Nitartha Digital Library
Tibetan
 
no previousདམ་པའི་ཆོས་མངོན་པའི་བཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད།next

དམ་པའི་ཆོས་མངོན་པའི་བཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད།


DLL1003_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་མངོན་པའི་བཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ།


DLL1003_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བྱི་རུའི་མདངས་དང་འདྲེས་པའི་གསེར་བཟང་མདོག །མདོག་ལེགས་ཤེས་བྱ་མ་ལུས་ལྷང་ངེར་མཁྱེན། །མཁྱེན་རབ་དབང་ཕྱུག་འཇམ་དབྱངས་འགྲོ་བའི་སྐྱབས། །སྐྱབས་མཆོག་ཁྱེད་ཀྱིས་རབ་འབྱམས་ཤེས་རབ་སྩོལ། །རྣམ་པཀྲའི་གཟུགས་ལ་མིག་གིས་ལྟ་བ་བཞིན། རྣམ་མང་རྒྱལ་བའི་གསུང་རབ་མཐའ་དག་ལ། །རྣམ་དག་མཁྱེན་པ་ཐོགས་པ་མེད་འཇུག་པ། །ཐོགས་མེད་སྐུ་མཆེད་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཐམས་ཅད་གཅིག་བསྡུས་རྡོ་རྗེ་འཆང་། །གདུལ་བྱའི་དོན་དུ་བཤེས་གཉེན་ཚུལ་འཛིན་པ། །བློ་བཟང་གྲགས་པའི་དཔལ་ཞེས་ས་གསུམ་གྱི། །སྐྱེ་དགུའི་


DLL1003_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་མཆོག་ལ་ཕྱག་འཚལ་ལོ། །ལེགས་བཤད་དར་བའི་མཁྱེན་པ་མཁའ་ལྟར་ཡངས། །འགྲོ་ལ་མ་ལྟར་བརྩེ་བ་རྒྱུན་དུ་གོམས། །ཐུབ་བསྟན་རིན་ཆེན་རྒྱས་པའི་འཕྲིན་ལས་ཅན། །རྒྱལ་ཚབ་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ། །དོན་གཉིས་སྒྲུབ་ལ་རབ་དཀར་དགེ་ཚོགས་ཀུན། །རྣམ་དག་སྨོན་པའི་འདུན་པ་བཏང་ཙམ་གྱིས། །འཕྲིན་ལས་ལྷུན་གྱིས་གྲུབ་པའི་དཔལ་མངའ་བའི། །བདག་གི་ཡོངས་འཛིན་དེ་ལ་གུས་བཏུད་ནས། །དམ་པ་དེ་ཡི་ཞལ་གྱི་བུམ་བཟང་ལས། །ལེགས་པར་འོངས་པའི་ལེགས་བཤད་པདུད་རྩིའི་རྒྱུན། །རང་དང་གཞན་ལ་ཕན་པར་བྱ་བའི་ཕྱིར། །སྒྲོ་སྐུར་སྤངས་ཏེ་ཟིན་བྲིས་བྲི་བར་བྱ།། །།དེ་ལ་འདིར་བརྗོད་བྱ་གཞི་ལྔ་རྗོད་བྱེད་གནས་བརྒྱད་ཀྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པ་ཆོས་མངོན་པའི་མཛོད་འཆད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །


DLL1003_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་གཉིས། མཚན་བསྒྱུར་བ་དང་། མཚན་བཤད་པའོ། །དང་པོ་ནི། རྩ་བ། རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོ་ཥཱ་ཀཱ་རི་ཀཱ །བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུ་བྱས་པ། རྒྱ་གར་གྱི་སྐད་དུ་བསྟན་བཅོས་འདིའི་མཚན་ལ། ཨ་བྷི་དྷརྨ་ཀོ་ཥཱ་ཀཱ་རི་ཀཱ་ཞེས་བྱ་ལ། དེ་བོད་སྐད་དུ་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ཞེས་པའོ། །གཉིས་པ་ནི། དེ་ཡང་ཨ་བྷི་ནི་མངོན་པ། དྷརྨ་ནི་ཆོས། ཀོ་ཥཱ་ནི་མཛོད། ཀཱ་རི་ཀཱ་ནི་ཚིག་ལེའུར་བྱས་པའོ། །བསྟན་བཅོས་ཀྱི་མཚན་སཾ་སྐྲྀ་ཏའི་སྐད་དུ་སྨོས་པ་ལ་ནི་གཞུང་ཁུངས་བཙུན་པར་བསྟན་པའི་དགོས་པ་ཡོད་དེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འཚང་རྒྱ་བའི་གནས་རྡོ་རྗེ་གདན་ཡིན་པས་རྒྱ་གར་རིག་པའི་འབྱུང་གནས་ཏེ་རྒྱ་སྐད་སྨོས་པས། རྒྱ་གར་མར་འདུག་སྙམ་ནས་དངོས་པོ་ལ་བསྟན་བཅོས་དེ་ཙམ་ལས་མེད་ཀྱང་འབྱུང་ཁུངས་བཟང་བས་ཉན་བཤད་ལ་འཇུག་སྟེ། དཔེར་ན་ཚོང་པ་ཀུན་ཀླུང་ཁམས་ཀྱི་ནས་ཡོད་བྱས་ན་བྱུང་ས་བཟང་བས་ཚོང་ལ་འཇུག་པ་དང་འདྲའོ། །རྒྱ་སྐད་མེད་ན་དངོས་པོ་ལ་བསྟན་བཅོས་ལེགས་ཀྱང་བོད་མའོ་སྙམ་ནས་ཉན་བཤད་ལ་མི་འཇུག་སྟེ། དཔེར་ན། ཕུ་གསུམ་པའི་


DLL1003_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡོད་བྱས་ན་དངོས་པོ་ལ་ནས་བཟང་ཡང་ངན་ནོ་སྙམ་ནས་ཚོང་ལ་མི་འཇུག་པ་བཞིན་ནོ། །ཡང་སཾ་སྐྲྀ་ཏའི་སྐད་བཟང་པོ་ལ་བག་ཆགས་གཞག་པའི་དགོས་པ་ཡོད་དེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སངས་རྒྱས་ནས་སཾ་སྐྲྀ་ཏའི་སྐད་དུ་ཆོས་གསུངས་པས། ད་ལྟ་འདི་ཙམ་ལ་འདྲིས་པས་ཀྱང་བག་ཆགས་ཀྱིས་རང་གི་ངང་གིས་སྐད་ཤེས་ནས་འོང་བ་དང་། ཡང་སྒྲ་ཐད་ལོག་ལ་མཁས་པའི་དགོས་པ་ཡོད་པས་སོ། །འོ་ན་མཚན་ཐོག་མར་སྨོས་པའི་དགོས་པ་གང་ཞེ་ན། གླེགས་བམ་ཚེགས་ཆུང་ངུས་རྙེད་པ་དང་། གང་ཡིན་རྟོགས་སླ་བའི་དགོས་པ་ཡོད་དོ། །རྒྱ་སྐད་དང་པོད་སྐད་ཕན་ཚུན་མཚམས་སྦྱར་ཏེ་སྨོས་པའི་དགོས་པ་ནི། ལོ་ཙཱ་བའི་དྲིན་ཤེས་ནས་བྱས་པ་གཟོ་བ་ལ་འཇུག་པའི་ཆེད་ཡིན་ནོ། །མཚན་དོན་དངོས་ཀྱི་དོན་འོག་ཏུ་འཆད་དོ། །གཉིས་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་སོ། །འདི་ཡང་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་བཀས་བཅད་དང་བསྟུན་པ་སྟེ། མདོ་སྡེའི་ཐོག་མར་


DLL1003_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་སེམས་ལ་ཕྱག་འཚལ། འདུལ་བའི་སྡེ་སྣོད་ཀྱི་ཐོག་མར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ། མངོན་པའི་སྡེ་སྣོད་ཀྱི་ཐོག་མར་འཇམ་དཔལ་ལ་ཕྱག་འཚལ་ཞེས་བཀས་བཅད་པས་སོ། །གསུམ་པ་ལ་གཉིས། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག །བརྩམ་པའི་བསྟན་བཅོས་ཀྱི་ལུས་དངོས་སོ། །དང་པོ་ལ་གསུམ། མཆོད་བརྗོད་སྔོན་དུ་འགྲོ་བས་རྩོམ་པར་དམ་བཅའ་བ་དང་། སྤྲོ་བ་སྔོན་དུ་འགྲོ་བས་མཚན་གྱི་དོན་བཤད་པ་དང་། དགོས་པ་སྔོན་དུ་འགྲོ་བས་སྟོན་པས་གསུངས་པར་བསྒྲུབ་པའོ། །དང་པོ་ལ་གཉིས། མཆོད་བརྗོད་དང་། རྩོམ་པར་དམ་བཅའ་བའོ། །དང་པོ་ནི། དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །གང་ཞིག་ཅེས་སོགས་ཏེ། འདི་ནི་དགོས་དོན་བསྡུས་དོན་ཚིག་དོན་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་དགོས་དོན་ལ་བཞི་ཡོད་དེ། གནས་སྐབས་ཀྱི་དགོས་པ་སྟོན་པའི་ཆེ་བ་ཤེས་པ་དང་། བསོད་ནམས་འཕེལ་བ་དང་། དམ་པའི་སྤྱོད་པ་དང་མཐུན་པའོ། །མཐར་ཐུག་གི་དགོས་པ་ནི་ཐར་པ་ཐོབ་པའོ། །དེ་སྐད་དུ་ཡང་འགྲེལ་པ་ལས། བསྟན་བཅོས་བྱེད་པར་འདོད་པས་རང་གི་སྟོན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར། དེ་ལ་ཡོན་ཏན་རྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་བརྩམ་མོ། །ཞེས་པ་དང་མཐུན་ནོ། །ཆེ་བ་ཤེས་པ་ལ་ཡང་དགོས་པ་ཡོད་དེ། དེ་ལ་གུས་པ་བསྐྱེད་ནས་


DLL1003_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་ཉན་པ་ལ་འཇུག་ཅིང་། ཉན་པས་ཀྱང་རིམ་གྱིས་ཐོས་བསམ་སྒོམ་པའི་ཤེས་རབ་བསྐྱེད་ནས་ཐར་པ་ཐོབ་པའི་ཕྱིར་རོ། །སྟོན་པའི་གསུང་རབ་ལ་གུས་པས་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་གུས་པ་ཡང་ཤུགས་ལ་འགྲུབ་སྟེ། དེས་དེའི་ཚིག་དོན་འཆད་པའི་ཕྱིར། བསྡུས་དོན་ནི། ཚིགས་བཅད་འདིས་སྟོན་པ་ལ་ཕུན་སུམ་ཚོགས་པ་གསུམ་མངའ་བའི་སྒོ་ནས་ཕྱག་འཚལ་བ་དང་། བཤད་པར་དམ་བཅའ་བསྟན་པ་ཡིན་ནོ། །ཚིག་དོན་ལ། ཕྱག་འཚལ་ལོ། །གང་ལ་ན། ཕུན་སུམ་ཚོགས་པ་གསུམ་མངའ་བའི་སྟོན་པ་བཅོམ་ལྡན་འདས་ལའོ། །གང་གིས་ན། དབྱིག་གཉེན་གྱིས་སོ། །དུས་ནམ་གྱི་ཚེ་ན། བསྟན་བཅོས་རྩོམ་པའི་ཐོག་མར་རོ། །ཚུལ་ཇི་ལྟར་ན། སྒོ་གསུམ་གུས་པའི་སྒོ་ནས་སོ། །དགོས་པ་ནི། རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པ་དང་། གནས་སྐབས་དང་མཐར་ཐུག་གི་དོན་དུ་མ་འགྲུབ་པའི་ཆེད་དུའོ། །འོ་ན། བཅོམ་ལྡན་འདས་ལ་ཕུན་སུམ་ཚོགས་པ་གསུམ་ཇི་ལྟར་མངའ་ཞེ་ན། དེ་ཆོས་ཅན། ཕུན་སུམ་ཚོགས་པ་གསུམ་མངའ་སྟེ། རང་དོན་ཕུན་ཚོགས། གཞན་དོན་ཕུན་ཚོགས། དེ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་གསུམ་མངའ་བའི་ཕྱིར། བཅོམ་ལྡན་འདས་གང་ཞིག་ཆོས་ཅན། རང་དོན་ཕུན་ཚོགས་མངའ་སྟེ། ཀུན་ལ་མུན་པ་གཏན་བཅོམ་པའི་སྤངས་


DLL1003_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐར་ཐུགས་རྙེས་པའི་ཕྱིར། གལ་ཏེ། གང་ཞིག་ཅེས་པ་བཅོམ་ལྡན་འདས་ལ་གོ་བ་མི་འཐད་དེ། སྤྱི་སྒྲ་ཡིན་པས་སོ་ཞེ་ན། །སྐྱོན་མེད་དེ། དེ་སྤྱི་སྒྲ་ཡིན་ཡང་སྤྱི་སྒྲ་ཁྱད་པར་ལ་འཇུག་པ་ལ། སྐབས་སྟོབས་ཀྱིས་འཇུག་པ་དང་། ཁྱད་པར་གྱི་ཚིག་དང་འབྲེལ་བས་འཇུག་པ་སོགས་དུ་མ་ཡོད་པས། འདིར་ཀུན་ལ་མུན་པ་གཏན་བཅོམ་ཞེས་པའི་ཁྱད་པར་གྱི་ཚིག་དང་འབྲེལ་བའི་དབང་གིས་འཇུག་པའི་ཕྱིར། ཁྱབ་སྟེ། ཀུན་ལ་མུན་པ་གཏན་བཅོམ་པ་དེ་སངས་རྒྱས་མ་གཏོགས་པ་གཞན་ལ་མེད་པའི་ཕྱིར། དཔེར་ན་བྲམ་ཟེ་དཀར་ཤམ་གོས་དཀར་པོ་གྱོན་པ་ལ་བྱིན་ཅིག་ཅེས་བརྗོད་པ་ལས་བྲམ་ཟེ་ལྷ་སྐྱིད་ལ་གོ་བ་བཞིན་ནོ། །དེ་ཡང་འགྲེལ་པ་ལས། གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ། །ཞེས་སོ། །ཀུན་ལ་ཞེས་པས་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་ཆོས་རྣམས་བཟུང་བ་ཡིན་ཏེ། མདོ་ལས། བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཇི་སྙེད་པ་དེ་སྙེད་དོ། །ཞེས་སོ། །མུན་པ་ནི་བདག་ཏུ་འཛིན་པའི་རྩ་བ་ཅན་གྱི་ཕྲ་རྒྱས་བཅུ་འཁོར་དང་བཅས་པ་ཉོན་མོངས་པ་ཅན་གྱི་མི་ཤེས་པའི་མུན་པ་དང་། མི་ཤེས་པའི་རྒྱུ་བཞི་ལ་སོགས་པ་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པའི་མུན་པ་ལ་བརྗོད་པ་ཡིན་ཏེ། འཇིག་རྟེན་ན་གྲགས་པའི་མུན་པས་གཟུགས་མཐོང་བ་ལ་སྒྲིབ་པ་བཞིན་དུ། མི་ཤེས་པ་གཉིས་པོ་དེས་ཀྱང་གནས་ལུགས་མཐོང་བ་ལ་སྒྲིབ་པའི་ཕྱིར། འོ་ན་མི་ཤེས་པའི་རྒྱུ་བཞི་གང་ཞེ་ན། སངས་རྒྱས་ཀྱི་ཆོས་ཟབ་ཅིང་ཕྲ་པས་མི་ཤེས་པ་ནི། སྟོན་པས་


DLL1003_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཤེས་སམ། ཤཱ་རིའི་བུས་གསོལ་པ། དེ་ནི་མ་འཚལ་ཏོ་ཞེས་པ་ལྟ་བུའོ། །ཡུལ་ཤིན་ཏུ་བསྐལ་བས་མི་ཤེས་པ་ནི། མོ་དགལ་གྱི་བུས་རང་གི་མ་བྱང་ཕྱོགས་འོད་ཟེར་ཅན་གྱི་འཇིག་རྟེན་དུ་སྐྱེས་པ་མ་ཤེས་པ་ལྟ་བུའོ། །དུས་ཤིན་ཏུ་བསྐལ་བས་མི་ཤེས་པ་ནི། ཤཱ་རིའི་བུས་ཁྱིམ་བདག་དཔལ་སྐྱེས་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ་ཡོད་པ་མ་ཤེས་པས་རབ་ཏུ་མ་བྱུང་བ་ན། སྟོན་པས། ངས་ནི་འདི་ཡི་ཐར་པ་ཡི། །ས་བོན་ཤིན་ཏུ་ཕྲ་བ་དག །ཚོན་ནམ་རྡོ་ཡི་གསེབ་ན་གསེར། །བག་ལ་ཞ་བའི་ཚུལ་དུ་གཟིགས། །ཞེས་གསུངས་ནས་རབ་བྱུང་གནང་བ་ལྟ་བུའོ། །རྣམ་པའི་དབྱེ་བ་མཐའ་ཡས་པས་མི་ཤེས་པ་ནི། ཁམས་དང་འགྲོ་བ་དང་སྐྱེ་གནས་དང་སྐྱེ་བ་ལ་སོགས་པའི་བྱེ་བྲག་རྟོགས་དཀའ་བ་རྣམས་ཏེ་དེ་དག་མི་ཤེས་པ་ནི་དཔེར་ན། རྨ་བྱའི་མདོངས་ཀྱི་ཁ་དོག་སྣ་ཚོགས་པའི་རྒྱུ་མི་ཤེས་པ་ལ་སོགས་པ་ལྟ་བུ་སྟེ། གནས་བརྟན་སྒྲ་གཅན་ཟིན་གྱིས། རྨ་བྱའི་མདོངས་ནི་གཅིག་པུ་ཡི། །རྒྱུ་ཡི་དབྱེ་བ་སྣ་ཚོགས་པ། །ཀུན་མཁྱེན་མིན་པས་ཤེས་བྱ་མིན། །དེ་མཁྱེན་པས་ན་ཀུན་མཁྱེན་སྟོབས། །ཞེས་གསུངས་པ་ལྟ་བུའོ། །དེ་ནས་གཞུང་འདིས་སྤངས་པ་ཕུན་ཚོགས་དངོས་སུ་བསྟན་ནས་རྟོགས་པ་ཕུན་ཚོགས་ཤུགས་ལ་བསྟན་ཏེ་སྤངས་པ་ནི་ཡེ་ཤེས་ལ་མི་འཁྲུལ་བའི་ཕྱིར་རོ། །སྦྱོར་བ་ལ། བཅོམ་ལྡན་འདས་ཆོས་ཅན། རང་དོན་ཕུན་ཚོགས་མངའ་སྟེ། སྤངས་


DLL1003_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཕུན་ཚོགས་མངའ་བའི་ཕྱིར། འདིས་ནི་ཉན་ཐོས་སོགས་ལས་སྤངས་པ་ཁྱད་པར་དུ་བསྟན་ཏེ། དེ་དག་ལ་ཉོན་སྒྲིབ་སྤངས་པ་ཙམ་ཡོད་ཀྱང་ཉམས་པ་སྲིད་པ་དང་། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་རྣམ་པ་ཐམས་ཅད་དུ་མ་སྤངས་པའི་ཕྱིར། བཅོམ་ལྡན་འདས་ཆོས་ཅན། གཞན་དོན་ཕུན་ཚོགས་མངའ་སྟེ། འཁོར་བའི་འདམ་ལས་འགྲོ་བ་རྣམས་སྐལ་པ་ཇི་ལྟ་བ་བཞིན་དུ་དྲངས་པར་མཛད་པའི་ཕྱིར། ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་ཆོས་ཅན། འཁོར་བ་ཞེས་བྱ་སྟེ། སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བའི་ཕྱིར། འཁོར་བ་ལ་འདམ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འདམ་དེ་སྦ་སྦུར་ཀུན་འཆགས་པའི་གནས་ཡིན་པ་དང་། བརྒལ་བར་དཀའ་བ་དང་། གཞན་ལ་བརྟེན་ནས་བརྒལ་དགོས་པ་བཞིན་དུ། འཁོར་བ་འདི་ཡང་ཀུན་འཆགས་པའི་གནས་ཡིན་པ་དང་། སྲེད་པའི་རླན་དང་བཅས་པས་བརྒལ་བར་དཀའ་བ་དང་། སངས་རྒྱས་ལ་བརྟེན་ནས་བརྒལ་དགོས་པའི་ཕྱིར། ཁོ་ན་རེ། སྐལ་པ་ཇི་ལྟ་བ་བཞིན་ཞེས་པ་གཞུང་རྩ་བར་མ་བྱུང་བས་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། འགྲེལ་པར་དངོས་སུ་སྨོས་པ་དང་། དོན་གྱིས་ཐོབ་པའི་ཕྱིར་རོ། །སློབ་དཔོན་གང་སྤེལ་ན་རེ། འགྲོ་བ་རྣམས་སྐལ་བ་ཇི་ལྟ་བ་བཞིན་དུ་དྲངས་པར་མཛད་ན། བདག་ཅག་རྣམས་ད་དུང་འཁོར་བར་གནས་པ་ཅི་ཞེ་ན། སྐལ་བ་དང་ལྡན་པ་རྣམས་དྲངས་པར་མཛད་པ་ཡིན་གྱི། སྐལ་བ་དང་མི་ལྡན་པ་རྣམས་མ་དྲངས་པའི་ཕྱིར་ཏེ། མདོ་ལས། ཇི་ལྟར་ཉི་མ་ཤར་བ་ན། །ཡོངས་སྨིན་པདྨ་ཁ་འབྱེད་ལྟར། །དེ་བཞིན་དེ་


DLL1003_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་བྱུང་ཡང་། །བསམ་པ་ཡོངས་སྨིན་ཁོ་ན་སྦྱོང་། །ཞེས་གསུངས་པའི་ཕྱིར་ཞེས་འཆད་དོ། །ཐབས་གང་ལ་བརྟེན་ནས་ཞེ་ན། ཐུག་བརྩེ་བས་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་སྟོན་པས་དྲངས་ཀྱི་རྫུ་འཕྲུལ་དང་དམ་པ་སྦྱིན་པའི་མཐུས་ནི་མ་ཡིན་ནོ། །དེ་ཡང་ཆེད་དུ་བརྗོད་པའི་ཚོམས་ལས། སྲིད་པའི་ཟུག་རྔུ་གཅོད་མཛད་པའི། །ལམ་ནི་ཁྱེད་ལ་ངས་བསྟན་བྱ། །ཁྱེད་ཉིད་ཀྱིས་ནི་བསྒྲུབ་བྱ་སྟེ། །དེ་བཞིན་གཤེགས་པས་སྟོན་མཛད་ཡིན། །ཞེས་དང་། དེའི་འགྲེལ་པར། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུ་བར་མི་མཛད་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་བར་མཛད་པས་མིན། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་མཛད་པ་ཡིན། །ཞེས་དང་། ཀླུ་སྒྲུབ་ཀྱིས་ཀྱང་། བརྩེ་བས་སྟོན་པའི་ཕྱག་བརྐྱངས་ནས། །ཐར་པའི་ས་བོན་བསྐྲུན་པ་ཡི། །སེམས་ཅན་རྣམས་ནི་ངན་འགྲོ་དང་། །སྲིད་པ་དག་ལས་འདྲེན་པར་མཛད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་ཆོས་ཅན། གཞན་དོན་སྒྲུབ་པའི་ཐབས་ཕུན་ཚོགས་མངའ་སྟེ། ཉིད་ཀྱིས་གཟིགས་པའི་ལམ་གདུལ་བྱ་ལ་དོན་ཇི་ལྟ་བ་བཞིན་དུ་སྟོན་པར་མཛད་པའི་ཕྱིར། འོ་ན་གདུལ་བྱ་ལ་རྫུ་འཕྲུལ་བསྟན་པ་ཅི་ཡིན་ཞེ་ན། སོ་སོ་སྐྱེ་བོ་རྣམས་དང་པོར་རྫུ་འཕྲུལ་བསྟན་པས་དད་པ་བསྐྱེད་པའི་ཆེད་ཡིན་གྱི་འཁོར་བ་ལས་གྲོལ་བའི་ཐབས་དངོས་ནི་མིན་ནོ། །ཁོ་ན་རེ། ཉན་རང་དགྲ་བཅོམ་པ་རྣམས་ཀྱིས་གོང་དུ་བཤད་པའི་


DLL1003_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་དེ་རྣམས་སྤངས་སམ་མ་སྤངས། སྤངས་ན་སངས་རྒྱས་དང་སྤངས་པ་ཁྱད་མེད་དུ་འགྱུར་ལ། མ་སྤངས་ན་སྡུག་བསྔལ་གྱི་མཐར་བྱེད་མ་ཡིན་པར་ཐལ་ལོ། །ཁྱབ་སྟེ། མདོ་ལས། ང་ནི་ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་པར་སྡུག་བསྔལ་གྱི་མཐར་བྱེད་པར་མི་སྨྲའོ། །ང་ནི་ཆོས་གཅིག་ཡོངས་སུ་མ་ཤེས་ཤིང་མ་སྤངས་པར་སྡུག་བསྔལ་གྱི་མཐར་བྱེད་པར་མི་སྨྲའོ། །ཞེས་གསུངས་པའི་ཕྱིར་ཞེ་ན། འདིའི་ལན་ལ་འགྲེལ་པ་ལས། རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར་ཀུན་ལ་མུན་པ་བཅོམ་པ་ནི་འདོད་མོད་ཀྱི་གཏན་ནས་ནི་མ་ཡིན་ཏེ། འདི་ལྟར་དེ་དག་ལ་སངས་རྒྱས་ཀྱི་ཆོས་དང་ཡུལ་དང་དུས་ཤིན་ཏུ་བསྐལ་པ་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཞེས་གསུངས་སོ། །གང་སྤེལ་ན་རེ། སྡུག་བསྔལ་མཐར་བྱེད་མ་ཡིན་པའི་སྐྱོན་མེད་དེ། ཉོན་མོངས་པ་ཅན་གྱི་མི་ཤེས་པ་སྤངས་པའི་ཕྱིར། སངས་རྒྱས་དང་སྤངས་པ་ཁྱད་མེད་དུ་མི་འགྱུར་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་མ་སྤངས་པའི་ཕྱིར། ཞེས་འཆད་དོ། །སློབ་དཔོན་རྒྱལ་སྲས་ན་རེ། སྡུག་བསྔལ་མཐར་བྱེད་མ་ཡིན་པའི་སྐྱོན་མེད་དེ། ཉོན་མོངས་པ་ཅན་གྱི་མི་ཤེས་པ་རྣམས་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས། དེ་མིན་པའི་མི་ཤེས་པ་རྣམས་འདུན་པ་ལ་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་པའི་ཕྱིར། དེ་ལྟར་ཡིན་ཡང་སངས་རྒྱས་དང་


DLL1003_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པ་ཁྱད་མེད་དུ་མི་འགྱུར་ཏེ། ཉན་རང་དགྲ་བཅོམ་པ་རྣམས་ཀྱིས་དེ་སྤངས་ཀྱང་ཡང་མངོན་དུ་འགྱུར་ལ། སངས་རྒྱས་རྣམས་ཀྱིས་དེ་རྣམས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས་སྤངས་པའི་ཕྱིར་ཞེས་འཆད། ཕྱི་མ་འདི་ལེགས་པར་བཤད་པ་ཡིན་ཏེ། མདོར། དགེ་སློང་དག་ཁྱེད་ཀྱིས་མིག་འདུན་པ་ལ་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤོངས་ཤིག་དང་དེ་ལྟར་ན་མིག་ཡོངས་སུ་སྤངས་པར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་རྩོམ་པར་དམ་བཅའ་བ་ནི། །ཕུན་སུམ་ཚོགས་པ་གསུམ་མངའ་བའི་སྟོན་པ་ལ་མཆོད་པར་བརྗོད་ནས་ཆོས་མངོན་པའི་མཛོད་ཀྱི་བསྟན་བཅོས་རབ་ཏུ་བཤད་པར་བྱའོ། །བསྟན་བཅོས་རྩོམ་པའི་ཐོག་མར་རྩོམ་པར་དམ་བཅས་པ་ཆོས་ཅན། དགོས་པ་ཡོད་དེ། གནས་སྐབས་རྩོམ་པ་མཐར་ཕྱིན་པ་དང་མཐར་ཐུག་མྱང་འདས་ཐོབ་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་སྤྲོ་བ་སྔོན་དུ་བཏང་ནས་མཚན་གྱི་དོན་བཤད་པ་ལ་གཉིས། ཆོས་མངོན་པ་བཤད་པ་དང་། མཛོད་བཤད་པའོ། །དང་པོ་ལ་གཉིས། དངོས་དང་། ཞར་བྱུང་རྗེས་འབྲང་གི་དོན་ལ་དཔྱད་པའོ། །དང་པོ་ནི། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། ཞེས་བཤད་ན། ཆོས་མངོན་པ་དེ་གང་ཞེ་ན། འདི་ལ་གཉིས་ཡོད་པ་ལས་ཟག་མེད་ཀྱི་མཐོང་སྒོམ་མི་སློབ་ལམ་གསུམ་པོ་ཆོས་ཅན། དོན་དམ་པའི་ཆོས་མངོན་པ་ཡིན་ཏེ། དྲི་མ་མེད་པའི་ཤེས་རབ་རྗེས་འབྲང་དང་བཅས་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། དོན་དམ་པའི་ཆོས་མངོན་པའི་རྗེས་འབྲང་དང་། བརྡར་བཏགས་


DLL1003_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་མངོན་པའི་རྗེས་འབྲང་གི་དོན་ལ་དཔྱད་པའོ། །དང་པོ་ལ་གསུམ། ས་གང་ལ་བརྟེན་པ། རྟེན་བརྟེན་པའི་དོན། འཁོར་དང་བཅས་ན་ཕུང་པོ་དུ་པ་ཡིན་དཔྱད་པའོ། །དང་པོ་ནི། འོ་ན་དེ་གསུམ་ས་གང་ལ་བརྟེན་ཅེ་ན། མཐོང་ལམ་ནི་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་པ་ཡིན་ཏེ། སྦྱོར་ལམ་ཆོས་མཆོག་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་པ་གང་ཞིག །མཐོང་ལམ་དེ་ཆོས་མཆོག་དང་ས་གཅིག་པའི་ཕྱིར་ཏེ། དེ་ནི་ཆོས་མཆོག་དང་ས་གཅིག །ཅེས་གསུངས་སོ། །རྟག་དང་པོ་གྲུབ་སྟེ། སྒོམ་བྱུང་མི་ལྕོགས་མེད་པ་དང་། ཁྱད་པར་བསམ་གཏན་ས་པའོ། །ཞེས་གསུངས། དེ་ཉེར་བསྡོགས་ལྷག་མ་རྣམས་ལ་མི་བརྟེན་ཏེ། དེ་ཟག་མེད་ཡིན་ལ་ཉེར་བསྡོགས་ལྷག་མ་རྣམས་ཟག་བཅས་ཞི་རགས་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། འདོད་པ་ལ་མི་བརྟེན་ཏེ། འདི་མཉམ་པར་བཞག་པའི་ས་པ་ཡིན་ལ། འདོད་པ་མཉམ་པར་མ་བཞག་པའི་ས་པ་ཡིན་པའི་ཕྱིར། གཟུགས་མེད་དང་པོ་གསུམ་ལ་མི་བརྟེན་ཏེ། དེ་གསུམ་གྱིས་འདོད་པ་ལ་མི་དམིགས། མཐོང་ལམ་གྱིས་འདོད་པ་ལ་དམིགས་པའི་ཕྱིར། སྲིད་རྩེ་ལ་མི་བརྟེན་ཏེ། སྲིད་རྩེ་ནི་འདུ་ཤེས་མི་གསལ་བའི་ཕྱིར། ཟག་མེད་སྒོམ་ལམ་དང་མི་སློབ་ལམ་ནི་ཟག་མེད་ས་དགུ་གང་རུང་ལ་བརྟེན་ནོ། །གཉིས་པ་ནི། བརྟེན་པའི་དོན་ཡང་ལམ་དེས་དེའི་ངོ་བོར་སྐྱེས་པ་ལ་བྱེད་ཀྱི་འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལྟ་བུའི་རྟེན་བརྟེན་པ་དོན་གཞན་ནི་མ་ཡིན་ནོ། །གསུམ་པ་ནི། འཁོར་དང་བཅས་ན་ཕུང་པོ་དུ་པ་ཡིན་ཞེ་ན། ཟག་མེད་ཀྱི་ཤེས་


