བསྡུ་རིམ་གྱི་ཚེ། སྔགས་ཕྲེང་གསལ་བ་ནི་མུན་པ་ལ་ཉི་མ་ཤར་བ་ལྟ་བུར་གསལ་ལྷག་གེ་བ། དྭངས་པ་ནི་མུ་ཏིག་གི་ཕྲེང་བའམ་དྭངས་ཤེལ་ལྟར་ཕྱི་ནང་མི་སྒྲིབ་པ་འོད་ཕྲོམ་མེར་གསལ་བཏབ། རང་སྒྲ་ལྷང་ལྷང་གི་སྒྲ་དང་བཅས། ཨོཾ་ནས་རིམ་བཞིན་བླ་མའི་སྐུའི་ཐུགས་སྲོག་ཧཱུྃ་ཡིག་ལ་བསྟིམ་

(༣༤༨)པ་ནི་གསུང་སྔགས་ཀྱི་བསྡུ་རིམ་མོ། །གསང་བའི་ཏྲཀྴད་གཙོ་འཁོར་ལྟེ་བའི་གྲོ་ལོད་ལ་བསྟིམ། གྲོ་ལོད་གཙོ་འཁོར་སྙིང་གའི་གུ་རུ་ལ་བསྟིམ། གུ་རུ་གཙོ་འཁོར་སེང་གདོང་མ་ལ་བསྟིམ། སེང་གདོང་གཙོ་འཁོར་ཕག་མོ་ལ་བསྟིམ། ཕག་མོའི་འཁོར་བཞི་ཡང་ཕག་མོའི་ཐུགས་ཀར་བསྡུ། འོད་ལྔའི་གུར་ཁྱིམ་འབུམ་ཕྲག་མཁའ་འགྲོ་ལ་བསྡུ། འབུམ་ཕྲག་བཅུའི་མཁའ་འགྲོ་གཙོ་མོ་མཚོ་རྒྱལ་ལ་བསྡུ། སྟོང་ར་རྩ་བའི་ལྷ་མཚོ་རྒྱལ་ཉིད་ཀྱང་མས་ནས་འོད་དུ་ཡལ་ཏེ་རྡོ་རྗེ་ཕག་མོར་བསྟིམ་པ་ནི་སྐུ་ཕྱག་རྒྱའི་བསྡུ་རིམ་མོ། །ཕག་མོ་དམིགས་མེད་མཁའ་དབྱིངས་སུ་བསྡུ་ཞིང་མི་རྟོགས་པའི་ངང་ལ་མཉམ་པར་བཞག་པ་ནི་ཐུགས་འོད་གསལ་གྱི་བསྡུ་རིམ་སྟེ་རྫོགས་པའི་རིམ་པའོ། ཨེ་མ་ཧོ་དང་ཨ་ལ་ལ་ཧོ དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་གི་དོན་ལ་ངོ་མཚར་ཞིང་མ་བཅོས་རྫོགས་པ་ཆེན་པོའི་གནས་ལུགས་ལ་བྲོད་པ་སྐྱེས་པ་སྟེ་དགའ་བ་ཐོབ་པའོ། །དེ་ཡང་ཀུན་མཁྱེན་ཀློང་ཆེན་པས། །

(༣༤༩)འཛིན་མེད་ངང་དུ་སྣང་བ་ས་ལེ་བ། །གཉིས་མེད་ངང་དུ་མཉམ་པར་ལྷན་ནེ་བ། །གསལ་དག་ངང་དུ་རང་དྭངས་སང་ངེ་བ། །འོད་གསལ་ངང་དུ་རང་གསལ་སལ་ལེ་བ། །ཆོས་ཉིད་ངང་དུ་དགའ་འཛུམ་ཤིག་གེ་བ། །བློ་འདས་དབྱིངས་སུ་ཡངས་པ་ཕྱ་ལེ་བ། །མ་བཅོས་རང་བཞིན་རྫོགས་པ་ཆེན་པོ་འགྲུབ། ཅེས་གསུངས་པ་བཞིན་ནོ། །དབང་བསྐུར་རང་དོན་གཞན་དོན་སོགས༔ ཀུན་བཟང་ཡབ་ཡུམ་གཞུང་དུ་གསལ༔ ཞེས་གསུངས་པ་ལྟར་དབང་རྣམས་ཀུན་གྱི་ལྡེའུ་མིག་གབ་སྤྲང་དབང་རྒྱས་བ་སོ་སོར་བསྐུར་བ་ཡོངས་དགེ་ནུས་ལྡན་དྲག་པོ་རྩལ་གྱིས་ཞལ་སློབ་གཏེར་སྟོན་སྐུ་མཆོག་ངག་གི་རྡོ་རྗེའི་ལུགས་ཉིད་ངེས་པར་ཐོབ་དགོས་སོ། །གཏེར་གཞུང་ཡིག་ཆུང་ ཀུན་བཟང་། ༡ དྲག་རྩལ། ༢ གྲོ་ལོད། ༣ མནྡཱ་ར་བ། ༤ ཏྲཀྴད་བཅས་མཆན། དུ་མནྡཱ་ར་བ་གུད་དུ་སྒྲུབ་ཆོག་ཚུལ་ལྟ་བུ་ཡོད་འདུག་ཀྱང་། ད་ལྟ་ཕྱག་ལེན་ལ། ཡོངས་དགེའི་ཞལ་གསུངས་ཟིན་བྲིས་ལས། རྡོ་རྗེ་གྲོ་ལོད་ཆོས་སྐོར་འདི༔

(༣༥༠)སོ་སོར་ཁ་ཕྲལ་མི་རུང་བའི་དོན༔ པདྨ་འབྱུང་གནས་བཀའ་ལ་འཇིག་གོ༔ ཆོས་སྐྱོང་དམ་ཚིག་གཉན་ནོ༔ ཆོས་བདག་ཀླུ་བདུད་ཡིན་ནོ༔ རྡོ་རྗེ་འབར་བའི་མཚོ་ལས་གདན་དྲང་ངོ་༔ ཞེས་གསུངས་པས་ཕྱག་བཞེས་རྣམ་དག་ཡིན་ཅིང་། དེ་ལྟར་ན་ཆ་ལག་སྦྱར་གྲུབ་ནའང་ཤིན་ཏུ་ལེགས་སོ༔ ཕྱི་ནང་གསང་བའི་འགྲུབ་རྟགས་རྣམས་གཞུང་དུ་ཞལ་ཤིན་ཏུ་གསལ་ལོ། གཏེར་སྨྱོན་ཞལ་གསུངས་བསྙེན་ཐིམ་ལས། དེ་ནས་མཁའ་འགྲོའི་བསྙེན་ཐིམ་ནི༔ ཡེ་ཤེས་མཚོ་རྒྱལ་གཞུང་དུ་གསལ ཅེས་གསུངས་པ་ལ་དཔག་ན་གབ་སྦས་འདྲ་མེད་པ་ཨེ་ཡིན་བསམ། མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ་གྱི་ཟིན་བྲིས་སུ་མཁའ་འགྲོ་ལ་གཞུང་དུ་གསུངས་པ་ལས་རེག་གཟིགས་གནང་མི་འདུག་སྐྱབས་མགོན་སི་ཏུ་རིན་པོ་ཆེའི་ཟིན་བྲིས་ཚིག་སྒྲོམ་ཆེ་ཞིང་གཏིང་ཟབ་པ་ལས་དང་པོ་བས་རྟོགས་དཀའ་བ་ལྟར་སྣང་བ་དེ་ཉིད་རྩ་བར་བཟུང་ནས་གཏེར་གཞུང་རང་སོར་བཞག་ནས་འགྲེལ་བ་

(༣༥༡)ལས། གཞན་རིགས་འདྲ་རྗེས་འགེ་བ་སོགས་གཏན་ནས་མ་སྤོབས་པས། སྔགས་འཁོར་ཐུགས་སྲོག་ལ་ཟླ་གང་ན་ཡོད་དོ་སྙམ་ཀྱང་གཞུང་དང་ཟིན་བྲིས་རྣམས་སུ་མི་གསལ་བས་བཅོས་སླད་འཕྲ་མོར་སོང་ན་མི་རུང་སྙམ་ནས་མ་བྲིས་པས་ཞལ་ཤེས་འདྲ་ཡོད་དམ། ཆོས་སྤྱན་ལྡན་པས་དཔྱད་པར་ཞུ། གོང་བཤད་རྟག་མཐའ་སྤང་ཕྱིར་ལྷ་སྐུ་འོད་གསལ་གྱི་ངང་དུ་བསྡུ་ནས་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་བཞག་པ་དེ་ལས། ཆད་མཐའ་སྤང་བའི་ཕྱིར་སྣང་སྟོང་ཟུང་འཇུག་མཁའ་འགྲོ་མཚོ་རྒྱལ་གྱི་སྐུར་ཆུ་ལ་ཉ་ལྡང་བ་ལྟར་གསལ་བའི་སྤྱི་མགྲིན་སོགས་གནས་ལྔར། ཨཱོཾ་དཀར་པོ། ཨཱདམར་པོ། ཧཱུྃ་མཐིང་ཀ །སྣ་སེར་པོ། ཧཱ་ལྗང་གུས་མཚན་པར་བསམས་ལ་བམ་སྒྲོལ་གྱི་ལས་སྦྱོར་ལ་འཇུག །དེ་ལ་དང་པོ་སྔོན་བྱུང་བསྒྲལ་བའི་ཁུངས་བཤད་པ་ལ། སྐུ་གསུམ་གྱི་གླེང་གཞི་ལས། དང་པོ་ཆོས་སྐུའི་སྔོན་བྱུང་ནི། རང་རིག་རང་གསལ་ཆོས་སྐུ་འགྱུར་བ་མེད་

(༣༥༢)པས་ཉོན་མོངས་དུག་ལྔ་དབྱིངས་སུ་བསྒྲལ་བའོ། །གཉིས་པ་ལོངས་སྐུའི་སྔོན་བྱུང་ནི། དཔལ་ཆེན་པོས་མ་ཏྲཾ་རུ་དྲ་བསྒྲལ་ཞིང་གསང་སྔགས་བསྟན་བའི་འབྱུང་ཁུངས་སམ་གཞི་མའམ་རྩ་བར་གྲུབ་པ་ནི་གདུལ་བའི་དགོས་ཆེད་སྟོན་པ་ཁྲོ་བོའི་གླེང་གཞིའོ། །གསུམ་པ་སྤྲུལ་སྐུའི་སྔོན་བྱུང་ནི། གྲུབ་པའི་རིག་འཛིན་ཆེན་པོ་དགུ་ལ་སོགས་བས་སྦྱོར་སྒྲོལ་གྱི་སྤྱོད་པ་བསྐྱངས་ཤིང་བམ་རོའི་སྒྲུབ་པ་དངོས་སུ་མཛད་པའོ། །དེ་རྣམས་སྔོན་བྱུང་སྟོན་པའི་རྣམ་ཐར་ཡིན་ལ། དེ་དང་རྗེས་མཐུན་རྣལ་འབྱོར་པས་བར་ཆད་ཟློག་ཕྱིར་བམ་སྒྲོལ་གྱི་ཚོགས་འཁོར་བྱ་བར་གསུངས་སོ། །དེ་ལ་སྤྱིར་མཆོག་ཆེན་དང་མཆོག་ཕྲན་གཉིས། དང་པོ་ནི་བཀྲ་ཤིས་པའི་ཞིང་བྲམ་ཟེ་སྐྱེ་བ་བདུན་པ་སྟེ། དེའི་ལུས་དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་མཆོག་ཕྲན་ནི་ཐུགས་རྗེས་བཟུང་བའི་ཞིང་སྟེ། དམ་ཚིག་གསལ་བཀྲ་ལས། །དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་།

(༣༥༣)འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱི་དང་དུ་བླངས། ཞེས་གསུངས་པ་ལྟར་བསྒྲལ་བར་བྱ་བའི་ཞིང་བཅུའོ། །དེ་ཡང་མཆོག་ཆེན་ཞིང་བཅུ་ལས་མི་བདུན་དང་། མཆོག་ཕྲན་ངན་སོང་དུ་འདོད་པའང་ཡོད་ལ། གཉག་ལོའི་ཊཱི་ཀར། མཆོག་ཆེན་གསོན་པོ་དང་། མཆོག་ཕྲན་བམ་རོལ་གསུངས་པའང་འཕྲོས་དོན་ནོ། །འདིར་ནི་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་གཟུགས་ཅན་གཟུགས་མེད་ཀྱི་དགྲ་བགེགས་འབྱུང་པོ་ཐམས་ཅད་བཀུག་ནས་བསྒྲལ་བར་བྱ་བ་ཡིན་པས། དམིགས་བསལ་བསྒྲལ་བྱ་གང་ཡིན་དེའི་གཟུགས་བཅའ་དགོས་ཀྱང་། ད་ལྟ་ཕྱག་ལེན་བདེ་ཕྱིར་ཚོགས་གཏོར་དང་བམ་རོ་ལྷན་ཅིག་པ་མགོ་དང་རྐང་ལག་གི་གཟུགས་བྱས་པའམ། བམ་རོ་དྲིལ་མར་གྲགས་པ་མི་རོ་གོས་ཀྱི་དྲིལ་བ་ལྟ་བུ་གང་བདེ་བྱ། འོན་ཀྱང་ཚོགས་སྤྱི་འགྲེ་བཅས་ནས་དམིགས་པ་བམ་རོ་ལ་དམིགས་ནས་

(༣༥༤)དགྲ་བགེགས་བཀུག་སྟེ་བསྒྲལ་ཀྱང་ཆོག་མོད་དམིགས་པའི་ཁ་བསྒྱུར་ཡིན་པའི་ཕྱིར། ལར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་གང་ཡོད་མ་ཉམས་པ་གལ་ཆེ། དེང་སང་ལ་ལས་བུད་མེད་སྦྲུམ་མའི་རོ་ཡིན་ཟེར་བ་ནི། ཉ་དང་ཉུང་མ་བསྲེས་པའི་གཏམ་ཤིན་ཏུ་མ་དག་པ་རྒྱུད་ལུང་མན་ངག་དང་མི་མཐུན་པ་བླུན་པོའི་རང་མཚང་ཁོ་ནའོ། དེ་ནས་རྩ་གསུམ་དམ་ཅན་ཆོས་སྲུང་དྲག་པོའི་ལས་ལ་བསྐུལ་ཞིང་། དགུག་གཞུག་ལན་བདུན་ལྔ་གསུམ་སོགས་ངེས་ཤེས་འགྲོ་བར་བྱ། དེ་སྐབས་སྒོམ་དོན་རང་ཉིད་མཁའ་འགྲོའི་ཐུགས་ལས་འཛིན་གིང་དཀར་སེར་དམར་ལྗང་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲུལ་ནས་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་བདུད་བགེགས་ལོག་འདྲེན། དཀོན་མཆོག་དང་བླ་མའི་སྐུ་དགྲ་སོགས་བསྒྲལ་བྱའི་ཞིང་དུ་གྱུར་པ་རྣམས། ལྕགས་ཀྱུ་ཅན་གྱི་སྙིང་ནས་བཟུང་། ཞགས་པ་ཅན་གྱིས་སྐེ་ནས་བཅིངས། ལྕགས་སྒྲོག་ཐོགས་པས་

(༣༥༥)ཡན་ལག་བསྡོམས། དྲིལ་བུ་ཐོགས་པས་ལུས་སེམས་མྱོས་པ་སྟེ་དྲན་མེད་དུ་བརྒྱལ་བར་བྱས་ནས། ལས་ཀྱི་རླུང་དམར་འཁྲུག་པའི་འཁོར་ལོ་ལ་བསྐྱོན་ནས་བྱིའུ་ཁྲས་བརྡས་པ་ལྟར་རང་དབང་མེད་པར་བཀུག་ནས་བམ་རོ་ལ་བསྟིམ་པར་དམིགས། རུ་དྲ་ནི་དྲག་པོ། བི་།།།ན་བགེགས། །སརྦ་ཐམས་ཅད། ཨཾ་ཀུ་ཤ་ཛཁུག་ཅིག །ཛཧཱུྃ་བྃ་ཧོ འགུག་འཆིངས་སྡོམ་མྱོས་ཀྱི་ཕྱག་རྒྱ་བཞིའོ། །སྒྲོལ་བྱེད་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རང་ཉིད་མཁའ་འགྲོའི་ཐུགས་ལས་སྤྲུལ་ཏེ། རྡོ་རྗེ་ཕུར་བུས་གདབ་པར་བྱ༔ ཞེས་པས་བསྒྲལ་ལ་ཀུན་བཟང་ཀློང་དུ་བསྟིམ་པར་བྱ་ཞེས་གནས་སྦར་བ་སྟེ་དོན་དམ་ཆོས་སྐུའི་འཕོ་བ་དམིགས་མེད་ཁྱབ་གདལ་ཆེན་པོའི་ངང་དུ་མཉམ་པར་བཞག་གོ །ཧཱུྃ་ཁྲོ་རྒྱལ་ཡབ་ཀྱི་ས་བོན་བྷྱོ་མ་རྒྱུད་མཁའ་འགྲོའི་ས་བོན་དྷཱརྨ་དྷཱ་ཏུ་ཆོས་དབྱིངས། ཛྙཱ་ན་བཛྲ་ཀཱི་ལ་ཡ་ཡེ་ཤེས་རྡོ་རྗེ་ཕུར་བུས་ཧཱུྃ་བྷོུ་སྲོག་སྙིང་གནད་ནས་བསྐུལ་བ་རྦད་ཡ་གཟིར་ཞིང་བསད་པ་རུ་དྲ་དྲག་པོ་སརྦ་ཐམས་

(༣༥༦)ཅད། མཱ་ར་ཡ་ཕཊ་སོད་ཅིག་པའོ། རྒྱུད་ལས། །ཕཊ་ནི་འཇོམས་བྱེད་དགྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། ཅེས་སོ། །དེ་ནས་ཞལ་བསྟབ་ལྔ་དང་གཙང་ལྷག་བཅས་དྲུག་བཤམས་ལ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པར་དམིགས་ལ། ཞལ་བསྟབ་དང་པོ་རྒྱལ་བ་རབ་འབྱམས། གཉིས་པ་བླ་མ་ཡི་དམ། གསུམ་པ་དཔའ་བོ་མཁའ་འགྲོ། བཞི་པ་ཆོས་སྐྱོང་སྲུང་མ། ལྔ་པ་དྲེགས་པའི་ལྷ་ཚོགས་རྣམས་ལ་སྟོབས་གིང་དཀར་སེར་དམར་ལྗང་བསམ་གྱིས་མི་ཁྱབ་པ་ཧོམ་གཟར་འཛིན་པ་གྲངས་མེད་པ་སྤྲུལ་ནས་ཚོགས་ཞིང་མདུན་བསྐྱེད་ཀྱི་ལྷ་ཚོགས་དང་། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་རབ་འབྱམས། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ་གསང་བ་བླ་མེད་ཀྱི་དམ་རྫས་བམ་ཆེན་གསང་བའི་ཚོགས་མཆོད་ཕུལ་བར་སྒོམ།། །།

(༣༥༧)འདི་སྐབས། སྙིང་རྗེ་ཆེན་པོས་གཏུམ་རྔམ་ཁྲོས༔ ཅེས་པ། སྤྱིར་སྙིང་རྗེ་དང་ཁྲོས་པ་གཉིས་འགལ་བ་ཡིན་ཏེ་ཚ་གྲང་གི་རེག་བྱ་བཞིན་ཡིན་ནའང་། འདིར་ནི་ཐུགས་སྙིང་རྗེ་ཆེན་པོས་བསྒྲལ་བྱའི་ལས་ངན་བག་ཆགས་སྦྱངས་པ་ལ་རྗེས་སུ་དགོངས་ཏེ། རྣམ་པ་ཁྲོ་བོའི་སྐུར་བཞེངས་པའོ། །དེ་ཡང་གང་ཁྲོས་ན་ཆོས་ཀྱི་སྐུའོ། །གར་ལ་ཁྲོས་ན་མཚན་འཛིན་གྱི་རྟོག་པ་ལའོ། །ཚུལ་ཇི་ལྟར་ཁྲོས་ན་སྙིང་རྗེ་ཆེན་པོའི་ངང་ནས་སོ། །དཔེར་ན་ཉི་མ་ཤར་བས་མུན་པ་སངས་པ་ལྟར། དེ་བཞིན་ཉིད་ཀྱི་གནས་ལུགས་ཀྱིས་དངོས་འཛིན་འཁྲུལ་རྟོག་འཇོམས་པའོ། །གཤིས་ངན་ཕྱི་རོལ་གྱི་དགྲ་ལ་ཁྲོས་པ་ལྟ་བུ་ཞེ་སྡང་རང་གམ་མ་ཡིན་པར་ཤེས་དགོས་སོ། །བསྒྲལ་བའི་ཚུལ་ལ། སྤྱིར་དགྲ་བགེགས་ཐབས་ཀྱིས་བསྒྲལ་བ། རྣམ་རྟོག་ཡེ་ཤེས་ཀྱིས་བསྒྲལ་བ། ཆོས་ཉིད་བརྗོད་མེད་ཀྱིས་བསྒྲལ་བ་ཞེས་རྣམ་པ་གསུམ་དུ་གསུངས་ཀྱང་། འདིར་ནི་དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་བ། དུག་གསུམ་སྐུ་

(༣༥༨)གསུམ་དུ་བསྒྲལ་བ། རྣམ་རྟོག་ཆོས་དབྱིངས་སུ་བསྒྲལ་བ། རྣམ་ཤེས་ཚོགས་དྲུག་གི་སྐྱེ་མཆེད་ཡེ་ནས་སྟོང་པ་འཁོར་འདས་ཀློང་ཡངས་ཆེན་པོར་བསྒྲལ་ནས་ཞལ་དུ་བསྟབས་པའོ། འབུལ་བའི་ཡུལ་རྒྱལ་བ་རབ་འབྱམས་ཞེས་པ་ནི་ཨོ་རྒྱན་ཆེན་པོའི་སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ་པ་དང་། ཞིང་ཁམས་རབ་འབྱམས་སློབ་དཔོན་པདྨའི་སྐུ་ལ་རྫོགས་པ་སྟེ་བཞུགས་པ་ཏིལ་གྱི་གོང་བུ་ཁ་བྱེ་བལྟ་བུ་ལ་འབུལ་དགོས། བླ་མ་ཡི་དམ་ཞེས་པ་མདུན་གྱི་བླ་མ་དྲག་པོ་རྩལ་དང་ཡི་དམ་རྡོ་རྗེ་གྲོ་ལོད་ལ་འབུལ། དཔའ་བོ་མཁའ་འགྲོ་ཞེས་པའི་སྐབས་སུ་མཁའ་འགྲོ་མཚོ་རྒྱལ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་དང་བཅས་པ་ལ་འབུལ། ཆོས་སྐྱོང་སྲུང་མ་ཞེས་པའི་ཚེ་མཁའ་འགྲོ་མཚོ་རྒྱལ་གྱི་གསང་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་བདུད་མགོན་

(༣༥༩)འཁོར་དང་བཅས་པ་ལ་འབུལ། འཇིག་རྟེན་དྲེགས་བྱེད་ཅེས་པའི་ཚེ་རྡོ་རྗེ་གྲོ་ལོད་ཀྱི་འཁོར། ཕྱིའི་ལྷ་སྲིན་སྡེ་བརྒྱད། ནང་གི་ལྷ་སྲིན་སྡེ་བརྒྱད། གསང་བའི་ལྷ་སྲིན་སྡེ་བརྒྱད། སྦས་པའི་ལྷ་སྲིན་སྡེ་བརྒྱད། ཡང་གསང་གཏེར་གྱི་ལྷ་སྲིན་སྡེ་བརྒྱད། དྲག་པོ་སྔགས་ཀྱི་ལྷ་སྲིན་སྡེ་བརྒྱད། ལས་བྱེད་མྱུར་མགྱོག་གི་ལྷ་སྲིན་སྡེ་བརྒྱད། བཏགས་ཤིང་ཆགས་པའི་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་ལ་འབུལ་ལོ། །ས་མ་ཡ་རྡོ་རྗེའི་དམ་ཚིག་ལས་མ་འདའ། བྷྱོ་བྷྱོ་ཟློག་ཟློག༔ སྔགས་ཀྱི་མདེའུ་རྦད་པ་དང་ཟློག་བའོ། །ཚོགས་རྫས་དངོས་གྲུབ་ཀྱི་རྫས་བདུད་རྩིའི་རང་བཞིན་དུ་ཤེས་པས་རོལ་ཞིང་ཞབས་བརྟན་སྨོན་ལམ་གང་ཤེས་འདོན། སྦྱང་ཞོན་མ་ལ་གཙང་ལྷག་འབུལ་ཞིང་ཕྲིན་ལས་བཅོལ། ཧཱུྃ་སྔགས་ཀྱི་ཀླད་ནོན་ཡེ་ཤེས་ལྷའི་སྲོག །བྷྱོམ་མོ་མཁའ་འགྲོའི་སྲོག །ལོ་ཀ་དྷཱ་ཀི་འཇིག་རྟེན་མཁའ་འགྲོ། ཨུཙྪིཥྚ་བ་ལི༚་ཏ་ཁཱ་ཧི༔ ལྷག་མའི་གཏོར་མ་ཟོ་ཤིག །ལོ་ཀཱ་དྷཱ་ཀི་ས་མ་ཡ་རཀྵ འཇིག་རྟེན་

(༣༦༠)མཁའ་འགྲོ་དམ་ལ་མ་འདའ་སྲུང་ཅིག །ཧ་ན་ཧ་ན་རཀྵ་རཀྵ་ཧཱུྃ༔ ཧ་ན་བསྣུན་པ་དང་རཀྵ་སྲུང་བ་ཡིན་ཀྱང་འདིར་དམ་ཚིག་གནད་ལ་ཕོབས་ཕོབས། མ་འདའ་མ་འདའ་ཞེས་པ་དང་། ཧཱུྃ་ཡེ་ཤེས་ལྷའི་ཐུགས་སྲོག་ལོག་གནོན་གྱི་སྔགས་ཏེ། ཀླད་ནོན་རྒྱལ་པོ་ལྟ་བུ་དང་། ལོག་གནོན་གྱི་བར་དུ་འཇིག་རྟེན་མཁའ་འགྲོའི་སྲོག་སྔགས་ལྟེམ་པའོ། །མཁའ་འགྲོའི་སྒྲུབ་ཐབས་ལྕགས་སྦུབ་མའི་དམིགས་རིམ་གུ་ཧྱ་གམྦྷི་རའོ།། །།

(༣༦༡)ཡེ་གསང་ཐུགས་ཀྱི་གཏེར་ཁ་ལས། །ཡང་གསང་སྒྲུབ་པ་ཏྲཀྴད་མགོན་པོའི་དམིགས་རིམ་ཕྲིན་ལས་ཐོགས་མེད་ཅེས་བྱ་བ་བཞུགས་སོ། །

(༣༦༢)ན་མོ་གུ་ཧྱ་པ་ཏི་བཛྲ་པཱ་ཎི་པཱ་དཱ་ཡ། ཡང་གསང་སྒྲུབ་པ་ཕྲིན་ལས་མགོན་པོའི་དམིགས་རིམ་ལ། ཆ་ལག་སྦྱར་ན་སེང་གདོང་མ་གནས་འགྱུར་དང་། མ་སྦྱར་ཚེ་མཚོ་རྒྱལ་བསྡུ་རིམ་མཐར། སླར་ཡང་ཟུང་འཇུག་གི་སྐུར་ལྡང་ནས་བམ་སྒྲོལ་ལྷག་གཏོར་བསྔོས་ཟིན་པའི་རྗེས་དེར་མཁའ་འགྲོ་མཚོ་རྒྱལ་གནས་འགྱུར་དུ་གོང་ནོན་བདག་བསྐྱེད་གསང་བདག་སྒོམ་པ་ནི་གཏེར་སྨྱོན་ཞལ་གསུང་ཟིན་བྲིས་ལས། གསང་བདག་གྲོ་ལོད་དབྱེར་མེད་བདག་བསྐྱེད༔ མདུན་བསྐྱེད་

(༣༦༣)ཏྲཀྴད་གཞུང་ལྟར་གཏོར་མ་སྦྱིན་པར་བྱ༔ ཅེས་གསུངས་པ་ལྟར། རྒྱུ་མ་ནོར་བ་རྩ་བའི་སྔགས་ཨོཾ་ཨཱཧཱུྃ་གསུམ་ནི་སྒོ་གསུམ་གདོད་ནས་རྡོ་རྗེ་གསུམ་དུ་དག་པ་ལ། འབྲུ་གསུམ་བརྗོད་པའི་རྐྱེན་ཙམ་ལ་བརྟེན་ནས། །རང་རིག་པའི་ངོ་བོ་རིག་འཛིན་རྡོ་རྗེ་གྲོ་ལོད་དང་གསང་བདག་དབྱེར་མེད་པ་ནི། ངོ་བོ་རྡོ་རྗེ་གྲོ་ལོད་ལ་གཉེན་པོ་སྟོབས་ཀྱི་ལྷ་མགོན་པོའི་གོང་ནོན་དུ་རྣམ་པ་ཕྱག་ན་རྡོ་རྗེ་སྐད་ཅིག་དྲན་རྫོགས་སུ་ཝལ་གྱིས་གསལ་བ་ནི་ལུང་ཨ་ནུ་ཡོ་ག་ལྟར་བརྟེན་པའི་མན་ངག་ཨ་

(༣༦༤)ཏི་ཡོ་གའི་དགོངས་པ་བླ་ན་མེད་པའོ། །སྒོམ་ཚུལ་ནི་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་ཉི་མ་བརྩེགས་པའི་གདན་ལ་གསང་བདག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་ཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་པས་ཞགས་པ་འཛིན་པ། །ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་འདོར་སྟབས་ཅན། ཁྲོ་བོའི་ཆས་ནི་དུར་ཁྲོད་ཆས་བརྒྱད་རྫོགས་པའོ། །དེ་ཡང་ཐོད་སྐམ་དབུ་རྒྱན། ཐོད་རློན་གྱི་དོ་ཤལ་ཏེ་གདག་པའི་རྒྱན་གཉིས། ཐལ་ཆེན་ཁྲག་ཞག་སྟེ་བྱུག་པའི་རྩི་གསུམ། ཞིང་གླང་སྟག་ལྤགས་ཏེ་བགོ་བའི་གོས་གསུམ་མོ། །དེ་སྟེང་རིན་པོ་ཆེའི་སྙན་ཆ། མགུལ་རྒྱན། དོ་ཤལ། ཕྱག་ཞབས་ཀྱི་གདུ་གུ། ཡན་ལག་ལ་སྦྲུལ་རྒྱན་དང་སྦྲུལ་གྱི་དོ་ཤལ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ༈ །དར་འཕྱངས་དང་རུས་རྒྱན་ཆོས་བདག་ཀརྨ་འགྱུར་མེད་ཀྱི་ཕྱག་བྲིས་དང་ཡོངས་དགེའི་ཕྱག་བྲིས་གཉིས་ཀར་མི་འདུག་པས་མི་

(༣༦༥)དགོས་སོ། །གཏེར་སྨྱོན་གྱི་ཕྱག་བྲིས་ཤོག་སེར་ཚ་བོའི་ཡི་གེར་ཕྱག་རྡོར་གྱི་སྐུ་ཆུང་དུ་ཕྱག་བྲིས་གནང་བར་ཞིང་རྐྱང་པའི་གདན་དང་། རྡོ་རྗེའི་རྩེར་བྱ་ནག་པོ་ཞིག་བྲིས་འདུག་པ་གནམ་ལྕགས་ཀྱི་བྱ་ཁྱུང་ཡིན་འདྲ་བས། དེ་གཉིས་སྒོམ་ན་ལེགས་སྙམ་ཞུ། པོ་ཏི་གསུམ་ལྷན་ཅིག་ཏུ་སྤྲིན་ལས་ཆར་བབས་པ་ལྟར་དང་། གཡོན་ཕྱོགས་སུ་སྤྲིན་ནང་དུ་པོ་ཏི་གཅིག་བྲིས་འདུག་པ་ནི་བརྡ་རྟགས་ཞིག་ཡིན་པར་འདྲའོ། སྤྱི་བོར་རྒྱལ་བ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ཨཱོཾ་དཀར་པོ་མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱདམར་པོ་ཐུགས་སྨད་དུ་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་མཐིང་ནག་གིས་མཚན་པ་ནི་གནས་གསུམ་བྱིན་བརླབས་སོ། །སྤྱི་གཙུག་ཏུ་སློབ་དཔོན་དྲག་པོ་རྩལ་གཞུང་ལྟར་བསྒོམ། སྐུ་ལས་འོད་ཟེར་དམར་པོ་འཕྲོ་བའི་རྩེར་ཡེ་ཤེས་ཀྱི་མེ་ཕུང་དམར་སེར་འབར་བའོ། །ཐུགས་ཀའི་དབུས་ཏེ་གནས་གསུམ་བྱིན་རླབས་ཀྱི་ཧཱུྃ་ཡིག་གོང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བའི་

(༣༦༦)གདན་ལ་རྡོ་རྗེ་མཐིང་ནག་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་མཐིང་ནག་གི་མཐར་མདུན་ནས་བརྩམ་སྟེ་ཞལ་ཕྱིར་བསྟན་གཡོན་དུ་བཀོད་པ་ཟླ་བ་སྐར་ཕྲེང་གི་དགོངས་པ་གསལ་བཏབ་ལ། དེ་ལས་འོད་ཟེར་སྔོན་པོ་འཕྲོས་པས་སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་བརྟན་གཡོའི་མཐུ་སྟོབས་གཟི་བརྗིད་ཐམས་ཅད་གོང་ནས་གོང་དུ་སྤེལ་ཞིང་། དེ་དག་གི་དྭངས་བཅུད་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་རང་ལ་བསྟིམ་པ་ནི། མེ་ཏོག་ལས་བུང་བས་སྦྲང་རྩི་བླངས་ཀྱང་ཁ་དོག་དང་དྲི་ལ་མི་གནོད་པ་བཞིན་དམིགས་པ་ཡིན་གྱི། བརྣབས་སེམས་ལྟ་བུ་མ་ཡིན་པར་ཤེས་དགོས་སོ། །སྔགས་དོན། ཨཱོཾ་ནི་སྔགས་ཀྱི་མགོ་འདྲེན་མཆོག་ཏུ་བཀྲ་ཤིས་པ་དང་། བཛྲ་རྡོ་རྗེ། ཙཎྜ་གཏུམ་བོ། མ་ཧཱ་རོ་ཥ་ཎ་འཇིགས་བྱེད་ཆེན་པོ། ཧཱུྃ་ནི་སྲོག་སྔགས། ཕཊ་ལས་ལ་བསྐུལ་བའོ། ཨཱ་ཡུཚེ། པུཎྱ་བསོད་ནམས། ཛྙཱ་ན་ཡེ་ཤེས། སིདྡྷི་དངོས་གྲུབ། ཛདགུག་པ་སྟེ་དངོས་གྲུབ་བསྡུ་བའོ། མ་

(༣༦༧)ཡེངས་ངང་དུ་འཛབ་འདི་བཟླས༔ ཅེས་པ་ནི་རང་ཉིད་གསང་བདག་གི་གསལ་སྣང་ཐེབས་པ་ན་དེ་ལ་ཞེན་པར་མི་བྱ་བར་ལྟ་བ་དང་རྫོགས་རིམ་གྱི་ངང་དུ་བསྲེས་ཏེ་ཟུང་འཇུག་གི་བསྐྱེད་རིམ་གསལ་བས་བཟླའོ། ཟིན་བྲིས་རྣམས་སུ་བཟླས་པའི་མཐར་བསྡུ་རིམ་དང་། དེ་ནས་རྗེས་ཐོབ་ལྷ་སྐུར་ལྡང་བ་བཤད་འདུག་ཀྱང་བདག་ནི་དེ་ལྟར་མི་འདོད་དེ། རྫོགས་རིམ་གྱིས་མ་ཟིན་པའི་བསྐྱེད་རིམ་དང་། སྣང་ཆ་བཀག་པའི་སྟོང་རྐྱང་ནི་གོལ་ས་ཡིན་པས། བསྐྱེད་རྫོགས་ཟུང་འཇུག་གི་རྩལ་སྦྱོང་བ་ལས་བསྡུ་རིམ་དུ་མི་བཞེད་དོ། སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཐུགས་རྗེའི་ངང་གི་སྤྲུལ་པ་ནི༔ གང་ཡིན་གཙོ་བོ་གཡོ་མེད་ཀྱི༔ སྤྲུལ་བ་དཔག་མེད་འགྱེད་པ་ཡི༔ སྣང་སྲིད་འཇིག་རྟེན་ཐམས་ཅད་གང་༔ སོ་སོའི་ཕྲིན་ལས་སྣ་ཚོགས་བྱེད༔ ཡང་ན་སོ་སོའི་དབྱིངས་སུ་ཐིམ༔ དེ་བཞིན་གཅིག་ལ་གཅིག་སྤྲུལ་ཞིང་༔ མར་མེ་གཅིག་ལ་གཅིག་འཕེལ་བ༔ ཐམས་

(༣༦༨)ཅད་མར་མེས་གང་བ་ལྟར༔ སྡོང་པོ་གཅིག་ལ་ཡལ་ག་འབུམ༔ སོ་སོར་གྱེས་པ་ལྟ་བུར་སྤྲུལ༔ དེ་དག་གདུལ་བྱའི་སྣང་ཚུལ་ཏེ༔ ཟླ་བ་དང་ནི་ཆུ་སྣོད་བཞིན༔ གཅིག་ལས་མང་པོར་སྣང་བའོ༔ ཞེས་པ་ལྟར། སྐུ་ཡི་སྤྲུལ་པས་ཞིང་ཁམས་རབ་འབྱམས་ལ་ཁྱབ་པ་དང་། ཞིང་དང་སྐུའི་བཀོད་པ་མཐའ་ཀླས་པ་བཅོམ་ལྡན་འདས་གསང་བའི་བདག་པོའི་སྐུ་ལ་རྫོགས་པ་དང་། གྲགས་པ་སྔགས་གྱི་རང་སྒྲས་ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་ཡོམ་ཡོམ་ཤིག་ཤིག་ཏུ་འདར་བ་དང་། སྣང་སེམས་འདྲེས་ཏེ་སྣང་སྲིད་འཁོར་འདས་ལ་མངའ་དབང་བསྒྱུར་བས། ཡིད་འཁྲུལ་པའི་སྣང་བ་གདོས་བཅས་ཨ་འཐས་ཀྱི་ལུས་ལྔ་སྐུ་སྣང་སྟོང་ཆུ་ཟླ་ལྟ་བུ། ཡེ་ནས་སྟོང་པའི་ཆོས་དབྱིངས་ཁྱབ་གདལ་རིག་པའི་རང་རྩལ་དུ་རྟོགས་ཏེ། བླ་མ་ད་ངར་སེམས་ཡི་དམ་དབྱེར་མེད་དུ་གྲུབ་པར་གྱུར་ཅིག །ཅེས་དང་། སྔགས་དོན་སརྦ་སིདྡྷི་ཕ་ལ་ནི་དངོས་གྲུབ་ཐམས་ཅད་ཀྱི་མཆོག་ཐོབ་

(༣༦༩)ཕ་ལ་ཧོ་ཞེས་ངོ་མཚར་བ་སྟེ་དགའ་བས་ཐུགས་རྒྱུད་ཡོངས་སུ་གང་བའོ། །དེ་ཡང་ཞིབ་པར་བཤད་ན། ཞིང་ཁམས་སུ་སྣང་ཡང་དངོས་པོར་མ་གྲུབ། སྐུ་ལྟར་སྣང་ཡང་གདོས་བཅས་སུ་མ་གྲུབ། མཛད་ཕྲིན་ལྟར་སྣང་ཡང་གཟུང་འཛིན་དུ་མ་གྲུབ་པའི་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་ཤེས་དགོས་ཏེ། དཔེར་ན་ནམ་མཁའི་དབྱིངས་སུ་སྤྲིན་གྱི་ཚོགས་ཇི་སྙེད་ཤར་འཕྲོས། དེངས་པ་སྟེ་ཐིམ་ཞིང་ཡལ་བ་ཇི་ལྟར་བྱས་ཀྱང་ནམ་མཁའ་ལ་གཡོ་བ་མེད་པ་བཞིན་དུ། རྒྱལ་བའི་མཛད་ཕྲིན་དང་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྤྲོ་བསྡུ་ཐམས་ཅད་དེ་དང་མཚུངས་པར་ལ་བཟླ་བ་སྟེ་ཐག་བཅད་པའོ། །དེ་ལྟར་གསལ་བའི་ངང་ནས་ཨཱོཾ་ཨཱཧཱུྃ་རྡོ་རྗེ་གསུམ་གྱི་ཡི་གེས་ཐོག་དྲངས་ཏེ། ཨཱོཾ་སྔགས་ཀྱི་མགོ་འདྲེན། སྭ་བྷཱ་ཝ་རང་བཞིན། ཤུདྡྷཱདག་པ། སརྦ་དྷརྨཱཆོས་ཐམས་ཅད། སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་དོ་ཞེས་བྱ་སྟེ། འཕགས་པ་

(༣༧༠)ཀླུ་སྒྲུབ་ཀྱིས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཉིད། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཅེས་གསུངས་པ་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་སྟོང་པ་ཉིད་ཀྱིས་སྲོག་གིས་ཟིན་ཅིང་མི་འདའ་བའི་དོན་གྱིས་བསྐྱེད་རིམ་སྒོམ་པའི་སྔོན་དུ་གཟུང་འཛིན་བདེན་པར་མ་གྲུབ་པར་རང་བཞིན་སྟོང་པ་ཉིད་དུ་གཏན་ལ་ཕབ་བའོ། །མདུན་བསྐྱེད་བླ་མ་དྲག་པོ་རྩལ་གྱི་མདུན་དུ་ཡི་གེ་ཁཾ་མཐིང་ནག་ནམ་མཁའི་ས་བོན་ལས་རྡོ་རྗེའི་བྲག་རི་མཐིང་ནག་གྲུ་གསུམ་པ་ཟུར་གཅིག་རང་ཉིད་གསང་བདག་ལ་བསྟན་པ། དེ་སྟེང་ཡཾ་ལྗང་གུ་ལས་རླུང་ནག་འཚུབས་མ་ལས་བསྐལ་བའི་མེ་འབར་ཞིང་། འབྱུང་བ་ཚ་གྲང་འཁྲུགས་པའི་སྒྲ་དང་ཐོག་སེར་འབེབས་པ། པྃ་དམར་པོ་ལས་སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་སྟེང་དུ། རྃ་དམར་སེར་ལས་ཉི་མའི་དཀྱིལ་འཁོར་དམར་སེར་ལ། ནྀྲ་ལྗང་གུ་ལས་གཟུགས་ཅན་

(༣༧༡)མིའི་དགྲ་དང་ཏྲི་སྔོ་སྐྱ་ཐལ་མདོག་ལས་གཟུགས་མེད་བགེགས་ཀྱི་ཚོགས་བསྣོལ་མར་བསྒྱེལ་བའི་གདན་ལ། ཏི་ནག་པོ་ལས་བདུང་རྟ་བྲ་ནག་རྐང་པའི་རྟིང་པ་གཉིས་དཀར་པོ། དཔའ་བའི་རྩལ། ༡ རྫུ་འཕྲུལ་གྱི་ཤུགས། ༢ མྱུར་མགྱོགས་ཀྱི་བང་གསུམ་དང་ལྡན་པ་སྟེ། ལ་ལར་རྫུ་འཕྲུལ་གྱི་རྐང་པ། རླུང་གི་གཤོག་པ། མྱུར་མགྱོགས་ཀྱི་རྩལ་གསུམ་ཡང་ཟེར་ཏེ་དོན་གཅིག་པ་ཉིད་དོ། །གཞན་གཡུ་མཐུར་གསེར་སྲབ་གཞུང་དུ་གསལ་ཞིང་། ས་བོན་སྲོག་ཡིག་ཏི་ཕཊ་དུ་གསུམ་ནི། བཙན་བདུད་གཉིས་ཀྱི་རིགས་སུ་སྐྱེས་ཕྱིར། ཏི་དང་དུ། ཕཊ་འཇིག་རྟེན་མགོན་པོའི་སྲོག་སྔགས་སུ་བཞེད་པའང་ཡོད་མོད་ཀྱང་། རིགས་བཙན་ཡིན་པས་ཏི། རྒྱུ་བདུད་ཡིན་པས་དུ། སྲོག་གཟའ་ཡིན་པས་ཕཊ། སྒོམ་ཚུལ་གཡས་སུ་ཏི། དབུས་སུ་དུ། གཡོན་དུ་ཕཊ། གདོང་ལུགས་སུ་ཕཊ་དབུས་སུ་བཀོད་འདུག་ཀྱང་འདི་བདུད་མགོན་ཡིན་པ་དང་། སྲོག་ཡིག་

(༣༧༢)གནད་ཀྱི་ཞལ་ཤེས། དུ་ནག་པོའི་དབུས། ཏི་དམར་པོ་གཡས། ཕཊ་དམར་ནག་གཡོན་དུ་སྒོམ་པའོ། སྐུ་མདོག་ཕྱག་མཚན་རྒྱན་ཆས་རྣམས་གཞུང་དུ་གསལ། ལས་ཟོར་ཡིག་ཆུང་དུ། མ་མོ་སྨུག ༡ །གཤིན་རྗེ་མོ་སེར། ༢ ཀླུ་བདུད་མོ་སྔོ། ༣ བཙན་མོ་དམར། ༤ དུང་སྐྱོང་མ་ནག ༥ ཅེས་ཡུམ་ལྔར་བཤད་པ་ལ་དགོངས་ དབྱིངས་ཡུམ། སྦྱོར་ཡུམ་མཆན། ནས། གསང་ཡུམ། སྒྲོལ་ཡུམ་མཆན། རྡོ་བསྟན་འཕེལ་གྱི་ཟིན་བྲིས་སུ་ཡུམ་ལྔར་གསུངས་པ་ཡིན། ༈ །སི་ཏུ་པདྨ་ཉིན་བྱེད་ཀྱི་ཟིན་བྲིས་སུ་ཡུམ་བཞི་གསུངས་པ་ནི། སྦྱོར་ཡུམ། ༡ སྒྲོལ་ཡུམ། ༢ གསང་ཡུམ། ༣ དུང་སྐྱོང་མ་དང་བཞི་ཡིན་ལ། དེ་དག་གི་གཏོར་མ་བཅའ་ཐབས་ཀྱི་ཡིག་ཆུང་དུ། ཡུམ་བཞིས་གཏོར་མ་ལྕགས་ཀྱུས་བརྒྱན༔ ཅེས་པའི་ཁུངས་དང་། གཏོར་གདན་དཀྱིལ་འཁོར་ལའང་འཁོར་ལོ་རྩིབས་བཞིར་མ་བཞི་འགོད་བ་ཡུམ་བཞི་དང་། དེ་རྒྱབ་རྩིབས་བརྒྱད་ལ་དུ་བརྒྱད་འགོད་པ་

(༣༧༣)སྡེ་བརྒྱད་མགོན་པོ་ཡིན་པའི་ཞལ་རྒྱུན་ལྟར་རོ། །སྤྱིར་བཏང་དུ་སྦྱོར་བ་སྐུའི་ཡུམ་གྱིས་འདོད་ཁམས་ཀྱི་འདོད་ཆགས་དག །སྒྲོལ་བ་གསུང་གི་ཡུམ་གྱིས་གཟུགས་ཁམས་ཀྱི་འདོད་ཆགས་དག །གསང་བ་ཐུགས་ཀྱི་ཡུམ་གྱིས་གཟུགས་མེད་ཁམས་ཀྱི་འདོད་ཆགས་དག །ཆོས་སྐུ་དབྱིངས་ཀྱི་ཡུམ་གྱིས་ཁམས་གསུམ་ཡེ་ནས་སྦྱོར་ཏེ་བག་ཆགས་གནས་སུ་དག་པས་ན་གསང་བའི་ཡུམ་བཞི་ཞེས་ཡོངས་སུ་གྲགས་པའོ། ཆོས་བདག་ཀརྨ་འགྱུར་མེད་ཀྱི་ཕྱག་བྲིས་ཞལ་ཐང་དུ་དུང་སྐྱོང་མ་དཀར་མོ་བྱས་འདུག །དེ་ནི་དབང་ཕྱུག་སྲས་མོ་དཀར་མོ་དུད་སྐྱོང་མ་ཞེས་ལྷ་མོ་སྤྱིའི་གཏམ་རྒྱུད་ལ་དགོངས་པ་འདྲའོ། །ཀརྨ་འགྱུར་མེད་ཀྱི་ཕྱག་བྲིས་སུ་དུང་སྐྱོང་མས་གཡས་ལྕགས་ཀྱུ་དང་གཡོན་དགྲ་སྙིང་འཛིན་ཅིང་ཆིབས་ཁ་ཁྲིད་པ། གཞན་ཡུམ་བཞིས་གཡས་ནད་རྐྱལ་དང་གཡོན་དགྲ་སྙིང་ལས་ལྕགས་ཀྱུ་བྲིས་མི་འདུག །བདུད་པོ་སྡེ་བརྒྱད་ལས་ཟོར་ནང་ལྟར་བཀོད་འདུག་པ་ནི། ཤར་དུ་འདྲེ་

(༣༧༤)བདུད་རལ་གྲི་དང་མདུང་དར། ལྷོར་མེ་བདུད་ཁྲམ་ཤིང་དང་མདུང་དར། ནུབ་ཏུ་ཆུ་བདུད་བདུད་ཞགས་དར་མདུང་དར། བྱང་དུ་ཉི་བདུད་གཡས་སྡིགས་མཛུབ་ཀྱི་རྩེ་ནས་ཐོག་འཕེན་པ། གཡོན་རུ་དར། ཤར་ལྷོར་ས་བདུད་གཡས་ལྕགས་ཀྱུ་དང་གཡོན་མདུང་དར། ལྷོ་ནུབ་ཏུ་ཟླ་བདུད་སྐུ་ལུས་ཐམས་ཅད་མིག་གིས་གང་བ་གཡས་ཞགས་པ་དང་། གཡོན་མདུང་དར། ནུབ་བྱང་དུ་རྐུང་བདུད་ལྕགས་སྒྲོག་དང་མདུང་དར། བྱང་ཤར་དུ་དཀོར་བདག་རྒྱལ་པོ་སྐར་བདུད། གཡས་བདུད་ཞགས་དང་ལྕགས་སྒྲོག །གཡོན་དྲིལ་བུ་དང་མདུང་དར། ཐམས་ཅད་ཀྱང་རལ་བ་དམར་སེར་བརྫེས་ཤིང་ཐོད་སྐམ་དབུ་རྒྱན། ཕྱོགས་བཞིའི་བདུད་མགོན་བཞིའི་ཞལ་ཨཾ་གཙིགས་བསྡམས་པ། མཚམས་བཞིའི་བདུད་མགོན་བཞིའི་ཞལ་གདངས་ཞིང་ལྗགས་འདྲིལ་བ་བྲིས་འདུག་གོ །འདི་དག་སྨད་ལས་དྲག་པོ་དགྲ་བོ་བསྒྲལ་བའི་སྐབས་ཟློག་སྒྲུབ་དང་སྦྲེལ་ཚེ་འདི་ལྟར་སྒོམ་དགོས་

(༣༧༥)ཤིང་། སྟོད་ལས་བྱང་ཆུབ་སྒྲུབ་པ་དང་རྒྱུན་ཁྱེར་གྱི་སྐབས་སུ་གཞུང་གི་དངོས་བསྟན་དང་ཏྲཀྴད་གསོལ་ཀ་ལྟར། ཤར་དུ་རླུང་བདུད་བྱེ་བ་གུང་རིང་། ལྷོར་མེ་བདུད་བཛྲ་སཱ་དྷུ། ནུབ་ཏུ་ཆུ་བདུད་ནག་པོ་མགོ་དགུ། བྱང་དུ་ས་བདུད་ཡ་མ་རཱ་ཛ། ཤར་ལྷོར་ཉི་བདུད་ཡམ་ཤུད་དམར་པོ། ལྷོ་ནུབ་ཏུ་ཟླ་བདུད་ཤེལ་གིང་ཚངས་པ། ནུབ་བྱང་དུ་སྐར་བདུད་རཱ་ཧུ་ལ། བྱང་ཤར་དུ་འདྲེ་བདུད་མ་མོ་ཚེ་ལེན། དབུགས་སྡུད་སྲོག་གི་གཤེད་མ་རྣམས་སྐུ་མདོག་ཕྱག་མཚན་གཞུང་ལྟར་བརྒྱད་ཀ་འདྲའོ། འཁོར་གྱི་གྲངས་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་སོགས། ཞེས་གསུངས་པ་ལྟར་འབུམ་ཕྲག་བཅུ་ལ་ས་ཡ་གཅིག་ཅེས་བྱ་ཞིང་། སླར་ཡང་འབུམ་ཕྲག་དྲུག་སྟེ་འབུམ་ཕྲག་བཅུ་དྲུག་གོ །དེ་ལྟ་བུ་བདུད་དང་གཤིན་རྗེ་མ་མོ་གསུམ་གྱི་ཚོགས་དང་། བདུད་བྱ། ཁྱི་ནག །ལས་མཁན་བཅས་གྲངས་གཞུང་དུ་གསལ་བ་ལྟར་རོ། །སྨད་ལས་དྲག་པོ་

(༣༧༦)བསྒྲལ་ལས་ཀྱི་སྐབས་སུ་དམག་དཔོན་རུ་འདྲེན་སྡེ་བདུན་ལས་ཟོར་གཞུང་གསལ་ལྟར་སྒོམ། ཕྱག་རྡོར་གྱི་ཐུགས་ལས་འོད་ཟེར་འཕྲོས་མདུན་བསྐྱེད་མགོན་པོ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་བས་གར་བཞུགས་ཀྱི་གནས་ནས་སྤྱན་དྲངས་པར་དམིགས། ༈ །ཨཱོཾ་ནི། ཨ། འཆུངས། ན་རོ། ཟླ་ཚེས། ཐིག་ལེ། བཅས་སྐུ་ལྔ་ཡེ་ཤེས་ལྔ་ལྡན་ཀླད་ནོན་རྒྱལ་པོ་ལྟ་བུའི་སྔགས། མ་ཧཱ་ཀཱ་ལ་ནག་པོ་ཆེན་པོ། ཏྲཀྴད་ལས་མཁན། དྲག་པོ་མིག་གསུམ། ཛཐུགས་རྒྱུད་གནད་བསྐུལ་གྱི་དགུག་པ། གསང་བའི་སྲོག་གཅིག་ཐུགས་ལ་གབ་བོ། ཨཱོཾ་སྔར་བཞིན། མ་ཧཱ་ཆེན་པོ། ཀཱ་ལ་ནག་པོ། སུ་གནོད་སྦྱིན། ཏྲི་ཐེའུ་རང་། ཡ་གཤིན་རྗེ། མ་མ་མོ། དུ་བདུང་། ཛདགུག་བ། ཛཧཱུྃནི་གཏེར་སྟོན་གུ་རུ་ཆོས་དབང་གི་སྔགས་སྡེབས་སྙིང་གཟེར་ནག་པོ་ལས། ཛཧཱུྃ་སྭཱ་ཧཱའི་སྔགས་མཇུག་ཅན༔

(༣༧༧)དེ་གསུམ་འབོད་པའི་སྔགས་སུ་འགྲོ༔ ཞེས་གསུངས་པ་ལྟར། ཛདང་ཧཱུྃ་གཉིས་ཀ་འབོད་བའི་དོན་ཏེ། ཕེ༚་ནི་མ་རྒྱུད་མ་མོ་འགུགས་བའི་སྲོག་སྔགས། ཕ་དང་། འགྲེང་བུ། ཐིག་ལེ་གསུམ་གྱིས། ས་འོག །ས་སྟེང་། ས་བླའི་དཔའ་བོ་དང་དཔའ་མོ་རྣལ་འབྱོར་མ་རྣམས་འབོད་པའོ། །དེ་རྣམས་ལ་གསུམ་གསུམ་འབྱུང་བ་ནི་སྐུ་གསུང་ཐུགས་གནད་ནས་བསྐུལ་བའོ། སྔ་མ་ཛཧཱུྃ་གསུམ་གྱིས་ཕོ་རྒྱུད་དང་། །ཕྱི་མ་ཕེ༚་གསུམ་གྱིས་མོ་རྒྱུད་གནད་ནས་བསྐུལ་བའོ། །སླར་ཡང་རང་ཉིད་གསང་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཁམས་གསུམ་སྲིད་གསུམ་གང་དུ་བཞུགས་ཀྱང་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གྱི་ཚོགས་གནམ་ས་གང་བ་ལྟ་བུར་ཆར་བབས་པ་བཞིན་མདུན་བསྐྱེད་མགོན་པོ་འཁོར་བཅས་ལ་ཡང་ཡང་བསྟིམ་ཞིང་། ཧཱུྃ་བཞེངས་ཤིག་སོགས་ཀྱི་སྤྱན་འདྲེན་གྱེར་སྒོམ་བྱ། དེ་སྐབས་རྩ་གསུམ་དམ་ཅན་རྒྱ་མཚོ་

(༣༧༨)ཚིག་རིས་ལྟར་སྤྱན་དྲངས་ཤིང་བསྟིམ། དམ་ཡེ་དབྱེར་མེད་དུ་གྱུར་པ་ཏྲཀྴད་ཉིད་ལས་སྤྲུལ་པའི་ལྷ་དང་ལྷ་མོས་ཕྱག་འཚལ་ཞིང་ཡེ་ཤེས་ཀྱི་ཆོས་སྲུང་སྤྱན་དྲངས་པ་དེ་དམ་ཚིག་པ་དང་དབྱེར་མེད་པར་དགྲ་བགེགས་བསྒྲལ་བའི་བམ་རོ་སོགས་ཁྲིར་བཞུགས་ཤིག་ཅེས་གདན་འབུལ་ལོ། །མ་ཧཱ་ཀཱ་ལ་ཏིཥྛ་ལྷན༔ ཅེས་པ་ནི་ནག་པོ་ཆེན་པོ་བརྟན་པར་བཞུགས་ཞེས་པའོ། དམ་བཞག་སྐབས་རང་ཉིད་གསང་བདག་ཏུ་གསལ་བས། །མགོ་བོར་ཡེ་ཤེས་ཀྱི་རྡོ་རྗེ་བཞག་པར་དམིགས་ལ་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བྱ། རང་གི་མདུན་དུ་ནང་མཆོད་ཡོད་ན་དམ་བཞག་སྔགས་ཀྱི་སྐབས་བདུད་རྩི་འཐོར་ལ་ལྗགས་ལ་དམ་ཚིག་བདུད་རྩི་བྱིན་པར་བསམ། བདག་བསྐྱེད་གསང་བདག་གི་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་མགོན་པོའི་ཐུགས་ཀའི་ཧཱུྃ་ཡིག་གི་ཁོག་པར་དུ་ཡིག་གནས་པ་ལ་ཕོག་པས། དུ་ཡིག་ལས་དུ་ཡིག་གཅིག་ཆུ་ལས་ཆུ་བུར་རྡོལ་བ་ལྟར་འོད་ཟེར་

(༣༧༩)གྱིས་བླངས་ཏེ། བདག་བསྐྱེད་གསང་བདག་གི་ཧཱུྃ་ཡིག་ལ་ཐིམ་པས་སྲོག་སྙིང་གཅིག་ཏུ་འདྲེས་པས་ཐུགས་ཡིད་གཅིག་ཏུ་འདྲེས་པར་བསམ། དམ་བཞག་སྔགས་དོན་འགྱུར་དུ། མཆོག་སྦྱིན་རྡོ་རྗེ་ནག་པོ་ཆེན་པོ་དམ་ལས་མ་འདང་མ་འདའ་ཕྲིན་ལས་མཛོད་ལ་གཟུང་འཛིན་དགྲ་བགེགས་ཚར་ཆོད་ཅིག་ཅེས་སོ། །ཕྱི་མཆོད་ཉེར་སྤྱོད་ཐོགས་པའི་མཆོད་ལྷས་ནམ་མཁའ་ས་གཞི་བར་སྣང་གང་བས་མཆོད་པར་དམིགས། ༈ །ནང་མཆོད་སྨན་རག་གཏོར་གསུམ་འབུལ་བ་ནི། དམ་ཚིག་གི་རྫས་སྨན་མཆོག་ཨ་མྲྀ་ཏ་སྟེ་བདུད་རྩི་ལ། ངོ་བོ། ངེས་ཚིག །དབྱེ་བ། མཐུན་དཔེ། དགོས་ཆེད། དམ་རྫས་དངོས་དང་དྲུག་ལས། དང་པོ་ངོ་བོ་ནི། རང་བྱུང་གདོད་ནས་རྣམ་པར་དག་པ་ཉིད་དོ། །གཉིས་པ་ངེས་ཚིག་ནི། མ་རིག་རྣམ་རྟོག་འཁྲུལ་པའི་བདུད་པ་རིག་པ་ཡེ་ཤེས་ཀྱི་རྩིས་བརྡ་དང་དོན་གྱིས་འདེབས་པའོ། གསུམ་པ་