DLL1003_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་འཁོར་དུ་ཟག་མེད་ཀྱི་སྡོམ་པས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་ཡོད་པས་ཕུང་པོ་ལྔ་པ་ཅན་ཡིན་ལ། དེ་ཡང་བསམ་གཏན་དང་པོ་གཉིས་ལ་བརྟེན་ན་ཡིད་བདེ་དང་གསུམ་པ་ལ་བརྟེན་ན་སེམས་བདེ། བཏང་སྙོམས་ཀྱི་ས་གཞན་གང་རུང་ལ་བརྟེན་ན་ཚོར་བ་བཏང་སྙོམས་དང་། ཡིད་ཤེས་འཁོར་དུ་བྱུང་བའི་འདུ་ཤེས། སེམས་བྱུང་འདུ་བྱེད་ཀྱི་ཕུང་པོ། ལྡན་མིན་འདུ་བྱེད་ཅི་རིགས་པ་ཡིད་ཀྱི་རྣམ་ཤེས་དང་བཅས་པ་རྣམས་ཡོད་པའི་ཕྱིར། ཁོ་ན་རེ། ཡིད་ཀྱི་རྣམ་ཤེས་ཟག་མེད་ཀྱི་ཤེས་རབ་ཀྱི་འཁོར་དུ་སྨོས་པ་མི་འཐད་དེ། སེམས་བྱུང་ལས་སེམས་གཙོ་ཆེ་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྤྱིར་དེ་ལྟར་ཡིན་ཡང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་སྐབས་སུ་ཤེས་རབ་གཙོ་ཆེ་བ་ཡིན་པའི་ཕྱིར། དཔེར་ན། ཡིད་ཆོས་པའི་གནས་སྐབས་ན་དད་པ་གཙོ་ཆེ་བ་བཞིན་ནོ། །གཟུགས་མེད་ན་ནི་གཟུགས་ཀྱི་རྗེས་འབྲང་མེད་པས་ཕུང་པོ་བཞི་པ་ཅན་ཡིན་ནོ། །གཉིས་པ་ནི། དམ་པའི་ཆོས་མངོན་པ་དེ་ཐོབ་པར་བྱ་བའི་ཕྱིར་དུ་ཞུགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཟག་བཅས་གང་དང་། སྐྱེས་ཐོབ་ཀྱི་ཤེས་རབ་གང་ཡིན་པ་དང་། དེ་རྣམས་བརྗོད་བྱར་བྱེད་པའི་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་ནི་བརྡར་བཏགས་པའི་ཆོས་མངོན་པ་ཡིན་ནོ། །དེ་རྣམས་ཆོས་ཅན། ཁྱོད་ལ་ཆོས་མངོན་པའི་མིང་གིས་འདོགས་པའི་རྒྱུ་མཚན་ཡོད་དེ། ཁྱོད་དོན་དམ་པའི་ཆོས་མངོན་པ་ཐོབ་པའི་ཐབས་སམ་རྒྱུ་ཡིན་པའི་ཕྱིར། དེ་ཡང་རྒྱུར་འགྱུར་ཚུལ་


DLL1003_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐྱེས་ཐོབ་ཀྱི་ཤེས་རབ་ལ་བརྟེན་ནས། ཐོས་བྱུང་། དེ་ལས་བསམ་བྱུང་། དེ་ལས་སྒོམ་བྱུང་། དེ་ལས་ཟག་མེད་ཀྱི་ཤེས་རབ་སྐྱེ་བའི་ཕྱིར། བཏགས་པ་ལ་དགོས་པ་ཡོད་དེ། དོན་དམ་པའི་ཆོས་མངོན་པ་ཐོབ་པ་ལ་ཁྱོད་ཐབས་སམ་རྒྱུར་བསྟེན་དགོས་སོ་ཞེས་གོ་བའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ཡོད་དེ། ཟག་བཅས་ཡིན་པའི་ཕྱིར། འོ་ན་གསུམ་པོ་ས་གང་ན་ཡོད་ཅེ་ན། སྐྱེས་ཐོབ་ཀྱི་ཤེས་རབ་ནི་ཁམས་གསུམ་ག་ན་ཡོད། ཐོས་བྱུང་ནི་འོག་མ་གཉིས་ན་ཡོད་ཀྱི་གཟུགས་མེད་ན་མེད་དེ། དེ་ན་སྒྲ་ཐོས་པ་མེད་པའི་ཕྱིར། བསམ་བྱུང་འདོད་པ་ན་ཡོད་ཀྱི་གོང་མ་གཉིས་ན་མེད་དེ། དེ་གཉིས་ན་སེམས་པར་བརྩམས་པ་ཙམ་གྱིས་ཏིང་ངེ་འཛིན་དུ་འགྱུར་བའི་ཕྱིར། སྒོམ་བྱུང་ནི་གོང་མ་གཉིས་ན་ཡོད་ཀྱི་འདོད་པ་ན་མེད་དེ། འདོད་པ་མཉམ་པར་མ་བཞག་པའི་ས་པ་ཡིན་པའི་ཕྱིར། བསྟན་བཅོས་ནི་ངག་སྒྲ་རང་བཙན་པ་ལ་བྱེད་ན་འདོད་པ་དང་བསམ་གཏན་དང་པོ་ན་ཡོད་ཀྱི་གཉིས་པ་ཡན་ཆད་ན་མེད་དེ། རྣམ་རིག་དཔྱོད་དང་བཅས་དག་ན། །ཞེས་གསུངས་པའི་ཕྱིར། མིང་ཚིག་ཡི་གེ་གསུམ་ལ་འདོད་པ་ལྟར་ན་ཁམས་འོག་མ་གཉིས་ན་ཡོད་ཀྱི་གཟུགས་མེད་ན་མེད་དེ། འདོད་དང་གཟུགས་གཏོགས་སེམས་ཅན་སྟོན། །ཞེས་གསུངས་པའི་ཕྱིར། གཟུགས་ཀྱི་སྒོམ་བྱུང་ལ་བསམ་གཏན་གྱི་སྡོམ་པས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པས་ཕུང་པོ་ལྔ་པ་ཅན་ཡིན་ནོ། །ཅིའི་ཕྱིར་ཆོས་མངོན་པ་ཞེས་བྱ་ཞེ་ན། རང་གི་མཚན་ཉིད་འཛིན་པས་ན་ཆོས་དང་། དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའམ་མངོན་དུ་ཕྱོགས་


DLL1003_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་མངོན་པ་ཞེས་བྱའོ། །གཉིས་པ་མཛོད་བཤད་པ་ནི། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །ཞེས་བཤད་ན། ཆོས་མངོན་པའི་མཛོད་དེ་གང་ཞེ་ན། བསྟན་བཅོས་འདི་ལ་ཆོས་མངོན་པའི་མཛོད་ཅེས་བྱ་སྟེ། མངོན་པ་སྡེ་བདུན་པོ་དེའི་དོན་གཅེས་གཅེས་རྣམས་བསྟན་བཅོས་འདིར་ནི་དེ་བརྗོད་བྱའི་དོན་དུ་ཡང་དག་པར་ཆུད་པའི་ཕྱིར། དཔེར་ན། རལ་གྲི་གང་དུ་འཛུད་པའི་ཤུབས་དེ་ལ་རལ་གྲིའི་ཤུབས་ཞེས་བརྗོད་པ་དང་ནོར་གང་དུ་འཛུད་པའི་གནས་དེ་ལ་ནོར་གྱི་མཛོད་ཅེས་བརྗོད་པ་བཞིན་ནོ། །ཡང་ན་ནི་མངོན་བ་སྡེ་བདུན་པོ་དེ་ལ་མངོན་པའི་མཛོད་ཅེས་བྱ་སྟེ། དེ་བསྟན་བཅོས་འདིའི་འབྱུང་ཁུངས་སམ་གནས་ཡིན་པའི་ཕྱིར། དཔེར་ན། རལ་གྲི་གང་ནས་ཕྱུང་བ་དེ་ལ་རལ་གྲིའི་ཤུབས་ཞེས་བརྗོད་པ་བཞིན་ནོ། །གསུམ་པ་དགོས་པ་སྔོན་དུ་འགྲོ་བས་སྟོན་པས་གསུངས་པར་སྒྲུབ་པ་ནི། ཆོས་མངོན་པ་བཤད་པ་ལ་དགོས་པ་ཡོད་དེ། ཆོས་རྣམས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མེད་པར་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། ཉོན་མོངས་པས་ཀྱང་འཇིག་རྟེན་པ་རྣམས་སྲིད་པའི་རྒྱ་མཚོ་འདིར་འཁྱམ་སྟེ། དེ་བས་ན་སློབ་མའི་རྒྱུད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་དགོས་པ་ཡོད་པ་དེའི་ཕྱིར། སློབ་དཔོན་ཆོས་མངོན་པ་འཆད་པ་ལ་གུས་པའི་རྒྱུ་མཚན་ཡོད་དེ། སློབ་མའི་རྒྱུད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པ་དང་། འདི་སྟོན་པས་གསུངས་པའི་ཕྱིར། དེ་ཡང་མངོན་པ་སྡེ་བདུན་པོ་དེ་དགྲ་བཅོམ་པ་རྣམས་ཀྱིས་བྱས་པ་མིན་ནམ་


DLL1003_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་སྟོན་པས་གསུངས་ཞེ་ན། གསུངས་ཏེ། དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་ཀྱང་སངས་རྒྱས་ལ་མ་བརྟེན་པར་ཐོག་མར་ཆོས་ཀྱི་མཚན་ཉིད་སྟོན་པ་དང་རབ་ཏུ་དབྱེ་བར་མི་ནུས་པས། དེ་ནི་སྟོན་པས་གདུལ་བྱའི་བསམ་པ་དང་དྲི་བ་ལ་ལྟོས་ནས། ལུང་དེ་དང་དེ་ལས་དང་པོ་སིལ་བུར་གསུངས་པ་རྣམས་བཙུན་པ་ཀ་ཏྱའི་བུ་ལ་སོགས་པ་རྣམས་ཀྱིས་ཡེ་ཤེས་ལ་འཇུག་པ་ལ་སོགས་པར་ཕྱིས་བསྡུས་པ་ཡིན་པའི་ཕྱིར་ཏེ། དཔེར་ན་བཙུན་པ་ཆོས་སྐྱོབ་ཀྱིས། ཀྱེ་མ་འདུས་བྱས་རྣམས་མི་རྟག །ཅེས་པ་ལ་སོགས་པ་ཆེད་དུ་བརྗོད་པའི་སྡེ་སྟོན་པས་གདུལ་བྱའི་དབང་གིས་མདོ་དེ་དང་དེར་སིལ་བུར་གསུངས་པ་རྣམས་སྡེ་ཚན་དུ་བྱས་ཀྱང་སྟོན་པའི་གསུང་ཡིན་པ་བཞིན། དེས་ན་ཆོས་མངོན་པ་ནི་སྟོན་པས་གསུངས་པ་ཁོ་ན་ཡིན་ཏེ། དགྲ་བཅོམ་པ་རྣམས་ཀྱིས་བསྡུས་པའི་ཕྱིར། དཔེར་ན། མདོ་སྡེ་དང་འདུལ་བ་བཞིན་ནོ། །རྟགས་གྲུབ་སྟེ། འཕགས་པ་འོད་སྲུངས་ཀྱིས་བསྡུས་པའི་ཕྱིར་ཞེས་ཟེར་རོ། །ལོ་ཞེས་པ་ཕ་རོལ་གྱི་འདོད་པ་སྟོན་པ་སྟེ། མདོ་སྡེ་པ་རྣམས་ན་རེ། འདི་ནི་བྱེ་བྲག་ཏུ་སྨྲ་བ་ཆོས་མངོན་པ་བ་རྣམས་ཀྱི་ལུགས་ཡིན་གྱི་ཁོ་བོ་ཅག་ནི་མི་འདོད་དེ། འདུས་མ་བྱས་རྫས་གྲུབ་སྨྲ་བ་སོགས་རིགས་པ་དང་འགལ་བ་དུ་མ་སྣང་བའི་ཕྱིར། དེ་ཡང་ཆོས་མངོན་པ་བྱེད་པ་ནི་གཞན་ཡང་མང་པོ་ཞིག་གྲགས་ཏེ། དེ་དག་ཀྱང་དགྲ་བཅོམ་པས་བྱས་པ་ཡིན་གྱི་སྟོན་པའི་གསུང་གིས་བསྡུས་པ་མིན་ནོ། །དེ་ཡང་གང་གིས་གང་བྱས་པ་ནི། ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཆོས་ཀྱི་ཕུང་པོ་


DLL1003_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མཽ་དགལ་བུས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །ཞེས་སློབ་དཔོན་རྒྱལ་པོའི་སྲས་ཀྱི་གཞུང་ལས་འབྱུང་བ་སྡོམ་དུ་བསྡུས་སོ། །སློབ་དཔོན་གང་སྤེལ་ནི། འགྲོ་བའི་རྣམ་གྲངས་ཤཱ་རིའི་བུས་བྱས་པར་འཆད་དོ། །ཅིའི་ཕྱིར་མདོ་སྡེ་པ་ཞེས་བྱ་ཞེ་ན། མདོ་ཚད་མར་བྱེད་ཀྱི་མངོན་པ་སྡེ་བདུན་ལ་སོགས་པའི་བསྟན་བཅོས་ཚད་མར་ཁས་མི་ལེན་པས་ན་མདོ་སྡེ་པ་ཞེས་བྱའོ། །བྱེ་བྲག་སྨྲ་བས། འོ་ན་མདོ་ལས། དགེ་སློང་སྡེ་སྣོད་གསུམ་པ་ཞེས་འབྱུང་བའི་སྡེ་སྣོད་གསུམ་གཞག་ཏུ་མེད་པར་འགྱུར་ཏེ། འདི་དག་ལས་གཞན་པའི་མངོན་པའི་སྡེ་སྣོད་མི་སྣང་བའི་ཕྱིར། ཞེས་སྨྲ་བ་ལ། མདོ་སྡེ་པ་ན་རེ། སྐྱོན་མེད་དེ། མདོ་སྡེ་རྣམས་སུ་དོན་དམ་པ་གཏན་ལ་འབེབས་ཤིང་ཆོས་རྣམས་ཀྱི་མཚན་ཉིད་བརྗོད་བྱར་བྱེད་པ་དེ་ལ་མངོན་པའི་སྡེ་སྣོད་དུ་འཇོག་གོ་ཟེར་རོ། །ཅིའི་ཕྱིར་བྱེ་བྲག་ཏུ་སྨྲ་བ་ཞེས་བྱ་ཞེ་ན། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཙམ་ཞིག་དཔྱོད་པས་སམ། ཡང་ན་བྱེ་བྲག་ཏུ་བཤད་པ་རིག་པས་ན་བྱེ་བྲག་ཏུ་སྨྲ་བ་ཞེས་བྱའོ། །དེ་དག་ལའང་ཁ་ཆེའི་ཡུལ་ན་གནས་པ་དེ་དག་ལ་ནི་ཁ་ཆེ་བ་དང་། ཁ་ཆེའི་ཡུལ་གྱི་ནུབ་ཕྱོགས་ན་གནས་པ་དེ་དག་ལ་ནི་ནུབ་ཕྱོགས་པ་དང་། རྒྱ་གར་གྱི་ཡུལ་དབུས་ལ་སོགས་པ་ཁ་ཆེའི་ཡུལ་ལས་གཞན་དག་ན་གནས་པ་རྣམས་ལ་ནི་ཉི་འོག་པ་ཞེས་བྱའོ། །དེ་ཡང་ཆོས་རྣམས་རབ་ཏུ་རྣམ་འབྱེད་ཅེས་སོགས་འདི་རྣམས་ཀྱིས་མངོན་པའི་བསྟན་བཅོས་ཀྱི་དགོས་སོགས་ཆོས་བཞི་པསྟན་པས། བསྟན་བཅོས་ཀྱི་སྔོན་དུ་


DLL1003_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་འབྲེལ་གྱི་ངག་བཀོད་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ལ་བརྟེན་ནས་བསྟན་བཅོས་ལ་དགོས་སོགས་ཆོས་བཞི་ཡོད་པར་རྟོགས་ནས་གདུལ་བྱ་བསྟན་བཅོས་ལ་འཇུག་པའི་ཆེད་ཡིན་པའི་ཕྱིར། ཟག་བཅས་ཟག་མེད་ཀྱི་ཆོས་རྣམས་བསྟན་བཅོས་ཀྱི་བརྗོད་བྱ་ཡིན་ཞིང་དེ་ནི་ཆོས་རྣམས་ཞེས་པས་བསྟན། དེ་ལ་བརྟེན་ནས་སློབ་མའི་རྒྱུད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པ་ནི་དགོས་པ་ཡིན་ཞིང་དེ་ནི་རབ་ཏུ་རྣམ་འབྱེད་ཅེས་པས་བསྟན། དེ་ལ་བརྟེན་ནས་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཐོབ་པ་ཉིང་དགོས་ཡིན་ཞིང་དེ་ནི། མེད་པར་ཉོན་མོངས་རྣམས་ཞེས་པ་ནས། དེ་བས་ཞེས་པའི་བར་གྱིས་ཤུགས་ལ་བསྟན་ཉིང་དགོས་དགོས་པ། དགོས་པ་བསྟན་བཅོས་ཀྱི་བརྗོད་བྱ་ལ་རག་ལས་པ་ནི་འབྲེལ་བའོ། །ཡང་ན་ཆོས་རྣམས་བརྗོད་བྱ་དང་། བསྟན་བཅོས་འདི་རྗོད་བྱེད་དུ་འབྲེལ་བ་ནི་འབྲེལ་བའོ། །དགོས་སོགས་ཆོས་བཞི་པསྟན་པའི་དགོས་པ་ལ། སློང་དཔོན་ཆོས་མཆོག་ནི། བསྟན་བཅོས་འདི་ལ་དགོས་པ་ཡོད་དམ་མེད། ཡོད་ཀྱང་སྒྲུབ་པར་མི་ནུས་སམ། ནུས་ཀྱང་འདོད་བྱ་མ་ཡིན་ནམ། འདོད་བྱ་ཡིན་ཡང་འབྲེལ་བ་མེད་དམ་སྙམ་པའི་དོགས་པ་བཟློག་པའི་ཕྱིར་དུ་དགོས་སོགས་ཆོས་བཞི་པསྟན་པ་ཡིན་ཞེས་འཆད། སློབ་དཔོན་དུལ་བ་ལྷས་ནི། བརྗོད་བྱ་མེད་པ་ཉིད་དམ། དགོས་པ་མེད་པ་ཉིད་དམ། ཉིང་དགོས་གྱ་ནོམ་པ་མེད་དམ། དེ་དག་ཐབས་འདི་དང་མ་འབྲེལ་ལམ་སྙམ་པའི་དོགས་པ་བཀག་ནས། བསྟན་བཅོས་ལ་འཇུག་པའི་ཕྱིར་དུ་རྣམ་པ་བཞི་ཁོ་ན་བསྟན་ཞེས་འཆད་ཀྱང་འགལ་བ་མེད་དོ། །ཁོ་ན་རེ། དགོས་སོགས་ཆོས་བཞི་


DLL1003_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་ཚིག་གིས་དོགས་པ་དེ་དག་སེལ་ན། སྒྲ་མི་རྟག་ཅེས་པའི་ངག་གིས་ཀྱང་སྒྲ་རྟག་འཛིན་གྱི་ལོག་རྟོག་སེལ་བར་འགྱུར་ལ། དེ་ལྟར་འདོད་ན། རྟགས་དང་དཔེ་དོན་མེད་པར་འགྱུར་ལ། འོན་ཏེ་མི་སེལ་ན་དགོས་པ་སྟོན་པའི་ངག་གིས་ཀྱང་མི་སེལ་བར་འགྱུར་ཏེ། དེ་གཉིས་ཁྱད་པར་མེད་པའི་ཕྱིར་ཞེ་ན། སྒྲ་མི་རྟག་ཅེས་བརྗོད་པས་ཀྱང་སྒྲ་རྟག་འཛིན་གྱི་ལོག་རྟོག་སེལ་ཀྱང་། རྟགས་དཔེ་སྟོན་པས་ཐེ་ཚོམ་དང་མ་རྟོགས་པ་བསལ་ནས་ཚད་མའི་རྟོགས་པ་སྐྱེད་པའི་ཕྱིར་འགལ་པ་མེད་དོ་ཞེས་མཁས་པ་དག་འཆད་དོ། །འོ་ན་ཆོས་བཞི་པོ་འདི་ངོ་བོ་གཅིག་དང་ཐ་དད་གང་ཡིན་ཞེ་ན། དགོས་པ་དང་དགོས་པའི་དགོས་པ་དང་འབྲེལ་བ་རྣམས་ནི་བརྗོད་བྱ་དང་ངོ་བོ་གཅིག་ཡིན་ཏེ། ཆོས་ཐམས་ཅད་འདིའི་བརྗོད་བྱ་ཡིན་པའི་ཕྱིར། དགོས་པ་དང་དགོས་པའི་དགོས་པ་ནི་ངོ་བོ་ཐ་དད་ཡིན་ཏེ། རྒྱུ་འབྲས་ཡིན་པའི་ཕྱིར། འོ་ན་ཆོས་མངོན་པའི་ཉིང་དགོས་མྱང་འདས་གཉིས་སོ་སོའི་ངོ་བོ་དང་ཁྱད་པར་ཅི་ཡིན་ཞེ་ན། ཉན་ཐོས་སྡེ་པའི་ལུགས་ལ། ལས་ཉོན་གྱིས་བསྡུས་པའི་ཀུན་འབྱུང་བདེན་པ་སྤངས་པའི་སོ་སོར་བརྟགས་འགོག་ཐོབ་ཅིང་མངོན་དུ་བྱས་ལ། སྡུག་བསྔལ་སྤངས་པའི་འགོག་པ་ཐོབ་ལ་མངོན་དུ་མ་བྱས་པ་ནི་ལྷག་བཅས་ཏེ། སྡུག་བསྔལ་གསུམ་ཅི་རིགས་པའི་ལྷག་མ་དང་བཅས་པའི་ཕྱིར་ཏེ། འདོད་པའི་རྟེན་ཅན་ལ་འཕགས་པ་སྒུར་ཆུང་ཐལ་སྐྱོ་གསོལ་ནས་གྲོངས་པ་དང་། འཕགས་པ་འཆར་ཀ་གཟུགས་འཚོང་མའི་གནས་སུ་དབུ་བཅད་དེ་གྲོངས་པ་དང་། རང་སངས་རྒྱས་དུག་མདས་བཀྲོངས་པ་དང་། སངས་རྒྱས་ལའང་ཞབས་ལ་སེང་


DLL1003_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེང་གི་ཚལ་པ་ཟུག་པ་དང་། སྐུ་རོ་རྒྱབ་བསྙུང་བ་དང་། ལྷས་སྦྱིན་གྱི་འཁྲུལ་འཁོར་གྱི་སྒྱོགས་ཀྱི་ཆ་ཤས་ཕོག་པས་སྐུ་མཚལ་བྱུང་བ་ལ་སོགས་པ་སྡུག་བསྔལ་གྱི་སྡུག་བསྔལ་དང་བཅས་པར་མདོ་ལས་འབྱུང་བའི་ཕྱིར་རོ། །དགྲ་བཅོམ་པ་ནི་ཁམས་གསུམ་གྱི་རྟེན་ཅན་ཡིན་པས་བསམ་གཏན་དང་པོ་གསུམ་ན་སྡུག་བསྔལ་དང་པོ་མེད་པས་སྡུག་བསྔལ་ཕྱི་མ་གཉིས་ཀྱི་ལྷག་མ་དང་བཅས་ལ། བསམ་གཏན་བཞི་པ་ཡན་ཆད་ན་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་ལྷག་མ་དང་བཅས་པའོ། །དེས་ན་ཟག་བཅས་ཀྱི་ཕུང་པོ་ཐམས་ཅད་འགགས་པའི་འགོག་པ་མངོན་དུ་བྱས་པ་དེའི་ཚེ་ལྷག་མེད་ཅེས་བྱའོ། །དེ་ལྟར་ཡང་ཆེད་དུ་བརྗོད་པའི་ཚོམས་ལས། ལུས་ཞིག་ཚོར་བ་བསིལ་བར་འགྱུར། །འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐོང་། །ཞེས་གསུངས་པའི་ཕྱིར་ཞེས་འདོད་ལ། ཐེག་ཆེན་པས་ནི་ཉན་རང་གི་ཐར་པ་ནི་མཐར་ཕྱིན་པའི་ཐར་པ་མིན་ལ། སྟོན་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་སོགས་བཤད་པ་ནི་གདུལ་བྱའི་དོན་དུ་ཚུལ་བསྟན་པ་ཙམ་ཡིན་གྱི་སྡུག་བསྔལ་ནི་གཏན་ནས་མེད་དེ། སྲིད་ཞིའི་སྐྱོན་ཐམས་ཅད་ལས་གྲོལ་བའི་ཕྱིར་ཞེས་བཞེད་དོ། །འོན་ཀྱང་གཟུགས་སྐུ་གཉིས་ལ་ལྷག་བཅས་ཆོས་སྐུ་ལ་ལྷག་མེད་མྱང་འདས་སུ་བཤད་པ་ནི་སྐུ་གསུམ་ལ་འཇུག་པའི་མདོ་ལས་ཤེས་སོ། །སློབ་དཔོན་རྒྱལ་སྲས་ན་རེ། ཆོས་མངོན་པ་བསྟན་པའི་དགོས་པ་ནི། ཕུང་སོགས་ལ་མཁས་པའི་ཆེད་ཡིན་ལ། དེ་ལ་མཁས་པ་ལ་ཕན་ཡོན་གཉིས་འཐོབ་སྟེ། རང་ཉིད་ཡིད་ལ་བྱེད་པས་ཞི་གནས་སོགས་


DLL1003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་དང་། གཞན་ལ་འབེལ་གཏམ་བརྗོད་པས་དྲི་བ་ཐམས་ཅད་ལུང་སྟོན་པ་ལ་མི་འཇིགས་པའོ་ཞེས་འཆད་དོ། གཉིས་པ་བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས་ལ་གཉིས། བརྗོད་བྱ་ངོས་བཟུང་བ་དང་། དེ་རྒྱས་པར་གཏན་ལ་ཕབ་པའོ། །དང་པོ་ནི། ཆོས་རྣམས་རབ་ཏུ་རྣམ་འབྱེད་ཅེས་བཤད་ན། ཤེས་རབ་ཀྱིས་དབྱེ་བར་བྱ་བའི་ཆོས་དེ་གང་ཞེ་ན། །ཆོས་དེ་ནི་རྣམ་པ་གཉིས་སུ་འདུས་ཏེ། ཟག་བཅས་དང་ཟག་པ་མེད་པ་གཉིས་སུ་འདུས་པའི་ཕྱིར། ཁོ་ན་རེ། ཤེས་རབ་ཀྱིས་དབྱེ་བར་བྱ་བའི་ཆོས་ནི་ཕུང་པོ་ལྔ་ཁམས་བཅོ་བརྒྱད་སྐྱེ་མཆེད་བཅུ་གཉིས་ཞེས་སྨོས་པས་ཆོག་མོད། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་སྨོས་པས་ཅི་བྱ་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། སློབ་དཔོན་ཆོས་ཐམས་ཅད་བསྡུས་ནས་སྟོན་པར་བཞེད་ཅིང་། ཕུང་པོ་ལྔས་ནི་ཆོས་ཐམས་ཅད་མ་བསྡུས་པའི་ཕྱིར་དང་། ཡང་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་རྣམས་བསྟན་པའི་སྒོ་ནས་དེ་དག་ལ་བླང་དོར་བྱས་པའི་སྟོབས་ཀྱིས་ངེས་ལེགས་ཐོབ་པར་བཞེད་ཅིང་། ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་ཀྱིས་ཀུན་བྱང་གཉིས་སོ་སོར་མཚོན་མི་ནུས་པའི་ཕྱིར། ཁོ་ན་རེ། ཟག་པ་དང་མཚུངས་ལྡན་ནམ། ཟག་པ་དང་ལྷན་ཅིག་འབྱུང་བའམ། ཟག་པའི་རྟེན་བྱེད་པའི་སྒོ་ནས་ཟག་བཅས་སུ་འཇོག་ན། ཕྱི་རོལ་གྱི་དངོས་པོ་རྣམས་ཟག་བཅས་མ་ཡིན་པར་འགྱུར་ལ། ཟག་པ་དམིགས་པའི་སྒོ་ནས་རྒྱས་པ་ལ་བྱེད་ན། འགོག་ལམ་གཉིས་ཀྱང་ཟག་བཅས་སུ་འགྱུར་རོ་ཞེ་ན། ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ལམ་བདེན་མ་གཏོགས་པའི་འདུས་བྱས་རྣམས་ཆོས་ཅན། ཟག་བཅས་


DLL1003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཟག་པ་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར། འོ་ན་དགྲ་བཅོམ་པའི་མིག་གི་དབང་པོ་དེ་ཟག་བཅས་མ་ཡིན་པར་ཐལ། ཟག་པ་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པ་མ་ཡིན་པའི་ཕྱིར་ཏེ། དགྲ་བཅོམ་པའི་རྒྱུད་ལ་ཟག་པ་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རང་རྒྱུད་ཀྱི་ཉོན་མོངས་པ་མཚུངས་ལྡན་གྱི་སྒོ་ནས་རྒྱས་པ་མིན་ཡང་། གཞན་རྒྱུད་ཀྱི་ཉོན་མོངས་པ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར། འོ་ན། ཟག་པ་ཆོས་ཅན། ཟག་བཅས་མ་ཡིན་པར་ཐལ། ཟག་པ་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པ་མ་ཡིན་པའི་ཕྱིར་ཞེ་ན། སྐྱོར་མེད་དེ། རང་གི་ཉོན་མོངས་པ་ཀུན་འགྲོ་དང་མཚུངས་ལྡན་ཡིན་པའི་ཕྱིར། ནམ་མཁའ་དང་ནི་འགོག་པ་གཉིས། །ལམ་གྱི་བདེན་པ་དང་འདུས་མ་བྱས་གསུམ་པོ་རྣམས་ཆོས་ཅན། ཟག་མེད་ཡིན་ཏེ། ཟག་པ་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་མི་འགྱུར་བའི་ཆོས་ཡིན་པའི་ཕྱིར། ཁོ་ན་རེ། ལམ་བདེན་དང་འདུས་མ་བྱས་རྣམས་ཟག་མེད་ཅེས་བརྗོད་པས་ཆོག་མོད་གསུམ་ཞེས་སྨོས་པ་མི་འཐད་དོ་ཞེ་ན། དགྲ་བཅོམ་པ་ཡོན་ཏན་བློ་གྲོས་ན་རེ། སྐྱོན་མེད་དེ། ཚོར་བ་བདེ་སྡུག་གང་ཡང་མ་ཡིན་པ་ཡོད་པ་བཞིན་དུ། ཟག་བཅས་ཟག་མེད་གང་ཡང་མ་ཡིན་པ་ཡོད་པར་དོགས་པ་བསལ་བའི་ཆེད་ཡིན་པའི་ཕྱིར་ཞེས་དང་། དཔེ་སྟོན་པའི་སྡེ་པ་ཁ་ཅིག །དགྲ་བཅོམ་པའི་མིག་དང་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱིས་ཟག་པའི་རྟེན་མི་བྱེད་པས་ཟག་མེད་དང་། ཟག་པའི་གཉིན་པོ་མི་བྱེད་པས་ཟག་བཅས་སུ་འདོད་པ་བསལ་བའི་ཆེད་ཡིན་པའི་ཕྱིར་ཞེས་འཆད་དོ། །ཁ་ཅིག །