(༣༨༠)དབྱེ་བ་ནི། མཚོན་བྱ་ཆོས་ཉིད་དོན་གྱི་བདུད་རྩི་དང་། མཚོན་བྱེད་རྟགས་ཀྱི་བདུད་རྩིའོ། །བཞི་པ་མཐུན་དཔེ་ནི། ལྷའི་བདུད་རྩིས་དུག་རྣམས་འཇོམས་ཤིང་ནད་གསོས་ཀྱི་སྨན་དུ་འགྱུར་བ་ལྟར། འདི་ཡང་དུག་ལྔ་འཇོམས་ཤིང་། ན་བ་འཆི་སོས་ཀྱི་སྨན་དུ་གྱུར་པའོ། ༈ །ལྔ་པ་དགོས་ཆེད་ནི། མཆོག་ཐུན་མོང་གི་དངོས་གྲུབ་ཡོན་ཏན་ཕུན་སུམ་ཚོགས་པ་ཐོབ་ཅིང་ལྷ་དང་ཆོས་སྐྱོང་མཉེས་པར་བྱེད་པའོ། །དྲུག་པ་དམ་རྫས་དངོས་ནི། མཚོན་བྱེད་རྟགས་ཀྱི་བདུད་རྩི་རྩ་བརྒྱད་ཡན་ལག་སྟོང་སྦྱར་རོ། །དེ་དག་གི་ངོས་འཛིན་ནི་ཡི་གེ་མང་དུ་དོགས་པས་མ་བྲིས་སོ། །ད་ལྟ་ཕྱག་ལེན་དངོས་ནི། ཆུའམ། འོ་མའམ། ཆང་ལ་བདུད་རྩི་ཆོས་སྨན་ཚད་ལྡན་སྦྱར་བ་དམིགས་རྟེན་དུ་བཤམས་ཤིང་། བདུད་རྩིའི་རྒྱ་མཚོ་ལས་མཆོད་ལྷ་བྷནྡྷ་ཐོགས་པས་བཅུས་ཏེ་ཕུལ་བས་ཐུགས་རྒྱུད་མཉེས་ཤིང་ཚིམ་པར་དམིགས། ༈ །དམ་ཉམས་སྙིང་ཁྲག་མཚོ་ལྟར་བསྐྱིལ༔ ཅེས་

(༣༨༡)པར་དམིགས་རྟེན་དུ་སྲིད་པ་གཞིའི་རཀྟ་ཆུའམ། ཤིང་གི་རཀྟའི་ནང་ཚན་ཇ་ཁུའམ། སྣང་བ་བརྡའི་རཀྟ་ཁ་དོག་དམར་པོར་གྱུར་པའི་ཁུ་བ་གང་འཛོམ་མམ། སེམས་ཅན་གྱི་ཁྲག་གཙང་མ་ལ། རཀྟའི་རྩ་བ་བརྒྱད་དང་ཡན་ལག་སུམ་ཅུ་རྩ་ལྔའི་རྫས་ཚད་ལྡན་རྙེད་ན་སྦྱར། མ་རྙེད་ན་ཙ་རི་སོགས་གནས་ཆེན་གྱི་སིནྡྷ་ར་སྦྱར་བ་བཤམས་ཤིང་། རཀྟ་ཁྲག་གི་རྒྱ་མཚོ་ཞལ་དུ་མཆོད་པས་ཁམས་གསུམ་འཁོར་བའི་རྒྱ་མཚོ་སྐམ། གདུག་པ་རུ་དྲའི་སྙིང་ཁྲག་སྟེ་འབྲས་བུ་ཆེན་པོའི་རཀྟ་རོལ་བས་ལས་ངན་པའི་རྒྱུན་ཆད་ཅིང་འཁོར་བ་གནས་སྟོང་ཞིང་ཕྱིར་མི་ལྡོག་པར་བསམ་མོ། བ་ལིང་ཟུར་གསུམ་དམར་གྱིས་བརྒྱན་པ་དྲག་པོའི་བཤོས་བུ་ཟུར་གསུམ་ཁྲག་གིས་བྱུག་པའི་ཞལ་ཟས་དམིགས་རྟེན་དུ་བཤམས་ལ། དགྲ་བགེགས་དམ་སྲི་བསྒྲལ་བའི་གཏི་མུག་ཤའི་རི་པོ། ཞེ་སྡང་རུས་པའི་གྲམ་ཁྲོད་དུ་བརྡལ་བའི་རྒྱུ་ལས་བྱུང་བ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་

(༣༨༢)བ་ལི༚་སྟེ་གཏོར་མ་དྲག་པོའི་ཕྲིན་ལས་མཐར་ཕྱིན་པའི་བརྡར་ཟུར་གསུམ་པ་ཤ་ཁྲག་གིས་བརྒྱན་པ་ཕུལ་བས་དགྱེས་པར་བཞེས་ནས་ང་བདག་རང་བཞིན་མེད་པ་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་དམིགས། ༈ །གསང་མཆོད་འདོད་ཡོན་རྣམ་ལྔ་ནི་མ་ཧཱ་ཡོ་གའི་སྒོམ་ཁོག་ལྟར། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བརྡ་བའི༔ ཆོས་ཡིད་ཚིམ་བྱེད་འདོད་ཡོན་རྣམ་ལྔས་མཆོད༔ ཅེས་དང་། བརྟེན་རྫས་ལ། ཕྱི་གཏོར་མ། ནང་སྙིང་དང་ཕྱག་མཚན། གསང་བ་ཏིང་འཛིན་གསལ་བའོ། བསྐང་རྫས་ལ། བསྐང་གཏོར་གཞུང་གསལ་དམིགས་རྟེན་དུ་བྱ་ཞིང་། སྒོམ་དོན་ནི། མཁས་གྲུབ་ཆགས་མེད་ཞབས་ཀྱིས། བསྐང་བ་བཅས་པ་ཡོད་དམ་ཐང་སྐུའམ། །མེད་ན་གཏོར་མ་ཉིད་ལ་དམིགས་རྟེན་བྱ། གོང་དུ་བཤད་བའི་བདུད་རྩིའི་རླངས་པ་ལས། །བསྐང་རྫས་སྣ་ཚོགས་འཕྲོ་ཞིང་མཆོད་པར་དམིགས། སྒྲུབ་པའི་རྫས་ནི། སློབ་དཔོན་སངས་རྒྱས་གསང་

(༣༨༣)བའི་ལམ་རིམ་ལས། །གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཉེར་སྤྱོད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་ཟློག །ཡོ་བྱད་དག་པ་བསྡུ་བྱ་སྟེ། ཞེས་གསུངས་པ་ལྟར། འཚོ་བ་ཟས་ཀྱི་ཡོ་བྱད། རྐྱེན་ཟློག་སྨན་གྱི་ཡོ་བྱད། སྒྲུབ་པ་རྫས་ཀྱི་ཡོ་བྱད། མཆོད་པ་ཆས་ཀྱི་ཡོ་བྱད་རྣམས་སོ། ༈ །གོང་བཤད་སྒྲུབ་པ་ལ་ལྷག་བར་གཅེས་པའི་ཡོ་བྱད་ལྔ་ནི། །ཨཱ་ལི་ཀཱ་ལིའི་སྒྲུབ་རྫས། རྒྱན་དང་བགོ་བའི་སྒྲུབ་རྫས། བཟའ་དང་བཏུང་བའི་སྒྲུབ་རྫས། བྲོ་གར་འདུ་འཕྲོའི་སྒྲུབ་རྫས། གླུ་ཚིག་སྒྲ་ཡི་སྦྱོར་སྒྲོལ་གཉིས་ཀྱི་བརྡ་ཚིག་མཆན། སྒྲུབ་རྫས་དང་ལྔའོ། དམ་རྫས་ལྔ་ནི། ལྟ་བ། ཏིང་ངེ་འཛིན། བྱང་ཆུབ་སེམས། སྙིང་རྗེ། དམ་ཚིག་དང་རྣམ་པ་ལྔའོ། སྒྲུབ་བའི་རྫས་ཀྱི་ཡོ་བྱད་ལྔ་ནི། དེ་དག་ཐམས་ཅད་དངོས་དང་ཡིད་ཀྱིས་སྤྲུལ་བའོ། ནས་འབྲས་གྲོ་སྲན་ཏིལ་ལ་སོགས་

(༣༨༤)བའི་འབྲུ་སྣ་ཚོགས་དང་། ག་བུར། ༡ གུར་གུམ། ༢ ལི་ཤི། ༣ ཛ་ཏི། ༤ ཙནྡན། ༥ ཀོ་ལ། ༦ སུག་སྨེལ། ༧ འབྲས་བུ་གསུམ་ལ་སོགས་བའི་སྨན་སྣ་ཚོགས། གསེར། ༡ དངུལ། ༢ པདྨ་རཱ་ག ༣ །མ་རྒད། ༤ མུ་ཏིག་ལ་སོགས་པའི་རིན་ཆེན་སྣ་ཚོགས། ༈ །སེང་གེ་གླང་ཆེན་རྟ་དང་རྨ་བྱ་ཁྱུང་༔ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ༔ ཞེས་པ་སོགས་ཤ་སྣ་ཚོགས། གྲི་སྙིང་དང་ཁྱི་ནག་ལུག་ནག་རྟ་ནག་གཡག་ནག་ལ་སོགས་པའི་སྙིང་སྣ་ཚོགས། ༈ །སྟག་གཟིག་གཅན་གཟན་ལ་སོགས་སྡེར་ཅན་གྱི་ཁྲག །བྱ་རྒོད་ཕོ་རོག་ལ་སོགས་འདབ་ཆགས་ཀྱི་ཁྲག །རྟ་དང་བོང་བུ་ལ་སོགས་རྨིག་ཟླུམ་གྱི་ཁྲག །འབྲང་དང་གཡག་རྒོད་ལ་སོགས་རྨིག་བྲག་གི་ཁྲག་སྣ་ཚོགས་སོ། །དེ་དག་ལའང་། གླང་པོ་ཆེ་རབ་འབོག་ལས། རང་ཤི་བམ་གྱི་སྲོག་རྩའི་ཁྲག །མཁའ་ལྡིང་ཀུ་ཀུ་རཱ་ཛའི་ཁྲག །དེ་བཞིན་གླང་པོ་རྟ་ཡི་ཁྲག །མཆོད་ཅིང་ཐུགས་དམ་བསྐང་བའི་

(༣༨༥)ཕྱིར། །གསུང་གི་དངོས་གྲུབ་རྟེན་དུ་བཤམས། ཞེས་སོ། མཛོ་དང་མཛོ་མོ་ཏོལ་ལེའི་ཁྲག་སྤངས་དགོས་ཏེ། ཇི་སྐད་དུ་ཡང་། ཕལ་བ་གང་ཡང་རུང་བའི་ཁྲག །མཛོ་དང་མཛོ་ཏོ་ལ་སྤངས་པའོ། །ཞེས་སོ། སྦྱར་ཚུལ་ཡང་། རཀྟ་ཕལ་བ་མཆན་གྱི་ཚུལ། །རྩ་བའི་རཀྟ་ཕབ་ཀྱི་ཚུལ། །དྭངས་བཅུད་རཀྟ་ཚིག་མའི་ཚུལ། ཅེས་སོ། །དེ་རྣམས་ནི་གསང་འདམ་རྫས་བསམ་གྱིས་མི་ཁྱབ་པའི་མཆོད་པའོ། །ཡང་གསང་སྦྱོར་སྒྲོལ་གྱི་མཆོད་པ་ལ་སྐྱོབས་མཆན། རྣམ་པ་ལྔ་ལས། དང་པོ་རང་བཞིན་གྱི་སྦྱོར་སྒྲོལ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གཉིས་སུ་མེད་པར་རྟོགས་པ་ནི་སྦྱོར་བ། དེས་གཉིས་འཛིན་གྱི་རྣམ་རྟོག་བསྒྲལ་བ་ནི་སྒྲོལ་བ། གཉིས་པ་དབང་པོ་ཡུལ་དུས་ཀྱི་སྦྱོར་སྒྲོལ་ནི། ཡུལ་ཕ་རོལ་ཏུ་སྣང་བ་ཡུམ། དབང་པོ་ནང་ནས་འཆར་བ་ཡབ། ལྷ་ཡབ་ཡུམ་གཉིས་མེད་དུ་སྦྱོར་བ་སྦྱོར་མཆོད། དེས་ཐ་མལ་གྱི་རྟོག་ཚོགས་

(༣༨༦)རང་སར་དག་པ་སྒྲོལ་མཆོད་དོ། །གསུམ་པ་ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་ནི། བསྐྱེད་རིམ་པས་སྒོམ་བྱ་སྟེ། ལྷ་ཡབ་ཡུམ་བསྐྱེད་ནས་རོལ་པ་སྦྱོར་མཆོད། བསྒྲལ་བྱའི་རྣམ་ཤེས་འོག་མིན་དུ་སྦར་བའི་ཏིང་ངེ་འཛིན་སྒྲོལ་མཆོད་དོ། །བཞི་པ་ཐབས་ཆེན་པོའི་སྦྱོར་སྒྲོལ་ནི། ཇི་སྐད་དུ་ཡང་། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ཕོ་བསྒྲལ་དུར་ཁྲོད་བརྒྱད་དུ་བྱས། །མོ་རྣམས་སྦྱོར་ཏེ་སླས་སུ་བྱས། ཞེས་གསུངས་པ་ལྟར་སྔོན་བྱུང་དཔལ་ཆེན་པོའི་ཐབས་ཀྱི་མཛད་སྤྱོད་དོ། །ལྔ་པ་མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ནི། ལྟ་དགོངས་ཀྱི་གདེངས་དང་ལྡན་པ་ས་སྦྱོར་སྒྲོལ་དངོས་སུ་བྱ་བའོ། །དེ་དག་འབུལ་བའི་ཚུལ་ཡང་། བདེ་བ་བཞི་ཡས་འབབ་དང་། དགའ་བ་བཞི་མས་བརྟེན་གྱི་རོལ་རྩེད། ཉོན་མོངས་པ་འདོད་ཆགས་དང་བྲལ་བའི་བདེ་སྟོང་ཟུང་འཇུག་ཨེ་ཝྃ་གྱི་ཀློང་དུ། རྣམ་རྟོག་གཟུང་འཛིན་གྱི་བག་ཆགས་བསྒྲལ་བས་ཆགས་པ་གནས་མེད་ཡུལ་མེད་མ་སྤངས་གནས་དག་ཉེས་པའི་

(༣༨༧)སྐྱོན་བྲལ་བདེ་སྟོང་གི་ཉམས་དབྱིངས་རིག་རང་གསལ་མ་བཅོས་པའི་ངང་ནས། གང་ཤར་འཛིན་མེད་རང་གྲོལ་ངོས་འཛིན་དང་བྲལ་བས། མཆོད་པར་བྱ་བའི་ཡུལ་དང་། མཆོད་བྱེད་ཀྱི་ཤེས་པ་བདེ་སྟོང་ཟུང་འཇུག་མཐའ་བྲལ་ཆེན་པོའི་ངང་དུ་ཐག་བཅད་པའོ། ༈ །ཁྲུང་འཇུག་ཨེ་ཝྃ་གྱི་བརྡ་དོན་ནི་མཐའ་ཡས་ཀྱང་། སྙིང་པོ་མདོར་བསྡུ་ན་གཞི་ལམ་འབྲས་བུ་གསུམ་དུ་འདུའོ། །དང་པོ་སྣོད་དང་སྦྱར་ན། རྟེན་ནམ་མཁའི་ཨེ། འབྱུང་བཞི་ཝྃ། འབྱུང་བ་རེ་རེ་བཞིན་ཡང་། སྟོང་པའི་ཆ་ཨེ། སྣང་བའི་ཆ་ཝྃ། འབྱུང་བཞི་སྣང་ཡང་བདེན་པས་སྟོང་པའི་ཆ་ལ་ཨེ། ནམ་མཁའ་འགྱུར་བ་མེད་པའི་ཆ་ལ་ཝྃ་དུ་བཤད་དོ། བཅུད་ཀྱི་སེམས་ཅན་ལའང་། ལུས་ཨ། སེམས་ཝྃ། བུད་མེད་ཨེ། སྐྱེས་པ་ཝྃ། སྐྱེས་པ་ལ་ལུས་ཝྃ། སེམས་ཨེ། བུད་མེད་ལ་ལུས་ཨེ། སེམས་ཝྃ་སྟེ་ཐབས་ཤེས་ཟུང་འབྲེལ་ལོ། །དེ་བཞིན་དུ་ཁམས་ལྔ་ཡུམ་

(༣༨༨)ལྔར་གནས་པ་ཨེ། ཕུང་པོ་ལྔ་ཡབ་ལྔར་གནས་པ་ཝྃ། ཕྱག་རྒྱ་ཆེན་པོ་ཨེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཝྃ། བསྐྱེད་རིམ་གྱི་སྐབས་སུ་འབྱུང་བ་རིམ་བརྩེགས་རི་རབ་རྟེན་གཞལ་ཡས་ཁང་དང་བཅས་པ་ཨེ། བརྟེན་པ་ལྷ་བསྐྱེད་པ་ཝྃ། ལྷ་དེ་ཡང་ཡུམ་ཨེ། ཡབ་ཝྃ། རྩ་རླུང་ཐིག་ལེའི་འགྲོས་དང་སྦྱར་ན། ལྟེ་བའི་དམར་ཆ་ཨེ། སྤྱི་བོའི་དཀར་ཆ་ཝྃ། ལྟེ་བ་ནས་གཏུམ་མོའི་མེ་སྦར་བས་སྤྱི་བོའི་ཧྃ་ཡིག་ནས་བདུད་རྩི་མགྲིན་པར་བབས་བས་དགའ་བ། སྙིང་གར་བབས་པ་མཆོག་དགའ། ལྟེ་བར་བབས་པ་ཁྱད་དགའ། གསང་གནས་སུ་བབས་པ་ལྷན་སྐྱེས་ཀྱི་དགའ་བ་སྟེ་ཨེ་ཝྃ་ཟུང་འཇུག །མས་བརྟེན་གྱི་སྐབས་སུའང་། གསང་བ་ནས་ལྟེ་བར་བསྐྱིལ་པ་དགའ་བ། ལྟེ་བ་ནས་སྙིང་གར་འཁྱིལ་བ་མཆོག་དགའ། སྙིང་ཁ་ནས་མགྲིན་པར་བྱོན་པ་ཁྱད་དགའ། མགྲིན་པ་ནས་སྤྱི་བོར་བྱོན་པ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། ཐིག་

(༣༨༩)ལེ་འཕོ་མེད་དུ་བརྟན་པ་ཨེ་ཝྃ་ཟུང་འཇུག་གོ །ཐབས་ལམ་རིམ་གྱིས་བདང་གཅིག་ཆར་བ་སོགས་ཀྱིས་བཤད་ཚུལ་མང་ཡང་ཡི་གེ་མང་དུ་དོགས་པས་མ་བྲིས་ལ་ཤེས་པར་འདོད་ན་གསང་མཐའི་རྒྱུད་རྣམས་སུ་གསལ་ལོ། །མ་ཧཱ་ཀཱ་ལ་པཱུ་ཛ་ཧོཞེས་པ་ནི། ནག་པོ་ཆེན་པོ་མཉེས་པར་གྱུར་ཅིག་པའོ། ༈ །བསྟོད་པ་ནི་གཞུང་ཚིག་ཤིན་ཏུ་ཁ་གསལ་བས་འགྲེལ་མི་དགོས་སོ། །སྒོམ་དོན་འཁོར་རྣམས་ཀྱིས་གཙོ་བོ་ལ་མགྲིན་གཅིག་ཏུ་བསྟོད་པར་དམིགས་པ་དང་། མཆོད་པའི་ལྷ་དང་ལྷ་མོས་བསྟོད་པའི་ལུགས་གཉིས་གང་སྒོམ་ཡང་འདྲའོ། མཆོད་ལྷ་རྣམས་ཏྲཀྴད་ཉིད་ལ་བ་སྤུའོ། ༈ །གཏེར་སྨྱོན་གྱི་བསྙེན་སྒྲུབ་ཐོ་ཡིག་ལས། དེ་ནས་ཏྲཀྴད་བསྙེན་ཐེམ་ནི༔ མཆོད་ཕྲེང་ལས་བྱད་རྒྱས་པར་བྱ༔ དང་པོ་སྤྱན་འདྲེན་སྔགས་མང་བཟླས༔ དེ་ཚེ་སྤྱན་འདྲེན་དམིགས་པ་བྱ༔ གཉིས་པ་རྩ་སྔགས་སྤྱི་དྲིལ་བསྒྲགས༔ དེ་ཚེ་མདུན་དུ་མགོན་པོ་བསྐྱེད༔ གསུམ་

(༣༩༠)པ་དམ་བཞག་ཆར་གསུམ་བཟླ༔ དེ་ནས་སྤྱོད་ལམ་མ་ཡེངས་ངང་༔ དེ་ནི་ཆོས་སྐྱོང་བསྙེན་ཐེམ་ཡིན༔ ཅེས་དང་། བསྙེན་པ་ནི། སྤྱན་འདྲེན་བརྒྱ་རྩ་སྔགས་བཟླའོ། །དམ་བཞག་གསུམ། མཐར་ཐུགས་དམ་བསྐང་བའི་ཆོ་ག་བྱ། དགྲ་རྦད་གཞན་དུ་གབ་པོ། དམིགས་རིམ་བླ་མའི་ཐུགས་ལ་གབ༔ ཞལ་ལས་ཤེས་སོ་གཞུང་དུ་གསལ་ལོ༔ སོ་སོར་ཡོད་དོ༔ ཅེས་གསུངས་སོ། །བསྙེན་དམིགས་དངོས་ནི། མདུན་བསྐྱེད་ལས་མགོན་གྱི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་དམར་སེར་སྟེང་དུ་ཧཱུྃ་ཡིག་མཐིང་ནག་གི་ཧའི་ཁོག་པ་སྟེ་ནང་དུ་དུ་ཡི་ག་ནག་པོས་མཚན་པ། དེའི་མཐར་རྩ་སྔགས་སྤྱི་དྲིལ་སྦྲེལ་མ་མཐིང་ནག་ཞལ་ཕྱི་ལ་བསྟན་པ་གཡོན་དུ་བཀོད་གཡས་སུ་འཁོར་བ། ཡུམ་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་མ་ཡིག་དམར་ནག་གམ་རང་མདོག །འཁོར་རྣམས་ལ་དུ་ཡིག་ནག་པོ་རེ་ལ་སྤྱི་དྲིལ་སྔགས་ཀྱིས་བསྐོར་བར་དམིགས། ཡུམ་རྣམས་ལ་

(༣༩༡)སྔགས་ཞལ་ངོ་ནང་བསྟན་དང་། སྔགས་གཡོན་དུ་འཁོར་བའོ། །སྔགས་འཁོར་ལས་འོད་ཟེར་འཕྲོས་རང་འདྲའི་གཙོ་འཁོར་དཔག་ཏུ་མེད་པ་སྤྱན་དྲངས་ནས་མདུན་བསྐྱེད་མགོན་པོ་གཙོ་འཁོར་ལ་ཐིམ་པར་དམིགས་ལ་སྤྱན་འདྲེན་གྱི་སྔགས་བརྒྱ་རྩ་སོགས་གང་འོས་བཟླའོ། །བདག་བསྐྱེད་གསང་བདག་གི་ཞལ་ནས་འོད་ཟེར་སྔོན་པོ་སྦོས་རེང་གི་དུད་པ་ལྟ་བུ་བྱུང་། མདུན་བསྐྱེད་ལས་མགོན་གྱི་ཞལ་དུ་ཞུགས། ཐུགས་སྲོག་སྔགས་འཁོར་ལ་ཕོག་པས་ཐུགས་མཉེས་པའི་མཆོད་པ་ཕུལ། ཐུགས་རྒྱུད་བསྐུལ། མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་རྣམས་ལ་ཕོག་པས་བཅོལ་པའི་ལས་སྒྲུབ་བར་བསམས་ལ། རྩ་སྔགས་ཞལ་ཤེས་ལྡན་པ་དང་། མ་གཤིན་སྤྱི་དྲིལ་སུ་ཏྲི་སྦྲེལ་བ་བཟླ། སྔགས་དོན་གོང་དུ་སོང་། དེ་དག་ནི་བསྙེན་པའི་དམིགས་པའོ། །སྒྲུབ་པའི་དམིགས་པ་ནི། མགོན་པོའི་ཞལ་ནས་སྔགས་ཕྲེང་དང་འོད་ཟེར་འཕྲོས་རང་གི་ཞལ་

(༣༩༢)དུ་ཞུགས། མཆོག་ཐུན་ལས་བཞིའི་དངོས་གྲུབ་ཐོབ་པར་དམིགས་ལ་རྩ་སྔགས་སྤྱི་དྲིལ་སྦྲེལ་ལ་བཟླ། ལས་སྦྱོར་གྱི་དམིགས་པ་ནི། བདག་བསྐྱེད་གསང་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཙོ་འཁོར་ཐམས་ཅད་ལ་ཕོག་པས་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་འཕྲོས་པས་གནོད་བྱེད་དགྲ་བགེགས་ཚར་བཅད་པར་བསམས་ལ་རྩ་སྔགས་སྤྱི་དྲིལ་སྦྲེལ་མ་བཟླ། དམ་བཞག་དམིགས་པ་སྔར་ལྟར་བྱ་ཞིང་། ཨོཾ་བཛྲ་མ་ཧཱ་ཀཱ་ལ་སོགས་ཅུང་ཟད་བཟླ། རྩུབ་ཉམས་དང་འཁུ་བའི་རྟགས་སོགས་བྱུང་ན་མང་ཙམ་བཟླ། དུ་ས་མ་ཡ་རཀྵ ཞེས་པ་དམ་ལ་མ་འདའ་སྲུང་ཅིག །ཞེས་པ་འདི་དམ་བཞག་གི་སྔགས་དངོས་ཡིན། དུ་ས་མ་ཡ་ཧ་ན་སོགས་དམ་ཚིག་གནད་ལ་བསྣུན་པ་སྟེ། ཨར་གཏད་ཡིན་པས་བསྙེན་སྒྲུབ་སྔོན་སོང་གི་རྣལ་འབྱོར་པ་ཏིང་ངེ་འཛིན་ལས་སུ་རུང་བ་ཡིན་ན་མ་གཏོགས་གསུམ་ལས་མི་མང་བར་གསུངས་སོ། །དེང་དུས་སུ་གང་དྲན་གཟུ་ལུམ་

(༣༩༣)མ་གཏོགས་ཚད་ལྡན་ཚུལ་མཐུན་བྱེད་པ་ནི་ཆེས་དཀའ་བར་འདུག་གོ །བསྙེན་སྒྲུབ་ཟབ་མོ་ལས་སུ་རུང་བའི་རྣལ་འབྱོར་པས་གལ་ཤིན་ཏུ་ཆེ་ན་རྦད་བསད་ཀྱི་སྔགས་བདུན་ཅུ་རྩ་བཞི་པ་ཚར་གཅིག་བཟླས་ལ་ཐལ་མོ་གསུམ་བརྡབ་པ་ནི་སྔགས་ཀྱི་སྦུ་གྲི་ལ་རྣོ་བའི་ངར་བཏབ་བའོ། ༈ །ཞོར་བྱུང་དྲག་སྔགས་བདུན་ཅུ་རྩ་བཞི་བའི་འབྲུ་བཤད་པ་ལ། སྤྱིར་བཤད་པ་དང་། བྱེ་བྲག་དངོས་དོན་བཤད་པའོ། དང་པོ་ལ་དགུ། སྔགས་ཀྱི་སྒྲ་དོན་བསྟན་པ། ༡ ངོ་བོ་བསྟན་པ། ༢ ངེས་ཚིག་བསྟན་པ། ༣ དབྱེ་བ་བསྟན་པ། ༤ དཔེ་བསྟན་པ། ༥ དགོས་ཆེད་བསྟན་པ། ༦ རྒྱུ་བསྟན་པ། ༧ རྐྱེན་བསྟན་པ། ༨ འབྲས་བུ་བསྟན་པའོ། ༩ དང་པོ་སྔགས་ཀྱི་སྒྲ་ནི་མནྟྲ་ཅེས་བྱའོ། གཉིས་པ་སྔགས་ཀྱི་ངོ་བོ་ནི། རང་བཞིན་གྱི་བདེ་བ་ཆེན་པོའོ། །གསུམ་པ་ངེས་ཚིག་ནི། རྣམ་པར་རྟོག་པ་ཐམས་ཅད་འཇོམས་པ་ལ་ཁྱད་པར་དུ་བསྔགས་པས་ན་སྔགས་སོ། །བཞི་

(༣༩༤)པ་དབྱེ་བ་ལ་གསུམ། སྒྲུབ་པའི་སྔགས། དམོད་པའི་སྔགས། གདབ་པའི་སྔགས་སོ། །ལྔ་པ་སྔགས་ཀྱི་དཔེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ་བྱིན་རླབས་ནུས་མཐུ་ཕུན་སུམ་ཚོགས་པ་འབྱུང་བས་སོ། །དྲུག་པ་དགོས་ཆེད་ནི། འཇིག་རྟེན་དུ་མཐུ་དང་རྫུ་འཕྲུལ་ཆེ་བར་བྱ་བ་དང་། དཀོན་མཆོག་གི་བསྟན་པ་གཉན་པོ་སྲུང་བའི་ཕྱིར་སྙིང་རྗེས་ཕན་གདགས་པའི་གནས་སོ། བདུན་པ་རྒྱུ་ནི། ཨཱ་ལི་ཀཱ་ལིའི་སྒྲའི་གནས་བརྒྱད་དང་བཅས་པའོ། བརྒྱད་པ་རྐྱེན་ནི། དཀོན་མཆོག་གི་བསྟན་པ་འཇིག་པའི་དགྲ་དང་བགེགས་སོ། །དགུ་པ་འབྲས་བུ་ནི། དཀོན་མཆོག་གི་བསྟན་པ་དར་ཞིང་རྒྱས་པ་དང་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་འགོད་པར་བྱེད་པའོ། །གཉིས་པ་བྱེ་བྲག་དངོས་དོན་བཤད་པ་ལ། སྤྱིར་སྔགས་ལ་སྲོག་བཞི་སྟེ། གནས་སྲོག ༡ །མི་འགྱུར་སྲོག ༢ །འདྲེན་སྲོག ༣ །བཏགས་སྲོག་དང་རྣམ་པ་བཞིའོ། གཏེར་སྟོན་གུ་རུ་ཆོས་དབང་གི་ཟབ་གཏེར་

(༣༩༥)དྲག་པོ་སྔགས་ཀྱི་ཡང་སྡེབས་སྙིང་གཟེར་ནག་པོ་ལས། ཁྱད་པར་གནད་བཞི་བཅུན་པ་ནི༔ སྲོག་གི་སྙིང་པོ་རྣམ་བཞི་ཡིན༔ ༔བཏགས་བའི་སྲོག་ནི་སོ་སོའི་མིང་༔ གནས་སྲོག་རྣམ་ཤེས་ཡིག་འབྲུ་རེ༔ མི་འགྱུར་སྲོག་ནི་ཀུན་གྱི་ཏྲི༔ འདྲེན་སྲོག་རང་རང་བསྙེན་སྔགས་ཡིན༔ དེ་ལ་རྒྱས་འབྲིང་བསྡུས་པ་གསུམ༔ འདིར་ནི་སྡེ་རིགས་བསྡུས་པར་བསྟན༔ ཡ་ཀི་རྒྱལ་བ་ཞི་ཁྲོ་ནས༔ འགོང་པོ་སྲིན་མོ་ཡན་ཆད་ལ༔ སྲོག་བཞི་ཀུན་ལ་ཡོད་པ་ཡིན༔ ཅེས་གསུངས་པ་ལྟར་ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ༔ ཞེས་པ་ནི། ཕྲིན་ལས་ཀྱི་མགོན་པོ་འཁོར་བཅས་ཀྱི་འདྲེན་སྲོག་ཅེས་བྱ་སྟེ་བསྙེན་སྔགས་སོ། །དགྲ་བོའི་ཞེས་པ་སྤྱིའི་བཏགས་སྲོག །སྲོག་རྩལ་རྦད༔ སྙིང་ཁྲག་ལྗིབ་ལྗིབ༔ ཁྲག་རྩ་ལ་རྦད༔ དུམ་བུར་གཏུབ་གཏུབ༔ ཤ་རུས་ཕུང་ཁམས་རྡུལ་དུ་རློག་རློག༔ ཅེས་པ་ནི་དམོད་པ་སྔགས་ཀྱི་སྤུ་གྲིའོ། །

(༣༩༦)སྔགས་སྡེབས་ལས། རྦད་ནི་གསོད་དང་གཅོད་པ་ཡིན༔ ཅེས་གསུངས་པ་ལྟར། གསོད་བྱེད་འབྲུ་དགུའོ། །ལྗིབ་གསོལ་བའི་སྔགས། གཏུབ་སྒྲོལ་བའི་སྔགས། རློག་མིང་དུས་རྗེས་ཤུལ་མེད་པར་བརླག་པའི་སྔགས་སོ། ཧཱུྃ་རྦད༔ནི་ཡེ་ཤེས་ཀྱི་མགོན་པོ་ལས་ལ་བསྐུལ་བའོ། དུ་རྦད༔ བདུད་མོ། མ་རྦད༔ མ་མོ། ཡ་རྦད༔ གཤིན་རྗེ་མོ། ཏྲི་རྦད༔ བཙན་མོ་སྟེ་གསང་བའི་ཡུམ་བཞི་ལས་ལ་རྦད་པ་སྟེ་བསྐུལ་པའོ། ཨ ཡ མ དུ རུ ཙ ཤ ན སྡེ་བརྒྱད་ཀྱི་གནས་སྲོག་ཡིག་འབྲུ་རེ་རེའོ། །དགྲ་བགེགས་མིང་སྟེ་བཏགས་ ལྷ། གཤིན་རྗེ། མ་མོ། བདུད། བཙན། རྒྱལ་པོ། གནོད་སྦྱིན། ཀླུ། སྲོག་དང་འདྲེན་སྲོག་གཉིས་ཀ །མ་ར་ཡ་ཕཊ གཅོད་བྱེད་འབྲུ་བཞིའོ། སྔགས་སྡེབས་ལས། ཕཊ་ནི་འཐེན་དང་འགྲོ་བ་ཡིན༔ ཅེས་སོ། །རྦད་རྦད་ནི་སྔོན་དུ་སོང་། མྱོག་མྱོག༔ སྔགས་ཀྱི་སྤུ་གྲི། ཡྃ་ཡྃ༔ གཟིར་

(༣༩༧)བ། ཟློག་ཟློག༔ ཟློག་པའི་སྔགས་སོ། །འདི་ནི་རྦད་སྔགས། བསད་སྔགས། ཟློག་སྔགས་སོགས་དྲག་པོའི་སྔགས་ཀུན་འདུས་པ་ཡིན་ཏེ། སྔགས་སྡེབས་ལས། བྷྱོ་ཐུན་ཡ་གསུམ་སྔགས་མཇུག་ཅན༔ དེ་གསུམ་རྦད་པའི་སྔགས་སུ་འགྲོ༔ རྦད་སོད་ཐུམ་རིལ་སྔགས་མཇུག་ཅན༔ དེ་གསུམ་བསད་པའི་སྔགས་སུ་འགྲོ༔ ཏྲིག་ནན་མྱོག་ཐུམ་སྔགས་མཇུག་ཅན༔ དེ་གསུམ་གཟིར་བའི་སྔགས་སུ་འགྲོ༔ ཅེས་གསུངས་པ་ལྟར་རོ། །དྲག་སྔགས་ཀྱི་འཕྲུལ་མིག་བཤད་པ་ལ། མགོ་ཅན་མགོ་བོ་བཅད་པ། ༡ མགོ་མེད་མགོ་བོ་གདུག་པ། ༢ འདུག་གནས་གོང་འོག་སྤོ་བ། ༣ སྔགས་ལ་ཕྲ་མན་འགྱེད་པ། ༤ གནམ་ ཨོཾ་བླངས་ནས་ཧཱུྃ་གཞུག་པ། ས་ཡིན་མིན་ཟློག་པ། ༥ ཨོཾ། །ཡེ་ཤེས་ལྷའི་སྔགས་གོང་དུ་འཇིག་རྟེན་པའི་སྔགས་སྤོ་བ། ལས་ཁ་ཚར་གྱི་སྔགས་སྦྱར་བ། མནན་གཟིར། ཞི་རྒྱས་གཉིས་ཉིན་སྲིབ་གཉིས་སུ་དབྱེ་བ། ༦ འགྲེང་བུ་

(༣༩༨)ཞབས་ཀྱུ་སྤྲོ་བ། ༧ མཐའ་རྟེན་རྣམ་གཉིས་བཟུང་བ། ༨ ལོང་བ་རྒྱབ་འབྲེལ་བཏང་བ། ༩ མང་པོ་གཅིག་ཏུ་སྦམས་པ། ༡༠ ཆོལ་བུ་ཀུན་མན་ངག་གིས་གབ་པ་ཕྱུང་བ། སྔགས་མཇུག །ལས་བཏུས་པ། ༡༡ སྔགས་ཀྱི་དུག་དབྱུང་། སྔགས་མང་པོ་གཅིག་ཏུ་སྦྲེལ་བ། འུར་པ་གཅིག་ཏུ་བསྒྲིལ་སྔགས་བཏུས། བ་དང་བཅུ་གཉིས། ལས་འདིར་ནི་མན་ངག་གབ་སྦས་མེད་པ་འུར་པ་གཅིག་དྲིལ་གྱི་སྔགས་བཟླས་ཤིང་དམིགས་པ་གསལ་བས་འགྲུབ་པའོ། །བསྙེན་མཐར་འཁོར་འབོད་རྦད་བསད་གསུམ་ཆིག་དྲིལ་མཆན། འདས་རང་གྲོལ་གྱི་གཏོར་འབུལ་ནི། དོན་དམ་ཆོས་ཉིད་ཀྱི་གཏོར་འབུལ་རང་སེམས་མ་བཅོས་ཕྱག་རྒྱ་ཆེན་པོའི་ཀློང་ནས། དམིགས་རྟེན་དངོས་འབྱོར་དམ་ཚིག་རྫས་ཀྱི་བ་ལིང་འབུལ་ཞིང་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན་ཕུང་དུ་དམིགས་པ་སྟེ། དེ་ཡང་། གཞི་འཁོར་འདས་རང་གྲོལ་གྱི་གཏོར་གཞོང་དུ། ལམ་མཉམ་ཉིད་འཛིན་མེད་ཀྱི་གཏོར་མ་བཤམས་ནས། འབྲས་

(༣༩༩)བུ་ཆགས་མེད་སྐྱོན་བྲལ་བདེ་སྟོང་གིས་བརྒྱན་ནས་འབུལ་བ་ནི། ངན་རྫོང་སྟོན་པའི་ཞལ་ནས། སྒྱུ་མ་ལུས་ཀྱི་བུང་པོ་འདི། བག་ཆགས་སེམས་ཀྱི་རང་གཟུགས་ཏེ། །དེ་ཡང་སེམས་ཀྱི་ཆོ་འཕྲུལ་ཡིན། །སྣ་ཚོགས་སྣང་བ་དཀར་དམར་འདི། །མེད་བཞིན་ཅིར་ཡང་སྣང་བ་སྟེ། །དེ་ཡང་སེམས་ཀྱི་ཆོ་འཕྲུལ་ཡིན། །ཅེས་གསུངས་པ་ལྟར། ཕྱི་རོལ་གྱི་སྣང་བ་སེམས་ཀུན་བྱེད་རྒྱལ་པོའི་རང་སྣང་ཁོ་ན་ཡིན་ཏེ། གང་ཟག་གཅིག་གི་ཤེས་རྒྱུད་ལ་ཡང་འཁྲུལ་སྣང་། ལས་སྣང་། ཉམས་སྣང་། དག་སྣང་ཐམས་ཅད་འཆར་བ་ཡིན་ཏེ། དེ་ཡང་སོ་སོ་སྐྱེ་བོ་ཉམས་སྣང་མེད་པའི་ཐ་མལ་པ་རྣམས་ལ་འཁྲུལ་སྣང་དང་ལས་སྣང་ཁོ་ནར་འཆར་བ་ཡིན། ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་ལ། །འཁྲུལ་སྣང་། ལས་སྣང་། ཉམས་སྣང་གསུམ་རེས་འཇོགས་སུ་འོང་བ་ཡིན། དེ་ལྟར་བག་ཆགས་ཐམས་ཅད་སངས་ཏེ་དག་ན་དག་སྣང་འབའ་

(༤༠༠)ཞིག་ཏུ་འབར་བས་ན། སྣང་བ་སེམས་ཀྱི་ཆོ་འཕྲུལ་ཁོ་ན་ཡིན་ཏེ། མདོ་སྡེ་ལང་ཀར་གཤེགས་པ་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །སེམས་ནི་སྣ་ཚོགས་རྣམས་སུ་ཤང་། ཞེས་གསུངས་པ་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་། སེམས་ཀྱི་འཁྲུལ་སྣང་དང་དག་སྣང་ཙམ་མ་གཏོགས་ཕྱི་རོལ་དུ་རྡུལ་ཙམ་ཡང་གྲུབ་པ་མེད་པས་ན། སྣང་མེད་འོད་གསལ་ཕྱག་རྒྱ་ཆེན་པོའི་བདུད་རྩིས་བྲན་པ་སྟེ་དམིགས་གཏད་མཚན་འཛིན་མེད་པའི་ངང་ནས་འདོད་པའི་ཡོན་ཏན་ལྔ་ལྡན་གྱི་བཟའ་བཅའ་བཏུང་བའི་ཚོགས་རྣམས་འབུལ་ལོ། །ལས་མགོན་འཁོར་བཅས་ཀྱིས་དགྱེས་པར་རོལ་ཅིག་པའོ། །གཙོ་འཁོར་སྤྱི་དྲིལ་ལ་གཏོར་སྔགས་བཏགས་པས་གཏོར་མ་འབུལ་བ་སྟེ། བཞེས། བཞེས། བཞེས་ཤིག །ཁཱ་ཧི་བཞེས་ཤིག །བ་ལིངྟ་བཱུ་ཛ་ཧོ། གཏོར་མས་མཉེས་པར་མཛོད་ཅིག་ཅེས་སོ། །དགྱེས་པ་རྡོ་རྗེ་བརྟག་པ་ཁ། ཁ། ཁཱ་ཧི། གཉིས་

(༤༠༡)བའི་རྒྱུད་ལས་འབྱུང་བའི་བར་ཆད་ཞི་བའི་ཐབས་དང་འབྲེལ་བ་གཏོར་མའི་སྔགས་ནི། ཨོཾ་ནི་སྔགས་ཀྱི་མགོ་འདྲེན། རྒྱུད་དུ་མི་འབྱུང་ཡང་མགོ་མེད་ལ་མགོ་བོ་མན་ངག་ལྡན་པས་བཏགས་པའོ། ཨ་སྐྱེ་བ་མེད་པ། ཀཱ་རོ་བྱ་བ། མུ་ཁཾ་སྒོ། སརྦ་དྷརྨ་ཎཱཾ། ཆོས་ཐམས་ཅད་ཀྱི་ཞེས་སོགས་གོང་འོག་སྦྲེལ་ཚེ་ཆོས་ཐམས་ཅད་སྐྱེ་བ་མེད་པ་སྟེ་བྱ་བ་མེད་པའི་སྒོའོ། ཨདྱ་ནུཏྤནྣ་ཏྭ་ཏ་ནི་གདོད་མ་ནས་མ་སྐྱེས་པའོ། ཨོཾ་ཨཱཧཱུྃ་ནི་རྣལ་འབྱོར་པ་དང་། གཏོར་མགྲོན་གྱི་ལུས་ངག་ཡིད་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་རྣམ་པར་དག་པའོ། ཕཊ་ནི་རྣམ་རྟོག་འཇོམས་པའོ། སྭཱ་ཧཱ་ནི་དེ་ཁོ་ན་ཉིད་དུ་སེམས་ཞི་བར་བྱེད་པའི་གཞི་ཚུགས་ཅེས་བྱའོ། ཨ་ལའང་དབྱེ་ན་རྣམ་པ་བཞི་སྟེ། ཕྱི་དབྱིབས་ཀྱི་ཨ་ནི། སྲོག་དང་པོ་འ་རྩ་བའི་དབྱངས་ཏེ། ཡི་གེའི་གཟུགས་ཐམས་ཅད་ཀྱི་དང་པོ་སྟེ། ཇི་སྐད་དུ་ཡང་། ཨ་ནི་ཡིག་འབྲུ་ཀུན་གྱི་

(༤༠༢)མཆོག །དོན་ཆེན་སྡེ་ཚན་འདྲེན་པར་བྱེད། ཅེས་སོ། རྗོད་བྱེད་ངག་གི་ཨ་ནི་ངག་ཏུ་བརྗོད་པའི་སྒྲ་གདངས་སོ། ནང་རྡོ་རྗེ་ལུས་ཀྱི་ཨ་ནི། ལྟེ་བའི་ཨ་ཤད་ལུས་ཀྱི་ཐོག་མར་གྲུབ་པ་སྟེ། ལྟེ་བའི་དབུས་གནས་འབྱུང་བཞི་འཕྲོ། ཅེས་སོ། །དོན་དམ་པའི་ཨ་ནི་སྐྱེ་བ་མེད་པ་སྟེ། ཇི་སྐད་དུ་ཡང་། དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་གསུངས་པ་ལྟར། དོན་དམ་པར་ཆོས་ཐམས་ཅད་སྐྱེ་འགགས་གནས་གསུམ་སྤྲོས་པའི་མཐའ་དང་བྲལ་བའི་དོན་ཏོ། །སྔགས་གོང་འོག་ལན་གཅིག་ལས་གསུང་སྲོལ་མི་འདུག་ཀྱང་། སྤྱི་དྲིལ་གཏོར་སྔགས་བཏགས་པ་དང་། རྒྱུད་ཀྱི་གཏོར་སྔགས་ཨ་ཀཱ་རོ་སྦྲེལ་མ་གསུམ་གྱིས་གཏོར་མ་འབུལ་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་ན་ལེགས་སྙམ་ཡང་བཅོས་བསླད་དུ་འགྲོའི་ཆོས་སྤྱན་ལྡན་པས་གཟིགས་པར་ཞུ་ཞུ། རྒྱུད་འགྲེལ་ལས། ཤིན་ཏུ་

(༤༠༣)རྣམ་པར་དག་པའི་སྔགས་དེ་ལན་གསུམ་ལ་སོགས་བརྗོད་པས། སངས་རྒྱས་དང་རིགས་དྲུག་ཐམས་ཅད་མཉེས་ཤིང་ཚིམ་པར་སྒོམ་མོ། །ཨ་ཀཱ་རོ་མུ་ཁ་མཆན། ཞེས་འབྱུང་བས་སོ། །གཏོར་མ་གསེར་སྐྱེམས་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། གཞུང་གི་ཚིག་རིས་ཤིན་ཏུ་གསལ་ཏེ་ཞི་རྒྱས་དབང་དྲག་གི་ལས་བཅོལ་ཞིང་དམ་ཚིག་གནད་ལ་དབབ་པའི་སྲོག་སྔགས་བསྒྲགས་པའོ། ཀརྨ་ནཱ་ཐ་ས་མ་ཡ་རཀྵ ཕྲིན་ལས་མགོན་པོ་དམ་ལ་མ་འདའ་སྲུང་ཅིག །།

(༤༠༤)

(༤༠༥)ཡེ་གསང་ཐུགས་གཏེར་ཟིན་བྲིས་ལས། ཛཾ་སེར་ནོར་སྒྲུབ་ཀྱི་སྒོམ་ཟིན་འདོད་རྒུའི་ཆར་འབེབས༴ ཞེས་བྱ་བ་བཞུགས་སོ། །

(༤༠༦)ན་མོ་གུ་རུ་རཏྣ་ཛཾ་བྷ་ལཱ་ཡ། གསང་རྒྱ་སྦས་རྒྱའི་ནོར་སྒྲུབ། ཛཾ་སེར་ཡིད་བཞིན་ནོར་བུ་བསམ་འཕེལ་གྱི་སྒོམ་རིམ་ལ། སྤྱིར་བཏང་ཡོངས་གྲགས་སུ་ཏྲཀྴད་ཀྱི་བསྐང་བ་གྲུབ་ཟིན་པའི་རྗེས་སུ་ཛཾ་སེར་འདོན་དགོས་པ་ཡིན་ཀྱང་། དཔལ་བྲོ་སྔགས་འཆང་གི་ལུགས་སུ་ཏྲཀྴད་གཏོར་འབུལ་རྗེས་བསྐང་བའི་སྔོན་དུ་ཛཾ་སེར་གསུངས་པ་ཡིན་གང་བྱས་ཁྱད་པར་ཆེར་མེད་ཀྱང་། བསྐང་བ་རྩ་གསུམ་སྤྱི་བསྐང་ཡིན་པས། དེའི་སྔོན་དུ་སོང་བའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་དམ་བསྐང་ཕྱིར་ཛཾ་སེར་སྔོན་དང་། སྐོང་བ་རྗེས་ནས་འདོན་ན་ལེགས། ཛཾ་སེར་མི་འདོན་པའི་ལུགས་ཡོད་ཀྱང་ངེས་པར་འདོན་དགོས། སྐོང་བའི་སྔོན་རྗེས་གང་དུ་འདོན་ཀྱང་། བདག་བསྐྱེད་གསང་བདག་གནས་འགྱུར་གྱིས་ཚུལ་དུ་གུ་རུ་བླ་མ་ནོར་ལྷ་རྡོ་རྗེ་དྲག་པོ་རྩལ་ཡབ་ཡུམ་གཞུང་གསལ་ལྟར་སྒོམ། །

(༤༠༧)འབྲུ་གསུམ་ནི་སྐུ་གསུམ་ཡེ་ནས་རང་ལ་གནས་པ་གཞི་རྫོགས་ལྷུན་གྲུབ་ཏུ་ཤེས་པས། མ་འཁྲུལ་པའི་ཤེས་པ་སྐད་ཅིག་མའི་རང་ངོ་ལ་དྲན་པ་ཙམ་གྱིས་རྫོགས་པའི་ཚུལ་དུ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་གུ་རུ་སྟེ་བླ་མ། སྐུ་ལ་སྐྱེ་འཆི་བགྲེས་རྒུད་མེད་པས་རྡོ་རྗེའི་ཐུགས་རྒྱུད་སྙིང་རྗེ་ཆེན་པོས་ཡོངས་སུ་གང་ཡང་གདུལ་བྱ་གཞན་སྣང་དུ་ཕྲིན་ལས་དྲག་པོའི་རྩལ་ཏེ་ཨོ་རྒྱན་ཆེན་པོའི་གསང་བའི་མཚན་ནོ། །གཞན་རྒྱན་ཆ་ལུགས་དྲག་པོ་རྩལ་གཞུང་དང་འདྲ་ཞིང་འདི་སྐབས་ཁ་ཊཱྃྭ་མི་དགོས། གཡོན་ཐོད་པ་ལྷ་དང་མི་དང་ཀླུའི་ནོར་བུས་བཀང་བའི་དབུས་སུ་འདོད་པ་འཇོ་བའི་བུམ་པ་བཟང་པོ་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོས་ཁ་བརྒྱན་པ། ཡུམ་ཡེ་ཤེས་མཚོ་རྒྱལ་དཀར་ལ་དམར་བའི་མདངས་ལྡན། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་མདའ་དར་ཚེ་བུམ་འཛིན་ཅིང་འཁྲིལ་བ། པདྨ་ཉི་མ་ཟླ་བའི་

(༤༠༨)གདན་ལ་དྭངས་གསལ་འོད་ཀྱི་རང་བཞིན་དུ་གསལ་བ་ནི། བདག་བསྐྱེད་བླ་མ་ནོར་ལྷའི་དཀྱིལ་འཁོར་རོ། །བླ་མ་གུ་རུ་པདྨ་འབྱུང་གནས་ཀྱི་ཡོན་ཏན་འདོད་རྒུ་ལྷུན་གྲུབ་ཀྱི་རང་རྩལ་ལས། མདུན་བསྐྱེད་གྲོ་ལོད་ཀྱི་གཡས་སུ་པདྨ་ཉི་མ་ཟླ་བའི་གདན་ལ་ཡི་གེ་ཛཾ་དང་བྷྲཱུྃ་གསེར་གྱི་མདོག་ཅན་ཉི་མ་ལྟར་འབར་བ་ལས་འོད་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཛྃ་ལས་ཡབ་དང་བྷྲཱུྃ་ལས་ཡུམ་དུ་སྣང་བ་ནི། ཨཱརྱ་ཛཾ་བྷ་ལྷ་གཙོ་མའི་ཁ་དོག་ཅན་ཏེ་རབ་ཏུ་གསལ་ཞིང་འོད་ཟེར་འབར་བའོ། །མཚན་བོད་སྐད་དུ་བསྒྱུར་དུས་འཕགས་པ་རྨུག་འཛིན་ཅེས་བྱ་སྟེ། ཐུགས་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་མི་འདོར་བར་འཛིན་པའི་དོན་ཏོ། །ཞི་འཛུམ་བརྗིད་པའི་ཉམས་ལྡན་དབུ་སྐྲ་རལ་པ་ཐོར་ཚུགས་སུ་བཅིངས་པའི་རྩེར་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་གིས་སྤྲས་པ། རིན་པོ་ཆེ་ཡི་དབུ་རྒྱན་སོགས་རིན་པོ་ཆེའི་རྒྱན་བརྒྱད་དང་ལྡན་པ། ཕྱག་གཡས་

(༤༠༩)དཔག་བསམ་ཤིང་ཐོག་ལོ་འདབ་རྒྱས་པ་མཆོག་སྦྱིན་གྱི་ཕྱག་རྒྱས་པུས་མོ་གཡས་པའི་སྟེང་དུ་བསྣམས་པ། ཆོས་བདག་ཀརྨ་འགྱུར་མེད་ཀྱི་ཕྱག་བྲིས་ཆོས་འཆད་ཕྱག་རྒྱས་ཐུགས་ཀར་བསྣམས་པ་བྲིས་འདུག་ཀྱང་སྔ་མ་ཡོངས་གྲགས་སོ། །ཤིང་ཐོག་བི་ཛ་པུ་ར་ཀ་ཞེས་ས་བོན་གྱིས་གང་བ་སྟེ། ལ་ལས་སེའུ་འབྲུ་ཡིན་ཟེར་བ་དང་། ལ་ལས་ཤིང་མ་རུ་ལུང་གའི་འབྲས་བུ་ཡིན་ཟེར་བ་དང་། བ་ལུང་ཁ་ལུང་ཏེ་ཡུལ་སྐང་བ་མར་ལུ་ལུ་སྟེ། འོལ་མོ་སེར་འདོད་པ་སོགས་ངོས་འཛིན་མི་འདྲ་བ་མང་དུ་འདུག་ཀྱང་འདིར་ནི་དཔག་བསམ་ཤིང་གི་ལྕུག་ཕྲན་ལོ་མ་འབྲས་བུ་དང་བཅས་པའོ། །ཕྱག་གཡོན་གཏེར་གྱི་ན་གུ་ལ་ཟུར་ཆག་པ་ནཻའུ་ལེ་སྟེ་ནོར་བུ་ཟད་མེད་དུ་སྐྱུགས་པས་ནོར་ཕྱུག་དང་ནོར་རྐྱལ་ཡང་ཟེར་བའོ། ཁ་དོག་ཀྱང་སྣ་ལྔ་ཡོད་པར་མངོན་ཀྱང་འདིར་ནི་སེར་སྐྱའོ། །འགའ་ཞིག་གིས་སྲེ་མང་དུ་འདོད་ཀྱང་བརྟགས་པའོ། །འདིའི་ཕྱེད་སྐྱིལ་ནི་

(༤༡༠)གཡས་པ་ཕྱི་དང་གཡོན་པ་ནང་དུ་བྱས་པའོ། །དེའི་བང་དུ་ནོར་རྒྱུན་མ་སེར་མོ་གཡས་འབྲས་སྙི་གདེང་སྟབས་སུ་འཛིན་ཅིང་། གཡོན་གཏེར་གྱི་ནེའུ་ལེ་ཡབ་ཀྱི་མགུལ་དུ་འཁྱུང་ནས་འཛིན་པ། ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྱུད་ཅིང་ལོང་བུ་གཡོན་སྟེང་གཡས་འོག་ཏུ་བྱས་ཤིང་བསྣོལ་བ། །ཡབ་ཡུམ་གཉིས་ཀ་ལོངས་སྤྱོད་རྫོགས་པའི་རྒྱན་བཅུ་གསུམ་དང་ལྡན་པའོ། །སྤྱི་གཙུག་རལ་པའི་ཐོར་ཚུག་གི་རྩེར་འོད་ཀྱི་ཐིག་ལེའི་ཀློང་དུ་རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན་ཕྱག་རྒྱ་གཡོན་མཉམ་བཞག་གི་རིན་པོ་ཆེ་འབར་བ་བསྣམས་པ། ཡུམ་མ་མཱ་ཀི༚་སེར་མོ་གཡས་ཨུཏྤལ་སེར་པོ་དང་གཡོན་རིན་པོ་ཆེ་འཛིན་ཅིང་འཁྱུད་པ་གཉིས་ཀ་ལོངས་སྐུའི་རྒྱན་རྫོགས་སོ། །བྲིས་རྒྱུན་ལ་ལར་དབུ་སྐྲ་རལ་པའི་ཁྲོད་དུ་རིན་འབྱུང་བྲིས་པའང་མཐོང་ངོ་། །བཟླས་དམིགས་ནི། ཡབ་ཛཾ་བྷ་སེར་པོའི་ཐུགས་ཀར་ནོར་བུ་རིན་པོ་ཆེ་གསེར་མདོག་གཟི་འོད་འབར་བའི་ལྟེ་བར་

(༤༡༡)བྷྲཱུྃ། དེའི་མཐར་མདུན་ནས་བརྩམས་ཏེ་ཞལ་ངོ་ཕྱི་ལ་བསྟན་ནས། ཨོཾ་ཛཾ་ལུཾ་སོགས་སྔགས་ཕྲེང་སེར་པོ་གཡོན་དུ་བཀོད་པ་གཡས་སུ་འཁོར་བར་བསྒོམས་ལ་བཟླས་པ་བྱ། སྔགས་ཚན་དང་པོ་ཛཾ་ལྷ་ཡབ་ཀྱི་སྔགས། གཉིས་པ་ཡུམ་གྱི་སྔགས། གསུམ་པ་ལས་སྦྱོར་གྱི་སྔགས་ཡིན་ལ་ཛཾ་ལྷ་ཕོ་དགུ་མོ་དགུའི་སྔགས་ཀྱང་འདི་ལ་འདུས་སོ། །དང་པོ་ལྷ་སྐུ་དང་སྔགས་ཕྲེང་གསལ་བཏབ་ལ་བཟླས་པ་བྱ། །དེ་ནས་སྔགས་ཕྲེང་སྒྲ་དང་བཅས་པ་ལ་སེམས་གཏད་དེ་བཟླས་པ་བྱ། དེ་ནས་སྔགས་སྒྲ་བཅས་གཡས་སུ་དང་པོ་དལ་བུ་དང་དེ་ནས་མྱུར་བར་འཁོར་བ་ལ་དམིགས་ཏེ་བཟླས། དེ་ནས་བདག་བསྐྱེད་བླ་མ་ནོར་ལྷའི་ཐུགས་སྲོག་ལས་འོད་ཟེར་དམར་སེར་ཉི་མའི་འོད་ལྟར་གསལ་ཞིང་འཚེར་བ་འཕྲོས། མདུན་བསྐྱེད་ཛཾ་སེར་ཐུགས་ཀའི་སྲོག་ཡིག་དང་སྔགས་འཁོར་ལ་ཕོག་པས་སྔོན་གྱི་ཐུགས་དམ་རྒྱུད་བསྐུལ་ཞིང་དམ་ཚིག་རྗེས་སུ་

(༤༡༢)དྲན་པའི་སྔགས་ཕྲེང་ལས་འོད་ཟེར་སེར་པོ་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཐམས་ཅད་དང་། བྱང་ཕྱོགས་ལྕང་ལོ་ཅན་ནས་ཛཾ་ལྷ་ཡབ་ཡུམ་སྲས་འཁོར་གྱི་ཚོགས་ཐམས་ཅད་ཆར་བབ་པ་ལྟར་སྤྱན་དྲངས་ནས་མདུན་བསྐྱེད་ཛཾ་ལྷ་ཡབ་ཡུམ་ལ་ཡང་ཡང་བསྟིམས་པའི་སྔགས་བཟླས་པས། བདག་བསྐྱེད་ཐུགས་ཀའི་འོད་ཀྱི་མདུན་བསྐྱེད་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ཐུགས་ཀའི་འོད་ཀྱིས་ཞིང་ཁམས་རབ་འབྱམས་མཐའ་ཡས་པ་ནས་དངོས་གྲུབ་ཐམས་ཅད་བསྡུས་ནས། སྟེང་གི་ཕྱོགས་ནས་སངས་རྒྱས། བྱང་སེམས་ལྷ་ཀླུ་མི་ཡི་ནོར་བུ་རིན་པོ་ཆེའི་ཆར་བབས་པས་གནས་ཁང་བང་མཛོད་ཡུལ་ཁམས་ཐམས་ཅད་ཁེངས། བར་ནས་ཟས་གོས་ལོངས་སྤྱོད་སྤྲིན་ལྟར་གཏིབས་པས་གོ་མཚམས་མེད་པར་གཏམས། འོག་ནས་འདོད་རྒུའི་དཔལ་འབྱོར་གནས་མལ་ཁང་ཁྱིམ་འབྲུ་བཅུད་རྟ་ཕྱུགས་རྐང་འགྲོ་ནོར་ཕྱུགས་ཀྱི་ཚོགས་

(༤༡༣)རྣམས་ས་རླངས་བཞིན་རྡོལ་ཞིང་། རྒྱ་མཚོ་བཞིན་དུ་འཁྱིལ་ནས་སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་དང་བྲལ་ནས་ཟད་པ་མེད་པའི་གཏེར་ལ་ལོངས་སྤྱོད་ཅིང་མངའ་བརྙེས་ནས། སྦྱིན་པའི་ཕར་ཕྱིན་རྫོགས་པར་དམིགས་ལ་བཟླས་པ་བྱ། དམིགས་པ་ཇི་ཙམ་དུ་རྒྱ་ཆེན་ཚོགས་གཉིས་རྫོགས་པས་ཕྲིན་ལས་ཤིན་ཏུ་མྱུར་རོ། །འདིའི་སྒྲུབ་རྟེན་དུ་སྲོག་འཁོར་ངེས་པར་དགོས་པ་རིག་འཛིན་རྣམ་རྒྱལ་རྡོ་རྗེའི་ཞལ་རྒྱུན་ལས་ཐོས་ཞེས་ཨོ་ཊཱི་ཡ་ན་ནཱ་ཐའི་ཞལ་ལས་ཐོས། ཙཀྲ་ནི་རླུང་འཁོར་བྲི་ཐབས་མི་འགྱུར་རྡོ་རྗེའི་ཞལ་ལུང་དང་དཔེའུ་རིས་ལྟར་རོ། །རྫས་ནི་རིན་པོ་ཆེ་སྣ་ལྔ། དར་སྣ། ཟས་སྣ། སྨན་སྣ། འབྲུ་སྣ། རྟ་ཕྱུགས་ཀྱི་སྤུ་སྣ་ཚོགས་གཡང་རྫས་ཀྱི་རིགས་རྣམས་གཞུག་ཅིང་། དར་སེར་པོ་ས་དྲིལ་ལ་བཞུགས་སུ་གསོལ། སྐུ་བརྙན་སྐུ་གཟུགས་ཙཀླི། གསུང་རྟེན་ཙཀྲ། ཐུགས་རྟེན་ཕྱག་