DLL1003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཡོད་པས་འཇིག་རྟན་པ་རྣམས་ལམ་བདེན་མིན་པར་བསྟན་པ་དང་། འདུས་མ་བྱས་རྣམས་ཟག་མེད་དུ་འཇིག་རྟེན་ན་གྲགས་ན་གོ་ཡང་དེ་རྣམས་ཟག་མེད་དུ་འཇིག་རྟེན་ན་མ་གྲགས་པའི་ཕྱིར་ཟེར་རོ། །ཡང་ཁ་ཅིག་ན་རེ། དོན་གྱིས་གོ་ཡང་གསལ་པོ་བསྟན་པའི་ཆེད་ཡིན་པའི་ཕྱིར་ཞེས་ཟེར་རོ། །འདུས་མ་བྱས་ལ་གསུམ་དུ་ཡོད་དེ། ནམ་མཁའ་དང་ནི་འགོག་པ་གཉིས་ཡོད་པའི་ཕྱིར། འོ་ན་ནམ་མཁའ་དང་འགོག་པ་གཉིས་འདུས་མ་བྱས་ཞེས་བརྗོད་པས་ཆོག་མོད་གསུམ་ཡང་ཞེས་སྨོས་པས་ཅི་ཞིག་བྱ་ཞེ་ན། སྐྱོན་མེད་དེ། བྱེ་བྲག་སྨྲ་བས་འདུས་མ་བྱས་གཅིག་པུར་སྨྲ་བ་དང་། བྱེ་བྲག་པས་རྡུལ་ཕྲ་རབ་སོགས་ཀྱི་འདུས་མ་བྱས་མང་པོར་སྨྲ་བ་དགག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་རྒྱས་པར་གཏན་ལ་ཕབ་པ་ལ་གཉིས། འདུས་མ་བྱས་རྒྱས་པར་བཤད་པ། འདུས་བྱས་རྒྱས་པར་བཤད་པའོ། །དང་པོ་ནི། འདུས་མ་བྱས་གསུམ་པོ་གང་ཞེ་ན། །འདུས་མ་བྱས་གསུམ་ཡོད་པ་དེ་ལ་ནམ་མཁའ་ནི། རྟག་པ་གང་ཞིག་མི་སྒྲིབ་པ་ཡིན་ནོ། །ཁོ་ན་རེ། འགོག་པ་གཉིས་ཆོས་ཅན། འདུས་མ་བྱས་ཀྱི་ནམ་མཁར་ཐལ། རྟག་པ་གང་ཞིག །མི་སྒྲིབ་པའི་ཕྱིར་ཞེ་ན། ཕྱི་མ་མ་གྲུབ་སྟེ། སོ་སོར་བརྟགས་འགོག་དེས་རང་གི་དགག་བྱ་ཟག་བཅས་དང་། སོ་སོར་བརྟགས་མིན་གྱི་འགོག་པས་འདུས་བྱས་ཡིན་པའི་རང་གི་དགག་བྱ་འགོག་པའི་ཕྱིར། འོ་ན་རྩིག་པ་ལ་སོགས་པའི་གོ་ས་ན་ནམ་མཁའ་ཡོད་དམ་མེད། མེད་ན་རེས་འགའ་བར་འགྱུར་ལ། དེ་ལྟ་ན་མི་རྟག་པར་


DLL1003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཡོད་ན་རྩིག་པའི་གོ་སར་རྩིག་པ་གཞན་ཆུད་པར་འགྱུར་རོ་ཞེ་ན། རྩིག་པའི་གོ་ས་ན་ནམ་མཁའ་ཡོད་དེ། དེ་ན་གོ་འབྱེད་བྱེད་ནམ་མཁའ་མེད་ན་རྩིག་པ་དེ་ཉིད་ཀྱང་མི་གནས་པར་འགྱུར་བའི་ཕྱིར་དང་། མདོ་ལས་ཀྱང་། བྲམ་ཟེ་ཞིག་གིས་བཅོམ་ལྡན་འདས་ལ་གོའུ་ཏ་མ། ས་ཅི་ལ་བརྟེན། བྲམ་ཟེ་ཆུ་ལ་བརྟེན་ཏོ། །གོའུ་ཏ་མ་ཆུ་ཅི་ལ་བརྟེན། བྲམ་ཟེ་རླུང་ལ་བརྟེན་ཏོ། །གོའུ་ཏ་མ་རླུང་ཅི་ལ་བརྟེན། བྲམ་ཟེ་རླུང་ནམ་མཁའ་ལ་བརྟེན་ཏོ། །གོའུ་ཏ་མ་ནམ་མཁའ་ཅི་ལ་བརྟེན། བྲམ་ཟེ་དེ་ནི་ཧ་ཅང་ཐལ་ཆེས་ཏེ། ནམ་མཁའ་ལ་ནི་རྟེན་མེད་པ་སྣང་བ་མེད་པ་དམིགས་པ་མེད་པའོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་རྩིག་པའི་གོ་སར་རྩིག་པ་གཞན་ཆུད་པའི་ཉེས་པ་མེད་དེ། དེ་ལ་རྩིག་པ་དེ་ཉིད་ཀྱིས་གེགས་བྱས་པའི་ཕྱིར། ཅིའི་ཕྱིར་ནམ་མཁའ་ཞེས་བྱ་ཞེ་ན། གོ་འབྱེད་པའི་དོན་གྱིས་ནམ་མཁའ་ཞེས་བྱའོ། །བྱེ་བྲག་སྨྲ་བའི་ལུགས་ལ་འདུས་མ་བྱས་ཀྱི་ནམ་མཁའ་རྫས་སུ་གྲུབ་སྟེ། རླུང་རྟེན་པའི་དོན་བྱེད་ནུས་པའི་ཕྱིར། སོ་སོར་བརྟགས་པས་འགོག་པ་ནི། འགོག་པ་གང་ཞིག་རང་གི་སྤང་བྱ་ཟག་བཅས་དང་བྲལ་བའོ། །གལ་ཏེ་སོ་སོར་བརྟགས་འགོག་ནི་ལམ་གྱིས་མངོན་པར་འདུས་བྱས་པ་མིན་ནམ། ཅིའི་ཕྱིར་འདུས་མ་བྱས་སུ་བརྗོད་ཅེ་ན། དེ་ནི་ལམ་གྱིས་སྤང་བྱ་ཟག་བཅས་སྤངས་པ་ལ་བྲལ་བའི་འབྲས་བུ་ཞེས་བཤད་ཀྱི་ངོ་བོ་གསར་དུ་བྱས་པ་མིན་ཏེ། བྱེ་བྲག་སྨྲ་བས་རྟག་པའི་རྫས་དང་། སྡེ་པ་གཞན་གྱིས་དངོས་པོའི་ངོ་བོ་ཉིད་མེད་པར་སྨྲ་བའི་ཕྱིར། དེ་བཞིན་ཉིད་ཀྱང་འདུས་མ་བྱས་མ་ཡིན་ནམ་ཅིའི་ཕྱིར་འདུས་མ་བྱས་གསུམ་དུ་ངེས་ཞེ་ན། དེ་བཞིན་ཉིད་བདག་མེད་


DLL1003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འདོད་ན་ཆོས་ཀྱི་བདག་མེད་ནི་འདིར་མི་འདོད་ལ། གང་ཟག་གི་བདག་མེད་ནི་འདུས་མ་བྱས་དང་། བདེན་བཞིའི་མི་རྟག་ལ་སོགས་པ་བཅུ་དྲུག་གི་རྣམ་པ་སྟོང་བདག་མེད་གཉིས་མ་གཏོགས་པ་འགའ་ཞིག་ནི་འདུས་བྱས་ཡིན་ཞིང་། དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ། །འོ་ན་སོ་སོར་བརྟགས་འགོག་རྣམས་རྫས་གཅིག་དང་ཐ་དད་གང་ཡིན་ཞེ་ན། སྤང་བྱ་རྣམས་རྫས་སོ་སོ་བ་ཡིན་པ་བཞིན་དུ་དེ་སྤངས་པའི་འགོག་པ་རྣམས་ཀྱང་རྫས་སོ་སོ་བ་ཡིན་ཏེ། དེ་ལྟ་མིན་ན་སྡུག་བསྔལ་མཐོང་སྤང་སྤངས་པའི་འགོག་པ་མངོན་དུ་བྱས་པ་ན། སྤང་བྱ་ལྷག་མ་སྤངས་པའི་འགོག་པ་མངོན་དུ་བྱས་པར་འགྱུར་ལ། དེ་ལྟར་ན་སྤང་བྱ་ལྷག་མ་རྣམས་སྤོང་བའི་ཕྱིར་དུ་ལམ་ལ་འབད་པ་དོན་མེད་དོ། །འོ་ན་ཆོས་སྦྱིན་མའི་མདོ་ལས། འགོག་པ་ནི་འདྲ་བ་མིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་དེའི་དོན་ནི་འགོག་པ་ལ་འདྲ་བའི་རྒྱུ་མེད་ཅིང་འགོག་པས་ཆོས་གཞན་གྱི་འདྲ་བའི་རྒྱུ་མི་བྱེད་པ་ལ་དགོངས་པ་ཡིན་གྱི། འགོག་པ་ནང་ཕན་ཚུན་མི་འདྲ་བ་ལ་དགོངས་པ་མིན་པའི་ཕྱིར། དེ་ཡང་འགོག་པ་ཞེས་པས་འགོག་པ་མིན་པ་སེལ། བྲལ་བ་ཞེས་པས་མི་རྟག་པའི་འགོག་པ་དང་བརྟགས་མིན་གྱི་འགོག་པ་སེལ་ལོ། །ཅིའི་ཕྱིར་སོ་སོར་བརྟགས་འགོག་ཅེས་བྱ་ཞེ་ན། བདེན་བཞི་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཐོབ་པའི་འགོག་པ་ཡིན་པས་ན་འོ། །དེ་ལྟ་ན་ཡང་འགོག་པའི་རྫས་རྣམས་དུས་རིམ་གྱིས་རྒྱུད་ལ་འབྱུང་བར་ཁས་ལེན་པ་ལ། དེ་རྣམས་མི་རྟག་པ་དང་འདུས་བྱས་སུ་ཐལ། དུས་དང་ཡུལ་རྫས་རེས་


DLL1003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་བ་ཡིན་པའི་ཕྱིར། མྱུ་གུ་བཞིན་ཞེས་པའི་ཀླན་ཀ་བྱེ་བྲག་སྨྲ་བས་སྤང་དགོས་སོ། །བྱེ་བྲག་ཏུ་སྨྲ་བས་ནི། མདོ་ལས། འགོག་པའི་བདེན་པ་ནི་བདེན་བཞིའི་ཡ་གྱལ་དུ་གསུངས་པའི་ཕྱིར་རྫས་སུ་ཡོད་དེ། ལམ་བདེན་བཞིན་ཞེས་འདོད་དོ། །འགོག་གཞན་སོ་སོར་བརྟགས་མིན་པས། །རང་གི་དགག་བྱ་སྐྱེ་བ་ལ་གཏན་དུ་གེགས་བྱེད་ཅིང་སོ་སོར་བརྟགས་འགོག་ལས་གཞན་ཡིན་པ་ནི་སོ་སོར་བརྟགས་མིན་གྱི་འགོག་པ་ཡིན་ནོ། །སྐྱེ་ལ་གེགས་བྱེད་པ་ཞེས་པས་གནས་པ་ཙམ་ལ་གེགས་བྱེད་པའི་མི་རྟག་པའི་འགོག་པ་རྣམས་བརྟགས་མིན་གྱི་འགོག་པ་ཡིན་པ་སེལ། གཏན་དུ་གེགས་བྱེད་པ་ཞེས་པས་སེམས་སེམས་བྱུང་རེས་འགའ་སྐྱེ་བ་ལ་གེགས་བྱེད་ཀྱི་གཏན་དུ་སྐྱེ་བ་ལ་གེགས་བྱེད་པ་མིན་པའི་འདུ་ཤེས་མེད་པའི་སྙོམས་འཇུག་དང་འགོག་པའི་སྙོམས་འཇུག་གཉིས་པོའི་འགོག་པ་རྣམས་དེ་ཡིན་པ་སེལ་ལོ། །ཅིའི་ཕྱིར་སོ་སོར་བརྟགས་མིན་གྱི་འགོག་པ་ཞེས་བྱ་ཞེ་ན། སོ་སོར་རྟོག་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཐོབ་པ་མིན་པར་རྐྱེན་མ་ཚང་བའི་དབང་གིས་ཐོབ་པའི་འགོག་པ་ཡིན་པའི་ཕྱིར་དེ་སྐད་དོ། །བྱེ་བྲག་སྨྲ་བ་ན་རེ། འདུས་མ་བྱས་གསུམ་པོ་དེ་རྫས་སུ་གྲུབ་སྟེ། ནམ་མཁའ་ནི་གོ་འབྱེད་པར་བྱེད་པའི་ཕྱིར་དང་། བརྟགས་འགོག་གིས་ནི་རང་གི་དགག་བྱ་འགོག་པའི་ཕྱིར་དང་། བརྟགས་མིན་གྱི་འགོག་པས་ནི་རང་གི་དགག་བྱ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར། དེ་ལྟ་མ་ཡིན་པར་འདུས་མ་བྱས་མེད་ན། ཆོས་གང་དག་འདུས་བྱས་ཀྱང་རུང་འདུས་མ་བྱེས་ཀྱང་རུང་སྟེ། དེ་ཐམས་ཅད་ཀྱི་མཆོག་ནི་མྱ་ངན་ལས་འདས་པའོ་ཞེས་གསུངས་ན། མེད་པའི་མཆོག་མེད་པའོ་ཞེས་པ་ནི་སྔོན་མ་བྱུང་བའི་ཐ་སྙད་ངན་པའོ་ཞེས་ཟེར།


DLL1003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་པ་ན་རེ། འདུས་མ་བྱས་མེད་པ་མིན་གྱི་རྫས་སུ་མེད་པ་ཡིན་ཏེ། ནམ་མཁའ་ནི་ཐོགས་བཅས་ཀྱི་རེག་བྱ་དང་བྲལ་ཙམ་དང་། བརྟགས་འགོག་ནི་རང་གི་དགག་བྱ་དང་བྲལ་ཙམ་ཡིན་པའི་ཕྱིར་དང་བརྟགས་མིན་གྱི་འགོག་པ་ནི་ཆོས་གང་ཞིག་རྐྱེན་མ་ཚང་བའི་དབང་གིས་མ་སྐྱེས་པ་ཙམ་ལ་བརྗོད་པའི་ཕྱིར། གཉིས་པ་འདུས་བྱས་རྒྱས་པར་བཤད་པ་ལ་གཉིས། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གསུམ། གནས་བརྒྱད་ཀྱི་རྣམ་པར་གཞག་པ། བརྒྱད་པོ་དེ་དག་གི་འབྲེལ་རྣམ་པར་གཞག་པ། གནས་གང་ན་བརྗོད་བྱ་གང་སྟོན་བསྟན་པའོ། །དང་པོ་ནི། སློབ་དཔོན་གང་སྤེལ་ནི། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་པ་མདོར་བསྟན་དུ་བྱས་ནས་དེ་ཉིད་རྒྱས་པར་འཆད་པ་ལ་གནས་བརྒྱད་དུ་མཛད་དེ། དེ་ལ་ཟག་བཅས་ཟག་མེད་སྤྱིར་བསྟན་པའི་ཕྱིར་གནས་དང་པོ་གཉིས་པསྟན། ཟག་བཅས་བྱེ་བྲག་ཏུ་སྟོན་པའི་དབང་དུ་བྱས་ནས་གནས་གསུམ་སྟེ། གང་ཀུན་ནས་ཉོན་མོངས་པ། གང་དུ་ཀུན་ནས་ཉོན་མོངས་པ། ཇི་ལྟར་ཀུན་ནས་ཉོན་མོངས་པ་གསུམ་རིམ་པ་ལྟར། སེམས་ཅན་གྱི་འཇིག་རྟེན་ཁམ་གསུམ་འགྲོ་བ་ལྔ་དང་། སྣོད་ཀྱི་འཇིག་རྟེན་དང་། སྐྱེ་གནས་བཞི་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྟོན་པ་གནས་གསུམ་པ་དང་། གང་གིས་ཀུན་ནས་ཉོན་མོངས་པར་བྱེད་པའི་ཟག་བཅས་ཀྱི་ལས་དང་ཉོན་མོངས་པའི་དབང་དུ་མཛད་ནས། གནས་བཞི་པ་དང་ལྔ་པ་དང་། ཟག་མེད་བྱེ་བྲག་ཏུ་སྟོན་པའི་དབང་དུ་མཛད་ནས་གནས་ཕྱི་མ་གསུམ་སྟེ། གང་རྣམ་པར་བྱང་བའི་གང་ཟག་དང་གང་དུ་རྣམ་པར་བྱང་བའི་གནས་


DLL1003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཇི་ལྟར་རྣམ་པར་བྱང་བའི་མངོན་པར་རྟོགས་པའི་རིམ་པ་སྟོན་པ་གནས་དྲུག་པ་དང་། མདོ་ལས། ཉོན་མོངས་པ་དག་ནི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ། །ཞེས་འབྱུང་བས་གང་གིས་རྣམ་པར་བྱང་བར་བྱེད་པ་གནས་བདུན་པ་དང་། མདོ་ལས། སེམས་མཉམ་པར་བཞག་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་འབྱུང་བས་ཡེ་ཤེས་རྟེན་བརྟེན་པའི་དབང་དུ་མཛད་ནས་གནས་བརྒྱད་པ་སྙོམས་འཇུག་བསྟན་པ་བཤད་དོ་ཞེས་འཆད་དོ། །སྔོན་གྱི་སློབ་དཔོན་ཁ་ཅིག་ནི། དམིགས་པ་དང་སྤྱོད་པ་དང་འབྲས་བུ་སྟོན་པའི་དབང་དུ་མཛད་ནས་གནས་བརྒྱད་དུ་བསྟན་ཏེ། དམིགས་པ་ལའང་གཉིས་ལས་ཇི་སྙེད་པ་སྟོན་པ་གནས་དང་པོ་གཉིས། ཇི་ལྟ་བ་བདེན་བཞི་སྟོན་པ་གནས་གསུམ་པ་དང་བཞི་པ་དང་ལྔ་པ་རྣམས་དང་། ཇི་ལྟ་བ་སྤྱོད་པའི་མངོན་པར་རྟོགས་པ་སྟན་པ་གནས་དྲུག་པ་དང་། འབྲས་བུ་ཡེ་ཤེས་དང་དེས་བསྡུས་པའི་ཡོན་ཏན་སྟོན་པའི་དབང་དུ་མཛད་ནས་ཕྱི་མ་གཉིས་པསྟན་ཏོ་ཞེས་འཆད་དོ། །གཉིས་པ་ནི། ཆོས་མངོན་པའི་བརྗོད་བྱ་ཟག་བཅས་ཟག་མེད་སྟོན་པའི་དབང་དུ་མཛད་ནས་གནས་དང་པོ་བཤད་དོ། །དེར་མིང་ཙམ་སྨོས་པའི་དབང་པོ་དང་འདུས་བྱས་ཀྱི་སྐྱེ་ཚུལ་རྒྱས་པར་བསྟན་པའི་ཕྱིར་དེའི་རྗེས་ལ་གཉིས་པ་དང་། དེ་དག་ཏུ་ཁམས་གསུམ་གྱི་མིང་ཙམ་སྨོས་པ་རྒྱས་པར་བཤད་པའི་ཕྱིར་དུ་དེའི་རྗེས་ལ་གནས་གསུམ་པ་དང་། ཁམས་གསུམ་བསྟན་པ་དེའི་རྒྱུ་དབང་ཕྱུག་ལ་སོགས་པ་ཡིན་པ་བཀག་ནས་དངོས་སུ་ལས་ལས་བྱུང་ངོ་ཞེས་བསྟན་པའི་ཕྱིར་དེའི་རྗེས་ལ་གནས་བཞི་པ་དང་། ལས་དེ་ཡང་ཀུན་ནས་སློང་བ་ནི་ཕྲ་རྒྱས་


DLL1003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཞེས་བསྟན་པའི་ཕྱིར་དེའི་རྗེས་ལ་གནས་ལྔ་པ་དང་། ཕྲ་རྒྱས་དེ་དག་སྤོང་བྱེད་ནི་ལམ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེའི་རྗེས་ལ་གནས་དྲུག་པ་དང་། དེར་སྨོས་པའི་ཤེས་པ་བྱེ་བྲག་ཏུ་བསྟན་པའི་ཕྱིར་དེའི་རྗེས་ལ་གནས་བདུན་པ་དང་། དེ་ལས་ནི་སངས་རྒྱས་ལ་ཐུན་མོང་མ་ཡིན་པ་དང་ཐུན་མོང་བའི་ཡོན་ཏན་གཉིས་པསྟན་པ་ལས་ཐུན་མོང་བ་རྒྱས་པར་བཤད་པའི་ཕྱིར་དེའི་རྗེས་ལ་གནས་བརྒྱད་པ་བསྟན་ཏོ། །གསུམ་པ་ནི་གཞུང་གི་ཚིག་དོན་ལས་ཤེས་བར་འགྱུར་རོ། །གཉིས་པ་གཞུང་གི་དོན་ལ་གནས་བརྒྱད་ཡོད་པ་ལས། དང་པོ་ཁམས་བསྟན་པའི་གནས་ལ་གསུམ། འདུས་བྱས་ཀྱི་ཕྱོགས། མིང་གི་རྣམ་གྲངས། ཕུང་ཁམས་སྐྱེ་མཆེད་རྒྱས་པར་བཤད་པའོ། །དང་པོ་ནི། ཁོ་ན་རེ། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཞེས་བཤད་ན། འདུས་བྱས་དེ་གང་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་ལྔ། །འདུས་བྱས་ཀྱི་ཆོས་རྣམས་དེ་དག་ནི་རྒྱུ་རྐྱེན་གཅིག་གིས་བསྐྱེད་པ་ནི་འགའ་ཡང་མེད་པས། རྒྱུ་རྐྱེན་རྣམས་ཕྲད་ཅིང་འདུས་ནས་བྱས་པའི་འདུས་བྱས་དེ་ཡང་རྣམ་པ་ལྔ་ཡོད་དེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཡོད་པའི་ཕྱིར། གཟུགས་ལ་སོགས་པ་ལྔའམ་ཕུང་པོ་ལྔ་ཞེས་བརྗོད་པས་ཆོག་མོད། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཞེས་བརྗོད་པས་ཅི་བྱ་ཞེ་ན། སྐྱོན་མེད་དེ། རྣམ་གྲོལ་གྱི་ཕུང་པོ་ལྔ་གཅད་པའི་ཕྱིར་དུ་གཟུགས་ལ་སོགས་པ་ལྔ་ཞེས་སྨོས། དོན་ལྔ་ལ་གོ་བ་གཅད་པའི་ཕྱིར་དུ་ཕུང་པོ་ལྔ་སྨོས་པའི་ཕྱིར། དེ་ཡང་བྱེ་བྲག་ཏུ་སྨྲ་བས་ཕུང་པོ་ལྔ་རྫས་ཐ་དད་དུ་འདོད་ལ། མདོ་སྡེ་པས་གཟུགས་ཀྱི་ཕུང་པོ་དང་དེའི་སྟེང་


DLL1003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྡན་མིན་འདུ་བྱེད་རྫས་གཅིག་དང་། ཚོར་བ་དང་འདུ་ཤེས་དང་མཚུངས་ལྡན་གྱི་ཕུང་པོ་རྣམ་ཤེས་ཀྱི་ཕུང་པོ་དང་། དེ་དག་གི་སྟེང་གི་ལྡན་མིན་འདུ་བྱེད་རྣམས་རྫས་གཅིག་ཡིན། མིང་གཞིའི་ཕུང་པོ་དང་དེ་དག་གི་སྟེང་གི་ལྡན་མིན་འདུ་བྱེད་རྣམས་གཟུགས་དང་རྫས་ཐ་དད་དུ་འདོད། སེམས་ཙམ་པས་རྣམ་ཤེས་དང་ཕུང་པོ་ལྔ་རྫས་གཅིག་ཏུ་འདོད་དོ། །འོ་ན་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཇི་ལྟར་འདུས་བྱས་ཡིན་ཞེ་ན། སྐྱེ་བར་འགྱུར་བའི་ཆོས་ཅན་དེ་དང་རིགས་མཐུན་ཞིང་རང་གི་མཚན་ཉིད་འདྲ་བའི་ཕྱིར་འདུས་བྱས་ཞེས་བྱ་སྟེ། ནུ་མ་ལས་འབྱུང་བའི་ཞོ་མ་དང་རིགས་མཐུན་པས། མི་འཇོ་བ་ཞོ་ལུས་ལ་གནས་པ་ལ་ཡང་ཞོ་མ་ཞེས་བརྗོད་པ་བཞིན་ནོ། །ཀྱང་ཞེས་པས་འདུས་མ་བྱས་ལ་དབྱེ་བ་ཡོད་པར་མ་ཟད་འདུས་བྱས་ལ་ཡང་དབྱེ་བ་ཡོད་ཅེས་པའོ། །གཉིས་པ་ལ་གཉིས། སྤྱིར་འདུས་བྱས་ཀྱི་མིང་གི་རྣམ་གྲངས་དང་། བྱེ་བྲག་ཏུ་ཟག་བཅས་ཀྱི་མིང་གི་རྣམ་གྲངས་སོ། །དང་པོ་ནི། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །ཞེས་བཤད་ན་ཆོས་མངོན་པ་བ་རྣམས་མདོ་འཆད་པར་སྤྲོ་ན། མདོ་ལས། དུས་དང་། གཏམ་གྱི་གཞི་དང་། ངེས་པར་འབྱུང་བཅས་དང་། གཞི་དང་བཅས་པ་ཞེས་བཤད་ན་དེ་དག་གང་ཞེ་ན། ངེས་པར་འབྱུང་བཅས་གཞི་དང་བཅས། །དེ་དག་ནི་འདུས་བྱས་ཀྱི་མིང་གི་རྣམ་གྲངས་ཡིན་ལ། འདུས་བྱས་ལ་དེ་དག་ཏུ་བརྗོད་པའི་རྒྱུ་མཚན་ནི། འདུས་བྱས་དེ་དག་ཆོས་ཅན། ཁྱོད་ལ་དུས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་སྔར་སོང་ཟིན་པ་དང་འགྲོ་བཞིན་པ་དང་འགྲོ་བར་འགྱུར་བ་ཡིན་པའི་ཕྱིར། གཏམ་གྱི་གཞི་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།


DLL1003_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་ནི་ལུང་དུ་སྟོན་པའི་སྒྲ་ཡིན། དེའི་གཞི་ནི་མིང་ཡིན་ལ་མིང་དོན་དང་བཅས་པར་སྟོན་པའི་ཕྱིར། འདུས་མ་བྱས་མིང་གི་བརྗོད་བྱ་ཡིན་ཡང་རྒྱུ་མ་ཡིན་པ་དང་བརྗོད་བྱ་ཉུང་བས་གཏམ་གྱི་གཞིར་མ་བསྟན་ཏོ། །དེ་ལྟར་རབ་ཏུ་བྱེད་པ་ལས། གཏམ་གྱི་གཞི་རྣམས་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ། །ཞེས་པ་དང་མཐུན་ནོ། །ཡང་ངེས་པར་འབྱུང་བཅས་ཡིན་ཏེ། གདོན་མི་ཟ་བར་ངེས་པར་འབྱུང་བའི་ཕྱིར། ཡང་ན་ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་ཡིན་ཞིང་ངེས་པར་འབྱུང་བའི་མྱ་ངན་ནི་འདུས་བྱས་ཡིན་ལ། དེ་ལས་འདས་པ་ནི་འདུས་བྱས་ཀྱི་མཐའ་ཡིན་པའི་ཕྱིར་ངེས་པར་འབྱུང་བཅས་སོ། །འོ་ན། ལམ་བདེན་དེ་ངེས་པར་འབྱུང་བཅས་མ་ཡིན་པར་ཐལ། དེ་གདོན་མི་ཟ་བར་ངེས་པར་འབྱུང་བཅས་མ་ཡིན་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་ན་ངེས་པར་དོར་བྱ་ཡིན་པའི་ཕྱིར་ཏེ། མདོ་ལས། ཆོས་ཀྱི་ཕུང་པོ་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་གཅིག་མ་ཤེས་ཤིང་མི་ཤེས་ན་ཆོས་གཞན་རྣམས་ལྟ་ཅི་སྨོས། ཞེས་གསུངས་པའི་ཕྱིར། གཞི་དང་བཅས་པ་ནི་ངོ་བོ་དང་དམིགས་པ་དང་ཀུན་སྦྱོར་དང་རྒྱུ་དང་ཡོངས་སུ་གཟུང་བ་རྣམས་ལ་འཇུག་པ་ལས། འདིར་ནི་འདུས་བྱས་དེ་དག་ཆོས་ཅན། གཞི་དང་བཅས་པ་ཡིན་ཏེ། རྒྱུ་དང་བཅས་པའི་ཕྱིར། གཉིས་པ་ནི། མདོ་ལས། ཕུང་པོ་དང་། འཐབ་བཅས་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འཇིག་རྟེན་དང་། ལྟ་གནས་དང་། སྲིད་པ་ཞེས་བཤད་ན། དེ་དག་གང་ཞེ་ན། དེ་དག་ནི་ཟག་བཅས་ཀྱི་མིང་གི་རྣམ་གྲངས་སོ། །དེའི་རྒྱུ་མཚན་


DLL1003_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། ཟག་བཅས་ཀྱི་ཕུང་པོ་ཆོས་ཅན། ཉེ་བར་ལེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཉེ་བར་ལེན་པ་ནི་ཉོན་མོངས་པ་ཡིན་ལ། དེ་ལས་བྱུང་པའི་ཕུང་པོ་ཡིན་པའི་ཕྱིར། དཔེར་ན། རྩ་ལས་བྱུང་བའི་མེ་ལ་རྩྭའི་མེ་ཞེས་པ་བཞིན། ཡང་ན་ཉེ་བར་ལེན་པ་ཉོན་མོངས་པ་ལ་རག་ལས་པའི་ཕུང་པོ་ཡིན་པའི་ཕྱིར། དཔེར་ན། རྒྱལ་པོ་ལ་རག་ལས་པའི་མི་ལ་རྒྱལ་པོའི་མི་ཞེས་པ་བཞིན། ཡང་ན་ཁྱོད་ལས་ཉེ་བར་ལེན་པ་ཉོན་མོངས་པ་འབྱུང་བའི་ཕུང་པོ་ཡིན་པའི་ཕྱིར། དཔེར་ན། སྨན་དང་མེ་ཏོག་འབྱུང་བའི་ཤིང་ལ་སྨན་དང་མེ་ཏོག་གི་ཤིང་ཞེས་པ་བཞིན་ནོ། །དེ་ཆོས་ཅན། འཐབ་པ་དང་བཅས་པ་ཞེས་ཀྱང་བྱ་སྟེ། ཉོན་མོངས་པ་ནི་རང་བཞན་ལ་གནོད་པས་འཐབ་པ་ཡིན་ལ། དེ་དམིགས་པ་དང་མཚུངས་ལྡན་གང་རུང་གིས་རྒྱས་པར་འགྱུར་བའི་ཕྱིར། དཔེར་ན། ཟག་པ་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པ་ལ་ཟག་བཅས་ཞེས་བརྗོད་པ་བཞིན་ནོ། །སྡུག་བསྔལ་ཡིན་ཏེ། སྡུག་བསྔལ་གསུམ་གང་རུང་དང་འབྲེལ་ཞིང་འཕགས་པ་དང་མི་མཐུན་པའི་ཕྱིར། ཀུན་འབྱུང་ཡིན་ཏེ། སྡུག་བསྔལ་ཀུན་ཏུ་འབྱུང་བའི་ཕྱིར། འཇིག་རྟེན་ཡིན་ཏེ། སྐད་ཅིག་གིས་འཇིག་ཅིང་གཉེན་པོས་ཀྱང་འཇིག་པའི་ཕྱིར་ཏེ། མདོ་ལས། འཇིག་ཅིང་རབ་ཏུ་འཇིག་པས་ན་འཇིག་རྟེན་ནོ། །ཞེས་སོ། །ལྟ་གནས་ཡིན་ཏེ། ལྟ་བས་དམིགས་ཤིང་རྒྱས་པར་འགྱུར་བའི་ཕྱིར། སྲིད་པ་ཡིན་ཏེ། སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བའི་ཕྱིར། གསུམ་པ་ཕུང་ཁམས་སྐྱེ་མཆེད་རྒྱས་པར་བཤད་པ་ལ་གསུམ། ཕུང་ཁམས་སྐྱེ་མཆེད་ཀྱི་རང་བཞིན། ཆོས་གཞན་