(༤༡༤)མཚན་བྲིས་འབུར་གང་འོས། ཡོན་ཏན་གྱི་རྟེན་གཏོར་མ། ཕྲིན་ལས་ཀྱི་རྟེན་གཏོར་གདན་དཀྱིལ་འཁོར་གུར་གུམ་གྱིས་བྲིས་པའམ། བྱུགས་པའོ། ཨཀྵ་རའི་ཞལ་ཤེས་གཅིག་བླ་མའི་ཐུགས་ལ་གབ་བོ། །བསྙེན་པའི་མཐར་གཞུང་ལྟར་མཆོད་བསྟོད་བྱའོ། །ཡང་ལ་ལའི་ཕྱག་བཞེས་སུ། །བསྙེན་དམིགས་མཆོད་བསྟོད་ཀྱི་མཐར་ཕྱིར་འཐེན་པའི་ལུགས་ཡོད་ཀྱང་། ད་ལྟ་ཡོངས་གྲགས་སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད་ཀྱིས་མཛད་པའི་ཟིན་བྲིས་ལྟར་རོ། །གཞུང་གི་ཡིག་ཆུང་དུ། དེ་ནས་གཏོར་མ་འབུལ་བ་ནི༔ མཆོད་པ་བྱིན་རླབས་གཞུང་དུ་གསལ༔ ཞེས་གསུངས་པ་ལྟར་གོང་དུ་བསྒོམས་པའི་བདག་མདུན་དམ་ཡེ་དབྱེར་མེད་དུ་ཤེས་པས་བཟླས་པ་བྱ་ཞིང་། བྱིན་རླབས་ནི། རྩ་ཆིངས་བྱིན་རླབས་ཀྱིས་འཐུས་པར་ཕྱག་བཞེས་སུ་མཛད་ཅིང་། གཏོར་མགྲོན་གསར་དུ་ཡང་སྤྱན་འདྲེན་ཅིང་། གཏོར་མ་འབུལ་བ་ནི་བསྙེན་མཐར་གཏོར་སྔགས་བཏགས་

(༤༡༥)པས་གཏོར་མ་འབུལ་བ་ཡིན་ཏེ། ད་ལྟ་ལག་ལེན་དུ་གོང་གཏོར་ཛཾ་སེར་གཏོར་མའི་དྲུང་དུ་དཀར་གཏོར་རེ་འབུལ་བ་ཡིན་པས་བསྙེན་སྔགས་ལ་གཏོར་སྔགས་བཏགས་པ་ལན་བདུན་ལྔ་གསུམ་སོགས་ཀྱིས་ཕུལ་ན་ལེགས་ཀྱང་། ད་ལྟར་གཅིག་ལས་གསུང་སྲོལ་མི་སྣང་། མཐར་ཨརྒྷཾ་སོགས་ཀྱིས་མཆོད་ལ། ཧཱུྃ། རྒྱལ་བ་རབ་འབྱམས་སོགས་ཀྱིས་བསྟོད་པ་བྱའོ། སརྦ་སིདྡྷི་ཛ་ཡནྟུ།། །།

(༤༡༦)

(༤༡༧)ཐབས་ཤེས་ཉི་ཟླའི་གྭའུ་རྒྱ། །གྲོ་ལོད་ཚེ་སྒྲུབ་ཀྱི་སྒོམ་རིམ་གསལ་བར་བཤད་པ། འཆི་མེད་དཔལ་སྟེར་ ཅེས་བྱ་བ་བཞུགས་སོ།

(༤༡༨)ན་མོ་གུ་རུ་པདྨ་སཾ་བྷ་ཝཱ་ཡ། གྲོ་ལོད་ཚེ་སྒྲུབ་ཀྱི་སྒོམ་དོན་ལ། རང་ཉིད་གྲོ་ལོད་གཞུང་ལྟར་གྱི་དབུ་སྐྲ་ཐོར་ཚུགས་ཀྱི་རྩེར་ཚེ་དཔག་མེད་མཐིང་ཀ་ཡབ་ཡུམ་འདི་ལ་གདན་པད་ཟླ་ལས་རྒྱ་གྲམ་སྒོམ་མི་དགོས། དཔྲལ་བ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་རྩ་འཁོར་ལྔའི་རླུང་རྣམས་མི་འགྱུར་བརྟན་ཅིང་དག་པའི་བརྡར་རྡོ་རྗེ་རྒྱ་གྲམ་རྭ་བཅུ་གཉིས་པ། དཀར། དམར། མཐིང་། སེར། ལྗང་གུ་ལྔའི་སྟེང་དུ་པདྨ་ཟླ་བའི་གདན་ལ་ཚེ་དཔག་མེད་

(༤༡༩)ཡབ་ཡུམ་ལྔ་སྒོམ། ཡེ་ནས་དམ་ཡེ་དབྱེར་མེད་པའི་བདག་ཉིད་ཅན་ཡིན་ཀྱང་། སླར་ཡང་ཟངས་མདོག་དཔལ་རི་སོགས་ཕྱོགས་བཅུའི་ཞིང་ནས་གྲོ་ལོད་ཆར་བབ་པ་ལྟར་སྤྱན་དྲངས་ནས་རྡོ་རྗེ་གྲོ་ལོད་ལས་ཁྲོ་ཆུང་སྤྲོས་ནས་བགེགས་བསྐྲད། རིགས་ལྔ་ཡབ་ལྔས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་ལྔས་རིན་པོ་ཆེའི་བུམ་པས་དབང་བསྐུར་བ་དང་། ཆུའི་ལྷག་མ་ཡར་ལུད་པ་ལས། སྐྲ་གསེབ་ཚེ་དཔག་མེད་མཐིང་གའི་དབུ་གཙུག་ཏུ་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་མཐིང་ག་ཡབ་

(༤༢༠)ཡུམ་གསལ་བར་སྒོམ། དབང་བསྐུར་བ་པོའི་ལྷ་དེ་རྣམས་ལ་རང་གྲོ་ལོད་ཀྱི་ཐུགས་ཀ་ནས་མཆོད་ལྷ་སྤྲོ་ཞིང་མཆོད་པ་ཕུལ་བར་དམིགས། །དཔའ་བོ་རྣམས་ཀྱིས་རྡོ་རྗེའི་གླུས་བསྟོད། དཔའ་མོས་བདེ་སྟོང་གི་མཆོད་པ་ཕུལ་ཞིང་། དབང་ལྷ་རྒྱལ་བ་རིགས་ལྔ་ཡབ་ཡུམ་སྦྱོར་བས་དགྱེས་པར་ཚིམ་ཞིང་། མཆོད་པའི་དབའ་བོ་རྣམས་རིགས་ལྔ་ཡབ་ལྔའི་ཐུགས་ཀར་ཐིམ། དཔའ་མོ་རྣམས་ཡུམ་ལྔའི་ཐུགས་ཀར་ཐིམ་པར་བསམ། དམ་ཡེ་གཉིས་མེད་གཅིག་འདྲེས་གྱུར༔ ཞེས་པའི་སྐབས་སུ་རྡོ་རྗེ་གྲོ་ལོད་རང་གི་གཞི་ལུས་ལ་བསྟིམ། རིགས་བདག་རྡོ་རྗེ་འཆང་ཡབ་ཡུམ་དེ་སྐྲ་གསེབ་ཚེ་དཔག་མེད་མཐིང་ག་ཡབ་ཡུམ་ལ་བསྟིམ། ཚེ་ལྷ་རྒྱལ་བ་རིགས་ལྔ་གནས་ལྔའི་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་ལ་སོ་སོར་བསྟིམས་ནས། དམ་ཡེ་དབྱེར་མེད་པའི་ང་རྒྱལ་བརྟན་པོ་བྱ། འདི་སྐབས་དམ་ཡེ་གཉིས་ལ་བསྐྱེད་པ་རྒྱུའི་སེམས་དཔའ་བཞི་ཞེས་ཀྱང་འབྱུང་

(༤༢༡)སྟེ། དམ་ཚིག་སེམས་དཔའ། ཏིང་འཛིན་སེམས་དཔའ། ཡེ་ཤེས་སེམས་དཔའ་གཉིས་སུ་མེད་པའི་སེམས་དཔའ་ཞེས་བྱ་ལ། ཚེ་སྒྲུབ་འདི་ལ། དང་པོ་དམ་ཡེ་དབྱེར་མེད་སྒོམ་པ་ནི། དམ་ཚིག་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ། ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཡེ་ཤེས་སེམས་དཔའ། དེ་དག་དམ་ཡེ་དབྱེར་མེད་ལ་སླར་ཡང་དབྱེར་མེད་དུ་བསྲེ་བ་ནི་གཉིས་སུ་མེད་པའི་སེམས་དཔའ་ཞེས་བྱའོ། །སྤྱིར་བཏང་སེམས་དཔའ་སུམ་བརྩེགས་ཀྱི་སྐབས་དང་ནོར་འཁྲུལ་མི་བྱ་སྟེ་འདི་ཉིད་ཀྱི་ཁྱད་ཆོས་སོ། བཟླས་དམིགས་ནི་མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་ཀར་ཉི་ཟླའི་གྭའུའི་དབུས་སུ་ཧཱུྃ་མཐིང་གི་མཐར་སྔགས་ཞལ་ངོ་ཕྱིར་བསྟན་གཡོན་དུ་བཀོད་པ་གཡས་སུ་འཁོར་ཞིང་བཟླས་པ་བྱ། ཨོཾ་ཨཱཧཱུྃ་གུ་རུ་པདྨ་སཾ་བྷ་ཝ་སོགས་དང་། ཨོཾ་བཛྲ་གྲོ་ལོད་ཨཱཡུ་སོགས། ཧཱུྃ་བཛྲ་གྲོ་ལོད་ཧཱུྃ ཞེས་སྔགས་ཚན་

(༤༢༢)གསུམ་ག་བསྙེན་དགོས། དེ་ནས་རང་ཉིད་རྡོ་རྗེ་གྲོ་ལོད་ཀྱི་ང་རྒྱལ་བརྟན་པོས་ཧཱུྃ་མང་དུ་བཟླ། དེ་ཡང་གསང་སྔགས་གསར་མ་ལྟར་ན། རྩ་རིག །རྩ་སྔགས། བསྙེན་སྔགས། སྙིང་པོ། ཉེ་སྙིང་། ཡང་སྙིང་སོགས་རྣམ་གྲངས་མང་ཡང་། འདིར་རྩ་བསྙེན་འབྲུ་ཉེར་གཅིག་པའི་སྔགས་དོན་ནི། སྐུ་གསུམ་བླ་མ་པདྨ་འབྱུང་གནས་རྡོ་རྗེ་གྲོ་ལོད་ཀྱིས་ཚེ་དང་ཡེ་ཤེས་ཀྱི་ཨཱོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་བཛྲ་གྲོ་ལོད་སོགས་མཆན། དངོས་གྲུབ་སྩོལ་ཅིག །ཅེས་དང་། སྙིང་པོ་འབྲུ་བཅུ་གཉིས་པའི་སྔགས་དོན་ནི། དཔལ་རྡོ་རྗེ་གྲོ་ལོད་ཀྱིས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་ཅིག་དང་། ཉེ་སྙིང་འབྲུ་དྲུག་གི་སྔགས་དོན་ ཨོཾ་བཛྲ་གྲོ་ལོད་ཨཱ་ཡུ་སོགས། ནི། དྲག་པོ་རྡོ་རྗེ་གྲོ་ལོད་ཀྱི་གཟུང་འཛིན་བདུད་བགེགས་ཚར་ཆོད་ཅིག །ཅེས་སོ། ཧཱུྃ་བཛྲ་གྲོ་ལོད་ཧཱུྃམཆན། ཡང་སྙིང་ཧཱུྃ་ཡིག་སྦྲེལ་མ་ནི་སྐུ་གསུམ་དང་། ཧཱུྃ་གཅིག་ནི་ཐིག་ལེ་ཉག་གཅིག་དང་། ཧཱུྃ་བཅུ་

(༤༢༣)གསུམ་པ་བཅུ་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་དང་། ཧཱུྃ་བདུན་ནི་སྐུ་གསུམ་ཡན་ལག་བདུན་ལྡན་ནམ་ཁ་སྦྱོར་བདུན་ལྡན་ཏེ། རང་བཞིན་མེད་པ་ཆོས་སྐུའི་ཡན་ལག ༡ །སྐུ་ཁ་སྦྱོར་གྱི་ཡན་ལག ༢ །ཐུགས་བདེ་ཆེན་གྱི་ཡན་ལག ༣ །ལོངས་སྤྱོད་རྫོགས་སྐུའི་ཡན་ལག ༤ །སྙིང་རྗེས་ངེས་པར་གང་བའི་ཡན་ལག ༥ །འགྲོ་དོན་རྒྱུན་ཆད་མེད་པའི་ཡན་ལག ༦ །ཕྲིན་ལས་འགོགས་པ་མེད་པའི་ཡན་ལག་དང་བདུན་ནོ། །དེང་སང་དཔེ་རྒྱུན་ལ་ལར་སྔགས་ཚན་གཉིས་ལས་མེད་པ་དང་། ཧཱུྃ་ཡིག་དེ་རྣམས་མེད་ཅིང་། ད་ལྟ་ཕལ་ཆེ་བས་མི་གསུངས་པར་འདུག་ཀྱང་། བདག་གི་གཅེན་པོ་བླ་མ་ལེགས་བཤད་སྤྲུལ་སྐུ་ཀརྨ་ཡེ་ཤེས་ཚུལ་ཁྲིམས་ཟླ་སྣང་གྲོ་ལོད་ཀྱི་བསྙེན་མཚམས་ལ་བཞུགས་སྐབས་ཚེ་སྒྲུབ་འདིའི་བསྙེན་མཐར་ཧཱུྃ་ཡིག་དཀར་སེར་དམར་ལྗང་མཐིང་སྔོན་མང་པོ་བྲིས་འདུག་པ་དང་། རྣལ་འབྱོར་པ་རལ་ལྕོག་ཅན་གཅིག་

(༤༢༤)གིས་དེ་རྣམས་འདོན་དགོས་ལེ་རེད་གསུང་སྣང་བྱུང་ཞིང་མནལ་སད་པས་ནམ་ལངས་འདུག་གསུངས་པས་ངེས་པར་གསུངས་དགོས་པར་སྣང་ངོ་། །མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་སྤྲེལ་བ་ལེན་གསུམ་བཟླས། དེ་ཡང་དབྱངས་གསལ་གྱིས་སྔགས་ཀྱི་ནུས་པ་སྤེལ། རྟེན་འབྲེལ་སྙིང་པོས་བརྟན་པར་བྱེད། ཡིག་བརྒྱས་ལྷག་ཆད་ཁ་སྐོང་བར་བྱེད་པའོ། །རྒྱུན་ཁྱེར་དང་ཟློག་སྒྲུབ་ཀྱི་ཚེ་ཉིན་སྔ་མ་རྣམས་སུ། ཨོཾ་ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ སོགས་དགོངས་འདུས་ལྟར་འཛབ་མཆོད་བསྟོད་བཤགས་རྣམས་བྱ་ཞིང་ལུས་སྣང་ལྷ་སྐུའི་བསྡུ་རིམ་དང་། ཀུན་བཟང་གི་བཀྲ་ཤིས་བྱ། རྗེས་ཐོབ་ཏུ་ལྷའི་གསལ་སྣང་དང་མ་བྲལ་བའི་ངང་ནས་བསྙེན་པ་བཟླ་ཞིང་སྤྱོད་ལམ་ལ་འཇུག་པ་ཡིན་ནོ། །རྟེན་གཏོར་མི་བཞག་པར་གྲོལ་ཚེ། ཉིན་ཐ་མར་གྲོ་ལོད་ཚེ་སྒྲུབ་ཀྱི་དབྱངས་གསལ་རྟེན་སྙིང་ཡིག་བརྒྱའི་མཐར། ཡེ་ཤེས་གསང་བའི་

(༤༢༥)མཐའི། ཨོཾ་ཨཱཧཱུྃ བླ་མ་རིག་འཛིན་ལྷ་ཚོགས་ཀྱི༔ སོགས་དང་སྔགས་དབང་ལེན་ཅིང་། དེ་ཚེ་གཙོ་གཏོར་ཚེ་བུམ་གྱི་དབང་ལེན་བྱ་ཞིང་ཚེ་རིལ་ཆད་བཀྱེ་བ་ནི་དངོས་གྲུབ་ལེན་པའི་ཆོ་གའོ། །དེ་ཡང་ཆུ་ལ་ཆུ་བཞག་ལྟ་བུར་གྱུར༔ ཞེས་པའི་ངང་ལ་མཉམ་པར་བཞག་ཅིང་། ཨོཾ་ཨཱཧཱུྃ རྟེན་དང་གཏོར་མའི་ལྷ་ཚོགས་རྣམས༔ སོགས་ཀྱིས་བསྡུ་རིམ་དང་། ཀུན་བཟང་བཀྲ་ཤིས་བརྗོད་དེ་དུས་གཏོར་གྱི་སྐབས་བསངས་ལ་འཇུག་པའོ། ༈ །འདིའི་རྒྱབ་ཡིག་ལ་འཆི་མེད་བཙན་རྗོད་དང་། འཁོར་འདས་རོ་གཅིག་གཅེས་འབྱུང་བ་ནི་མཚན་གྱི་རྣམ་གྲངས་ཏེ། དེ་ཡང་འཁོར་འདས་རོ་གཅིག་གི་རྟོགས་པ་མངོན་དུ་གྱུར་ན་འཆི་མེད་ཀྱི་བཙན་རྫོང་ཡིན་པ་ཡིན་ཏེ། སུམ་པ་ལོ་ཙཱ་བ་དར་མ་གྲགས་ལ་རྡོ་རྗེ་རྣལ་འབྱོར་མ་དང་རྗེ་བཙུན་སྒྲོལ་མས་ཞུས་ལེན་གྱིས་ཚུལ་དུ་གདམས་པ་ལས། སེམས་སྐྱེ་མེད་རྟོགས་ན་འཆི་རྒྱུ་

(༤༢༦)མེད། ཅེས་གསུངས་པས་སོ། །ཞེས་གྲོ་ལོད་ཚེ་སྒྲུབ་ཀྱི་དམིགས་རིམ་རྟེན་འབྲེལ་རྫས་ཀྱི་མཎྜལ་སོགས་དགེ་མཚན་དང་ལྡན་པས་ལྷ་སྟེང་གྲྭ་བཙུན་ནཱ་ཐ་དྷརྨ་ཝརྡྷ་ལ་བྲིས་པ་ཡིན་ཀྱང་། དབོན་ཀར་ལྷུན་གྱིས་ཡི་གེ་བྱི་བ་ལ་ཟ་ཤོར་བས། སླར་ཡང་མཁན་མིང་འདུལ་ང་འཛིན་པས་བྲིས་པ་དགེ་ལེགས་འཕེལ། དགེའོ། །དགེའོ། །དགེའོ། །དཔལ་ཀརྨ་པ་ཡབ་སྲས་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་རྡོ་རྗེ་ལྟ་བུར་བརྟན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ༈ །ཨོཾ་སྭསྟི། རྟག་ཆད་མཐའ་བསལ་བསྡུ་ལྡང་གི་རིམ་པ་དང་བཀྲ་ཤིས་ཀྱིས་གོ་དོན་རྣམ་གསལ་གྱི་ཐིག་ལེ་ལ། བྱམས་མགོན་ཏཱའི་སི་ཏུ་པདྨ་ཉིན་བྱེད་ཀྱིས་ཟིན་བྲིས་ལས། ལུས་སྣང་ལྷ་སྐུའི་བསྡུ་རིམ་དང་། དེ་ནས་ཟུང་འཇུག་གི་སྐུར་ལྡང་ལ་ཀུན་བཟང་གི་བཀྲ་ཤིས་ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་དཀྱིལ་འཁོར་དུ༔ ༔

(༤༢༧)སོགས་གསུངས་པ་ལྟར་ལ། རྟེན་གཏོར་མི་བཞག་པར་བསྡུ་སྐབས། ཨོཾ་ཨཱཧཱུྃ རྟེན་དང་གཏོར་མའི་ལྷ་ཚོགས་རྣམས༔ སླར་ཡང་རང་ལ་ཐིམ་པར་གྱུར༔ ཞེས་སྐུ་གསུང་ཐུགས་རྡོ་རྗེའི་ཡི་གེ་གསུམ་གྱིས་མགོ་དྲངས་ཏེ། རྩ་གསུམ་རབ་འབྱམས་རྒྱ་མཚོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རང་ལ་བསྡུ་བའི་དོན་ཡིན་ལ། སྐུ་གསུང་ཐུགས་ཀྱི་སྒྲུབ་རྟེན་དང་གཏོར་མའི་ལྷ་ཚོགས་རྣམས། སླར་ཡང་རྩ་གསུམ་ལྷ་ཡི་དཀྱིལ་འཁོར་དུ་གསལ་བ་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ལུས་རྩ་ཡི་ཕོ་བྲང་དག་པ་སྐུ། ངག་རླུང་གི་སྒྲ་གདངས་དག་པ་གསུང་། ཡིད་ཀུན་རྫོབ་ཀྱི་བརྡའ་དོན་གྱི་ཐིག་ལེ་དག་པ་ཐུགས་ཏེ། རྒྱལ་བའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ། ཉིན་སྔ་མ་རྣམས་དང་སྒྲུབ་གཏོར་བཞག་པའི་སྐབས་སུ། ལུས་སྣང་ལྷའི་སྐུར་གསལ་བ་མཐའ་

(༤༢༨)ནས་དབུས་སུ་འཇའ་ལྟར་ཡལ། རང་རིག་པའི་རིག་པའི་ཡེ་ཤེས་ཐུགས་ཀྱི་ས་བོན། སྐྱེ་འགགས་གནས་པ་མེད་པའི་ཡི་གེ་ཧཱུྃ་ལ་ཐིམ། ཧཱུྃ་དེ་ཡང་འོད་དུ་ཞུ་ནས་ཏི་ལ་ཀ་སྟེ་ཆོས་ཀྱི་སྐུ་ལ་གྲྭ་ཟུར་མེད་པ་ཀུན་ནས་ཟླུམ་པ་ཐིག་ལེ་མཐིང་གསལ་ནམ་མཁའི་རང་བཞིན་དུ་གྱུར། ཐིག་ལེ་དེ་ཉིད་ཆོས་དབྱིངས་ཁྱབ་གདལ་ཀ་དག་གདོད་མའི་ཀློང་དུ་ཡལ་ནས། སྨྲ་བསམ་བརྗོད་མེད་ཡེ་ཤེས་ཀྱི་གཉུག་མ་ལྷན་ཅིག་སྐྱེས་པའི་སེམས། ཡེངས་མེད་རིག་པའི་རང་རྩལ་ཡེ་ཤེས་ལྔ་མངོན་དུ་གྱུར་པར་ཤོག་ཅིག་པའོ། དེ་དག་ནི་ཇི་སྐད་དུ་ཡང་། །རྟག་ཆད་མཐའ་ལས་གྲོལ་བའི་ཕྱིར། །དཀྱིལ་འཁོར་རིམ་བཞིན་སྙིང་ལ་བསྡུ། །མི་དམིགས་ངང་ནས་གཙོ་བོར་བསྐྱེད། །བསྐྱེད་པའི་རྫོགས་པ་བསྟན་པའོ། །ཞེས་གསུངས་པ་ལྟར་རྒྱུད་མ་ཧཱ་ཡོ་གའི་དགོངས་པའོ། །ཀུན་བཟང་གི་བཀྲ་ཤིས་ལ། ཧཱུྃ་ཞེས་གཉུག་མ་ལྷན་སྐྱེས་ཀྱི་ངང་ནས། དང་པོ་གཞི་བདེར་གཤེགས་སྙིང་པོ་

(༤༢༩)ཀུན་བཟང་རིགས་ལྔ་ཡེ་ཤེས་ལྔ་ཡི་སྤྲུལ་བསྒྱུར་དང་བཅས་པ་འཕོ་འགྱུར་མེད་པའི་བཀྲ་ཤིས། དེའི་སྣང་ཆ་མ་འགགས་པའི་རྩལ་ལས་ཆོས་སྒོ་འཁོར་འདས་ཀུན་ཁྱབ་ཀྱི་བཀྲ་ཤིས། དལ་འབྱོར་གྱི་ལུས་རྟེན་འདི་ཉིད་ལ་ས་ལམ་རྫོགས་པའི་བཀྲ་ཤིས། ཡོན་ཏན་ཡིད་བཞིན་ནོར་བུ་དང་། ཕྲིན་ལས་རིགས་དྲུག་ཀུན་ཁྱབ་ཀྱི་བཀྲ་ཤིས། དབྱིངས་རིག་དབྱེར་མེད་བརྗོད་མེད་དོན་གྱི་བཀྲ་ཤིས། དོན་བསྡུ་ན། ཐབས་ཤེས་ཟུང་འབྲེལ་ཕྱི་ནང་གི་ཉི་ཟླ་ནམ་མཁའ་ལ་སྦྱར་བ་དང་། བརྟན་བྱེད་ཀྱི་སྔགས་དོན། སྐུ་གསུམ་རྡོ་རྗེའི་བཀྲ་ཤིས། གཞི་ལམ་འབྲས་གསུམ་ཐོག་མཐའ་བར་གསུམ་དུ་དགེ་བའི་བཀྲ་ཤིས་མི་འགྱུར་བརྟན་པར་གྱུར། བྷྲཱུྃ་ཞེས་པའོ། འདི་སྐབས་ཀྱིས་བྷྲཱུྃ་ནི། སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་དོན་ཏོ། ཞེས་ཡོངས་དགེའི་གྲོ་ལོད་ལ་ཟིན་བྲིས་ཁ་གསལ་ལ་གོ་བདེ་བ་བསྟན་པ་ཕྱིས་

(༤༣༠)འབྱུང་ལ་ཕན་པ་འདི་ལྟར་བྲིས་ཤིག་ཅེས། ལྷ་ཐོག་དཔོན་རུ་ནས་མཁན་ཆེན་རྡོ་རྗེ་འཆང་ཟླ་བ་བཟང་པོའི་ཞལ་སློབ་རིམ་གཉིས་ཟབ་མོའི་ཉམས་ལེན་ལ་གཅིག་ཏུ་གཞོལ་བ་རྡོ་རྗེ་གྲོ་ལོད་ཀྱི་རྣལ་འབྱོར་བ། ཀརྨ་གསང་སྔགས་མཐར་ཕྱིན་ནས་ལྷ་རྫས་རབ་དཀར་རལ་གྲི་རྣོ་ངར་དང་ལྡན་པ། ཚེ་ཐར་ཉིས་བརྒྱ། གུ་རུ་ཞི་བའི་ཚོགས་བརྒྱ། བསམ་ལྷུན་སྟོང་ཚར་གྱི་མཎྜལ་བཅས་རིང་མོ་ནས་བསྐུལ་བའི་ཐུགས་ཀྱི་བཞེད་སྐོང་དུ་ཟིན་བྲིས་ཡིན་རློམས་གང་ཤེས་བྲིས་ཀྱང་ལོ་མང་དུ་སོང་ཤིང་ལུས་པའི་འཕྲོ་ཐམས་ཅད་འདུལ་བྱེད་མེ་ཕོ་ཕག་གི་ལོ་མགོ་ཟླ་བའི་ཡར་ཚེས་དགེ་བར་དྲང་སྲོང་ལོ་བྟྲི་པཱ་ལའི་བསྙེན་སྒྲུབ་ཀྱི་ཐུན་པར་དུ། གཏེར་སློབ་མཁན་མིང་འདུལ་བ་འཛིན་པ་ཀརྨ་རིན་ཆེན་དར་རྒྱས་དཔལ་བཟང་པོས་འོག་མི་ནས་སྤྱོད་ཀརྨའི་ཡང་དབེན་གསང་སྔགས་ཕོ་བྲང་རྡོ་རྗེ་བཀོད་པ་ནས་བསམ་སྦྱོར་རྣམ་པར་དག་པས་བྲིས་པ་ཐོག་མཐའ་བར་གསུམ་དུ་

(༤༣༡)དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ་ཤྲཱིཛྭ་ལ་བྷ་ཝནྟུ།། ༄༅ །ཨོཾ་སྭ་སྟི། །དབྱིངས་རིག་ནམ་མཁའི་ངོས་ཡངས་ནས། །རིག་རྩལ་ཐུགས་རྗེའི་སྤྲིན་དཀར་གཡོ། །བྱིན་རླབས་ཆར་རྒྱུན་འཛད་མེད་འབེབས། །བླ་མ་ཧེ་རུ་ཀདཔལ་རྒྱན། ༡ །སྙིགས་དུས་གདུལ་བྱ་སྐྱོང་བའི་མགོན། །གཏེར་འབྱིན་གྲུབ་རིགས་ཡོངས་ཀྱི་རྗེ། །ནུས་ལྡན་མི་འགྱུར་རྡོ་རྗེ་ཡིས། །ཟབ་ཆོས་ངོ་མཚར་ནོར་བུའི་གཏེར། ༢ །རྒྱལ་གསུངས་དགོངས་དོན་ལུང་གི་མཛོད། །མན་ངག་ལུང་རིག་སྡེའུ་མིག་གིས། །འགྲེལ་ཟབ་སྒོ་འཕར་དབྱེ་བའི་མཁན། །ཀརྨ་རཏྣའི་ལེགས་བཤད་མཆོག ༣ །བསྟན་ལ་རབ་དཀར་ལྷ་རིགས་སྤྲུལ། །ཆོས་རྒྱལ་བསྐྱོད་ནམས་འགྱུར་མེད་དེས། །རྣམ་དཀར་ཆོས་སྦྱིན་འཛད་མེད་འཕྲུལ། །ལྷ་ཐོག་དཀར་ལེགས་རྒྱལ་ཁབ་བསྐྲུན། ༤ །དགེ་བས་དམ་སྲི་འགོང་པོ་རྣམས། །ཁྲོ་རྒྱལ་ཡེ་ཤེས་མེ་ཡིས་བསྲེགས། །ཐེག་དགུ་སྙིང་པོའི་བཅུད་བླངས་ཏེ། །སྐྱེ་རྒུའི་འགྲོ་རྣམས་བྱང་གྲོལ་ཤོག ༥ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བནྟུ། །ཤུ་བྷཾ།། །།

(༤༣༢)

(༤༣༣)ན་མོ་གུ་རུ་ཨཀྴ་ར་བཛྲ་ཡ། གྲོ་ལོད་རྩ་གསུམ་གྱི་དབང་རྒྱས་པ་སྐུ་མཆོག་ལུགས་སམས། བསྡུས་པ་ཆོས་དབང་ལུགས་ལེགས་པར་ཐོབ་ཅིང་དམ་ཚིག་ལ་གནས་པས་བསྙེན་པའི་གཏོང་ཚུལ་ནི་སྒྲུབ་རྟེན་རྩ་གསུམ་གོང་གཏོར་ཚད་ལྡན་དུ་བཅའ་ཞིང་། ཐོག་མར་བླ་མ་སྒྲུབ་པ་ལ་བགེགས་གཏོར་སྦྱིན་ཅིང་གནས་བདག་ལ་དཀར་གཏོར་ཕུལ། དྲག་པོ་རྩལ་གྱིས་དབུ་ནས་བཟུང་། བཟླས་པའི་བར་སྤྱན་འདྲེན་སྔགས་བརྒྱ་ཕྲག་ལ་སྤྱན་འདྲེན་དམིགས་པ་དང་། དངོས་གཞི་བཟླས་དམིགས་བཅས་བཟླས་པ་གང་འགྲོ་ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་སྦྲེལ་བ་ལན་གསུམ་བརྗོད་ནས་ཚེ་སྒྲུབ་ཤོག་ཕྲན་མཐར་ཐུན་བསྡུ། མཐར་བསྔོ་སྨོན་སོགས་བྱ་ཞིང་སྤྱོད་ལམ་ལ་འཇུག་པ་སྟེ་ཐུན་བཞིར་བྱེད་བའི་སྔ་ཐུན་དང་པོའོ། །ཐུན་གཉིས་པའང་དེ་དང་འདྲ། ཐུན་གསུམ་པར་ཐུན་

(༤༣༤)མཐར་གྲོ་ལོད་ཏྲཀྴད་གཉིས་ཀྱི་ལས་བྱང་དང་། རང་གི་ཆོས་སྲུང་གཞན་གྱི་གཏོར་ཆོག་དགོས་རིགས་རྣམས་བྱ། ཕྱི་ཐུན་བཞི་པར་སྔ་ཐུན་ཇི་ལྟ་བ་འཇོག །ཐུན་རྗེས་མ་རྣམས་དང་ཉིན་གཞན་དུ་མཚམས་སྲུང་། ཧཱུྃ༔ བཀའ་བརྒྱུད་བླ་མའི་བྱིན་རླབས་དང་སོགས་ནས་འདོན་པ་ལས་དཀར་བགེགས་བཏང་མི་དགོས། དེ་ལྟ་བུ་ཡུན་གང་གཅོག་དང་བསྙེན་ཚད་གཞུང་གསལ་ཐོད་ཕྲེང་རྩལ་འབུམ་ཕྲག་གསུམ་ཡིན། །བཞི་འགྱུར་གྲུབ་ན་འབུམ་ཕྲག་བཅུ་གཉིས་སོ། །བླ་སྒྲུབ་མཚམས་སུ་སྒྲུབ་པ་གྲོལ་དགོས་ཆེ། །གྲོལ་ཉིན་ཡར་ངོའི་གཟའ་སྐར་ལེགས་པར་སྔ་ཐུན་རྫོགས་པ་དང་། གྲོ་ལོད་དང་ཏྲག་ཤད་ཀྱི་ལས་བྱང་གཏོང་། རྗེས་ཀྱི་རིམ་པ་དབང་དང་དངོས་གྲུབ་ལེན་པ་ནི། ཨོཾ་ཨཱཧཱུྃ༔ ༔བླ་མ་རིག་འཛིན་ལྷ་ཚོགས་ཀྱི། སོགས་དབང་ལེན་ཅིང་གཏོར་མ་གནས་གསུམ་དུ་འཇོག །ཨོཾ་ཨཱཧཱུྃ༔ རྒྱལ་བ་རབ་འབྱམས་ཐམས་

(༤༣༥)ཅད་ཀྱི སྐུ་ཡི་བྱིན་བརླབས་དངོས་གྲུབ་ཐོབ༔ སོགས་ཀྱི་བདུད་རྩི་དང་ཚེ་རྫས་ལ་རོལ་ཞིང་དངོས་གྲུབ་བླངས་མཐར་མཆོད་པ་ཁ་གསོ་ཞིང་། སྐུ་གསུམ་བླ་མ་མཁའ་འགྲོ་ལ༔ སྣང་སྲིད་ཡོངས་དང་། སྐུ་གསུམ་བླ་མ་མཁའ་འགྲོ་ལ༔ གཟུགས་སྒྲ་སོགས་ཀྱི་མཆོད། ཆོས་དབྱིངས་སྐྱེ་མེད་སོགས་ཀྱིས་བསྟོད། ཧོ སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས༔ བདག་ལ་གསན་ཅིང་སོགས་ཀྱི་མཐར་ཡིག་བརྒྱས་ནོངས་པ་བཤགས། བསྡུ་རིམ་དང་ཀུན་བཟང་གི་བཀྲ་ཤིས་བྱའོ།། ༈ །དེ་ནས་ཡི་དམ་གྲོ་ལོད་ཀྱི་བསྙེན་སྒྲུབ་ནི། སྔོན་བཞིན་བླ་མའི་ལས་བྱང་བཟླས་པ་ཤོག་ཕྲན་དང་བཅས་རྫོགས་ནས། གཞུང་དུ། བླ་མ་འོད་ཞུ་ཡི་དམ་བསྒོམ། ཞེས་གསུངས་པ་ལྟར། ཧཱུྃ་ཧཱུྃ་ཧཱུྃ། གདོས་བཅས་ལུས་སྣང་ཞེས་པ་ནས་བསྟོད་པ་རྫོགས་མཐར། ཐོག་མར་སྤྱན་འདྲེན་གོང་འོག་སྔགས་

(༤༣༦)གང་མང་། དེ་ནས་ཨ་རྩིག་ཤམ་མེད་ལ་གྲངས་བཟུང་། ཐུན་མཐར་ཤམ་བུ་ཅུང་ཟད་རེ་བཏགས། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བརྗོད་ཐུན་མཚམས་སུ་གཏོར་མ་གཉིས་བཤམས་ལ། བྷནྡྷ་མཚན་ལྡན་དུམ་བུ་གཅིག་པའི་ནང་༔ བ་ལིང་ཟུར་གསུམ་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཧཱུྃ་ཧ་ཧོ་ཧྲཱིཞེས་པས་བྱིན་གྱིས་བརླབས། མཆོད་པ་བྱིན་བརླབ་ཀྱི་གོང་དུ་གཏོར་འབུལ་བཤམས་ཤིང་བྱིན་བརླབས་ཀྱི་དམིགས་པས་ཁྱབ་ཡོད་ན་དེ་གས་ཆོག །མེད་ན་རང་གར་གཏོར་མ་འབུལ་བ་སྙིང་པོ་མེད་དེ། ཡང་ན་གཏོར་མ་བདུད་རྩི་དང་། ཡང་ན་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིར་བྱིན་གྱིས་བརླབས་ནས་འབུལ་དགོས་པའི་ཕྱིར་རོ། །མཐར་གཏོར་མ་གསེར་སྐྱེམས་བཅས་འབུལ། ཁྲོ་རྒྱལ་འབར་བ་སོགས་ཀྱི་བཟློག་དམིགས་བྱ། བསྔོ་སྨོན་བྱས་ཏེ་སྤྱོད་ལམ་ལ་འཇུག་ཐུན་བཞིར་བྱེད་པའི་སྔ་ཐུན་དང་པོའོ། །ཐུན་གཉིས་པ་སོགས་

(༤༣༧)ཕྱི་མ་རྣམས་ལ་མཆོད་གཏོར་གསོ་ཞིང་དྲག་པོ་རྩལ་གྱི་མཚམས་སྲུང་ནས་འདོན་པའང་། སྐྱབས་སེམས་བྱིན་དབབ་མཆོད་རྫས་བྱིན་རླབས་སོགས་ནས། གྲོ་ལོད་བསྐྱེད་རིམ་གདོས་བཅས་ལུས་སྣང་བོར་ནས་སོགས། བཟླས་དམིགས་གསལ་བས་བཟླས་པ་དང་གཏོར་འབུལ་བྱ་བ་སོགས་སྔར་ལྟར་རོ། །ཐུན་གསུམ་པ་སྡང་ལྟར་ལ། ཐུན་མཐར་ཏྲཀྴད་ལས་བྱང་བསྐང་བ་དང་། གཞན་གཏོར་ཆོག་དགོས་རིགས་རྣམས་བྱ། ཐུན་བཞི་པར་གཏོར་འབུལ་མཐར་བསྔོ་སྨོན་བྱས་ལ་འཇོག །གྲངས་བསྙེན་ཨ་རྩིག་འབུམ་ཕྲག་གསུམ། ཤམ་བུ་ཅན་འབུམ་ཕྲག་གཅིག་གོ ༈ །དེ་ནས་ཆོས་སྐྱོང་ཏྲཀྴད་སྒྲུབ་པ་ལ་བླ་མ་ཡི་དམ་གྱི་ལས་བྱད་བཟླས་པ་ཅུང་ཟད་རེ་བྱས་ནས། ཨོཾ་ཨཱཧཱུྃ པདྨ་ཉིན་ཟླའི་གདན་སྟེང་དུ༔ སོགས་གསང་བདག་བདག་བསྐྱེད་དང་། མདུན་བསྐྱེད་ཏྲཀྴད་

(༤༣༨)གཞུང་བཞིན་བསྟོད་པ་མཐར་སྤྱན་འདྲེན་གྱི་སྔགས་ཅི་མང་དང་། རྩ་སྔགས་སྤྱི་དྲིལ་བསྒྲག་མ་ལ་གྲངས་བཟུང་། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བརྗོད། གཏོར་མ་བཤམས་ལ་འཁོར་འདས་རང་གྲོལ་གྱི་གཏོར་འབུལ་དང་བསྔོ་སྨོན་གྱི་སྤྱོད་ལམ་ལ་འཇུག་སྟེ་སྔ་ཐུན་དང་པོའོ། །ཐུན་ལྷག་མ་རྣམས་ལ་དྲག་པོ་རྩལ་གྱི་སྐྱབས་བྱིན་དབབ་མཆོད་པ་བྱིན་རླབས་གྲུབ་ནས། གསང་བདག་བསྒོམ་བཟླས་སོགས་ནས་སྔར་ལྟར་རོ། །དེ་ལྟར་ཞག་རེར་ཐུན་བཞི་བྱ་ཞིང་། བསྙེན་ཚད་འབུམ་ཕྲག་བཞི། གཞན་རྣམས་གང་འོས་དང་སྒྲུབ་ཞག་མང་པོར་སོང་ནས་རྦད་སྔགས་ཀྱང་མང་ཙམ་བཟླ། གྲངས་བསྙེན་རྟགས་མཚན་རྫོགས་ནས་ལས་སྦྱོར་རྒྱས་པ་གཏོར་ཟློག་བྱ། །བསྡུས་པ་དགོངས་ཐུན་སྐབས་ཐུན་གཏོར་དང་ལིང་ག་བྲན་ལ། དགུག་གཞུག །ན་མོ་དཀོན་མཆོག་གསུམ་དང་སོགས་བཟློག་གཞུང་གི་ལྷ་

(༤༣༩)དབྱེ། ཕུར་གདབ་གནས་སྦར་བཅས་བསྒྲལ་ཞིང་། ལིད་རོ་ཤ་ཁྲག་གཏོར་མ་བླུག་ལ་ཟློག་གཞུང་གི་བྱིན་བརླབ༔ དམ་ཉམས་ལས་དན་རུ་ཏྲ་ཡི༔ སོགས། ཡེ་ཤེས་བདུད་རྩིར་གྱུར། ཅེས་དང་སྤྲོ་ན་ལམ་སེལ་དཀར་གཏོར་བཏང་། ཧཱུྃ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ སོགས་རྦད་བསྐུལ་གྱིས་གཏོར་མ་ཕྱི་རོལ་ཏུ་སྒྲ་གཅན་ཐེབ་ཕྱོགས་སུ་ཟོར་དུ་འཕེན་ཅིང་རྦད་སྔགས་བཟླ། ཡང་ན་ཞལ་ཆེམས་ལས་འགྱེད་གྱིས་གཏོར་མ་འཕང་ཀྱང་ཆོག །ལས་སྦྱོར་གྱི་ཞག་གྲངས་ནི་གོང་གི་སྒྲུབ་ཞག་མང་ཉུད་དང་གལ་ཆེ་ཆུང་ལ་དཔག་གོ །སྒྲུབ་པ་གྲོལ་དུས་ཀྱི་དངོས་གྲུབ་གོང་བཤད་བླ་སྒྲུབ་སྐབས་ལྟར་བྱའོ། གསར་མ་ལྟར་ན་ཐུན་མཐར་བསྡུ་རིམ་མ་བྱས་ན་རྟག་མཐའ་གོལ་བའི་སྐྱོན་ཡོད་པར་བཞེད། རྙིང་མ་ལྟར་ན་མ་བསྡུས་ཀྱང་མི་འགལ་བར་ཆགས་མེད་ཞབས་ཀྱིས་གསར་རྙིང་སྤྱིའི་ཞལ་ཤེས་ཟིན་བྲིས་སུ་གསལ་བ་

(༤༤༠)ལྟར་འདིར་ཡང་། ཡིག་རྙིང་ཟིན་བྲིས་སུ་བསྡུ་རིམ་མི་འདུག་པས་དེ་ལྟར་བཀོད་པ་ཡིན། འོན་ཀྱང་ལུས་སྣང་ལྷ་སྐུ་སོགས་ཀྱི་བསྡུ་རིམ་བྱས་ཀྱང་རུང་ངོ་། །གཏེར་སྟོན་གྱི་གསུང་རྒྱུན་སྔོན་དུ་ཏྲཀྴད་བསྒྲུབ་ན་བར་ཆད་མི་འབྱུང་བའི་དགོས་པ་ཡོད། དེ་ནས་བླ་མ་ཡི་དམ་སྒྲུབ་པ་ཡིན་གསུང་ཀྱང་། རྩ་གསུམ་གྱི་གོ་རིམ་སྤྱིར་བཏང་། བླ་མ་ཡི་དམ་གྱི་གོང་ནོན་སྔོན་དུ་འགྲོ་བའི་སྲུང་མ་ལ་འཇུག་པའི་ལུགས་ཡོངས་གྲགས་ལྟར་རོ། ༈ །ལར་གཏེར་ཆེན་ཞལ་རྒྱུན་བློ་གྲོས་བཟང་པོ་ལ་གནང་པ་ཞི་འགྲིགས་དྲག་འགྲིགས་ཞེས་འདོན་ལུགས་གཅིག་དང་། ༈ །ཀརྨ་འགྱུར་མེད་ལ་གསུངས་པའི་ལུགས་སྲོལ་དང་། ༈ །གདོང་ཀུན་དགའ་རྡོ་རྗེ་ལ་གནང་བ་དང་། སྡོམ་རེ་མདོའི་སྔགས་འཆང་རྣམས་ལ་གསུངས་པ་དང་། ༈ །ཨ་ལོ་བླ་མ་ཀུན་མཁྱེན་ནས་བརྒྱུད་པ་སོགས་མི་འདྲ་བ་མང་ཡང་། ཐམས་ཅད་རིག་འཛིན་མི་

(༤༤༡)འགྱུར་རྡོ་རྗེའི་ཞལ་ཁྲིད་རྣམ་དག་ཡིན་པས་ཐམས་ཅད་ཚད་མར་བཟུང་དགོས། ༈ རང་ལུགས་འོག་མིན་ཀརྨའི་གདན་སར་ཆོས་བདག་སྤྲུལ་སྐུ་ཀརྨ་འགྱུར་མེད་ལ་གསུངས་པས་ཕྱག་པ་ཞེས་ཞལ་ཁྲིད་མན་ངག་རྣམས་གཙོ་བོར་བཟུང་དགོས་སོ། །ཅེས་པ་འདིའང་ཡེ་ཤེས་དཔལ་བཟང་གི་ཟིན་བྲིས་རྙིང་མ་ལ་ཇི་ལྟར་འབྱུང་བ་ལྟར། རང་བཟོ་མེད་པར་མི་བརྗེད་ཐོ་གཏེར་སློབ་མཁན་པོ་ཀརྨ་རཏྣས་གོ་བདེ་སྙིང་པོར་བྲིས་པ་རྩ་གསུམ་གྱི་བྱིན་རླབས་སེམས་ལ་འཇུག་པར་གྱུར་ཅིག ༈ །འདོན་ལུགས་རྒྱས་པ་གདོང་བླ་མ་ཨནནྟ་བཛྲ་ལ་གདམས་པ་ཞི་འགྲིགས་ལ། དྲག་པོ་རྩལ་ཡོངས་རྫོགས། ཚེ་སྒྲུབ་ཤོག་ཕྲན། མན་རབ། བསྙེན་པ་གང་འགྲུབ་དང་སྔགས་ཕྲེང་གསལ་དང་སོགས་ཚད་མ་ཀུན་བཟང་གི་བསྟོད་པའི་མཐར་བོ་དྷི་ཙིཏྟ་བཟླ། རིགས་ལྔ་སོ་སོའི་ལས་བྱང་། བསྙེན་པ་ཅི་འགྲུབ་དྲག་

(༤༤༢)འགྲིག་ལ། གུར་དྲག་རྡོ་རྗེ་ཕ་ལམ་སྐྱབས་སེམས་བཟུང་ཡོངས་རྫོགས། རྟ་མགྲིན་རྡོ་རྗེ་མེ་འབར། ཛཾ་སེར་ནག །གྲོ་ལོང་ཚེ་སྒྲུབ། །གྲོ་ལོད་གསང་སྒྲུབ། སེང་གདོང་ལས་བྱང་བསྐུལ། ལས་བྱང་གཏོར་འབུལ་ཚད་མ། ལེགས་ལྡན། ཕྱག་བཞི་པ། མ་ནིང་། རེ་ཏི། ཏྲཀྴད་གོང་ནོན་ནས་བཟུང་བཟླས་པ། གཟའ་ཞིང་སྐྱོང་རྣམས་གཞུང་བསྲངས་ནས་བམ་ཚོགས་དང་ཏྲཀྴད་ཀྱི་བསྐད་ང་གསུངས་ནས་སྲིད་གསུམ་གཏིང་བཟློག་ལ་འཇུག་པ་ཡིན་འདུག །ཅེས་པའང་མཁན་རཏྣས་མི་བརྗེད་ཐོ་བྲིས་པའོ། །

(༤༤༣)ཡོངས་དགེའི་གྲོ་ལོད་ཀྱི་སྦྱིན་སྲེག་འདོན་འགྲིགས་ལ། མེ་ཧོམ་སྐབས་རྡུལ་ཚོན་གྱི་རྡོ་རྗེའི་ལྟེ་བར་ཨོཾ་ཨཱཧཱུྃ་སུམ་བརྩེགས། འདབ་མ་བརྒྱད་ལ་སྡེ་བརྒྱད་སྲོག་ཡིག་བརྒྱད་བྲིའོ། ཧཱུྃ་ཧཱུྃ་ཧཱུྃ༔ རང་རིག་རྡོ་རྗེ་གྲོ་ལོད་རྩལ༔ སོགས་མེ་ཧོམ་དབུ་ནས་བཟུང་། ཐབ་བསྐྱེད། ལྷ་བསྐྱེད། གནོད་བྱེད་གདོན་བགེགས་བསྲེགས་པར་གྱུར། བར། དེ་ནས་ལས་གཞུང་གི་སྤྱན་འདྲེན། ཧོ་ཧོ་ཧོ། དགོངས་སུ་གསོལ་ལོ་གསན་དུ་གསོལ༔ རིག་འཛིན་རྡོ་རྗེ་གྲོ་ལོད་རྩལ༔ ཆོས་དབྱིངས་སྐྱེ་མེད་ཀློང་ཡངས་ནས༔ སོགས། མྱུར་དུ་ཞི་བའི་དངོས་གྲུབ་སྩོལ༔ བར་ཚང་བར་བཏོན་ལ། ན་མོ་དཀོན་མཆོག་གསུམ་དང་ཡི་དམ་ཞི་ཁྲོའི་ལྷ་སོགས་ཟློག་གཞུང་གི་འགུག་གཞུགས་བྱ། །ལིངྒ་ལ་འགུགས་གཞུགས་ལན་དགུ་བྱས་ལ་བསྒྲལ་ལས་སྤར་ཆོག་མི་བྱ། གནོད་བྱེད་དངོས་སུ་བསམ། ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་དྲེགས་འཇོམས་འཁོར་དང་བཅས་སོགས། མེ་ཧོམ་གྱི་ཞལ་བསྟབས་འདི་རྫས་བཅུ་ལ་བཅུ་འདོན་དགོས་མཆན། མེ་ཧོམ་གྱི་ཞལ་བཏབ་དང་། ཞལ་དབྱེ་ཚར་གཅིག་གི་མཐར་སྔགས་ཤམ་བཅས་བརྒྱ་རྩ་བརྒྱད་བསགས་

(༤༤༤)པ་རྫས་བཅུ་ཐམས་ཅད་ལ་འདྲ་མཆན། བསྙེན་སྔགས་ཤྲཱི་ཧེ་རུ་ཀ་ལ། རུ་ཏྲའི་རཱུ་བ་ལ་ཁཱ་ཧི་ཁཱ་ཧི༔ བཏགས་ལ་ལིང་ཆུང་གྲངས་ཀ་གང་དགོས་འབུལ་ལ། གྲོ་ལོད་གཏོར་འབུལ་གཉིས་ཀྱི་མཐར་ཁྲོ་རྒྱལ་འབར་བའི་ཟློག་པ་བྱ། ཁྲོ་རྒྱལ་འབར་བའི་ཟློག་པར་གཏོར་འབུལ་མི་དགོས། དེ་བཞིན་དུ་ཤ་དུམ། རཀྟ། འབྲུ་སྣ། ཞུན་མར། དར་ཟབ། བདུད་རྩི། རཀྟ། གཏོར་ཆུང་། ཟས་སྣ་བཅས་རྫས་བཅུ་ལ་སྔར་བཞིན་འདྲེས། མཐར་མེ་ལྷའི་གྲོ་ལོད་འཁོར་དང་བཅས༔ སླར་ཡང་རང་ལ་ཐིམ་པར་གྱུར༔ དེ་ནས་ཏྲཀྴད་ཀྱི་གོང་ནོན་གསང་བདག་འདོན་ཅིང་བསྙེན་པ་བྱ། ཏྲཀྴད་ལས་གཞུང་མདུན་བསྐྱེད་དེ་མེ་ཐབ་ཏུ་བསྐྱེད་ལ་སྤྱན་འདྲེན་མཆོད་བསྟོད་སོགས། མ་ཧཱ་ཀཱ་ལ་ན་མོ་ཡེ་བར་ཚང་བར་བཏོན་ལ། མེ་ཧོམ་ཀྱི་ཞལ་གཏབ་ལ། དཔལ་མགོན་སྲོག་བདུད་འཁོར་དང་བཅས༔ ཟ་བྱེད་རྔམ་པའི་མཆེ་བ་རྣོ༔ ཞེས་ཁ་བསྒྱུར་ལ། ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཤོག༔ ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་ཛ ཨོཾ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛ རཱུ་ཏྲའི་རཱུ་པ་ཁཱ་ཧི་ཁཱ་ཧི་སོགས་སྦྱར་ལ། གྲངས་གང་བསགས་འབུལ་ཞིང་། གཏོར་འབུལ་འཁོར་འདས་རང་གྲོལ་

(༤༤༥)དང་། ཟློག་པ་ཁྲོ་རྒྱལ་འབར་བ་བྱ། རྫས་བཅུ་ཐམས་ཅད་དེས་འདྲེས། གྲོ་ལོད་ཀྱི་གཏོར་འབུལ་གཉིས་དང་། ཏྲཀྴད་ཀྱི་གཏོར་འབུལ་མེ་ཧོམ་དུ་འབུལ། ཁྲོ་རྒྱལ་འབར་བའི་སྐབས་སུ་ཐལ་མོ་ཕྱག་ལེན་མཐོང་བརྒྱུད་ལྟར་བརྡབ་ལ། དེ་སྐབས་ལྷ་ཚོགས་རྣམས་ལ་བཟློག་པའི་ཕྲིན་ལས་བཅོལ་བ་ཡིན་པས་གཏོར་མ་འབུལ་མི་དགོས། བཟློག་དམིགས་སྐུ་ལས་ཕྱག་མཚན་མཚོན་ཆའི་ཆར་སྤྲོས་བས་བྱད་ཕུར་རྦོད་གཏོང་ཐམས་ཅད་ཐལ་བའི་རྡུལ་དུ་བརླག་པར་བསམ་མོ། །ལིངྒ་དགྲ་བགེགས་དངོས་སུ་གསལ་བ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ་པ་ལས། བསད་དམིགས་མི་དགོས་པར་ཟིན་བྲིས་སུ་སྣང་། མཐར། མེ་ལྷའི་དཔལ་མགོན་འཁོར་བཅས་རྣམས༔ སླར་ཡང་རང་ལ་ཐིམ་པར་གྱུར། ཞེས་པས་བཞག་གོ །ཟིན་བྲིས་རྙིང་པར་རྫས་བྱིན་བརླབས་རྩ་ཆིངས་ལྟར་བྱ་གསུངས་པ་འདུག་ཀྱང་། ད་ལྟ་གདན་ས་བར་ཐང་གི་ཕྱག་བཞེས་སུ་དེ་འདྲ་མི་མཛད་པར་འདུག་གོ །ཅེས་པའང་མཁན་མིང་རཏྣས་མི་བརྗེད་ཐོ་རུ་བྲིས་པ་དགེ། །སྦར་འདི་ལྷ་ཐོག་སྒར་ལ་བཞུགས། །

(༤༤༦)

(༤༤༧)ཨ་རྩིག་སྔགས་དོན་རབ་གསལ་བཞུགས། ན་མོ་གུ་རུ་པདྨཱ་ཀར་ཤྲཱི་ཧེ་རུ་ཀཱ་ཡ། །གདུལ་དཀའ་མི་སྲུན་འདུལ་བའི་ཕྱིར། །བླ་མ་དྲག་པོའི་སྐུར་བཞེངས་པ། །རྡོ་རྗེ་གྲོ་ལོད་ཧེ་རུ་ཀ །དམར་ནག་མེ་ཕྲེང་ཅན་ལ་འདུད། བླ་མ་དྲག་པོའི་སྔགས་འབྲུ་འགྲེལ་མདོར་བསྡུས་པ་ལ། ཐོག་མར་ཨཱོཾ་ཨཱཧཱུྃ་གི་འབྲུ་གསུམ་ནི། གཞིའི་དུས་སུ་སྦྱང་གཞི་དུས་ལུས་ངག་ཡིད་གསུམ། ལམ་གྱི་དུས་སུ་སྦྱོང་བྱེད་རྩ་རླུང་ཐིག་ལེ་གསུམ། འབྲས་བུའི་དུས་སུ་སྦྱངས་འབྲས་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་དང་གསུམ། ཨ་རྩིག་ནེ་རྩིག་ལ་དྲག་པོ། ངེས་པར་དྲག་པོ་དང་། ཁྲོ་བ་ངེས་པར་ཁྲོ་བ་ལ་བཞེད་པ་མཁས་གྲུབ་སྔ་མ་ལ་བཞེད་ལ་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཡབ་སྲས་ཀྱིས། ཨ་ཙཾ་འབར་བ་ལའོ། །འབར་བ་ངེས་པར་འབར་བ་ལ་བསྒྱུར་བ་ནི་གུ་རུ་དྲག་པོ་དམར་ནག་མེ་ཡི་ཕྲེང་བ་ཅན་ཞེས་གསུངས་པ་ལྟར། སྐུ་ལས་དུག་ལྔ་བསྲེགས་པའི་མེ་དཔུང་

(༤༤༨)འབར་བ་ཉིད་དོ། །ན་མོ་ཕྱག་འཚལ་ལོ་དང་བྷ་ག་ཝ་ཏེ་བཅོམ་ལྡན་འདས་ཧཱུྃ་གཉིས་ཐུགས་རྒྱུད་བསྐུལ་བ་ཕཊནི་ལས་ལ་སྦྱར་བའོ། ཨ་རྩིག་འདི་ལ་ཡོངས་དགེའི་གྲོ་ལོད་ལ་ཨར་ཅེས་ར་ཡོད་པ་དང་། ནེ་ཅེས་འགྲེང་བུ་དང་། གུར་དྲག་གཞན་ལ་ཨ་ཙིག་ཅེས་པ་ལས་ར་མེད་པ་དང་། ནི་ཙི་གཅེས་གི་གུ་ཡིན་པ་སོགས་ནང་གསེས་འདྲ་མིན་ནི་རང་རང་གི་གཏེར་གཞུང་དང་བླ་མའི་མན་ངག་ལས་ཤེས་པར་བྱ་བ་ལས་ཉ་དང་ཉུང་མ་བསྲེ་བར་མི་བྱའོ། །དེ་དག་སྔགས་འཁྲུལ་བ་ལྟ་བུ་འཕགས་ཡུལ་ལེགས་སྦྱར་གྱི་སྐད་དུ་གནས་པ། བོད་སྐད་ཐད་སོར་བསྒྱུར་བ། ཕྱག་འཚལ་ལོ་ཞེས་ཁྱད་པར་གྱི་གཞི་སྔོན་དུ་ལེན་དགོས་ཏེ། ཕྱག་འཚལ་ལོ། །གང་ན་བཅོམ་ལྡན་འདས། སྐུ་གསུམ་དབྱེར་མེད། འབར་བ་ངེས་པར་འབར་བ། དོན་དམར་ནག་མེ་ཕྲེང་ཅན་ལའོ། །དེ་ལྟར་ཕྱག་འཚལ་བ་དོན་དུ་གཉེར་བྱའི་འབྲས་བུ་དེ་གང་ཡིན་ཞེ་ན། ཕྱི་བཟུང་བའི་ཡུལ་ལ། ནང་འཛིན་བའི་སེམས་

(༤༤༩)ཞེས་ཞེན་པ་ཞུགས་པའི་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཐུགས་གཉིས་མེད་ཡེ་ཤེས་ཀྱི་རྡོ་རྗེ་བདེན་གཉིས་ཟུང་འཇུག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཚར་ཆོད་ཅེས་པའོ། ཧཱུྃ་གི་དོན་ནི་བཤགས་རྒྱུད་བཛྲ་ཨ་གྲམ་ལས། །ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །གདུག་པ་སྔགས་ཀྱི་གསོད་བྱེད་ཅིང་། །སྲིད་པའི་ཞེན་པ་གཅོད་པར་བྱེད། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། ཞེས་གསུངས་པ་ལྟར། རང་རྒྱུད་ཀྱི་ལས་དང་ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་འཆོས་ཤིང་རྩད་ནས་འཇོམས་པར་བྱེད་པ་དང་། གནས་སྐབས་ཚེ་འདི་དང་། མཐར་ཐུགས་ལམ་བགྲོད་པ་ལ་བར་དུ་གཅོད་པའི་འབྱུང་པོ་གདུག་པ་ཅན་ཐམས་ཅད་དྲག་པོ་སྔགས་ཀྱི་སྤུ་གྲིས་གཅོད་པར་བྱེད་པ་དང་། སྲིད་པའི་རྩ་བ་འཁོར་བར་འཆིང་བྱེད་ཀྱི་ཞགས་པ་ཆོས་དང་གང་ཟག་གི་བདག་འཛིན་རྩད་ནས་གཅོད་ཅིང་བརླག་