DLL1003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བའི་ཚུལ། ཁམས་དང་རྣམ་པའི་རབ་དབྱེའོ། །དང་པོ་ལ་ལྔ། དངོས་དང་། གསུམ་པོ་སོ་སོའི་སྒྲ་དོན་དགོས་པ་དང་བཅས་པ། ཚོར་འདུ་གཉིས་ཕུང་པོ་ལོགས་སུ་འཇོག་པའི་རྒྱུ་མཚན། ཕུང་ཁམས་སྐྱེ་མཆེད་ཀྱི་གོ་རིམ་ངེས་ཚུལ། སྐྱེ་མཆེད་གཉིས་ཀྱི་ངེས་པའོ། །དང་པོ་ལ་བཞི། གཟུགས་ཕུང་གི་རྣམ་གཞག །ཕུང་པོ་བར་པ་གསུལ་གྱི་རྣམ་གཞག །རྣམ་ཤེས་ཀྱི་ཕུང་པོའི་རྣམ་གཞག །རྫས་ཆོས་ལ་དོགས་པ་གཅད་པའོ། །དང་པོ་ལ་གཉིས། དངོས་དང་། དེ་དག་ཁམས་དང་སྐྱེ་མཆེད་དུ་བྱ་བའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ལྔ་དང་རྣམ་རིག་བྱེད་མིན་ཉིད། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཞེས་བཤད་ན། གཟུགས་ཀྱི་ཕུང་པོ་དེ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་དེ་ལ་བཅུ་གཅིག་ཏུ་ཡོད་དེ། དབང་པོ་ལྔ་དང་དོན་ལྔ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་རྣམས་སུ་ཡོད་པའི་ཕྱིར། གཟུགས་ཀྱི་ཕུང་པོའི་དོན་གང་ཞེ་ན། མདོ་ལས། དགེ་སློང་དག་གཟུགས་སུ་ཡོད་ཅིང་གཟུགས་སུ་རུང་བས་ན་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཞེས་འབྱུང་བས། གཟུགས་ཅན་གྱིས་གནོད་པ་བྱར་རུང་བ་ཡིན་ལ། དེ་ཡང་གཟུགས་ཅན་གྱིས་འགྱུར་བ་བསྐྱེད་པར་བྱ་བ་དེ་ཡིན་ནོ། །དེ་མི་འཐད་པར་ཐལ། རྡུལ་ཕྲ་རབ་དང་འདས་མ་འོངས་ཀྱི་གཟུགས་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་མ་ཁྱབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རྡུལ་ཕྲ་རབ་ནི་གཅིག་ཏུ་གནས་པ་མིན་པས། དུ་མ་འདུས་པ་ལ་གནོད་པ་བྱར་རུང་བའི་ཕྱིར་དང་། འདས་པའི་གཟུགས་ནི་གཟུགས་སུ་ཡོད་ཟིན་པ་དང་། མ་འོངས་པའི་གཟུགས་


DLL1003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཟུགས་སུ་འབྱུང་བར་འགྱུར་བ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྟེན་འབྱུང་བ་ཡིན་པས་དེ་ལོག་པ་ན་ཁོ་ཡང་ལྡོག་པའི་ཕྱིར། གཉིས་པ་ལ་གསུམ། དབང་པོ་ལྔ་མཚན་ཉིད་ཀྱི་སྒོ་ནས་བསྟན་པ། དོན་ལྔ་མཚན་གཞིའི་སྒོ་ནས་བསྟན་པ། རིག་བྱེད་མ་ཡིན་པའི་གཟུགས་བཤད་པའོ། །དང་པོ་ནི། དབང་པོ་ལྔ་དང་ཞེས་བཤད་ན། དབང་པོ་ལྔ་པོ་དེ་གང་ཞེ་ན། མིག་ལ་སོགས་གཟུགས་དང་བ་རྣམས། །གཟུགས་སོགས་དེ་དག་འཛིན་པའི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བ་གང་ཡིན་པ་དེ་མིག་ལ་སོགས་པའི་དབང་པོ་ལྔ་ཡིན་ལ། ཡང་ན་མིག་ལ་སོགས་པ་དེ་དག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བ་གང་ཡིན་པ་དེ་མིག་ལ་སོགས་པའི་དབང་པོ་ཡིན་ཏེ། རབ་ཏུ་བྱེད་པ་ལས། མིག་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དོན་ལྔ་ཞེས་བཤད་ན། དེ་དག་གང་ཡིན་ཞེ་ན། མིག་གི་ཡུལ་དུ་གྱུར་པའི་གཟུགས་བསྡུ་ན་རྣམ་པ་གཉིས་སུ་འདུ་སྟེ། ཁ་དོག་གི་གཟུགས་དང་དབྱིབས་ཀྱི་གཟུགས་གཉིས་སུ་འདུ་བའི་ཕྱིར། རྒྱས་པར་ཕྱེ་ན་རྣམ་པ་ཉི་ཤུར་ཡོད་དེ། ཁ་དོག་གི་གཟུགས་བཅུ་གཉིས། དབྱིབས་ཀྱི་གཟུགས་བརྒྱད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བའི་ཁ་དོག་སྔོ་སེར་དཀར་དམར་བཞི་དང་། ཡན་ལག་གི་ཁ་དོག་བརྒྱད་ཡོད་པའི་ཕྱིར་ཏེ། གྲིབ་མ་དང་ཉི་མ། སྣང་བ་དང་མུན་པ། སྤྲིན་དང་དུ་བ་རྡུལ་དང་ཁུག་རྣ་རྣམས་སུ་ཡོད་པའི་ཕྱིར། ཁ་ཅིག་སྟེང་ན་སྔོན་པོར་སྣང་བའི་ནམ་མཁའི་ཁ་དོག་གཅིག་པ་དང་ཉི་ཤུ་རྩ་གཅིག་འདོད་དོ། །ཀུན་ལས་བཏུས་ལས། རྡུལ་ཕྲ་མོ་དང་། རགས་པ་དང་། མངོན་པར་སྐབས་ཡོད་ཀྱི་གཟུགས་དང་།


DLL1003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རིག་བྱེད་ཅེས་པའི་གཟུགས་ཏེ་ཉི་ཤུ་རྩ་ལྔར་བཤད་དོ། །སེར་པོ་དང་འདུས་པའི་སྔོན་པོ་ཤས་ཆེ་བ་ལྗང་ཁུ་དང་། དམར་པོ་དང་འདུས་པའི་སྔོན་པོ་ཤས་ཆེ་བ་ནག་པོ་དང་། དམར་པོ་འདུས་བའི་སེར་པོ་ཤས་ཆེ་བ་དུད་ཁ་དང་། དཀར་པོ་དང་འདུས་པའི་སེར་པོ་ཤས་ཆེ་བ་སྐྱེར་ཁ་དང་། དཀར་པོ་དང་འདུས་པའི་སྔོན་པོ་ནི་སྔོ་སྐྱ་ཡིན་པས་དེ་དག་ཏུ་འདུས་སོ། །སྤྲིན་ལ་སོགས་པ་བཞི་པོ་དེ་རྩ་བའི་ཁ་དོག་ལས་རྫས་གཞན་མ་ཡིན་པའི་ཕྱིར་ཏེ། དེ་དག་གང་དུང་གི་བྱེ་བྲག་ཡིན་པའི་ཕྱིར། དེ་དག་ལས་གཞན་དུ་བཀོད་པ་ལ་དགོས་པ་ཡོད་དེ། དེ་དག་རྒྱང་རིང་པོ་ནས་རྩིག་པ་ལྟ་བུར་སྣང་ལ་ཉེ་བ་ནས་མི་སྣང་བས་དེ་དག་གཟུགས་མ་ཡིན་ནམ་སྙམ་པའི་དོགས་པ་དགག་པའི་ཆེད་ཡིན་པའི་ཕྱིར། དབྱིབས་ཀྱི་གཟུགས་བརྒྱད་ཡོད་དེ། རིང་བ་དང་ཐུང་བ། མཐོ་བ་དང་དམའ་བ། ལྷམ་པ་དང་ཟླུམ་པོ། ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པ་རྣམས་སུ་ཡོད་པའི་ཕྱིར། སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་དང་། མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་གཉིས་ལས། དང་པོ་ལ་སེམས་ཅན་དུ་སྟོན་པ་དང་མི་སྟོན་པ་གཉིས། སེམས་ཅན་དུ་སྟོན་པ་ལ་སྙན་པ་ཆོས་སྟོན་པའི་སྒྲ། མི་སྙན་པ་ཚིག་རྩུབ་སྨྲ་བའི་སྒྲ་ལྟ་བུ་གཉིས། སེམས་ཅན་དུ་མི་སྟོན་པ་ལ་སྙན་པ་ཕེག་རྡོབ་པའི་སྒྲ་ལྟ་བུ་དང་། མི་སྙན་པ་ཁུ་ཚུར་རྡེག་པའི་སྒྲ་ལྟ་བུ་གཉིས། མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་ལ་སེམས་ཅན་དུ་སྟོན་མི་སྟོན་གཉིས་ལས། སེམས་ཅན་དུ་སྟོན་པ་ལ་སྙན་པ་སྤྲུལ་པའི་གང་ཟག་གིས་ཆོས་སྟོན་པའི་སྒྲ་ལྟ་བུ། མི་སྙན་པ་སྤྲུལ་པའི་གང་ཟག་གིས་ཚིག་


DLL1003_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རྩུབ་སྨྲ་བའི་སྒྲ་ལྟ་བུ་གཉིས། དེའི་འདྲའི་སེམས་ཅན་དུ་མི་སྟོན་པའི་སྒྲ་ལ་སྙན་པ་མཁར་རྔའི་སྒྲ་ལྟ་བུ་དང་། མི་སྙན་བ་བྲག་རལ་བའི་སྒྲ་ལྟ་བུ་གཉིས་ཡོད་པའི་ཕྱིར། རོ་ནི་རྣམ་པ་དྲུག་ཡོད་དེ། མངར་བ་དང་སྐྱུར་བ་གཉིས། ཚ་བ་དང་ལན་ཚྭ་བ་གཉིས། སྐ་བ་དང་ཁ་བ་གཉིས་རྣམས་སུ་ཡོད་པའི་ཕྱིར། དྲི་ལ་རྣམ་པ་བཞི་ཡོད་དེ། དྲི་བཞིམ་པ་མི་ཞིམ་བ། མཉམ་པ་མི་མཉམ་པ་རྣམས་སུ་ཡོད་པའི་ཕྱིར། རེག་བྱ་བཅུ་གཅིག་ཡོད་དེ། རྒྱུའི་རེག་བྱ་འབྱུང་བ་བཞི། འབྲས་བུའི་རེག་བྱ་འཇམ་རྩུབ་གཉིས། ལྕི་ཡང་གཉིས། གྲང་བ་དང་བཀྲེས་སྐོམ་གཉིས་རྣམས་སུ་ཡོད་པའི་ཕྱིར། དེ་ལ་གྲང་བ་ནི་ཆུ་དང་རླུང་ཤས་ཆེ་བ་ལས་གྱུར་པའི་རེག་བྱ་དྲོ་བ་འདོད་པ་དང་། བཀྲེས་པ་ནི་ཕོ་བའི་ནང་དུ་རླུང་ཤས་ཆེ་བ་ལས་གྱུར་པའི་རེག་བྱ་ཟས་འདོད་པ་དང་། སྐོམ་པ་ནི་མེ་ཤེས་ཆེ་བ་ལས་གྱུར་པའི་རེག་བྱ་སྐོམ་འདོད་པ་སྟེ། དེ་ལ་འདོད་པ་ཞེས་སྨོས་པ་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ། །ཁོ་ན་རེ། ལུས་ནང་རེག་པ་ན་ལུས་ཀྱི་དབང་པོའང་རེག་བྱར་ཐལ། ལུས་ཀྱི་དབང་པོའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཞེ་ན། དབང་པོ་ནི་རེག་པར་བྱ་བ་མིན་གྱི་ལུས་ནང་རེག་པར་སྣང་བ་ནི་ལུས་ཀྱི་ཚོགས་པ་ན་ཡོད་པའི་རྒྱུའི་རེག་བྱ་དང་འབྲས་བུའི་རེག་བྱ་ལ་དབང་པོས་རེག་པ་ལ་དེ་ལྟར་དུ་འདོགས་སོ། །ཡུལ་ལྔ་པོ་འདི་དག་འདོད་པ་ན་ཐམས་ཅད་ཡོད་ལ། གཟུགས་ཁམས་ན་ཁམ་ཟས་དང་སྡུག་བསྔལ་སྤངས་པས་དྲི་རོ་དང་བཀྲེས་སྐོམ་རྣམས་མེད་ལ། གྲང་པའི་རེག་པ་ནི་ཡོད་དེ། གནོད་པར་བྱེད་པའི་རེག་བྱ་མེད་ཀྱང་ཕན་འདོགས་པ་ཡོད་དེ་ཞེས་བྱེ་བྲག་སྨྲ་བ་འདོད་དོ། །སློབ་དཔོན་རང་ལུགས་ནི། དེ་ན་ཏིང་ངེ་འཛིན་ཁོ་ན་ཆགས་པ་ཡིན་པས་


DLL1003_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་གྲང་བས་ཕན་བཏགས་པས་ཅི་བྱ་ཞེས་པའོ། །གསུམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བཤད་པ་ནི། རྣམ་རིག་བྱེད་མིན་ཞེས་བཤད་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་གང་ཞེ་ན། །དེ་ནི་ཁྱད་པར་ལྔ་དང་ལྡན་པ་ཡིན་ཏེ། གནས་སྐབས་ཀྱི་ཁྱད་པར་སེམས་གཡེངས་པ་དང་། སེམས་མེད་པའི་སྙོམས་འཇུག་གཉིས་ཀྱི་གནས་སྐབས་ན་ཡང་ཡོད་པ་དང་། དེ་ཙམ་ཞིག་མིག་ལ་སོགས་པ་ལ་ཡང་ཡོད་པས་ངོ་བོའི་ཁྱད་པར་དགེ་བ་དང་མི་དགེ་བ་གང་རུང་ཡིན་པ། དེ་ཙམ་ཞིག་རྣམ་པར་རིག་བྱེད་ལ་ཡང་ཡོད་པས་དུས་ཀྱི་ཁྱད་པར་རྒྱུན་མཆོག་ཏུ་རྗེས་སུ་འབྲེལ་བ། དེ་ཙམ་ཞིག་དགེ་མི་དགེའི་ཐོབ་པ་ལ་ཡང་ཡོད་པས་འབྱུང་བ་ཆེན་པོ་བཞི་རྣམས་རྒྱུར་བྱས་པ་ཡིན་པའི་ཕྱིར། དེ་ལ་ཁ་ཆེ་འདུན་བཟང་ན་རེ། འདི་ལ་མ་ཚང་བསྟན་བཅོས་འགལ། །ཉམས་དང་དེ་མིན་དེ་ཉིད་ཐལ། །ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱད་པར་མ་བྱས་སོ། །ཞེས་མཚན་ཉིད་དེ་སུན་འབྱིན་ཏེ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སྐད་ཅིག་དང་པོ་ཆོས་ཅན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མིན་པར་ཐལ། རྒྱུན་མཆོག་ཏུ་རྗེས་སུ་འབྲེལ་བ་མ་ཚང་བའི་ཕྱིར། དེ་ཆོས་ཅན། རྫས་ཡོད་མིན་པར་ཐལ། རྒྱུན་ཡིན་པའི་ཕྱིར། འདོད་ན། བསྟན་བཅོས་ལས་རྫས་ཡོད་དུ་བཤད་པ་དང་འགལ། ཡང་ཏིང་ངེ་འཛིན་ལས་སྐྱེས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་ཡི་གཟུགས་ཆོས་ཅན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡིན་པ་ཉམས་པར་ཐལ། གཡེངས་པ་དང་སེམས་མེད་པའི་གནས་སྐབས་ན་མེད་པའི་ཕྱིར་ཏེ། མ་གཡེངས་པ་དང་སེམས་


DLL1003_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་གནས་སྐབས་ན་ཡོད་པས་སོ། །རྣམ་པར་རིག་བྱེད་མིན་པའི་གཟུགས་དེ་མིན་པ་རྣམ་པར་རིག་བྱེད་ཀྱི་གཟུགས་ཆོས་ཅན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་ཐལ། མ་གཡེངས་པ་དང་སེམས་དང་བཅས་པའི་གནས་སྐབས་ན་ཡོད་པའི་ཕྱིར། ཡང་སྒྲ་ལྷག་སྟེ། སེམས་གཡེངས་པའི་གནས་སྐབས་ན་ཡོད་པར་བཤད་པས་སེམས་དང་བཅས་པའི་གནས་སྐབས་ན་ཡོད་པར་གོ་ནུས་པའི་ཕྱིར། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ཞེས་པའི་ཁྱད་པར་བྱ་དགོས་པ་མ་བྱས་པའི་སྐྱོན་ཡང་ཡོད་ཅེས་བརྗོད་ནས། འདུན་བཟང་རང་གི་ལུགས་ལ། བྱས་པ་དང་ཡང་མི་འདྲ་བའི། །སེམས་པའང་སེམས་མེད་པ་ལ་གང་། །ལུང་བསྟན་ཐོགས་པ་མེད་པ་རིག་གཟུགས། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་དེའི་མཚན་ཉིད་འཇོག་པར་བྱེད་དོ། །ལུགས་གཉིས་ཀ་ལྟར་ནའང་མ་གཡེངས་སེམས་བཅས་ཀྱི་རྗེས་སུ་བྱེད་པས་དེར་འདོད་ན། རིག་བྱེད་ཀྱང་དེར་ཐལ་བ་དང་། སེམས་མེད་ཀྱི་རྗེས་སུ་བྱེད་པས་དེར་འདོད་ན་ཏིང་ངེ་འཛིན་ལས་སྐྱེས་པའི་སྡོམ་པ་གཉིས་དེ་མིན་པར་ཐལ་བའི་ཉེས་པ་སོ་ན་གནས་སོ། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ་ཞེས་བཤད་ན། དེ་གང་ཞེ་ན། སྲ་གཤེར་དྲོ་ཉིད་གཡོ་བ་རྣམས། །རྒྱུར་གྱུར་པའི་འབྱུང་བ་དང་ནི་སའི་ཁམས་དང་ཆུ་དང་མེ་དང་རླུང་ཚོགས་ཀྱི་ཁམས་རྣམས་ཡིན་ཏེ། དེ་དག་ལས་འབྲས་གཟུགས་རྣམས་འབྱུང་བའི་ཕྱིར་དང་། སེམས་ཅན་གྱི་ལས་དབང་གིས་འཁོར་བ་ཐོག་མེད་ནས་ནམ་ཡང་མ་བྱུང་མ་མྱོང་བའི་ཕྱིར་རོ། །ཆེན་པོ་ནི་ཤས་ཆེར་རང་རང་གི་བྱ་བ་ལ་འཇུག་པའོ། །སློབ་དཔོན་བློ་བརྟན་གྱིས། འབྲས་བུའི་གཟུགས་ཐམས་ཅད་ཀྱི་རྟེན་ཡིན་པས་ན་རྟེན་གཏོས་ཆེ་བ་དང་། གཟུགས་


DLL1003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་འདུས་པ་ཐམས་ཅད་ལ་སྲ་བ་ལ་སོགས་པ་ཡོད་པས་རྒྱ་ཆེ་བ་དང་། གནས་པ་ཐ་གྲུ་ཆེ་བས་ན་ཆེན་པོ་ཞེས་བཤད་དོ། །ཁམས་ནི་རང་གི་མཚན་ཉིད་ཀྱི་རྒྱུ་བྱས་པའི་གཟུགས་འཛིན་པའི་ཕྱིར་དང་། འབྲས་གཟུགས་ཀྱི་རྒྱུ་ཡིན་པའི་ཕྱིར། དེ་རྣམས་བྱེད་ལས་དང་ལྡན་ཏེ། སས་འཐུར་རུ་མི་ལྟུང་བར་འཛིན་པར་བྱེད། ཆུས་སྡུད་པར་བྱེད། མེས་སྨིན་པར་བྱེད། རླུང་གིས་འཕེལ་ཞིང་རྒྱས་པར་བྱེད་པ་དེ་དག་ལས་སུ་གྲུབ་པའི་ཕྱིར། ངོ་བོ་ནི་རེག་བྱ་གང་ཞིག་སྲ་གཤེར་དྲོ་ཉིད་གཡོ་བ་རྣམས་ཡིན་ནོ། །བྱེ་བྲག་སྨྲ་བས་ལས་ངོ་བོའི་ཁྱབ་བྱེད་ཡིན་པས་ལས་ལ་ངོ་བོས་མ་ཁྱབ་པས། འབྱུང་བ་གཅིག་གི་ཚོགས་པ་ན་བཞི་ག་ཡོད་དེ། སའི་ཚོགས་པ་ན་སྡུད་པ་དང་སྨིན་པ་དང་བསྐྱོད་པའི་བྱ་བ་ཡོད་པའི་ཕྱིར། དེ་བཞིན་དུ་ཆུ་ལ་སོགས་པ་ལ་ཡང་འདོགས་པ་ལ་སོགས་པ་ཡོད་པས་ས་ལ་སོགས་པ་ཡོད་པར་གྲུབ་བོ། །མདོ་སྡེ་པ་ན་རེ། གང་སྣང་བ་ན་མངོན་དུ་གྱུར་པ་དང་མི་སྣང་བ་ན་ས་བོན་གྱི་ཚུལ་དུ་ཡོད་ཀྱིས། ངེས་པར་མངོན་གྱུར་དུ་ཡོད་པས་མ་ཁྱབ་བོ་ཞེས་འདོད་དེ། རྒྱས་པར་འོག་ནས་འབྱུང་ངོ་། །ཡང་ན་གསུང་རབ་ལས། སའི་ཁམས་དང་ས་ཞེས་གསུངས་ན་ཁྱད་པར་ཅི་ཡོད་ཅེ་ན། ཉིད་ཡིན་དེ་དང་འདྲ་བའང་ཡིན། །འཇིག་རྟེན་གྱི་ཐ་སྙད་དུ་ཁ་དོག་དང་དབྱིབས་ལ་ས་ཞེས་བརྗོད་ལ། ཆུ་མེ་ཡང་འཇིག་རྟེན་ན་ཁ་དོག་དང་དབྱིབས་ལ་བརྗོད། རླུང་གི་ཚོགས་ནི་ཁམས་གཡོ་བའི་རེག་བྱ་ཉིད་ལ་འཇིག་རྟེན་ན་རླུང་ཡིན་པར་བརྗོད་དེ། ལུས་ལ་རླུང་རེག་གོ་ཞེས་བྱ་བར་འཇིག་རྟེན་ན་གྲགས་པས་སོ། །ཡང་ན་སྔ་མ་དེ་དང་འདྲ་བར་ཁ་དོག་དང་དབྱིབས་ལ་བརྗོད་དོ། །གཉིས་པ་དེ་དག་ཁམས་


DLL1003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱེ་མཆེད་དུ་བྱ་བ་ནི། །དབང་པོ་ལྔ་དང་དོན་ལྔ་པོ་དེ་དག་ཁོ་ན་ལ་སྐྱེ་མཆེད་གཟུགས་ཅན་བཅུ་དང་ནི་ཁམས་གཟུགས་ཅན་བཅུར་འདོད་དེ། དེ་དག་ལས་གཞན་པའི་སྐྱེ་མཆེད་གཟུགས་ཅན་བཅུ་དང་ཁམས་གཟུགས་ཅན་བཅུ་མེད་པའི་ཕྱིར། གཉིས་པ་ཕུང་པོ་བར་པ་གསུམ་གྱི་རྣམ་གཞག་ནི། འདུ་བྱེད་ཕུང་པོ་བཞི་ལས་གཞན། །ཚོར་བ་ནི་རང་སྟོབས་ཀྱིས་ཡུལ་མྱོང་བ་ཡིན་ལ། ཁ་ཅིག་ནི་དོན་དུ་གཉེར་བྱའི་མྱོང་བ་ལ་འདོད་དེ། དབྱེ་ན། བདེ་སྡུག་ཡིད་བདེ་ཡིད་མི་བདེ་བཏང་སྙོམས་དང་ལྔ། བསྡུས་ན་བདེ་སྡུག་བཏང་སྙོམས་གསུམ་མོ། །ཁོ་ན་རེ། སེམས་དང་སེམས་བྱུང་གཞན་ལ་མྱོང་བ་ཡོད་ན་ཚོར་བར་འགྱུར་ལ། མེད་ན་རིག་པ་ཙམ་དུ་ཡང་མི་འགྱུར་རོ་ཞེ་ན། རང་སྟོབས་ཀྱིས་མྱོང་བའི་བདག་ཉིད་མ་ཡིན་ཡང་གཞན་སྟོབས་ཀྱིས་མྱོང་བ་ཡིན་པས་སྐྱོན་མེད་དོ་ཞེས་ལན་འདེབས་སོ། །འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པའི་བདག་ཉིད་ཅན་ནོ། །དབྱེ་ན་དོན་ལ་མཚན་མར་འཛིན་པ་སྔོན་པོ་ལ་སོགས་པར་འཛིན་པ་དང་། ཐ་སྙད་ལ་མཚན་མར་འཛིན་པ་སྐྱེས་པ་དང་བུད་མེད་ཅེས་བྱ་བར་འཛིན་པ་གཉིས་སོ། །ཡང་འདུ་ཤེས་ཚོགས་དྲུག་གོ །ཡང་ན་འདོད་པའི་འདུ་ཤེས་རྒྱ་ཆུང་ངུ་དང་། གཟུགས་ཀྱི་འདུ་ཤེས་རྒྱ་ཆེན་པོ་དང་། གཟུགས་མེད་པའི་འདུ་ཤེས་ཚད་མེད་པ་གསུམ་མོ། །འོ་ན། འཕགས་པའི་མཉམ་གཞག་གི་ཡེ་ཤེས་ལ་འདུ་ཤེས་ཡོད་དམ་མེད། ཡོད་ན་འཕགས་པ་མཚན་འཛིན་དང་བཅས་པས་མཚན་འཛིན་ལས་མ་གྲོལ་བར་འགྱུར་ལ། མེད་ན་འདུ་ཤེས་སེམས་ཀྱི་ཀུན་འགྲོ་མ་ཡིན་པར་འགྱུར་རོ་ཞེ་ན། འཕགས་པའི་མཉམ་གཞག་ཡེ་ཤེས་ལ་རང་ཉིད་གསལ་བ་དང་མི་གསལ་བ་དང་སིམ་གདུང་ལ་སོགས་པའི་


DLL1003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ནི་ཡོད་མོད། མཚན་མ་ལས་གྲོལ་བར་བཤད་པ་ནི་བདག་གཉིས་སུ་ཞེན་པ་ལས་གྲོལ་བ་ཡིན་པས་སྐྱོན་མེད་དོ། །འདུ་བྱེད་ནི་གཟུགས་ནས་རྣམ་པར་ཤེས་པའི་བར་གྱི་ཕུང་པོ་བཞི་ལས་གཞན་པའི་ཕུང་པོ་ཡིན་ནོ། །དབྱེ་ན་ཚོར་བ་དང་འདུ་ཤེས་ལས་གཞན་པའི་སེམས་བྱུང་རྣམས་ནི་མཚུངས་ལྡན་དང་། ཐོབ་པ་ལ་སོགས་པ་རྣམས་ནི་མི་ལྡན་པའི་འདུ་བྱེད་ཏེ་གཉིས་སོ། །འདིར་སེམས་སེམས་བྱུང་གཅིག་ཡིན་ནམ་ཐ་དད་ཡིན། སྐལ་ལྡན་ཁྱད་པར་ཅན་ནི་གཅིག་ཏུ་འདོད་དེ། སྲིད་པ་འཕོ་བའི་མདོ་ལས། སེམས་ཉིད་གཉིས་སུ་སྣང་བ་སྟེ། །དེ་བཞིན་ཆགས་སོགས་སྣང་བའམ། །དད་ལ་སོགས་པར་སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར། བཙུན་པ་ཤྲཱི་རཱ་ཛ་ན་རེ། ཚོར་བ་དང་འདུ་ཤེས་ཕུང་པོ་གཞན་དུ་གསུངས་པའི་ཕྱིར་སེམས་ལས་ཐ་དད་ཀྱི། གཞན་ནི་སེམས་ཀྱི་གནས་སྐབས་ལ་བཏགས་པ་ཡིན་ནོ་ཞེས་ཟེར། བཙུན་པ་ཀུ་མ་རཱ་ཛ་ན་རེ། ཚོར་བ་དང་འདུ་ཤེས་དང་རེག་པ་སེམས་པ་བཞི་ནི་ཐ་དད་ལ། གཞན་ནི་སེམས་ཀྱི་གནས་སྐབས་ལ་བཏགས་པ་ཡིན་ནོ་ཟེར་རོ། །འཕགས་པ་ཐོགས་མེད་ཀྱིས་བསྡུ་བ་ལས། དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་མིང་ལས་སེམས་ཙམ་ཞིག་རྫས་སུ་འདོད་ལ་སེམས་ལས་བྱུང་བའི་ཆོས་རྣམས་ནི་མི་འདོད་པ་གང་དག་ཡོད་པ་དེ་ཡང་མི་འཐད་དེ། དེ་ཅིའི་ཕྱིར་ཞེ་ན། ལྔ་ཉིད་འཐད་པ་མེད་ཕྱིར་དང་། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་སྐྱོན་བརྗོད་མཛད་དེ། དེའི་དོན་ཡང་