(༤༥༠)པར་བྱེད་པའོ། ཕཊནི་རྒྱུད་སྔ་མ་དེ་ཉིད་ལས། །ཕཊནི་འཇོམས་བྱེད་དགྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། ཅེས་གསུངས་པ་ལྟར། དྲག་སྔགས་ཀུན་གྱི་མཐའ་ལ་གནས་པ། བྱང་ཆུབ་ལམ་གྱི་བར་ཆད་བདུད་སྡེ་དཔུང་ཚོགས་རྒྱབ་བརྟེན་དང་བཅས་པ་མིང་མེད་ཐལ་བའི་རྡུལ་ཕྲན་དུ་བརླག་པར་བྱེད་པའོ། །ཞེས་དྲག་སྔགས་ཨ་རྩིག་ནི་སྔགས་དོན་འབྲུ་འགྲེལ་ཁ་གསལ་ལ་གོ་བདེ་བ་ནི་འདི་ལྟར་དགོས་ཞེས་བླ་བྲོ་བསམ་འགྲུབ་ནོར་ལྡན་གྱི་ཕུར་བླ་གདན་ཟུར་ཨཀྵ་ར་བི་ཛ་ཡ་ས་སྔ་མོ་བསྐུལ་ངོར་དབུ་བྲིས་ཏེ་ལུས་པ་ལྕགས་གླང་ལོར་ནག་པ་ཟླ་བའི་ཚེས་བཅུ་ར་གུ་རུ་པདྨ་འབྱུང་གནས་རབ་ཏུ་བྱུང་བའི་དུས་ཆེན་ལ། གཏེར་སློབ་མཁན་པོ་ཀརྨ་རཏྣས་བགྲད་བྱ་རེ་བདུན་ལོར་མཐོང་བྱེད་མི་གསལ་བས། སྦུར་ནག་ཚར་དུ་དངར་བ་ལྟར་འོག་མིན་ཀརྨའི་སྒྲུབ་ཁང་བྱམས་པ་ཆོས་གླིང་དབྱངས་ཅན་དགའ་བའི་ཚལ་དུ་བྲིས་པ་མ་ཧཱ་གུ་རུ་དྲག་

(༤༥༡)པོའི་གསང་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་རྒྱུར་གྱུར་ཅིག །བི་ཛ་ཡནྟུ། སརྦ་མངྒ་ལཾ།། །།

(༤༥༢)

(༤༥༣)ཡེ་གསང་ཐུགས་གཏེར་ཟིན་བྲིས་ལས། །སྐོང་བའི་རྣམ་བཤད་དང་སྒོམ་རིམ་གསལ་བཀོད་རྩ་གསུམ་དགྱེས་བྱེད་ཅེས་བྱ་བ་བཞུགས་སོ། །

(༤༥༤)ན་མོ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝཱ་ཡ། རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་ཡེ་གསང་ཐུགས་གཏེར་རྡོ་རྗེ་གྲོ་ལོད་ཀྱི་བཀའ་སྲུང་ལས་མགོན་དྲག་པོ་མིག་གསུམ་གྱི་སྐོང་བ་ལ་བཅའ་བཤམ་གཏེར་གཞུང་ཡིག་ཆུང་ལྟར་དང་། རིག་འཛིན་བརྒྱུད་བའི་ཕྱག་བཞེས་ལྟར་ལས། འདིར་ཡང་ཟློས་སུ་མ་བཀོད་ལ། རྣམ་བཤད་སྒོམ་རིམ་མདོར་བསྡུས་སུ་བཀོད་པ་ལ། འདུལ་བའི་ལུགས་ཀྱི་གསོ་སྦྱོང་དང་། སྔགས་ལུགས་ཀྱི་སྐོང་བ་གཉིས། རྣམ་དཀར་གྱི་དགེ་བའི་ཚོགས་གསོ་ཞིང་སྡིག་པ་མི་དགེ་བའི་ཉེས་ལྟུང་ཐམས་ཅད་སྦྱོང་ཞིང་ཚོགས་གཉིས་རྒྱ་ཆེར་གོང་དུ་སྤེལ་བའི་ཐབས་ཁྱད་པར་ཅན་ཡིན་ཏེ། མཁས་གྲུབ་ཨ་རཱ་གས། འདུལ་བའི་ལུགས་ལ་གསོ་སྦྱོང་བྱ་བ་དང་། །སྔགས་ཀྱི་ལུགས་ལ་སྐོང་བ་གསུངས་པ་ཡིན། །དམ་ཚིགས་ཡ་འབུམ་སྡེ་ཡོད་པའི་ཕྱིར་ཕྲ་ཞིབ་རྣམས་ནི་རང་གིས་མི་ཤེས་པས། དེ་ཉིད་དག་ཕྱིར་སྐོང་བ་ཟབ་པར་གསུངས། ཞེས་དང་། སྲུང་མ་དགྱེས་བསྐྱེད་སྐོང་བ་ལས་གཞན་མེད། དེ་ཕྱིར་བསྐང་

(༤༥༥)བའི་ཆོ་གར་རྟག་ཏུ་འབད། །ལས་བཞིའི་ཕྲིན་ལས་མྱུར་དུ་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ། ཅེས་པ་ལྟར་གལ་ཤིན་ཏུ་ཆེ་བའི་བསྒོམ་དོན་དམིགས་རིམ་ལ། ཆོས་སྐུ་འགྱུར་མེད་ཐིག་ལེ་ཉག་གཅིག་ཐུགས་ཀྱི་ས་བོན་ཧཱུྃ་གིས་ཐོག་དྲངས་ཏེ། ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་སྟོང་གསལ་རང་རིག་འདུས་མ་བྱས་པའི་མཁའ་དབྱིངས་སྣོད་ཡངས་པར། དངོས་སུ་འབྱོར་བའི་གཏོར་མ་སྐོང་རྫས་སྤྱན་གཟིགས་ཕུན་སུམ་ཚོགས་པའི་བཀོད་པ་འབུར་དུ་བཏོད་དང་རིས་སུ་བྲིས་པ་དང་། ཡིད་ཀྱིས་སྤྲུལ་པའི་སྐོང་བའི་རྫས་རྣམས་ཀྱི་རྒྱུ་ནི། སེམས་ཉིད་བདེ་སྟོང་ཐབས་ཤེས་ཟུང་དུ་འཇུག་པ་ཉིད་ལ། རྐྱེན་གྱི་སྣང་བ་མ་འགགས་ཀུན་བཟང་མཆོད་སྤྲིན་འདོད་དགུ་མི་ཟད་པའི་གཏེར་ཆེན་པོ་དམིགས་པའི་གཞི། འབྱུང་བ་རིམ་བརྩེགས་ནི་ཨེ་ལས་ནམ་མཁའི་ཆོས་དབྱིངས་ཀུན་ཁྱབ་ཀྱི་ཡེ་ཤེས་ནམ་མཁའི་མཐའ་དང་མཉམ་པའི་ཀློང་དུ། རྟེན་གྱི་དཀྱིལ་འཁོར་བཞི་ནི། ཡཾ་ལས་རླུང་དཀྱིལ་ལྗང་ནག་ཟླ་གམ་བུར་གོར་

(༤༥༦)ལྟ་བུའི་སྟེང་དུ། རཾ་ལས་མེ་དཀྱིལ་གྲུ་གསུམ་གདན་ཐབས། བཾ་ལས་ཆུ་དཀྱིལ་དཀར་ཟླུམ། དེ་དབུས་ལཾ་ལས་ས་དཀྱིལ་གྲུ་བཞི་གསེར་མདོག །སྟེང་དུ་བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ཤར་ཤེལ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པའི་རི་རབ་གྲུ་བཞི་གློ་འབུར་དང་བཅས་པའི་སྟེང་། སུམ་རྩེ་ན་ལྷའི་གྲོང་ཁྱེར་རྣམ་པར་རྒྱལ་བའི་ཕོ་བྲང་དང་བཅས་པ། རི་རབ་ཀྱི་མཐར་གསེར་གྱི་རི་བདུན་བྲེ་ནང་དུ་བྲེ་བཞག་པ་ལྟ་བུར་བར་མཚམས་སུ་ཞིང་ལ་རོལ་བཏབ་ལྟར་ཡན་ལག་བརྒྱད་ལྡན་མཚོས་ཡོངས་སུ་བསྐོར་བ། གསེར་གྱི་རི་བདུན་གྱི་མིང་ནི་ཕྱི་ནས་རིམ་པ་བཞིན་དུ། མུ་ཁྱུད་འཛིན་རི། རྣམ་འདུད། རྟ་རྣ། ལྟ་ན་སྡུག །སེང་ལྡེང་ཅན། གཤོལ་མདའ་འཛིན། གཉའ་ཤིང་འཛིན། དེའི་མཐར་རྒྱ་མཚོ་ཆེན་པོ་ལ་གནས་པའི་གླིང་བཞི་གླིང་ཕྲན་ནི། ཤར་གླིང་ཟླ་གམ་བཅད་ཁ་རི་རབ་ལ་བསྟན་ཅིང་འབུར་ལྕགས་རི་ལ་བསྟན་པ། ལྷོ་གླིང་སོག་ཁ་ཁ་ཆེ་བ་རི་

(༤༥༧)རབ་ལ་བསྟན་ཅིང་ཆུང་བ་ལྕགས་རི་ལ་བསྟན་པ། ནུབ་གླིང་ཟླུམ་པོ། བྱང་གླིང་གྲུ་བཞི། གླིང་ཕྲན་བརྒྱད་དབྱིབས་གླིང་ཆེན་དང་འདྲ་བ་ཕྱེད་ཀྱིས་ཆུང་བ། གླིང་བཞིའི་ནམ་མཁར་མུན་སེལ་ཉི་ཟླའི་དཀྱིལ་འཁོར་འཆར་ཞིང་འཁོར་བ། རྒྱ་མཚོ་ཆེན་པོའི་མཐར་རྡོ་སོལ་གྱི་ལྕགས་རིལ་མེ་འབར་བས་རྒྱ་མཚོ་གྲམ་ལས་མི་འདའ་བར་བྱེད་པ། རི་རབ་ཀྱི་ངོས་ལ་འཇོ་ནས་རིམ་པ་བཞིན། གནོད་སྦྱིན་ལག་ན་གཞོང་ཐོག །ཕྲེང་ཐོག །སྟག་མྱོས། རྒྱལ་ཆེན་རིགས་བཞི་རྣམས་གནས་པ། སུམ་ཅུ་རྩ་གསུམ་གྱི་སྟེང་གི་ནམ་མཁའ་ལ་མས་ནས་རིམ་པ་བཞིན་དུ་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད། རྒྱལ་ཆེན་རིགས་བཞི་ཡན་དང་འདི་མན་ལ་འདོད་ལྷ་རིགས་དྲུག་ཟེར། དེ་སྟེང་བསམ་གཏན་དང་པོ་ལ། ཚངས་རིས། ཚངས་པའི་མདུན་ན་འདོན། ཚངས་ཆེན་གསུམ། བསམ་གཏན་གཉིས་པ་ལ། འོད་ཆུང་། ཚད་མེད་འོད། འོད་གསལ་གསུམ། བསམ་གཏན་གསུམ་པ་ལ།

(༤༥༨)དགེ་ཆུང་། ཚད་མེད་དགེ། དགེ་རྒྱས་གསུམ། བསམ་གཏན་བཞི་པ་ལ་བརྒྱད། སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོ་བ། འོག་མིན་ནོ། མི་ཆེ་བ་ཡན་ལྔ་ལ་གཙང་མ་རིས་ཀྱི་ལྷ་ལྔ་ཟེར། ཚངས་རིས་ནས་འོག་མིན་པར་ལ་གཟུགས་ཁམས་གནས་རིགས་བཅུ་བདུན་དུ་གྲགས་སོ། །དེ་སྟེང་གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། མས་ནས་རིམ་བཞིན། ནམ་མཁའ་མཐའ་ཡས་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཅི་ཡང་མེད་པའི་སྐྱེ་མཆེད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །དེ་ཡང་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས་པ་ཡིན་ཏེ། མདོ་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་པ་བརྟེན། ཅེས་གསུངས་པ་ལྟར་རོ། །དམ་པའི་ཆོས་མངོན་པ་མཛོད་ལས། གླིང་བཞི་ས་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་

(༤༥༩)ཡིན་པར་འདོང་། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་པ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། ཅེས་དང་། ཐེག་ཆེན་ལྟར་ན། སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱལ་རབ་འབྱམས་མཚམས་སྦྱོར། དེ་བྱེ་བ་ཕྲག་བརྒྱད་རབ་འབྱམས་རྒྱུད། དེ་བྱེ་བ་བརྒྱར་རྒྱ་མཚོ་བར་མའི་རྒྱུད། དེ་བྱེ་བ་ཕྲག་བརྒྱ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་གཞི། མཆོག་གི་སྤྲུལ་སྐུ་གཅིག་གི་འདུལ་ཞིང་ཆགས་གནས་འཇག་སྟོང་བཞི་དུས་གཅིག་ལ་བྱེད་པའོ། །སྟོང་གསུམ་འདི་གསེར་འོད་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་ཕྱིན་བརྩི། རྒྱ་རོལ་ནས་འོག་མིན་མན་ཆད་བརྩི། མངོན་མཛོད་ནས་ཚངས་པའི་འཇིག་རྟེན་མན་ཆད་བརྩི། གོང་བཤད་མཆོག་གི་སྤྲུལ་སྐུ་གཅིག་གི་འདུལ་ཞིང་བྱེ་བ་ཕྲག་བརྒྱ་རེ་ལོངས་སྐུའི་བ་སྤུའི་ཁུང་བུ་རེ་རེ་ལ་ཚང་སྟེ། བཟང་པོ་སྤྱོད་པ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་

(༤༦༠)རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །ཞེས་གསུངས་པ་ལྟར་ཆོས་ཀྱི་དབྱིངས་ནམ་མཁའི་མཐའ་ཀླས་པ་སྐོང་རྫས་མཆོད་པའི་སྤྲིན་ཕུང་མི་ཟང་རྒྱན་གྱི་འཁོར་ལོར་དམིགས་ཏེ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་དམ་བསྐང་དགོས་པ་ཡིན་ཏེ། ལྷ་མི་སྐྱེ་འགྲོའི་བཀོད་པ་ངོ་མཚར་ཕུན་སུམ་ཚོགས་པ་མངོན་སུམ་དུ་གསལ་བ། བཀྲ་ཤིས་པའི་རྒྱན་ལྡན་བྱིན་ཆགས་པ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་བཀྲ་ཤིས་དང་པོ། དེ་ཉིད་ཀྱིས་ཆོས་འཁོར་བསྐོར་བ་བཀྲ་ཤིས་གཉིས་པ། འཕགས་པའི་དགེ་འདུན་བྱོན་པ་བཀྲ་ཤིས་གསུམ་པ་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །ཞེས་གསུངས་པ་ལྟར། སོ་སོར་ཐར་པའི་མདོ་ལས། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པས། །ཐམས་ཅད་

(༤༦༡)མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། གསུངས་པ་ལྟར་སྐུ་གསུམ་གྱི་ཞིང་ཁམས་རྒྱ་མཚོ་རྒྱལ་བ་སྲས་དང་སློབ་མར་བཅས་པས་ཡོངས་སུ་བསྐོར་ཞིང་ཟབ་རྒྱས་ཆོས་ཀྱི་ཆར་བ་འབེབས་པའོ། །བྱེ་བྲག་ཏུ་སྐོང་རྫས་མཆོད་རྫས་སྒྲུབ་རྫས་རྣམས་དང་། བཀྲ་ཤིས་པའི་རྟགས་བརྒྱད། རྫས་བརྒྱད། འདོད་པའི་ཡོན་ཏན་ལྔ། རྒྱལ་སྲིད་རིན་ཆེན་སྣ་བདུན། རྡོ་རྗེའི་ལྷ་མོ་བཅུ་དྲུག་ལ་སོགས་པ་མཆོད་རྫས་ཐོགས་པ་ཞིང་རྡུལ་གྱི་གྲངས་དང་མཉམ་པ། འདོད་ཆགས་རྣམ་དག་བདུད་རྩི་སྨན། ཞེ་སྡང་རྣམ་དག་རཀྟའི་ཨརྒྷཾ། གཏི་མུག་རྣམ་དག་བ་ལིང་གཏོར་མ། བྱུགས་པའི་རྩི་གསུམ། བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས་བཅས་དུར་ཁྲོད་ཆས་བརྒྱད། དཔལ་གྱི་ཆས་བཅུ། གསལ་བའི་རྒྱན་གཉིས་སོགས་ཀྱིས་ས་དང་ནམ་མཁའ་བར་སྣང་དང་པོར་གང་བ། འཇིག་རྟེན་ན་འདོད་ཡོན་མཁོ་དགུ་སྲིད་ན་ཡོད་དོ་ཅོག་ཐམས་ཅད། ནམ་མཁའ་ལ་སྤྲིན་གཏིབས་པ་ལྟ་

(༤༦༢)བུ། བར་སྣང་ནས་ཆར་འབེབས་པ་ལྟ་བུ། ས་གཞི་ལ་རྒྱ་མཚོ་འཁྱིལ་བ་ལྟ་བུར་དམིགས་པ་ནི་གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལས། གསང་རྫས་སྨན་གཏོར་རཀྟའི་མཆོད་པ་འབུལ༔ མཐུན་རྫས་དུར་ཁྲོད་ཆས་བརྒྱད་ཡོ་བྱད་འདིས༔ ཐུགས་དམ་བསྐང་ངོ་ཉམས་ཆག་དག་གྱུར་ཅིག༔ ནོངས་པ་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ༔ ཞེས་གསུངས་པ་ལྟར་རོ། ཨོཾ་ཨཱཧཱུྃ་ནི་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ། ཨེ་ནི་ཡུམ་གྱི་མཁའ་དབྱིངས་ནམ་མཁའ་སྟོང་པ་ཉིད། ཝྃ་ནི་ཡབ་ཀྱི་རྡོ་རྗེ་ཐབས་བདེ་བ་ཆེན་པོ། བདེ་སྟོང་ཟུང་འཇུག་གི་རོལ་པ་ལས། འབྱུང་བཞི་རི་རབ་ཐར་པ་ཆེན་པོའི་ཁང་བཟང་གི་ས་བོན་གྱི་སྔགས་རྣམས་ལས་བསྐྱེད་ཅིང་བྱིན་གྱིས་བརླབ་པའོ། །རྩ་གསུམ་རྒྱལ་བ་རབ་འབྱམས་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་བའི་ཚུལ་ནི། ཧཱུྃ་ཡིག་མི་འགྱུར་ཐུགས་ཀྱི་ཐིག་ལེས་མགོ་དྲངས་ཏེ། ཤློ་ཀ་དང་པོས་བླ་མ། གཉིས་པས་ཡི་དམ། གསུམ་པས་དཔའ་བོ་མཁའ་འགྲོ། བཞི་པས་མ་མགོན་ལྕམ་དྲལ། ལྔ་

(༤༦༣)པས་ལས་མགོན་ཏྲཀྴད་ནག་པོ། དྲུག་པས་མཚན་གྱི་བྱེ་བྲག་དུག་གི་སྤུ་གྲི། བདུན་པས་དགྲ་སྙིང་དམར་འདྲེན་སོགས་ཕྲིན་ལས་ཀྱི་མགོན་པོའི་ཐུགས་དམ་བསྐང་བ་དང་། བྷྱོ་ནི་ཉི་བྷི་འཇིག་པའི་དབྱིངས་དོན་འཇིགས་བྱེད་མའམ་མ་མོའི་ས་བོན་གྱིས་ཐོག་དྲངས་ཏེ་མགོན་པོ་འཁོར་བཅས་ཀྱི་ཐུགས་དམ་བསྐང་བ་དང་། བྱད་མ་སོད་ཡན་ཆད་ཀྱིས་བསྟན་པ་ལྟར་རྩེ་གཅིག་གིས་ཕྲིན་ལས་བཅོལ་ལོ། །ཐུགས་དམ་གཉན་པོ་བསྐངས་བའི་བྱིན་རླབས་ཀྱིས་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་དབང་དུ་འདུས་པ་དང་། ཁམས་གསུམ་སྲིད་གསུམ་གྱི་ལྷ་འདྲེ་མི་གསུམ་བྲན་དུ་བཀོལ་བ་དང་། ནང་སྲིད་པ་བཅུད་ཀྱི་སེམས་ཅན་རྣམ་དཀར་དམ་པའི་ལྷ་ཆོས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་བཞི་སྒྲུབ་བའི་གྲོགས་སུ་ཁུག་པ་དང་། སྲིད་ན་འདོད་དགུའི་དཔལ་འབྱོར་ལེགས་ཚོགས་ཐམས་ཅད་ཆར་བཞིན་དུ་འབེབས་པར་མཛད་ཅེས་སྤྱི་དང་། བྱེ་བྲག་ལ་ཆུ་འཕྲང་ལས་ཉེར་འཚེ་མེད་པར་བདེ་བའི་གནས་སུ་སྐྱོལ་བ་དང་། གསང་བ་གནད་ཀྱི་ཕྲིན་ལས་དམ་པ་སྒྲུབ་བ་པོ་

(༤༦༤)རིག་པ་འཛིན་པ་བདག་གི་ཚེ་སྲོག་བསྲིང་བ་དང་། མདོར་ན་བཅོལ་བའི་ཕྲིན་ལས་ཐམས་ཅད་དམ་ཚིག་ལ་དགོངས་ཏེ་ཚུལ་བཞིན་དུ་སྒྲུབ་པའི་དམ་ཚིག་མ་གཡེལ་ཅིག །ཅེས་ཕྲིན་ལས་ནན་ཏན་དུ་བཅོལ་ནས་དམ་བསྒྲག་པ་ནི། སྔོན་ཚེ་དུས་གསུམ་སངས་རྒྱས། བར་དུ་གསང་བའི་བདག་པོ། ཐ་མ་རིག་འཛིན་པདྨ་འབྱུང་གནས་ཀྱི་དམ་ཚིག་སྲུང་ཞིང་ཕྲིན་ལས་གང་བཅོལ་མྱུར་དུ་སྒྲུབས་ཤིག །རྡོ་རྗེའི་ཡལ་གམ་གསང་བའི་དམ་ཚིག་ཆེན་པོའི་སྲུང་མ་ཁྱོད་ལ་གཉེར་དུ་གཏད་པ་ཡིན་ནོ། །ས་མ་ཡ་ཞེས་སོ། མཁས་གྲུབ་ཨ་རཱ་གའི་ཞལ་སྔ་ནས། བསྐང་བ་བཅས་པ་ཡོད་དམ་ཐང་སྐུའམ། །མེད་ན་གཏོང་མ་ཉིད་ལ་དམིགས་རྟེན་བྱ། །གོང་དུ་བཤད་པའི་བདུད་རྩིའི་རླངས་པ་ལས། །སྐོང་རྫས་སྣ་ཚོགས་འཕྲོ་ཞིང་མཆོད་པར་དམིགས། །ཡིད་ཀྱིས་སྤྲུལ་པ་གླིང་བཞི་རི་རབ་གླིང་། །ལྷ་མིའི་ལོངས་སྤྱོད་སྲོག་ཆགས་སྣ་ཚོགས་བཅས། །དངོས་སུ་གྲུབ་པ་གླིང་བཞི་བྱེ་བ་བརྒྱ། །དེ་དག་བློ་ཡིས་བླངས་ཏེ་ཡིད་ཀྱིས་ཕུལ། །དེ་དོན་གྲུབ་ཆེན་ཀརྨ་པཀྴི་ཡིས། །མདོས་

(༤༦༥)དང་སྐོང་བ་མཎྜལ་དོན་གཅིག་གསུངས། །ཞེས་གསུངས་པ་ལྟར་དམིགས་འདོན་ཟུང་དུ་ཆུབ་པར་བྱ་དགོས་སོ། །བཀའ་སྲུང་ལས་མགོན་དྲག་པོ་མིག་གསུམ་གྱི་བསྐང་བ་འདི་བསྐང་མདོས་ཀྱང་ཡིན་ཏེ་ཕྱི་རོལ་ནས་དྲག་པོ་རྩང་གི་རྭ་བས་ཡོངས་སུ་བསྐོར་བའི་རྩེར་ཤ་དང་ལིང་གས་བརྒྱན་པ་དང་། སྐོང་རྫས་སྤྱན་གཟིགས་རི་མོ་བྲིས་པ་ཇི་ལྟར་འབྱོར་བ་སོགས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་བྱའོ། །མདོས་ཀྱི་སྐབས་སུ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ངོ་བོ་སྣང་སྟོང་གཉིས་མེད། གཉིས་པ་དེས་ཚིག་སྣང་སྲིད་མདོས་སུ་བཤམས་པའམ་བཀོད་ལ། ཆག་སྒོ་རྐྱེན་ངན་མདོས་པ་སེལ་བས་མདོས་ཞེས་བྱ་སྟེ། དེ་ཡང་རྣལ་འབྱོར་པ་ལ་མདོས་པ་ཉམས་ཆག །སྦྱིན་བདག་ལ་མདོས་པ་ཆག་ཆེ་ཉམས་ང་ཐམས་ཅད་མདོས་ཀྱིས་ཟློག་པས་ན་མདོས་སོ། །གསུམ་པ་དབྱེ་བ་ནི། ཐུགས་སྒྲུབ་གཏེར་གཞུང་ལས། དབྱེ་བཞི་རྒྱས་དབང་དྲག་ལས༔ ནད་གདོན་གནོད་བཞི་བའི་མདོས༔ ཚེ་དང་བསོད་ནམས་རྒྱས་པའི་མདོས༔

(༤༦༦)སྣང་སྲིད་དབང་དུ་འདུ་བའི་མདོས༔ ཕྱི་ནང་བར་ཆད་སྲུང་བའི་མདོས༔ ཆག་ཆེ་ཉམ་ང་ཟློག་པའི་མདོས༔ ཞིང་བཅུའི་དགྲ་བགེགས་བསད་པའི་མདོས༔ བསྐང་བའི་མདོས་དང་བཤགས་པའི་མདོས༔ སྤྱི་ཡི་མདོས་དང་སྒོས་ཀྱི་མདོས༔ ཕོ་མོ་དང་ནི་མ་ནིང་མདོས༔ དེ་ལ་བྱེ་བྲག་བསམ་མི་ཁྱབ༔ ཞེས་གསུངས་པ་ལྟར་རོ། །ཉིན་ཐ་མར་བསྐངས་གཏོར་འབུལ་སྐབས་སྐོང་མདོས་ཡིན་བས་མེ་ནང་དུ་བསྲེགས་ཀྱང་རུང་སྟེ། མི་འགྱུར་རྡོ་རྗེའི་དངོས་སློབ་བླ་མ་ཤཱཀྱ་ནོར་བུའི་ཕྱག་བཞེས་ལ་མེར་བསྲེགས་པ་ཡིན། དེང་སང་ཡོངས་གྲགས་ཀུན་མཁྱེན་ལུགས་སུ་ཁང་ཐོག་གཙང་སར་འབུལ་བ་ཡིན། ཧཱུྃ་ལིག་གཟུང་འཛིན་གཉིས་སྟོང་ཐུགས་ཀྱི་ས་བོན་གྱིས་ཐོག་དྲངས་ཏེ་ཕྲིན་ལས་གནད་དུ་བསྐུལ་བ་ནི། བསྐུལ་ལོ་སོགས་ཚིག་རྐང་བརྒྱད་ཀྱིས་ཐུགས་དམ་གནད་བསྐུལ། །ཐུགས་རྗེས་དགོངས་གསོལ། དབྱིངས་ནས་སྐུར་བཞེངས། མཉམ་ཉིད་ཀློང་བཞུགས། བརྩེ་བས་རྗེས་དགོངས། འགྲོ་དྲུག་གནས་འདྲེན། ནུས་པའི་རྩལ་སྤྲུག །

(༤༦༧)ཕྲིན་ལས་དུས་བབས་ཀྱི་དམིགས་འདོན་ཟུང་དུ་ཆུབ་པ་དང་། ཧཱུྃ། བསྐང་རྫས་གཏོར་ཆེན་སོགས་ཤློ་ཀ་ལྔ་ཚིག་རྐང་ཉི་ཤུས་བསྐང་མདོས་ཀྱི་ཆེ་བ། འབྲུ་གསུམ་གྱི་བྱིན་གྱིས་བརླབས། ཕར་ཕྱིན་དྲུག་གིས་རྒྱས་གདབ། སྐོང་མདོས་ཀྱི་གྲིབ་སེལ་སྣང་གསལ་བཞི་མཆོད། དམ་ཡེ་དབྱེར་མེད་ཀྱི་བདུད་རྩིར་བྱིན་རླབས་གྲུབ་ནས། སྐོང་མདོས་འབུལ་བའི་ཡུལ་ནི་བླ་མ་ཡི་དམ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཞུ་བ་ནི་སྤྱིར་འབུལ་བའོ། །བྱེ་བྲག་ཏུ་ཕྲིན་ལས་ཀྱི་མགོན་པོ་ལ་དྲག་པོའི་སྐོང་མདོས་འབུལ་ཞིང་གཉེར་གཏད་པ་ལ་གཉིས། གཙོ་བོ་དང་། འཁོར་རོ། །དང་པོ་གཙོ་བོ་ལ་ཚིག་རྐང་བཅུ་དྲུག་གིས་སྟོང་ཉིད་བཅུ་དྲུག་དང་དགའ་བ་བཅུ་དྲུག་དབྱེར་མེད་ལྷན་སྐྱེས་བདེ་བ་ཆེན་པོའི་ངང་ནས་འབུལ་ཞིང་བསྟན་པ་རྒྱས་པ་དང་བསྟན་དགྲ་བསྒྲལ་བའི་ཕྲིན་ལས་བཅོལ་ལོ། །གཉིས་པ་མ་མོ་བཞི་བདུད་མགོན་བརྒྱད་མ་གཤིན་

(༤༦༨)བདུད་དམག་བྱ་ཁྱི་ལས་མཁན་སོགས་སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་རྒྱ་མཚོ་དང་བཅས་པ་ལ་འབུལ་ཞིང་སྤྱིར་ཞི་རྒྱས་དབང་གསུམ་འབད་མེད་ལྷུན་གྱིས་གྲུབ་པ་དང་། བྱེ་བྲག་ཏུ་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མཐར་ཕྱིན་པས་བྱང་ཆུབ་སྒྲུབ་བའི་བར་ཆད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་གཉེར་དུ་གཏད་ཅིང་དྲག་སྔགས་རོལ་མོ་དང་བཅས་པས་འབུལ་ལོ། །སྨྲས་པ། དམིགས་རྟེན་རྟེན་འབྲེལ་རྫས་ལ་ནུས་པ་སྔགས། །ཏིང་འཛིན་དམིགས་པའི་འཁྲུལ་འཁོར་རྣོ་བའི་མཚོན། །ཞིང་བཅུའི་ཉམས་པ་བདུན་ལྡན་སྲོག་ལ་བཀོལ། །ལས་ངན་རྒྱུན་བཅད་མི་གནས་དབྱིངས་སུ་བསྒྲལ། །རྒྱལ་བསྟན་དར་རྒྱས་བཀྲ་ཤིས་དཔལ་འབར་ཤོག །ཅེས་པ་འདིའང་གཏེར་སློབ་མཁན་པོ་འདུལ་འཛིན་ཀརྨ་སངས་རྒྱས་ཆོས་འཕེལ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོ་ས་ག་ཟླ་བའི་དམར་ཕྱོགས་རྒྱལ་བ་གཉིས་པར་གྲུབ་པའི་ཡི་གེ་པ་ནི་

(༤༦༩)དགེ་བཤེས་ཀརྨ་བུདྡྷས་བགྱིས་པ་ཡེ་གསང་ཐུགས་གཏེར་སྙིང་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །མངྒ་ལཾ་ཤུ་བྷཾ་ཤྲཱིཛྭ་ལ་བྷ་ཝནྟུ།། །།

(༤༧༠)

(༤༧༡)ཡེ་གསང་ཐུགས་ཀྱི་གཏེར་ཁ་ལས། རིགས་ལྔའི་མངོན་རྟོགས་ཟིན་བྲིས་བཞུགས་སོ། །

(༤༧༢)བླ་མ་རྒྱལ་བ་རིགས་ལྔ་ལ་ཕྱག་འཚལ་ལོ། །ཕྱི་སྒྲུབ་ཀུན་བཟང་གི་བསྙེན་པ་གྲུབ་ནས། ཀུན་ཏུ་བཟང་པོ་སྐད་ཅིག་གིས་གནས་འགྱུར་ཏེ། རིགས་ལྔའི་མངོན་རྟོགས་སྒོམ་བཟླས་ལ་འཇུག་པ་ཡིན། །བསྐྱེད་རིམ་སྒོམ་ཚུལ་ལའང་། སློབ་དཔོན་རྣམ་གསུམ་འབུམ་ཏིག་ལས། བློ་ཡང་རབ་གཅིག་གིས་ལྷ་སྐུ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་དེ། རྣམ་པར་རྟོག་པ་སློབ་དཔོན་པདྨ། བི་མ་ལ་མི་ཏྲ། ཤཱི་ལ་མཉྫུ། མཆན། གཞན་གྱི་བར་མ་མཆོད་པས་བཟང་སྟེ། ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །ཞེས་གསུངས་པ་ཨ་ཏི་

(༤༧༣)ཡོ་གའི་དགོངས་པ་དང་། བློ་རབ་གཅིག་གིས་སྟོང་པ་དང་སྙིང་རྗེའི་ངང་ནས། རྩ་སྔགས་བརྗོད་པས་ལྷར་ལྡང་སྟེ། རྟོག་པ་ཉུང་བས་བསོད་ནམས་དང་ཡེ་ཤེས་གཉིས་ཀ་ཡོད་དོ་ཞེས་པ་ཨ་ནུ་ཡོ་གའི་དགོངས་པ་དང་། བློ་འབྲིང་གཅིག་གིས་ཆོ་ག་གསུམ་གྱིས་ལྷར་ལྡང་སྟེ། ཞེས་གསུངས་པ་མ་ཧཱ་ཡོ་གའི་དགོངས་པ་སྟེ། སྒོམ་ཚུལ་གསུམ་ལས། འདིར་ནི་དབང་པོ་ཡང་རབ་མན་ངག་ཨ་ཏི་ཡོ་གའི་དགོངས་པ་ལྟར་སྐད་ཅིག་དྲན་རྫོགས་སུ་སྒོམ་པའོ། །དེ་ལའང་ཡུལ་སྣང་བདེན་མེད་དུ་

(༤༧༤)ཤེས་པ་སྒྱུ་མའི་བསྐྱེད་རིམ། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ། ལྷ་སྐུ་ཞལ་ཕྱག་དང་བཅས་པ་སྤྲུལ་སྐུའི་བསྐྱེད་རིམ་གསུམ་དུ་གསུངས་ཏེ་སྔ་མ་ནི། སྣང་བ་ལ་སྟོང་པས་རྒྱས་ཐེབ་པ་དང་། བར་བ་ནི་སྟོང་པ་ལ་སྣང་བས་རྒྱས་ཐེབ་བའོ། །དོན་ཉམས་ལེན་དུ་དྲིལ་ཚེ་རང་རིག་སྟོང་པའི་གསལ་མདངས་འགག་མེད་ཀྱི་རྩལ་དེ། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་སྐུར་སྣང་ལ་རང་བཞིན་མེད་པར་ཤར་བ་ཉིད་ཡེངས་མེད་འཛིན་མེད་ཀྱི་དྲན་པས་བཟུང་སྟེ། སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་སྐུར་འཆར་བ་ལ་བསླབ་པའོ། ༈ །ཐོག་མའི་འབྲུ་གསུམ་ཡང་རྒྱུད་མ་ཧཱ་ཡོ་ག་ལྟར་ན། ཨོཾ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་པ་ཆེན་པོ། ཨཱཀུན་སྣང་གི་ཏིང་ངེ་འཛིན་སྙིང་རྗེ་སྒྱུ་མ། ཧཱུྃ་རྒྱུའི་ཏིང་ངེ་འཛིན་ཕྱག་རྒྱའི་རྣལ་འབྱོར་བསྟན་པ་ཡིན་ཀྱང་། འདིར་ནི་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོགས་ཐུགས་སུ་ཤེས་པར་བྱ་བའི་ཕྱིར་འབྲུ་གསུམ་སྔོན་དུ་འགྲོ་བས། རྣམ་སྣང་

(༤༧༥)ལ་སེང་གེ་སོགས་རིགས་ལྔ་སོ་སོའི་ཁྲི་འཇོག་དང་པདྨ་ཉི་ཟླ་སྒོམ་པ་སྟེ། ཐུགས་མི་འཇིགས་པ་བཞིས་བདུད་བཞི་འདུལ་བའི་བརྡར་སེང་གེ །སྐུ་སྟོབས་བཅུས་མི་དགེ་བཅུ་འདུལ་བའི་བརྡར་གླང་ཆེན། ཡོན་ཏན་རྫུ་འཕྲུལ་གྱི་རྐང་པ་བཞིས་ཆགས་པ་མེད་པར་སྒྲོལ་བའི་བརྡར་རྟ་མཆོག །གསུང་དབང་བཅུ་མཐར་ཕྱིན་རྒྱལ་བའི་གསུང་གིས་སེམས་ཅན་རྣམས་དབང་དུ་བྱེད་པའི་བརྡར་རྨ་བྱ། རྨ་བྱས་དུག་དབང་དུ་བྱེད་པ་ལྟར་འདིར་ཡང་ཉོན་མོངས་པའི་དུག་ཡེ་ཤེས་སུ་བསྒྱུར་བར་བྱེད་པའི་དོན། ཕྲིན་ལས་བཞིས་ཐོགས་པ་མེད་པར་སྒྲོལ་བའི་བརྡར་མཁའ་ལྡིང་གི་ཁྲིའོ། འདི་རྣམས་ཀྱང་རང་བཞིན་གྱི་དུད་འགྲོ་ཕལ་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་བརྡ་དོན་དེ་ལྡན་གྱི་གཟུགས་སུ་སྤྲུལ་ནས་བཅོམ་ལྡན་འདས་རིགས་ལྔའི་གདན་འདེགས་པའོ། ༈ །རིགས་ལྔ་སོ་སོར་སེང་གེ་སོགས་ཁྲི་འཇོག་ཕྱོགས་རེར་གཉིས་གཉིས་ཏེ་བརྒྱད་ཀྱི་འདེགས་དགོས་ཏེ་སྐུ་གསུང་ཐུགས་

(༤༧༦)དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པའི་བརྡའོ། ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས༔ སྐུ་ཡི་ཞིང་ཁམས་ཡོངས་ལ་ཁྱབ༔ ཅེས་པ་ནི། བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཞིང་སྐུའི་བཀོད་པ་ཐམས་ཅད་སྐུའི་བ་སྤུའི་ཉག་མ་རེ་རེ་ལ་རྫོགས་པ་དང་། ཡེ་ཤེས་ཀྱི་སྐུ་ཆོས་ཀྱི་དབྱིངས་ཀྱི་མཐའ་གཏུག་པའི་ཞིང་ཁམས་གང་དུའང་ཐོགས་པ་མེད་པར་བཞུགས་པ་དང་ཞིང་ཁམས་རབ་འབྱམས་ཀྱི་གདུལ་བྱ་ལ་ཁྱབ་པར་སྤྲུལ་བའོ། །རིགས་ལྔ་ཐམས་ཅད་ལ་ལོངས་སྤྱོད་རྫོགས་པའི་རྒྱན་བཅུ་གསུམ་དང་ལྡན་པ་སྟེ། རིན་པོ་ཆེའི་རྒྱན་བརྒྱད། དར་གྱི་ཆས་གོས་ལྔའོ། །དང་པོ་ནི་དབུ་རྒྱན། ༡ སྙན་རྒྱན། ༢ མགུལ་རྒྱན། ༣ དོ་ཤལ། ༤ སེ་མོ་དོ། ༥ དཔུང་པ་དང་མཁྲིག་མར་རིན་པོ་ཆེའི་གདུ་གུ། ༦ ཞབས་ཀྱི་ལོང་བུའི་གནས་སུ་གདུ་གུ། ༧ ནོར་མགྲིན་པ་མཛེས་བྱེད་ནུ་མའི་བར་སླེབས། ལྟེ་བའི་འོག་ཏུ་སླེབས། མཆན། བུའི་ཕྲ་དང་ལྡན་པའི་གསེར་གྱི་སྐ་རག་ལ་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་བྱེད་པ་འཕྱང་བའོ། ༈ །གཉིས་

(༤༧༧)པ་ནི། དར་དཀར་པོ་སོགས་རང་མདོག་དར་གྱི་སྟོད་གཡོག ༡ །སྣ་ཚོགས་དར་གྱི་ཤམས་ཐབས། ༢ ས་རི་ཁྲ་བོ་དང་ལྡན་པའི་དར་འཕྱང་། ༣ སྣ་ཚོགས་དར་གྱི་ཟི་ལྡིར་ཞེས་དར་གྱི་འཕེན་ཆུང་མང་པོ་དབུའི་ལྟག་བར་རྒྱབ་དར་གྱིས་ཚུལ་དུ་བཏགས་པ། དར་གྱི་ཅོད་པན་སྙན་གཡས་གཡོན་ནས་འཕྱང་བའོ། འགའ་ཞིག་གིས་དར་གྱི་ཅོད་པན་དང་ཟི་ལྡིང་ཕྱོགས་གཅིག་ཏུ་བགྲངས་ནས་དར་ལྗང་གུའི་སྐུ་རེག་བརྩི་བ་དང་། འགའ་ཞིག་གིས་དར་མཐིང་ཀའི་འོག་དཔག་ཞེས་སྣ་ཚོགས་དར་གྱི་ཤམས་ཐབས་སམ་ཚིག་གུའི་སྨད་དཀྲིས་སུ་གྲགས་པའི་སྟེང་དེར་སྨད་ཤམ་ཐུང་དུ་སྔོན་པོ་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་དེ་རྣམས་མཛེས་པར་བཀྲ་བའི་གདན་ལྟ་བུར་འོད་བ་ཞིག་ཡོད་པ་དེ་བགྲངས་ནས་བརྒྱད་དུ་བཞེད་པའང་ཡོད། གྲངས་གང་འདྲེན་ཀྱང་རྒྱན་དེ་ཐམས་ཅད་ཚང་དགོས་སོ། །རིགས་ལྔ་ཐམས་ཅད་ལ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱདམར་པོ། ཐུགས་ཀའི་ཆ་སྨད་དུ་ཧཱུྃ་མཐིང་ག །ཐུགས་དབུས་སུ་རང་རང་ཕྱག་མཚན་ས་བོན་སྔགས་འཁོར་བསྒོམ་པ་སྟེ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ། །

(༤༧༨)དམར་སེར་ཟླ་བ་དཀར་པོ་ཉ་ག་ད་བ་གཉིས་མེ་ལོང་ཉིས་བརྩེགས་སུ་བཞག་པ་ལྟ་བུ། དེའི་སྟེང་དུ་ཞི་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་གདན་ཐབས་སུ་གསལ་བའི་ལྟེ་བར་ཨོཾ་ཡིག་འ་ཆུང་ཟླ་ཚེས་ཐིག་ལེ་དང་བཅས་པའི་མཐར་ཨོཾ་ཨཱཧཱུྃ་བྷ་ག་ཝཱ་ན་བཻ་རོ་ཙ་ན་ཨཱོཾ༔ ཞེས་པའི་སྔགས་ཕྲེང་དཀར་གསལ་ཞལ་ངོ་ཕྱི་ལ་བསྟན་ན་ས་གཡོན་དུ་བཀོད་པ་གཡས་སུ་འཁོར་དགོས། མི་བསྐྱོད་པའི་ཐུགས་ཀར་པདྨ་སྔོན་པོ་འདབ་བརྒྱད་དང་རྡོ་རྗེ་སྔོན་པོ་རྩེ་ལྔའི་ལྟེ་བར་ཧཱུྃ། རིན་འབྱུང་ལ་པདྨ་སེར་པོ་འདབ་བརྒྱད། རིན་པོ་ཆེ་སེར་པོ་ཟུར་བརྒྱད་འོད་ཟེར་རིང་དུ་འཕྲོ་བའི་ལྟེ་བར་ཏྲཾ་སེར་པོ་སྣང་མཐའ་ལ་པདྨ་དམར་པོ་འདབ་མ་བརྒྱད། པདྨ་དམར་པོ་འདབ་མ་བཅུ་དྲུག་པའི་ཟེའུ་འབྲུ་ལ་ཧྲཱིདམར་པོ། དོན་གྲུབ་ལ་པདྨ་ལྗང་གུ་འདབ་བརྒྱད། རྒྱ་གྲམ་ལྗང་གུའི་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། ལོ་འདབ་དང་བཅས་པ་མཆན། དབུས་དཀར་བ། གསར་མ་ལྟར་ན་འཇིགས་པ་ཉི་ཤུ་དག་པའི་བརྡར་རྭ་ཉི་ཤུ་

(༤༧༩)བ་སྟེ་ཕྱོགས་རེར་རྭ་ལྔ་རེ། རྙིང་མ་ལྟར་ན་རྟེན་འབྲེལ་བཅུ་གཉིས་དག་པའི་བརྡར་རྭ་བཅུ་གཉིས་པ། ཕྱོགས་རེར་རྭ་གསུམ་རེ་དང་ལྡན་པའི་ལྟེ་བར་ཨཱཡིག་ལྗང་གུ་རིང་ཆ་རྣམ་བཅད་དང་བཅས་པ་སྒོམ། གཞན་གདན་ཉི་ཟླ་གཉིས་བརྩེགས་དང་རང་མདོག་གི་སྔགས་ཕྲེར་བཀོད་ཚུལ་འཁོར་ཚུལ་རྣམ་སྣང་དང་འདྲའོ། །བཟླས་པའི་སྔགས་ཕྲེང་གཡས་སུ་འཁོར་བའི་རང་སྒྲ་རྣམ་སྣང་སྐབས་སུ་པི་ཝང་གི་སྐད་ལྟར་ཕྲ་ཞིང་སྙན་པ། མི་བསྐྱོད་བ་ལ་འབྲུག་གི་སྒྲ་ལྟར་རྔམ་ཞིང་ལྡིང་བ། རིན་འབྱུང་ལ་འབྱུང་བ་རླུང་མེ་ཆུའི་སྒྲ་ལྟར་འུ་རུ་མུ་སྒྲོགས་པ། སྣང་མཐའ་ལ་རྔ་བོ་ཆེའི་སྒྲ་ལྟར་ལྡིར་ཞིང་གཡོ་བ། དོན་ཐུབ་ལ་དུང་དཀར་དམར་གྱི་སྒྲ་ལྟར་བརྗེད་ཅིང་གསལ་བའི་སྔགས་སྒྲས། རིགས་ལྔ་སོ་སོའི་གཙོས་པའི་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་པ་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་རིགས་ལྔ་སོ་སོའི་རྣམ་པར་སྤྱན་དྲངས་ནས་རང་ཉིད་ལ་མཚོལ་ཁ་བ་

(༤༨༠)བབས་པ་ལྟར་སིབ་སིབ་ཐིམ་པར་དམིགས་ནས་བསྙེན་པ་བྱ། སྔགས་དོན་ནི་ཐོག་མའི་འབྲུ་གསུམ་སྐུ་གསུམ་དབྱེར་མེད་རིགས་ལྔ་ཀུན་ལ་འདྲ་བར་གྱི་མཚན་སྔགས་བྷ་ག་ཝཱན་བཅོམ་ལྡན་འདས། བཻ་རོ་ཙ་ན་རྣམ་པར་སྣང་མཛད། ཨོཾ་ཡིག་རྒྱུ་མ་ནོར་བ་རྩ་བའི་སྔགས་ཏེ་ཐུགས་སྲོག་ནས་དྲངས་ཏེ་ཐུགས་རྒྱུད་བསྐུལ་བའོ། །དེ་བཞིན་དུ་ཨཀྵོ་བྷྱ་བཛྲ་མི་བསྐྱོད་རྡོ་རྗེ། ཧཱུྃ་ཐུགས་རྒྱུད་བསྐུལ་བ་རཏྣ་སཾ་བྷ་ཝ་རིན་ཆེན་འབྱུང་གནས། ཏྲཱྃ་ཐུགས་རྒྱུད་བསྐུལ་བ། ཨ་མི་ཏ་བྷ་འོད་དཔག་མེད། ཧྲཱིཐུགས་རྒྱུད་བསྐུལ་བ། ཨ་ཡུ་སིདྡྷི་ཛཚེ་ཡི་དངོས་གྲུབ་སྩོལ་ཅིག་ཅེས་ཤམ་བུ་དང་བཅས་སོ། ཨ་མོ་གྷ་སིདྡྷི་དོན་ཡོད་གྲུབ་པ། ཨཱཐུགས་རྒྱུད་བསྐུལ་བའོ། །གཙོ་བོ་གོ་འཕོ་བ་དང་རང་ཉིད་རིགས་ལྔ་གང་འདོད་དུ་སྤྲུལ་བསྒྱུར་འབྱེད་པའི་ཏིང་ངེ་འཛིན་ལ་རྩལ་སྦྱངས་པའི་ཕྱིར་བདག་བསྐྱེད་རིགས་ལྔ་གནས་འགྱུར་དུ་སྒོམ་དགོས། ཟིན་བྲིས་ལ་ལར་རིགས་ལྔ་སོ་སོར་བསྐྱེད་བཟླས་གསུངས་ཀྱང་

(༤༨༡)རིགས་ལྔ་ཚོམ་བུར་སྒོམ་མི་དགོས་པ་ཤེས་པར་བྱ་བ་གནད་གདམས་སོ། །ཀུན་བཟང་ལ་བསྙེན་གྲངས་གསལ་བར་མ་གསུངས་ཀྱང་། རིགས་ལྔ་ལ་འབྲུ་གསུམ་གསུངས་བས་ཀུན་བཟང་ལའང་དེ་ལྟར་དགོས་པ་མངོན། རིགས་ལྔ་སོ་སོར་གནད་གསུམ་གསུངས་པ་སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་ཁྱེར་སོ་གསུམ་ལྡན་དོན་བསྐྱེད་རྫོགས་ཟུང་འཇུག་དབྱེར་མེད་དུ་ཤེས་དགོས་ཏེ། དེའང་སེམས་ཉིད་འགག་མེད་ཀྱི་འཆར་སྒོ་ཐམས་ཅད་ཐབས་བསྐྱེད་པའི་རིམ་པ། ངོ་བོ་སྟོང་ཉིད་ཀྱི་གནས་ལུགས་ཐམས་ཅད་ཤེས་རབ་རྫོགས་པའི་རིམ་པ། དེ་གཉིས་ཉི་མ་དང་འོད་ཟེར་ལྟར་ཐ་དད་མེད་པར་ཟུང་འཇུག་གི་རྣལ་འབྱོར་ཏེ། སྣང་བ་ལ་ཕར་བལྟས་པས་བསྐྱེད་རིམ་དུ་ལྷུན་གྱིས་གྲུབ། སེམས་ཉིད་ལ་ཚུར་བལྟས་པས་རྫོགས་རིམ་དུ་ལྷུན་གྱིས་གྲུབ། སྣང་བ་དང་སེམས་གཉིས་གསེར་དང་གསེར་གྱི་སེར་པོ། གཡུ་དང་གཡུའི་སྔོན་པོ། བར་

(༤༨༢)སྣང་དང་འཇའ་ཚོན་ལྟར་རོ་མཉམ་པས་ལྷུན་གྱིས་གྲུབ་ལ། ལས་དང་པོ་པ་གོ་རྟོགས་དམན་པས་ཀྱང་། རང་སེམས་ལྷར་གསལ་བ་བསྐྱེད་པའི་རིམ་པ། ལྷ་རང་སེམས་སུ་ཤེས་པ་རྫོགས་པའི་རིམ་པ། དེ་གཉིས་དབྱེར་མེད་དུ་རྟོགས་པ་ཟུང་འཇུག་གི་རྣལ་འབྱོར་ལ་བརྩོན་པར་བྱའོ། །ཞལ་གདམས་ལམ་ཁྱེར་རྫོགས་རིམ་བསྲེ་འཕོའི་རིམ་པ་ནི། དེ་ཡང་སྣང་བ་སྒྱུ་མར་ཤེས་ན་རྨི་ལམ་སྒྱུ་མར་ཤེས། རྨི་ལམ་སྒྱུ་མར་ཤེས་ན་བར་དོ་སྒྱུ་མ་ཤེས། བར་དོ་སྒྱུ་མར་ཤེས་ན་འོད་གསལ་ངོས་ཟིན། འོད་གསལ་ངོས་ཟིན་ན་ཟུང་འཇུག་གི་སྐུར་གྲོལ་བ་ནི། རྗེ་ནཱ་རོ་པཎ་ཆེན་གྱི་སྒྱུ་མ་སུམ་བརྒྱུད་ཀྱི་གདམས་ངག་དང་གནད་གཅིག་གོ །རྒྱས་པར་སྤྲོ་ན་རས་ཆུང་པ་བཛྲ་ཀཱི་རྟིའི་བསྲེ་འཕོ་དགུ་སྐོར་གྱི་གདམས་ངག་སྙན་བརྒྱུད་ལྟར་རོ། །འོ་ན་ནཱ་རོ་ཆོས་དྲུག་ཡོད་དམ་ཞེ་ན་ཡོད་དེ། མ་རྒྱུད་ལུང་ཨ་ནུ་ཡོ་ག་སྤྱིའི་རྫོགས་རིམ་གཏེར་ཆེན་མཆོག་གྱུར་གླིང་པའི་ཡང་དག་གི་ཆོས་དྲུག་

(༤༨༣)རྣམས་རྒྱས་བསྡུས་ཙམ་ལས་ཨུ་པ་དེ་ཤ་ཨེ་ཀ་ཉིད་དོ། ཨྀིྠ། སརྦ་དཱ་ཀ་ལྱཱ་ཎི་བྷ་ཝ་ཏུ། དགེའོ། དགེའོ། དགེའོ།། །།

(༤༨༤)

(༤༨༥)ཡེ་གསང་ཐུགས་གཏེར་གྲོ་ལོད་ཀྱི། །རྫོགས་རིམ་ཨ་ཏི་ཁྱབ་གདལ་ཆེའི། ཁྲིད་ཡིག་རིག་འཛིན་དགོངས་གསལ་གྱི། །དངོས་གཞིའི་ཁྲིད་རིམ་གཉིས་པ་བཞུགས། །ཀམྦྷི་ར་ཨི་ཐི། །

(༤༨༦)ན་མོ་གུ་རུ་པདྨཱ་ཀ་ར་བཛྲ་དྷཱ་ར་རཱ་ཛ་ཡ། །ཟབ་གསང་ཐེག་པའི་ཡང་རྩེ་རྫོགས་པ་ཆེའོ། །ཟབ་རྒྱས་ཁྲིད་ཡིག་རིག་འཛིན་དགོངས་གསལ་གྱེས། །ཟབ་དོན་སྙིང་པོའི་དོན་ཁྲིད་འདི་ན་དབྱེ། །ཟབ་ལམ་ཉམས་སུ་ལེན་རྣམས་དགའ་བས་ལོངས། །སངས་རྒྱས་གཉིས་པའི་ཐུགས་ཐིག་ལུང་གི་མཛོད། །དཔྱད་གསུམ་རྣམ་དག་རིགས་པའི་འཁྲུལ་འཁོར་དང་། །མན་ངག་འཕྲུལ་གྱི་ལྡེའུ་མིག་ལ་བརྟེན་ནས། །སྔ་འོས་གསལ་བཀོད་འགལ་ན་རྩ་གསུམ་

(༤༨༧)ལྟར། །སྙིང་ནས་འགྱོད་པས་བཤགས་སོ་དགེ་ལེགས་སྩོལ། ཞེས་ཚིག་རྐང་དགུའི་གྲངས་ལྡན་གྱིས་དངོས་པོ་ངེས་པར་བསྟན་ནས། །གཉིས་པ་དངོས་གཞི་རྫོགས་རིམ་སྒོམ་པ་ལ་ལྔ། སེམས་ཉིད་འོད་གསལ་སྟོང་པ་ཉིད་མ་རྟོགས་པའི་སྐྱོན་གཅིག །སེམས་གནས་པའི་ཐབས་ཞི་གནས། གནས་པ་བརྟན་པའི་ཐབས་ལྷག་མཐོང་། ས་ལམ་བགྲོད་པའི་ཚུལ། བརྟན་པ་མཐར་ཕྱིན་པ་རྣམས་སོ། །དེ་ལ་དང་པོ་སེམས་ཉིད་འོད་གསལ་ཆོས་ཀྱི་

(༤༨༨)སྐུ་མ་རྟོགས་པའི་སྐྱོན་ནི། །ཀུན་བཟང་གཞུང་ལས། ཆོས་རྣམས་ཀུན་གྱི་ངོ་བོ་ཉིད༔ ཚུལ་བཞིན་རང་ཞལ་མ་མཐོང་བས༔ ཐར་མེད་འཁོར་བ་རང་གིས་བསྒྲུབ༔ ད་ནི་དེ་ལས་སྒྲོལ་བར་བྱ༔ ཞེས་དང་། གཅེར་མཐོང་རང་གྲོལ་ལས། འཁོར་འདས་ཡོངས་ལ་ཁྱབ་པའི་སེམས་གཅིག་པུ༔ ཡེ་ནས་སངས་རྒྱས་ཡིན་ཀྱང་ངོ་མ་ཤེས༔ གསལ་རིག་རྒྱུན་ཆད་མེད་ཀྱང་ཞལ་མ་མཇལ༔ འགགས་མེད་ཅིར་ཡང་འཆར་ཏེ་ངོས་མ་ཟིན༔ ཅེས་གསུངས་པ་ལྟར་རང་ཉིད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་ཀྱང་བླ་མ་དམ་པ་དང་མ་མཇལ། ལམ་ཟབ་མོ་ཉམས་སུ་མ་བླངས་པས་རང་ངོ་རང་གིས་མ་ཤེས་པས་འགྲོ་བ་རིགས་དྲུག་ཏུ་འཁྱམས་ཤིང་སྡུག་བསྔལ་བར་གྱུར་བ་ཡིན་ཏེ། དེ་ཉིད་ལས། དེ་དག་སོ་སོའི་སྐྱེ་བོ་ཐ་མལ་བས༔ མ་རྟོག་རང་ངོ་རང་གི་མ་ཤེས་པས༔ ཁམས་གསུམ་རྒྱུད་དྲུག་འཁྱམས་ཤིང་སྡུག་བསྔལ་མྱོང་༔ དེ་ཡང་

(༤༨༩)རང་སེམས་འདི་ཉིད་མ་རྟོགས་སྐྱོན༔ ཅེས་གསུངས་པས་ཉེས་སྐྱོན་དེ་རྣམས་ཀྱང་རང་སེམས་འཁྲུལ་པའི་དབང་གིས་བྱུང་བ་སྟེ། མ་འཁྲུལ་སྐྱེ་མེད་སངས་རྒྱས་ཐུགས༔ འཁྲུལ་པས་ལས་ངན་འཁོར་བའི་སེམས༔ ཅེས་དང་། དེ་ཡང་སེམས་འཁྲུལ་པའི་ཆ་ལས་སེམས་ཅན་དང་། མ་འཁྲུལ་པའི་ཆ་ལས་སངས་རྒྱས་ཡིན་པ་སྟེ། ཀུན་བཟང་དག་པའི་སྣང་ཆ་ལས་མཐོ་རིས་གནས་གསུམ་ལྷ་མིའི་གཟུགས་སུ་ཤར༔ ཀུན་བཟང་མ་དག་སྣང་ཆ་ངན་སོང་གསུམ་སོགས་ལོག་བའི་ལམ་དུ་གོལ༔ མ་འཁྲུལ་རང་སེམས་གཉུག་མ་ཡེ་ནས་རྒྱུ་ཡི་སངས་རྒྱས་ཉིད༔ འཁྲུལ་སྣང་བག་ཆགས་རྐྱེན་གྱིས་ཨ་འཐས་རེ་དོགས་འཁྲུལ་པ་སེམས་ཅན་རྒྱུ༔ སངས་རྒྱས་སེམས་ཅན་དབྱེ་བ་མེད་ཀྱང་འཁྲུལ་དང་མ་འཁྲུལ་དབྱེ་བས་གསལ༔ ཅེས་གསུངས་པས་འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱེད་བའི་ཐབས་ལ་ལམ་ཟབ་མོ་སྒོམ་དགོས། ལམ་ཟབ་

(༤༩༠)མོ་སྒོམ་པ་ལ་སྔོན་དུ་འཁོར་བ་ལ་འབྲེལ་ཐག་གཅོད་དགོས་ཏེ། ཐོད་རྒལ་ལས། ཕམ་བུ་ཚ་སྦུན་གྲོགས་འཁྲི་བ་བཅད༔ ཡུལ་ཕྱོགས་ཞིང་མཁར་སྤངས་ཏེ་རྟེན་མེད་བྱ༔ ཉེ་འབྲེལ་སྲིད་སྡེ་སྤངས་ཏེ་ཆགས་སེམས་བཅད༔ དགྲ་འདྲེ་གནོད་བྱེད་རྣམས་སྤངས་བྱམས་པ་བསྒོམ༔ ངོ་སྲུང་ཁེ་གྲགས་མཐུན་འཇུག་འབྲེལ་བ་བཅད༔ ནོར་རྫས་ལོངས་སྤྱོད་ཟང་ཟིང་འདུ་འཛི་སྤངས༔ དེ་ནས་རྩེ་གཅིག་ཟབ་མོའི་སེམས་ལ་ལྟོས༔ ཅེས་གསུངས་པ་ལྟར་བྱ་དགོས་ཤིང་། རྒྱུད་ལས། དྲང་པོར་འདུ་ག་ལ་ལྷུན་གྲུབ་ལྟོས༔ ཅེས་གསུངས་པ་ལྟར་ལུས་དྲང་པོར་འདུག་པ་ནི། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག །སྒལ་ཚིག་དྲང་པོར་བསྲང་། མགྲིན་པ་ཡིད་ཙམ་དགུག །ལུས་མདུན་རྒྱབ་གཡས་གཡོན་དུ་མི་གཡོ་བ་སང་ངེ་འདུག །ངག་དྲང་པོར་འདུག་པ་ནི། སྨྲ་བ་བཅད་དེ་རླུང་རང་སོར་བཞག །སེམས་དྲང་པོར་འདུག་པ་ནི། ངན་རྟོག་ཐམས་ཅད་

(༤༩༡)སྤངས་ལ་མི་མནོ་མི་བསམ། མི་རྟོག །རང་བྱུང་། རང་དྭངས་བུན་ནེའི་ངང་ནས་སེམས་གར་གནས་ཅི་འདྲ་འདུག་ལྟ་བ་མ་གཏོགས། འཇིག་རྟེན་གྱི་བྱ་བཞག་སྔ་ཕྱིའི་འདུན་མ་ལེགས་ཉེས་ཐམས་ཅད་སྤངས་ཤིང་སྒོམ་པ་ལ་ཐམས་ཅད་རྫོགས་ཏེ། རྒྱུད་ལས། །ཐམས་ཅད་ཡང་དག་རྫོགས་པ་ཆེན་པོ་ཡིན༔ ཕྲིན་ལས་དཀྱིལ་འཁོར་དབང་དང་དམ་ཚིག་རྫོགས༔ ལྷ་བསྐྱེད་སྤྱན་དྲངས་ཛབྲ་དང་གཏོར་མ་རྫོགས༔ བསྡུ་གཤེགས་སྨོན་ལམ་རྒྱས་འདེབས་ཐམས་ཅད་རྫོགས༔ ལྟ་སྒོམ་སྦྱོང་འབྲས་སྐུ་དང་ཡེ་ཤེས་རྫོགས༔ ས་ལམ་ཡེ་ཤེས་ཕྲ་རག་ཐམས་ཅད་རྫོགས༔ རྒྱུད་ལུང་མན་ངག་སེམས་དང་ཚུལ་ཁྲིམས་རྫོགས༔ ལམ་ལྔ་ས་བཅུ་ཕ་རོལ་ཕྱིན་བཅུ་རྫོགས༔ ཅེས་གསུངས་པས་འདུས་བྱས་ཀྱི་ཆོས་སྦྱོང་ཐམས་ཅད་ལས་བསམ་གཏན་བསྒོམ་པ་ཕན་ཡོན་ཆེ་བར་གསུངས་སོ། །གཉིས་པ་ཞི་གནས་ཀྱི་ཏིང་ངེ་འཛིན་

(༤༩༢)སྒོམ་པར་བྱེད་པ་ལ་མཚན་བཅས་དང་མཚན་མེད་གཉིས་ལས། དང་པོ་ནི་རང་གི་མདུན་དུ་ཐིག་ལེ་སྔོན་པོའི་དཀྱིལ་དུ་ཨ་དཀར་པོར་བྲིས་པ་ལ་མིག་གཏད་དེ་སྒོམ་པ་ལ་དམིགས་སྐོར་གཅིག །ཨ་ཨ་ཨ ཡང་དག་དོན་ནི་སྐྱེ་འཆི་བྲལ༔ རང་རིག་བཟོ་མེད་ངོ་བོ་སྟོང་༔ གང་ཤར་རིག་རྩལ་མཁའ་ལྟར་དག༔ དམིགས་མེད་བློ་འདས་བརྗོད་དུ་མེད༔ དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ་ཨ་ཨ ཅེས་ངག་ཏུ་བརྗོད་ཅིང་དོན་ལ་སེམས་གཏད་ཅིང་སྒོམ་པ་དམིགས་སྐོར་གཅིག །དེ་དག་གི་དོན་ནི་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇུག་པ། །བྱང་ཆུབ་སེམས་དེ་མཉམ་པར་བཞག་ཅེས་བྱ། །ཅེས་གསུངས་པ་ལྟར་རོ། །གཏེར་གཞུང་ལས། མིག་གིས་འདུ་བྱེད་ཟིམ་བུར་བལྟས་པས་ཉི་ཟླའི་ཟེར་ལ་བསྟན༔ འོད་ལྔའི་ཐིག་ལེ་སྣ་ཚོགས་

(༤༩༣)འཆར་བ་རིག་པའི་རང་མདངས་སོ༔ །འོད་སྐུད་ལྕགས་ཐག་ཕྲལ་འཁྱུད་པ་རིག་པའི་འགྱུ་བར་བལྟ༔ འོད་ཁྱིམ་སྣ་ལྔ་ངོས་བཟུང་མེད་པར་ཁྱབ་པར་གནས་པ་རིག་པ་གནས་པའོ༔ ཅེས་གསུངས་པས། ཉིན་མོ་ཉི་མའི་ཟེར་ལ་བལྟ་བའི་དུས་ནི། ཉི་མ་ཤར་མ་ཐག་ནས་སྔ་དྲོ་རྣམས་དང་། ཕྱི་དྲོའི་དུས་སུ་མིག་གིས་ཟིམ་བུར་བལྟས་པའི་ཚེ། འོད་ཁ་དོག་སྣ་ལྔའི་ཐིག་ལེ་ཐིག་ཕྲན་འཆར་བ་ནི་རིག་པ་དངོས་ཀྱི་རང་མདངས་ཡིན་ཅིང་། འོད་ཀྱི་སྐུད་པ་ལྕགས་ཐག་སྦྲེལ་བ་ལྟ་བུ་ཕྲལ་འཁྱུག་པ་རྣམས་ནི་རིག་པ་འགྱུ་བའི་རྩལ་དུ་སྣང་ལ། དེ་གའི་རང་མདངས་བསྐྱང་པས་ཐམས་ཅད་ཅུང་ཟད་ཙམ་ལས་མེད་པར་འོད་ཁྱིམ་སྣ་ལྔ་ཤིན་ཏུ་ཕྲ་བའི་འོད་ངོས་བཟུང་མེད་པས་ཐམས་ཅད་ཁྱབ་ཅིང་མ་བལྟས་ཀྱང་མིག་ལམ་དུ་ཁྲ་ཤིག་ཤིག་གནས་པ་ནི་རིག་པ་གནས་པ་ངོ་བོ་སྟེ། དེ་ཡང་ཕྱིའི་ཡུལ་དུ་ཉི་ཟླའི་མདངས་ལ་སྣང་ཡུལ་སྦྱོང་པའོ༔ ནང་གི་ཚོར་བ་

(༤༩༤)བག་ཆགས་ཡུལ་ལས་སྣ་ཚོགས་འཆར་བའོ༔ ཕྱི་ཡི་འོད་ཀྱི་ཐབས་ལ་བསྟེན་ནས་ནང་གི་དྲན་རིག་གཏན་ལ་འབེབས་པའོ༔ རང་སེམས་དྲན་རིག་བརྗོད་མེད་པོ་ཡང་དེ་ལྟར་བཞུགས་པའོ༔ ཚེ་འདིར་རྩལ་སྦྱངས་བར་དོའི་འཇིགས་སྐྲགས་གྲོགས་སུ་འགྱུར་བའོ༔ འཇའ་ཟེར་འཇིགས་སྐྲག་རང་ངོ་ཤེས་ཏེ་ཞི་ཁྲོའི་ལྷ་ཚོགས་མཇལ་བའོ༔ ཡུལ་སྣང་ཚོགས་དྲུག་སྣང་བ་རང་སར་དག་ཅིང་ཡེ་ཤེས་ལུས་སུ་ཐོབ་པའོ༔ རྒྱལ་བ་རབ་འབྱམས་ཞིང་བཀོད་སྨོན་ལམ་མཛད་ཕྲིན་རང་གིས་ཐོབ་པར་འགྱུར༔ ཞེས་གསུངས་པའི་དོན་རྫོགས་ཆེན་སྤྱིའི་ཐོད་རྒལ་ཉི་ཁྲིད་དང་ཁྱད་པར་མེད་པས་བརྩོན་འགྲུས་དྲག་པོས་འབད་ཅིང་ཉམས་སུ་ལེན་པ་དང་། རྒྱུན་དུ་གོམས་ཤིང་འདྲིས་པར་བྱས་ན་ཕན་ཡོན་དེ་རྣམས་ཐོབ་པར་ངེས་སོ། །ཁྲིད་ཚུལ་འདི་ཉིད་ཀྱི་མཚན་བཅས་ཀྱི་ཞི་གནས་སྒོམ་པའི་ཐབས་མི་འགྱུར་རྡོ་རྗེའི་དངོས་སློབ་གདོང་ཀུན་དགའ་རྡོ་རྗེའི་ཞལ་ལུང་ལྟར་

(༤༩༥)བཀོད་པའོ།། ༈ །གཉིས་པ་མཚན་མེད་ཀྱི་མཉམ་བཞག་ལ་དམིགས་པའི་རྟེན་གང་ཡང་མེད་པར་མིག་ལྟ་སྟངས་དང་བཅས་ཏེ་ཕྱེ་བཙུམ་རན་པར་ཐད་ཀར་བལྟ་བ་སྟེ། མུ་སྟེགས་ཚངས་པས་གྱེན་ལ་བལྟ། །ཉན་ཐོས་ཞི་བས་ཐུར་ལ་བལྟ། །རྡོ་རྗེའི་མིག་ནི་ཐད་ཀར་བལྟ། ཞེས་པ་ལྟར་སྐད་ཅིག་ཀྱང་མ་ཡེངས་ཧྲིག་གེ་ཕྲི་ལེ་སྒྲིམ་ནས་སྒོམ་དགོས་ཏེ། གཅེར་མཐོང་ལས། །སྒོམ་དུ་མེད་དེ་ཅི་ཡང་མི་བསྒོམ་ལ༔ ཡེངས་སུ་མེད་དེ་ཡེངས་མེད་དྲན་པ་བསྟན༔ སྒོམ་མེད་ཡེངས་མེད་ངང་ལ་གཅེར་གྱིས་ཞོག༔ ཅེས་གསུངས་པ་ལྟར་བཞག་ཅིང་། ༈ །ཡང་ངལ་བསོ་བ་ལྟར་ཀློང་ནས་སྒོམ། ༈ །ཡང་ཧུར་རེ་སྒྲིམ་ནས་བསྒོམ་པ་རེས་འཇོག་སུ་བྱ་དགོས། གྲུབ་ཆེན་ནག་པོ་སྤྱོད་པས། །ཀློད་ཅིང་ཀློད་ཅིང་སྒྲིམ་པ་ནི། །རང་སེམས་ལམ་དུ་འཇུག་པའི་གནད། །སྒྲིམ་ཞིང་སྒྲིམ་ཞིང་ཀློད་པ་ནི། །རང་ངོ་རང་གི་ཤེས་པའི་གནད། །

(༤༩༦)ཀློད་རུང་སྒྲིམ་རུང་གང་དགར་བཞག །རོ་སྙོམས་ཁྱབ་གདལ་ཆེན་པོའི་གནད། །གནད་གསུམ་ཡང་སྙིང་འདི་མེད་ན། །ཚིག་སྙན་བཤད་པས་བསླུ་བར་ངེས། ཅེས་གསུངས་པ་ལྟར་ལྷོད་ཀྱིས་ཀློད། ཤིག་གིས་བཤིག་ནས་བསྒོམ་ཞིང་མཉམ་པར་བཞག་པས་སེམས་བྱིང་རྨུག་འཕྲོ་རྒོད་རྣམས་འབྱུང་སྟེ། དེ་ཡང་དབྱིངས་བའི་སྐབས་སུ་ཤེས་པ་གང་དུ་ཡང་མི་འཕྲོ་བ་མུན་ནེ་ཐོམ་མེ་གཡོ་འགུལ་མེད་པ་འདྲ་བ། དེའི་དུས་སུ་བྱིང་བ་དེའི་ངང་ལ་བཞག་པས་སྐབས་ཞིག་ན་རྐྱེན་བཟང་ངན་ཞིག་གིས་བྱས་ཏེ་འཕྲོ་བར་འགྱུར། འཕྲོ་མཁན་གྱི་ཤེས་པ་རང་ངོ་རང་ཤེས་སུ་འཕྲོ་བཅུག་པས་བྱིང་བའི་སྐྱོན་དག་སྟེ་བག་མེད་ཁ་ཡན་དུ་མ་བཏང་བར་བལྟའོ། ༈ །རྨུག་པ་ནི་མ་རིག་པ་གླན་པའི་རང་བཞིན་གྱིས་རྨུག་པ་དང་། རྒྱུད་ཞི་གནས་ཀྱིས་གླན་ཏེ་གནས་ལུགས་མི་རྟོག་པའི་ངང་དུ་འབྱམ་པ་གཉིས་ཡོད། དང་པོ་ནི། ཕྱག་སྐོར་སོགས་སྒྲིབ་སྦྱོང་

(༤༩༧)དང་གསོལ་འདེབས་བྱ་བས་སངས། ཕྱི་མ་ནི་ངོ་རང་ཐོག་ཏུ་བཞག་པས་གོང་བཞིན་གྲོལ་བར་འགྱུར་རོ། །འཕྲོ་བ་ནི་སེམས་མི་གནས་པའི་འགྱུ་བ་སྣ་ཚོགས་མར་མེ་རླུང་གིས་གཡོ་བ་ལྟ་བུར། རྒོད་པ་ནི་འདོད་ཆགས་ཀྱིས་ཆར་གཏོགས་པ་སེམས་རྣམ་པར་མ་ཞི་བ་ཆགས་སྲེད་ཀྱིས་རྟོག་པས་མར་མེ་རླུང་གིས་བསད་པ་ལྟ་བུའོ། འཕྲོ་རྒོད་གཉིས་དགག་ཏུ་མི་གཏུབ། རྗེས་སུ་མི་འབྲང་བར་རང་སར་བཞག་པས་རང་ཞི་རང་ས་ལ་རྟོག་མེད་དུ་འགྲོའོ། །དེ་དག་ལ་བརྟེན་ནས་ཇི་ལྟར་གནས་ན། ༈ །ཉམས་དང་པོ་རི་གཟར་གྱིས་འབབ་ཆུ་ལྟ་བུར་མྱུར་དུ་འགྱུར་ཞིང་མི་བརྟན་པ། རྣམ་རྟོག་བུར་ལོང་གི་དུས་ཏེ། སེམས་ཅུང་ཟད་ཟིན་པས་རྣམ་རྟོག་གི་འཕྲོ་འདུ་རིག་པ་ཡིན་པས་སྐྱོན་དུ་མི་བལྟའོ། ༈ །ཉམས་གཉིས་པ་ལྷོ་སྤྲིན་འཚུབས་པ་ལྟ་བུ་ལོང་མ་ལིང་། བན་མ་བུན་མར་གྱུར་པ་ནི། རྟོགས་པ་རེས་གནས། རེས་འཕྲོ་བ་འབྱུང་སྟེ། གནས་པ་

(༤༩༨)ཡོན་ཏན་དུ་མི་བལྟ། འཕྲོ་བ་སྐྱོན་དུ་མི་བལྟ་བར་སེམས་རྩེ་གཅིག་ཏུ་བསྐྱང་བར་ཇེ་བརྟན་དུ་འགྱུར་རོ། ༈ །ཉམས་གསུམ་པ་ཆུ་ཀླུང་དལ་གྱིས་འབབ་བ་ལྟ་བུ་ནི། རེས་འགའ་བདེ་མེ་རེ་གནས་པ། རེས་འགའ་འཕྲོ་རྒོད་ཅུང་ཟད་འབྱུང་བའོ། ༈ །བཞི་པ་རྦ་རླབས་དང་བྲལ་རྒྱ་མཚོ་ལྟ་བུའི་ཉམས་ནི། ཉིན་མཚན་འཁོར་ཡུག་ཏུ་མེ་རི་གནས་པ་དང་། རྣམ་རྟོག་ཡེ་མི་འགྱུ་བ་ལྟ་བུ་འབྱུང་། འདི་ལ་སྐྱོན་ཅན་དང་སྐྱོན་མེད་གཉིས་ཡོད་དེ། མུན་ནེ། ཐོམ་མེ། ལྡེབ་བེ་བ་དེ་ལ་རིག་པ་གཟེངས་བསྟོད། ཧུར་ཕྱུང་། ངར་འདོན། མོས་གུས་ཀྱི་གསོལ་འདེབས་ཡང་ཡང་བྱ། ༈ །སྐྱོན་མེད་པ་ནི། འགྱུ་བ་གཞི་ཐོག་ནས་མི་གཡོ་བ། གནས་པ་འགྱུ་ཐོག་ཏུ་བརྟན་པ། རིག་པ་རང་ངོ་རང་ཤེས་འཕྲོད་དེ། ཀ་དག་གཞིའི་འོད་གསལ་རང་ངོ་འཕྲོད་པར་ཉེ་ཞིང་ངོ་སྤྲོད་མཁན་ཉམས་རྟོགས་ཅན་གལ་ཆེ་བ་ཡིན་ནོ། །མདོར་ན་གནས་པ་

(༤༩༩)དང་འགྱུ་བ་དང་རིག་པས་བསྡུས་པའི་རྟོག་ཚོགས་ཐམས་ཅད་རང་ཞི་རང་ཡལ་དུ་རང་སར་གནས་པའི་ཞི་གནས་ལ་བརྟན་པ་ཐོབ་དགོས་ཏེ། སྦྱོང་འཇུག་ལས། ཞི་གནས་རབ་ཏུ་གནས་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་པ་མངོན་དགའ་འགྲུབ། ཅེས་གསུངས་པ་ལྟར་རོ། ༈ །གསུམ་པ་ལྷག་མཐོང་ངོ་སྤྲོད་པ་ནི། དེ་ལྟར་སེམས་རང་ལུགས་སུ་བཞག་པ་གནས་པའི་ངང་ནས་རྣམ་རྟོག་ཕྲ་རག་ཐམས་ཅད་རང་ཐོག་ཏུ་ཞི་ནས་སེམས་རང་སོར་གནས་པ་ནི་ཞི་གནས་ཀྱི་ངོ་བོ་ཡིན་ལ། གནས་པ་དེའི་དུས་ན་རྣམ་རྟོག་གི་འགྱུ་བ་ཆད་པས་ངན་རྟོག་དང་བྲལ། སྒོམ་བྱེད་ཀྱི་འཛིན་པ་མེད་པས་བཟང་རྟོག་བྲལ། སེམས་རང་རིག་ཡུལ་མེད་དུ་གསལ་བས་ལུང་མ་བསྟན་དང་བྲལ་བ། ངོས་བཟུང་མེད་པའི་ཤེས་པ་གསལ་

(༥༠༠)སྟོང་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་དེ་རྟོག་མེད་དུ་ངེས་ཤེས་སྐྱེས་ཏེ་གནས་ལུགས་ཀྱི་རང་ཞལ་མཇལ་བ་ལྷག་མཐོང་གི་ངོ་བོ་ཡིན་ནོ། །ཞར་བྱུང་གི་ཞི་ལྷག་ཟུང་འཇུག་ཏུ་ངོ་སྤྲད་པ་ནི། ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་རང་སར་ཞི་ནས་སེམས་མ་བཅོས་རང་ལུགས་སུ་གནས་པ་ཞི་གནས། དེའི་ངོ་བོ་གཞི་མེད་རྩ་བྲལ་སྟོང་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་རྟོགས་པ་ལྷག་མཐོང་དེ་གཉིས་ཚིག་ལ་ཐ་དད་བྱུང་ཡང་དོན་ལ་འདུ་འབྲལ་མེད་པས་ཞི་ལྷག་ཟུང་འཇུག །དེ་ཡང་རྣམ་རྟོག་ཐོལ་གྱིས་སྐྱེས་ཚེ་དེ་ཉིད་ལ་བལྟས་པས་ལྷན་ནེར་གནས་པ་ཞི་གནས་གནས་ལུགས་ཀ་དག་གི་ངོ་བོ་མཐོང་བ་ལྷག་མཐོང་ཡིན་ཏེ། སེམས་རང་བབས་སུ་གནས་པ་ཞི་གནས་རྣམ་རྟོག་གི་ངོ་བོ་རྩད་བཅད་པས་སྟོང་པ་ཆོས་སྐུ་གསལ་བ་ལོངས་སྐུ་སྣ་ཚོགས་སྣང་བ་སྤྲུལ་སྐུ། དེ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ། བླང་དོར་མེད་པར་ཤེས་པ་ལྷག་མཐོང་། གནས་པ་ཁོ་ན་

(༥༠༡)དང་རང་ངོ་སྐྱོང་པ་གཉིས་རེས་མོས་བྱས་པས་ཞི་ལྷག་ཟུང་འཇུག་གི་ཉམས་མྱོང་སྐྱེ་བ་མན་ངག་གོ །དེ་དག་གི་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་ལ་ཞེན་ན་ཁམས་གསུམ་དུ་གོལ་བས་ཞེན་མེད་འཛིན་མེད་ཀྱི་ཉམས་སུ་ལེན་པ་གལ་ཆེ་བས་ན། ཨོ་རྒྱན་རིན་པོ་ཆེས། སྒོམ་ལ་མ་ཞེན་ཡང་ནས་ཡང་དུ་ཤིག །ཅེས་གསུངས་པ་ལྟར་རོ། །དེ་དག་ནི་ཐེག་པ་ཐུན་མོང་གི་ཉམས་ལེན་ཡིན་ལ། ༈ །གདམས་པ་འདི་ཉིད་ཀྱི་ཟབ་ལམ་ཁྱད་པར་དུ་འཕགས་པའི་ཉམས་ལེན་ནི། རང་རིག་མ་ཡེངས་ཡེངས་མེད་ཡེ་སྟོང་རིག་རྩལ་གང་ཤར་ཤར་གྲོལ་རང་ཞལ་གཅེར་གྱིས་བལྟ་བའོ། །ཞེས་གསུངས་པས། ལྷག་མཐོང་ཆོས་ཉིད་མངོན་སུམ་དུ་མཐོང་བས་རང་རིག་ཀ་དག་གི་ངོ་བོ་དེ་ལ་སྐད་ཅིག་ཙམ་ཡང་མ་ཡེངས་པར་བརྩོན་འགྲུས་དྲག་པོ་ཡེངས་མེད་ཆུ་བོའི་རྒྱུན་ལྟར་བསྒོམ་པའི་སྟོབས་ཀྱིས་ཚུལ་མིན་ཡིད་བྱེད་ཀྱི་རྟོག་དཔྱོད་གཉིས་འཛིན་འཁྲུལ་པའི་སྣང་བ་

(༥༠༢)ཐམས་ཅད་ཇེ་ནུབ་ལ་འགྲོ་ཞིང་། རང་རིག་པའི་རྩལ་མ་འགགས་པ་གང་ཤར་སྣང་བ་འཛིན་མེད་ཤར་གྲོལ་དུས་མཉམ་དུ་རང་རིག་གིས་རང་ཞལ་གཅེར་གྱིས་མངོན་སུམ་དུ་མཐོང་བ་སྟེ། འདས་རྗེས་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་སྣང་བ་ནུབ། ཅེས་སོ། །ཀུན་བྱེད་རྒྱལ་པོ་བཙོན་དུ་མི་བཟུང་འཁོར་འདས་ཁྱབ་པར་བརྟན་པར་བལྟ་བའོ༔ ཞེས་པས་རང་སེམས་ཀུན་ཏུ་བཟང་པོ་སོ་མ་དར་དང་ལྡན་པའི་རིག་པ་འཁོར་འདས་བདེ་སྡུག་ཀུན་བྱེད་པའི་ཀུན་བྱེད་རྒྱལ་པོ་འདི་ཉིད་བདེ་གསལ་མི་རྟོག་པ་ལ་སོགས་པ་ཉམས་སྣང་ཡེ་ཤེས་ཀྱི་རྩལ་གོང་ནས་གོང་དུ་འཕེལ་བའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ངང་ལས་རིག་པ་བཙོན་དུ་བཟུང་བའི་ཉམས་ལེན་སྡུག་བཙིར་ཨ་འཐས་ཀྱི་འཆིང་བ་དང་བྲལ་བའི་སྣང་སྲིད་རྫོགས་པ་ཆེན་པོ་འཁོར་འདས་ཀུན་ལ་ཁྱབ་པའི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ཅིང་རང་རྩལ་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་

(༥༠༣)རང་ཞལ་མཇལ་བ་ཡིན་ཏེ། ཉམས་སྣང་གོང་འཕེལ་སྣང་བ་ཡིས། །བར་དོའི་ཡེ་ཤེས་སྣང་བ་རྒྱས། །ཅེས་སོ། །བལྟ་བྱ་ལྟ་བྱེད་མཁན་པོ་ཡེ་ནས་མ་རྙེད་ཡེ་ནས་མ་མཐོང་དྲན་རིག་ཚོར་བ་ནམ་མཁའི་རླུང་རྒྱུ་ལྟར༔ སྣ་ཚོགས་སྣང་བ་རིག་པའི་རང་མདངས་སྣང་བའི་ཡུལ་དུ་བག་ཆགས་ལས་ནི་གྲུབ་པའོ༔ ཞེས་པས་བལྟ་བར་བྱ་བའི་ཡུལ། ལྟ་བར་བྱེད་པའི་མཁན་པོ་བལྟས་ཀྱང་མ་རྙེད་ཡེ་ནས་མ་མཐོང་སྤྲིན་ཐག་ཆད་པའི་ནམ་མཁའ་ལྟར་དྲན་རིག་ཚོར་བ་སྐྱེ་མེད་ཀ་དག་ཟང་ཐལ། འགགས་མེད་ནམ་མཁའི་རླུང་རྒྱུ་བ་ལྟ་བུའི་ངང་ལ་སྣ་ཚོགས་སྣང་བ་འོད་དང་འོད་ཟེར། ཐིག་ལེ་ཐིག་ཕྲན་སྐུ་དང་ཡེ་ཤེས་ཐམས་ཅད་རིག་པའི་རང་མདངས་ཚད་བཟུང་མེད་པར་ཤར་ཞིང་། སྣང་བའི་ཡུལ་དུ་སྣང་བ་རྣམས་ཀྱང་ཀུན་གཞིའི་བག་ཆགས་ཙམ་དུ་ཟད་ཅིང་། དེ་ཚེ་སྒོམ་དུ་མེད་པའི་དོན་དང་། བལྟར་མེད་པའི་ཡེ་ཤེས་ཀྱི་ཐོག་ཏུ་ཕེབ་པ་ཞེས་

(༥༠༤)གསུངས་ཏེ། རིག་པ་ཚད་ཕེབ་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཅེས་སོ། །སྲིད་རྩེ་མན་ཆད་ན་རག་ཡན་ཆད་སྟོང་པར་སྦྱོང་ཞིང་སྐད་ཅིག་ཉིད་ལ་གཅེར་གྱིས་བལྟ་བའོ། །རང་སེམས་རིག་རྩལ་ཧུར་བྱུང་ངར་བསྐྱེད་གཅེར་གྱིས་བལྟས་ཤིང་མ་ཡེངས་ངང་དུ་དེ་ལ་གནས་ན་རྟོགས་པ་འཆར་བའོ༔ ཞེས་གསུངས་པས་སྲིད་རྩེ་ནས་ན་རག་ཡན་ཆད་ཐམས་ཅད་མིང་ཙམ་བཏགས་པ་ཙམ་ལས་དོན་ལ་གྲུབ་པ་རྡུལ་ཙམ་མེད་པའི་ངང་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཡེ་ཤེས་ཀྱིས་སྦྱངས་ཤིང་རང་ཞལ་གཅེར་གྱིས་ཧུར་ཕྱུང་དར་བསྐྱེད་བལྟས་པས་སྤྲོས་སྣང་བག་ཆགས་ཀྱི་རང་བཞིན་ལུས་དང་བཅས་པ་དག་སྟེ། ཆོས་ཅན་གྱི་ཉམས་སྣང་ཟད། ཆོས་ཉིད་ཀྱི་རྟོག་པ་དག་པའི་ངང་ནས་སྒོམ་མེད་ཡེངས་མེད་སྐྱེ་མེད། ཀ་དག་བྱར་མེད། བློ་འདས་བརྗོད་མེད། འཁྲུལ་པ་གྲུབ་མཐའ། ལུས་སེམས་ཀྱིས་སྤྲོས་པ། གཟུང་འཛིན་གྱིས་ཞེན་པ་ཐམས་

(༥༠༥)ཅད་ཟད་ཅིང་མྱང་འདས་ཀུན་བཟང་གིས་དགོངས་པ་ཀློང་དུ་གྱུར་པ་དག་སྟེ། ཆོས་ཉིད་དག་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །དེ་ལྟར་གཞི་ལམ་མཐར་ཕྱིན་པས། །མྱང་འདས་གཞན་ནས་བཙལ་དུ་མེད། །ཅེས་སོ། །དེ་དག་ཀྱང་ལས་དང་སྐལ་བར་ལྡན་པའི་སྤྱོད་ཡུལ་ཁོ་ན་སྟེ། བསྟན་པ་བུ་གཅིག་གིས་རྒྱུད་ལས། འདི་ནི་ཀུན་གྱིས་སྤྱོད་ཡུལ་མིན༔ སྐལ་བ་ཅན་གྱིས་སྤྱོད་ཡུལ་ལོ༔ ཅེས་གསུངས་པ་ལྟར་རོ། ༈ །བཞི་པ་དེ་ལྟ་བུའི་ཟབ་ཆོས་ཉམས་སུ་བླངས་པས་ས་ལམ་བགྲོད་པའི་ཚུལ་ལ་གཉིས་ཏེ་ཐུན་མོང་དང་ཐུན་མོན་ནོ། །དང་པོ་ནི། ཡེ་ཤེས་གསང་བ་སྒྲོལ་མ་རིན་པོ་ཆེའི་མན་ངག་གིས་རྒྱུད་ལས། མཁའ་སྤྱོད་གནས་སུ་འོང་འདོད་ན། །དང་པོ་ཐོས་པའི་ཤེས་རབ་ཀྱིས། །ཕྱི་ནང་ཆོས་ལ་སྒྲོ་འདོགས་ཆོད། །བར་དུ་བསམ་པའི་ཤེས་རབ་ཀྱིས། །དོན་དེ་རྒྱུད་ལ་གོམ་པར་སྦྱངས། །ཐ་མ་སྒོམ་པའི་

(༥༠༦)ཤེས་རབ་ཀྱིས། །བདག་ཏུ་འཛིན་པའི་ཉོན་མོངས་གཞིག །ཚོགས་ལམ་བླ་མ་མཚན་ལྡན་ལ། །མཉེས་པ་གསུམ་གྱིས་མཆོད་པ་ཕུལ། །སྦྱོར་ལམ་བླ་མའི་མན་ངག་གིས། །ཞི་གནས་ལྷག་མཐོང་རྒྱུད་ལ་སྦྱོར། །མཐོང་ལམ་སྤྱན་ལྔ་དག་པ་ཡིས། །རང་སེམས་སྐྱེ་མེད་མཐོང་བར་གྱིས། །སྒོམ་ལམ་ཏིང་འཛིན་རྣམ་གསུམ་གྱིས། །གཉུག་མ་ཡིད་ལ་གོམ་པར་གྱིས། །མཐར་ཕྱིན་ཉེས་པ་གཉིས་ཟད་པས། །ཆོས་རྣམས་ཟད་སར་སྐྱོལ་བར་གྱིས། ཅེས། གཞིའི་ཉེས་པ་སྤངས་བྱ་མ་རིག་པ། ལམ་གྱིས་ཉེས་པ་སྐྱོན་གཉེན་པོའི་རྩོལ་བ་གཉིས། མཆན། གསུངས་པ་ལྟར་རོ། །ཐུན་མོང་མ་ཡིན་པ་ཡེ་གསང་ཐུགས་གཏེར་འདི་ཉིད་ཀྱིས་སྤངས་ཐོབ་གཉིས་མེད་གཞི་འབྲས་དབྱེར་མེད་པའི་ལམ་བགྲོད་ཚུལ་སྤྱིར་བསྟན་པ་དང་། བྱེ་བྲག་རྒྱས་པར་དབྱེ་བའོ། །དང་པོ་ནི། བཅོམ་ལྡན་ཀུན་བཟང་ཡབ་ཡུམ་ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཀློང་༔ ༔

(༥༠༧)ཞེས་པ་རང་སེམས་ཨ་ཏི་བླ་མེད་ཡེ་སྟོང་ཁྱབ་གདལ་གཞི་གདོད་མའི་སེམས་ཉིད་ཀུན་ཏུ་བཟང་པོའི་སྣང་བའི་ཆ་ཡབ་ཀུན་ཏུ་བཟང་པོའོ། །སྟོང་ཆ་ཀུན་ཏུ་བཟང་མོ། །དེ་བཞིན་དུ་གསལ་བ་ཡབ་ཀུན་བཟང་། །སྟོང་པ་ཡུམ་ཀུན་ཏུ་བཟང་མོ། །བདེ་བ་ཡབ། སྟོང་པ་ཡུམ་གྱི་རང་བཞིན་ཟུང་འཇུག་ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཀློང་ལས་མི་འདའ་བ་ནི་གཞིའི་ཀུན་བཟང་འཁོར་འདས་ཀུན་ཁྱབ་བོ། །སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་ཡེ་ཤེས་རོལ་བར་ཤར༔ ལམ་སྣང་བཞིའི་སྣ་ཚོགས་སྣང་བ་རྟེན་ཅིང་འབྲེལ་འབྱུང་ཡེ་ཤེས་ལྔའི་རྣམ་པར་རོལ་པ་ཤར་བ་ནི་ལམ་གྱིས་ཀུན་བཟང་ཐབས་ཤེས་ཟུང་འབྲེལ་ལོ། །མ་དག་རྟོག་ཚོགས་ཡེ་ནས་མ་སྤངས་རང་གྲོལ་འཛིན་མེད་པར་དག༔ ཅེས་པ་ཉོན་མོངས་པ་དུག་གསུམ་དུག་ལྔ་མ་དག་པའི་རྟོག་ཚོགས་ཡེ་ནས་མ་ཡེངས་དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་རང་སར་གྲོལ་བས་འཛིན་མེད་མ་སྤངས་

(༥༠༨)གནས་དག་གམ་རྣམ་པར་དག་པ་ནི་འབྲས་བུའི་ཀུན་བཟང་ཁ་སྦྱོར་ཡན་ལག་བདུན་ལྡན་ནོ། །གཞི་ལམ་འབྲས་བུ་གཉིས་འཛིན་རེ་དོག་མེད་པར་མཐའ་རུ་བྱིན༔ ཞེས་པ་གཞི་ལམ་འབྲས་གསུམ་དབྱེར་མེད་པའི་དོན་མངོན་དུ་གྱུར་པ་ནི་གཉིས་འཛིན་རི་དོག་དང་བྲལ་བའི་ཚེ་མཐར་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། ༈ །གཉིས་པ་བྱེ་བྲག་རྒྱས་པར་དབྱེ་བ་ནི། གཞི་ཡི་ཀུན་བཟང་དུག་གསུམ་ངོ་བོ་བདེ་གསལ་མི་རྟོག་པ༔ ལམ་གྱི་ཀུན་བཟང་དུག་ལྔའི་ངོ་བོར་ཡེ་ཤེས་ལྔ་ཡི་རྒྱུ༔ འབྲས་བུའི་ཀུན་བཟང་ཕུང་པོ་ལྔ་དག་རྒྱལ་བ་རིགས་ལྔའོ༔ ཕྱི་ཡི་ཀུན་བཟང་ཚོགས་དྲུག་སྣང་བ་གང་ཤར་རང་གྲོལ་ལོ༔ ནང་གི་ཀུན་བཟང་རྟེན་འབྲེལ་བཅུ་གཉིས་ཉམས་སུ་མྱོང་ཞིང་སྟོང་པར་སྦྱངས་ཏེ་ཧྲུལ་པོར་བཤིག་པའོ༔ གསང་བའི་ཀུན་བཟང་རིགས་དྲུག་སྡུག་བསྔལ་མིག་གིས་བལྟ་ཞིང་ཐར་ལམ་བགྲོད་པའོ༔ ཀུན་བཟང་རྟག་པར་འཛིན་པ་ངོ་བོས་སྟོང་སྟེ་ནམ་

(༥༠༩)མཁའ་ལྟར་སྦྱོང་ངོ་༔ ཀུན་བཟང་མི་རྟག་བརྡ་ཆོས་དུས་བཞི་ཁམས་ལྔའི་ངོ་བོ་བསྟན་ཏེ་གསལ་བར་འཆར་བའོ༔ ཀུན་བཟང་བདེན་མེད་སྒྱུ་མའི་གྲོང་ཁྱེར་སྨྲིག་རྒྱུ་ལྟ་བུའོ༔ ཀུན་བཟང་རྫུན་མེད་སྒྱུ་འཕྲུལ་ཀློང་ལས་སྲིད་གསུམ་ཤར་གྲོལ་ལོ༔ མ་རིག་ཉོན་མོངས་གཉེན་པོས་ཟིན་བཞིན་ཡེ་ཤེས་ལྔ་ཡི་ཀློང་༔ དྲན་རིག་གསལ་བའི་རང་མདངས་སྐུ་གསུམ་ས་ལེར་གནས༔ ཡེ་མེད་ཀུན་བཟང་སྦུབ་ཏུ་མེད་དེ་རང་ཆས་སུ་བཞུགས་བའོ༔ ཡེ་སྟོང་ཀུན་བཟང་བསྟན་དུ་མེད་དེ་ནམ་མཁའ་གནས་པའོ༔ ཀུན་བཟང་ཡོད་པ་མ་ཡིན་ངོ་བོས་སྟོང་སྟེ་ནམ་མཁའ་ལ་ནི་རླུང་རྒྱུ་ལྟར༔ ཀུན་བཟང་མེད་པ་མ་ཡིན་རྒྱ་མཚོའི་ཀློང་དུ་སྟོང་གཟུགས་སྣ་ཚོགས་ཤར༔ ཀུན་བཟང་བདེན་པའི་སྟོབས་ནི་ཡེ་ཤེས་ལུས་ཐོབ་ཕ་རོལ་ཕྱིན༔ ཞེས་ཚིག་རྗེས་དོན་གྱིས་གཞོལ་བཞིན་སྙན་པར་བརྗོད་ལ་ལམ་འདི་ལྟ་བུ་ལ་ཞུགས་པ་བསྐལ་པ་བཟང་ངོ་སྙམ་པའི་སྤྲོ་བ་

(༥༡༠)བསྐྱེད་དོ། །དེ་དག་གི་ཉམས་སུ་ལེན་བྱ་ཐམས་ཅད་མདོར་བསྡུ་ན། གུ་རུ་པདྨའི་ཞལ་ནས། ཆོས་ཐམས་ཅད་ལྟ་སྒོམ་སྤྱོད་གསུམ་ལ་འདུས་ཏེ༔ ཁས་ལེན་དང་བྲལ་བལྟ་བའི་མཐར་ཐུག༔ ཡིད་ལ་མི་བྱེད་པ་སྒོམ་པའི་ཡང་རྩེ༔ བླང་དོར་དང་བྲལ་བ་སྤྱོད་པའི་རྒྱལ་པོ༔ དོས་ལྐོག་མེད་པ་དམ་ཚིག་གི་སྙིང་པོ༔ ལྟ་སྒོམ་སྤྱོད་འབྲས་ཐ་དད་དུ་མི་འཛིན་པ་འབྲས་བུའི་མཆོག་ཡིན༔ གསུངས་ཤིང་། དེ་ཡང་གཅེར་མཐོང་ལས། ད་ལྟའི་རིག་པ་དངོས་མེད་གསལ་བ་འདི༔ འདི་ཀ་ལྟ་བ་ཀུན་གྱིས་མང་རྩེ་ཡིན༔ དམིགས་མེད་ཁྱབ་གདལ་པོ་ལས་འདས་པ་འདི༔ འདི་ཀ་སྒོམ་པ་ཀུན་གྱི་ཡང་རྩེ་ཡིན༔ མ་བཅོས་འཛིན་མེད་ལྷུག་པར་འཇོག་པ་འདི༔ འདི་ཀ་སྤྱོད་པ་ཀུན་གྱི་ཡང་རྩེ་ཡིན༔ མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་འདི༔ འདི་ཀ་འབྲས་བུ་ཀུན་གྱི་ཡང་རྩེ་ཡིན༔ ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་དོན་རྩེ་གཅིག་ཏུ་ཉམས་སུ་ལེན་དགོས་

(༥༡༡)པ་ཡིན་ཏེ། སྡོང་པོ་བཀོད་པ་ལས། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་གྲོལ་ལོ། །དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་རྣམས། །སྐམ་ནས་འཆི་བར་འགྱུར་བ་བཞིན། །མ་སྒོམ་ཆོས་ཀྱང་དེ་དང་འདྲ། །ཞེས་གསུངས་པ་བཞིན་ནོ། །དེང་སང་ཉམས་སུ་ལེན་ཞེས་ཚོད་མ་ལ་ཚྭ་བྲོ་བ་བལྟ་བ་ཙམ་གྱིས་མི་འོང་། །ཉམས་ལེན་ལ་བརྟན་པ་ཐོབ་དགོས་པ་ཡིན་ཏེ། བརྟན་པ་མ་ཐོབ་བར་དུ་ཐུན་ཚོད་སྒོམ། །ཐུན་གྲངས་ཁམས་དང་དབང་པོའི་ཉམས་དང་སྦྱར། །བརྟན་པ་ཐོབ་ནས་ཐུན་གྲངས་ངེས་མེད་པས། མ་ཡེངས་དྲན་ཤེས་བརྟན་ལ་སྙིང་རུས་བསྐྱེད། ཅེས་སོ། རྫོགས་རིམ་སྒོམ་པའི་ཕན་ཡོན་ནི་གང་ཟག་དབང་པོ་རབ་འབྲིང་ཐ་མའི་བརྩོན་འགྲུས་ཀྱིས་བྱེ་བྲག་གིས་ཐོབ་པ་སྟེ། དྲག་པོ་རྩལ་གྱིས་ཡིག་ཆུང་ལས། རྫོགས་རིམ་བསྒོམ་པའི་ཕན་ཡོན་ནི༔ རབ་ནི་ལུས་སྣང་སེམས་གསུམ་འདྲེས༔ འབྱུང་

(༥༡༢)པ་བཞི་ལ་རང་དབང་བསྒྱུར༔ པདྨ་བདག་དང་དགོངས་པ་མཉམ༔ འབྲིང་གིས་ཆོས་ཉིད་བདེན་པ་མཐོང་༔ སྐྱེ་འཆི་གཉིས་པ་རང་དབང་ཐོབ༔ ཐ་མའང་རང་སེམས་རང་ངོ་འཕྲོད༔ བར་དོའི་འཇིག་སྐྲག་དེ་ལ་མེད༔ བསྐྱེད་རྫོགས་གཉིས་ཀ་དབང་ཐོབ་ན༔ ཚེ་གཅིག་འཇའ་ལུས་ཆོས་སྐུ་འགྲུབ༔ ཕུང་པོ་མེད་པར་མངོན་སངས་རྒྱས༔ ཞེས་སོགས་གསུངས་པ་ལྟར་སྔོན་བྱོན་རིག་འཛིན་གྲུབ་ཐོབ་གོང་མ་རྣམས་ཀྱིས་བསྐྱེད་རྫོགས་རིམ་པ་གཉིས་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་དུ་མཛད་པ་ཡིན་པས་ཡིད་ཆེས་ཀྱི་དད་པ་བརྟེན་པོས་ཉམས་ལེན་རང་རྒྱུད་ལ་སྦྱོར་བ་གལ་ཆེའོ། །ཡང་འགའ་ཞིག་སྒྱིད་ལུགས་ཏེ་བདག་ལྟ་བུའི་བྱང་ཆུབ་ཐོབ་པར་མི་ནུས་སྙམ་ན་ནུས་ཏེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཇི་སྲིད་སྦྲང་བུ་ཤ་སྤྲང་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་ཐོབ། །བདག་

(༥༡༣)ལྟ་རིགས་ཀྱི་མིར་སྐྱེས་ཤིང་། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྦྱོང་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་ཐོབ། །ཅེས་གསུངས་པ་ལྟར་དྭངས་འདོད་ཡིད་ཆེས་མི་ལྡོག་པའི་དད་པ་བཞི་དང་ལྡན་པའི་བརྩོན་འགྲུས་དྲག་པོ་འབད་པར་བྱའོ། ༈ །ལྔ་པ་བརྟན་པ་མཐར་ཕྱིན་པའི་ཐབས་ནི། སྙིགས་མ་ལྔ་བདོ་བའི་དུས་འདིར། དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ཉུང་། འགལ་རྐྱེན་བར་ཆད་མང་ཞིང་རྐྱེན་ངན་སྣ་ཚོགས་སུ་འཛིན་པས་ལུས་ཀྱི་ན་ཚ། སེམས་ལ་སྡུག་བསྔལ་སྣ་ཚོགས་ཅི་བྱུང་ཡང་དེ་ཉིད་ལ་སྐྱོན་དུ་མི་བལྟ་ཡོན་ཏན་དུ་མི་བལྟ་ཞིང་། །བདེ་སྐྱིད་དཔལ་འབྱོར་ལྡན་ཀྱང་། སྐྱིད་སྡུག་རོ་སྙོམས་སུ་ཤེས་པས་དམ་པའི་ཆོས་ལས་མི་འདའ་མི་སྤངས་སྒྲུབ་པ་ལ་འབད་དགོས་ཏེ། ན་ཚ་སྡིག་སྒྲིབ་ཀྱི་ཕྱགས་མ་ཡིན། །རྐྱེན་ངན་ཆོས་ཀྱི་བསྐུལ་མ་ཡིན། །གདོན་བགེགས་ལམ་གྱི་བོགས་འདོན་ཡིན། །སེམས་དཔའ་གདེང་བསྐྱེད་པ་མན་ངག་

(༥༡༤)ཡིན། ཞེས་དང་། དཔལ་མགོན་ཀླུ་སྒྲུབ་ཀྱིས། འདུན་དང་ཞེ་སྡང་འཇིག་པ་དང་། །རྨོངས་པ་གང་ཞིག་ཆོས་མི་འདའ། །འདི་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་གསུངས་པ་ལྟར་ཉམས་ལེན་ལ་ཐང་ལྷོད་མེད་པ་དང་དམ་བཅས་པ་ལས་ནམ་ཡང་མི་འདའོ། །དུས་དང་རྣམ་པ་ཀུན་ཏུ་ཉོན་མོངས་དུག་ལྔ། འཇིག་རྟེན་ཆོས་བརྒྱད། འདོད་ཡོན་ལོངས་སྤྱོད་བདེ་སྡུག་གི་སྣང་བ་དགྲ་གཉེན་གྱི་ཆགས་སྡང་སོགས་རྣམ་རྟོག་སྣ་ཚོགས་ཅི་སྐྱེས་ཀྱང་རྗེས་སུ་མི་འབྲང་། མི་དགའ། མི་ཞེ་ན། ཉམས་མྱོང་གི་འཆར་སྒོ་ཅི་བྱུང་ཡང་རོ་མི་མྱོང་། ང་རྒྱལ་དང་ཆགས་ཞེན་མེད་པར་བདེན་མེད་དུ་བཞག །ཞེན་མེད་དུ་བཞག །འཛིན་མེད་དུ་བཞག །རྒྱ་ང་སྐྱུར་དུ་བཞག །རེ་མེད་དོག་མེད་དུ་བཞག །རྟོག་མེད་བསམ་མེད་དུ་བཞག་གོ ༈ །རྣམ་རྟོག་བཟང་ངན་གྱིས་རྗེས་སུ་འབྲང་ན་འཁོར་བ་ཡིན་ཏེ། ཀླུ་སྒྲུབ་རྗེས། འཁོར་བ་

(༥༡༥)རྣམ་པར་རྟོག་ལས་བྱུང་། །རྣམ་པར་རྟོག་པ་སེམས་ལས་བྱུང་། ཞེས་དང་། རྒྱུད་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། ཅེས་དང་། ལྗོན་ཤིང་ལས་ཀྱང་། རྣམ་རྟོག་ལས་བྱུང་འཁོར་བ་ཞེས་བྱ་བ། །འགའ་ཡང་ཡོད་མིན་དེ་ཕྱིར་རྣམ་རྟོག་དང་། །བྲལ་བར་གྱུར་ལ་མྱ་ངན་འདས་ཞེས་བྱ། ཞེས་དང་། །འཁོར་བར་སྐྱེ་བའི་རྒྱུ་ནི་ལས་ཉོན་ཏེ། ཞེས་དང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་གསུངས་པ་ལྟར་དུག་གསུམ་གྱིས་བསྐྱེད་པ་ལ། །ལས་མི་དགེ་བ་བཅུ། རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ་ལ་སོགས་ཉོན་མོངས་པའི་རྟོག་ཚོགས་རྣམས་འབྱུང་བར་འགྱུར་རོ། །མི་དགེ་བ་དེ་དག་ལམ་དུ་བསླང་ནུས་ན་ཡེ་ཤེས་ཡིན་ཏེ། ཡེ་ཤེས་རྣམ་པར་རྟོག་པ་ཡི། །དབང་དུ་གྱུར་ན་གྲོལ་བ་མེད། །རྣམ་པར་རྟོག་པ་ཡེ་ཤེས་ཀྱིས། །དབང་དུ་གྱུར་

(༥༡༦)ན་འཁོར་བ་མེད། ཅེས་གསུངས་ཏེ། དེ་ལམ་དུ་བསླང་བ་ནི། དང་པོ་རང་གི་རྒྱུད་ལ་འདོད་ཆགས་ཐོལ་གྱིས་སྐྱེས་བའི་ཚེ་དེ་མ་ཐག་ཏུ་ངོས་བཟུང་ནས་ངོ་བོ་ལ་བལྟ། རྩ་བ་གཅོད། དྲུང་ཕྱུང་ནས་རྗེས་སུ་མི་འབྲང་པར་རྦད་དེ་བཅད་ལ། ཕྱལ་བཞག་པས་ཉམས་མྱོང་བ་བདེ་བ། རང་བཞིན་སྟོང་པར་འཆར། དེ་བཞིན་དུ་ཞེ་སྡང་སྐྱེས་ཚེ་བལྟས་པས་ཉམས་མྱོང་གསལ་བ། རང་བཞིན་སྟོང་པ། གཏི་མུག་འཆར་ཚེ་བལྟས་པས་ཉམས་མྱོང་མི་རྟོག་པ། རང་བཞིན་སྟོང་པར་འཆར་སྟེ། སྙན་བརྒྱུད་ཟངས་སྦུབ་མ་ལས། ཞེ་སྡང་གི་ངོ་བོ་གསལ་བའི་རང་མདངས་ལ་གཅེར་གྱིས་བལྟས་ཤིང་། དེའི་ངང་ལ་མ་ཡེངས་པར་ཀློད་ལ་བཞག་པའོ༔ གཏི་མུག་གི་ངོ་བོ་གང་ཤར་གྱི་སྣང་བའི་ཡུལ་ལ༔ བག་ཆགས་སུ་ཞེན་པ་དེའི་ངོ་བོ་ལ་མ་ཡེངས་པར་རང་སེམས་དྲན་རྫི་དང་མ་བྲལ་བར༔ ཤར་གྲོལ་གྱིས་ངང་དུ་ཀློད་ལ་བཞག་པའོ༔ འདོད་ཆགས་ཀྱི་ངོ་བོ་

(༥༡༧)ཞེན་འདོད་ཀྱིས་ཀུན་ནས་སློང་བའི་ནོར་རྫས་དང་ཡོ་བྱད༔ གཉེན་འདུན་དང་ཟླ་གྲོགས་ལ་སེམས་ཨ་འཐས་སུ་སོང་ཞིང་༔ རེ་དོག་གིས་རློམ་པའི་བློ་ཐམས་ཅད༔ དམིགས་གཏད་དང་མཚན་འཛིན་མེད་པར༔ རང་གྲོལ་འཛིན་མེད་གང་ཤར་ངོས་ཟིན་པའི་ངང་དུ་ཤར་གྲོལ་དུས་མཉམ་དུ་བཞག་པར་བྱའོ༔ འཁོར་འདས་ཀུན་ལ་ཁྱབ་པའི་ཡེ་ཤེས་ནི༔ སངས་རྒྱས་ཀྱི་མ་སྒྲུབ༔ སེམས་ཅན་གྱིས་མ་སླང་༔ མངོན་དུ་གྱུར་པའི་རང་རིག་ཡེ་ཤེས་འདི་ཁོ་ནའོ༔ ཞེས་པའི་དོན་ཉམས་སུ་བླངས་པས། འདོད་ཆགས་བདེ་སྟོང་། ཞེ་སྡང་གསལ་སྟོང་། གཏི་མུག་རིག་སྟོང་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་ཞིང་སྐུ་གསུམ་རང་ཞལ་མཐོང་བ་སྟེ། གཅེར་མཐོང་ལས། ཅིར་ཡང་མ་གྲུབ་སྟོང་པ་ཆོས་ཀྱི་སྐུ༔ ༔སྟོང་པའི་རང་མདངས་གསལ་བ་ལོངས་སྐུ་ཡིན༔ འགགས་མེད་ཅིར་ཡང་འཆར་བ་སྤྲུལ་པའི་སྐུ༔ ཞེས་སོ། །དེ་བཞིན་དུ་ཕྱི་རོལ་གྱིས་ཡུལ་གཟུགས་

(༥༡༨)སྒྲ་དྲི་རོ་རེག་བྱ་སོགས་ཆགས་ཤིང་སྡང་བའི་ཡུལ་དུ་གྱུར་པ་ཐམས་ཅད་རང་གི་སེམས་ཉིད་གཅིག་པུའི་སྣང་བ་ཡིན་པས། དོན་ལ་གྲུབ་པ་རྡུལ་ཙམ་མེད། བདེན་མེད་སྒྱུ་མ། དངོས་མེད་རྨི་ལམ་ལྟ་བུ་ཡིན་སྙམ་ངེས་པ་རྙེད་དགོས། དེ་ལྟ་བུའི་གནད་དོན་རྒྱུད་ལ་མ་སྐྱེས་ན། གནས་སྐབས་སུ་སྒོམ་ཉམས་དང་། ཆོས་སྣང་ཕྲན་བུ་རེ་ཡོད་ཀྱང་། དེ་བྱིང་ནས་རྐྱེན་ཅུང་ཟད་རེས་བློ་སྣ་ལྡོག་ནས་ཐ་མལ་པར་འགྱུར་ཉན་ཆེ་བས། དེས་ན་ཅིར་སྣང་ཐམས་ཅད་རང་སེམས་སུ་ཤེས་པ། སྣང་ཐོག་ཏུ་སྟོང་པར་གོ །སྟོང་ཐོག་སྣང་བར་གོ །སྣང་སྟོང་དབྱེར་མེད་དུ་རྟོགས་པའི་ངང་ལས་སྣང་བ་མི་དགག །སེམས་ཉིད་མི་སྒྲུབ། སངས་རྒྱས་མི་བཙལ། སྣང་སེམས་དབྱེར་མེད་ཡིན་པ་ལ་ཡིན་བཞིན་བཞག་དགོས་ཏེ། གསང་རྒྱུད་ལས། སྣང་བ་བཀག་པས་མི་ལེག༔ འོ་ན་ཁེགས་ས་མ་ཡ༔ སྣང་བ་དངོས་པོ་ཡིན་པས་ཡུལ་སེམས་དབྱེ་བསལ་མེད༔ སེམས་ཉིད་བལྟས་པས་མི་མཐོང་འོ་ན་ལྟོས་དང་

(༥༡༩)ཡ། སྟོང་པ་རང་མདངས་གསལ་དག་གཉིས་མེད་ཡིན༔ སངས་རྒྱས་བཙལ་བས་མི་རྙེད་འོ་ན་ཚོལ་དང་ཡ༔ རང་སེམས་ཡིན་པས་ལོགས་ནས་རྙེད་མི་སྲིད༔ ཅེས་དང་། གཅེར་མཐོང་ལས། དཔེར་ན་སྣང་སྲིད་འཁོར་འདས་སྣང་བ་ཀུན༔ རང་གི་སེམས་ཉིད་གཅིག་གི་མཐོང་སྣང་ཡིན༔ གང་ཚེ་རང་གི་སེམས་ཉིད་འགྱུར་ཙ་ན༔ ཕྱི་རུ་འགྱུར་བས་དེ་མི་མཐོང་སྣང་འབྱུང་༔ ཞེས་དང་། མ་རྟོག་པ་ལ་འཁྲུལ་པར་སྣང་༔ རྟོགས་པ་རྣམས་ལ་ཆོས་སྐུར་སྣང་༔ ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །དེ་ཡང་རང་བཞིན་རྫོགས་པ་ཆེན་པོ་ལས་ཤར་གྲོལ། གཅེར་གྲོལ། རང་གྲོལ། ཡངས་གྲོལ་རྣམས་གསུངས་ཏེ། ཤར་གྲོལ་དུ་སྣང་ཞེན་གྱིས་རྣམ་རྟོག་དག་པ། གཏེར་གྲོལ་དུ་གཉིས་འཛིན་གྱིས་རྣམ་རྟོག་དག་པ། རང་གྲོལ་དུ་ཀུན་རྟོག་གི་བདག་འཛིན་དག་པ། ཡོངས་གྲོལ་དུ་འཁྲུལ་མེད་ཀྱི་གདེངས་དང་ལྡན་པ་

(༥༢༠)གཅིག་དགོས་ཤིང་། དང་པོ་འཁྲུལ་པས་མ་གོས་པ། ད་ལྟ་འཁྲུལ་བ་ལ་མི་གནས་པ། ཐ་མར་འཁྲུལ་མི་སྲིད་པ། རིག་པ་རང་ཡལ་གྱི་སངས་རྒྱས། འཁྱལ་པ་སྨྲ་མེད་ཀྱི་རྒྱ་ཡན། སྲིད་གསུམ་ཀ་དག་གི་ཆོས་སྐུ། ལྟ་བ་གྲོང་ཁྱེར་རྒྱུན་གཅོད། སྒོམ་པ་རི་བོ་ཅོག་བཞག །སྤྱོད་པ་ཁམས་གསུམ་ཡོངས་གྲོལ་ཏེ་རྫོགས་ཆེན་ཨ་ཏིའི་ཁྱད་ཆོས་སོ། །དེ་ལྟར་མ་རྟོགས་པའི་སྙིགས་དུས་ཀྱི་ཆོས་པར་རློམ་ཤིང་བཟང་པོར་ཁས་ལེན་པ་ལྟ་བ་ནམ་མཁའ་ལྟར་མཐོ་ཟེར་ཞིང་ཁ་ལྟའི་རྦད་ཁམ་ཆེན་པོ་སྒྲོགས་ཤིང་བཟང་པོའི་དྲིལ་བསྒྲགས་པ། སྤྱོད་པ་འཇིག་རྟེན་ཕལ་པ་བས་ཀྱང་རྩིངས་ཞིང་རྒྱུ་འབྲས་མི་བརྩི་བའི་སྟོང་སྐད་ཧད་པོར་སོང་བ། བླ་མ་དཀོན་མཆོག་ལ་དད་གུས་དག་སྣང་། རིགས་དྲུག་སེམས་ཅན་ལ་ཕན་སེམས་མེད་པར། ཕྱི་བྱ་བྲལ་དང་འཁྲུལ་ཞིག་ལྟར་བཟང་ཞིང་། ནང་ཆགས་སྡང་གི་ཚེས་བརྒྱད་མེ་ལྟར་འབར་བའི་ཆོས་པ་རྟོགས་ལྡན་སྒོམ་

(༥༢༡)ཆེན་བཟང་པོ་ཡིན་ཟེར་བ་རྣམས་ཀྱང་། མུ་སྟེགས་པའི་ལྟ་སྤྱོད་དང་མཚུངས་ཉན་ཆེ་བས་བག་ཡོད་པར་དགོས་ཏེ། གུ་རུ་པདྨའི་ཞལ་ནས། ཕྱི་རབ་སྒོམ་ཆེན་ཡིན་པར་ཁས་འཆེ་རྣམས༔ ལྟ་བ་འཕང་མཐོ་སྦྱོང་བརྩིངས་གྱུར་ན༔ མུ་སྟེགས་རྒྱང་འཕེན་ལྟ་བར་གོལ་བར་མཆི༔ སྟོང་པ་ཟེར་ནས་མེད་པར་བཟུང་གྱུར་ན༔ མུ་སྟེགས་ཆད་པའི་ལྟ་བར་གོལ་བར་མཆི༔ སྒོམ་ཡོད་སེམས་ལ་རྟག་པར་བཟུང་གྱུར་ན༔ མུ་སྟེགས་གྲངས་ཅན་པ་རུ་གོལ་བར་མཆི༔ མི་རྟོག་གླན་སྒོམ་ཤེས་པ་བཙོན་བཟུང་ན༔ ཉན་ཐོས་འགོག་པའི་ལམ་དུ་གོལ་བར་མཆིས༔ ཐམས་ཅད་ཡིན་ཞེས་བབས་ཅོལ་སྤྱོད་གྱུར་ན༔ འབྲས་བུ་ངན་སོང་གསུམ་དུ་གོལ་བར་མཆི༔ རང་སེམས་མ་གཏོགས་སྒོམ་ལ་བྱེད་རྫུས་བཏབ༔ འཆི་ཁར་འགྱོང་དེ་ལོག་བར་གོལ་བར་མཆི༔ ཅེས་གསུངས་པ་བཞིན་ནོ། །ཡང་ལྟ་བ་ཚིག་ཞེ་ན། སྒོམ་པ་ཡིད་