DLL1003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་ལ་སོགས་པ་སེམས་ལས་གཞན་དུ་མ་གྲུབ་ན་ཕུང་པོ་ལྔར་གསུངས་པ་མི་འཐད་པ་དང་སེམས་ཀྱི་གནས་སྐབས་ལ་ཚོར་བ་ལ་སོགས་པའི་ཕུང་པོར་བཏགས་པར་འདོད་ན། སེམས་དང་ཚོར་བ་ལ་སོགས་པ་ལ་མཚན་ཉིད་དང་བྱེད་པ་ཐ་དད་ཡོད་ན། དངོས་པོ་ཐ་དད་དུ་ཐལ་བ་དང་། ཐ་དད་མེད་ན་གནས་སྐབས་དང་གནས་སྐབས་ཅན་གྱི་དབྱེ་བ་མི་འཐད་པའི་ཕྱིར་དང་། སེམས་བྱུང་དེ་དག་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་ལ་སོགས་པ་བྱེད་རྒྱུ་ལ་བྱེ་བྲག་མེད་པས་འབྲས་བུ་ལ་ཁྱད་པར་མི་འཐད་པའི་ཕྱིར་དང་། མདོ་ལས་ཀྱང་། སེམས་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང་འདུ་ཤེས་དང་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་ཞེས་བྱ་བ་ལ་སོགས་པ་དང་། འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པར་བྱས་པའི་སེམས་མི་གྲོལ་ལོ། །གཏི་མུག་གིས་ཀུན་ནས་ཉོན་མོངས་པར་བྱས་པའི་རིག་པ་མི་མཐོང་ངོ་། །ཞེས་པ་དང་། སེམས་ནི་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པར་བྱེད་དོ། །དད་པས་རྣམ་པར་བྱང་བར་བྱེད་དོ་ཞེས་སོགས་ཀྱི་ལུང་དང་འགལ་ལོ་ཞེས་པའི་དོན་ནོ། །གཞན་ཡང་སྐྱོན་འདི་དག་ཡོད་དེ། སེམས་སེམས་བྱུང་རྫས་གཅིག་ཏུ་འདོད་ན། མཚུངས་ལྡན་གྱི་རྒྱུ་མི་སྲིད་པར་ཐལ་ཏེ། སེམས་དང་སེམས་བྱུང་རྫས་གཅིག་ཏུ་བཤད་པ་ན་གཅིག་ཏུ་འདོད་པའི་ཕྱིར། གཞན་ཡང་སེམས་དད་པ་ལ་སོགས་པའི་དགེ་བ་དང་། ཁོང་ཁྲོ་ལ་སོགས་པའི་མི་དགེ་བ་དང་གཅིག་ཡིན་ན། དེའི་ཚེ་སེམས་དེ་དག་ངོ་བོ་ཉིད་ཀྱིས་དགེ་མི་དགེར་འགྱུར་ཏེ། ངོ་བོ་ཉིད་ཀྱིས་དགེ་སོགས་དེ་དག་གི་བདག་ཉིད་ཡིན་པའི་ཕྱིར། འདོད་ན། མཚུངས་ལྡན་གྱི་དགེ་མི་དགེ་མི་སྲིད་པར་འགྱུར་རོ། །གཞན་ཡང་


DLL1003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་ལ་སོགས་པའི་སེམས་ལས་བྱུང་བ་ཉིད་དུའང་མི་འགྱུར་ཏེ། དེ་དང་གཅིག་ཡིན་པའི་ཕྱིར། འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །ཚོར་བ་འདུ་ཤེས་འདུ་བྱེད་དེ་སུམ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་འདུས་མ་བྱས་གསུམ་པོ་རྣམས་དང་བཅས་པ་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་ནང་ནས་ཆོས་ཀྱི་སྐྱེ་མཆེད་དང་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཆོས་ཀྱི་ཁམས་ཡིན་ནོ། །གསུམ་པ་རྣམ་ཤེས་ཀྱི་ཕུང་པོའི་རྣམ་གཞག་ནི། རྣམ་པར་ཤེས་པས་དོན་རིག་པ་ཡིན་ལ། དེ་བཞིན་དུ་མིག་གི་རྣམ་པར་ཤེས་པས་གཟུགས་རིག་པ་ནས་ཡིད་ཀྱིས་ཆོས་རིག་པས་ན་སོ་སོར་ཞེས་སྨོས་སོ། །རྣམ་ཤེས་དེ་ཡིད་ཀྱི་སྐྱེ་མཆེད་ཀྱང་ཡིན་ཞིང་སེམས་ཀྱི་ཁམས་བདུན་དག་ཏུའང་འདོད་དེ། རྣམ་པར་ཤེས་པ་དྲུག་དང་ཡིད་ཀྱི་ཁམས་རྣམས་སུ་འདོད་པའི་ཕྱིར། རྣམ་ཤེས་ལས་རྫས་ཐ་དད་པའི་ཡིད་ཀྱི་ཁམས་མེད་དེ། རྣམ་ཤེས་དྲུག་པོ་འདས་མ་ཐག་པའི་རྣམ་ཤེས་གང་ཡིན་པ་དེ་ཡིད་ཡིན་པའི་ཕྱིར། བཞི་པ་ནི། ཁམས་བཅོ་བརྒྱད་དུ་གྲངས་མ་ངེས་པར་ཐལ། ཡིད་ཀྱི་ཁམས་དང་རྣམ་ཤེས་ཀྱི་ཁམས་ཕན་ཚུན་གཅིག་གི་ནང་དུ་གཅིག་འདུས་པས་ཁམས་བཅུ་གཉིས་དང་བཅུ་བདུན་གང་རུང་དུ་འགྱུར་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། རྣམ་ཤེས་དང་པོ་ལྔ་ལ་རྟེན་དབང་པོ་མི་འདྲ་བ་རེ་རེ་ཡོད་ལ། ཡིད་ཤེས་ལ་དེ་མེད་པས་དྲུག་པ་ཡིད་ཀྱི་རྟེན་རབ་ཏུ་བསྒྲུབ་པའི་ཕྱིར་དུ་ཁམས་ནི་བཅོ་བརྒྱད་དག་ཏུ་འདོད་པའི་ཕྱིར། ཕུང་པོ་ལྔས་འདུས་བྱས་ཀྱི་ཆོས་ཐམས་ཅད་དང་། སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་ཀྱིས་ཆོས་ཐམས་ཅད་བསྡུས་པ་ནི་མང་པོས་བསྡུས་པ་ཡིན་མོད། དེ་


DLL1003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཉུང་བས་ཆོས་ཐམས་ཅད་བསྡུས་པ་ཡོད་དམ་ཞེ་ན། ཡོད་དེ། ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། །གཟུགས་ཀྱི་ཕུང་པོས་སྐྱེ་མཆེད་གཟུགས་ཅན་བཅུ་དང་ཁམས་གཟུགས་ཅན་བཅུ་བསྡུས། ཡིད་ཀྱི་སྐྱེ་མཆེད་ཀྱིས་རྣམ་ཤེས་ཀྱི་ཕུང་པོ་དང་སེམས་ཀྱི་ཁམས་བདུན་བསྡུས། ཆོས་ཀྱི་ཁམས་ཀྱིས་ཚོར་འདུ་མཚུངས་ལྔན་འདུ་བྱེད་ཀྱི་ཕུང་པོ་ཆོས་ཀྱི་སྐྱེ་མཆེད་བསྡུས་ཏེ། དེ་དག་ལས་གཞན་པའི་ཆོས་ཀྱང་མེད་པའི་ཕྱིར། །ཆོས་ཁམས་ཀྱིས་ཕུང་པོ་བར་པ་གསུམ་རང་གི་ངོ་བོ་ཡིན་པའི་ཚུལ་གྱིས་བསྡུས་ཏེ། བསྡུས་པ་གང་ཞིག །བསྡུ་བྱ་དེ་དག་སྡུད་བྱེད་དེ་དག་གི་ངོ་བོ་ཡིན་པའི་ཕྱིར་དང་། དེ་ལས་རྫས་གཞན་གྱི་དངོས་པོ་དང་མི་ལྡན་པའི་ཕྱིར། ཁམས་བཅོ་བརྒྱད་དུ་མ་ངེས་པར་ཐལ། མིག་སོགས་གཉིས་གཉིས་ཡོད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། །མིག་ལ་སོགས་པ་གཉིས་པོ་རྣམས་རྣམ་པར་ཤེས་པའི་རྟེན་དང་བར་རིགས་གཅིག་པ་དང་། གཟུགས་གཅིག་སྤྱོད་ཡུལ་དུ་བྱེད་པར་འདྲ་བ་དང་། རང་འབྲས་རྣམ་པར་ཤེས་པའི་རྒྱུ་བྱེད་པར་འདྲ་བའི་ཕྱིར། མིག་སོགས་གཉིས་གཉིས་བྱུང་བ་ལ་དགོས་པ་ཡོད་དེ། རྟེན་མཛེས་པར་བྱ་བའི་ཕྱིར། གཉིས་པ་གསུམ་པོ་སོ་སོའི་སྒྲ་དོན་དགོས་པ་དང་བཅས་པ་ནི། ཅིའི་ཕྱིར་ཕུང་པོ་ཞེས་བྱ་ཞེ་ན། དུ་མ་སྤུངས་པའི་དོན་གྱིས་ནི་ཕུང་པོ་ཞེས་བྱ་སྟེ། མདོ་ལས། གཟུགས་གང་ཡིན་པ་ཅིའང་རུང་སྟེ། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའིའམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་པོ་ན་ཡོད་པ་གང་ཡིན་པའམ། ཉེ་བ་ན་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གཟུགས་ཀྱི་ཕུང་པོ་ཞེས་


DLL1003_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་ཕུང་པོའི་བར་དུ་གསུངས་པའི་ཕྱིར། དེ་དག་གི་དོན་བྱེ་བྲག་སྨྲ་བས། འདས་པ་ལ་སོགས་པ་ནི་དུས་ཐམས་ཅད་ཀྱིས་བསྡུས་པའི་གཟུགས་དང་། ནང་དང་ཕྱི་ནི་རང་གཞན་གྱི་རྒྱུད་ཀྱིས་བསྡུས་པའམ། ནང་དང་ཕྱིའི་སྐྱེ་མཆེད་ཀྱི་གཟུགས་དང་། ཕྲ་རགས་ནི་ཐོགས་མེད་དང་ཐོགས་བཅས་སམ། བལྟོས་ནས་ཕྲ་རགས་སུ་བཞག་གོ །ངན་པ་དང་གྱ་ནོམ་ནི་ཉོན་མོངས་ཅན་དང་དེ་མིན་པའོ། །ཉེ་རིང་ནི་ད་ལྟར་བྱུང་བ་དང་འདས་མ་འོངས་སོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་ལ་ཤེས་པར་བྱའོ། །བཙུན་པ་ནི། དུས་གསུམ་གྱི་གཟུགས་རང་མིང་གིས་བསྟན། ཕྲ་རགས་ནི་ཡིད་དང་དབང་ཤེས་ཀྱི་གཟུང་བྱ་དང་། ངན་པ་དང་གྱ་ནོམ་ནི་ཡིད་དུ་མི་འོང་བ་དང་འོང་བ་ལ་བྱ་བ་དང་། ཉེ་རིང་ཡུལ་སྣང་བ་དང་མི་སྣང་བ་ཅན་ནོ་ཞེས་འཆད་དོ། །སེམས་སེམས་བྱུང་སྐྱེ་ཞིང་མཆེད་པའི་སྒོ་ཡིན་པས་ན་སྐྱེ་མཆེད་ཅེས་བྱ་སྟེ། མིག་སོགས་དབང་པོ་རྣམས་ཀྱིས་རྟེན་དང་གཟུགས་སོགས་ཀྱིས་དམིགས་རྐྱེན་བྱས་པའི་སྒོ་ནས་སེམས་སེམས་བྱུང་སྐྱེ་བའི་ཕྱིར། རིགས་ཀྱི་དོན་ཡིན་པས་ན་ཁམས་ཞེས་བྱ་སྟེ། དཔེར་ན། གསེར་མང་པོ་ཡོད་པའི་རི་ལ་གསེར་གྱི་ཁམས་ཞེས་བརྗོད་པ་བཞིན་ནོ། །དེ་ཡང་ཉན་རང་ལ་སོགས་པའི་རིགས་ལྟ་བུ་རྒྱུའི་དོན་དང་། རྒྱལ་པོ་དང་བྲམ་ཟེའི་རིགས་ལ་སོགས་པ་ལྟ་བུ་རང་བཞིན་གྱི་དོན་གཉིས་ལ་འཇུག་ཅིང་། གཉིས་ཀ་ལྟར་ཡང་རིགས་པ་ཡིན་ཏེ། འདུས་མ་བྱས་ཡིད་ཤེས་འབྱུང་བའི་རིགས་དང་། འདུས་བྱས་རྣམས་རང་རང་གི་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར་དང་།


DLL1003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མི་འདྲ་བ་བཅོ་བརྒྱད་ཡོད་པའི་ཕྱིར། ཡང་རིགས་ཀྱི་དོན་ནི་འབྱུང་ཁུངས་ཡིན་ཏེ། རང་འབྲས་རིགས་འདྲ་ཕྱི་མ་སྐྱེད་པའི་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར། ཡང་ན་འདུས་མ་བྱས་ལ་དེས་མ་ཁྱབ་པས་སེམས་སེམས་བྱུང་གི་འབྱུང་ཁུངས་ཡིན་པའི་ཕྱིར། ཡང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་གསུངས་ཏེ། དེ་དག་རྫས་ཐ་དད་མེད་པས་དེ་དག་རེ་རེས་ཀྱང་འདུས་བྱས་དང་ཆོས་ཐམས་ཅད་བསྡུས་པའི་ཕྱིར་ཞེ་ན། དགོས་པའི་དབང་གིས་རྣམ་པ་གསུམ་བསྟན་ཏོ། །དེས་ཕུང་པོ་ལ་སོགས་པ་གསུམ་བསྟན་པ་ལ་དགོས་པ་ཡོད་དེ། སེམས་བྱུང་དང་གཟུགས་དང་གཟུགས་སེམས་གཉིས་ཀ་ལ་རིལ་པོའི་བདག་ཏུ་འཛིན་པའི་རྨོངས་པ་བཟློག་པའི་ཕྱིར་དང་། གདུལ་བྱ་དབང་པོ་རྣོན་པོ་མགོ་སྨོས་པས་གོ་བ་དང་། འབྲིང་པོ་ཅུང་ཟད་སྤྲོས་པས་གོ་བ་དང་། རྟུལ་པོ་རྒྱས་པར་སྤྲོས་པས་གོ་བ་རྗེས་སུ་གཟུང་བའི་ཕྱིར་དང་། གདུལ་བྱ་ཚིག་བསྡུས་པ་འབྲིང་པོ་རྒྱས་པ་འདོད་པ་རྗེས་སུ་གཟུང་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་ནི། ཡང་ཅིའི་ཕྱིར་ཕུང་པོ་ལྔ་ཉིད་དུ་ངེས་ཞེན། ངེས་ཏེ། རེ་ཞིག་གཟུགས་དང་དེ་མ་ཡིན་པ་གཉིས་སུ་དངོས་པོ་ལ་ངེས་པ་ཡིན་ལ། གཟུགས་མིན་པ་ལ་སེམས་དང་སེམས་མིན་པ་གཉིས་སུ་ངེས་ཤིང་། གཟུགས་དང་སེམས་མིན་པ་ནི་ཚོར་བ་ལ་སོགས་པའི་ཕུང་པོ་གསུམ་དུ་ངེས་པའི་ཕྱིར། ཡང་ཅིའི་ཕྱིར་སེམས་བྱུང་གཞན་རྣམས་འདུ་བྱེད་ཀྱི་ཕུང་པོར་བ་སྡུས་ནས། སེམས་བྱུང་རྣམས་ལས་ཚོར་བ་དང་འདུ་ཤེས་ལོགས་ཤིག་ཏུ་ཕུང་ཕོར་བཤད་པའི་རྒྱུ་མཚན་གང་ཞེ་ན། ཡོད་དེ། ཟག་བཅས་ཀྱི་ཚོར་འདུ་གཉིས་རྩོད་པའི་རྩ་བར་གྱུར་


DLL1003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། འཁོར་བའི་རྒྱུའི་གཅོ་བོ་ཡིན་པའི་ཕྱིར་དང་། ཕུང་པོ་ལྔའི་གོ་རིམ་གྱི་རྒྱུ་མཚན་འོག་ནས་སྟོན་པ་དེའི་ཕྱིར། མདོ་ལས་ཀྱང་། འདོད་པ་ལ་ཆགས་པའི་རྒྱུས་རྒྱལ་པོ་ལ་རྒྱལ་པོ་དང་། ཞིང་པ་ལ་ཞིང་པ་དང་། ཁྱིམ་བདག་ལ་ཁྱིམ་བདག་གིས་རྩོད་པར་གྱུར་ཏོ། །ལྟ་བ་ལ་ཆགས་པའི་རྒྱུས་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བ་རྣམས་ལྷན་ཅིག་རྩོད་པར་གྱུར་ཏོ། །ཞེས་བ་དང་། རྩོད་པ་མི་མངའ་བར་བསྟོད་པའི་མདོ་ལས། འདོད་པ་མི་སྣང་འབྲེལ་མེད་ཅིང་། །ལྟ་བའི་དྲ་བ་བཅོམ་གྱུར་པ། །དེས་ན་རྩོད་པ་མི་འབྱུང་སྟེ། །རྩ་བ་མེད་པར་གང་ལས་འབྱུང་། །ཞེས་རྗེས་སུ་འགྲོ་ལྡོག་གི་ཚུལ་གྱིས་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་གཉིས་འདོད་པ་དང་ལྟ་བ་ལ་ལྷག་པར་ཞེན་པས་རིམ་པ་ལྟར། ཚོར་བའི་རོ་མྱོང་བར་འདོད་པ་དང་འདུ་ཤེས་ཕྱིན་ཅི་ལོག་གིས་རང་གཞན་གྱི་གྲུབ་མཐའ་བཟང་ངན་གྱི་མཚན་མར་འཛིན་པས། ཆུ་དང་ཞིང་དང་འབྲོག་དང་བུད་མེད་དང་ཁང་པ་དང་ནོར་དང་། རང་གཞན་གྱི་གྲུབ་མཐའ་བསྒྲུབ་ཅིང་སུན་དབྱུང་བའི་ཕྱིར་དུ། རྒྱལ་པོ་དང་རྒྱལ་པོ་ལ་སོགས་པ་དང་། རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བ་རྣམས་ཀྱི་རྩོད་པའི་རྩ་བར་གྱུར་པར་གསུངས་པའི་ཕྱིར་དང་། བདེ་པ་ལ་སོགས་པའི་ཚོར་བ་ལ་ཆགས་པ་ལ་སོགས་པ་དང་ལྡན་པ་རྣམས་ལས་བསོག་ཅིང་། དེ་ཡང་འདུ་ཤེས་ཕྱིན་ཅི་ལོག་གིས་ཡིན་པས་དེ་དག་འཁོར་བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དང་། རགས་པ་ལ་སོགས་པ་འོག་ནས་འཆད་པའི་ཕུང་པོ་ལྔ་རིམ་པ་ལྟར་སྟོན་པའི་རྒྱུ་མཚན་གྱི་ཕྱིར། སེམས་ལས་བྱུང་བ་གཞན་རྣམས་ལས་ཚོར་བ་དང་འདུ་ཤེས་ནི་ལོགས་ཤིག་ཏུ་ཕུང་པོར་སྟོན་ཞེས་ཀྱང་


DLL1003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་དོ། །འདུས་མ་བྱས་སྐྱེ་མཆེད་དང་ཁམས་སུ་བཤད་ནས་ཕུང་པོར་མི་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འདུས་མ་བྱས་ཕུང་པོ་དག་ཏུ་མ་བཤད་པའི་རྒྱུ་མཚན་ཡོད་དེ། གཟུགས་ཕུང་སོགས་ཕུང་པོ་ལྔ་པོ་གང་རུང་མ་ཡིན་པ་གང་ཞིག །ཕུང་པོ་དྲུག་པར་མི་རུང་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཕུང་པོའི་དོན་དུ་མ་སྤུངས་པ་དེར་མི་རུང་བའི་ཕྱིར། ཡང་ན་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་གཞི་ཤེས་པའི་ཕྱིར་དུ་ཕུང་པོ་ལྔ་བསྟན་པ་གང་ཞིག །འདུས་མ་བྱས་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་གཞིར་མི་རུང་བའི་ཕྱིར། དེས་ན་སྐྱེ་མཆེད་བཅུ་གཉིས་སུ་ངེས་ཏེ། གཟུགས་ཅན་བཅུར་དངོས་པོ་ལ་ངེས་ལ། གཟུགས་ཅན་མིན་པ་དག་ཡིད་དང་ཆོས་གཉིས་སུ་ངེས་པའི་ཕྱིར། ཁམས་བཅོ་བརྒྱད་དུ་ངེས་ཏེ། གཟུགས་ཅན་ལ་བཅུ། གཟུགས་ཅན་མིན་པ་ལ་ཆོས་དང་སེམས་གཉིས་སུ་ངེས་ཤིང་། སེམས་ལ་རྣམ་པ་བདུན་དུ་ངེས་པའི་ཕྱིར། འདི་དག་ཀྱང་། དབང་དོན་དེ་དག་ཁོ་ན་ལ་ཞེས་པར་བསྟན་གྱི་འདིར་སྐྱེ་མཆེད་དང་ཁམས་ཀྱི་གྲངས་ངེས་མ་བསྟན་ཏོ། །དེས་ན་བདག་ཏུ་འཛིན་པའི་འཁྲུལ་གཞི་ལྔ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་དུ་ཕུང་པོ་ལྔ་དང་། རྣམ་ཤེས་དྲུག་མཚུངས་ལྡན་དང་བཅས་པ་སྐྱེ་བའི་སྒོའི་དབང་དུ་བྱས་ནས་སྐྱེ་མཆེད་བཅུ་གཉིས་དང་། རྒྱུ་འབྲས་བུ་དང་བཅས་པའི་དབང་དུ་བྱས་ནས་ཁམས་བཅོ་བརྒྱད་བསྟན་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །བཞི་པ་ནི། འོ་ན་ཕུང་པོ་ལྔའི་གོ་རིམ་འདི་ལྟར་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། །ཕུང་པོ་ལྔའི་གོ་རིམ་ནི་ཕྲ་རགས་ཀྱི་སྒོ་ནས་བསྟན་པ་ཡིན་ཏེ། གཟུགས་ཕལ་ཆེ་བ་ཐོགས་བཅས་ཡིན་པས་རགས། གཟུགས་ཅན་མིན་པའི་ནང་ནས་ངའི་ལག་


DLL1003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཚོར་རྐང་པས་ཚོར་ཞེས་ཚོར་བ་རགས་པས་ཚོར་བ་དང་། དེ་ནས་མཚན་མར་འཛིན་པས་འདུ་ཤེས་རགས། དེ་ནས་བདག་བདེ་བར་གྱུར་ཅིག་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་འདུ་བྱེད་རགས། རྣམ་པར་ཤེས་པ་དོན་གྱི་ངོ་བོ་ཙམ་རིག་པས་ཕྲ་བའི་ཕྱིར། ཡང་ན་ཀུན་ནས་ཉོན་མོངས་སྐྱེ་བའི་རིམ་པ་དང་མཐུན་པར་བསྟན་ཏེ། ཐོག་མ་མེད་པ་ནས་སྐྱེ་བོ་དག་གཟུགས་ལ་དགའ་བས་ཐོག་མར་གཟུགས་ལ་ལྟ། གཟུགས་མཛེས་མི་མཛེས་ལས་ཚོར་བ་བདེ་སྡུག་འབྱུང་། དེ་ལས་འདུ་ཤེས་ཕྱིན་ཅི་ལོག་འབྱུང་། དེ་ལས་འདུ་བྱེད་ཆགས་སྡང་འབྱུང་། དེ་ལས་སེམས་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར། ཡང་ན་ཟས་ལ་ལོངས་སྤྱོད་པའི་ཚེ་ཟས་ཀྱི་སྣོད་དང་ཟས་དང་བྱ་ན་དང་བྱན་པོ་ལག་བདེ་བ་དང་ཟ་བ་པོའི་རིམ་པ་ལྟར་དོན་ཡང་བསྟན་ཏེ། །གཟུགས་ནི་སྣོད་ལྟ་བུ། ཚོར་བ་ཟས། འདུ་ཤེས་བྱ་ན། འདུ་བྱེད་ལག་བདེ་བ། རྣམ་ཤེས་ཟ་བ་པོ་ལྟ་བུ་ཡིན་པའི་ཕྱིར། ཡང་ན་ཁམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་ཏེ། འདོད་པ་ཁམས་པ་རྣམས་ཡོན་ཏན་གཟུགས་ཀྱིས་རབ་ཏུ་ཕྱེ་བ་དང་། བསམ་གཏན་པ་རྣམས་ཡོན་ཏན་ཚོར་བ་དང་། གཟུགས་མེད་དང་པོ་གསུམ་པོ་རྣམས་འདུ་ཤེས་དང་། སྲིད་རྩེ་བ་རྣམས་ཡོན་ཏན་འདུ་བྱེད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་དང་། རྣམ་པར་ཤེས་པ་ཐམས་ཅད་ལ་གནས་པའི་ཕྱིར། འབྱུང་བ་ལས་གྱུར་དོན་ཕྱིར་བཞི། །དབང་པོ་དྲུག་ལས་མིག་སོགས་དབང་པོ་ལྔ་དང་པོར་སྟན་པའི་རྒྱུ་མཚན་ཡོད་དེ། རང་ཡུལ་ད་ལྟར་བའི་ཡུལ་ཅན་ཡིན་པའི་ཕྱིར། ཡིད་ཕྱིས་སྟོན་པའི་རྒྱུ་མཚན་ཡོད་དེ། དུས་གསུམ་གའི་ཡུལ་ཅན་ཡིན་པའི་ཕྱིར་དང་། འདུས་མ་བྱས་ལ་དམིགས་པས་རྟོགས་དཀའ་བའི་


DLL1003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེའི་ནང་ནས་མིག་སོགས་བཞི་དང་པོར་སྟོན་པའི་རྒྱུ་མཚན་ཡོད་དེ། འབྱུང་བ་ལས་གྱུར་པའི་དོན་ཡུལ་དུ་བྱེད་པའི་ཕྱིར། ལུས་ཕྱིས་སྟོན་པའི་རྒྱུ་མཚན་ཡོད་དེ། འབྱུང་བ་དང་འབྱུང་གྱུར་གཉིས་ཀ་ཡུལ་དུ་བྱེད་པའི་ཕྱིར། །གཞན་བཞི་པོའི་ནང་ནས་མིག་དང་རྣ་བ་གཉིས་དང་པོར་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་ཡུལ་རིང་བ་ལ་འཇུག །སྣ་ལྕེ་གཉིས་ཉེ་བ་ལ་འཇུག་པའི་ཕྱིར། མིག་རྣ་གཉིས་ལས་མིག་དང་པོར་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་ཡུལ་ཆེས་རིང་བ་ལ་འཇུག་པའི་ཕྱིར། དཔེར་ན། རྒྱང་རིང་པོའི་ཆུ་ཀླུང་གི་གཟུགས་མཐོང་ཡང་སྒྲ་མ་ཐོས་པ་བཞིན་ནོ། །སྣ་ལྕེ་གཉིས་ལས་སྣ་དང་པོར་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་ཡུལ་ལ་མྱུར་བར་འཇུག་པའི་ཕྱིར། དཔེར་ན། ལྕེས་རོ་མ་མྱོང་བ་ན་སྣས་དྲི་ཚོར་བ་བཞིན་ནོ། །ཡང་ན་དབང་རྟེན་ཇི་ལྟར་གནས་པའི་རིམ་པ་དང་མཐུན་པར་བསྟན་ཏེ། མིག་དང་པོ་ན་གནས་པ་ནས་ལུས་ཕལ་ཆེ་བ་འོག་ན་གནས་བའི་བར་གྱི་ཕྱིར་རོ། །དེ་ལྟར་ན་འདིས་ནི་ནང་གི་སྐྱེ་མཆེད་དྲུག་གི་གོ་རིམ་བཤད་པ་ནི་ཕྱིའི་སྐྱེ་མཆེད་ཀྱི་གོ་རིམ་ཀྱང་ཤེས་ཏེ། ཡུལ་ཅན་གྱི་རིམ་པ་ལྟར་བསྟན་པའི་ཕྱིར། དེས་ནི་ཁམས་ཀྱི་གོ་རིམ་ཀྱང་གྲུབ་སྟེ། འབྲས་བུ་རྣམ་ཤེས་ཀྱི་ཁམས་དྲུག་ནི་རྒྱུའི་གོ་རིམ་ལྟར་བསྟན་པའི་ཕྱིར། དེས་ན་དབང་པོ་དྲུག་གི་གོ་རིམ་གྲུབ་པ་ན་ཡུལ་དྲུག་དང་རྣམ་ཤེས་དྲུག་གི་གོ་རིམ་ཀྱང་གྲུབ་སྟེ། དཔེར་ན། རྒྱལ་པོ་དྲུག་གི་གོ་རིམ་གྲུབ་པ་ན་བཙུན་མོ་དྲུག་དང་རྒྱལ་བུ་དྲུག་གི་གོ་རིམ་གྲུབ་པ་བཞིན་ནོ། །ལྔ་པ་ནི། ཡང་ཅིའི་ཕྱིར་མིག་གི་ཡུལ་ཁོ་ན་ལ་གཟུགས་ཀྱི་སྐྱེ་མཆེད་དང་ཁམས་ཞེས་བརྗོད་པ་དང་ཡིད་ཀྱི་ཡུལ་ཁོ་ན་ལ་ཆོས་ཀྱི་སྐྱེ་


DLL1003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་དང་ཁམས་ཞེས་བརྗོད་པ་མི་འཐད་པར་ཐལ། མིག་ལ་སོགས་པ་བཅུ་གའང་གཟུགས་ཡིན་པའི་ཕྱིར་དང་། སྐྱེ་མཆེད་དང་ཁམས་ཐམས་ཅད་ཀྱང་ཆོས་ཡིན་པའི་ཕྱིར་ཞེ་ན། གཅིག་ནི་ཆོས་ཞེས་བྱ་བར་བརྗོད། །བཅུ་པོ་ཐམས་ཅད་གཟུགས་ཡིན་ཡང་དེ་དག་སོ་སོར་སྐྱེ་མཆེད་ཡིན་གྱི་སྤྱིར་ནི་མ་ཡིན་ནོ་ཞེས་རྟོགས་པའི་ཕྱིར་དུ་མིག་ལ་སོགས་པ་དགུ་ནི་རང་རང་གི་མིང་གིས་བསྟན་ལ། མིང་གཞན་མེད་པའི་ཕྱིར་མིག་གི་ཡུལ་དེ་ལ་གཟུགས་ཞེས་པའི་སྤྱི་སྒྲས་བྱེ་བྲག་ཏུ་རྟོགས་པའི་དོན་གྱི་ཕྱིར་མིག་གི་ཡུལ་གཅིག་པུ་ནི་གཟུགས་ཀྱི་སྐྱེ་མཆེད་དང་ཁམས་ཞེས་བྱ་བར་བརྗོད་དེ། རྟ་པ་མང་པོ་ཞེས་ཉིད་ཀྱིས་དམག་ལ་སོགས་པ་བྱེ་བྲག་ཏུ་སྟོན་པ་བཞིན་ནོ། །ཡང་ན་མིག་གི་ཡུལ་ནི་བསྟན་ཡོད་ཐོགས་བཅས་ཡིན་པས་གཟུགས་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཡང་དེའི་སྒྲས་བརྗོད་དེ། མིའི་མཆོག་གིས་རྒྱལ་པོ་གོ་བ་བཞིན་ནོ། །ཡང་འཇིག་རྟེན་ན་དེ་གཟུགས་སོ་ཞེས་གྲགས་ཀྱི་གཞན་ལ་ནི་མིན་ནོ་ཞེས་འགྲེལ་པས་འཆད་དོ། །ཡང་ན་སྐྱེ་མཆེད་གཟུགས་ཅན་བཅུ་ག་གཟུགས་ཡིན་ཡང་གཞན་རྣམས་ལ་མིག་ལ་སོགས་པ་དང་མིག་གི་ཡུལ་གཅིག་པུ་ལ་གཟུགས་ཀྱི་སྐྱེ་མཆེད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ལྟར་བསྟན་པས་སྐྱེ་མཆེད་གཟུགས་ཅན་བཅུ་པོ་ཡུལ་ཡུལ་ཅན་དུ་བཞག་བའི་སྒོ་ནས་སྐྱེ་མཆེད་བྱེ་བྲག་སོ་སོའི་དོན་རྟོགས་པའི་ཆེད་ཡིན་པའི་ཕྱིར། མིག་གི་ཡུལ་གཅིག་པུ་ལ་གཟུགས་ཞེས་སྤྱི་སྒྲས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལག་པའི་འདུས་ཏེ་རེག་པ་ལ་སོགས་པའི་སྒོ་ནས་གཟུགས་སུ་རུང་བ་དང་། མིག་ཤེས་ལ་བསྟན་དུ་རུང་བ་དང་། འཇིག་རྟེན་ན་ཡང་འདི་ཁོ་ན་ལ་གཟུགས་