(༥༢༢)བྱེད། སྤྱོད་པ་ཐོ་ཅོ། འབྲས་བུ་རེ་སྨོན། དམ་ཚིག་མངོན་ལྐོག །མ་གྲོལ་གྲོལ་རྫུན། མ་རྟོགས་རྟོགས་རྫུན། མ་གྲུབ་གྲུབ་རྟགས། མ་མཐོང་ལྷ་མཐོང་། མ་བབས་ལྷ་བབས། མ་རིག་འདྲེ་རིག །མི་ཤེས་མངོན་ཤེས། མ་ཞིག་འཁྲུལ་ཞིག །མ་བཏང་བྱ་བཏང་། མ་སྒོམ་སྒོམ་ཆེན་བྱེད་པ་རྣམས་ཀྱིས་ཡེ་གསང་ཐུགས་གཏེར་སྙིང་པོའི་དོན་འདི་མ་རྟོག་ཤིང་གྲོལ་བར་མི་འགྱུར་ཏེ། མ་ཧཱ་གུ་རུའི་ཞལ་ནས། ལྟ་བ་ཁ་ལྟ་ཚིག་ལ་ཞེན༔ སྒོམ་པ་སྟོང་ལྟ་ཧད་པོར་བསྒོམ༔ སྤྱོད་པ་ཐེ་ཚོམ་བབ་ཆོལ་སྤྱོད༔ དམ་ཚིག་མངོན་ལྐོག་གྲོགས་པོ་བསླུ༔ བསམ་པ་ཆོས་མིན་མང་པོ་འཆར༔ ཉམས་ལེན་མི་བརྩོན་གཡེང་འཆེ༔ ཆོས་དང་ཆོས་གྲོགས་བླ་མར་སྣང་༔ གཉེན་འབྲེལ་ཡུལ་ལ་ཆགས་ཞེན་ཆེ༔ ཆོས་བརྒྱད་ཆགས་སྡང་མེ་ལྟར་འབར༔ ཕྱི་མ་སྒྲུབ་ཟེར་ཚེ་འདིར་སྲིད༔ སྐལ་མེད་གང་ཟག་དེ་འདྲས་ནི༔ སྙིང་པོའི་དོན་འདི་རྟོགས་མི་འགྱུར༔

(༥༢༣)ཞེས་སོ། །མདོ་ལས། འཇིག་རྟེན་པ་དག་སྟོང་ཉིད་སྒོམ་ན་ཡང་། དེ་ཡི་དངོས་པོར་འཛིན་པ་འཇིགས་མི་ནུས། །དེ་ཡི་ཕྱིར་ཡང་ཉོན་མོངས་རྣམ་པར་སྡང་། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་སྒོམ་པ་བཞིན། །ཞེས་པའང་དྲན་པར་བྱའོ། །ཟབ་དོན་རྩེ་གཅིག་ཉམས་སུ་ལེན་པ་ལ་དང་པོ་དལ་འབྱོར་རྙེད་དཀའ་སྒོམ་པའི་ཚེ། དལ་འབྱོར་ལ་སྙིང་པོ་ལེན་འདོད་ཀྱི་བསམ་པ་ཚོང་པ་རིན་ཆེན་གླིང་དུ་འགྲོ་བ་ལྟ་བུ། །འཆི་བ་མི་རྟག་པ་སྒོམ་པའི་ཚེ། ཚེ་འདིའི་བྱ་བ་ལ་བློ་མི་འཇུག་པ་གཅན་གཟན་མདུན་དུ་རྩ་སྤུངས་པ་ལྟ་བུ། ལས་འབྲས་སྒོམ་པའི་ཚེ་དམ་ཆོས་འཆི་མེད་སྨན་ལྟར་བསྟེན་ཅིང་། སྡིག་པ་མི་དགེ་པ་བཙན་དུག་སྤང་བ་ལྟ་བུ། འཁོར་བའི་ཉེས་དམིགས་སྒོམ་པའི་ཚེ་འཁོར་བ་མེ་འོབ་ལྟར་མཐོང་ཞིང་ཐར་པ་དོན་གཉེར་བ་ལ་སྐོམ་པས་ཆུ་བསྙེགས་པ་ལྟ་བུ། སྐྱབས་འགྲོའི་ཚེ་སེམས་ཅན་ཐམས་ཅད་སྒྲོལ་བར་འདོད་པ་གྲུ་ལྟ་བུའི་སེམས་བསྐྱེད་ཀྱིས་ཚེ་

(༥༢༤)སེམས་ཅན་འཁོར་བ་ལས་འདྲེན་ཕྱིར་བྱམས་དང་སྙིང་རྗེ་བུ་གཅིག་པའི་མ་ལྟ་བུ། རྡོར་སེམས་བསྒོམ་བཟླས་ཀྱི་ཚེ་སྙིང་པོ་ལ་རྒྱུན་ཆད་མེད་པ་དྲང་སྲོང་གི་རིགས་སྔགས་བཟླས་པ་ལྟ་བུ། མཎྜལ་འབུལ་བའི་ཚེ་ལུས་ལོངས་སྤྱོད་ལ་ལྟོས་པ་མེད་པ་རྒྱལ་བུ་དོན་གྲུབ་ལྟ་བུ། བླ་མའི་རྣལ་འབྱོར་སྒོམ་པའི་ཚེ་དད་གུས་འགྱུར་བ་མེད་པ་གཞོན་ནུ་ནོར་བཟང་ལྟ་བུ། བསྐྱེད་རིམ་སྒོམ་པའི་ཚེ་ཐ་མལ་གྱི་སྣང་ཞེན་བྲལ་ཞིང་སྣང་བ་ལྷ་སྐུར་ཤར་བ། །རྫོགས་རིམ་གྱིས་སེམས་མི་གནས་པ་གནས་པར་བྱེད་པའི་ཚེ་སྙིང་རུས་དང་ལྡན་པ། གནས་པ་བརྟེན་པར་བྱེད་པའི་ཚེ་ལྟ་སྒོམ་ལ་གདར་ཤ་ཆོད་པ། བརྟན་པ་མཐར་ཕྱིན་པར་བྱེད་སྐབས་ཉམས་ལེན་ལ་བརྟན་པ་ཐོབ་ཅིང་ཆོས་ཉིད་ཟད་སར་འཁྱོལ་བ་གལ་ཆེ་བ་ཡིན། བདག་ཅག་གི་འདྲེན་མཆོག་མཁན་རྡོ་རྗེ་འཆང་ཟླ་བ་བཟང་པོའི་ཞལ་ནས། བསྐྱེད་རིམ་ལྷ་སྐུར་གསལ་ཡང་རྟག་འཛིན་སྤངས། །རྫོགས་རིམ་འོད་གསལ་སྟོང་ཡང་

(༥༢༥)ཆད་འཛིན་སྤངས། །དེ་ཉིད་ཟུང་འཇུག་རིམ་གཉིས་རྣལ་འབྱོར་ཟེར། །ལྟ་བ་མཁའ་འདྲ་གྲུབ་མཐའ་མ་བསྒྱུར་གཅེས། །སྒོམ་པ་མ་བཅོས་བུམ་ནང་མར་མེ་འདྲ། །སྤྱོད་པ་ཞེན་མེད་གང་ཤར་ལམ་ཁྱེར་ཏེ། །འབྲས་བུ་སྐུ་བཞིའི་རྒྱལ་སར་གཤེགས་པ་ཡིན། །མཐའ་བརྒྱད་འཛིན་པ་བྱུང་ན་ལྟ་བའི་གེགས། །ཡེངས་འཁྲུལ་རྐྱེན་གྱིས་བསྒྱུར་ན་སྒོམ་པའི་གེགས། །རྒྱུ་འབྲས་སྤངས་བླངས་འཆོལ་ན་སྤྱོད་པའི་གེགས། །རེ་དོགས་ཞེན་པས་འཆིང་ན་འབྲས་བུའི་གེགས། །རང་རྒྱུད་ཆོས་དང་མ་འདྲེས་ཆོས་ཀྱི་གེགས། །རྒྱལ་བའི་བཀའ་དང་མི་མཐུན་ཐར་པའི་གེགས། །ཉམས་དང་རྨི་ལམ་རང་སྣང་བྲིད་པའི་གེགས། །བསྙེན་བཀུར་སྲི་ཞུ་ཆོས་བརྒྱད་འཕེལ་བའི་གེགས། །བྱ་བ་མང་ན་དགེ་སྦྱོར་སྒྲིབ་བའི་གེགས། །དེ་སོགས་གེགས་ཀྱི་རིམ་པ་མང་ན་ཡང་། །རྩ་བ་རང་སེམས་གཅིག་པུའི་ཆོ་འཕྲུལ་ཏེ། །གང་ཤར་རང་ཐོག་བཞག་པས་གྲོལ་བ་ཡིན།

(༥༢༦)མཉམ་བཞག་དུས་ཀྱི་ཞི་གནས་འཐོམ་པོ་ལ། །གནས་མཁན་རྩ་བ་བཅད་པ་བོགས་འདོན་ཡིན། །རྗེས་ཐོབ་ལྷག་མཐོང་རིག་པའི་གསལ་ཆ་ལ། །བྱུང་གནས་འགྲོ་གསུམ་བརྟགས་པ་བོགས་འདོན་ཡིན། །བདེ་གསལ་མི་རྟོག་ཉམས་ཀྱི་ཤུན་པ་ལ། །བཟང་ངན་སེམས་སུ་ཐག་བཅད་བོགས་འདོན་ཡིན། །ཞེས་སོགས་གསུངས་པ་ལྟར་བླ་མའི་མན་ངག་ཟབ་མོ་ལ་བརྟེན་པའི་གེགས་སེལ་དང་དོག་འདོན་དང་བཅས་ཏེ་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ཞུའོ། །རྫོགས་ཆེན་ཨ་ཏི་ཁྱབ་གདལ་ཆེའི། །དངོས་གཞིའི་ཁྲིད་རིམ་གཉིས་པ་འདི། །རང་གིས་ཡིད་ལ་གོམས་ཕྱིར་དང་། །མོས་ལྡན་རང་འདྲར་ཕན་སེམས་ཀྱིས། །གསེར་འཕྱོང་མེ་མོ་བྱ་ཡི་ལོར། །ཟབ་བདུན་ཕུར་པའི་སྒྲུབ་ཆེན་སྐབས། །གཏེར་སློབ་མཁན་པོ་རཏྣ་ཡིས། །འོག་མིན་ཀརྨའི་གདན་ས་ཆེར། །མི་འགྱུར་རྡོ་རྗེའི་འདྲ་ཞལ་མདུན། །གསོལ་འདེབས་སྨོན་ལམ་དང་བཅས་བྲིས། །

(༥༢༧)ཟབ་དོན་བསྟན་པ་དར་ཞིང་རྒྱས། །འགྲོ་ལ་ཕན་བདེའི་དཔལ་འབར་ཤོག །ཨ་ཏི་མ་ཧཱ་སིནྡྷ་ཝརྡྷནྟུ།། ཨེ་མ་ཧོ གཤིས་སྐྱེ་མེད་ནམ་མཁའ་ཡངས་པ་ལ། །གདངས་འགགས་མེད་རྫོགས་ལྡན་སྤྲིན་ཕུང་འཁྲིགས། །རྩལ་སྣ་ཚོགས་ནོར་བུའི་གྲུ་ཆར་གཡོ། །ཕ་བཀའ་བརྒྱུད་བླ་མ་བཀའ་དྲིན་ཅན། །བདག་མོས་ལྡན་བློ་གྲོས་ཞིང་ས་ལ། །ལམ་རིམ་གཉིས་ཀྱི་མྱུ་གུ་ལེགས་འཁྲུངས་ནས། །གཞི་ཆོས་སྐུའི་འབྲས་བུ་མངོན་དུ་གྱུར། །བློ་ཨ་འཐས་ཀྱི་མདུད་པ་རང་སར་གྲོལ། །སྒྲིབ་གཉིས་ཀྱི་བག་ཆགས་རང་སར་དག །སེམས་རྣམ་རྟོག་གི་རྦ་རླབས་རང་སར་ཞི། །ཡིད་བྱེད་བྲལ་བའི་ངང་ལ་གནས། །གཏད་མེད་ཀྱི་ངོ་བོ་ལྟག་གེར་མཐོང་། །ཟུང་འཇུག་སྤྲོས་པའི་མཐའ་དང་བྲལ། །འཁོར་འདས་རོ་གཅིག་ཕྱག་རྒྱ་ཆེ། །སྒོམ་མེད་ཆོས་སྐུའི་རྒྱལ་ས་ཟིན། །མན་ངག་གནད་ཀྱི་གསང་ལམ་གྱིས། །ཚེ་འདི་

(༥༢༨)ལ་གྲོལ་བར་བྱིན་གྱིས་རློབས། །གཞི་བདེན་གཉིས་ཟུང་འཇུག་གི་བླ་མ་ལ། །ལམ་ཚོགས་གཉིས་ལྡན་པས་གསོལ་བ་འདེབས། །འབྲས་བུ་སྐུ་གསུམ་འགྲུབ་པར་བྱིན་གྱིས་རློབས་ཤིག །བླ་མ་མཁྱེན་ནོ། བླ་མ༴ དྭགས་པོ་ལྷ་རྗེ༴ ཟླ་འོད་གཞོན་ནུ༴ སྙི་སྒོམ་ཆོས་རྗེ༴ ཟླ་བ་བཟང་པོ༴ རང་སེམས་རྟོགས་པར་བྱིན་གྱིས་རློབས་ཤིག །གཞི་ལྟ་བ་གཏན་ལ་ཕེབ་པར་བྱིན༴ ལམ་ཡེངས་མེད་དྲན་པ་བརྟན་པར་བྱིན༴ འབྲས་བུ་ཡེ་གནས་རང་ངོ་ཤེས་པར་བྱིན༴ བླ་མ་མཁྱེན་ནོ། །གཏེར་ཆེན་ཆོས་རྗེ་མཁྱེན༴ མཚོ་སྐྱེས་བླ་མ༴ སངས་རྒྱས་གླིང་པ༴ མཆོག་གྱུར་གླིང་པ༴ ཀ་དག་གདོད་མའི་གནས་ལུགས་རྟོགས་པར་བྱིན༴ ལྷུན་གྲུབ་འོད་གསལ་མཐའ་རུ་ཕྱིན་པར་བྱིན༴ སེམས་སྡེའི་གསལ་སྣང་མངོན་དུ་གྱུར་པར༴ ཀློང་སྡེའི་སྟོང་ཆེན་དབྱིངས་སུ་དག་པར༴ མན་ངག་ཟུང་འཇུག་རང་ངོ་འཕྲོད་པར༴ རྟོགས་པས་བདག་གྲོལ་བར་བྱིན༴ ཐུགས་རྗེས་གཞན་གྲོལ་

(༥༢༩)བར་བྱིན༴ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས་ཤིག །ཅེས་རྩེ་གཅིག་ཏུ་གསོལ་བ་བཏབ་ལ། དེ་བཞིན་ཉིད་ཀྱི་ངང་ལ་མཉམ་པར་བཞག་པས། གཤིས་སྐྱེ་མེད་དུ་ཤིག་གེ །གདངས་འགགས་མེད་དུ་འབོལ་ལེ། །རྩལ་མོས་གུས་སུ་ལམ་མེར་འོང་བ་དེ་ཀ་མོས་གུས་ཕྱག་རྒྱ་ཆེན་པོ་ཡིན་ལོ་བརྒྱ་ལགས། ཧ་ཧ་ཧ། ངོ་བོ་ལ་ལྟོས་དེ་ག་རང་ཡིན་བླ་མ་རང་གི་སེམས་ཡིན། ཅེས་པ་འདི་ལྟར་བཀའ་དྲིན་མཚུངས་མེད་བླ་མ་རྣམ་གཉིས་ལ་གསོལ་འདེབས་གདུང་དབྱངས་ཡིད་ཆེས་ཀྱི་དད་པ་འདྲེས་ནུས་པ་ཞིག་དགོས་ཞེས་བླ་མ་ཕྱག་རྒྱ་སྤྲུལ་སྐུ་ཀརྨ་དམ་ཆོས་བློ་གྲོས་བཟང་པོས་བསྐུལ་ངོར། ཅི་དྲན། གང་དྲན། མཁན་མིང་རཏྣས་བྲིས་ཏེ་ཕུལ་བ་བླ་མའི་བྱིན་རླབས་སེམས་ལ་འཇུག་པར་གྱུར་ཅིག །ཛ་ཡ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ། དགེའོ། དགེའོ། དགེའོ།། །།

(༥༣༠)

(༥༣༡)ཕྲིན་ལས་མགོན་པོ་ཏྲཀྴད་ཀྱི་ལོ་རྒྱུས་ངེས་ཤེས་འདྲེན་བྱེད་ལུང་གི་བོང་མཛོད་ཅེས་བྱ་བ་བཞུགས་སོ། །

(༥༣༢)དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་གང་ཟག་གིས་ས་ལམ་གྱི་བར་ཆད་སེལ་བར་བྱེད་པ་ལ་ཡེ་ཤེས་ཀྱི་ཆོས་སྐྱོང་ཞིག་མེད་ཐབས་མེད་ལ། རྒྱ་བོད་གཉིས་ཀར་བྱོན་པའི་མཁས་གྲུབ་ཐམས་ཅད་ཀྱིས་བཀའ་སྲུང་གི་གཙོ་བོ་ནི་ཡེ་ཤེས་ཀྱི་མགོན་པོ་སྡེ་ལྔ་གང་རུང་ཞིག་ལ་ཐུགས་རྩིས་ཆེ་བར་མཛད་ཅིང་དེ་ལ་ཡང་རྒྱུད་ལུང་མན་ངག་གསུམ་ལ་བརྟེན་དགོས་པའི་ཕྱིར་ན། མགོན་པོ་མངོན་པར་འབྱུང་བའི་རྒྱུད་ལས། མགོན་པོ་ཕྱག་གཉིས་པ་དང་། ཕྱག་བཞི་པ་དང་། ཕྱག་བརྒྱད་པ་དང་། ཕྱག་བཅུ་པ་དང་། ཕྱག་བཅུ་གཉིས་པ་དང་། ཕྱག་བཅུ་བཞི་པ་དང་། ཕྱག་བཅུ་དྲུག་པ་སོགས་གསུངས་ཤིང་། ལས་ཀྱི་མགོན་པོའི་སྔགས་ནི། ཨོཾ་དཾ་ཐོར་ཀ་ཊ་བྷཻ་ར་བཱ་ཡ་སཾ་སཾ་སཾ་རུ་རུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་བཅུ་གཉིས་པའི་སྔགས་ཏེ་ལས་ཐམས་ཅད་བྱེད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཕྱག་བྱེད་པ་དང་། འཇིག་རྟེན་གསུམ་འགྲུབ་པ་དང་། །

(༥༣༣)གང་འདོད་བྱེད་པར་འགྱུར་རོ། །ཞེས་འབྱུང་བ་ལས། ལས་མགོན་ཏྲཀྴད་ཀྱི་སྲོག་སྔགས་དངོས་སུ་མཐོང་ཡང་ངེས་པར་ཕྲིན་ལས་ཀྱི་སྔགས་དེ་ཉིད་ཀྱིས་བསྟན་པ་དང་། དེང་སང་བཀའ་འགྱུར་དུ་བཞུགས་པ་མགོན་པོ་མངོན་འབྱུང་ངམ། དཔལ་ནག་པོ་ཆེན་པོ་ཞེས་ལེའུ་ལྔ་བཅུ་པ། པཎྜི་ཏ་ས་མནྟ་ཤྲཱི་དང་། ཞུ་ཆེན་གྱིས་ལོ་ཙཱ་བྷ་དྲ་དགེ་སློང་ཆོས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པ་མགོན་པོའི་སྤྱི་རྒྱུད་དུ་བཞེད་པ་ཐམས་ཅད་དགོངས་པ་མཐུན་ལ། མགོན་པོ་ཞལ་གསུམ་ཕྱག་དྲུག །ལྷ་མོ་བཞིས་བསྐོར་བ་མངོན་སུམ་དུ་གསུངས་ནས་ཞེས་ཕྱིས་འབྱུང་འགའ་ཞིག་གིས་ཕྱག་དྲུག་པའི་སྒེར་རྒྱུད་དུ་ཞལ་ཚོན་གཅོད་པར་སྣང་ཡང་། མགོན་པོ་ཕྱག་གཉིས་པ་དངོས་སུ་གསལ་ཞིང་། ལས་ཀྱི་སྔགས་དང་ལྷ་ཆེན་དཔལ་འབར་གྱི་སྔགས་སོགས་ཟུར་མ་ཉམས་པར་བཞུགས་པས་ན། མགོན་པོ་བེར་ནག་ཅན་གྱིས་སྒེར་རྒྱུད་དུ་བཟུང་པ་ཤིན་ཏུ་འཐང་ཆེ་བར་སྣང་ངོ་། །མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་ལེའུ་

(༥༣༤)ཉེར་ལྔ་ལས་ནི་མགོན་པོ་ཕྱག་བཞི་པ་གཙོ་བོར་བསྟན་ཅིང་བིང་དང་ཕྱག་དྲུག་པའང་བསྟན་པར་བཤད་ཤིང་། མགོན་པོ་དུར་ཁྲོད་བདག་པོའི་རྒྱུད་ཅེས་པ་ནི། ཀུན་མཁྱེན་བུ་སྟོན་གྱིས་རྒྱུད་རྣམ་དག་མ་ངེས་ཅིང་བརྫུས་མ་ཡིན་པར་གསུངས་པས་ཡིད་བརྟན་མི་ནུས་སོ། །སྤྱིར་ནག་པོ་ཆེན་པོ་སྟེ། མ་ཧཱ་ཀཱ་ལའི་སྒྲ་དོན་བཤད་པ་ནི། མངོན་འབྱུང་གི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཞེས་པ་སེམས་དཔའི་སྙིང་རྗེ་དང་། མ་ཧཱ་ཤེས་རབ་དང་སྦྱོར་བ་སྟེ་ཤེས་རབ་ཉིད་དོ། ཀཱ་ལ་ནི་ཚོགས་པ་ལས་དུས་ཏེ་ཐབས་དང་ཤེས་རབ་ཀྱིས་སྙིང་རྗེ་ཆེན་པོ་ལ་སྦྱོར་བ་ཞེས་པའོ། ཨོཾ་ཤྲཱི་ཀྵི༚་གྲཱིཧྞ་བ་ལིང་ཧཱུྃ་ཕཊ། སོགས་ཀྱིས་གཏོར་སྔགས་བཟླས་ཤིང་མགོན་པོ་ལ་གཏོར་མ་བྱིན་ན། ཞག་ཉི་ཤུ་རྩ་གཅིག་ན་དགེ་བའི་མཚན་མ་འབྱུང་བ་དང་། ཟླ་བ་གཅིག་ན་དངོས་གྲུབ་སྟེར་ཏེ། ལོ་གཅིག་ན་གང་འདོད་པ་སྟེར་རོ་ཞེས་རྒྱུད་ལས་འབྱུང་ངོ་། །རྒྱ་གར་དུའང་གྲུབ་པའི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་དང་། ཤཱ་བ་རི་པ་སོགས་ཀྱིས་མགོན་པོའི་རིགས་ལ་ཡུམ་

(༥༣༥)ཡོད་མེད་ཀྱིས་རྒྱན་ཅན་རྒྱན་མེད་སོགས་སུ་ཐ་སྙད་མཛད་ཅིང་སྒྲུབ་སྐོར་དང་གདམས་ངག་མང་དུ་འབྱུང་བ་ནི་མགོན་པོ་སྤྱི་བཏང་གི་ལོ་རྒྱུས་སོ། །བྱེ་བྲག་ཏུ་ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད་སྲོག་བདུད་ནག་པོ་ལ་ཇོ་བོ་ལུགས། ཏྲཀྴད་སེང་ཞོན་དང་། ཏྲཀྴད་ཤྭ་ན་མུ་ཁ་དང་། ཏྲཀྴད་རྐང་ཐང་དང་། ཏྲཀྴད་འབྲང་ཞལ་ཅན་དང་། ཏྲཀྴད་ཞལ་གཉིས་པ་གཉོས་ལོ་ཙཱ་བའི་ལུགས་སོགས་ཀྱི་སྒྲུབ་སྐོར་མང་དུ་འབྱུང་བ་དང་། ཆོས་རྒྱལ་རིན་ཆེན་གླིང་པ་ནས་བརྒྱུད་པའི་མདོས་སོགས་དང་། བོ་དོང་ལུགས་དང་། བཀའ་གདམས་ལུགས་སོགས་མང་དུ་འབྱུང་བ་འདི་རྣམས་མགོན་པོའི་རྒྱུད་ཁྲག་མཚོ་ཁོལ་མ་ལས། གདོང་བཞི་པའི་མགོན་པོ་ནི་སེང་གེ་ལ་གནས་སོ། །བིང་འཛིན་པ་ནི་གདོང་དམར་གྱི་བྲག་ལ་བརྟེན་པའོ། །བིང་འཛིན་པ་བར་མ་ནི་རྒྱ་ནག་རི་བོ་རྩེ་ལྔ་ལའོ། ཏྲཀྴད་ནི་རྡོ་རྗེ་བསེ་གདོང་སྟེ། རྒྱ་ནག་གྷེའུ་དེ་ཤ་ལ་གནས་ལ། གཞན་དུ་སངས་རྒྱས་ཀྱི་བསྟན་པ་གར་གནས་པ་དེར་རོ། །བདུད་རྒྱལ་ནག་པོ་བཀྲག་མེད་ཅེས་བྱ་བ་བདུད་

(༥༣༦)ཡུལ་ཁ་རག་མགོ་དགུའི་གླིང་དུ་གནས་པར་བཤད་དོ། །ཞེས་གསུངས་པའི་ངོས་འཛིན་དུ་མཁས་གྲུབ་སྔ་མ་རྣམས་ཀྱིས་གདོང་དམར་གྱིས་བྲག་ནི་སྐྱི་ཤོད་ཀྱི་མགོན་པོ་གདོང་དུ་ངོས་འཛིན་པ་དང་། བིང་འཛིན་པ་ནི་བྲག་ལྟ་མགོན་པོ་ཡིན་པར་བཞེད་ཅིང་། ཀུན་མཁྱེན་རང་བྱུང་ཞབས་ཀྱིས་ཞལ་སློབ་རྒྱ་སྟོན་ཀུན་མཁྱེན་ཆོས་ཀྱི་བཟང་པོས་བྲག་ལྷ་མགོན་པོ་འདི་བཀའ་སྲུང་གི་ནང་ནས་ཐུགས་རྩིས་ཆེ་བར་མཛད། བིང་འཛིན་པ་བར་མ་འདི་མགོན་པོ་ཨ་གྷོར་ཡིན་ཅིང་། བོད་སྐད་དུ་མགོན་པོ་རྟ་མེད་པ་ཞེས་ཏྲཀྴད་རྐང་ཐང་ཡིན་པ་དང་། དབུས་ཀྱི་དུམ་བུ་རིལ་གནས་པར་བཀའ་གདམས་དགོན་སོགས་ཀྱི་བཞེད། རྒྱ་ནག་གྷེའུ་དེ་ཤ་ནི་རི་བོ་རྩེ་ལྔ་ཡིན་པར་མཁས་གྲུབ་ཐམས་ཅད་ཞལ་མཐུན། བདུད་རྒྱལ་ནག་པོ་བཀྲག་མེད་ནི་ཞིང་སྐྱོང་སེང་གེའི་གདོང་ཅན་ཡིན་པར་འབྲུག་པ་པདྨ་དཀར་པོས་གསུངས། ངེས་པའི་དོན་དུ། བདུད་ཀྱི་མགོན་པོ་ཏྲཀྴད་དང་། ཕྲིན་ལས་ཀྱི་མགོན་པོ་དང་། སྲོག་བདུད་ནག་པོ་བཀྲག་མེད་དང་། ཞིང་སྐྱོང་སིདྷ་མུ་ཁ་

(༥༣༧)དང་། པུར་སྲུང་ཤྭ་ན་མུ་ཁ་དང་། ལས་མགོན་དུག་གི་སྤུ་གྲི་དང་། ལེགས་ལྡན་ལས་ལ་ཆས་པ་སོགས་ངོ་བོ་གཅིག་པ་ཁོ་ན་སྟེ་ཐུབ་དཀའ་ཞེས་པ་བོད་ཡུལ་གྱི་ཞིང་སྐྱོང་ཆེན་པོ་སྟེ། བདུད་ཡུལ་ཁར་གཅེས་བའང་། བོད་ཡུལ་བདུད་ཀྱིས་བཟུང་བའི་དུས་སུ་བོད་ཡུལ་འདི་ལ་བདུད་ཡུལ་ཁ་རག་མགོ་དགུར་གྲགས་པ་དེ་ཉིད་སྤྱན་རས་གཟིགས་དབང་དྲག་པོར་ཁྲོས་པས་དམ་ལ་བཞག་པ་དང་། མགོན་པོ་རྣམས་ཀྱི་ངོ་བོ་སྤྱན་རས་གཟིགས་གང་ལ་གང་འདུལ་དུ་སྤྲུལ་བ་སྟོན་འཁོར་ཐ་མི་དད་བའི་ཚུལ་ཡང་། ཇོ་ནང་ཏྲཀྴད་ཞལ་གཉིས་གཞུང་ལས། སྤྱན་རས་གཟིགས་དབང་ཐུགས་ཀྱི་ཕྲིན་ལས་རྣམ་འཕྲུལ་ཞི་བས་གདུལ་བར་མི་བསྐྱོད་ཞིང་། དྲག་པོའི་སྟོབས་ཀྱི་གདུག་པ་ཚར་གཅོད་པ་འཇིགས་པའི་གཟུགས་ཅན་ཞེས་པ་དང་། ལྷ་ཆེན་ཐུགས་ཀྱི་ཕོ་ཉ་མཐུ་བོ་ཆེ། །ཁྱེད་ཀྱི་རྣམ་འཕྲུལ་ཕྱོགས་བཅུ་མ་ལུས་ཁྱབ། །ཡབ་གཅིག་རྟག་ཏུ་འདོད་རྒྱལ་ཁང་བཟང་ནས། །ཕལ་ཆེར་ཨུ་ཙལ་ཡི་དུར་ཁྲོད་ན། །རེས་འགའ་བསིལ་

(༥༣༨)བའི་ཚལ་ན་སྲིན་པོའི་གཟུགས། །ད་ལྟ་ཙཱ་རི་ཏྲ་ཡི་ཕོ་བྲང་ན། །ཁྱོད་ཀྱི་རྟེན་ས་རྩུབས་མོའི་དུར་ཁྲོད་ནས། །རྣལ་འབྱོར་དམ་ཚིག་ལྡན་པའི་རྗེས་འབྲང་ཞིང་། །གོང་གིས་བཅོལ་པའི་ལས་རྣམས་འགྲུབ་མཛད་པ། །དྲག་པོ་དབང་ཕྱུག་གཟི་ལྡན་ཞེས་དང་། དེ་ཉིད་ཀྱི་བསྟོད་པ་ལས་ཀྱང་། །ལྷ་ཆེན་དཔལ་འབར་མཐུ་སྟོབས་བསམ་མི་ཁྱབ། །ཐུགས་རྗེའི་བདག་ཉིད་འགྲོ་བའི་གཉེན་གཅིག་པུ། །རྒྱལ་བའི་ཡེ་ཤེས་མཁྱེན་པ་ཐུགས་སུ་ཆུད། །ལེགས་ལྡན་ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། ཅེས་དང་། །མགོན་ཁྱོད་དྲན་པས་སྲིད་པའི་གདུང་བ་སེལ། །བསྙེན་ཅིང་སྒྲུབ་བས་ཚེ་དང་བསོད་ནམས་རྒྱས། །མཐར་ཐུག་མཆོག་གི་དངོས་གྲུབ་སྟེང་བ་དང་། །ཐུགས་རྗེའི་དབང་ཕྱུག་ཁྱོད་ལ་གུས་པས་བསྟོད། ཅེས་གསུངས་པ་ལྟར། དཔལ་མགོན་ལེགས་ལྡན་ནག་པོ་མགོན་པོ་འབུམ་གྱི་ཡབ་ཉིད་ཕྲིན་ལས་ཀྱི་རོལ་པ་སྲས་ཀྱི་ཚུལ་དུ་སྣང་བ་སྲོག་བདུད་དུག་གི་སྤུ་གྲི་རྟ་ནག་ཅན་འདི་ནི། སངས་རྒྱས་ཀྱི་བསྟན་པ་དངོས་གང་དུ་གནས་པ་དེར་བསྟན་པ་སྐྱོང་

(༥༣༩)བའི་ཕྲིན་ལས་པ་ཡིན་པ་ནི་ཡོངས་སུ་གྲགས་པ་སྟེ། སྔར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་མཚོ་སྣ་བ་ཤེས་རབ་བཟང་པོ་ལ་མགོན་པོ་ཏྲཀྴད་ཀྱི་རང་གཟུགས་བསྟན། དགེ་བའི་བཤེས་གཉེན་ཆེན་པོ་ཁྱོད་ཀྱིས་དམ་ཆོས་འདུལ་བ་ལུང་སྡེ་བཞིའི་དགོངས་དོན་ལ་འགྲེལ་པ་ཞིག་མཛད་པར་ཞུ་ཞིང་། ངའི་བཀའ་སྲུང་བར་ཞལ་གྱིས་བཞེས་པས་མཚོ་སྣ་བ་ཆེན་པོས་འདུལ་ཊིཀྲ་ཉི་མའི་འོད་ཟེར་མཛད། ཀརྨ་པ་མི་བསྐྱོད་རྡོ་རྗེས་དེ་ཉིད་རྩ་བར་བཟུང་ནས་འདུལ་ཊིཀྲ་འཛམ་གླིང་གསལ་མཛད་ཉི་མའི་འོད་ཟེར་དཀྱིལ་འཁོར་མཛད་ཅིང་། བོད་གངས་ཅན་གྱིས་འདུལ་བ་འཛིན་པ་རྣམས་ཀྱིས་བསྟན་སྲུང་གཅིག་བུར་གྱུར་པ་དང་། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་བཀའ་སྲུང་བདུད་མགོན་ཕྱག་མཚན་བཞི་པ་འདི་ནི། གུ་རུ་པདྨའི་ཐུགས་ཐིག །གཏེར་ཁ་གཞན་ལ་མེད་པའི་ཁྱད་ཆོས། བཀའ་རྒྱུད་བསྟན་པའི་གོ་ཆ། ཀཾ་ཚང་བསྟན་པའི་སྲོག་རྩ་ལྟ་བུ་སྟེ། ཡོངས་དགེ་ཉིད་ཀྱི་གཏེར་ཁ་ལས། །འདི་ནི་དགྲ་གཤེད་དུག་གེ་སྤུ་གྲི་སྟེ༔ ༔

(༥༤༠)གཏེར་ཁ་གཞན་དུ་འདི་ཉིད་མང་དུ་མེད༔ སྲིད་གསུམ་འཁོར་འདས་བདག་པོ་ཏྲཀྴད་བདུད༔ པདྨའི་རིག་རྩལ་སྟོབས་ལས་གྲུབ་པའོ༔ ཙིཏྟ་བཛྲ་ས་མ་ཡ༔ ཐུགས་རྒྱ་བརྡ་ཐིམ༔ ཅེས་ཐུགས་ཀྱི་རྡོ་རྗེའི་ཡལ་གམ་ལས་མ་འདའ་ཞེས་གསང་བའི་རྒྱས་ཡང་ནས་ཡང་དུ་བཏབ་པ་ཉིད་དོ། །ཆོས་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་ལ། གཏེར་སྟོན་སངས་རྒྱས་གླིང་པས་ཕུར་བ་གདེང་ཆོག་དང་། ཐུན་ཕོག་འགྱེལ་གཏེར་ནས་བཞེས་ཏེ་ཕུལ་བ་ཡང་མ་བཞེས་པས། ཨོ་རྒྱན་རིན་པོ་ཆེས་ཀརྨ་བ་ལ་ལུང་བསྟན་ནས་གསུངས་པ། ང་རང་ཨོ་རྒྱན་པདྨ་སྔགས་པ་ཞེ་ནས། །ཁྱེད་ཀརྨ་པ་དགེ་སློང་བྱང་སེམས་ཅན། མ་འོངས་པ་ན་ཁྱོད་ཀྱི་བསྟན་པ་ཕྱིའི་རྒྱ་མ་རལ་ཀྱང་ནང་གི་ཟུང་མི་ཐུབ་པའི་དུས་གཅིག་འོང་། དེ་དུས་ཁྱེད་ལ་མཁོ་བར་བསམ་སྟེ་སྦས་པ་ཡིན་ཀྱང་ཉར་ཚག་མ་བྱས་པས་ད་ནི་བསྟན་པ་ཁྱེད་རང་གིས་འཚོ་ཐུབ་པར་གྱིས་ཞེས་གསུངས་པ་ནི། སོག་དམག་གིས་ཀར་བསྟན་ལ་ཐོ་ཚོམ་པའི་དུས་ཡིན་ཅིང་། སླར་ཡང་གུ་རུ་པདྨའི་ཐུགས་

(༥༤༡)རྗེའི་རྣམ་རོལ་དུ་གཏེར་ཆེན་མི་འགྱུར་རྡོ་རྗེ་ཆེད་དུ་མངག་པ་ནི་མངོན་སུམ་དུ་མས་གྲུབ་ལ། གཏེར་ཆེན་མི་འགྱུར་རྡོ་རྗེ་ཉིད་ཀྱི་གྲོ་ལོད་ཤོག་སེར་བབ་ཅིང་། དུས་གནད་དང་ས་གནད་ཀྱིས་འོག་མིན་ཀརྨའི་གདན་སར་ཀཾ་ཚང་གི་བསྟན་པའི་སྐུ་རིམ་དུ་ལས་ཟོར་ཐོག་མར་བཅའ་དགོས་པ་ཨོ་རྒྱན་པདྨའི་བཀའ་ཡིན་པས་དམ་ཕྱི་བར་དགོས་གསུངས་ནས། དགོང་མོ་ཉི་མ་དམར་ཐག་གི་དུས་སུ་ལས་མགོན་གྱི་རྦད་བསྐུལ་ཏྲཀྴད་ལ་ཞལ་ཆེམས་ཕུལ་པ་གསུངས་ཤིང་རྡོ་རྗེའི་ཟོར་ཕྱོགས་མཚམས་ཐམས་ཅད་དུ་འཕེན་མཛད་ཅིང་། ལས་ཟོར་གྲུབ་ནས་ད་ནི་ཨོ་རྒྱན་པདྨའི་བཀའ་གྲུབ་པ་ཡིན། ཀཾ་ཚང་གི་བསྟན་པ་ལ་ཕན་ཐོག་པར་འབྱུང་ཞེས་གསུངས་པ་ལྟར། ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་མེ་རོ་གསོ་བ་ལ་གྲུབ་པའི་དབང་ཕྱུག་པདྨ་ཀ་རས་ཆེ་ཐང་དུ་བསྔགས་པ་ཟབ་གཏེར་གྱི་སྙིང་ཁྲག་ལྟ་བུ་ཕྲིན་ལས་ཀྱི་མགོན་པོ་འདི་ཉིད་ཡིན། དེའི་དབང་བསྐུར་བའི་ཚུལ་ཡང་། བླ་མ་མགོན་པོ་དབྱེར་མེད་དུ་སྒྲུབ་པ་ཡིན་ཅིང་། བླ་མ་ཀུན་བཟང་གི་དབང་ནི་རྩ་

(༥༤༢)གསུམ་ཀུན་འདུས་ཀྱི་དབང་གིས་ལྡེའུ་མིག་ཡིན་པས་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་ཕྱག་བཞེས་མ་ཉམས་པ་སྐུ་མཆོག་ལུགས་སུ་ལུང་རིག་མན་ངག་ཚད་མ་གསུམ་དང་ལྡན་པ་ཡིད་ཆེས་ཤིང་ཁུང་བཙུན་པ། བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་ཕྲིན་ལས་ཐམས་ཅད་ཀྱི་རྩ་བ་བཀའ་སྲུང་ལས་མགོན་ཏྲཀྴད་ཀྱི་འཇུག་སྒོ་དབང་བསྐུར་བ་ཉིད་སྐབས་སུ་བབ་པ་ཡིན་ནོ། །ས་མ་ཡ༔ གཏེར་ཆེན་མི་འགྱུར་རྡོ་རྗེ་ཉིད་ཀྱི་ཞལ་སྔ་ནས། གཏེར་སློབ་སྐུ་མཆོག་ལ་དབང་གི་ལྡེའུ་མིག་གབ་སྤྲད་ཅིང་། ཕྱག་བཞེས་སུ་བསྟར་བ་ནུས་ལྡན་ཡོར་སྟོད་སྔགས་འཆང་ནས་བརྒྱུད་བའི་དབང་བསྐུར་རྣམས་ཆོས་བདག་དཔོན་བརྒྱུད་ཀྱི་བླ་མ་དམ་པ་ཀརྨ་རི་དབང་རྒྱལ་པོ་ལ། འདུལ་བ་འཛིན་པ་རང་རེས་ཞུས་པའི་སྐབས་སུ་ལོ་རྒྱུས་འདི་ལྟར་བྲིས་ཤིག་ཅེས་ལྷ་རྫས་རབ་དཀར་སྲིད་དུ་རིང་བ་དང་། དཀར་འཇམ་ཤོག་གུའི་གླེགས་བུ་མང་ཚན་བཅས་བཀའ་ལུང་སྤྱི་བོར་ཕེབ་པ་ལྡོག་མ་ཕོད་

(༥༤༣)ནས་ལོ་རྒྱུས་སུ་རློམས་པ་མཁན་མིང་ཀརྨ་རཏྣས་རང་གི་སུག་ལས་སུ་བསྟར་བ་ཀཾ་ཚང་དོན་བརྒྱུད་བསྟན་པའི་སྒྲོན་མེར་གྱུར་ཅིག །ཨོཾ་དུ་ཡག་ཛམ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཕཊ༔ ས་མ་ཡ་རཀྵ༔

(༥༤༤)

(༥༤༥)སྲིད་གསུམ་གཏིང་ཟློག་གི་སྒོམ་ཟིན་གབ་བ་མངོན་ཕྱུང་རྡོ་རྗེའི་རྒྱ་ཅན་བཞུགས་སོ།། །།

(༥༤༦)ན་མོ་གུ་རུ་རཏྣ་ཡ། །གསང་བདག་དངོས་བྱོན་མི་འགྱུར་རྡོ་རྗེ་ཞེས། །གསང་ཆེན་བསྟན་པ་སྤྱི་དང་ཀཾ་ཚང་གི། །བསྟན་པའི་སྲོག་ཤིང་ཡེ་གསང་ཐུགས་གཏེར་བདག །བསྟན་འཛིན་ཡོངས་ཀྱི་གཙུག་གི་ནོར་བུར་འདུད། །གང་དེའི་ཟབ་གཏེར་ཕ་ལམ་རྡོ་རྗེའི་མཚོན། །ས་སྟེང་གཏེར་གཞལ་ཕྱེས་པ་ཙམ་ཉིད་ལས། །གཞན་སྡེ་ལྷ་མིན་དཔུང་ཚོགས་སྙིང་འགས་ན། །དྲག་པོའི་ལས་སྦྱོར་བརྩམས་ན་སྨོས་ཅི་དགོས། །དམ་ལྡན་མཚོན་ཆ་དམ་ལོག་སྲོག་གི་གཤེད། །ཟབ་གཏེར་ཀུན་གྱི་ཡང་ཟབ་བསྟན་པའི་བཙས། །

(༥༤༧)དོན་དམ་ཆོས་ཉིད་དོན་གྱི་ཟློག་པ་ཡིས། །སྲིད་གསུམ་གཏིང་ཟློག་སྲིད་ཞིའི་མཐའ་བྲལ་དབྱེ། དེ་ཡང་ཟབ་མོའི་ལམ་ལ་རྩེ་གཅིག་ཏུ་བརྩོན་པའི་སྐལ་ལྡན་གྱི་སློབ་མས། མཚན་ལྡན་གྱི་བླ་མ་ལས་དབང་གི་བདུད་རྩིས་རང་རྒྱུད་སྨིན་པར་བྱས་ཏེ། དམ་ཚིག་ལ་ཟོལ་ཟོག་མེད་པས། རབ་རྟགས་དང་མཚན་མ། འབྲིང་དུས་བསྙེན། ཐ་མ་གྲངས་ཀྱི་བསྙེན་པ་ཚད་དུ་ཕྱིན་པས། བསྟན་པའི་དགྲ་བགེགས་ལ་མངོན་སྤྱོད་དྲག་པོའི་ལས་སྦྱོར་བརྩམས་པ་ནི། ཚོགས་གཉིས་རྫོགས་པའི་ཐབས་བླ་ན་མེད་པ་སྟེ། དུར་

(༥༤༨)ཁྲོད་ཁུ་བྱུག་རོལ་བའི་རྒྱུད་ལས། སྙིང་ནས་སློབ་དཔོན་སྨོད་ལ་དང་། །སངས་རྒྱས་བསྟན་ལ་གནོད་པ་དང་། །ཐེག་པ་ཆེན་པོར་སྨོད་པ་དང་། །སེམས་ཅན་ཡོངས་ལ་གནོད་བྱེད་པ། །རྣལ་འབྱོར་སྤྱི་ཡི་དགྲར་གྱུར་ནི། །མྱུར་དུ་བསྒྲིམས་ཏེ་མ་བསྒྲལ་ན། །རྡོ་རྗེའི་དམ་ཚིག་ཉམས་པས་ན། །བསྒྲིམས་ཏེ་ཤུགས་ཀྱིས་བསྒྲལ་བར་བྱ། །དམ་ཚིག་འདི་ནི་རྨད་པོ་ཆེ། །སངས་རྒྱས་འགྲུབ་པའི་རྒྱུ་དང་གཞི། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །དམ་ཚིག་གནས་རྣམས་མི་གཏོང་བ། །ལེགས་བའི་ཡོན་ཏན་བརྗོད་མི་ལང་། །སངས་རྒྱས་ཉིད་དང་འདྲ་བས་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དེ་བས་ནན་ཏན་བསྐྱེད་དེ་བསྲུང་། །ཞེས་གསུངས་པས་སོ། །དེ་ལ་ཟློག་པའི་བཅས་བཤམས་འདོན་འགྲིགས་རྣམས། ༧ སྐྱབས་རྗེ་སི་ཏུ་པདྨ་ཉི་བྱེད་ཀྱི་ཟིན་བྲིས་ལྟར་བྱ་བ་ཡོངས་གྲགས་སོ། །གཞུང་གི་ཡིག་ཆུང་ལས།

(༥༤༩)ལས་གཞུང་ཆ་ལག་མ་ཉམས་པ༔ སྔོན་དུ་སོང་ནས་འདི་ལྟར་བསྒོམ༔ ཞེས་གསུངས་པས་ཆ་ལག་གསུང་གྲུབ་ནའང་ལེགས། སྒོམ་དོན་སྤྱིར་བཏང་ལ། ཟློག་པའི་སྟོད་ཆ་ལྷར་བསྐྱེད་པ་དང་། སྨད་ཆ་དགྲ་བགེགས་ཀྱི་ཤ་ཁྲག་མཆོད་རྫས་སུ་བསྐྱེད་ཅིང་དམིགས་པ་ཡིན་ལ། དེ་ཡང་སྔ་འགྱུར་རྙིང་མའི་ཕྱོགས་འདིར་གཏོར་མ་ཤེས་པ་པུ་ཞི་ལྡན་དུ་གསུངས་པ་སྟེ། བཀའ་བརྒྱད་ལས། ལག་ལེན་ཤེས་པ་བཞིར་བསྟན་ཏེ༔ བ་ལིང་གཏོར་མ་ཆེན་པོ་ཉིད༔ མཆོད་བར་ཤེས་དང་ལྷར་ཤེས་དང་༔ དམག་དཔུང་ཤེས་དང་ཟོར་ཤེས་བྱ༔ ཞེས་གསུངས་པ་ལྟར་ལས། དེ་སྐབས་ལྷར་ཤེས་པ་ཡིན་ཏེ། ཐོག་མར་ཧཱུྃ་གསུམ་སྔོན་དུ་འགྲོ་བས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཨེ་ལས་ནམ་མཁའ་མཐིང་ནག་ཆོས་དབྱིངས་ཁྱབ་གདལ་མཐའ་དབུས་མེད་པར་ཡོངས་སུ་ཁྱབ་པའི་ངང་ལས། རང་མདུན་ཟློག་པའི་གཏོར་སྣོད་ཡྃ་ལས་རླུང་དཀྱིལ་ལྗང་ནག་རྒྱ་གྲམ་གྱི་དབྱིབས་དང་། ཟླ་གམ་བུ་རམ་སྒོར་མོ་ལྟ་བུ་དང་། རླུང་མེ་ཆུ་ས་བཞི་ཀར་ཕྱི་དབྱིབས་ཟླུམ་པོ་ལ་དབུས་སུ་ཟླ་གམ་སོགས་

(༥༥༠)རང་རང་གིས་མཚན་བར་སྒོམ་པའི་ལུགས་སོགས་བཞེད་ཚུལ་མང་ཡང་འདི་སྐབས་ཡྃ་ལས་རླུང་དཀྱིལ་ལྗང་ནག་བུར་སྒོར་ལྟ་བུ། དེ་སྟེང་རྃ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་གདན་ཐབས། དེ་སྟེང་བྃ་ལ་ས་ཆུ་དཀྱིལ་དཀར་ཟླུམ་མཎྜལ་སྟེང་འོག་བསྒྱུར་ཏེ་ཆུས་བཀང་བ་ལྟ་བུ། དེ་སྟེང་ལྃ་ལས་ས་དཀྱིལ་གྲུ་བཞི་སེར་པོ་བང་རིམ་བཞི་ལྡན་རི་རབ་དང་བཅས་པ། ཡོངས་དགེའི་སྨྱོ་ཆོས་ལས་མདོས་སུ་གླིང་བཞི་གླིང་ཕྲན་བརྒྱད་ཀྱི་བཀོད་པ་དང་བཅས་གསུངས་འདུག །རི་རབ་ཕྱོགས་མདོར་ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར་བའི་སྟེང་དུ། ཀེ༚་ལས་དུར་ཁྲོད་ཀྱི་བཀོད་པ་འཇིགས་སུ་རུང་བ། ཕྱོགས་མཚམས་བརྒྱད་དུ་མ་ཏྲཾ་རུ་དྲ་བསྒྲལ་བའི་རྫས་བརྒྱད་དང་། རང་བྱུང་གི་མཆོད་རྟེན་བརྒྱད་དང་། དེ་སྲུང་བའི་མ་མོ་མཁའ་འགྲོ་གོ་རིམ་བརྒྱད་དང་། ཕྱོགས་སྐྱོང་བརྒྱད་དང་། ཞིང་སྐྱོང་བརྒྱད་དང་། གྲུབ་པ་ཐོབ་པའི་རིག་འཛིན་བརྒྱད་དང་། གཞན་ཡང་ཤ་ཟ་སྲིན་པོ་རོ་ལངས་བམ་རོ་གསར་རྙིང་གི་ཚལ་གྱིས་བརྒྱན་པ། མཚོན་ཆ་སྣ་ཚོགས་དང་གནམ་ལྕགས་ཐོག་གི་བུ་ཡུག་འཚུབ་ཅིང་། སྟེང་

(༥༥༡)ལྷའི་སྲིད་པ། བར་མིའི་སྲིད་པ། འོག་ཀླུའི་སྲིང་པ་གསུམ་གཡོ་ཞིང་འཁྲུགས་པ། སྲོག་གཅོད་ཤན་པའི་བཤའ་ར་འཇིགས་རུང་གཤིན་རྗེའི་མདུན་ས་དེ་ཉིད་དུ། ཟློག་གཏོར་དེ་རྣམས་པདྨ་ཉི་ཟླ་ཞིང་ཆེན་ཞིང་ཆུང་བསྣོལ་བའི་སྟེང་དུ། རྒྱ་སྟག་སྦྲུམ་མའི་ལྟོ་བར་སྲིན་པོའི་ཕྲུག་གུར་རཀྴའི་ཡི་གེས་མཚན་པའི་སྟེང་དུ་རྡོ་རྗེ་གྲོ་ལོད་གཞུང་གསལ་ལྟར་བསྒོམ། ལས་མདོས་སུ་བྱ་ཁྱུང་། རྒྱ་སྟག །ལྕགས་སྡིག་གསུམ་དམ་ལ་བཏགས་པའི་ལོ་རྒྱུས་ཀྱང་འབྱུང་སྟེ། ཨོ་རྒྱན་ཆེན་པོའི་གསང་བ་གསུམ་གྱི་རྣམ་ཐར་བསམ་གྱིས་མི་ཁྱབ་པས། དོན་ལ་གནས་མོད་ཀྱང་ཡི་གེ་མང་དུ་དོགས་པས་མ་བྲིས་སོ། །གཏེར་གཞུང་གི་དགོངས་པ་ནི་ཉི་མ་ཤར་བ་ན་འོད་ཟེར་རང་ཆས་སུ་འབྱུང་བ་ལྟར་གཙོ་བོའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལས་འཁོར་གྱི་གསལ་ཁ་མ་འདུག་པ་ནི། ཇི་སྐད་དུ་ཡང་། ཉི་མ་དང་ནི་འོད་ཟེར་ཇི་བཞིན་དུ༔ རྟོག་ཚོགས་མཁའ་ཁྱབ་ལྷ་རུ་ངང་གིས་རྫོགས༔ ཆོས་དབྱིངས་མཁའ་ཀློང་ཡོངས་སུ་གང་བར་གྱུར༔ ཞེས་པ་ལྟར་ཡིན་ལ། མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ་གྱི་ཟིན་བྲིས་ཉེ་བར་མཁོ་

(༥༥༢)བའི་གསང་ཚིག་ལས། དབུས་སུ་རྡོ་རྗེ་གྲོ་ལོད། དེའི་གཡོན་དུ་སེང་གདོང་མ། དེ་གཉིས་ལ་ཁྲོ་བོ་བཅུས་བསྐོར་བ། དེའི་ཕྱིར་ཕྲ་མེན་དབང་ཕྱུག་ཉེར་བརྒྱད། སྟེང་གི་ཆ་ལ་ཀུན་བཟང་རིགས་ལྔ། རིགས་གསུམ་མགོན་པོ། བླ་མ་སྐུ་གསུམ། སྐུ་ལྔ་མཚན་བརྒྱད། རྗེ་འབངས་ཉེར་ལྔ་སོགས་བླ་མ་རིག་འཛིན་གྱི་ལྷ་ཚོགས། གཡས་སུ་རྟ་མཆོག་ཧེ་རུ་ཀ་ལ་ཕོ་རྒྱུད་དཔའ་བོའི་ཚོགས་ཀྱིས་བསྐོར་བ། གཡོན་དུ་རྡོ་རྗེ་ཕག་མོ་ལ་མཁའ་འགྲོ་སྡེ་ལྔ་ལ་སོགས་མོ་རྒྱུད་དཔའ་མོའི་ཚོགས་ཀྱིས་བསྐོར་བ། མདུན་དུ་བདུད་མགོན་ཏྲཀྴད་ལ། མ་མོ་བཞི། བདུད་མགོན་བརྒྱད། བདུད་དམག་ས་ཡ། མ་མོ་ས་ཡ། གཤིན་རྗེས་ཡ་སོགས་ཀྱིས་བསྐོར་བ། རྒྱབ་ཕྱོགས་སུ་དཔལ་མགོན་མ་ནིང་ནག་པོ་ལ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཡོངས་ཀྱིས་བསྐོར་བ། གཞན་ཡང་ཕྱོགས་སྐྱོང་བཅུ། ལྷ་སྲིན་སྡེ་བརྒྱད། དྲེགས་པའི་སྡེ་དཔོན་སུམ་ཅུ། དགེ་བསྙེན་ཉེར་གཅིག །བརྟན་མ་བཅུ་གཉིས། སྣང་སྲིད་འཁོར་འདས་ཀྱི་ལྷ་འདྲེའི་དམག་ཚོགས་ཀྱིས་བསྐོར་བ་ཞེས་གསུངས་འདུག །ཆོས་ཀྱི་འབྱུང་གནས་ཀྱི་ཞལ་

(༥༥༣)ལུང་ཀུན་ཁྱབ་ཀྱི་ཟིན་བྲིས་སུ་གསལ་ཁ་མེད་པ་དང་། ཞལ་ཁྲིད་གསུང་རྒྱུན་ཡིད་བརྟན་ཕེར་པོ་མི་འདུག་ཅིང་། ཟབ་གཏེར་འདི་ཉིད་བཀའ་གཉན་པས། །རིགས་འགྲེ་རྒྱས་འགེབ་སོགས་ནི་མི་སྤོབས་ལ། ལས་མདོས་སྨྱོ་ཆོས་སུ་གྲགས་པ་འདི་ནི་ས་གཏེར་མ་བཞེས་གོང་གི་དགོངས་གཏེར་ཐུགས་ལ་ཤར་བ་ཡོངས་དགེའི་གསུང་འཁྲུལ་མེད་ཡིན་པར་འདུག་སྟེ། བདག་ཅག་གི་འདྲེན་མཆོག་གཏེར་ཆེན་མཆོག་གྱུར་གླིང་པ་ལ། ཕུར་པ་དང་གུར་དྲག་ཧཱུྃ་དམར་སྙིང་ཏིག་རྣམས་དགོངས་གཏེར་དུ་ཤར་བ་དང་ངེས་པར་ཆོས་མཚུངས་ཤིང་། ཚིག་རིས་ནི་ཚིག་ལ་མི་ལྟོས་དོན་ལ་རྟོན་དགོས་པས་ན་སྣ་ཚོགས་སུ་སྣང་ཡང་མ་ངེས་ཏེ། དེ་ཉིད་ཀྱི་མངོན་རྟོགས་སྒོམ་དོན་སྲིད་གསུམ་གཏིང་ཟློག་འདི་ལ་སྦྱར་ན་མི་འགལ་བའི་ངེས་པ་རྙེད་ནས་ཡིག་ཚོགས་མང་བར་མ་འཛེམ་པར་བརྗོད་པ་ནི། ཡེ་ཤེས་ལྔའི་མེ་དཔུང་དང་རྡོ་རྗེའི་སྲུང་འཁོར་གྱིས་ཡོངས་སུ་བསྐོར་བའི་ནང་བདག་བསྐྱེད་ཀྱི་མདུན་དུ། ཟློག་གཏོར་དམིགས་པའི་རྟེན་དུ་བྱས་ཏེ། རི་རབ་ཀྱི་སྟེང་དབུས་སུ་ཆོས་འབྱུང་དམར་ནག་བསྣོལ་མ་

(༥༥༤)གདན་ཐབས་ཀྱི་ཕྱི་རོལ་ནས་ལྷ་སྣམ་མཆོད་རྟེན་གྱི་བང་རིམ་འདྲ་བ་ཟླུམ་པོ་ལྔ་དང་དུར་ཁྲོད་ཀྱིས་གཞི་བཅས་དྲུག་ལ། ནང་འཁོར་བར་འཁོར་ཕྱི་འཁོར་ཡང་འཁོར་ལྕགས་རི་ཞེས་མིང་དུ་བཏགས་ཤིང་། ཆོས་འབྱུང་གི་ལྟེ་བར་པདྨ་ཟླ་ཉི་ཞིང་དང་སྟག་གི་གདན་ལ། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་དྲག་པོ་རྩལ་གྱི་སྐུ་ལས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ། སྦས་གསང་གབ་པའི་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་ཡང་ཡབ་ཡུམ་རྣམས་དང་། ཕྱི་ནང་གསང་བའི་དབང་ཕྱུག་ཕྲ་མེན་ཉི་ཤུ་རྩ་བརྒྱད་ཉི་ཟེར་ལ་རྡུལ་ལྟར་འཁྲིགས་པ། མདུན་དུ་རྡོ་རྗེ་ཕག་མོ་ཞལ་གཉིས་མ་ལྷ་ལྔ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་སྤྲིན་ལྟར་གཏིབས་པ། རྒྱབ་ཏུ་སེང་གདོང་དྲག་མོ་ཐོག་འབེབས་མ་རིགས་ལྔ་ལ་ཕྲ་མེན་མཁའ་འགྲོ་གྲངས་མེད་པས་བསྐོར་བ། མདུན་རྒྱབ་གཡས་གཡོན་གྱི་ཆོས་འབྱུང་བཞི་ལ་རིགས་བཞིའི་གྲོ་ལོད་མཐིང་སེར་དམར་ལྗང་བཞི་གཙོ་བོ་ལྟ་བུའི་རྒྱན་དང་ཆ་ལུགས་ཕྱག་མཚན་ཡོངས་རྫོགས་གསལ་བ་ནི། མདུན་གཡས་བཛྲ་གྲོ་ལོད་རྩལ་མཐིང་ནག་ཡང་དག་ཧེ་རུ་ཀ་

(༥༥༥)ཕྱག་ན་རྡོ་རྗེ་གཏུམ་པོ་ལ་རང་འདྲ་བཞིས་བསྐོར་བ། རྒྱབ་གཡས་སུ་ཡོན་ཏན་གྲོ་ལོད་རྩལ་སེར་ནག་ཡོན་ཏན་ཆེ་མཆོག་ཧེ་རུ་ཀ་རཏྣ་དྲག་པོ་རྩལ་ལ་རང་འདྲ་བཞིས་བསྐོར་བ། རྒྱབ་གཡོན་དུ་པདྨ་གྲོ་ལོད་རྩལ་དམར་ནག་རྟ་མཆོག་ཧེ་རུ་ཀ་པདྨ་དབང་ཆེན་འབར་བ་ལ་རང་འདྲ་བཞིས་བསྐོར་བ། མདུན་གཡོན་དུ་ཕྲིན་ལས་གྲོ་ལོད་རྩལ་ལྗང་ནག་དྲེགས་པ་ཀུན་འཇོམས་ཀརྨ་ཧེ་རུ་ཀ་ལ་རང་འདྲ་བཞིས་བསྐོར་བ། རིགས་ལྔའི་གྲོ་ལོད་ལ་རང་འདྲའི་སྤྲུལ་པ་རབ་འབྱམས་ཁྲོ་བོའི་ཚོམ་བུ་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་གསལ་བའི་སྟེང་གི་ཆ་ལ། ཀུན་བཟང་རྒྱལ་བ་རིགས་ལྔ་སོགས་རྒྱལ་བ་དགོངས་བརྒྱུད། རྒྱལ་སྲས་རིགས་གསུམ་མགོན་པོ་གུ་རུ་ཐོད་ཕྲེང་སྡེ་ལྔ་སོགས་རིག་འཛིན་བརྡ་བརྒྱུད། བཀའ་བབས་རིག་འཛིན་དགུ་སོགས་གང་ཟག་སྙན་བརྒྱུད། ཡེ་ཤེས་མཚོ་རྒྱལ་སོགས་མཁའ་འགྲོ་གཏེར་བརྒྱུད། རྗེ་འབངས་ཉེར་ལྔ་དང་མུ་ཁྲི་བཙན་པོ་སོགས་བཀའ་བབ་ལུང་བསྟན་སྨོན་ལམ་དབང་བརྒྱུད། རིག་འཛིན་རྒོད་ལྡེམ་ཅན།