DLL1003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྲགས་པའི་ཕྱིར། གཞན་དག་ན་རེ། རྣམ་པ་ཉི་ཤུ་རགས་པ་དང་། ཤའི་སྤྱན་དང་ལྷའི་སྤྱན་དང་ཤེས་རབ་ཀྱི་མིག་གསུམ་གྱི་སྤྱོད་ཡུལ་ཡིན་པས་མིག་གི་ཡུལ་ཁོ་ན་ལ་གཟུགས་ཀྱི་སྐྱེ་མཆེད་དང་ཁམས་སུ་བསྟན་ཏོ་ཞེས་ཟེར་རོ། །ཡང་སྐྱེ་མཆེད་དང་ཁམས་ཐམས་ཅད་ཆོས་ཡིན་པ་བདེན་ཡང་ཡིད་ཀྱི་ཡུལ་ཁོ་ན་ལ་ཆོས་ཀྱི་སྐྱེ་མཆེད་དང་ཁམས་ཀྱི་སྒྲས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞན་དག་ནི་རང་རང་གི་མིང་གིས་སྨོས། ལ་ལ་ལ་མིང་གཞན་མེད་པས་ཡིད་ཀྱི་ཡུལ་ལ་ཆོས་ཞེས་བྱ་བའི་སྤྱི་སྒྲས་ཡིད་ཀྱི་ཡུལ་བྱེ་བྲག་ཏུ་རྟོགས་པའི་དོན་གྱི་ཕྱིར། མིང་མེད་ཅེས་པ་དེ་དག་མིང་དུ་འགྱུར་བ་བཞིན་ནོ། །ཡང་ན་ཚོར་བ་ལ་སོགས་པ་བསྡུ་བར་བྱ་བའི་ཆོས་མང་བའི་ཕྱིར་དང་། ཆོས་ཀྱི་མཆོག་མྱ་ངན་ལས་འདས་པའི་སོ་སོར་བརྟགས་འགོག་ཀྱང་དེར་བསྡུས་པའི་ཕྱིར། ཡིད་ཀྱི་ཡུལ་གཅིག་པུ་ནི་ཆོས་ཀྱི་སྐྱེ་མཆེད་དང་ཁམས་ཞེས་བྱ་བར་བརྗོད་དོ། །ཡང་ན་སློབ་དཔོན་གྱི་ངག་ལས་སྐྱེ་མཆེད་བཅུ་གཉིས་པོ་ཆོས་ཡིན་ཡང་མིག་སོགས་ལྔ་ལ་མིག་ལ་སོགས་པའི་སྐྱེ་མཆེད་དང་། ཆོས་གཞན་བདུན་ལ་ཆོས་ཀྱི་སྐྱེ་མཆེད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ལྟར་བསྟན་པས་སྐྱེ་མཆེད་བཅུ་གཉིས་ཡུལ་ཡུལ་ཅན་དུ་རྣམ་པར་བཞག་པའི་སྒོ་ནས་སྐྱེ་མཆེད་བྱེ་བྲག་སོ་སོའི་དོན་ཤེས་པའི་ཆེད་ཡིན་པའི་ཕྱིར། ཆོས་བདུན་པོ་འདི་ལ་ཆོས་ཞེས་སྤྱི་སྒྲས་བརྗོད་པའི་རྒྱུ་མཚན་ཡོད་དེ། འདིས་ཆོས་མང་པོ་བསྡུས་པའི་ཕྱིར་དང་། ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ཡང་བསྡུས་པའི་ཕྱིར་རོ། །ཆོས་ཕུང་བསྡུ་ཚུལ་སོགས་བཤད་པ། གཉིས་པ་ཆོས་གཞན་བསྡུ་བའི་ཚུལ་ལ་གཉིས། ཆོས་ཀྱི་ཕུང་པོ་བསྡུ་བའི་ཚུལ་དང་། དེ་


DLL1003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལའང་སྦྱར་བའོ། །དང་པོ་ནི། འོ་ན། མདོ་གཞན་དག་ལས་ཕུང་པོ་ལ་སོགས་པའི་མིང་ཅན་གཞན་དག་ཀྱང་འབྱུང་ན། དེ་དག་འདིར་སྨོས་པ་རྣམས་ཀྱིས་མ་བསྡུས་ན་དེ་དག་ལས་གཞན་པའི་ཆོས་ཡོད་པས། དེ་དག་ཏུ་གྲངས་མ་ངེས་པར་འགྱུར་ལ། བསྡུས་ན་ཇི་ལྟར་བསྡུ་ཞེ་ན། དེའི་ལན་ཆོས་ཕུང་བསྡུ་ཚུལ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག་གང་རྣམས་ཐུབ་པས་གསུངས་པ་དེ་དག་མདོ་སྡེ་པས་རྣ་བའི་ཡུལ་དུ་གྱུར་པའི་ཚིག་གམ་སྟེ་ཚིག་གི་རང་བཞིན་དང་། བྱེ་བྲག་ཏུ་སྨྲ་བས་ཡིད་ཀྱི་ཡུལ་དུ་གྱུར་པའི་མིང་གི་རང་བཞིན་ཡིན་པར་འདོད་པས། དེ་དག་ནི་རིམ་པ་ལྟར་གཟུགས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་དག་ཏུ་འདུས་ལ། ཆོས་མངོན་པ་བ་རྣམས་ནི། ཡེ་ཤེས་ལ་འཇུག་པ་ལས། སངས་རྒྱས་ཀྱི་གསུང་གང་ཞེ་ན། དེ་བཞིན་གཤེགས་པའི་བཀའ་དང་། གསུང་དང་། རྗོད་པ་དང་། དབྱངས་དང་། ངེས་པའི་གསུང་དང་། གསུང་གི་ལམ་དང་། གསུང་དབྱངས་དང་། གསུང་གི་འཕྲིན་ལས་དང་། གསུང་གི་རྣམ་པར་རིག་བྱེད་ཡིན་ནོ། །ཞེས་པ་དང་། སངས་རྒྱས་ཀྱི་གསུང་ཞེས་བྱ་བ་འདི་ཆོས་གང་ཞིག་ཡིན་ཞེ་ན། གང་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས། གོ་རིམ་བཞིན་དུ་བཀོད་པ་དང་གོ་རིམ་དུ་བཞག་པ་དང་གོ་རིམ་དུ་ཡང་དག་བར་སྦྱར་བའོ། །ཞེས་འབྱུང་བས་གཉིས་ཀའི་རང་བཞིན་ཡིན་པས་གཉིས་ཀར་འདུས་སོ་ཞེས་འདོད་དོ། །སྡེ་པ་གཞན་དག་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་དུ་འདོད་དེ། ཀུན་དགའ་བོའི་མདོ་ལས། ཀུན་དགའ་བོས་བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་གཅིག་ནི་བཅོམ་ལྡན་འདས་ལས་མངོན་སུམ་དུ་བཟུང་ངོ་། །གཉིས་ནི་དགེ་སློང་དག་ལས་སོ། །ཞེས་གསུངས་པའི་ཕྱིར་དང་། རྣམ་བཤད་རིག་པ་ལས་ཀྱང་། ཉན་ཐོས་ཀྱི་ཐེག་པ་ལ་ཡང་བརྒྱད་ཁྲིར་མ་བསྡུས་ཏེ། ཀུན་དགའ་བོའི་མདོ་ལས། བརྒྱད་


DLL1003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ལྷག་གཅིག་བཅོམ་ལྡན་འདས་ལས་བཟུང་ཞིང་གཉིས་ནི་དགེ་སློང་དག་ལས་སོ། །ཞེས་གསུངས་པ་དེ་དག་ཀྱང་ཀུན་དགའ་བོས་ལོ་ཉི་ཤུ་ལྷག་གཅིག་སྟོན་པའི་རིམ་གྲོ་པ་བྱེད་པ་ན་ཐོས་པ་ཡིན་གྱི་རིམ་གྲོ་མི་བྱེད་པའི་གོང་དུ་གསུངས་བ་རྣམས་ནི་ངེས་མ་བཟུང་བར་ཤེས་པ། དེའི་གོང་དུ་ཆོས་ཉུང་ངུ་གསུང་བར་ཡང་མི་འཐད་པས་དགེ་སློང་དག་ལས་བཟུང་བ་དེ་དག་ཁོ་ན་སྔར་གསུངས་པ་རྣམས་ཡིན་ནོ་ཞེས་བྱ་བར་ཡང་མི་རིགས་པའི་ཕྱིར་རོ། །ཞེས་དང་། ཀུན་ལས་བཏུས་ཀྱི་འགྲེལ་པ་ལས་ཀྱང་། ཉན་ཐོས་གྱི་ཐེག་པའི་སྐབས་སུ་གནས་བརྟན་ཀུན་དགའ་བོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་དག་བཟུང་བ་རྣམས་ནི་སྡེ་སྣོད་གསུམ་པོ་འདི་དག་ཉིད་ཡིན་ནོ་ཞེས་འབྱུང་པའི་ཕྱིར་དང་། སྡེ་པ་གཞན་གྱི་ལུགས་ལས་ཀྱང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་འབྱུང་བའི་ཕྱིར་རོ། །དེས་ན་བརྒྱད་ཁྲིར་འདོད་པ་ནི་ཁ་ཆེ་བྱེ་བྲག་སྨྲ་བ་ཁོ་ནའི་ལུགས་སུ་གོ་བའོ། །འོ་ན་ཆོས་ཕུང་རེ་རེའི་ཚད་ཇི་ཙམ་ཞེ་ན། ཁ་ཅིག་ནི་ཤཱ་རིའི་བུས་ཉེ་བར་བསྡུས་པའི་བསྟན་བཅོས་ཆོས་ཀྱི་ཕུང་པོའི་ཚད་དང་མཉམ་ལ་དེ་ལ་ཤླཽ་ཀ་དྲུག་སྟོང་ཡོད་ཅེས་ཟེར། དེའི་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལ་ཚིག་ལེའུར་བྱས་པ་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་བརྒྱད་དུ་འགྱུར་རོ། །ཀུན་ལས་བཏུས་ཀྱི་འགྲེལ་པ་ལས་ནི། ཆོས་ཀྱི་ཕུང་པོ་གཅིག་གི་ཚད་ཇི་ཙམ་ཞེ་ན། གྲངས་


DLL1003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཕྲག་བཅུ་ནི་ཆོས་ཀྱི་ཕུང་པོ་སྟེ་གྲངས་སྟོང་ཞེས་བྱ་བའི་ཐ་ཚིག་གོ །ཞེས་ཆོས་ཕུང་རེ་རེ་ལ་ཚིག་ལེའུར་བྱས་པ་སྟོང་སྟོང་ཡོད་པར་བཤད་དོ། །དེ་ཉིད་ལས་བགྲང་བའི་ཚུལ་འདིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་ཚིག་ལེའུར་བྱས་པས་བྱེ་བ་ཕྲག་བརྒྱད་དང་འབུམ་ཕྲག་བཞི་པཅུར་འགྱུར་རོ་ཞེས་བཤད་དོ། །ཚིག་ལེའུར་བྱས་པའི་ཚད་ནི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས། ཚིགས་སུ་བཅད་པ་རེ་རེ་ལ་ཡིག་འབྲུ་སུམ་ཅུ་སོ་གཉིས་ཉིད་དོ། །ཞེས་རྒྱ་གར་གྱི་ཡི་གེ་བརྒྱད་བཞི་སུམ་ཅུ་རྩ་གཉིས་ལ་བཤད་པས། བོད་ཀྱི་ཡི་གེ་ཚེག་བར་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །གཞན་དག་ན་རེ། རྗོད་བྱེད་ལ་ངེས་པ་མེད་པས་བརྗོད་བྱ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་དོན་གྱི་སྡེ་ཚན་རེ་རེ་སྟོན་པའི་གཏམ་རྒྱུད་རེ་རེ་རྫོགས་པ་ནི་ཆོས་ཀྱི་ཕུང་པོ་རེ་རེ་ཡིན་གྱི་ཚིགས་སུ་བཅད་པའི་གྲངས་ངེས་པ་ནི་མེད་དོ་ཞེས་འདོད་དོ། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །འོ་ན། དེ་དག་ཅིའི་ཕྱིར་དུ་བསྟན་ཅེ་ན། སེམས་ཅན་གྱི་ཉོན་མོངས་པའི་སྤྱོད་པ་འདོད་ཆགས་ལ་སོགས་པ་ཐ་དད་པ་བརྒྱད་ཁྲི་རྣམས་ཀྱི་གཉེན་པོར་ནི་ཆོས་ཀྱི་ཕུང་པོའང་དེ་དང་མཐུན་པར་གསུངས་སོ། །ནིའི་སྒྲས་ནི་སྔར་བཤད་པའི་ཕྱོགས་བསལ་བའི་ཕྱིར་རམ། དེས་གཟུང་གི་དོན་ནོ་ཞེས་སློབ་དཔོན་རྒྱལ་སྲས་ཀྱིས་འཆད་དོ། །ལུགས་ཕྱི་མ་ནི་སློབ་དཔོན་རང་གི་ལུགས་ཡིན་ཞེས་འགའ་ཞིག་འཆད་པ་མཐོང་ངོ་། །བོད་ཀྱི་མཁས་པ་སྔ་མ་ཁ་ཅིག །འདོད་ཆགས་སོགས་གསུམ་དང་དེ་ཆ་མཉམ་པས་ཀུན་ནས་བསླངས་པའི་སྤྱོད་པ་ཉི་ཁྲི་དང་སྟོང་སྟོང་ཡོད་པས་དེའི་གཉེན་པོར་ཆོས་ཀྱི་ཆོས་ཀྱི་ཕུང་པོ་


DLL1003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཁྲི་བཞི་སྟོང་ཡིན་ཏེ། དཀོན་མཆོག་ཏ་ལའི་གཟུངས་ལས། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གང་གསུངས་པས། །རྒྱལ་བ་གང་དག་འགྲོ་བའི་དོན་མཛད་པའི། །ཆོས་ཀྱི་བྱེ་བྲག་སྒོ་མོ་དེ་དག་གིས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །ཞེས་གསུངས་པའི་ཕྱིར་ཞེས་ཟེར། དེ་དག་ནི་ཐེག་པ་ཐུན་མོང་བའི་དབང་དུ་བྱས་པར་གསལ་གྱིས། ཐེག་ཆེན་ཐུན་མོང་མིན་པ་ལྟར་ན་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས། ཐེག་པ་བླ་ན་མེད་པའི་དབང་དུ་བྱས་ཏེ་ལྷའི་དབང་པོའི་གླང་པོ་ཆེ་རབ་བརྟན་གྱིས་བཀུར་བར་འོས་པའི་སྣག་ཚས་ཆོས་ཀྱི་ཕུང་པོ་གཅིག་འབྲི་བར་ནུས་ཏེ། དེ་ལྟར་བྱས་ན་མདོ་དག་ལས། ལྷས་བྱིན་གྱིས་གླང་པོ་ཆེ་ལྔ་སྟོང་གིས་ཁུར་བར་བྱ་བའི་གླེགས་བམ་རྣམས་ཁ་ཏོན་དུ་རྗོད་པར་བྱེད་དོ། །ཞེས་གསུངས་པ་འདི་ཡང་རེགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང་། དྲིན་ལན་བསབ་པའི་མདོ་ལས་ཀྱང་། ལྷས་བྱིན་གྱིས་མདོ་སྡེ་སྤོས་ཀྱི་གླང་པོ་ཆེའི་ཁལ་དྲུག་ཁྲི་སྙེད་ཁ་ཏོན་ཤེས། །ཞེས་གསུངས་པའི་ཕྱིར། གལ་ཏེ་ཆོས་ཀྱི་ཕུང་པོ་དེ་སྙེད་ཅིག་གསུངས་ན་དེ་དག་ད་ལྟ་གླིང་འདི་ན་མི་སྣང་བས་གང་ན་བཞུགས་ཞེ་ན། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ན་རེ། ཁ་ཅིག་འཇིག་རྟེན་གྱི་ཁམས་གཞན་ན་ཡོད་ཅིང་གཞན་ཕལ་ཆེར་ཀླུ་རྣམས་ཀྱི་ཡུལ་ན་ཡོད་དེ། སློབ་སྤྲིང་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་མུན་པ་རབ་རིབ་སེལ་བར་མཛད། །ཅེས་བཤད་པས་སོ་ཞེས་


DLL1003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་དོ། །སློབ་དཔོན་དབྱིག་གཉེན་གྱིས་རྣམ་བཤད་རིག་པ་ལས། ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །ཞེས་པ་དང་། ལུང་ཞུ་བའི་འགྲེལ་པ་ལས། སྟོན་པ་འདས་པའི་འོག་ཏུ་བྲམ་ཟེ་རྒྱལ་པོ་རྒྱལ་བྱེད་བཤེས་ཞེས་བྱ་བས་མཆོད་རྟེན་བཤིག །དགེ་སློང་ཡང་བསད། བཀའི་གླེགས་བམ་དང་གཙུག་ལག་ཁང་ཡང་བསྲེགས་སོ་ཞེས་འབྱུང་བས་དེ་དང་། སྤྲང་པོ་ཉི་མའི་དངོས་གྲུབ་ལ་སོགས་པས་ཡང་དག་བསྡུས་པའི་གཞི་ཉམས་པར་བྱས་པས་ཕལ་ཆེར་ནུབ་ལ། བཞུགས་པ་རྣམས་ལའང་མ་ཚང་བ་ཡོད་པས་མཐའ་དག་མི་སྣང་བ་ཡིན་ནོ་ཞེས་བཤད་དོ། །སློབ་དཔོན་རྒྱལ་པོའི་སྲས་ཀྱི་ཊཱིཀ་ལས་ཀྱང་། ཆོས་ཀྱི་ཕུང་པོ་དེ་དག་ནི་ནུབ་སྟེ་འདི་གཅིག་པུ་ལུས་སོ། །ཞེས་པ་དང་། རྒྱུ་དྲུག་ཚང་བར་སྟོན་པའི་མདོ་དེ་ནི་ནུབ་སྟེ། འདི་གཅིག་ལས་འཕྲོས་པའི་ལུང་ཆོས་བརྒྱའི་བར་དུ་སྟོན་པར་འགྱུར་བ་ལས་ད་ལྟ་བཅུའི་བར་སྟོན་པ་སྣང་ངོ་ཞེས་བཤད་དོ། །གཉིས་པ་དེ་གཞན་ལ་འང་སྦྱར་བ་ནི། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །རང་གི་མཚན་ཉིད་ལེགས་དཔྱད་དེ། །ཇི་སྐད་བཤད་པར་བསྡུ་བར་བྱ། །ཇི་ལྟར་ཆོས་ཀྱི་ཕུང་པོ་དག་ཕུང་པོར་བསྡུས་པ་དེ་བཞིན་དུ་གཞན་ཡང་བསྡུ་བར་བྱའོ་ཞེས་སྦྱར་ཏེ། གང་གང་དུ་ཇི་ལྟར་བསྡུ་ཞེ་ན། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །ཞེས་པ་དང་། ཅི་རིགས་པར། རང་གི་མཚན་ཉིད་ལེགས་དཔྱད་དེ། །ཞེས་པས་རིམ་པ་ལྟར་བསྟན་ཏེ། དེ་ལ་གསུམ་ལས་ཕུང་པོའི་མིང་ཅན་ཕུང་པོར་བསྡུ་བ་ནི། མདོ་ལས། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཞེས་འབྱུང་བ་ནི།


DLL1003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་སྨྲ་བ་ལྟར་ན། གཟུགས་དང་འདུ་བྱེད་ཀྱི་ཕུང་པོས་བསྡུས་ཏེ། ཚུལ་ཁྲིམས་ནི་ལུས་ངག་གི་སྤོང་བདུན་གྱི་གཟུགས་ཡིན་ཞིང་། གཞན་ནི་ཕུང་པོ་ཕྱི་མ་གཉིས་ཀྱང་རིམ་པ་ལྟར་མོས་པ་དང་ཤེས་རབ་ཀྱི་བྱེ་བྲག་ཡིན་པས་ཚོར་བ་དང་འདུ་ཤེས་ལས་གཞན་པའི་སེམས་བྱུང་ཡིན་པའི་ཕྱིར། ཐ་མ་བཞི་འཁོར་དང་བཅས་ན་ཕུང་པོ་བཞིའམ་ལྔས་བསྡུས་ཏེ། བསམ་གཏན་ས་དྲུག་ལ་མཉམ་པར་གཞག་པའི་དགེ་བ་ལ་རིག་བྱེད་མིན་པའི་གཟུགས་ཀྱང་ཡོད་པའི་ཕྱིར། མདོ་སྡེ་པ་ལ་སོགས་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའང་སེམས་པའི་ཁྱད་པར་ལ་འདོད་པས་ཐམས་ཅད་ཀྱང་འདུ་བྱེད་ཀྱི་ཕུང་པོས་བསྡུས་པར་འདོད་དོ། །དེ་བཞིན་དུ་སྡིག་པ་བཤགས་པ་དང་རྗེས་སུ་ཡི་རང་བ་དང་གསོལ་བ་གདབ་པའི་ཕུང་པོ་ཞེས་བྱ་བའང་འདུ་བྱེད་ཀྱི་ཕུང་པོས་བསྡུས་ཏེ། འགྱོད་པ་དང་དད་པ་དང་འདུན་པའི་རང་བཞིན་ཡིན་པའི་ཕྱིར། དེ་དག་ཀྱང་འཁོར་དང་བཅས་ན་ཕུང་པོ་བཞིས་བསྡུས་སོ། །གཞན་ཡང་ཡང་དག་པར་ངེས་པ་དང་ལོག་པར་ངེས་པ་དང་མ་ངེས་པའི་ཕུང་པོ་ཞེས་བྱ་བ་ནི་ཕུང་པོ་ལྔས་བསྡུས་ཏེ། འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། །ཞེས་འཕགས་པ་དང་མཚམས་མེད་ཀྱི་ལས་བྱེད་པ་དང་དེ་ལས་གཞན་པའི་གང་ཟག་གི་དབང་དུ་བྱས་ནས་གསུངས་པའི་ཕྱིར། ཡང་སྐྱེ་མཆེད་ཀྱི་མིང་ཅན་སྐྱེ་མཆེད་དུ་བསྡུ་བ་ནི། ཟད་པར་གྱི་སྐྱེ་མཆེད་བཅུ་བཤད་པའི་དང་པོ་བརྒྱད་ནི། ཟད་པར་བཅུའོ་བརྒྱད་མ་ཆགས། །ཞེས་འབྱུང་བས་མ་ཆགས་པའི་རང་བཞིན་ཡིན་པས་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །འཁོར་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པས་ཡིད་དང་


DLL1003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་བསྡུས་སོ། །གཉིས་ནི་གཟུགས་མེད་དག་ཅེས་འབྱུང་བས་ནམ་མཁའ་དང་རྣམ་ཤེས་གཉིས་ནི་གཟུགས་མེད་དང་པོ་གཉིས་ཀྱི་རང་བཞིན་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གྱིས་བསྡུས་སོ། །དེ་བཞིན་དུ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱང་མ་ཆགས་པའི་རང་བཞིན་ཡིན་པས་ཆོས་ཀྱིས་བསྡུས་ལ། འཁོར་དང་བཅས་ན་ནི་ཡིད་དང་ཆོས་གྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཡང་མདོ་ལས། འདི་ལ་དགེ་སློང་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག་ཆོས་སྟོན་པར་བྱེད་ན། འདི་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པའི་སྟོན་མཁས་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག་ཇི་ལྟ་ཇི་ལྟར་ཆོས་སྟོན་པར་བྱེད་པ། དེ་ལྟ་དེ་ལྟར་ཆོས་དེ་དག་ལས་དོན་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་ཞིང་། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་རོ། །དོན་སོ་སོ་ཡང་དག་པར་རིག་ཅིང་ཆོས་སོ་སོ་ཡང་དག་པར་རིག་པ་དེ་ལས་རབ་ཏུ་དགའ་བ་སྐྱེའོ། །རབ་ཏུ་དགའ་བ་ལས་དགའ་བ་སྐྱེའོ། །ཡིད་དགའ་བ་སྐྱེས་ནས་ལུས་ཤིན་ཏུ་སྦྱངས་བར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་ན་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །བདེ་བར་གྱུར་ན་སེམས་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་། ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །དེ་ཡིད་འབྱུང་བར་འགྱུར་རོ། །ཡིད་འབྱུང་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །ཞེས་སོགས་གསུངས་སོ། །མདོར་ན་དེ་བཞིན་དུ་གཞན་ཡང་ཅི་རིགས་པར་ཕུང་པོ་སྐྱེ་མཆེད་


DLL1003_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རྣམས་ནི་རང་རང་གི་མཚན་ཉིད་ལ་ལེགས་པར་དཔྱད་དེ་ཆོས་ཀྱི་ཕུང་པོ་ལ་ཇི་སྐད་བཤད་པ་བཞིན་དུ་བསྡུ་བར་བྱའོ། །བྱེ་བྲག་སྨྲ་བ་ནི། སྣང་དང་མུན་པ་དག་ཡིན་ལོ། །ཁའི་བུ་ག་ལ་སོགས་པ་ནམ་མཁའི་ཁམས་ཡིན་ཞིང་དེ་པང་ཉིན་མོ་སྣང་བ་དང་མཚན་མོ་མུན་པ་དག་ཡིན་ལ། ངོ་བོ་ཐོགས་བཅས་དང་ཐོགས་བཅས་གཞན་གྱི་ཉེ་འཁོར་ན་ཡོད་པས་ཐོགས་བཅས་ཉེ་འཁོར་ཡིན་ནོ། །ལོ་ནི་མདོ་སྡེ་པས་བྱེ་བྲག་སྨྲ་བ་ལ་མ་རངས་པའི་ཚིག་སྟེ། འདུས་མ་བྱས་གྱི་ནམ་མཁའ་ནི་ནམ་མཁའི་ཁམས་ཡིན་ཞིང་ངོ་བོ་ཐོགས་མེད་དང་ཐོགས་མེད་གཞན་གྱི་ཉེ་འཁོར་ན་ཡོད་པས་ཐོགས་མེད་ཉེ་འཁོར་ཡིན་ཟེར་རོ། །དེས་ན་དེའི་ལྟར་ན་ཆོས་ཀྱི་སྐྱེ་མཆེད་དམ་ཆོས་ཀྱི་ཁམས་སུ་འདུས་སོ། །རྣམ་ཤེས་ཀྱི་ཁམས་ནི་སེམས་ཀྱི་ཁམས་བདུན་དུ་འདུས་སོ། །དེ་ལྟར་ན་ཁམས་མང་པོའི་མདོ་ལས་ཁམས་དྲུག་ཅུ་རྩ་གཉིས་གསུངས་པ་ལས་མིག་ལ་སོགས་པའི་ཁམས་བཅོ་བརྒྱད་ནི་སྡུད་བྱེད་སྔར་བཤད་པ་རྣམས་སོ། །དེའི་རྗེས་ལ་ཁམས་དྲུག་བཤད་པའི་ས་ལ་སོགས་པ་བཞི་ནི་རེག་བྱའི་ཁམས་ཀྱིས་བསྡུས་ཏེ་སྔར་བཤད་དོ། །ནམ་མཁའ་དང་རྣམ་ཤེས་ཀྱི་ཁམས་ལ་འདིར་དོགས་པ་གཅད་དོ། །རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན། །ཟག་པ་དང་བཅས་པའི་རྣམ་ཤེས་ནི་རྣམ་པར་ཤེས་པའི་ཁམས་ཡིན་ཏེ། རྣམ་ཤེས་ཀྱི་ཁམས་ནི་སྲིད་པར་སྐྱེ་བའི་རྟེན་ཡིན་ལ། ཟག་མེད་ཀྱི་རྣམ་ཤེས་ཀྱིས་སྲིད་པ་གཅོད་པར་བྱེད་པའི་ཕྱིར། དེས་ན་རྣམ་ཤེས་ཐམས་ཅད་རྣམ་ཤེས་ཀྱི་ཁམས་ནི་མིན་ནོ། །དེའི་རྗེས་ལ་འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བ་དང་ངེས་པར་འབྱུང་བ་དང་གནོད་སེམས་མེད་པ་དང་རྣམ་པར་མི་འཚེ་བའི་ཁམས་ཞེས་བྱ་བ་དྲུག་བཤད་པ་ནི་ཆོས་ཀྱི་ཁམས་


DLL1003_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྡུས་ཏེ། དང་པོ་གསུམ་ནི་འདོད་པའི་འདོད་ཆགས་དང་ཞེ་སྡང་དང་སེམས་ཅན་ལ་མཐོ་འཚམ་པའི་རང་བཞིན་སྤང་བར་བྱ་བའི་སེམས་བྱུང་དང་། ཕྱི་མ་གསུམ་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་དང་སྙིང་བརྩེ་བའི་རང་བཞིན་གཉེན་པོའི་སེམས་བྱུང་ཡིན་པའི་ཕྱིར། དེའི་རྗེས་ལ་བདེ་བ་དང་སྡུག་བསྔལ་དང་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་དང་མ་རིག་པའི་ཁམས་ཞེས་བྱ་བ་དྲུག་གསུངས་པ་ཡང་དང་པོ་ལྔ་ཚོར་བ་དང་དྲུག་པ་འདུ་བྱེད་ཡིན་པས་ཆོས་ཀྱི་ཁམས་ཀྱིས་བསྡུས་སོ། །དེའི་རྗེས་ལ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཁམས་བཞི་གསུངས་པ་ནི། དང་པོ་གསུམ་ཆོས་ཀྱི་ཁམས་དང་བཞི་པ་སེམས་ཀྱི་ཁམས་བདུན་གྱིས་བསྡུས་སོ། །དེའི་རྗེས་ལ་འདོད་པ་དང་གཟུགས་དང་གཟུགས་མེད་ཀྱི་ཁམས་གསུམ་གསུངས་པ་ནི། རིམ་པ་བཞིན་ཁམས་བཅོ་བརྒྱད་དང་། དྲི་རོ་དང་སྣ་ལྕེའི་རྣམ་ཤེས་མ་གཏོགས་པ་བཅུ་བཞི་དང་། ཁམས་ཐ་མ་གསུམ་གྱིས་བསྡུས་སོ། །དེའི་རྗེས་ལ་གཟུགས་དང་གཟུགས་མེད་པ་དང་འགོག་པའི་ཁམས་གསུམ་གསུངས་པ་ནི། ཁམས་བཅུ་བཞི་དང་ཐ་མ་གསུམ་དང་ཆོས་ཀྱི་ཁམས་ཀྱིས་བསྡུས་ཏེ། འདིར་འགོག་པའི་ཁམས་ནི་སོ་སོར་བརྟགས་འགོག་དང་། བརྟགས་མིན་གྱི་འགོག་པའོ། །དེ་ནས་འདས་པ་དང་མ་འོངས་པ་དང་ད་ལྟར་གྱུར་པའི་ཁམས་གསུམ་གསུངས་པ་ནི་ཁམས་བཅོ་བརྒྱད་པོ་ཐམས་ཅད་ཀྱིས་བསྡུས་སོ། །དེའི་རྗེས་ལ་ངན་པ་དང་བར་མ་དང་གྱ་ནོམ་པའི་ཁམས་གསུམ་གསུངས་པ་ནི་འདོད་པའི་ཁམས་ལ་སོགས་པ་གསུམ་པོ་ཉིད་དོ། །