(༥༥༦)རྡོ་རྗེ་གླིང་བ། པདྨ་གླིང་པ། ཞིག་པོ་གླིང་བ། རིན་ཆེན་ཕུན་ཚོགས། འཇའ་ཚོན་སྙིང་པོ། མི་འགྱུར་རྡོ་རྗེ། ལུང་ཟིན་ཆོས་བདག་དང་བཅས། དམ་རྫས་མྱོང་གྲོལ། ཐུགས་རྗེ་བྱིན་རླབས། ཤོག་སེར་ཚིག་བརྒྱུད་དེ་བརྒྱུད་པ་དགུ་ལྡན་གྱི་རིག་འཛིན་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་མཁའ་དབྱིངས་སུ་བྱིན་ཐིབས་སེ་བག་དྲོ་འུར་རེ་བཞུགས་པར་སྒོམ། དེ་ཡང་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་རྡོ་རྗེ་གྲོ་ལོད་རིགས་ལྔའི་སྐུར་བཞེངས་པར་ཤེས་དགོས་ཏེ། ཅིའི་ཕྱིར་ཞེ་ན། ཨོ་རྒྱན་སངས་རྒྱས་གཉིས་པའི་རྣམ་ཤེས་ཚོགས་བརྒྱད་མ་སྤངས་གནས་དག་གི་ཆ་ལས་སྒྲུབ་སྡེ་བཀའ་བརྒྱད་དུ་ཤར་བ་ཡིན་པའི་ཕྱིར་རོ། །ཆོས་འབྱུང་གི་ཕྱི་ཟུར་དྲུག་ཏུ་བམ་རོ་གསར་རྙིང་ཀིང་རུས་མཚོན་ཆའི་ས་གཞི་ལ། ལེགས་ལྡན་ཕྱག་བཞི་པ། མ་ནིང་། རེ་ཏི། གཟའ། ཞིང་།།།རྣམས་ལ་ཡེ་ཤེས་ཆོས་སྐྱོང་སྲུང་མ་ཕོ་རྒྱུད་མོ་རྒྱུད་ཀྱིས་བསྐོར་བ་གསལ་གདབ། ཏྲཀྴད་ནི་ཏྲཀྴད་ཀྱི་ཟློག་གཏོར་དང་ལས་མདོས་གཉིས་ལ་གཙོ་འཁོར་ཡོངས་རྫོགས་གསལ་བ་ལས་འདིར་མི་དགོས་པར་སེམས། ནང་འཁོར་གྱི་ལྷ་སྲིན་སྡེ་

(༥༥༧)བརྒྱད་འདི་ལ་ཕྱི་ནང་གསང་བ་གབ་སྔས་སོགས་རྣམ་དབྱེ་མང་ཞིང་། གནུབ་སྟོན་གྱི་སྡེ་བརྒྱད་ཆ་སྙོམས་དང་། སྲིད་པ་གཏེར་ཁྱིམས། འཇའ་ཚོན་གྱི་དཔལ་མགོན་གཞུང་པོད་དུའང་གསལ་ལ། ཟློག་པའི་ཙཀླིར་སྡེ་བཅུའི་གསོལ་ཀ་ལྟར་བྲིས་འདུག་ཀྱང་། འདིར་ལས་མདོས་སྨྱོ་ཆོས་སུ། །ནང་འཁོར་སྡེ་བརྒྱད་བསྐྱེད་པ་ནི། ཤར་དུ་སྲིད་པ་ལྷའི་རྒྱལ་པོ་སྐུ་མདོག་དཀར་པོ་ཁྲབ་རྨོག་དང་དར་འཕྲུ་དཀར་པོ་ཅན། གཡས་དར་མདུང་དང་གཡོན་དུང་གི་འཁར་གསིལ་བསྣམས་པ། ལྷ་གཡག་དཀར་པོ་ལ་ཆིབས་པ། ལྷོར་གཤིན་རྗེ་ཡ་མ་རཱ་ཙ་སེར་པོ་གཡས་མདུང་དར་དང་། གཡོན་གསེར་གྱི་འཁར་གསིལ་ཆིབས་སུ་རྟ་མཆོག་ངང་པ་གསེར་ལྡེམ་ལ་ཆིབས་པ། ནུབ་ཏུ་བཙན་རྒྱལ་སྐུ་མདོག་དམར་པོ། གཡས་མདུང་དམར་དང་གཡོན་ཟངས་ཀྱི་འཁར་གསིལ་བཙན་རྟ་དམར་པོ་ལ་ཞོན་པ། བྱང་དུ་བདུད་རྒྱལ་ནག་པོ། གཡས་དར་མདུང་ནག་པོ་དང་གཡོན་ལྕགས་ཀྱི་འཁར་གསིལ་བདུད་རྟ་ནག་པོ་ལ་ཞོན་པ། ཤར་ལྷོ་མཚམས་

(༥༥༨)སུ་གིང་གི་རྒྱལ་པོ་དམར་ནག་གཡས་བ་དན་དམར་པོ་དང་གཡོན་འཁར་གསིལ་རྟ་མཆོག་བྲ་པོ་ལ་ཆིབས་པ། ལྷོ་ནུབ་མཚམས་སུ་གནོད་སྦྱིན་སྨུག་ནག་གཡས་བ་དན་ངང་གཡོན་འཁར་གསིལ་ར་སྐྱེས་ཁམ་བ་ལ་ཞོན་པ། ནུབ་བྱང་མཚམས་སུ་ཀླུ་བདུད་དམར་པོ་གཡས་མདུང་དམར་དང་གཡོན་ཟངས་ཀྱི་འཁར་གསིལ་ཆིབས་སུ་སྤྲུལ་ནག་རེ་འབྱམས་ལ་ཆིབས་པ། བྱང་ཤར་མཚམས་སུ་པེ་ཧར་རྒྱལ་པོ་དཀར་པོ་གཡས་བ་དན་གཡོན་ཤེལ་གྱི་འཁར་གསིལ་སེང་གེ་དཀར་མོ་ལ་ཞོན་པ། ཐམས་ཅད་ཁྲབ་རྨོག་དང་ལྡན་པའོ། །འདི་ནི་གང་འདུལ་གཉེན་པོའི་ལྷ་སྲིན་སྡེ་བརྒྱད་ཡིན་པས་རྒྱལ་འགོངས་འདུལ་བའི་གཉེན་པོར་བཞེངས་པས། གཡོན་ཐམས་ཅད་ཀྱིས་གསེག་གཤང་གསིལ་བྱེད་བསྣམས་པ་ནི་སེང་གདོང་རྒྱལ་འདུལ་མས་བསེ་ཐེབ་གྱོན་པ་བཞིན་ནོ། །དེའི་ཕྱི་ལ་བར་འཁོར་དྲེགས་པའི་སྡེ་དཔོན་སུམ་ཅུ་ནི། དེའི་བང་རིམ་ཕྱི་མ་ལ། དྲེགས་པ་ལྷའི་སྡེ་དཔོན་ཆེན་པོ་སྐུ་མདོག་དཀར་པོ་ཞི་ལ་འཛུམ་པ། གཡས་སྡིགས་མཛུབ་ཀྱི་རྩེལ་མེ་འབར་བ། གཡོན་ལྕགས་

(༥༥༩)ཀྱུ་འཛིན་པ། ཆིབས་སུ་ལྷ་རྟ་ངང་ཞུར་ལ་ཆིབས་པ། གཞན་ཡང་ལྷའི་རྒྱལ་པོ། ལྷ་གཉེན་རྒྱལ་པོ། ལྷ་བཙན་རྒྱལ་པོ། ལྷ་བདུད་རྒྱལ་པོ། དྲང་སྲོང་རྒྱལ་པོ། ལྷ་ཁྲམ་རྒྱལ་པོ། ལྷའི་དགེ་བསྙེན། ཀླུའི་རྒྱལ་པོ། ཀླུ་བདུད་ཧ་ལ་དུག་གདོང་། གཤིན་རྗེའི་རྒྱལ་པོ། གཤིན་རྗེའི་བདུད་པོ། གཤིན་རྗེའི་བཙན་པོ། གཤིན་རྗེའི་ཁྱབ་འཇུག །གཤིན་རྗེ་ཁྲམ་རྒྱལ། གཤིན་རྗེའི་དགེ་བསྙེན། བཙན་གྱི་རྒྱལ་པོ། བཙན་གྱི་བདུད་པོ། བཙན་གྱི་འགོད་པོ། བཙན་གྱི་རཱ་ཧུ་ལཾ། བཙན་གྱི་ཞགས་པའི་རྒྱལ་པོ། བཙན་གྱི་དགེ་བསྙེན། བཙན་རྒྱལ་ཕག་ཐོད། བདུད་རྒྱལ་ཆེན་པོ། བདུད་རྒྱལ་ནག་པོ་བཀྲག་མེད། བདུད་རྒྱལ་ཁམས་པ་མི་ཟིན། བདུད་རྒྱལ་ཡབ་རྗེ་ནག་པོ། བདུད་རྒྱལ་ཁྱབ་པ་ལག་རིང་། བདུད་རྒྱལ་རེ་ཏེ་མགོ་ཉག །བདུད་རྒྱལ་ཤན་པ་ལག་དམར། ཞེས་མཚན་ཙམ་ལས་སྐུ་མདོག་ཕྱག་མཚན་གྱི་གསལ་ཁ་མི་སྣང་ཡང་། མཆོག་གླིང་གཏེར་བྱོན་དྲེགས་པ་ཀུན་འདུལ་ལྟར་བཀོད་ན་མི་འགལ་

(༥༦༠)བར་སེམས་ཏེ། མཁན་ཆེན་རྡོ་རྗེ་འཆང་ཟླ་བ་བཟང་པོའི་དག་སྣང་དུ། མི་འགྱུར་རྡོ་རྗེའི་རྣམ་འཕྲུལ་དུ་གཟིགས་ཏེ། སྐྱེ་ཕྲེང་གསོལ་འདེབས་སུ། བརྟུལ་ཞུགས་ཐོགས་མེད་མི་འགྱུར་རྡོ་རྗེ་དང་། །དམར་པོ་རི་ལས་སྐྱོང་བུདྡྷིའི་མཚན། ཞེས་གསུངས་པས་ན། ཟབ་བདུན་དྲེགས་འདུལ་མཆོད་བསྟོད་ལས། འདོང་བའི་ཁམས་ལ་དབང་སྒྱུར་བའི༔ ལྷ་ཡི་སྡེ་དཔོན་ཆེན་པོ་ནི༔ ༡ དབང་ཕྱུག་མ་ཧཱ་དེ་ཝ་ཆེ༔ སྐུ་མདོག་མཐིང་ནག་མུན་པའི་མདོག༔ ཕྱག་གཡས་གྲི་གུག་ནམ་མཁར་འཕྱར༔ གཡོན་པས་ཐོད་བ་གློ་སྙིང་འཛིན༔ རལ་པ་སྤྲིན་གཏིབས་བེར་ཆེན་གསོལ༔ འཇིགས་བྱེད་སེང་གེ་ཆིབས་སུ་ཆིབས༔ ལྷ་དམག་འབུམ་ཕྲག་མང་པོས་བསྐོར༔ ལྷ་མོའི་སྡེ་དཔོན་ཆེན་པོ་ནི༔ ལྷ་མོ་ཨུ་མ་དཱེ་ཝི་སྟེ༔ སྐུ་མདོག་མཐིང་ནག་འོད་དུ་འབར༔ ཕྱག་གཡས་རྩེ་གསུམ་འབར་བ་འཕྱར༔ གཡོན་པས་ཐོད་པ་ཁྲག་བཀང་བསྣམས༔ ཁྲོས་པའི་བཞིན་ཅན་བེར་ནག་གསོལ༔ གླང་ཆེན་ནག་པོ་ཆིབས་སུ་ཆིབས༔

(༥༦༡)ལྷ་མོ་འབུམ་ཕྲག་དུ་མས་བསྐོར༔ ཞེས་སོགས་ཚིགས་བཅད་དུ་གསུངས་པ་ཚིག་ལྷུག་མདོར་བསྡུས་སུ་བཀོད་པ་ནི། ༣ གཤིན་རྗེའི་སྡེ་དཔོན་ཡ་མ་རཱ་ཛ་ནག་པོ་བེ་ཅོན་ཐོད་དབྱུག་འཛིན་པ། གཅན་གཟན་ལྤགས་པ་གྱོན་ཞིང་མ་ཧེ་ནག་པོ་ལ་ཞོན་པ། ༤ ཡུམ་སྒྲོལ་བྱེད་ནག་མོ་འཁོར་ལོ་ཐོད་ཁྲག་ཐོགས་པ། མི་ལྤགས་གྱོན་ཞིང་ཆུ་གླང་ལ་ཞོན་པ། ༥ བདུད་ཀྱི་སྡེ་དཔོན་རྐོས་རྗེ་བྲང་དཀར་ནག་པོ་ཁྲམ་ཞིང་དང་ཐོད་ཁྲག་འཛིན་པ། དར་བེར་ནག་པོ་གྱོན་ཞིང་རྟ་ནག་ལ་ཞོན་པ། ༦ ཡུམ་རེ་མ་ཏི་ནག་མོ་ཁྲམ་ཤིང་ཐོད་ཁྲག་ཐོགས་པ། དར་བེར་སྔོན་པོ་གསོལ་ནས་བོང་བུ་གྭ་དམར་ལ་ཆིབས་པ། ༧ སྲིན་པོའི་སྡེ་དཔོན་གློག་ཕྲེང་ཅན་ནག་པོ་གློག་གི་ཐུལ་པ་གྱོན་པ། ཕྱག་ནས་གློག་དང་ཐོག་སེར་འབེབས་པ་གཡུ་འབྲུག་ལ་ཞོན་པ། ༨ ཡུམ་ཀླུ་མོ་སྤལ་མགོ་ཁྲག་མིག་དམར་ནག་བེར་ནག་གྱོན་ཞིང་མི་མགོ་དང་ཕུར་པ་འཛིན་པ་རྔ་མང་གྭ་པ་ལ་ཆིབས་པ། ༩ གནོད་སྦྱིན་སྡེ་དཔོན་ཡཀྴ་མེ་དབལ་ནག་པོ་མེའི་གོས་ཅན་རིན་པོ་ཆེ་དང་ཟངས་

(༥༦༢)གྲི་འཛིན་པ་སྟག་ལ་ཞོན་པ། ༡༠ ཡུམ་གནོད་སྦྱིན་སྔོན་མོ་བེར་ནག་གསོལ་བ་སྤུ་གྲི་གཡུ་སྦྱར་ཐོགས་ནས་ཕག་རྒོད་ལ་ཞོན་པ། ༡༡ ཐེའུ་རང་སྡེ་དཔོན་གནམ་ཐེལ་དཀར་པོ་ཟ་འོག་སྔོ་ཁྲའི་བེར་ཅན་ཤེལ་གྲི་དང་ཤེལ་མདུང་འཛིན་པ་རྟ་དཀར་ལ་ཞོན་པ། ༡༢ སྔགས་སྲུང་སྡེ་དཔོན་ཨེ་ཀ་ཛ་ཊི་མ་ནག་མོ་ལྕགས་ཀྱི་རལ་བ་ཅན་དར་མཐིང་དང་འཇའ་ཚོན་གྱི་ན་བཟའ་གསོལ་བ། ཙིཏྟ་ཟ་ཞིང་གཡུ་སྦྱང་འགྱེད་ཅིང་དྲིལ་རྟ་ལ་ཞོན་པ། ༡༣ བཙན་གྱི་སྡེ་དཔོན་སྲོག་ཟན་དམར་པོ་བསེ་ཁྲབ་བསེ་རྨོག་ཅན་མདུང་དང་མདའ་གཞུ་ཐོགས་ནས་རྟ་དམར་ལ་ཞོན་པ། ༡༤ མུ་སྟེགས་ཀྱི་སྡེ་དཔོན་གུ་ལང་ནག་པོ་དར་ནག་པོའི་བེར་ཅན་ཁ་ཊཱཾྭ་ག་དང་བྷནྡྷ་འཛིན་པ་སེང་གེ་ལ་ཆིབས་པ། ༡༥ ཡུལ་ལྷའི་སྡེ་དཔོན་ལྷ་རབ་ཤམ་པོ་དུད་མདོག་བེར་དཀར་ཅན་ཕྱག་ན་ཤེལ་མདུང་དང་ཤེལ་གྲི་འཛིན་པ་ལྷ་གཡག་དཀར་པོ་ལ་ཞེན་པ། ༡༦ མ་སངས་ཡོངས་ཀྱི་སྡེ་དཔོན་སྤྱི་བདུད་གུ་རུ་མ་བཙན་པོ་དཀར་གསལ་ཤེལ་ཁྲབ་དང་བསེ་རྨོག་ཅན་དར་མདུང་དཀར་པོ་ཐོགས་པ་རྡོ་རྟ་གྲོ་བོ་ལ་ཞོན་པ། ༡༧ མ་མོའི་སྡེ་དཔོན་སྲིད་

(༥༦༣)པའི་རྒྱལ་མོ་དར་དཀར་གྱི་རལ་གུ་གསོལ་བ། འཁོར་ལོ་དང་མེ་ལོང་ཐོགས་ནས་གཡུ་འབྲུག་ལ་ཆིབས་པ། ༡༨ མཁའ་འགྲོའི་སྡེ་དཔོན་མགྱོགས་བྱེད་ནག་མོ་དར་ནག་གི་རལ་གུ་ཅན། རྒྱུ་ཞགས་དང་མཚོན་གྱི་གྲུ་གུ་ཐོགས་ནས་སོ་བྱ་རོག་པོ་ལ་ཞོན་པ། ༡ རུ་ཏྲའི་སྡེ་དཔོན་རྡོ་རྗེ་འདུད་འདུལ་དམར་ནག་དར་བེར་ཅན། ཡུངས་ཐུན་དང་བྷམྡྷ་བྲག་ཅན་འཛིན་ཅིང་མགྱོགས་འགྲོ་ཁམ་ནག་ལ་ཆིབས་པ། ༢༠ འགོང་པོའི་སྡེ་དཔོན་ཡམ་ཤུད་དམར་པོ་ཟ་འོག་དམར་པོའི་ན་བཟའ་ཅན། རལ་གྲི་དང་ཞགས་པ་ཐོགས་ནས་ཟངས་རྟ་དམར་པོ་ལ་ཞོན་པ། ༢༡ བགེགས་ཀྱི་སྡེ་དཔོན་བི་ན་ཡ་ཀ་མཐིང་ནག་བར་ནག་གྱོན་པ། རྩེ་གསུམ་དང་ཐོད་ཁྲག་འཛིན་ཅིང་རྟ་ནག་ལ་ཆིབས་པ། ༢༢ དམུ་བདུད་ཀྱི་སྡེ་དཔོན་ནག་པོ་བཀྲག་མེད་དར་བེར་ནག་པོ་ཅན། ཤང་ལང་དང་མངའ་གཞུ་ཐོགས་པ་དམུ་རྟ་ཆོངས་རྒོད་ནག་པོ་ལ་ཆིབས་པ། ༢༣ གཟའི་སྡེ་དཔོན་རཱ་ཧུ་ལ་ནག་པོ་མགོ་དགུ་བྱ་རོག་གི་མགོ་ཅན། ལྟོ་བར་ཞལ་དང་སྐུ་ལུས་ལ་མིག་སྟོང་གིས་སྤྲས་པ། སྦྲུལ་མཇུག་དང་ལྡན་

(༥༦༤)པ། འབྲུག་གློག་གི་ན་བཟའ་ཅན་ཕྱག་དང་པོ་གཉིས་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས། འོག་མ་གཉིས་ཀྱིས་མདའ་གཞུ་འགེངས་པ་འབྲུག་ལ་ཞོན་པ། ༢༤ གནམ་སྨན་གྱི་སྡེ་དཔོན་ཐོག་གི་བུ་ཡུག་མ་དམར་སྐྱ་ཐོག་དང་སེར་བ་འབེབས་པ་འབྲུག་དང་གློག་ལ་ཆིབས་པ། ༢༥ ཀླུ་བདུད་ཀྱི་སྡེ་དཔོན་ནག་པོ་སྤྲུལ་མགོ་དགུ་པ་སྤྲུལ་གྱི་སློག་པ་གསོལ་བ། ཕྱག་ན་དཔལ་ཞགས་དང་ནད་རྐྱལ་ཐོགས་པ་སྤྲུལ་མཇུག་གིས་རྒྱ་མཚོ་དཀྲུག་ཅིང་ཆུ་སྲིན་ལ་ཞོན་པ། ༢༦ ཀླུ་མོའི་སྡེ་དཔོན་ཡཀྴ་ནག་མོ་ཕྱག་ན་ནད་རྐྱལ་དང་སྦྲུལ་ཞགས་ཐོགས་པ། སྦྲུལ་ལྤགས་གསོལ་ནས་སྤྲུལ་མཇུག་གཡོ་བ་རུས་སྤལ་ལ་ཆིབས་པ། ༢༧ གིང་གི་སྡེ་དཔོན་སྲོག་བདག་ཚངས་པ་དཀར་པོ་སྤུ་གྲི་དང་ཉི་ཟེར་གྱི་ཞགས་པ་འཕེན་པ། བྱ་རྒོད་ཀྱི་ཐུལ་པ་ཅན་སེང་གེ་ལ་ཆིབས་པ། ༢༨ རྒྱལ་པོའི་སྡེ་དཔོན་ཁྱུང་ཆེན་ཀླུ་འབྲུག་དཀར་པོ་དམ་སློག་གསོལ་བ། བདུད་ཞགས་དང་སྤུ་གྲི་འཛིན་ཅིང་གླང་ཆེན་ལ་ཞོན་པ། ༢༩ དགྲ་ལྷའི་སྡེ་དཔོན་སྐྱེས་བུ་རྡོ་རྗེ་ལེགས་པ་སྐུ་ལྷ་གསང་

(༥༦༥)བ་དཀར་པོ་ཟབ་སློག་དང་ཤེལ་གྱི་ཐོད་ཀ་ཅན་གསོལ་བ། རྡོ་རྗེ་དང་རུ་མཚོན་ཐོགས་ནས་ར་སྐྱེས་དཀར་པོ་ལ་ཞོན་པ། ༣༠ མགོན་པོའི་སྡེ་དཔོན་མ་ཧཱ་ཀཱ་ལ་ལེགས་ལྡན་ཚོགས་ཀྱི་བདག་པོ་ནག་པོ་དར་ལྗང་གི་བེར་ཆེན་གསོལ་བ། དམག་རྫོང་གི་བེང་ཆེན་སྐེད་ལ་བཙུག་ཅིང་གྲི་གུག་ཕྱར་ཞིང་ཐོད་ཁྲག་ཐོགས་ནས་རྟ་ནག་རྟིང་དཀར་ལ་ཆིབས་པའོ། །དྲེགས་པའི་སྡེ་དཔོན་རེ་རེ་ལ་ཡང་འཁོར་འབུམ་ཕྲག་གཉིས་རེ་དང་ཡང་འཁོར་བསམ་གྱིས་མི་ཁྱབ་སྟེ། བཀའ་བརྒྱད་ཀྱི་འབྱེད་པར་བྱེད་པའི་ལྡེའུ་མིག་གི་རྒྱུད་ལས། རེ་རེ་ལ་ཡང་འཁོར་གཡོག་ནི༔ འབུམ་ཕྲག་གཉིས་གཉིས་འཁོར་དང་ལྡན༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ ཅེས་གསུངས་པས་སོ། །ཡང་ལས་མདོས་སུ། དེའི་བང་རིམ་ཕྱི་མ་ལ་བརྟན་མ་བཅུ་གཉིས་བསྐྱེད་པ་ནི། སྲིད་ཅིག་ཤ་མེད་གངས་དཀར་མ༔ ཆིབས་སུ་སྨན་ཤ་ཡུ་མོ་ཆིབས༔ ༡ ལྷ་སྨན་མཁའ་རིག་ཁྱུང་བཙུན་མ༔ ཆིབས་སུ་འབྲུག་ཆེན་ངར་མ་ཆིབས༔ ༢ གཉན་སྨན་རྡོ་རྗེ་གཡུ་

(༥༦༦)སྒྲོན་མ༔ ཆིབས་སུ་གྱི་ལིང་ཁ་དཀར་ཆིབས༔ ༣ ཀླུ་སྨན་རྡོ་རྗེ་ཁུག་ཆོས་མ༔ ཆིབས་སུ་སྤྲུལ་ནག་ལྟོ་འགྲོ་ཆིབས༔ ༤ སྲིང་ཅིག་རྡོ་རྗེ་ཀུན་གྲགས་མ༔ ཆིབས་སུ་ལྷ་གཡག་གྭ་བ་ཆིབས༔ ༥ སྲིད་ཅིག་རྡོ་རྗེ་གཡུ་བུན་མ༔ ཆིབས་སུ་བོང་བུ་གྭ་དམར་ཆིབས༔ ༦ བཙན་ལ་རོལ་པའི་སྨན་གཅིག་མ༔ ཆིབས་སུ་བཙན་རྟ་དམར་པོ་ཆིབས༔ ༧ བདུད་ལ་རོལ་པའི་སྨན་མོ་བཙུན༔ ཆིབས་སུ་འབྲང་ཆེན་འགྱིང་བ་ཆིབས༔ ༨ གཤིན་རྗེའི་མ་མོ་སྨན་མོ་བཙུན༔ ཆིབས་སུ་ཆུ་གླང་སྔོན་མོ་ཆིབས༔ ༩ དེ་མོ་གངས་དཀར་ལྷ་བཙུན་མ༔ ཆིབས་སུ་ལྷ་གཡག་གྭ་བ་ཆིབས༔ ༡༠ སྨན་ལ་རོལ་པའི་ཡ་མ་སྐྱོང་༔ ཆིབས་སུ་ཀླུ་རྟ་སྔོན་མོ་ཆིབས༔ ༡༡ སྲོག་ལ་རོལ་པ་སྐྱི་མཐིང་མ༔ ཆིབས་སུ་བསེ་མོ་ཀྱི་ལིང་ཆིབས༔ ༡༢ ཀུན་ཀྱང་སྐུ་མདོག་དཀར་དམར་མདངས༔ ཕྱག་ན་མངའ་དར་མེ་ལོང་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཕྱི་འཁོར་བརྟན་མ་བཅུ་གཉིས་གསལ༔ ཅེས་སོ། །ཡང་སྨྱོ་ཆོས་དེ་ཉིད་ལས།

(༥༦༧)ཡང་འཁོར་དགེ་བསྙེན་སུམ་བརྒྱ་དྲུག་ཅུ་བསྐྱེད་པ་ནི༔ དེའི་རྟ་བབ་བང་རིམ་ཕྱི་མ་ལ༔ ལྷའི་དགེ་བསྙེན་ཆེན་པོ་སྐུ་མདོག་དཀར་པོ་གཡས་པས་བ་དན་དཀར་པོ་ནམ་མཁའ་ལ་འཕྱར་བ༔ གཡོན་སྦུད་པ་ནག་པོ་ཐོགས་པ༔ ཆིབས་སུ་སེང་གི་དཀར་མོ་ལ་ཆིབས་པ༔ དབུ་ལ་དུང་གི་བསེ་ཞུ་གསོལ་བ༔ ཀླད་ལ་ལྷ་བྱ་དཀར་པོ་ལྡིང་བ༔ རྒྱབ་ན་ལྕགས་སྤྱང་འུར་པ་འགྲོ་བ༔ གཡས་ན་དྲེད་མང་ལག་དཀར་ཐལ་མོ་རྡེབ་པ༔ གཡོན་ན་དོམ་བུ་སྙིང་དཀར་ངར་སྒྲ་འདོན་པར་ཟ་བྱེད་མཆེ་བ་ཅན་གྱིས་བསྐོར་བ༔ རང་དང་འདྲ་བའི་དཀར་པོ་ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུས་བསྐོར་བ༔ ཀླུའི་དགེ་བསྙེན་སྔོན་པོ་ཞལ་གཅིག་ཕྱག་གཉིས་གཡས་བ་དན་སྔོན་པོ་དང་གཡོན་སྦུད་པ་ཐོགས་པ༔ ཆིབས་སུ་གཡུ་སེང་སྔོན་པོ་ཆིབས་པ༔ དབུ་ལ་གཡུའི་བསེ་ཞུ་གསོལ་བ༔ ཀླད་ན་གཡུ་བྱ་སྔོན་པོ་ལྡིང་བ༔ དོམ་དྲེད་ལྕགས་སྦྱང་ལ་སོགས་པའི་ཟ་བྱེད་མཆེ་བ་ཅན་དང་༔ སྔོན་པོ་ཀླུའི་དགེ་བསྙེན་བརྒྱ་དང་ཉི་ཤུས་བསྐོར་བ༔

(༥༦༨)གཉན་གྱི་དགེ་བསྙེན་སྐུ་མདོག་ཁྲ་བོ་དབུ་ལ་བསེ་ཞུ་ཁྲ་བོ་གསོལ་བ༔ གཡས་བ་དན་ཁྲོ་བོ་དང་གཡོན་ན་སྦུད་པ་ཐོགས་པ༔ གཉན་རྟ་ཁྲ་བོ་ལ་ཆིབས་པ༔ ཀླད་ན་བྱ་ཁྲ་ལྡིང་བ༔ ཟ་བྱེད་མཆེ་བ་ཅན་དང་རང་འདྲ་གཉན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུས་བསྐོར་བ་སྟེ་དགེ་བསྙེན་སུམ་བརྒྱ་དྲུག་ཅུའོ༔ ཡང་སྨྱོ་ཆོས་དེ་ཉིད་ལས། ཕྱི་རོལ་དྲག་པོ་དཔལ་གྱི་གཏོར་ཆེན་གྱི་ལྕགས་རི་ནག་པོར་ལས་བྱེད་ཤན་པ་བསྐྱེད་པ་ནི༔ ལྕགས་རི་ནག་པོའི་སྟེང་ན་ལས་བྱེད་ཕོ་ཉ་ལས་མཁན་ཤན་པ་དམར་པོ༔ དགྲ་གསོད་ཀྱི་ཤན་པ་ལག་དམར༔ དགྲ་འདྲེན་གྱི་ཤན་པ་དཔུང་དམར༔ ལས་བྱེད་འགུགས་སྒྲོལ་ལས་ཀྱི་དམག་ཚོགས༔ གཤིན་རྗེའི་དམག་ཚོགས༔ བདུད་ཀྱི་དམག་ཚོགས་ཐམས་ཅད་ཀྱང་ལྕགས་ཀྱུ་ཞགས་པ་མདུད་དང་ཐོབ་འཛིན་པ༔ དགྲ་གསོད་ཀྱི་བྱ་ནག་ཁྱི་ནག་ལྕགས་སྦྱང་ཟངས་འཕར་སོགས་ཟ་བྱེད་རྣམས་དང་༔ ལས་བྱེད་ཀྱི་དམག་ཚོགས་ཉི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ ཞེས་གསུངས་པ་ལྟར་ཟློག་པའི་དཀྱིལ་འཁོར་གསལ་བར་བསྒོམ། སྔ་འགྱུར་རྙིང་མ་ཕལ་ཆེར་ལ་

(༥༦༩)མདུན་གྱི་གཏོར་བསྐྱེད་ཀྱི་འཁོར་རྣམས་ཞལ་ནང་དུ་གཟིགས་བསྟོད་ལས་ལྟར་ལ། སྨད་ལས་ཟློག་པའི་ཚེ་ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་པ་བསྒོམ་དགོས་ཀྱང་། གྲོ་ལོད་འདི་ལ་དེ་ལྟར་མི་དགོས་ཏེ། ཟློག་པ་འདི་ཉིད་ལ་སྒེར་དུ་ཟློག་དཀྱིལ་གསར་དུ་དམིགས་པ་ཡིན་པས་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང་པོ་ནས་ཞལ་ཕྱིར་གཟིགས་པ་བསྒོམས་པས་ཆོག་པ་ལགས། དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ་གསུམ་གྱིས་བསྐྱེད་འདི་ཟློག་ཐབས་ལྟར་ཡིན་ལ་དམག་ཐབས་ཀྱི་ཚེ་ཞལ་ཕྱོགས་གཅིག་ཏུ་གྱུ་བའི་ཁྱད་པར་ཡོད་མཆན། རིམ་ཡུལ་གསུམ་གསལ་བའི་ངང་ནས་སྤྱན་འདྲེན་པ་སྟེ། དེ་ཡང་ཧཱུྃ་དང་པོས་ཡིད་ཡུལ་དུ་ཝལ་གྱིས་གསལ་བ་དང་། ཧཱུྃ་གཉིས་པས་སྣང་ཡུལ་དུ་རྣམ་པ་གསལ་བ་དང་། ཧཱུྃ་གསུམ་པས་ཞེན་ཡུལ་དུ་ང་རྒྱལ་བརྟན་པ་སྟེ། དེ་ཡང་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་གསུམ་ལས་མི་འདའ་བའི་ངང་ནས་སྤྱན་འདྲེན་པ་ལ། མི་མངོན་དབྱིངས་ཞེས་རྒྱངས་རིང་པོ་ནས་སྤྱན་

(༥༧༠)འདྲེན་རྒྱུ་མེད་དེ། རང་རིག་སྐུ་གསུམ་འདུ་འབྲལ་མེད་པ་མ་རིག་པས་བསྒྲིབས་ཏེ་མི་མངོན་པ་དེ་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་འཁོར་འདས་གཞི་རྫོགས་ཀྱི་དཀྱིལ་འཁོར་རམ་ཡེ་རྫོགས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རང་ལ་གནས་པ་གསལ་གདབ་པས་སྤྱན་འདྲེན་པ་ལ། དང་པོ་པདྨའི་རིགས་མཆོག་དཀྱིལ་འཁོར་གཙོ་བོ་རྡོ་རྗེ་གྲོ་ལོད་པདྨ་དབང་གི་དཀྱིལ་འཁོར་ནས་སྤྱན་འདྲེན་པ་དང་། གཉིས་པ་དེ་ཉིད་ཀྱི་སྣང་ཆའམ་སྤྲུལ་པ་སྐུའི་དཀྱིལ་འཁོར་ནས་གྲོ་ལོད་སྐུའི་དཀྱིལ་འཁོར་སྤྱན་འདྲེན་པ་དང་། གསུང་གི་སྣང་ཆ་རྡོ་རྗེ་ཕག་མོའི་ལྷ་ཚོགས་སྤྱན་འདྲེན་པ་དང་། གསུམ་པ་ཐུགས་ཀྱི་རྡོ་རྗེ་ཡེ་ཤེས་རྩེ་ལྔ་འབར་བའི་ཀློང་ནས་གྲོ་ལོད་ཐུགས་ཀྱི་དཀྱིལ་འཁོར་དང་གྲོ་ལོད་ཡོན་ཏན་གྱི་དཀྱིལ་འཁོར་སྤྱན་འདྲེན་པ་དང་། བཞི་པ་ལས་བཞི་ལྷུན་གྲུབ་ལྗང་ནག་གྲུ་གསུམ་ཕྲིན་ལས་དྲག་པོའི་ཀློང་ནས་གྲོ་ལོད་ཕྲིན་ལས་ཀྱི་དཀྱིལ་འཁོར་དང་། དེའི་རང་རྩལ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སྤྱན་འདྲེན་པ་དང་། ལྔ་པ་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན། ནང་སྲིད་པ་བཅུད་ཀྱི་སེམས་ཅན་

(༥༧༡)ཐམས་ཅད་རྡོ་རྗེ་གྲོ་ལོད་ཀྱི་རང་བཞིན་ལས་མ་འདས་པས། ས་འོག་ས་སྟེང་ས་བླ་གསུམ་མམ། འོག་ཀླུའི་སྲིད་པ། བར་མིའི་སྲིད་པ། སྟེང་ལྷའི་སྲིན་པ། ལུས་སྣང་བའི་སྲིད་པ་འདོད་ཁམས། ངག་ཕྱེད་སྣང་བའི་སྲིད་པ་གཟུགས་ཁམས། ཡིད་མི་སྣང་བའི་སྲིད་པ་གཟུགས་མེད་ཁམས་ཏེ་སྤྱི་དང་། བྱེ་བྲག་གླིང་བཞི་གླིང་ཕྲན་བརྒྱད། ཁྱད་པར་འཛམ་བུའི་གླིང་། སྟེང་ཕྱོགས་རྣམ་པར་རྒྱལ་བའི་ཁང་བཟང་། འོག་རྒྱ་མཚོའི་གཏིང་རུ་མ་ཞེས་སྟེང་འོག་གཉིས་དང་། དེ་ལ་འདས་བླ་ཞེས་བར་སྣང་སོགས་ཏེ་སའི་བླ་ཞེས་གོང་དུ་གནས་པ། ས་སྟེང་ཞེས་ས་ཆེན་འདི་ལ་བརྟེན་ཏེ་གནས་པ། ས་འོག་ཅེས་རི་རབ་ཀྱི་ཁོང་སེང་སོགས་སའི་འོག་གམ་ནང་དུ་གནས་པ་ཐམས་ཅད་ནས། ནང་འཁོར་ལྷ་སྲིན་སྡེ་བརྒྱད། བར་འཁོར་དྲེགས་པའི་སྡེ་དཔོན་སུམ་ཅུ། ཕྱི་འཁོར་བརྟན་མ་བཅུ་གཉིས། ཡང་འཁོར་དགེ་བསྙེན་སུམ་བརྒྱ་དྲུག་ཅུ། ཕོ་ཉ་ལས་བྱེད་ཤན་པའི་དམག་ཚོགས་ཡུལ་ལྷ་གཞི་བདག་དང་བཅས་པ་རང་རིག་རང་གསལ་གྱི་ངང་ནས་སྤྱན་འདྲེན་ཅིང་ལས་ལ་བསྐུལ་བའོ། །སྔགས་

(༥༧༢)དོན་རྣམས་ནི་གོང་དུ་སོང་བས་ཡང་ཟློས་མི་དགོས་ཏེ་དོན་གཅིག་གོ །དེ་ནས་མཆོད་པ་འབུལ་བ་ལ། ཧཱུྃ་གསུམ་སྣང་སྲིད་འཁོར་འདས་མཆོད་བའི་ངོ་བོར་དག་པ་ཡུལ་གསུམ་གསལ་བའི་ངང་ནས། སྤྱིར་སྣང་སྲིད་འཁོར་འདས་རང་གྲོལ་གྱི་མཆོད་པ་དང་། བྱེ་བྲག་གསང་རྫས་སྨན་རཀ་གཏོར་གསུམ། མཐུན་རྫས་དུར་ཁྲོད་ཆས་བརྒྱད་རྣམས་འབུལ་ཞིང་བསྐང་བཤགས་འདོད་གསོལ་སྨོན་ལམ་བཅས་གཙོ་འཁོར་ཡོངས་རྫོགས་ལ་བྱ་བ་སྟེ། དང་པོ་འཁོར་འདས་རང་གྲོལ་གྱི་མཆོད་པ་ནི། གྲོ་ལོད་གསང་སྒྲུབ་ཀྱི་ལས་བྱང་ལས། སྲིད་གསུམ་གླིང་ཡུལ་མཎྜལ་ལ༔ རིགས་དྲུག་འཁོར་བའི་འཁོར་ལོས་བརྒྱན༔ སྙིང་རྗེ་ཆེན་པོས་བརྩེར་དགོངས་ལ༔ ཡེ་སྟོང་ངང་དུ་བཞེས་སུ་གསོལ༔ ཞེས་དང་། ཁྱབ་གདལ་མཁའ་དབྱིངས་སྣོད་ཡངས་པར༔ སྲིད་གསུམ་འཇིག་རྟེན་བཀོད་པ་གསལ༔ འབྱུང་ལྔ་ཁམས་ལྔའི་རྫས་ཀྱིས་བལྟམས༔ བདེན་མེད་སྒྱུ་མར་སྦྱངས་ནས་ཀྱང་༔ སྐྱེ་མེད་ངང་དུ་བཞེས་སུ་གསོལ༔ ཞེས་པ་དེ་ཉིད་ཡིན་ལ། དོན་ནི་སྣང་ཚད་

(༥༧༣)སྲིད་ཚད་ཐམས་ཅད་མཆོད་པར་འབུལ་བས། འཁོར་བ་ཞེས་སྤང་བྱ་ངན་པ་དང་། འདས་པ་སངས་རྒྱས་ཞེས་བཟང་པོ་བླང་བྱ་མ་གྲུབ་པ་སྟེ། འཁོར་འདས་གཉིས་ཀྱི་ངོ་བོ་སྐྱེ་མེད་ཆོས་ཀྱི་སྐུར་གཅིག་པ་ནི། དཔེར་ན་གསེར་བུམ་ནང་གི་ནམ་མཁའ་བཟང་དུ་མ་སོང་། ས་བུམ་ནང་གི་ནམ་མཁའ་ངན་དུ་མ་སོང་བ་བཞིན་དུ་འཁོར་འདས་རང་གྲོལ་ཆོས་དབྱིངས་རྣམ་དག་ཆེན་པོའི་ངང་དམ་ཀློང་དུ་ད་རོལ་ལ་གྲོལ་བར་གྱིས་ཤིག་པའོ། །གཉིས་པ་གསང་སྔགས་ནང་པ་བླ་ན་མེད་པའི་མཆོད་རྫས་ཀྱི་གཙོ་བོ་སྨན་རཀ་གཏོར་གསུམ་ཞིང་ཁམས་རབ་འབྱམས་ཀྱི་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་བར་དམིགས་ཏེ་འབུལ་བ་དང་། གསུམ་པ་གསང་སྔགས་བླ་ན་མེད་པའི་རྒྱུད་དང་མཐུན་པའི་ཆས་གོས་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱང་གོང་བཞིན་ངག་པ་རབ་འབྱམས་ཁམས་གསུམ་སྲིད་གསུམ་གླིང་ཡུལ་ཐམས་ཅད་ཡོངས་སུ་གང་བར་དམིགས་ཏེ་འབུལ་བ་སྟེ། དག་སྦྱར་ནི། གསང་སྒྲུབ་མཁའ་འགྲོའི་ལས་བྱང་ལས། སྐུ་ལྔ་ལྷུན་གྱིས་གྲུབ་པའི་རྫས༔ ཤ་ཆེན་ལྔ་དང་

(༥༧༤)བདུད་རྩིའི་མཚོ༔ སོགས་དང་། སྟོབས་བཅུའི་རྫུ་འཕྲུལ་ཐོགས་མེད་བརྡ༔ ཞིང་ཆེན་གླང་ཀོ་ལྷབ་ལྷུབ་བརྒྱན༔ སོགས་ཡིན་ལ་དག་སྦྱར་དང་ངོས་འཛིན་དབྱེ་བསླུ་འདྲ་མིན་འབྱུང་ཡང་དོན་ལ་གནད་གཅིག་གོ །དེ་ཡང་ཕྱི་ལྟར་ན་དམིགས་རྟེན་སྨན་རཀ་གཏོར་གསུམ་འབུལ་ཞིང་། ནང་ལྟར་ན་འདོད་ཆགས་རྣམ་དག་རཀྟའི་མཆོད་པ། ཞེ་སྡང་རྣམ་དག་བདུད་རྩིའི་མཆོད་པ། གཏི་མུག་རྣམ་དག་གཏོར་མའི་མཆོད་པ་སྟེ། དུག་གསུམ་མ་སྤངས་རང་གྲོལ་གྱི་མཆོད་པ་དང་། དེ་ཡང་ཕྱི་ལྟར་ན་བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུག་པའི་རྩི་གསུམ་སྟེ་དུར་ཁྲོད་དྲག་པོའི་ཆས་བརྒྱད་སྤྱན་གཟིགས་སུ་བཀྲམ་པ། སྣང་སྲིད་ཐམས་ཅད་རྡོ་རྗེ་གྲོ་ལོད་ཀྱི་དཀྱིལ་འཁོར་དུ་ཤར་བ་ལ་རང་གི་ཆས་གོས་ཐམས་ཅད་དུར་ཁྲོད་རོལ་པའི་ཆས་གོས་སུ་ཤེས་པ་དང་། ནང་ལྟར་ན་རྣམ་ཤེས་ཚོགས་བརྒྱད་རུར་ཁྲོད་ཆེན་པོ་བརྒྱད་དུ་དག་པའི་ཡུལ་སྣང་ལོངས་སྤྱོད་ཐམས་ཅད་དུར་ཁྲོད་དྲག་པོའི་རྫས་སུ་དམིགས་ཏེ། བམ་རོ་གསར་རྙིང་དང་། ཀེང་རུས་

(༥༧༥)ཀྱི་གྲམ་ཁྲོད། རོ་རས་ཀྱི་བ་དན་རྒྱལ་མཚན། རོ་སྐྲའི་རྔ་ཡབ། ཞིང་ཆེན་ཞིང་ཆུང་གི་ལྷབ་ལྷུབ། སྟག་གཟིག་གཅན་གཟན་སྣ་ཚོགས་པའི་པགས་པ་འཇའ་འོད་ཀྱི་དྲ་བས་འབྲེལ་བ། སྤྲུལ་རྒྱན་དང་ཐོད་པ་སྐམ་རློན་གྱི་ཕྲེང་བ་འཕྱོ་ཞིང་འཁྱུགས་པ། ཐལ་ཆེན་གྱི་ཚོམ་བུ་ནམ་མཁའི་ངོས་སུ་སྐར་མ་ལྟར་བཀྲ་བ། ཁྲག་གི་ཐིག་ལེ་ཉི་མ་ལྟར་དམར་བ། །ཞག་གི་ཟོ་རིས་ཟླ་བ་ལྟར་དཀར་བ། རྐང་གླིང་ཐོད་རྔ་ལ་སོགས་པའི་དུར་ཁྲོད་དྲག་པོའི་གཟུགས་སྒྲ་དྲི་རོ་རེག་ཆོས་ཐམས་ཅད་ཀྱང་སུས་ཀྱང་མ་བྱས་པར་དཔལ་ཆེན་ཧེ་རུ་ཀའི་ལོངས་སྤྱོད་དུ་ལྷུན་གྱིས་གྲུབ་པས། རྩི་ཤིང་ནགས་ཚལ་ཐམས་ཅད་མདའ་མདུང་གི་མཚོན་ཆ། ཆུ་ཀླུང་ཐམས་ཅད་ཁྲག་ཞག་གི་རྦ་ཀློང་། སྒྲ་སྐད་ཐམས་ཅད་ཧེ་རུ་ཀའི་གད་རྒྱངས། བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་བཞེངས་པ་མ་གཏོགས་གཞན་སུ་ཡང་མེད་ཅིང་དག་པའི་བརྡར། དུས་གསུམ་སངས་རྒྱས་ཐམས་ཅད་ཡ་ང་བ། ཁྲོ་བོ་བཅུ་ཡང་རྒྱུ་མི་ནུས་ཤིང་ཕྱག་ན་རྡོ་རྗེ་འཇིགས་ཤིང་སྐྲག་པ་སྟེ་ནུབ་ཕྱོགས་ཨོ་རྒྱན་ཡུལ་

(༥༧༦)ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་དངོས་ཡིན་ཅིང་། རང་ཉིད་ཁྲོ་རྒྱལ་ཀུན་འདུས་རྡོ་རྗེ་གྲོ་ལོད་ཁམས་གསུམ་ཡོངས་སྒྲོལ་གྱི་ཁྲག་འཐུང་ཆེ་བཙན་འགྲན་ཟླ་ཀུན་དང་བྲལ་བ། ཞལ་ནས་ཧཱུྃ་ཕེ༚་ཨར་ལའི་སྒྲ་བསྒྲགས་པ་ཙམ་གྱིས། འཇིག་རྟེན་གྱི་སྲིད་པ་ལྟ་ཅི་སྨོས་འཁོར་འདས་རབ་འབྱམས་ཐམས་ཅད་གཡོ་ཞིང་འཁྲུགས་པའི་རང་བཞིན་ཅན་དུ་བསམ་པའི་ཡེ་ཤེས་ལྷའི་ང་རྒྱལ་ཤིན་ཏུ་བརྟན་པ་ནི་མངོན་སྤྱོད་དྲག་པོའི་ལས་སྦྱོར་ཀུན་གྱི་སྲོག་གི་དབང་པོ་ལྟ་བུའོ། །དེ་ལྟ་བུའི་མཆོད་པ་འབུལ་བའི་ཡུལ་ནི་བདག་བསྐྱེད་དང་ཁྱད་པར་ཟློག་པའི་ལས་དཀྱིལ་ལ་གཙོ་བོར་འབུལ་བ་ཡིན་ལ། མདུན་དཀྱིལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་འདུས་པའི་ངོ་བོ་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཁོ་ན་ལ་འབུལ་བ་བསྡུས་པའི་ལུགས་ཡིན་ལ། མདུན་དཀྱིལ་བསྐྱེད་རིམ་རྒྱས་པའི་སྐབས་ཚིག་རིས་ལྟར་སོ་སོར་འབུལ་བ་སྟེ། གཙོ་བོ་རྡོ་རྗེ་གྲོ་ལོད་ཀྱི་ཕྲིན་ལས་དྲག་པོའི་རང་རྩལ་བྱང་ཤར་གྱི་གྲོ་ལོད་ལྗང་གུ་དྲེགས་འཇོམས་རྩལ་དང་། ཐུགས་སྣང་སྲིད་ཟིལ་གནོན་གྱི་རང་རྩལ་ཤར་

(༥༧༧)ལྷོའི་རྡོ་རྗེ་གྲོ་ལོད་མཐིང་ནག་གསང་བདག་རྡོ་རྗེ་གཏུམ་པོ་དང་། གསུང་ཁམས་གསུམ་དབང་སྡུད་ཀྱི་ངོ་བོ་ནུབ་བྱང་གི་གྲོ་ལོད་དམར་པོ་རྟ་མཆོག་པདྨ་ཧེ་རུ་ཀ་དང་། ཡོན་ཏན་རྩལ་ལྡན་ཡེ་ཤེས་ཀྱི་རང་གཟུགས་ལྷོ་ནུབ་ཀྱི་གྲོ་ལོད་སེར་པོ་ཆེ་མཆོག་རཏྣ་ཧེ་རུ་ཀ་དང་བཅས་པ་དེ་ཐམས་ཅད་འཆི་མེད་རྡོ་རྗེའི་སྐུ་བརྙེས་རིག་འཛིན་པདྨ་འབྱུང་གནས་ཀྱི་ངོ་བོར་རོ་གཅིག་པས་སྟོན་འཁོར་དགོངས་པ་དབྱེར་མེད་ཆེན་པོར་མངའ་གསོལ་ལོ་ཞེས་གྲོ་ལོད་རིགས་ལྔ་ལ་མཆོད་ཅིང་ཐུགས་དམ་བསྐང་བའོ། །སྤྲོས་པ་ལ་དགའ་ཞིང་བསྐྱེད་རིམ་ཤིན་ཏུ་གསལ་ན་གྲོ་ལོད་རིགས་ལྔ་ཐམས་ཅད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་ཁྲོ་བོ་བཅུ་དང་དབང་ཕྱུག་ཉེར་བརྒྱད་སྒོམ་པ་ཡིན་ཏེ། དེ་ཡང་ཁྲོ་བཅུ་ཐམས་ཅད་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཕུར་བ་ཐོགས་པ། དབང་ཕྱུག་ཉེར་བརྒྱད་ཤར་གྱི་བདུན་དཀར་མོ་ལྕགས་ཀྱུ་ཕུར་པ། ལྷོའི་བདུན་སེར་མོ་ཞགས་པ་ཕུར་པ། ནུབ་ཀྱི་བདུན་དམར་མོ་ལྕགས་སྒྲོག་ཕུར་པ། བྱང་གི་བདུན་ལྗང་མོ་དྲིལ་བུ་

(༥༧༨)ཕུར་པ་ཐོགས་པ། ཐམས་ཅད་ཁྲོ་མོའམ། གདོང་ཅན་ནམ། ཁྲོ་ཞལ་གྱི་སྟེང་དུ་གདོང་གིས་མཚན་པ་གང་སྒོམ་ཀྱང་ཁྱད་པར་མེད་ཅིང་ཕྱི་ནང་གསང་བའི་དབྱེ་བ་ཡིན་ལ་གསལ་ན་ཐམས་ཅད་སྒོམ་མོ། །འཁོར་གྱི་གྲོ་ལོད་རིགས་བཞི་ལ་གསལ་མ་ཐུབ་ན་གཙོ་བོ་ཁོ་ནའི་འཁོར་དུ་དམིགས་ཏེ། གསོལ་ལོ་མཆོད་དོ་ཁྲོ་བོ་ཁྲོ་མོའི་ཚོགས༔ སོགས་གཞུང་ཚིག་ལྟར་འབུལ་ལོ། །གསོལ་ལོ་མཆོད་དོ་བླ་མ་རིག་འཛིན་ཚོགས༔ ཞེས་པ་སོགས་ནི་སྟེང་གི་དགུ་ལྡན་བརྒྱུད་པའི་བླ་མ་རྣམས་ལ་འབུལ་ཞིང་། དེ་ཐམས་ཅད་ཀྱང་གཉིས་སུ་མེད་པ་ཡེ་ཤེས་ཀྱི་ཐུགས་མཆོག་བླ་མ་རིག་འཛིན་པདྨ་བཛྲ་སངས་རྒྱས་ཐོད་པ་རྩལ་གྱི་སྒྱུ་འཕྲུལ་དྲ་བ་ཆེན་པོའི་རང་བཞིན་དུ་མངའ་གསོལ་བའོ། །གསོལ་ལོ་མཆོད་དོ་དཔའ་བོ་རྟ་མཆོག་དཔལནི་ནུབ་བྱང་གི་པདྨ་གྲོ་ལོད་ལ་འབུལ་བ་སྟེ། གསང་སྒྲུབ་ལས་ཕྱི་ལྟར་པདྨ་ཧེ་རུ་ཀ ནང་ལྟར་དབང་ཆེན་རྟ་མཆོག་དཔལ༔ ཞེས་གསུངས་པས་སོ། །གསོལ་ལོ་མཆོད་དོ་མ་མོ་མཁའ་འགྲོའི་ཚོགས༔ ནི་མདུན་གྱི་

(༥༧༩)ཕག་མོ་ལྷ་ལྔ་དང་། རྒྱབ་ཀྱི་སེང་གདོང་རིགས་ལྔ་སོགས་མ་མོ་མཁའ་འགྲོའི་ལྷ་ཚོགས་ལ་འབུལ་ཞིང་། དེ་ཐམས་ཅད་ཀྱང་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝའི་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་ནམ་ངོ་བོ་ལས་མ་འདས་པར་མངའ་གསོལ་བའོ། །གསོལ་ལོ་མཆོད་དོ་བསྟན་སྲུང་རྒྱ་མཚོའི་ཚོགས༔ ནི་མ་ནིང་ནག་པོ་སོགས་ཕོ་རྒྱུད་མོ་རྒྱུད་ཡོངས་ལ་འབུལ་བ་སྟེ། དེ་ཐམས་ཅད་ཀྱང་གཉིས་སུ་མེད་པར་དཀྱིལ་འཁོར་གྱི་གཙོ་བོ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཕྲིན་ལས་ཀྱི་རོལ་པ་ལས་མ་འདས་པར་མངའ་གསོལ་བའོ། །གསོལ་ལོ་མཆོད་དོ་སྣང་སྲིད་ལྷ་འདྲེའི་ཚོགས༔ སོགས་ནི་ནང་འཁོར་ལྷ་སྲིན་སྡེ་བརྒྱད་གཙང་རིགས་དཔལ་མགོན་བདུན་ཅུ་དང་བཅས་པ། བར་འཁོར་དྲེགས་པའི་སྡེ་དཔོན། ཕྱི་འཁོར་བརྟན་མ་བཅུ་གཉིས། ཡང་འཁོར་དགེ་བསྙེན་མཆེད་འཁོར་སུམ་བརྒྱ་དྲུག་ཅུ། ལྕགས་རིའི་བཀའ་སྡོང་ལས་མཁན་ཡུལ་ལྷ་ཟོ་དོར་རིགས་དྲུག་གི་སེམས་ཅན་ཐམས་ཅད་མཆོད་ཡུལ་དུ་གུར་པ་ཐམས་ཅད་ལ་འབུལ་

(༥༨༠)ཞིང་བསྔོའོ། །བསྟན་སྲུང་རྒྱ་མཚོ་དང་སྣང་སྲིད་ལྷ་འདྲེ་གཉིས་ཀྱི་གཏོར་མ་ལས་མགོན་ཟློག་གཏོར་དུ་འབུལ་བ་དཔལ་སྤུངས་ལུགས་ཡིན། ༈ བསྒྲལ་ཆོག་ནི་བདག་མདུན་གཉིས་ཀྱི་བར་དུ་དགྲ་བགེགས་བསྐྱེད་བསྟིམ་ལྷ་དང་ཕྱེ་ནས་བསྒྲལ་བསྟབས་བྱེད་པ་སྟེ། དང་པོ་བྲུག་ཁུང་བསྐྱེད་པ་ནི། ལས་མདོས་ལས། རང་མདུན་ཨེ་ལས་ལྕགས་ཀྱི་བཙོན་ཁང་ནག་པོ་ཁ་དོགས་ལ་མཐིལ་ཡངས་པ། ནང་ན་འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། ཕྱི་ལ་ཞེ་སྡང་བསྐལ་པའི་མེ་འབར་བ། མུན་པ་ནག་པོ་འཐིབས་པ། ནད་ཀྱིན་བུན་འཐུལ་བ། དུག་གསུམ་ལས་གྲུབ་པའི་ཐར་མེད་ལས་ཀྱི་བཙོན་ཁང་དེའི་ནང་དུ་ནྀྲ་ཏྲི་ལས་བྱུང་བའི་དགྲ་བགེགས་དབང་པོ་ཚང་བ། ལག་བ་གཡས་པས་སྐྲ་འབལ་བ། གཡོན་པས་བྲང་བརྡུང་བ། ཁ་དུ་བ། མིག་ཤི་མིག་འོ་དོད་གནམ་ལ་འབོད་པ། རྐང་པ་ལྕགས་སྒྲོག་གིས་བཀྱིགས་པ། བུ་ག་དགུ་ནས་ཁྲག་འཛག་པ། མགོན་སྐྱོབ་བྱེད་པའི་ལྷ་དང་བྲལ་ནས་གཅེར་བུ་འདར་ཧྲི་ལི་ལི་བྱེད་པ་གཅིག་ཏུ་གྱུར། ཞེས་གསུངས་

(༥༨༡)པ་ལྟར་ཧཱུྃ་གསུམ་གྱིས་བསྐྱེད་རིམ་ཡུལ་གསུམ་གསལ་བས་གཞུང་ལྟར་ལིངྒ་ལྕགས་ཁང་བསྐྱེད་པ་སྟེ། སྐུ་གསུམ་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཞེས་པ་བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀ་སངས་རྒྱས་རང་སྣང་དམྱལ་བའང་དག་པའི་ཞིང་དུ་གཟིགས་པ་ལྟར་དུག་གསུམ་སྐུ་གསུམ་དུག་ལྔ་ཡེ་ཤེས་ལྔའི་འོད་ཟེར་འབར་ཡང་། མ་རྟོགས་དགྲ་བགེགས་དམ་སྲིའི་སྣང་བར་དུག་གསུམ་ལས་གྲུབ་པའི་ཐར་མེད་ལས་ཀྱི་བཙོན་དོང་། ཤན་པའི་བཤའ་ར། གཤིན་རྗེའི་བྲུབ་ཁུང་། འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་དུག་གི་མེ་ཆེན། གཏི་མུག་བསྐལ་པའི་མུན་ནག །ང་རྒྱལ་གནམ་ལྕགས་ཀྱི་ཐོག་སེར། ཕྲག་དོག་བསྐལ་བའི་རླུང་དམར་འཚུབས་མའི་ནང་ཁོངས་སུ། དམིགས་བྱའི་རཱུ་པ་ནྀྲ་ལས་གཟུགས་ཅན་གྱི་མི། ཏྲི་ལས་གཟུགས་མེད་བདུད་བགེགས་ཐམས་ཅད་བསྒྲལ་བྱའི་མཚན་ཉིད་མིག །རྣ་བ། སྣ། ལྕེ། ལུས། ཡིད་བཅས་དབང་པོ་སྒོ་དྲུག་མ་ཉམས་པར་གསལ་ཞིང་དོད་པ་ལས་བེམ་པོས་རྡོ་ལྟ་བུ། ཤི་བའི་རོ་ལྟ་བུ་མ་ཡིན་

(༥༨༢)པ། གོང་བཤད་དབང་པོ་སྒོ་དྲུག་རབ་ཏུ་གསལ་བའི་སྟེང་དུ། ཀུན་གཞིའི་རྣམ་ཤེས་དང་། ཉོན་མོངས་པའི་ཡིད་རབ་ཏུ་གསལ་བའི་རྒྱན་གྱིས་སྤྲས་པ་སྟེ། ལིངྒའམ་ཉ་བོ་དེ་དགྲ་བགེགས་དངོས་སུ་གསལ་དགོས་པའི་དོན་ཡིན་ཏེ། དྲན་རིག་རབ་ཏུ་གསལ་བའི་རྒྱན་སྤྲས་ཞེས་རྟེན་དང་བརྟེན་པའི་འབྲེལ་སྒྲ་འ་ཡིག་ཨི་ལྡན་གྱི་རྣམ་དབྱེས་གསལ་བར་བསྟན་པ་དེ་ཉིད་ཡིན་ལ། སྔགས་འཆང་ལ་ལས་གྲོ་ལོད་ཀྱི་ཉ་བོ་ལ་རྒྱན་ཆས་བཟབ་སྤྲོང་ཅན་སྒོམ་པའི་དོན་དྲི་བ་ནི། འབྲེལ་སྒྲ་ཆད་ཅིང་སུམ་རྟགས་མ་དགོངས་པའི་སྐྱོན་དུ་སྣང་ངོ་། །དེ་ནས་འགུགས་གཞུག་ཕུར་བསྐྱེད་རྣམས་མངོན་སྤྱོད་དྲག་པོ་སྤྱི་ལུགས་གཞུང་གསལ་ལྟར་གསལ་བ་གསུམ་ལྡན་གལ་ཆེའོ། །ལྷ་དབྱེ་ཕུར་གདབ་སྦར་ཆོག་གསུམ་གྱི་དབུར་འེ་ཡིག་འགྲེང་བུ་གཉིས་ལྡན་ནི་འ་ཡི་སྲོག་ཏུ་ཨེ་ཡིག་ཞུགས་པ་སྟེ། རྡོ་རྗེ་བཀོད་པ་ལས། སྐྱེས་བུ་ཆེན་པོའི་ཤངས་གཉིས་ལས། རང་བཞིན་ཡི་གེ་ཨེ་གཉིས་ཤར། ཞེས་གསུངས་པ་ལྟར། དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གྲོ་

(༥༨༣)ལོད་ཀྱི་ཤངས་བུག་གཉིས་ནས་དྲག་པོའི་ཡི་གེ་འཐོར་བྱེད་རླུང་གི་ངོ་བོ་དབྱངས་ཏེ་སྲོག་ལ་གསལ་བྱེད་འ་ཡིག་གིས་བརྒྱན་པ་ཐབས་ཤེས་ཟུང་འབྲེལ་གྱི་བརྡ་དོན་དང་། དཔལ་གསང་བ་སྙིང་པོ་ལེའུ་བཞི་པ་ལས། ཨཽ་ཡིག་ཀེ་ཤ་ཅན་ཞེས་འགྲེང་བུ་གཉིས་ལྡན་ནི་ཐུབ་པ་དྲུག་ལས་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོའི་ས་བོན་དུ་གསུངས་ཏེ། ཨཻ་ནི་རྡུལ་སྙེད་དཔྱལ་བ་རྣམས༔ ཞེས་པས་ཡི་གེ་ནི་ཨཻ། རྟོག་པ་ནི་ཉོན་མོངས་པ་ཞེ་སྡང་། འབྲས་བུ་ནི་དམྱལ་བ། རྣམ་གྲངས་གྲངས་ལས་འདས་པས་རྡུལ་སྙེད། དེ་དག་མ་སྤངས་གནས་ངག་གི་ལྷ་ནི་ཐུབ་པ་ཆོས་ཀྱི་རྒྱལ་པོ། དོན་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །ངེས་པའི་དོན་ལ་རྒྱུད་དེ་ཉིད་ལས། སེམས་ཀྱི་རང་བཞིན་ཡི་གེ་སྟེ། ཡི་གེ་དངོས་པོ་ཡོད་མ་ཡིན། ཞེས་དང་། དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་མཛད། ཅེས་གསུངས་པ་ལྟར་དབྱིངས་དང་ཡེ་ཤེས་ཀྱི་རོལ་པའོ། །ཚིག་ལ་ཞེན་པ་ལ་ལ་ངག་གིས་རྒྱ་གར་དུ་འ་ཡིག་མེད་དོ་ཞེ་ན། རྩ་བ་

(༥༨༤)ལུས་ཀྱི་ཡི་གེ་ལ་མེད་ཀྱང་། དབྱེ་བ་ཡན་ལག་གི་ཡི་གེ་ལ་ཡོད་དེ། འ་ཆུང་དེ་ཡིན་པའི་ཕྱིར། འོ་ན་འ་ཆུང་ཕྲལ་པ་མི་འཐད་དོ་ཞེ་ན། འཐད་དེ་དཔལ་གསང་བ་སྙིང་པོ་ལས། མགོ་ཚག་ཤད་གསུམ་ལས་མགོ་བེར་ག་རིས་ཞེས་ཁྱབ་བྱེད་ཀྱི་ཡི་གེར་ཕྲལ་བའི་ཕྱིར་རོ། །དེར་མ་ཟད་སྔ་འགྱུར་རྙིང་མའི་རྒྱུད་གཞུང་ལས། །བཏགས་གྲོལ་འབྲུ་དྲུག་གི་དང་པོར་འ་ཡིག་འབྱུང་བའི་ཕྱིར་དང་། ལུས་ཀྱི་རྩ་ཡི་གེའི་གཟུགས་བསམ་གྱིས་མི་ཁྱབ་པ་འདུལ་བའི་གཉེན་པོར་ཡི་གེའི་རྣམ་བཞག་དབྱེ་བསྡུ་བསམ་གྱིས་མི་ཁྱབ་པས་ལེགས་སྦྱར་ཁོ་ན་ལ་བསྟུན་ནས་མེད་པར་སྒྲུབ་མི་ནུས་ཏེ། འཕགས་ཡུལ་གྱི་ཡི་གེ་ལ་བོད་ཡིག་ལྟར་བར་ཆོག་ཡོངས་གྲགས་ལ་མེད་ཀྱང་རྒྱུད་ལས་འབྱུང་ཞིང་ལུང་རིགས་མན་ངག་གི་ཚད་མས་གྲུབ་པས་ན། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་གསུངས་པ་ལྟར་ཨོ་རྒྱན་ཆེན་པོའི་ཐུགས་གཉིས་མེད་ཡེ་ཤེས་ཀྱི་གཟིགས་པ་ལ་རྟོག་གེ་པས་བརྟགས་དཔྱད་བྱེད་པ་ནི། མ་དག་པས་དག་པ་སུན་འབྱིན་འབྲི་གུང་པའི་དམག་རྩིས་དང་མོན་སྤ་གྲོའི་ཤེར་ཕྱིན་

(༥༨༥)སུམ་བརྒྱ་པའི་ཞུ་དག་གི་དཔེར་ཟད་ཅིང་ངལ་བ་དོན་མེད་པའོ། །ལྷ་དབྱེའི་སྐབས་བསྒྲལ་བྱ་དེའི་སྟོབས་དང་ནུས་པ་མགོན་བྱེད་ཀྱི་ལྷ་སྲུང་ཐམས་ཅད་རང་ཉིད་ལ་བསྟིམ་ཞིང་། ཕུང་ཁམས་བརླག་བྱེད་གཤེད་མར་གྱུར༔ ཞེས་པའི་སྐབས་སྤྱི་བོར་ལྷ་བདུད་ཡ་མ་རཱ་ཛ་བུང་བས་མེ་ཏོག་འཇིབས་པ་ལྟ་བུ། མགྲིན་པར་འཆི་བདག་གི་བདུད་མྱོས་བྱེད་འབར་བ་སྡིག་པ་དམར་པོ་བྲག་ལ་འཛེག་པ་ལྟ་བུ། སྙིང་གར་ཉོན་བདུད་ཨཱརྻ་མེ་རུ་སྡིག་པ་རཱ་ཙ་ནག་པོའི་རྣམ་པ། ལྟེ་བར་ཕུང་བདུད་རལ་པ་ཚལ་དགུ་སྦལ་པ་མགོ་གྱེན་བསྟན་དུ་གནས་པ་རྣམས་དགྲ་བོའི་རང་གཤེད་དུ་བབ་སྟེ། འཁོར་ལོ་བཞིའི་རྩ་ཉལ་གྱིས་བཅང་ཅིང་ཀླད་ཁྲག་ཁྲུག་གིས་འདྲེས་པར་བསམ་མོ། །དེ་ནས་འཁོར་འདས་ཡེ་དག་ཀུན་བཟང་གི་ཕུར་བ། དུག་ལྔ་རྣམ་དག་སྐུ་ལྔའི་ཕུར་པ། དུག་གསུམ་རང་གྲོལ་སྐུ་གསུམ་གྱི་ཕུར་པ་སྟེ་ཆོས་ཉིད་བཞི་རྫོགས་ཕུར་བུའི་ལྟ་དགོངས་དང་ལྡན་པས། སྲས་མཆོག་ལས་ཀྱི་ཕུར་བུ་དྲག་སྔགས་དང་བཅས་པས་གདབ་ལ་རྣམ་ཤེས་སྤར་ཞིང་དུག་ལྔ་དུག་གསུམ་ཡེ་གྲོལ་

(༥༨༦)གྱི་དགོངས་པས་ཨ་གསུམ་དང་ཕཊ་གསུམ་གྱིས་རྣམ་ཐར་སྒོ་གསུམ་དུག་གསུམ་ཡིད་བྱེད་དང་བྲལ་བའི་དང་ལས་འབྲས་བུ་སྐུ་གསུམ་གྱི་ཀློང་དུ་བསྟིམ་མོ། །དེ་ནས་ཞལ་བསྟབ་ལ་ཉེས་སྐྱོན་སྦྱང་ཕྱིར་བྱིན་རླབས་དང་དཀྱིལ་འཁོར་ལྷ་ཚོགས་ལ་འབུལ་བ་གཞུང་གསལ་ལྟར་བྱ་ཞིང་། དྲག་པོའི་ལས་ལ་ཐུགས་དམ་གནད་ནས་བསྐུལ་བ་ལ། ཧཱུྃ་གསུམ་ཡུལ་གསུམ་གསལ་པ་བསྐྱེད་རྫོགས་ཟུང་འཇུག་གི་ངང་ནས། དང་པོ་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་གྲོ་ལོད་དང་། གཉིས་པ་ཁྲོ་བོ་བཅུ་བསྐུལ་པ་ལ། སྦས་གསང་གབ་པའི་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་ལས། དང་པོ་སྦས་པའི་ཁྲོ་བོ་བཅུ་ནི། སྟེང་གི་ཁྲོ་བཅུ་འབར་བ་སྟེ། ཁྲོ་བོ་གནོད་མཛེས་དང་། མེ་ལོང་སྣང་བྱེད་དང་། ཡོན་ཏན་སྙིང་པོ་དང་། གཟི་ལྡན་འབར་བ་དང་། ལྷུན་གྲུབ་སྣང་བྱེད་དང་། འཁོར་ལོ་ཆེན་པོ་དང་། གསོད་བྱེད་ཆེན་པོ་དང་། ཟ་བྱེད་བརྟུལ་ཞུགས་ཅན་དང་། བསྐྱེད་བྱེད་རླུང་ཞགས་ཅན་དང་། གཟི་བརྗིད་འབར་བ་ཅན་ནོ། །གཉིས་པ་གསང་བའི་ཁྲོ་བོ་བཅུ་ནི། ཧཱུྃ་ཀ་ར། རྣམ་རྒྱལ། གཤིན་རྗེ། རྟ་མགྲིན། བདུད་རྩི་འཁྱིལ་བ། དབྱུག་སྔོན།

(༥༨༧)མི་གཡོ་བ། འདོད་རྒྱལ་ལམ་གཞན་གྱིས་མི་ཐུབ་པ། ཁམས་གསུམ་རྣམ་རྒྱལ། སྟོབས་པོ་ཆེའོ། །གསུམ་པ་གབ་པའི་ཁྲོ་བོ་བཅུ་ནི། རྫོགས་པ་ཆེན་པོའི་ཁྲོ་བཅུ་སྟེ། བིཥྞུ་འཇོམས་པའི་རྒྱལ་པོ། སྟོབས་གཟུགས་འཇིགས་བྱེད། གཟི་ལྡན་འོད་ཟེར། འཇིགས་བྱེད་འོད་འབར། སྟོང་གསུམ་ཁྱབ་བྱེད། ཁམས་གསུམ་ཧཱུྃ་སྒྲ། ཁམས་གསུམ་ཡོངས་སྒྲོལ། སྐར་མདའ་འཕེན། མེ་ཁྱེར་གློག་ཕྲེང་། ནམ་མཁའི་མདངས་ཕྲོག་དང་བཅུའོ། །ཕྱི་ནང་གསང་བའམ་སྤྲས་གསང་གབ་པའི་ཁྲོ་བཅུ་ཐམས་ཅད་སྐུ་མདོག་དམར་ནག་རྡོ་རྗེ་ཕུར་པ་འཛིན་པ་ཤ་སྟག་སྒོམ་ཆོག་སྟེ། གཙོ་བོའི་སྐུ་མདོག་ཕྱག་མཚན་སྒོམ་ཆོག་པ་གཏེར་ཆེན་རིག་པ་འཛིན་པས་གསུངས་སོ། །གསུམ་པ་སྦས་གསང་གབ་པའི་ཁྲོ་མོ་རྣམས་ལས་ལ་བསྐུལ་བ་ནི། མ་གཅིག་སྲིད་པའི་རྒྱལ་མོ་མུ་ཁ་ལེ༔ ཞེས་པ་བཅོམ་ལྡན་འདས་ཆེ་མཆོག་མངོན་རྫོགས་རྒྱལ་པོའི་ཡུམ་ཉིད་བཞི་མུ་ཁ་ལེ་ཞེས་མ་མོ་མཁའ་འགྲོ་ཐམས་ཅད་ཀྱི་གཙོ་མོ་བཅོམ་ལྡན་འདས་མ་ཀུན་ཏུ་བཟང་མོ་དྲག་མོའི་སྐུར་

(༥༨༨)བཞེངས་པའོ། །དེ་ཡང་བཀའ་བརྒྱད་འབྱེད་ལྡེ་ལས། ཡུམ་ཆེན་ཀུན་ཏུ་བཟང་མོ་ནི༔ མཁའ་བཞི་བདེ་ཀློང་གཅིག་ཏུ་འཁྱིལ༔ དབུ་གཅིག་ཞལ་ལྔ་སྲིད་པ་གསལ༔ སོགས་ལུང་འདྲེན་མང་ཡང་ཡིག་ཚོགས་ལ་བསམས་ནས་དེ་ཙམ་ལས་མ་སྤྲོས་སོ། །སྦས་གསང་གབ་པའི་མ་མོ་ལ། བཀའ་བརྒྱད་ལྟར་ན། ཕུང་བྱེད་སྦས་པའི་མ་བཞི་དང་། །གསང་བའི་མ་མོ་གསུམ། ཡང་གབ་མ་བཞི་ཡོད་ཀྱང་། འདིར་ཡོངས་གྲགས་དབང་ཕྱུག་ཉེར་བརྒྱད་ཕྱི་ནང་གསང་གསུམ་དུ་སྦྱར་བ་ནི། སྒྱུ་འཕྲུལ་སྙིང་པོ་བཀོད་པ་ལས། ཕྱི་ཡི་མཁའ་འགྲོ་རང་རྒྱུད་མ། །ནང་གི་མཁའ་འགྲོ་ཁྲོ་མོར་སྟོན། །གསང་བའི་སྤྲུལ་པ་མགོ་བརྙན་མ། །བཀའ་རྟགས་རྡོ་རྗེ་རང་རྟགས་འཆང་། །ཞེས་གསུངས་པ་ལྟར་རོ། །བཞི་པ་སྦས་གསང་གབ་བའི་དྲག་པོ་ཐུགས་ཀྱི་ལྷ་ཚོགས་བླ་མ་རིག་འཛིན་དང་བཅས་པ་ལས་ལ་བསྐུལ་བ་ནི། ཧཱུྃ་གསུམ་སྔ་ཕྱི་ཐམས་ཅད་འདྲ་ཞིང་། སྦས་བའི་ལྷ་བཛྲ་ཧེ་རུ་ཀ་སྟེ་ཡང་དག །གསང་བའི་ལྷ་རྡོ་རྗེ་གཏུམ་པོ་ཕྱག་རྡོར། གབ་པའི་ལྷ་གྲོ་ལོད་མཐིང་ག་དང་ཀུན་བཟང་ཡབ་ཡུམ་སོགས་རིག་འཛིན་བརྒྱུད་པའི་བླ་མ་

(༥༨༩)རྣམས་སོ། །ལྔ་པ་ཡོན་ཏན་གྱི་ལྷ་ཚོགས་དང་། གསུང་མཆོག་རྟ་ཕག་ཡབ་ཡུམ་དྲག་མོ་ཐོག་འབེབས་མ་བཅས་ལས་ལ་བསྐུལ་བ་ནི། སྦས་པའི་ལྷ་རཏྣ་ཧེ་རུ་ཀ །གསང་བའི་ལྷ་ཆེ་མཆོག་ཧེ་རུ་ཀ །གབ་པའི་ལྷ་གྲོ་ལོད་སེར་པོ། པདྨ་གསུང་གི་དཀྱིལ་འཁོར་ལ་སྦས་པའི་ལྷ་པདྨ་ཧེ་རུ་ཀ །གསང་བའི་ལྷ་རྟ་མགྲིན། གབ་པའི་ལྷ་གྲོ་ལོད་དམར་པོ་དང་། གཞན་ཡང་ཕག་ཁྲོས་སེང་གསུམ་སོགས་མ་མོ་རྦོད་གཏོང་གི་ལྷ་ཚོགས་དང་བཅས་པ་རྣམས་སོ། །དྲུག་པ་ཕྲིན་ལས་ཀྱི་ལྷ་ཚོགས་བཀའ་སྲུང་སྡེ་བརྒྱད་འཁོར་དང་བཅས་པ་བསྐུལ་བ་ནི། སྦས་པའི་ལྷ་ཀརྨ་ཧེ་རུ་ཀ །གསང་བའི་ལྷ་རྡོ་རྗེ་གཞོན་ནུ། གབ་པའི་ལྷ་གྲོ་ལོད་ལྗང་གུ་དྲེགས་འཇོམས་རྩལ་དཔལ་མགོན་མ་ནིང་སོགས་བཀའ་སྲུང་དམ་ཅན་རྒྱ་མཚོ་ལས་བྱེད་ཤན་པའི་དམག་ཚོགས་དང་བཅས་པ་རྣམས་སོ། །བདུན་པ་བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་ཐ་ཚིག་བསྒྲགས་ཤིང་ཐུགས་དམ་གནད་ནས་བསྐུལ་བ་ནི། རིག་འཛིན་རྡོ་རྗེ་གྲོ་ལོད་སྤྱན་སྔ་རུ༔ སོགས་གཞུང་གསལ་ལྟར་རོ། ༈ དེ་ནས་ཟློག་

(༥༩༠)པའི་ཕྲིན་ལས་བཅོལ་བའི་ཚེ། གྲོ་ལོད་རིགས་ལྔ། ཕག་མོ། སེང་གདོང་མ་སོགས་གཙོ་འཁོར་ཡོངས་རྫོགས་ཀྱི་སྐུ་ལས་ཡེ་ཤེས་ལྔའི་མེ་རི་ཁ་དོག་སྣ་ལྔ་འབར་བའི་ཀློང་ནས་རང་རང་གི་ཕྱག་མཚན་རྣམས་དང་བྱ་ཁྱུང་ལྕགས་སྡིག་དང་བཅས་པ་ཐོག་སེར་བུ་ཡུག་ལྟར་འཚུབས་པས། དགྲ་བགེགས་བྱད་ཁ་ལྟས་ངན་ཆོ་འཕྲུལ་ཐམས་ཅད་རྩྭ་སྦུར་མེས་བསྲེགས་པ་ལྟར་དམིགས་མེད་དུ་བརླག་པར་བསྒོམས་ལ་ཟློག་བྱད་འདོན། ཕྲིན་ལས་མགོན་པོ་མ་ནིང་ནི་སྲོག་བདུད་ལས་ལ་ཆས་པ་དང་ཏྲཀྴད་མཚན་གྱི་རྣམ་གྲངས་ཙམ་ལས་ངོ་བོ་གཅིག་པས་དེ་དག་གསལ་བ་དང་། ནང་འཁོར། བར་འཁོར། ཕྱི་འཁོར། ཡང་འཁོར་དང་བཅས་པ་ལ་ཟློག་པའི་ཕྲིན་ལས་བཅོལ་བར་བྱའོ། །བཅོམ་ལྡན་ཀུན་བཟང་ཆེ་མཆོག་སྐབས་ཀྱི་གཏོར་ཆུང་ལས་མགོན་ཟློག་གཏོར་དུ་འབུལ་བ་དཔལ་སྤུངས་ལུགས་སོ། །དཔལ་བྲོ་སྔགས་འཆང་གི་ཕྱག་བཞེས་སུ་ཟློག་པ་ཚར་རེ་བཞིན་ཁྲོ་རྒྱལ་འབར་བ་དང་། དེ་ནས་ཏྲཀྴད་ཀྱི་རྦད་བསྐུལ་ཧཱུྃ་མ་ཧཱ་ཀཱ་ལ་མཐོ་བོ་ཆེ་གསུངས་ཤིང་

(༥༩༡)ཚར་རྗེས་མའི་སྐབས་སུ་ཏྲཀྴད་རྦད་བསྐུལ་རྗེས་སུ་རྩད་ཟློག་དང་། དེ་ནས་རིགས་ལྔའི་སྟོང་ཟློག་གསུངས་པ་ཡིན་ནོ། ༈ ལས་མགོན་གཏོར་རྦད་ཏྲཀྴད་ཟློག་པའི་ཚེ་དམིགས་རིམ་ནི་ཡིག་ཆུང་ལས། བདག་མདུན་བསྐྱེད་རྫོགས་གསལ་བར་བསྒོམ༔ མ་ཡེངས་རྩེ་གཅིག་རིག་པ་བསྒྲིམ༔ ཧུར་ཕྱུང་ངར་འདོན་ནུས་རྩལ་སྤྲུགས༔ གུས་པའི་ཡིད་ཀྱིས་དྲན་རིག་བརྟེན༔ གདུང་བའི་ང་རོས་འདི་སྐད་དོ༔ ཞེས་གསུངས་པ་ལྟར་བདག་ཉིད་འཁོར་འདས་ཟིལ་གནོན་དཔལ་ཆེན་གྲོ་ལོད་ཧེ་རུ་ཀའི་ང་རྒྱལ་བརྟན་པའི་ངང་ནས་རིག་པ་ཧུར་ཕྱུང་པ་སྟེ། གསལ་བའི་དྭངས་ཆའམ་དར་དང་ལྡན་པས་ལས་མགོན་འཁོར་བཅས་དགྲ་ལ་རྦད་ཅིང་ལས་ལ་ཆས་པའི་ཕྲིན་ལས་བཅོལ་བ་སྟེ། གོང་དུ་གྲོ་ལོད་ཟློག་པ་འདོན་སྐབས་ནས་ཏྲཀྴད་ཀྱི་ཟློག་གཏོར་ལྟར་གསལ་ཡོད་ན་དེ་ཉིད་སླར་ཡང་གསལ་འདེབས་ཀྱིས་འདོན་པ་ཡིན་ཀྱང་འདིར་ཏྲཀྴད་ཀྱི་ལས་གཏོར་ལ་གསར་དུ་བསྐྱེད་པ་གལ་ཆེ་བ་སྟེ། སྔ་མ་གྲོ་ལོད་ཀྱི་ཚེ་མོས་པ་ཙམ་ལས་གཙོ་བོ་གྲོ་ལོད་གཙོ་འཁོར་ལ་དམིགས་

(༥༩༢)པའི་ཕྱིར་རོ། །དེ་ཡང་གཞུང་གསལ་ལྟར་ལས་མགོན་གྱི་ནུས་པའི་རྩལ་ཤུགས་ལ་ཡིད་ཆེས་ཤིང་གཏུམ་དྲག་མེ་ལྟར་འབར་བའི་དང་ནས། ཕྲིན་ལས་ཀྱི་མགོན་པོའི་རྒྱན་ཆ་ལུགས་དང་ལས་ཆས་རེས་འགའི་འཁོར་བདུན་ནམ་སྤྲུལ་པ་བདུན་ཤིན་ཏུ་གསལ་ལ། དེ་འདྲ་གྲངས་མེད་ཉི་ཟེར་གྱི་རྡུལ་ལྟར་འཚུབས་པ། ངོ་བོ་ཡེ་ཤེས་ལྔ་ལས་མ་འདས་ཀྱང་རྣམ་པ་འདོད་ཆགས་ཆུ་ལྟར་ཁོལ་བའི་མ་མོ། ཞེ་སྡང་མེ་ལྟར་འབར་བའི་གཤིན་རྗེ་མོ། གཏི་མུག་མུན་ལྟར་གཏིབས་པའི་ཀླུ་མོ། ང་རྒྱལ་རི་ལྟར་སྤུངས་པའི་བདུད་མོ། ཕྲག་དོག་རླུང་ལྟར་འཚུབས་པའི་བཙན་མོ་རྣམས་ལའང་རང་འདྲ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་ལྕགས་ཀྱུ་དང་ནད་རྐྱལ་ཐོགས་ནས་དགྲ་སྙིང་ཟ་བ། གཞན་ཡང་བྱ་ནག་ཁྱི་ནག །གནོད་སྦྱིན་ཁྱུང་ཞོན། དམ་ཅན་འཕར་ཞོན། ཞིང་སྐྱོང་དོམ་ཞོན། གླང་སྨྱོན་སྣ་ལ་མཚོན་ཆའི་འཁོར་ལོ་ཐོགས་པ་དང་། གནོད་སྦྱིན་ཕོ་མོ། བདུད་པོ་སྡེ་བརྒྱད། རུ་འདྲེན་སྡེ་བདུན་སོགས་གཅིག་ལ་འབུམ་ཕྲག་དུ་མས་བསྐོར་བ། བདུད་དམག་

(༥༩༣)མ་མོ། དྲེགས་པ་སོགས་ཀྱི་དམག་དཔུང་གི་ཚོགས་དང་། རང་བྱུང་གི་དུར་ཁྲོད་བརྒྱད་ནས་ཤ་ཟ་རོ་ལངས་དུར་བྱ་ཀངྐ་མ་མོ་མཁའ་འགྲོ་སོགས་མདོར་ན་སྣང་སྲིད་འཁོར་འདས་རབ་འབྱམས་ཐམས་ཅད་ལས་ཀྱི་མགོན་པོའི་དམག་ཏུ་གྱུར་ནས། དམ་ཉམས་དགྲ་བོའི་གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་ཀྱི་ཕུང་པོ་ལྔ་དང་། ཕྱི་ཡུལ་གྱི་ཁམས་དྲུག །ནང་དབང་པོའི་ཁམས་དྲུག །གསང་བ་རྣམ་ཤེས་ཀྱི་ཁམས་དྲུག་སྟེ་ཁམས་བཅོ་བརྒྱད་དང་། ཕྱི་ཡུལ་གྱི་སྐྱེ་མཆེད་དྲུག །ནང་རྣམ་ཤེས་ཀྱི་སྐྱེ་མཆེད་དྲུག་དང་བཅུ་གཉིས་རྣམས་མིང་མེད་རྩད་ནས་བརླག་པའི་ཕྲིན་ལས་མཛད་པར་བསམས་ལ་རྦད་སྔགས་རོལ་ཆེན་དང་བཅས་ལས་གཏོར་ཏྲཀྴད་ཀྱི་ཟློག་གཏོར་ནང་དུ་འབུལ་ལོ། ༈ གྲོ་ལོད་ཀྱི་རྩད་ཟློག་གཏེར་སློབ་ཆོས་དབང་ལ་གནང་བ་མི་འགྱུར་རྡོ་རྗེའི་གསུང་འཁྲུལ་མེད་ཡིན་པས་གཏོར་ཟློག་སྐབས་སུ་གསུངས་ན་ལེགས། རྩང་གི་ཚད་ནི་བཀའ་བརྒྱད་ལས། ཕྱི་རྩད་མཐོ་གསུམ་དང་སོར་བཞི། ནང་རྩད་མཐོ་ཕྱེད་དོ་ཞེས་འབྱུང་ངོ་། །འཇུག་ཚུལ་ཡང་དེ་ཉིད་ལས། །

(༥༩༤)དྲག་པོའི་རྩང་བཙུགས་ཕུར་སོ་རིས༔ རྒྱས་པའི་རྩད་བཙུགས་འཚུམ་མ་རིས༔ ལས་ཀྱི་རྩང་བཙུགས་སྲིན་མོ་འགྲོས༔ ཞེས་སོ། །རྩང་རབས་བྱུང་ཚུལ་བཀའ་བརྒྱད་དུ་རྒྱས་པར་འབྱུང་ཡང་མ་བྲིས་སོ། །རྩང་གི་ངོ་བོ་ནི་སྟོང་ཉིད་སྙིང་རྗེ་ཟུང་འཇུག །དེས་ཚིག་ནི་རྩང་ཕུར་ཏེ་དྲག་པོའི་མཚོན་ཆ། དབྱེ་བ་ནི་ལས་བཞིའི་རྩང་ཕུར་རོ། །སྔོན་བྱུང་ནི་སྒྲུབ་མཆོག་མ་ཧཱ་རཀྴས་དྲག་སྔགས་སྒྲུབ་པའི་ནུས་མཐུ་ལས་གདུག་པ་ཅན་གྱི་དུག་ཤིང་སྐྱེས་ཏེ། རྩ་བ་སྲིན་པོའི་ཡུལ་དུ་སྐྱེས་པས་སྲིན་པོས་ཁྲག་གིས་བྲན། སྲིན་མོས་དུག་གིས་བྲན་ཅིང་སྨོན་ལམ་བཏབ། ཡལ་ག་བདུད་ཀྱི་ཡུལ་དུ་རྒྱས་པས་བདུད་ཀྱིས་སྐྱེ་ཤི་གཉིས་ཀྱི་ཁྲམ་ཡིག་བྲིས། རྩེ་མོ་ལྷའི་ཡུལ་དུ་སླེབས་པས་ལྷ་ཆེན་རྣམས་ཀྱིས་ལྷའི་མཚོན་ཆར་བྱིན་གྱིས་བརླབས། སྒྲུབ་མཆོག་སྲིན་པོ་ཆེན་པོས་རིགས་ངན་ཤན་པ་གཅེར་བུ་ལ་གཅོད་དུ་བཅུག་སྟེ། བཅད་པ་ཤར་ནས་བཅད། ཡོ་པ་ལྷོ་རུ་ཡོ། འགྱེལ་བ་ནུབ་ཏུ་འགྱེལ། ཆག་པ་བྱང་དུ་ཆག་པས། ཞི་རྒྱས་དབང་དྲག་གི་ལས་གྲུབ་

(༥༩༥)པའི་ལྟས་སུ་མཐོང་ནས། དྲག་པོའི་རྩང་ཕུར་འཁོར་འདས་གཉིས་ཀྱི་མཐའ་བསལ་ཕྱིར་ཡར་རྩེ་མར་རྩེ་གཉིས་ལྡན། མཐའ་གང་དུའང་མི་གནས་པའི་ཕྱིར་ལྟེ་བ་རྒྱ་མདུད། ངོ་བོ་ཡེ་ཤེས་ལྷའི་ཕྱག་མཚན་མཚོན་ཆ། རྣམ་པ་བརྡ་དོན་རྟགས་ཀྱི་ཕྱག་རྒྱ། རྣམ་པ་རྩད་ཕུར་ཉིད། བརྡ་སྒྱུ་འཕྲུལ་དྲྭ་བ་སྟེ་ཕན་ཚུན་བསྣོལ་སྟབས་སུ་འབྲེལ་བ། དོན་ཐབས་དང་ཤེས་རབ། རྟགས་བཀའ་སྲུང་ཕོ་ཉའི་སྲོག་ཕུར། ཆོས་ཉིད་ཀྱི་དྲྭ་བ་རྒྱ་གང་དུའང་མ་ཆད་པ་མིག་མང་རིས། འཁོར་བའི་དྲྭ་བ་ཕྲ་ཞིང་རྒྱས་པ་སྐྲ་ཤད་འཛིང་འདྲའི་རིས། ཉོན་མོངས་པའི་དྲྭ་བ་རང་ངོ་རང་གིས་མ་ཤེས་པས་བཅིང་བ་རྒྱུའི་རིས། ཤེས་རབ་ཀྱི་དྲྭ་བ་རང་ངོ་རང་གིས་ཤེས་པ་མ་རིག་སྒོ་འབྱེད་རིས། སྤྲུལ་པའི་དྲྭ་བ་སྣ་ཚོགས་སུ་སྣང་བས་ཅིར་ཡང་བསྒྱུར་བའི་རིས། གདུག་པ་ཅན་རྣམས་བཟུང་ཞིང་འཛུད་པའི་སྣོད། སྤྲུལ་པའི་ཕོ་ཉ་མྱུར་མགྱོགས་རྒྱུག་བའི་སྲོང་། ཉམས་པའི་དགྲ་བགེགས་འཆོར་བ་མེད་པའི་དྲྭ་བ། གང་ལ་དམིགས་པ་འཐག་ཅིང་གཅོད་པའི་མཚོན་ཆ། ཡར་

(༥༩༦)རྩེ་ཆོས་ཉིད་དབྱིངས་སུ་སླེབ་མར་རྩེ་ངན་སོང་གསུམ་ལ་གཟིར་བ་སྟེ། འཁོར་འདས་གཉིས་ལ་ཁྱབ་པ་དེ་ལས་མི་འདའ་བས་བཀའ་རྟགས་ཀྱི་ཕྱག་རྒྱ་ཡིན་པ། དེ་ཉིད་ཡིན་ལ་ཡིན་བཞིན་དུ་མངའ་གསོལ་ཞིང་གཟི་བྱིན་བསྐྱེད་དེ་ལས་ལ་བསྐུལ་བའོ། །སྤྲུལ་པའི་ཕྲ་མན་ལྟས་ངན་ཟློག་བྱེད་ནི་མ་ངེས་སྣ་ཚོགས་གཞུང་དུ་གསལ་བ་དེའོ། རྩང་ཟོར་གྱི་དབལ་ལ་སྲ་སྙི་མེད་དེ་རྡོ་རྗེའི་བྲག་ཀྱང་འདམ་རྫབ་ལྟར་ཟང་ཐལ་དུ་འབིགས་པ། དྲག་སྔགས་ཡུངས་ཀར་གྱི་ཐུན་ཟོར་ལ་ཉེ་རིང་མེད་དེ་མཐའ་མེད་རྒྱ་མཚོའི་ཕར་འགྲམ་སོགས་གང་དུ་གནས་ཀྱང་འབིགས་པར་བྱེད་པ། དེ་བཞིན་དུ་དམིགས་པའི་འབེན་ཆེ་བ་ལ་རི་རབ་ཙམ་དང་། ཆུང་བ་ལ་ཡུངས་འབྲུ་ཙམ་དང་། མ་མོའི་ཐུན་མདའ་ལ་ཉེ་བ་དྲུང་དང་རིང་བ་རྒྱང་དང་། ཡུངས་ཀར་ཐུན་རྫས་བུ་ཡུག་ལྟར་འཚུབས་པ་ལ་གྱེན་དང་མཐུར། ཕོ་ཉ་ལས་མཁན་གྱི་ལས་བཞི་ལ་དཀའ་བ་སྟོང་གསུམ་གྱི་འཇིག་རྟེན་འདེགས་པ་དང་། སླ་བ་སེན་རྡིལ་འཕེན་པ་གཉིས་ལ་ཁྱད་པར་སྤུ་ཙམ་ཡང་མེད་པ་སྟེ། གང་ལའང་ཐོགས་

(༥༩༧)པ་མེད་པའི་རྣོ་མྱུར་ནུས་རྩལ་དང་ལྡན་པས་ན་བསྟན་དགྲ་དམ་ཉམས་ཐལ་བར་རློག་ཅིག་ཅེས་ལས་ལ་བསྐུལ་བའོ། ༈ རིགས་ལྔ་སྟོང་ཉིད་ཀྱི་ཟློག་པ་ལ་གཉིས། སྤྱི་དོན་དང་གཞུང་དོན་ནོ། །དང་པོ་སེམས་ཉིད་སྐུ་བཞི་དང་སྐུ་ལྔར་ངོ་སྤྲད་པ་ནི། སེམས་ཉིད་སྐྱེ་བ་མེད་པ་ཆོས་སྐུ། འགགས་པ་མེད་པ་ལོངས་སྐུ། གསལ་སྟོང་དབྱེར་མེད་པ་སྤྲུལ་སྐུ། སྐུ་གསུམ་དབྱེར་མེད་བློའི་ཡུལ་ལས་འདས་པ་ངོ་བོ་ཉིད་སྐུ། སེམས་ཉིད་འཁོར་འདས་ཀུན་ཁྱབ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད། གསལ་ལ་འགགས་པ་མེད་པ་དེར་འཛིན་དང་བྲལ་བ་མེ་ལོང་ཡེ་ཤེས་རྡོ་རྗེ་སེམས་དཔའ། གསལ་བཞིན་དུ་ངོ་བོས་སྟོང་པ་བཟང་ངན་སྤང་བླང་དང་བྲལ་བ་མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་ལྡན། སྟོང་བཞིན་དུ་རིག་པའི་ཆར་སྒོམ་འགགས་པ་སོ་སོར་གསལ་བ་སོར་རྟོག་ཡེ་ཤེས་སྣང་བ་མཐའ་ཡས། སེམས་ཉིད་གསལ་སྟོང་ཟུང་འཇུག་ལྷུན་གྱིས་གྲུབ་པ་དེ་བྱ་

(༥༩༨)གྲུབ་ཡེ་ཤེས་དོན་ཡོད་གྲུབ་པའོ། །དེ་ལྟར་ངོ་སྤྲད་པ་ཙམ་གྱིས་མི་ཕན་ཏེ། གོ་བ་བརྡེ་རྒྱུ་དང་ཉམས་ཡལ་རྒྱུ་ཡིན་པས་ཉམས་ལེན་ཧྲིལ་གྱིས་དྲིལ་ན། འགྱུ་ཙམ་གྱི་ཤེས་པ་སྐད་ཅིག་མ་དང་པོ་དེ་ལ། ཤེས་པས་བདག་བཟུང་དང་གཉེར་ཁ་མི་བྱེད། དམིགས་བྱའི་ཡུལ་མི་སྤྲོ། གཉིས་མེད་བློ་བཟོས་མི་བཀོད། གསལ་ཆའི་དགའ་བདེ་ལ་མི་ཞེན། ཉམས་རྟོགས་ཀྱི་ཡོན་ཏན་ལ་རེ་བའི་བྲོད་པ་མི་བྱེད། རྣམ་པ་འགག་མེད་དུ་ཤར་བའི་རྗེས་ཕྱིར་མི་འབྲང་། རང་གསལ་གྱི་ཡུལ་ཤེས་མི་དགག །སེམས་ཉིད་ངོ་བོ་སྟོང་པ་ཉིད་ལ་བཅོས་བསླད་ཀྱི་འདུ་མི་བྱ་བར་འཇོག་དགོས་མ་གཏོགས། ཡིད་ཀྱི་འགྱུ་བ་རེ་ནམ་ལྡང་མ་ཐག་ཏུ་དེ་ལ་རྩད་རྗེས་གཅོད་པ་དང་། ངོ་ལྟ་ཕྱོགས་འཇོག་ཙམ་དང་རང་ཞི་རང་ཡལ་དུ་འགྲོར་བཅུག་པའི་ཕྱོགས་རེ་བ་སྤངས་ཏེ། རྟོག་པ་གང་སྐྱེས་དེ་མ་བཅོས་པའི་ཤེས་པ་དེ་ལས་གཞན་པའི་བཟོ་བཅོས་དང་དགག་སྒྲུབ་མེད་ཅིང་། བློས་ཐུག་དོགས་མེད་པར་མ་བཅོས་ཟང་ཐལ་དུ་སྐྱོང་། དཔེར་ན་བར་སྣང་སྟོང་པའི་དབྱིངས་ལ་རིག་པ་

(༥༩༩)རིག་པ་སེར་བུ་རྒྱུ་བའི་འགྲོས་ལ་གལ་མེད་དུ་བལྟ་བ་ལྟར་སྐྱོང་བ་སྟེ། དོན་ལ་འཛིན་མེད་ཀྱི་དྲན་པ་དང་སོ་སོ་མ་བྲལ་བའི་ངང་ནས་འདོན་པ་སྟེ། དེ་ཡང་སེམས་ཀྱི་གསལ་ཆའམ་སྣང་ཆ་འགགས་པ་མེད་པ་བསྐྱེད་རིམ། སེམས་ཀྱི་རང་བཞིན་ནམ་སྟོང་ཆ་སྐྱེ་མེད་བརྗོད་མེད་དུ་ཝལ་ལེ་བ་དེ་རྫོགས་རིམ། དེ་གཉིས་དབྱེར་མེད་པའམ་གསལ་སྟོང་དབྱེར་མེད་དམ་བསྐྱེད་རྫོགས་ཟུང་འཇུག་གི་ངང་ནས་ཟློག་པ་བྱེད་པའོ། །གཉིས་པ་གཞུང་དོན་ལ་བདུན། ཀུན་བཟང་རྣམ་སྣང་། མི་བསྐྱོད། རིན་འབྱུང་། སྣང་མཐའ། དོན་གྲུབ། རིགས་འདུས་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་ཟློག་པའོ། །དང་པོ་ཀུན་བཟང་ཞི་ཁྲོའི་སྔགས་སྔོན་དུ་འགྲོ་བས། སེམས་དང་ལྷ་སྐུ་དབྱེར་མེད་ཅེས་བྱ་བ་སེམས་ཉིད་གསལ་སྟོང་འཛིན་མེད་ཡེངས་མེད་ཀྱི་ངང་ནས། ཚིག་དོན་རྣམས་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟར་ལམ་ལམ་པའི་ཀློང་ནས། ཕ་རོལ་བྱད་མའི་མཐུ་སྟོབས་ནུས་པ་ཐམས་ཅད་བསྐྱེད་རིམ་གསལ་བའི་ཀློང་དུ་ཟློག་པར་གྱུར་ཅིག །རྫོགས་རིམ་

(༦༠༠)སྟོང་པའི་ཀློང་དུ་མེད་པར་གྱུར་ཅིག །གསང་སྟོང་བསྐྱེད་རྫོགས་ཟུང་འཇུག་གི་ཀློང་དུ་ཞི་བར་གྱུར་ཅིག །ལྟ་བ་སེམས་སྡེ་ཆོས་དབྱིངས་ཨ་ཏི་ཁྱབ་གདལ་ཆེན་པོའི་ཀློང་དུ་ངག་པར་གྱུར་ཅིག །དེ་ཡང་ལྟ་བ་ཆོས་དབྱིངས་ཨ་ཏི་ཁྱབ་གདལ་ནི། འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་ཞལ་སློབ་གནམ་ཆོས་མི་འགྱུར་རྡོ་རྗེ་དང་ཐུགས་རྒྱུད་གཅིག་པ་གཏེར་སྟོན་ཤེས་རབ་འོད་ཟེར་གྱིས། དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཨ་ཏི་ཡེ་དག་རོ་མཉམ་ཆེན་པོ་ཉིད། །ཡོད་མིན་མེད་མིན་སྟོང་མིན་མི་སྟོང་མིན། །རང་བཞིན་གཤིས་ལ་གཞལ་ན་ཐམས་ཅད་མིན། །ཞེས་སོགས་གསུངས་པ་བཞིན་ནོ། །ཏ་ཐཱ་ག་ཏ་སརྦ་བཛྲ་ས་མ་ཡ༔ ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་དམ་ཚིག་ལས་མ་འདའ། ཕ་རོལ་བྱད་མ་སོད་ཅིག །སྟོང་ཉིད་སྙིང་རྗེའི་ཀློང་དུ་བྷྱོ་བྷྱོ༔ ཟློག་ཟློག༔ དེ་ཡང་རྗེ་བཙུན་བཞད་པ་རྡོ་རྗེས། ལྷ་མེད་འདྲེ་མེད་ལྟ་བའི་གདིང་། །ཞེས་གསུངས་པ་ལྟར་རོ། །སྣང་བ་སྣོད་ཀྱི་འཇིག་རྟེན་ཁམས། སྲིད་པ་བཅུད་ཀྱི་སེམས་ཅན། འཁོར་བ་སེམས་ཅན་དང་

(༦༠༡)འདས་པ་སངས་རྒྱས་གཉིས་དགྲར་ལྡང་བའི་ཆོ་འཕྲུལ་ཐམས་ཅད་ལྟ་བ་ཀློང་སྡེ་ཡེ་སྟོང་ཨ་ཏི་ཁྱབ་གདལ་གྱི་ནུས་པས་བྱང་གཏད་ཐམས་ཅད་སྟོང་པ་ཉིད་ཀྱི་དབྱིངས་སུ་ཟློག་པར་གྱུར་ཅིག །སྒོམ་པ་དང་བཞག་འཛིན་མེད་ཀྱི་ངང་དུ་མེད་པར་གྱུར་ཅིག །སྤྱོད་པ་རང་གྲོལ་བྱར་མེད་ཀྱི་ངང་དུ་ཞི་བར་གྱུར་ཅིག །དེ་ཡང་རྗེ་པྲཛྙཱ་ར་སྨིས། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །རང་བཞིན་པ་བ་ཡིན་སྟོང་པས་ཕན་ཅི་ཡོད། །སོ་མ་དང་བཞག་མ་བཅོས་རང་ག་མ། །ཐ་མལ་ཤེས་པ་རང་གྲོལ་རྒྱལ་བའི་ལམ། །རང་རིག་རང་གྲོལ་གཉེན་པོས་བཅོས་མི་དགོས། །ཡེ་གྲོལ་བསྐྱར་གཞི་མེད་དེ་གདོད་མའི་དང་། །གཅེར་གྲོལ་ངོ་བོ་མེད་དེ་བདེན་པས་སྟོང་། །རང་གྲོལ་སྙིང་པོ་མེད་དེ་རང་བཞག་ཉིད། །འགྱུ་གྲོལ་རང་སར་དག་སྟེ་སྐད་ཅིག་མ། །ཤར་གྲོལ་དུས་མཉམ་ཡིན་ཏེ་སྔ་ཕྱི་མེད། །མ་བཅོས་རང་བཞག་རང་བབ་ཀ་དག་ཀློང་། །ངོ་བོ་རང་བཞིན་ཐུགས་རྗེའི་དོན་རྟོགས་ཤོག །ཅེས་སོ། །ལར་འདི་དོན་སྐོར་ཟངས་སྦུབ་མར་ཞིབ་རྒྱས་བྲིས་ཡོད་

(༦༠༢)ཀྱང་གལ་ཆེ་བས་ཡང་བསྐྱར་ཟློས་པ་ལ་མ་འཛེམས་པར་དོན་ལ་ངེས་པ་རྙེད་ཕྱིར་བྲིས་པའོ། །མཐར་བལྟ་བྱ་ལྟ་བྱེད་ལས་བྱུང་བའི་ཆོས་ཉིད་ཀྱང་ཟད་ནས་དབྱིངས་རིག་འདྲེས་པས་རང་གསལ་རང་གྲོལ་དམིགས་མེད་བློ་འདས་ཆེན་པོའི་ཀློང་དུ་དག་པར་གྱུར་ཅིག །དེ་ཡང་རྗེ་ཤེས་རབ་འོད་ཟེར་གྱིས། དང་པོ་རྒྱུ་ཡིས་མ་བསྐྱེད་དབྱིངས་ལྔ་ཤར། །བར་དུ་རྐྱེན་གྱིས་མ་བསྐྱེད་ཚོམ་བུ་གྲུབ། །ཐ་མ་ལྟ་བའི་གནས་དག་དབྱིངས་རིག་འདྲེས། །ཡིད་སྤྱོད་དང་བྲལ་མངོན་སུམ་མཐར་ཕྱིན་ཤོག །ཅེས་སོ། །དེ་ཡང་ཕྱི་སེམས་སྡེ་ཨ་དོན་བཅོ་བརྒྱད། ནང་ཀློང་དགུ་བམ་པོ་ཉི་ཁྲི་ཆིག་སྟོང་། གསང་བ་མན་ངག་སྡེ་ཕྱི་ནང་གསང་བའི་སྐོར་གསུམ་གཅིག་དུ་དྲིལ་ནས། གཞི་དབུ་མ། ལམ་ཕྱག་ཆེན། འབྲས་བུ་རྫོགས་ཆེན་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཟློག་པའོ། །དེ་དག་གི་རྩལ་ཡེ་ཤེས་ལྔའམ་རིགས་ལྔ་ཐོད་ཕྲེང་རྩལ་གྱི་སྒོ་ནས་ཡང་ཟློག་བྱ་བ་ལ། རིགས་ལྔ་སོ་སོའི་སྔགས་མཐར་ཟློག་སྔགས་སྦྱར་ནས་སྔགས་ཟློག་བྱ་བ་ཐམས་ཅད་མཚུངས་སོ། །

(༦༠༣)དེ་ཡང་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཨ་ཏི་ཞི་གནས་ཅེས་པ་ཤིན་ཏུ་ཞི་བར་གནས་བ་བདེ་སྟོང་དབྱེར་མེད་ཆོས་དབྱིངས་ཡེ་ཤེས་ཡིན་པ་ཤེས་དགོས། ཞི་གནས་ལྷག་མཐོང་གི་ཞི་གནས་མ་ཡིན་ནོ། །རིགས་ལྔ་ཐམས་ཅད་འདྲ་བ་ལ་བསྐྱེད་རིམ་ཀྱི་ངང་དུ་ཟློག་པར་གྱུར་ཅིག །རྫོགས་རིམ་ཀྱི་ངང་དུ་མེད་པར་གྱུར་ཅིག །བསྐྱེད་རྫོགས་ཟུང་འཇུག་གི་ངང་དུ་ཞི་བར་གྱུར་ཅིག །ཆོས་དབྱིངས། མེ་ལོང་། སོར་རྟོག །མཉམ་ཉིད། བྱ་གྲུབ་སྟེ་ཡེ་ཤེས་ལྔའི་ཀློང་དུ་དག་པར་གྱུར་ཅིག་པའོ། །གཉིས་པ་ནི། ཉོན་མོངས་གཏི་མུག་འབྱུང་བ་སའི་མནན་གཏང་། བསྐྱེད་རིམ་ཨ་འཐས་ཀྱི་དམིགས་པ་གཏད་ཅིང་ཐུན་ཟོར་འཕེན་བ་ཐམས་ཅད་སྐུ་རྣམ་པར་སྣང་མཛད་ཆོས་དབྱིངས་ཡེ་ཤེས་ཀྱི་ཀློང་དུ་ཟློག་པའོ། །གསུམ་པ་ནི། དེ་བཞིན་དུ་ཉོན་མོངས་པ་ཞེ་སྡང་འབྱུང་བ་མེའི་གཟིར་རྦད་ཐུན་ཟོར་ཐོག་རྒོད་ཐམས་ཅད་ཐུགས་མི་བསྐྱོད་པ་མེ་ལོང་ལྟ་བུའི་ཡེ་ཤེས་དཔེར་ན་མེ་ལོང་ནང་དུ་ཡེ་ཤེས་ཀྱི་གཟུགས་རང་སར་གསལ་ཡང་སྤང་བླང་གཉིས་འཛིན་གྱི་རྟོག་

(༦༠༤)བ་དང་བྲལ་བའི་རིག་པའི་རང་རྩལ་ལ་ཐོགས་རྡུག་མེད་པས་ནམ་མཁའི་ཐོག་ལྟར་མྱུར་བ་རྡོ་རྗེའི་ཆོས་བདུན་ལྡན་ནོ། །བཞི་པ་ནི། ཉོན་མོངས་པ་ང་རྒྱལ་ཆེ་བཙན་གྱི་འགྲན་སེམས། མཉེས་པའི་ཁ་ཡོག་དགྲ་གྱོད་ཁ་མཆུ་མི་ཁ་གཏམ་ངན། ང་རྒྱལ་གྱི་བྲག་རི་ལས་བསམ་ངན་སྦྱོར་རྩུ་བས་རྦབ་ལྟར་འགྲིལ་བ་ཐམས་ཅད་ཡོན་ཏན་རིན་ཆེན་འབྱུང་ལྡན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཟད་པ་མེད་པ་རྒྱ་མཚོ་ལྟ་བུའོ། །ལྔ་པ་ནི། ཉོན་མོངས་པ་འདོད་ཆགས་ཀྱི་རྒྱུ་རྐྱེན་ལ་བརྟེན་པའི་འདྲེ་གདོན་འབྱུང་པོ་ཐམས་ཅད། གསུང་སྣང་བ་མཐའ་ཡས་སོ་སོར་རྟོག་པའི་ཡེ་ཤེས་དྲན་རིག་རྗེན་པ་བར་སྣང་གི་སིར་བུའམ་རི་དྭགས་ལ་རླུང་རྫིས་ཐེབས་པ་ལྟར་རྣམ་རྟོག་བདག་པོ་མེད་པའམ་གཉེར་ཁ་མེད་པར་མ་ལུས་པར་ཡེངས་མེད་དྲན་རྫིས་ཟིན་པ་སྟེ། རྗེ་བཙུན་མི་ལ་བཞད་པ་རྡོ་རྗེས། སེམས་ལ་རྣམ་རྟོག་འདུག་པ་ན། །རང་སེམས་དྲན་པའི་ལྕགས་ཀྱུས་ཟུངས། །འཁོར་འདས་གཉིས་སུ་མ་འཛིན་པར། །མཉམ་པ་ཉིད་ཀྱི་ངང་དུ་ཞོག །གང་ཤར་རྗེས་མེད་ངང་དུ་སྐྱོང་། །ཞེས་སོ། །དྲུག་

(༦༠༥)པ་ནི། ཉོན་མོངས་པ་ཕྲག་དོག་གི་གནོད་པ་རླུང་ལྟར་གཡོ་བ། ལུས་ངག་ཡིད་ལ་ཐོ་འཚམས་པ་སྟེ་བར་ཆད་བྱེད་པ། ཕ་རོལ་གཞན་སྡེའི་རྒོལ་བ་དང་། མ་མོ་འཁྲུགས་པའི་དལ་ཡམས། སྔོ་དམར་ནད་ཀྱི་ཁ་རླངས། སྡེ་བརྒྱད་ཐམས་ཅད་ཀྱི་ནང་ནས་འགྱུ་ལྡོག་ཐེའུ་རང་གིས་བྱེད་པས་ཐེའུ་རང་ཤིས་སྟོང་འཁྲུགས་བྱེད་པའི་རྐྱེན་ལ་བརྟེན་ནས་ཕྲག་དོག་གི་རླུང་དམར་ཁོངས་ནས་འཚུབ་ཅིང་སྡང་བའི་གནོད་འཚེ་ཐམས་ཅད་ཕྲིན་ལས་དོན་ཡོད་གྲུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་ལེ་ལོ་སྙོམ་ལས་རང་སར་དག་པའི་དྲན་རིག་སོ་མདར་དང་ལྡན་པ། བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པ་རིག་རྩལ་ཀྱི་འཁོར་ཡུག་ཆེན་པོ་འཁྲུལ་མེད་དུ་འཁོར་བའི་ཀློང་ནི་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་སངས་རྒྱས་ཀྱི་ཕྲིན་ལས་ཉོན་མོངས་པས་གོས་པ་མེད་པར་རྟག་ཅིང་ཁྱབ་པ་བར་མེད་དུ་འཁོར་བའི་དོན་ཏེ། ཆོས་རྗེ་རང་བྱུང་བས། རྒྱལ་བའི་ཡེ་ཤེས་སེམས་ཅན་ལ། །ཞུགས་ཀྱང་དེ་བཞིན་གོས་པ་མེད། །འདི་ལ་འཁྲུལ་པའི་མིད་མི་བརྗོད། །བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་སོ། །གོང་གི་དྲན་

(༦༠༦)རིག་སོ་མདང་དང་ལྡན་པ་ནི་ཐ་མལ་གྱི་ཤིས་པ་ལ་གཅེར་གྱིས་ལྟ་བ་སྟེ། རྗེ་བཙུན་ཆེན་པོས། རྣལ་འབྱོར་མི་ལ་རས་པ་ངས། །གཅེར་གྱིས་བལྟས་པས་ངོ་བོ་མཐོང་། །སྤྲོས་བྲལ་ནམ་མཁའི་དཀྱིལ་ལ་ལར་མཐོང་། །ཅོག་གིས་བཞག་པས་གནས་ལུགས་རྟོགས། །དངོས་ཀུན་སྟོང་པའི་ངོ་བོར་རྟོགས། །ལྷོད་ཀྱིས་གློད་པས་རང་ས་ཟིན། །རིག་པའི་ཆུ་བོ་དྭངས་སྙིགས་ཕྱེད། །ལིང་གིས་བོར་བས་དྲན་རྟོག་ཆད། །འགྲོ་དྲུག་གཡང་ས་རྦད་ཀྱིས་ཆོད། །ཅེས་སོ། །བདུན་པ་ནི། ཐོད་ཕྲེང་རྩལ་དྲག་སྔགས་ཀྱི་ཤམ་བུ་བཏགས་པ་སྔོན་དུ་འགྲོ་བས། དུག་གསུམ། སྲིད་གསུམ། ལྷ་འདྲེའི་ཆོ་འཕྲུལ། གཟུགས་ཅན་མིའི་རྣོ་མཚོན་འདེབས་པ་སོགས་སྐུ་གསུམ་ཡེ་རྫོགས་ཆོས་སྐུ་ཐིག་ལེ་ཉག་ཅིག །སྐུ་ལྔ་རང་ཆས་སུ་གྲུབ་པའི་དྲན་རིག་རྗེན་པ་ས་ལེར་གནས་པ། གཉུག་མའི་ངོ་བོ་ཡེ་ནས་མ་བཅོས་པའི་འོད་སྐུ་ཞེས་པ་ནི། གོང་བཤད་སེམས་ཉིད་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་སྣ་ཚོགས་སུ་ཤར་བ་སྤྲུལ་སྐུ་སྟེ། སྐུ་གསུམ་སྐུ་བཞི་ཡེ་ཤེས་

(༦༠༧)ལྔ་ཞེས་ངོ་བོ་གཅིག་ལྡོག་པ་ཐ་དད་དུ་བསྟན་པ་ཡིན་ལ། དེ་ཡང་དཀྱིལ་འཁོར་གཙོ་མཆོག་བླ་མ་རིག་འཛིན་པདྨ་ཐོད་ཕྲེང་རྩལ་ལ་ཐམས་ཅད་རྫོགས་པའི་ངང་ནས་འཁོར་འདས་གཏིང་ནས་ཟློག་པ་སྟེ། དེ་ཡང་གཉུག་མ་ཞེས་པ་ནི། མཉམ་མེད་དྭགས་པོ་རིན་པོ་ཆེས། གཉུག་མ་ཞེས་པའི་དོན་ཅི་ལ་ཟེར་ན། རྟེན་གང་ལ་ཡང་མ་བཅས་ལ། གོ་གར་ཡང་མ་འགགས་པ། ཕྱོགས་གར་ཡང་མ་ལྟུང་བ། ཕུག་གར་ཡང་མ་གཏད་པ། དཔེ་གང་གིས་ཀྱང་མཚོན་དུ་མེད་པ། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས་པ་ལ་ཟེར་ཞེས་པའི་དོན། རྟེན་མ་བཅས་པ་ནི་ཤེས་པ་ཅི་ལ་ཡང་མི་གནས་པ། གོ་གར་ཡང་མ་འགགས་པ་ནི་རེ་དོགས་དགག་སྒྲུབ་མེད་པ། རྟག་ཆད་ཀྱི་ཕྱོགས་སུ་མ་ལྟུང་བ། ཕུག་གར་ཡང་མ་གཏད་པ་ནི་གང་ལའང་འདོད་པ་མེད་པ། དཔེས་མི་མཚོན་པ་ནི་ངོས་བཟུང་དང་བྲལ་བ། བརྗོད་པས་མི་ཕེབས་པ་ནི་སྨྲ་བསམ་བརྗོད་མེད་དོ། །དེ་ཡང་སྐྱེ་འཆི་བགྲེས་རྒུད་དང་བྲལ་བ་འཇའ་ལུས་འོད་སྐུ་

(༦༠༨)གཞོམ་གཞིག་དང་བྲལ་བའི་ནུས་རྩལ་དང་བདེན་པས། འབྲས་བུ་སྐུ་ལྔ། སྐུ་གསུམ་ལྷུན་གྲུབ་རོལ་པའི་ཁྱབ་གདལ་ཆེན་པོ་མ་ཧཱ་ཡོ་གའི་ཀློང་དུ་ཞི་བར་གྱུར་ཅིག །ཨ་ནུ་ཡོ་གའི་ཀློང་དུ་དག་པར་གྱུར་ཅིག །ཨ་ཏི་ཡོ་གའི་ཀློང་དུ་བྱང་བར་གྱུར་ཅིག །སྤྱི་ཏི་ཡོ་གའི་ཀློང་དུ་གཏན་ནས་འཇོམས་པར་གྱུར་ཅིག །ཡང་ཏི་ཡོ་གའི་ཀློང་དུ་གཏིང་ནས་ཟློག་པར་གྱུར་ཅིག །སྔགས་ཟློག་ཞི་དྲག་གཉིས་ཀྱི་དམོད་པ་དང་ཐལ་རྡེབ་ནི། དྲག་སྔགས་དམོད་པའི་ངར་འདོགས་སོ། །ངེས་པའི་དོན་སྙིང་པོར་དྲིལ་ན། བཟློག་བྱ་བྱད་ཕུར་རྦོད་གཏོང་། ཟློག་བྱེད་ལྷ་སྔགས་ཏིང་ངེ་འཛིན། ཟློག་པ་པོ་ཧེ་རུ་ཀ་གསུམ་སེམས་ཉིད་ཆོས་དབྱིངས་ཁྱབ་གདལ་ཆེན་པོ་ལས་མ་འདས་པའི་ངང་ནས་ཟློག་པ་བྱེད་པ་སྟེ། དངོས་གནས་ནི། སྒོམ་སྤྲོས་བྲལ་གྱི་རང་ངོ་མཐོང་བས་འབྱུང་ལ། བཏགས་པ་ཙམ་ནི་རྗེས་མཐུན་མོས་སྒོམ་བྱེད་པ་རྣམས་ཀྱིས་སོ། །བཟློག་གཞུང་ཁུར་པོ་གཅིག་ལས་དཀའ་བའི་དོན། །བགྲང་བྱའི་ཁུར་མང་མཐོང་བྱེད་རབ་ཚ་ཡང་། །མཁན་པོའི་ཁུར་འཛིན་

(༦༠༩)རཏྣས་འབད་དེ་བྲིས། །ཟག་བཅས་ཉོན་མོངས་ཕུང་པོའི་ཁུར་སྤངས་ཤིང་། །བརྩོན་འགྲུས་དམ་བཅའི་ཁུར་པོ་མཐར་ཕྱིན་ནས། །གཞན་དོན་འབད་རྩོལ་ངལ་བའི་ཁུར་བོར་བ། །ཁུར་བྲལ་ཕྲིན་ལས་ལྷུན་གྲུབ་དཔལ་འབར་ཤོག །སུ་ཛ་ཡནྟུ།། །།


no previousཡེ་གསང་ཐུགས་གཏེར་གྱི་ཟིན་བྲིས་ལས། ལམ་མདོས་ཡས་ཟོར་གྱི་བཅའ་ཐབས་སྒོམ་དོན་རབ་གསལ་བཞུགས་སོ། །no next