DLL1003_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་དགེ་མི་དགེ་ལུང་མ་བསྟན་གྱི་ཁམས་གསུམ་གསུངས་པའི་དང་པོ་གཉིས་ནི་གཟུགས་དང་སྒྲ་དང་ཆོས་དང་སེམས་ཀྱི་ཁམས་བདུན་གྱིས་བསྡུས། ཐ་མ་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ། །དེའི་རྗེས་སློབ་པ་དང་མི་སློབ་པ་དང་གཉིས་ཀ་མིན་པའི་ཁམས་གསུམ་གསུངས་པའི་དང་པོ་གཉིས་ཁམས་ཐ་མ་གསུམ་དང་། གསུམ་པ་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ། །དེའི་རྗེས་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཁམས་གཉིས་གསུངས་པའི་དང་པོ་ཁམས་བཅོ་བརྒྱད་དང་། ཕྱི་མ་ཐ་མ་གསུམ་གྱིས་བསྡུས་སོ། །དེའི་རྗེས་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་གཉིས་གསུངས་པའི་དང་པོ་ཁམས་བཅོ་བརྒྱད་དང་། ཕྱི་མ་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་ཏེ། དེ་ལྟར་ན་དེ་དག་ནི་ཁམས་དྲུག་ཅུ་རྩ་གཉིས་ཏེ། དེ་དག་ལ་མཁས་ན་མཁས་པ་ཁམས་ལ་མཁས་པ་ཞེས་གསུངས་སོ། །སྟོང་ཆུང་ངུ་དང་སྟོང་གཉིས་པར་མ་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་གསུངས་པ་ནི་བྱེ་བྲག་མེད་པར་ཁམས་བཅོ་བརྒྱད་ཀྱིས་བསྡུས་ཏེ། དེ་ཡང་འདོད་པར་གཏོགས་པ་ནི་ཁམས་བཅོ་བརྒྱད་པོ་ཐམས་ཅད་དང་། བསམ་གཏན་དང་པོ་ནི་བཅུ་བཞིས་བསྡུས་སོ། །དེ་ལྟར་ཁམས་ཀྱི་དབྱེ་བ་དག །རྒྱས་དང་བསྡུས་པ་འདི་ཡིན་ཞེས། །རྣམ་དཔྱོད་ལྡན་རྣམས་དེ་ལྟར་དུ། །ལེགས་པར་དཔྱོད་ལ་བསྟན་པ་སྤེལ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ཁམས་དང་རྣམ་པའི་རབ་དབྱེ་ལ། བརྐྱངས་ན་རབ་དབྱེ་ཉི་ཤུ་རྩ་གཉིས་ཡོད་ཀྱང་བརྗོད་བདེ་བའི་དབང་དུ་བྱས་ན་བརྒྱད་ཡོད་དེ། བསྟན་ཡོད་ལ་སོགས་པ་ལྔ་དང་། རྟོག་བཅས་དཔྱོད་བཅས་


DLL1003_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་དབྱེ་བ་དང་། དམིགས་བཅས་ལ་སོགས་པ་ལྔ་དང་། བྱུང་བ་གསུམ་གྱི་རབ་དབྱེ་དང་། རྫས་དང་ལྡན་པ་ལ་སོགས་པ་ལྔ་དང་། མཐོང་སྤང་ལ་སོགས་པའི་རབ་དབྱེ་དང་། ལྟ་བ་དང་ལྟ་མིན་གྱི་རབ་དབྱེ་དང་། གཉིས་ཀྱིས་ཤེས་པར་བྱ་བ་ལ་སོགས་པ་གསུམ་བཤད་པ་དང་བརྒྱད་དོ། །དེ་ལས་དང་པོ་ནི། འོ་ན་ཁམས་བཅོ་བརྒྱད་པོ་དེ་དག་ལ་བསྟན་དུ་ཡོད་པ་ནི་དུ་མེད་པ་ནི་དུ་ཞེ་ན། ཁམས་བཅོ་བརྒྱད་པོ་འདིར་ནི་གཟུགས་ཀྱི་ཁམས་གཅིག་པུ་བསྟན་དུ་ཡོད་པ་ཡིན་ཏེ། འདི་ནི་འདི་ནའོ་འདི་ནི་ཕ་གི་ནའོ་ཞེས་མིག་ལ་བསྟན་དུ་ཡོད་པའི་ཕྱིར། ཁམས་གཟུགས་ཅན་བཅུ་པོ་ཐོགས་པ་དང་བཅས་པ་ཡིན་ཏེ། སྒྲིབ་པ་ལ་ཐོགས་པ་ཡུལ་ལ་ཐོགས་པ་དམིགས་པ་ལ་ཐོགས་པ་གསུམ་ཡོད་པའི་ནང་ནས་སྒྲིབ་པ་ལ་ཐོག་པའི་ཕྱིར་ཏེ། རང་གི་གོ་སར་གཟུགས་ཅན་གཞན་འབྱུང་བ་ལ་གེགས་བྱེད་པའི་ཕྱིར། ཡུལ་ལ་ཐོགས་པ་ནི་མིག་གིས་སྔོན་པོ་ལྟ་བུ་གཅིག་ཡུལ་བྱས་པ་ན་དེ་ལ་ཐོགས་ནས་ཆོས་གཞན་ཡུལ་དུ་བྱེད་པ་ལ་གེགས་བྱེད་པ་ལྟ་བུའོ། །དམིགས་པ་ལ་ཐོགས་པ་ནི་སེམས་སེམས་བྱུང་གིས་སྔོན་པོ་ལྟ་བུ་གཅིག་ལ་དམིགས་པ་ན་དེ་ལ་ཐོགས་ནས་ཆོས་གཞན་དམིགས་པ་ལ་གེགས་བྱེད་པ་ལྟ་བུའོ། །དེ་ལ་ཐོགས་པ་ནི་རྡུགས་པ་ཡིན་ཏེ་དེ་ནི་གཟུགས་ཅན་དག་གཅིག་གི་གོ་སར་གཅིག་རྡུགས་པས། རང་རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་བྱེད་པའི་སྒྲིབ་པ་ལ་ཐོགས་པ་དང་། བཏགས་པ་ལས་མིག་ལ་ཆུ་དང་སྐམ་ལ་ཐོགས་མི་ཐོགས་ཀྱི་མུ་བཞི་དང་། མཚན་མོ་དང་ཉིན་མོ་ཐོགས་མི་ཐོགས་ཀྱི་མུ་བཞི་འབྱུང་བས། མིག་ལ་སོགས་པ་རྣམས་རང་གི་


DLL1003_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་འཇུག་གི་གཞན་ལ་མི་འཇུག་པའི་ཡུལ་ལ་ཐོགས་པ་དང་། མཚུངས་ལྡན་རྣམས་རང་གི་ཡུལ་ལ་འཛིན་གྱི་གཞན་ལ་མི་འཛིན་པའི་དམིགས་པ་ལ་ཐོགས་པ་གསུམ་ལས། འདིར་ནི་དང་པོའི་དབང་དུ་བྱས་པ་ཡིན་ཏེ། མིག་ལ་སོགས་པའི་རྡུལ་ཕྲན་རྣམས་གཅིག་གི་གོ་སར་གཅིག་འོད་བ་ལ་གེགས་བྱེད་པའི་ཕྱིར། ཁམས་ལྷག་མ་བརྒྱད་ནི་དེ་ལྟར་མིན་པའི་ཕྱིར་ཐོགས་པ་མེད་པར་གྲུབ་བོ། །འདིར་ཡུལ་དང་དམིགས་པའི་ཁྱད་པར་ནི། དབང་པོ་ལྔའི་ཡུལ་གང་ཡིན་པ་དེ་ནི་ཡུལ་ཡིན་ལ། སེམས་དང་སེམས་བྱུང་གིས་འཛིན་པ་དེ་ནི་དམིགས་པ་དང་ཡུལ་གཉིས་ཀ་ཡིན་ནོ། །གཟུགས་སྒྲ་མ་གཏོགས་གཞན་རྣམ་གསུམ། །ཡང་ཁམས་བཅོ་བརྒྱད་ལས་དགེ་བ་དང་མི་དགེ་བའི་ངོ་བོར་ལུང་དུ་བསྟན་དུ་མེད་པའི་ཕྱིར་གཅིག་ཏུ་ལུང་དུ་མ་བསྟན་པ་ནི་བརྒྱད་ཡོད་དེ། གང་ཞེ་ན། ཐོགས་བཅས་སུ་བཤད་པའི་གཟུགས་ཅན་བཅུ་པོ་གང་དག་ཡིན་པ་དེ་དག་ཉིད་ལས། གཟུགས་སྒྲ་གཉིས་ནི་དགེ་མི་དགེར་ཡང་འགྱུར་བས་དེ་གཉིས་མ་གཏོགས་པ་དབང་པོ་ལྔ་དང་དྲི་རོ་རེག་བྱ་རྣམས་སོ། །ཁམས་གཞན་བཅུ་པོ་རྣམས་ནི་ཅི་རིགས་པར་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཡོད་པ་ཡིན་ཏེ། དེ་ལས་གཟུགས་སྒྲ་ནི་ལུས་ངག་གི་རིག་བྱེད་ཀྱིས་བསྡུས་པ་དག་ཀུན་སློང་གི་དབང་གིས་དགེ་མི་དགེ་ལུང་མ་བསྟན་གསུམ་ག་དང་། རྒྱུད་ཀྱིས་བསྡུས་ཀྱང་རིག་བྱེད་ཀྱིས་མ་བསྡུས་པ་དང་། རྒྱུད་ཀྱིས་མ་བསྡུས་པ་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ལུང་མ་བསྟན་ནོ། །ཐོགས་མེད་ཀྱི་ཁམས་བརྒྱད་ལས་སེམས་ཀྱི་ཁམས་བདུན་ནི་གྲོགས་མ་ཆགས་པ་དང་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པས་དགེ་མི་དགེ་ལུང་མ་བསྟན་གསུམ་ག་ཡོད་པ་ཡིན་ནོ། །ཆོས་ཀྱི་


DLL1003_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ནི་ཁ་ཅིག་ངོ་བོ་ཉིད་དང་ཁ་ཅིག་མཚུངས་ལྡན་དང་ཁ་ཅིག་ཀུན་སྤོང་དང་ཁ་ཅིག་དོན་དམ་པར་དགེ་བའང་དེ་བཞིན་དུ་ཤེས་པར་བྱའོ། །ཡང་ཁམས་བཅོ་བརྒྱད་པོ་འདི་དག་ལས་འདོད་ཁམས་སུ་གཏོགས་པ་ནི་དུ། གཟུགས་ཁམས་སུ་གཏོགས་པ་ནི་དུ། གཟུགས་མེད་ཁམས་སུ་གཏོགས་པ་ནི་དུ། ཁམས་སུ་མ་གཏོགས་པ་ནི་དུ་ཞེ་ན། ཁམས་བཅོ་བརྒྱད་པོ་ཐམས་ཅད་འདོད་ཁམས་སུ་གཏོགས་པ་ཡོད་དེ། དེ་དག་ལ་འདོད་པའི་ཉོན་མོངས་རྒྱས་སུ་རུང་བའི་ཕྱིར། གཟུགས་ཀྱི་ཁམས་ན་ནི་བཅུ་བཞིའོ། །དེ་དག་ཀྱང་གང་ཞེ་ན། དྲི་དང་རོ་དང་སྣའི་རྣམ་ཤེས་དང་ལྕེའི་རྣམ་ཤེས་ཀྱི་ཁམས་མ་གཏོགས་པ་རྣམས་སོ། །དྲི་རོ་གཉིས་ནི་གཟུགས་ཁམས་ན་མེད་དེ། དེ་དག་ནི་ཁམ་ཟས་ཡིན་ལ། དེ་ལ་འདོད་ཆགས་དང་བྲལ་བ་དག་དེར་སྐྱེ་བའི་ཕྱིར། འོ་ན་རེག་བྱ་ཡང་མེད་པར་འགྱུར་རོ་ཞེ་ན། དེ་ལ་ནི་ཁམ་གྱི་ཟས་དང་ཟས་མིན་པ་གཉིས་ཡོད་པས་ཁམ་ཟས་སུ་གྱུར་པའི་རེག་བྱ་མེད་ཀྱང་། དབང་པོ་ལ་སོགས་པའི་གཟུགས་ཀྱི་རྟེན་འབྱུང་བ་དང་གོས་ཀྱི་རེག་བྱ་ལ་སོགས་པ་ཡོད་པའི་ཕྱིར། དྲི་རོ་ལ་ནི་ཁམ་ཟས་མིན་པ་མེད་དེ། གལ་ཏེ་ཡོད་དུ་ཆུག་ཀྱང་གཟུགས་ཁམས་ན་དགོས་པ་མེད་པའི་ཕྱིར། དེའི་ཕྱིར་སྣ་ལྕེའི་རྣམ་ཤེས་གཉིས་ཀྱང་མེད་དེ། དེ་དག་གི་ཡུལ་མེད་པའི་ཕྱིར། ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་ལ་ནི་གཟུགས་མེད་དུ་གཏོགས་པ་ཡོད་དེ། གཟུགས་མེད་ཀྱི་ཉོན་མོངས་རྒྱས་སུ་རུང་བའི་ཕྱིར་དང་། གཟུགས་ལ་འདོད་ཆགས་དང་བྲལ་བ་དག་དེར་སྐྱེ་ཞིང་། གཟུགས་ཙམ་སྤངས་པས་དེ་ན་གཟུགས་


DLL1003_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཁམས་བཅུ་མེད་ལ། དེ་དག་མེད་པས་དེ་དག་གི་འབྲས་བུ་རྣམ་པར་ཤེས་པའི་ཁམས་ལྔ་ཡང་མེད་པའི་ཕྱིར། ཁམས་བཅོ་བརྒྱད་ལས་གཟུགས་མེད་དུ་གཏོགས་པ་ནི་ཟག་བཅས་སུ་ངེས་ཀྱང་། ལྷག་མ་རྣམས་ནི་ཟག་བཅས་སོ། །སྤྱིར་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་དེ་གསུམ་ལ་བདེན་པ་དང་པོ་གཉིས་ཀྱིས་བསྡུས་པའི་ཟག་བཅས་དང་། ལམ་བདེན་དང་འདུས་མ་བྱས་ཀྱིས་བསྡུས་པའི་ཟག་པ་མེད་པ་དག་ཀྱང་ཡོད་དོ། །ལྷག་མ་གཟུགས་ཅན་གྱི་ཁམས་བཅུ་དང་དེ་དག་གི་འབྲས་བུ་རྣམ་ཤེས་ཀྱི་ཁམས་ལྔ་སྟེ་བཅོ་ལྔ་པོ་རྣམས་ནི་གཅིག་ཏུ་ཟག་བཅས་ཡིན་ཏེ། སྒོམ་སྤང་ཡིན་པའི་ཕྱིར་དང་། ཟག་པ་རྣམས་རྒྱས་པར་འགྱུར་བའི་ཕྱིར། དཔེ་སྟོན་པ་རྣམས་ནི། དགྲ་བཅོམ་པའི་གཟུགས་ཀྱི་ཕུང་པོ་དང་སྣོད་ཀྱི་འཇིག་རྟེན་ནི་ཟག་པའི་གཉེན་པོ་མིན་པ་དང་ཟག་པའི་རྟེན་མིན་པས་ཟག་བཅས་ཟག་མེད་གཉིས་ཀ་ཡིན་ནོ་ཟེར་བ་མི་འཐད་དེ། དེ་དག་རྣམ་པར་གཅོད་པའི་འགལ་བ་ཡིན་པས་ཕུང་པོ་གསུམ་པ་མི་སྲིད་པའི་ཕྱིར། རྟོག་བཅས་དཔྱོད་བཅས་ལ་སོགས་པའི་རབ་དབྱེ། གཉིས་པ་རྟོག་བཅས་དཔྱོད་པཅས་ལ་སོགས་པའི་རབ་དབྱེ་ནི། ཡང་ཁམས་བཅོ་བརྒྱད་ལས་གཅིག་ཏུ་གྲོགས་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཁམས་ལྔ་པོ་ཡིན་ཏེ། ཁ་ཕྱིར་བལྟས་ཤིང་རྩིང་ཞིབ་དང་མཚུངས་པར་ལྡན་པའི་ཕྱིར། དེས་ན་འདི་མི་ལྡན་རྣམ་གཅོད་ཡིན་པས་འཆད་པ་ན་འདི་སྐད་དུ། རྣམ་པར་ཤེས་པའི་ཁམས་ལྔ་པོ། །རྟོག་དང་དཔྱོད་དང་བཅས་ཁོ་ན། །ཞེས་གདོན་པར་བྱ་སྟེ། ཊཱིཀ་བྱེད་པ་དག་གིས་ནི་ཞེས་བྱ་བའི་སྒྲས་ནི་རྟོག་པ་དང་དཔྱོད་པ་དང་བཅས་པ་ཁོ་ནའོ། །ཞེས་དཔེར་བཟུང་བ་ཡིན་ནོ་ཞེས་


DLL1003_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྱིར། །ཐ་མ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་རྣམ་པ་གསུམ་ཡོད་པ་ཡིན་ཏེ། འདོད་པ་དང་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བའི་ཡིད་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་དང་། རྟོག་དཔྱོད་ལས་གཞན་པའི་ཆོས་ཀྱི་ཁམས་མཚུངས་ལྡན་རྣམས་ནི་གྲོགས་སུ་རྟོག་དཔྱོད་ངེས་པར་ཡོད་པས་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང་། འདོད་པ་དང་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བའི་རྟོག་པ་དང་། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གྱི་ཡིད་ལ་སོགས་པ་དེ་དག་ནི་རིམ་པ་ལྟར་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བའི་རྟོག་པ་གཉིས་པ་མེད་ཅིང་གྲོགས་སུ་དཔྱོད་པ་ངེས་པར་ལྡན་ལ། ཁྱད་པར་ཅན་རྟོག་པ་སྤངས་ཤིང་དཔྱོད་པ་ངེས་པར་ཡོད་པས་རྟོག་མེད་དཔྱོད་ཙམ་དང་། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གྱི་དཔྱོད་པ་དང་། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཡིད་ལ་སོགས་པ་དང་ཆོས་ཀྱི་ཁམས་མཚུངས་ལྡན་མིན་པ་ཐམས་ཅད་ནི། རིམ་པ་ལྟར་དཔྱོད་པ་ལ་དཔྱོད་པ་གཉིས་པ་མེད་ཅིང་བསམ་གཏན་གཉིས་པ་ཡན་ཆད་རྟོག་དཔྱོད་སྤངས་པའི་ས་པ་ཡིན་ལ། མཚུངས་ལྡན་མིན་པ་དག་རྟོག་དཔྱོད་གཉིས་ཀ་དང་མི་ལྡན་པས་རྟོག་དཔྱོད་གཉིས་ཀ་མེད་དོ། །འོ་ན་ནི་དཔྱོད་པ་མེད་ལ་རྟོག་པ་ཙམ་ཡང་ཡོད་པར་འགྱུར་ཏེ། དཔྱོད་པ་ལ་དཔྱོད་པ་གཉིས་པ་མེད་ཅིང་། བསམ་གཏན་དང་པོ་མན་ཆད་ཀྱི་དཔྱོད་པ་ནི་


DLL1003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་དང་ངེས་པར་མཚུངས་ལྡན་ཡིན་པའི་ཕྱིར་ཞེ་ན། དེ་ནི་བདེན་མེད་ཀྱི་འོན་ཀྱང་མདོ་ལས་རྟོག་བཅས་དཔྱོད་པཅས་ལ་སོགས་པ་གསུམ་དང་། ཏིང་ངེ་འཛིན་གསུམ་གསུངས་པ་དང་རྗེས་སུ་མཐུན་པར་མཛད་ནས། ཐ་མ་གསུམ་ནི་རྣམ་གསུམ་མོ། །ཞེས་གསུངས་པ་ཡིན་ནོ། །ལྷག་མ་མིག་ལ་སོགས་པའི་གཟུགས་ཅན་བཅུ་པོ་རྣམས་ནི་མཚུངས་ལྡན་མིན་པས་གཅིག་ཏུ་རྟོག་དཔྱོད་གཉིས་ཀ་སྤངས་པའོ། །ཁོ་ན་རེ། རྣམ་པར་ཤེས་པའི་ཁམས་ལྔ་པོ་རྟོག་བཅས་ཡིན་ན། མདོ་ལས། དགེ་སློང་དག་མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའི་སྙམ་དུ་ནི་མ་ཡིན་ནོ། །ཞེས་རྟོག་བྲལ་དུ་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སྤྱིར་རྟོག་པ་ལ་ངོ་བོ་ཉིད་དང་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པ་དང་གསུམ་ཡོད་པ་ལས། སྒོ་ལྔའི་རྣམ་ཤེས་ནི་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པར་བཤད་པ་ཡིན་གྱི། ངོ་བོ་ཉིད་ཀྱི་རྟོག་པ་དང་བྲལ་བར་བཤད་པ་མིན་ནོ། །འོ་ན་རྟོག་པ་དེ་དག་གང་ཞེ་ན། །དང་པོ་ནི་སེམས་བྱུང་གི་ནང་དུ་འཆད་པར་འགྱུར་ལ། ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པ་དེ་དག་ནི་རིམ་པ་བཞིན་དུ། ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་ཡུལ་ལ་རྣམ་པར་གཡེང་བ་དང་། ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་དྲན་པ་མིང་ལ་མ་ལྟོས་པར་དོན་དྲན་པ་མཉམ་པར་བཞག་མ་བཞག་ཐམས་ཅད་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ལ་ཡིད་ཀྱི་ཤེས་རབ་གཡེང་བ་ནི་དེ་དང་མཚུངས་པར་ལྡན་པའི་ཐོས་པ་དང་བསམ་པ་ལས་བྱུང་བ་དང་སྐྱེས་ནས་ཐོབ་པའོ། །གསུམ་པ་དམིགས་བཅས་ལ་སོགས་པ་ལྔ་ནི་


DLL1003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བཅོ་བརྒྱད་ལས་གཅིག་ཏུ་དམིགས་པ་དང་བཅས་པ་ནི་གང་། དེ་ལས་གཞན་པ་ནི་གང་ཞེ་ན། ཆོས་ཀྱི་ཕྱེད་ཀྱང་སེམས་ཀྱི་ཁམས་བདུན་ནི་དམིགས་བཅས་ཡིན་ཏེ། ཡུལ་ལ་དམིགས་ནས་འཛིན་པར་བྱེད་པའི་ཕྱིར། ཆོས་ཁམས་ཀྱི་ཕྱེད་སེམས་ལས་བྱུང་བ་རྣམས་ཀྱང་དམིགས་པ་དང་བཅས་པ་ཡིན་ནོ། །ཁམས་ལྷག་མ་ཕྱེད་དང་བཅུ་གཅིག་ནི་མཚུངས་ལྡན་མིན་པས་དམིགས་པ་མེད་པར་གྲུབ་བོ། །དེ་དག་ལས་ཟིན་པ་ནི་དུ། མ་ཟིན་པ་ནི་དུ། གཉིས་ཀ་ཡིན་པ་ནི་དུ་ཞེ་ན། གཅིག་ཏུ་སེམས་ཀྱིས་མ་ཟིན་པ་ནི་དགུ་ཡིན་ནོ། །དགུ་པོ་གང་ཞེ་ན། དམིགས་བཅས་སུ་བཤད་པའི་སེམས་ཁམས་བདུན་ཆོས་ཁམས་ཀྱི་ཕྱེད་དང་བཅས་པ་ཐོགས་མེད་ཀྱི་ཁམས་བརྒྱད་པོ་དེ་དག་རྣམས་དང་སྒྲའོ། །ཁམས་གཞན་མིག་སོགས་ལྔ་དང་གཟུགས་དྲི་རོ་རེག་བཞི་སྟེ་དགུ་པོ་རྣམས་ལ་ནི་ཟིན་མ་ཟིན་རྣམ་པ་གཉིས་ཀ་ཡོད་པ་ཡིན་ཏེ། དེ་ལ་དབང་པོ་ལྔ་ད་ལྟར་བྱུང་བ་དང་། གཟུགས་ལ་སོགས་པ་བཞི་ནི་ད་ལྟར་བྱུང་བ་དབང་པོའི་ཚོགས་པ་ན་ཡོད་པ་ནི་ཟིན་པ་ཡིན་ལ། མིག་སོགས་འདས་མ་འོངས་ན་ཡོད་པ་དང་། གཟུགས་སོགས་བཞི་རྒྱུད་ཀྱིས་བསྡུས་ཤིང་ད་ལྟར་བ་ཡིན་ཡང་། རྩ་བ་མ་གཏོགས་པའི་སྐྲ་དང་དང་ཁ་སྤུ་དང་སེན་མོ་དང་བཤང་གཅི་དང་མཆིལ་མ་དང་སྣབས་དང་ཁྲག་ལ་སོགས་པ་དང་། རྒྱུད་ཀྱིས་མ་བསྡུས་པ་རྣམས་ནི་མ་ཟིན་པའོ། །འདིར་ཟིན་པའི་དོན་ནི། དབང་པོ་གཟུགས་ཅན་ལ་ཕན་གནོད་བྱས་པས་ཚོར་བ་བདེ་སྡུག་སྐྱེད་པའི་ཕྱིར། སེམས་དང་སེམས་བྱུང་རྣམས་ཀྱི་རྟེན་གྱི་དངོས་པོར་གཟུང་བ་སྟེ་འཇིག་རྟེན་ན་སེམས་དང་བཅས་པ་ཞེས་


DLL1003_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གང་བརྗོད་པའོ། །སློབ་དཔོན་གང་སྤེལ་གྱིས་ཀྱང་། ཟིན་པ་ནི་ལུས་སུ་གཏོགས་པ་རྣམས་ཏེ། ཕན་ཚུན་མཐུན་པར་བྱེད་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་དག་གི་རྟེན་གྱི་དངོས་པོར་ཉེ་བར་གཟུང་བའི་ཕྱིར་རོ་ཞེས་བཤད་དོ། །འདིར་འདས་མ་འོངས་གྱི་མིག་སོགས་དབང་པོ་ལྔ་མ་ཟིན་པ་ཡིན་ནོ་ཞེས་བཤད་པ་ནི་བྱེ་བྲག་སྨྲ་བས་བཏགས་པ་ཡིན་ཏེ། འདས་པ་ནི་འགག་པ་དང་མ་འོངས་པ་ནི་མ་སྐྱེས་བ་ཡིན་པས་དངོས་པོར་མེད་ལ། དངོས་མེད་དབང་པོར་མི་འཐད་པའི་ཕྱིར། དེས་ན་ཀུན་ལས་བཏུས་དང་ཕུང་པོ་ལྔ་པ་ལས་ཀྱང་མིག་སོགས་ལྔ་ཟིན་པ་ཁོ་ནར་བཤད་ཅིང་། བྱེ་བཤད་ལས་ཀྱང་། གཞན་ལས་འདི་དག་གཉིས་སུ་མ་བསྟན་ཏམ་ཞེ་ན། བསྟན་མོད་ཀྱི་དེ་ཡང་འདས་པ་དང་མ་འོངས་པ་ནི་ཟིན་པ་མིན་པར་མ་བརྗོད་དེ། དེ་ནི་མེད་པ་ཉིད་དོ། །མེད་པ་ནི་ཟིན་པའམ། མ་ཟིན་པར་ཡིན་པར་བརྗོད་དུ་མི་རུང་ངོ་། །ད་ལྟར་བ་ནི་རང་ཡོད་པར་གནས་པ་དང་། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཟིན་པ་ཉིད་དོ། །མིག་ལ་སོགས་པ་ཡིན་ནོ། །ཞེས་བཤད་དོ། །དེའི་ཕྱིར་མིག་སོགས་དབང་པོ་དག་ནི་གཅིག་ཏུ་ཟིན་པ་ཡིན་པས་ན། མ་ཟིན་པ་དགུ་དང་། ཟིན་པ་ལྔ་དང་། གཉིས་ཀ་ཡོད་པ་ནི་བཞི་ཡིན་ནོ་ཞེས་བྱ་བ་ཉིད་རིགས་པར་མངོན་ནོ། །ཡང་ཁམས་བཅོ་བརྒྱད་ལས་འབྱུང་བ་དང་འབྱུང་གྱུར་ནི་དུ། དེ་གཉིས་ཀ་ཡིན་མིན་དུ་ཞེ་ན། །དེ་དག་ལས་རེག་བྱ་ལ་ནི་འབྱུང་པ་དང་འབྱུང་གྱུར་རྣམ་པ་གཉིས་ཀ་ཡོད་པ་ཡིན་ཏེ། ས་ལ་སོགས་པ་བཞི་འབྱུང་བ་དང་། འཇམ་པ་ལ་སོགས་པ་བདུན་འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར། ལྷག་མ་མིག་ལ་སོགས་པ་གཟུགས་ཅན་དགུ་པོ་ནི་འབྱུང་བ་


DLL1003_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྱུར་པ་ཁོ་ན་ཡིན་ནོ། །ཆོས་ཁམས་ཀྱི་ཕྱོགས་གཅིག་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་འབྱུང་བ་ལས་གྱུར་པ་ཡིན་ཏེ། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་འབྲས་བུའི་གཟུགས་སུ་བཤད་པའི་ཕྱིར། ལྷག་མ་སེམས་ཀྱི་ཁམས་བདུན་དང་། རིག་བྱེད་མིན་པ་མ་གཏོགས་པའི་ཆོས་ཀྱི་ཁམས་ནི་འབྱུང་བ་དང་འབྱུང་གྱུར་གཉིས་ཀ་མིན་ནོ་ཞེས་བྱ་བར་གྲུབ་བོ། །འདིར་བཙུན་པ་སངས་རྒྱས་ལྷས་སྐྱེ་མཆེད་གཟུགས་ཅན་བཅུ་འབྱུང་བ་ཙམ་ཡིན་པར་བཤད་པ་མི་འཐད་དེ། མདོ་ལས། འབྱུང་བ་རྣམས་ནི་བཞི་ཉིད་དང་དེ་དག་ཀྱང་སྲ་བ་ལ་སོགས་པའི་མཚན་ཉིད་ཅན་དུ་གསུངས་ལ། སྲ་བ་ལ་སོགས་པ་དེ་དག་ཀྱང་རེག་བྱ་ཡིན་པའི་ཕྱིར་དང་། མིག་ལ་སོགས་པས་སྲ་བ་ལ་སོགས་པ་མི་འཛིན་ཅིང་། ལུས་ཀྱི་དབང་པོས་ཀྱང་ཁ་དོག་ལ་སོགས་པ་མི་འཛིན་པའི་ཕྱིར་དང་། མདོ་ལས་དགེ་སློང་དག་མིག་འདི་ནི་ནང་གི་སྐྱེ་མཆེད་ཡིན་ཏེ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། གཟུགས་དང་བ། གཟུགས་ཅན་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མདོ་ལས། གང་མིག་གི་ཤའི་གོང་བུ་ལ་སྲ་བ་དང་མཁྲང་བར་གྱུར་པ་གང་ཡིན་པ་ཞེས་གསུངས་པ་ནི། དབང་པོ་དང་ཚོགས་པའི་དབང་རྟེན་ལ་དགོངས་པ་དང་། དགེ་སློང་དག་མི་འདི་ཁམས་དྲུག་པ་ཡིན་ནོ། །ཞེས་བྱ་བའང་སེམས་ཅན་གྱི་རྫས་ཀྱི་གཞི་བསྟན་པའི་ཕྱིར་གསུངས་ཀྱི་དེ་ཁོ་ན་མིན་ཏེ། སེམས་ལས་བྱུང་བ་མེད་པར་ཐལ་བ་དང་། རྣམ་ཤེས་ཉིད་སེམས་ལས་བྱུང་བའང་མིན་ཏེ།


DLL1003_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། འདུ་ཤེས་དང་སེམས་པའི་ཆོས་ནི་སེམས་ལས་བྱུང་བ་སེམས་ལ་བརྟེན་པའོ། །ཞེས་དང་། སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་གསུངས་པའི་ཕྱིར། ཡང་ཁམས་བཅོ་བརྒྱད་ལས། །མིག་ལ་སོགས་པའི་ཁམས་གཟུགས་ཅན་བཅུ་ནི་གཅིག་ཏུ་རྡུལ་ཕྲ་རབ་བསགས་པའོ། །ལྷག་མ་བརྒྱད་ནི་བསགས་པ་མིན་ནོ། །ཡང་དེ་དག་ལས་གཅོད་བྱེད་སྟ་རེ་ལྟ་བུ་ནི་གང་། གཅད་བྱ་ཤིང་ལྟ་བུ་ནི་གང་ཞེ་ན། ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། །གཅོད་བྱེད་སྟ་རེ་ལྟ་བུ་དང་གཅད་པར་བྱ་བ་ཤིང་ལ་སོགས་པ་དེ་དག་ཉིད་ནི་ཕྱིར་རོལ་གྱི་ཁམས་གཟུགས་དྲི་རོ་རེག་བཞི་པོ་དེ་དག་ཉིད་ཡིན་གྱི། དབང་པོ་རྣམས་ནི་འོད་ལྟར་དྭངས་པས་གཅོད་བྱེད་མིན་ལ་གཅད་བྱའང་མིན་ཏེ། དེ་ནི་འདུས་པའི་རྒྱུན་འབྲེལ་བར་འབྱུང་བ་དུམ་བུར་བྱ་བ་ལ་བརྗོད་ན། དབང་པོ་རྣམས་ནི་འབྲལ་བའི་རྒྱུན་གཉིས་སུ་བྱར་མེད་པའི་ཕྱིར་ཏེ། ལུས་ལ་སོགས་པ་བཅད་པའི་ཡན་ལག་ལ་དབང་པོ་མེད་པའི་ཕྱིར། འོ་ན་རྣ་བ་ལ་སོགས་པའི་རྩེ་མོ་བཅད་པ་ན་དེ་དག་གིས་རེག་བྱ་འཛིན་པར་ཇི་ལྟར་འགྱུར་ཞེ་ན། བཅད་པའི་རྣ་བའི་རྩེ་མོ་ལ་སོགས་པས་ནི་རེག་བྱ་མི་འཛིན་གྱི། དེ་དག་འབྱར་བ་ན་འཛིན་པ་ནི་དབང་པོ་ཅན་གྱི་ལུས་དང་འབྲེལ་བས་རྒྱས་བྱུང་གི་དབང་པོ་སླར་སྐྱེས་པ་ཡིན་པས་སོ། །རྨིད་པ་ལ་སོགས་པའི་མཇུག་མ་བཅད་པ་འགུལ་བའང་རླུང་གིས་ཡིན་གྱིས། དབང་པོ་དང་སེམས་པས་མིན་ཏེ། རྒྱུད་གཉིས་སུ་ཐལ་བའི་ཕྱིར་རོ། །སྒྲ་ལ་ནི་རྒྱུན་མེད་པའི་ཕྱིར་དང་། ཁམས་ཐོགས་མེད་པརྒྱད་ནི་ལུས་མེད་པས་འདུས་པར་མི་གནས་པས་གཅོད་བྱེད་དང་གཅོད་བྱ་གཉིས་ཀ་མིན་ནོ། །ཇི་ལྟར་ཕྱིར་རོལ་གྱི་ཁམས་བཞི་པོ་དག་གཅོད་བྱེད་དང་


DLL1003_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གཅད་བྱ་གཉིས་ཀ་ཡིན་པ་དེ་བཞིན་དུ། མེས་བསྲེག་པར་བྱ་བ་དང་སྲང་གིས་འཇལ་བར་བྱེད་པའང་བཞི་པོ་དེ་དག་ཉིད་དོ། །སྲེག་པར་བྱེད་པ་དང་གཞལ་བར་བྱ་བ་མ་གཏོགས་པ་ལ་ནི། ཁ་ཅིག་ན་རེ། སྲེག་པར་བྱེད་པ་ནི་མེ་ཁོ་ན་དང་གཞལ་བར་བྱ་བ་ནི་ལྕིད་ཁོ་ན་ཡིན་པས་གཉིས་ཀའང་རེག་བྱ་ཁོ་ན་ཡིན་ནོ་ཞེས་ཟེར། ཁ་ཅིག་ན་རེ། རེག་བྱ་ཁོ་ན་མིན་ལ་འོན་ཀྱང་ཕྱི་རོལ་གྱི་ཁམས་བཞི་པོ་དེ་དག་ཉིད་ཡིན་ནོ་ཞེས་མི་མཐུན་པར་སྨྲའོ། །བཞི་པ་བྱུང་བ་གསུམ་གྱི་རབ་དབྱེ་ནི། ཡང་ཁམས་བཅོ་བརྒྱད་ལས་རྣམ་སྨིན་ལས་བྱུང་བ་ནི་དུ། མ་བྱུང་བ་ནི་དུ་ཞེ་ན། རྒྱས་ལས་བྱུང་བ་ནང་གི་ལྔ། །མིག་ལ་སོགས་པ་ནད་གི་ཁམས་ལྔ་ནི་རྣམ་པར་སྨིན་པ་ལས་བྱུང་བ་དང་རྒྱས་པ་ལས་བྱུང་བ་ཡིན་ཏེ། མི་དགེ་བ་དང་དགེ་བ་ཟག་བཅས་ཀྱི་ངོ་བོ་མི་འདྲ་བས་བསྐྱེད་པའི་ཕྱིར་དང་། རྒྱས་པའི་རྒྱུ་དག་གིས་རྒྱས་པར་བྱས་པའི་ཕྱིར་རོ། །དེས་ན་ནང་གི་དབང་པོ་རྣམས་ལ་རྣམ་སྨིན་ལས་བྱུང་བ་ཡོད་དེ། མཐོ་རིས་ན་ཡོད་པ་རྣམས་དགེ་བའི་རྣམ་སྨིན་དང་། ངན་སོང་ན་ཡོད་པ་རྣམས་མི་དགེ་བའི་རྣམ་སྨིན་ཡིན་པའི་ཕྱིར། རྒྱས་པ་ལས་བྱུང་བ་ཡོད་དེ། ཁ་ཟས་དང་ལེགས་པར་བྱ་བ་དང་གཉིད་དང་ཏིང་ངེ་འཛིན་ཏེ་རྒྱས་པའི་རྒྱུ་བཞི་གང་རུང་ལས་བྱུང་བའི་ཕྱིར། ཁ་ཅིག་ཚངས་སྤྱོད་དང་རྒྱས་པའི་རྒྱུ་ལྔ་ཡིན་ཟེར། སློབ་དཔོན་ནི་ཚངས་སྤྱོད་ཀྱིས་དབང་པོ་ལ་མི་གནོད་པར་བྱེད་བ་ཙམ་ཡིན་གྱི་རྒྱས་པར་མི་བྱེད་གསུང་ངོ་། །ཅིའི་ཕྱིར་ན་རྣམ་སྨིན་ལས་བྱུང་བ་ཞེས་བྱ་ཞེ་ན། རྣམ་པར་སྨིན་པའི་རྒྱུ་ལས་བྱུང་བས་ན་རྣམ་པར་སྨིན་པ་ལས་བྱུང་བ་ཞེས་བར་གྱི་ཚིག་མི་མངོན་པར་བྱས་པ་སྟེ། དཔེར་ན། བ་ལང་དང་ལྡན་པའི་ཤིང་རྟ་ལ་


DLL1003_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལང་གི་ཤིང་རྟ་ཞེས་བརྗོད་པ་བཞིན་ནོ། །རྒྱས་པའི་རྒྱུ་བཞི་ནི་ཟས་དང་བསྐུ་མཉེ་དང་དྲི་ལ་ཕྱི་ལ་སོགས་པ་ལེགས་པར་བྱ་བ་དང་། གཉིད་དང་། ཏིང་ངེ་འཛིན་ཏོ། །བཞི་པོ་དེ་དག་ལས་བྱུང་བའི་ཕྱིར་རྒྱས་པ་ལས་བྱུང་བའོ། །གལ་ཏེ་ནང་གི་ལྔ་ལ་རྒྱུ་མཐུན་ལས་བྱུང་བ་ཡོད་དམ་མེད། ཡོད་ན་བྱུང་བ་གཉིས་ཁོ་ནར་མི་འཐད་ལ། མེད་ན་ནི། ཐ་མ་གསུམ། སྐད་ཅིག་མ་སྟེ། ཞེས་པའི་འགྲེལ་པར། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་ཀྱི་སྐད་ཅིག་དང་པོ་མ་གཏོགས་པའི་འདུས་བྱས་གཞན་ནི་རྒྱུ་མཐུན་པ་ལས་མ་བྱུང་བ་འགའ་ཡང་མེད་དོ། །ཞེས་པ་དང་འགལ་ལོ་ཞེ་ན། དེ་གཉིས་ལ་རང་རང་གི་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བའི་རྒྱུ་མཐུན་ཡོད་པས་སྐྱོན་ཕྱི་མ་མེད་ལ། དེ་གཉིས་ལ་མ་གཏོགས་པའི་རྒྱུ་མཐུན་ལས་བྱུང་བ་གསུམ་པ་མེད་པས་སྐྱོན་སྔ་མ་ལས་གྲོལ་བ་ཡིན་ནོ། །སྒྲའི་ཁམས་ནི་རྣམ་སྨིན་ལས་སྐྱེས་བ་མིན་ཏེ། རྣམ་སྨིན་མཚུངས་ལྡན་མིན་པ་ནི་ཆད་ནས་མཚམས་མི་སྦྱོར་ཞིང་། འདོད་པ་ཙམ་གྱིས་མི་འབྱུང་བའི་ཕྱིར། འོ་ན། གདགས་པའི་བསྟན་བཅོས་ལས། དེ་བཞིན་གཤེགས་པའི་གསུང་སྒྲ་གདངས་ཀྱི་མཚན། །གང་གིས་ཐོབ་པར་འགྱུར་བ་མཉན་པར་གྱིས། །ཚིག་རྩུབ་དང་ནི་བཀྱལ་པ་རྣམ་སྤངས་པས། །དེ་བཞིན་གཤེགས་པའི་མཚན་ནི་ཐོབ་པར་འགྱུར། །ཞེས་སྟོན་པའི་གསུང་རྣམ་སྨིན་ལས་སྐྱེས་པར་བཤད་པ་དང་། ལུང་ཕྲན་ཚོགས་ལས། ཚེ་དང་ལྡན་པ་སྙན་པ་བཟང་ལྡན་གྱི་ང་རོ་སྙན་པའང་སྔོན་སངས་རྒྱས་འཁོར་བ་འཇིག་གི་མཆོད་རྟེན་ལ་དྲིལ་བུ་ཕུལ་བ་དང་། ཁུ་བྱུག་ཏུ་སྐྱེས་པ་ན་སངས་རྒྱས་འོད་སྲུངས་


DLL1003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སེམས་དང་བས་སྐད་སྙན་ཕྱུང་སྟེ་སྐོར་བ་བྱས་པའི་རྣམ་སྨིན་ལས་བྱུང་བར་བཤད་པ་དང་འགལ་ལོ་ཞེ་ན། འདི་ལ་ཉི་འོག་པ་ན་རེ། ལས་དེ་དག་ལས་རྣམ་སྨིན་གྱི་བདག་ཉིད་ཀྱི་འབྱུང་བ་དག་འགྲུབ་ལ། དེ་ལས་ནི་གསུང་ཚངས་པའི་སྒྲ་དབྱངས་ལྟར་སྙན་པ་འབྱུང་བས་བརྒྱུད་པ་གསུམ་པ་ཡིན་ནོ་ཞེས་འདོད་ལ། ཁ་ཆེ་བ་ནི། ལས་ལས་རྣམ་སྨིན་ལས་སྐྱེས་པའི་འབྱུང་བ་དང་། དེ་ལས་རྒྱས་བྱུང་དང་། དེ་ལས་རྒྱུ་མཐུན་ལས་བྱུང་བ་དང་། དེ་ལས་གསུང་དབྱངས་འབྱུང་བས་བརྒྱུད་པ་ལྔ་པ་ཡིན་ནོ། །ཞེས་ཟེར། གཉིས་ཀ་ལྟར་ནའང་དེ་དག་ལས། བརྒྱུད་ནས་བྱུང་བས་དེ་ལྟར་བཤད་ཀྱི་དངོས་སུ་ནི་མིན་ཏེ། དེ་ནི་འདོད་པ་ཙམ་གྱིས་མི་འབྱུང་བ་དང་། ཆད་ནས་མཚམས་མི་སྦྱོར་བར་ཐལ་པའི་ཕྱིར་རོ། །དེའི་ཕྱིར་སྒྲ་ལ་རྒྱས་བྱུང་དང་རྒྱུ་མཐུན་ལས་བྱུང་བ་ནི་ཡོད་ཅེས་བྱ་བར་སྨོས་ཤིག ཐོགས་པ་མེད་པརྒྱད་གཞན་རྣམ་གསུམ། །སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་ཏེ་ཐོགས་པ་མེད་པའི་ཁམས་བརྒྱད་པོ་དེ་དག་རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་ལས་སྐྱེས་པ་ཡིན་ཏེ། སྐལ་མཉམ་དང་ཀུན་འགྲོའི་རྒྱུས་བསྐྱེད་པ་དང་། རྣམ་སྨིན་གྱི་རྒྱུས་བསྐྱེད་པ་དག་ཡོད་པའི་ཕྱིར། རྒྱས་བྱུང་ནི་མེད་དེ། བརྒྱད་པོ་དེ་དག་བསགས་པར་མི་གནས་གཟུགས་ཅན་རྒྱས་པ་མེད་པའི་ཕྱིར། ཁམས་ལྷག་མ་གཞན་གཟུགས་དྲི་རོ་རེག་བཞི་ནི་རྣམ་སྨིན་ལས་བྱུང་བ་ལ་སོགས་པ་རྣམ་པ་གསུམ་ག་ཡོད་དེ། རྒྱས་བྱུང་གི་ཚོགས་པ་ན་ཡོད་པ་རྣམས་རྒྱས་བྱུང་དང་། རྣམ་སྨིན་སྐྱེས་ཀྱི་ཚོགས་པ་ན་ཡོད་པ་རྣམ་སྨིན་སྐྱེས་དང་། རྒྱུད་གྱིས་མ་བསྡུས་པ་རྣམས་རྒྱུ་མཐུན་ལས་བྱུང་བའི་ཕྱིར། ལྔ་པ་


DLL1003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཡོད་ལ་སོགས་པ་ལྔ་བཤད་པ་ནི། ཡང་ཁམས་བཅོ་བརྒྱད་ལསགཅིག་ཏུ་རྟག་ཅིང་བརྟེན་པའི་རྫས་ཀྱི་ངོ་བོར་ཡོད་པ་དང་ལྡན་པ་ནི་ཆོས་ཀྱི་ཁམས་གཅིག་པོའི་ཕྱོགས་འདུས་མ་བྱས་སོ། །དེ་ལ་རྫས་སུ་ཡོད་པ་ནི་རྟག་ཅིང་བརྟན་པར་གནས་པ་དང་། དོན་བྱེད་ནུས་པ་དང་། རང་རྒྱུད་དུ་གྲུབ་པ་དང་། དེ་ལས་གཞན་པ་བཞི་ལས་འདིར་ནི་དང་པོའི་དབང་དུ་བྱས་སོ། །དེ་ལས་གཞན་པའི་ཁམས་ལྷག་མ་རྣམས་ནི་འདུས་བྱས་ཡིན་པས་རྟག་ཅིང་བརྟན་པའི་རྫས་སུ་མེད་པར་གྲུབ་བོ། །ཡང་ཁམས་དེ་དག་ལས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐད་ཅིག་མ་དང་པོའི་ཚོགས་པ་ན་ཡོད་པའི་ཐ་མ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་ཟག་མེད་གསུམ་ནི་འཇིག་རྟེན་པའི་ཆོས་མཆོག་མན་ཆད་ཟག་བཅས་ཡིན་པས། ཟག་མེད་སྔོན་དུ་མ་སོང་བས་སྐལ་མཉམ་ལས་མ་བྱུང་བའི་ཕྱིར་རྒྱུ་མཐུན་ལས་མ་བྱུང་བའི་སྐད་ཅིག་མ་སྟེ། དེ་ཡང་འདི་དུས་མཐའི་སྐད་ཅིག་མ་ཡིན་ལ་སྡུག་བསྔལ་ཆོས་བཟོད་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་པས་དེའི་སྐད་ཅིག་གཉིས་པ་ཕན་ཆད་རྒྱུ་མཐུན་ལས་བྱུང་བ་ཡིན་ནོ། །འདི་དག་ནི། རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། ཐོགས་པ་མེད་པརྒྱད། ཅེས་བྱ་བའི་སྤྱིར་བཏང་བ་ལ་དམིགས་བསལ་བསྟན་པ་ཡིན་ཏེ། ཟག་མེད་སྐད་ཅིག་དང་པོའི་ཡིད་ལ་སོགས་པ་གསུམ་དང་། ཆོས་ཁམས་ཀྱི་འདུས་མ་བྱས་ནི་བྱུང་བ་གསུམ་ག་མིན་པའི་ཕྱིར། གང་མིག་གི་ཁམས་དང་མི་ལྡན་པ་ལས་གསར་དུ་ཐོབ་པ་དེ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་གསར་དུ་ཐོབ་པམ་ཞེ་ན། འདི་ལ་མུ་བཞི་ཡོད་དེ། འདི་ལྟར་མིག་དང་མིག་གི་


DLL1003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་ཀྱི་ཁམས་དག་སོ་སོ་དང་ཞེས་པས་མུ་དང་པོ་གཉིས་པསྟན་ཏེ། དེ་ལས་མུ་དང་པོ་ནི་འདོད་པར་སྐྱེས་པ་རིམ་གྱིས་མིག་གི་དབང་པོ་ཐོབ་པ་དང་། གཟུགས་མེད་ནས་ཤི་འཕོས་ནས་བསམ་གཏན་གཉིས་པ་ཡན་ཆད་དུ་སྐྱེས་པ་སྟེ། དབང་པོ་ནི་མིག་ཤེས་དགེ་བ་དང་ཉོན་མོངས་ཅན་སྔར་ཐོབ་ཟིན་པའི་ཕྱིར་དང་། གཉིས་པ་ནི་བསམ་གཏན་གཉིས་པ་ཡན་ཆད་རང་ས་ན་མིག་ཤེས་མེད་པའི་ཕྱིར་དང་། མིག་གི་དབང་པོ་ནི་གསར་དུ་ཐོབ་པའི་ཕྱིར་རོ། །མུ་གཉིས་པ་ནི་བསམ་གཏན་གཉིས་པ་ཡན་ཆད་པ་དག་བསམ་གཏན་དང་པོའི་མིག་ཤེས་མངོན་དུ་བྱས་ནས་གཟུགས་ལ་ལྟ་བ་དང་། བསམ་གཏན་གཉིས་པ་ལ་སོགས་པ་ནས་ཤི་འཕོས་ནས་འདོད་པ་དང་བསམ་གཏན་དང་པོའི་བར་སྲིད་དུ་ཉིང་མཚམས་སྦྱར་བའི་ཚེ་ན་སྟེ། དང་པོ་ནི་གཟུགས་ཁམས་པ་དག་དབང་པོ་ཚང་བ་ཅན་ཡིན་པས་མིག་སྔར་ནས་ཡོད་པའི་ཕྱིར་དང་། ཕྱི་མ་ནི་བར་སྲིད་དུ་ཉིང་མཚམས་སྦྱར་བ་ན་མིག་གི་རྣམ་ཤེས་དགེ་བ་དང་ཉོན་མོངས་ཅན་ཐོབ་ཀྱང་མིག་ཐོབ་པ་མིན་ཏེ། ཊཱིཀ་ལས། མིག་གི་ཁམས་དང་ནི་སྔར་མེད་ལྡན་པ་མ་ཡིན་ཏེ། དབང་པོ་ནི་བར་མ་ཆད་པས་ཐོབ་ཟིན་པ་བཞིན་དུ་ལྡན་པའི་ཕྱིར་རོ། །ཞེས་འབྱུང་བའི་ཕྱིར་རོ། །མུ་གསུམ་པ་ནི་མིག་དང་མིག་གི་རྣམ་ཤེས་ཀྱི་ཁམས་དག་ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད་དེ། གཟུགས་མེད་ནས་ཤི་འཕོས་ནས་འདོད་པ་དང་བསམ་གཏན་དང་པོར་སྐྱེས་པ་ལྟ་བུ་སྟེ། དེ་ནི་སྔར་དེ་གཉིས་དང་མི་ལྡན་པ་ལས་བར་སྲིད་དུ་ཉིང་མཚམས་སྦྱར་བ་ན་བར་སྲིད་པ་ནི་དབང་པོ་ཚང་བ་ཅན་ཡིན་པའི་ཕྱིར་དང་། མིག་ཤེས་


DLL1003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་དང་ཉོན་མོངས་ཅན་འདས་མ་འོངས་ཀྱི་ཐོབ་པའང་གནས་སྐབས་དེར་བྱུང་བའི་ཕྱིར་རོ། །མུ་བཞི་པ་ནི་ཡང་ཞེས་པས་བསྟན་ཏེ། རྣམ་པ་དེ་དག་མ་གཏོགས་པའོ། །གཞན་ཡང་། ཡང་གི་སྒྲས་འགྲེལ་པ་ལས་བསྟན་པའི་མུ་བཞི་དང་། མིག་དང་གཟུགས་དང་མིག་ཤེས་དང་གཟུགས་ཀྱི་ཐོབ་པ་དང་ལྡན་པར་བཟུང་བར་འཆད་དོ། །ཡང་དེ་དག་ལས། །མ་གཏོགས་ནང་གི་ཡིན་པ་ནི་མིག་ལ་སོགས་པ་བཅུ་གཉིས་སོ། །དེ་གང་ཞེ་ན། གཟུགས་ལ་སོགས་པ་ཡུལ་གྱི་ཁམས་དྲུག་མ་གཏོགས་པའོ། །དེས་ན་གཟུགས་ལ་སོགས་པ་དྲུག་ནི་ཕྱིའི་ཡིན་པར་གྲུབ་བོ། །འདིར་ཆོས་ཀྱི་ཁམས་ཀྱི་མཚུངས་ལྡན་དག་ནང་དང་། མཚུངས་ལྡན་མིན་པའི་འདུ་བྱེད་ཕལ་ཆེ་བ་དང་། འདུས་མ་བྱས་དག་ཕྱི་ཡིན་པས་གཉིས་ཀ་ཡིན་པར་བཤད་པར་རིགས་མོད་ཀྱི། འོན་ཀྱང་ཕྱིའི་སྐྱེ་མཆེད་དྲུག་ཅེས་གྲགས་པ་དང་མཐུན་པའི་དབང་དུ་མཛད་ནས་བཤད་པར་མངོན་ནོ། །འདིར་ཕྱི་ནང་གི་དོན་ནི། སེམས་ཅན་གྱི་རྒྱུད་ཀྱིས་མ་བསྡུས་པ་དང་བསྡུས་པ་ལ་བརྗོད་པར་འདོད་ཀྱིས། བདག་ཡོད་མེད་ལ་ནང་དང་ཕྱི་ཡིན་ནོ་ཞེས་ཕྱི་རོལ་པས་ཀུན་ནས་བརྟགས་པ་ལྟར་མིན་ནོ། །ལུང་སིལ་བུ་ལས། བདག་ཉིད་བདག་གི་མགོན་ཡིན་གྱིས། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །མཁས་པས་བདག་ཉིད་ཤིན་ཏུ་ནི། །དུལ་བས་མཐོ་རིས་ཐོབ་པར་འགྱུར། །ཞེས་གང་གསུངས་པ་དེ་ནི་སེམས་ལ་བདག་གི་སྒྲ་མཛད་པ་ཡིན་ཏེ། དེའི་འཇུག་ཐོགས་སུ། གཟུང་བར་དཀའ་ཞིང་མྱུར་དུ་འཇུག །གང་དུ་འདོད་པ་དེར་འཇུག་བྱེད། །སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་ཐུལ་བས་ནི་བདེ་བ་འདྲེན། །ཞེས་གསུངས་པའི་ཕྱིར། ཡང་ཁམས་བཅོ་


DLL1003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པོ་དེ་དག་ལས། ཆོས་ཤེས་བྱ་བ་ནི། །རྟེན་པ་དང་བཅས་ཆོས་ཁམས་ཞེས་བྱ་བ་ནི་སྟེན་པ་དང་བཅས་པ་ཡིན་ཏེ། ཁམས་གང་ཞིག །རང་གི་ལས་བྱེད་པའི་ཕྱིར་ཏེ། འཕགས་པའམ་སོ་སོ་སྐྱེ་བོ་ཡང་རུང་སྟེ་དེ་དག་གི་ཡིད་ཀྱི་རྣམ་ཤེས་སྐྱེ་བའི་བྱ་བ་བྱེད་པའི་ཕྱིར། འདིའི་ལུགས་ཀྱིས་རང་རིག་མི་འདོད་པས། ཆོས་ཐམས་ཅད་བདག་མེད་དོ་སྙམ་དུ་ཡིད་ཀྱི་ཡུལ་དུ་སྐད་ཅིག་མ་གཅིག་ལ་རང་གིས་ཤེས་པ་དང་། དེ་དང་ལྷན་ཅིག་ཏུ་འབྱུང་བའི་ཚོགས་པ་མ་གཏོགས་པ་ཐམས་ཅད་ཀྱང་འགྱུར་བའི་ཕྱིར་ཞེས་བྱེ་བྲག་སྨྲ་བས་འདོད། རང་རིག་འདོད་ན་ནི་དེ་ཡང་འགྱུར་བའི་ཕྱིར། འདིའི་ལུགས་ཀྱིས་ཀྱང་སྐད་ཅིག་མ་གཉིས་པའི་ཡིད་ཀྱི་དམིགས་པར་ན་ཆོས་ཐམས་ཅད་འགྱུར་བས། ཆོས་ཀྱི་ཁམས་ནི་རྟག་ཏུ་སྟེན་བཅས་ཡིན་ནོ། །ལྷག་མ་བཅུ་བདུན་པོ་ནི་དེ་དང་མཚུངས་པ་དག་ཀྱང་ཡིན་ཏེ། ཁམས་གང་ཞིག །རང་གི་ལས་མི་བྱེད་པའི་ཕྱིར། ཀྱང་ཞེས་པས་སྟེན་བཅས་ཀྱང་ཡོད་པར་བསྟན་ཏོ། །སྟེན་བཅས་དེ་མཚུངས་ཀྱི་དོན་ནི། ཁམས་གང་ཞིག །རང་གི་ལས་མི་བྱེད་པ་དེ་མཚུངས་དང་། བྱེད་པ་དེ་ནི་སྟེན་བཅས་ཡིན་ཏེ། མིག་གང་གིས་གཟུགས་ལ་བལྟས་པ་དང་། ལྟ་བ་དང་། ལྟ་བར་འགྱུར་བ་ནི་སྟེན་བཅས་ཡིན་པས་ན་ལུས་ཀྱི་བར་དུའང་དེ་བཞིན་ཤེས་པར་བྱའོ། །དེ་དང་མཚུངས་པ་ནི་མིག་གང་གིས་གཟུགས་མ་མཐོང་བར་འགགས་པ་དང་། འགག་པ་དང་། འགག་པར་འགྱུར་བ་དང་། མི་སྐྱེ་པའི་ཆོས་ཅན་དང་བཞི་ཡིན་ནོ། །ཞེས་ཁ་ཆེ་བ་དག་ཟེར་ལ། ནུབ་ཕྱོགས་པ་ནི། མི་སྐྱེ་བའི་ཆོས་ཅན་ལ་རྣམ་ཤེས་དང་ལྡན་པ་དང་མི་ལྡན་པ་གཉིས་ཡོད་པས་ལྔར་འགྱུར་རོ་


DLL1003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར། དེ་བཞིན་དུ་གཟུགས་ལ་སོགས་པའི་ཁམས་ལྔ་ལ་ཡང་སྦྱར་བར་བྱའོ། །སེམས་ཀྱི་ཁམས་བདུན་ནི་སྐྱེ་བ་ཐམས་ཅད་སྟེན་བཅས་དང་། མི་སྐྱེ་བ་ནི་དེ་མཚུངས་ཡིན་ཏེ། རྣམ་ཤེས་སྐྱེ་བ་དག་རང་གི་ཡུལ་ལ་བྱ་བ་བྱེད་པར་ངེས་པའི་ཕྱིར། དེ་ཡང་མིག་ནས་ཡིད་ཀྱི་བར་ཁམས་དྲུག་ནི་སྐྱེས་བུ་གཉིས་ལ་སོགས་པ་མིག་ལ་སོགས་པ་གཅིག་གིས་ལྟ་བ་ལ་སོགས་པ་བྱེད་མི་སྲིད་པས། གང་གཅིག་གི་སྟེན་བཅས་དང་དེ་མཚུངས་ཡིན་པ་དེ། ཐམས་ཅད་ཀྱི་འང་སྟེན་བཅས་དང་དེ་མཚུངས་ཡིན་ལ། གཟུགས་ནས་རེག་བྱའི་བར་ཁམས་ལྔ་ནི་ཟླ་བ་དང་། བྲོ་གར་དང་། གྱད་དང་། རྔ་སྒྲ་ལ་སོགས་པ་གཅིག་ལ་ལྟ་བ་ལ་སོགས་པ་བྱེད་པ་དང་། དེ་ལས་གཞན་མང་པོ་ལྟ་བ་ལ་སོགས་པ་བྱེད་པའང་སྲིད་པས། དེ་དག་ཐུན་མོང་བ་ཡིན་པས། ལྟ་བ་ལ་སོགས་པ་དེ་ལ་ལྟོས་ནས་སྟེན་བཅས་དང་། ལྟ་བ་ལ་སོགས་མི་བྱེད་པ་དེ་ལ་ལྟོས་ནས་དེ་མཚུངས་ཡིན་ནོ། །ཁོ་ན་རེ། གཟུགས་སྒྲ་གཉིས་མ་ཕྲད་པ་འཛིན་པས་དེ་ལྟ་ཡིན་མོད། དྲི་ལ་སོགས་པ་ཕྲད་ནས་འཛིན་པས་ལྷ་སྦྱིན་གྱི་དབང་པོས་འཛིན་པ་དེ་དག་མཆོད་སྦྱིན་གྱི་དབང་པོས་མི་འཛིན་པས་ཐུན་མོང་བ་མིན་པའི་ཕྱིར། མིག་སོགས་དང་མཚུངས་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། དེ་དག་ནི་གལ་ཏེ་ལྷ་སྦྱིན་གྱི་སྣའི་དབང་པོ་ལ་སོགས་པ་དང་ཕྲད་ན་དེའི་སྣའི་རྣམ་ཤེས་སོགས་སྐྱེད་ལ། ཡང་མཆོད་སྦྱིན་གྱི་སྣའི་དབང་པོ་ལ་སོགས་པ་དང་ཕྲད་ན་དེའི་སྣའི་རྣམ་ཤེས་ལ་སོགས་པའང་སྐྱེད་ཀྱིས། གང་ཟག་གཅིག་ཁོ་ནའི་སྣའི་རྣམ་ཤེས་ལ་སོགས་པ་སྐྱེད་པའི་ངེས་པ་མེད་པའི་ཕྱིར་དང་། སྣའི་ནང་ན་གནས་པའི་སྲིན་བུ་ཕྲ་མོ་ལ་སོགས་


DLL1003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྣའི་རྣམ་ཤེས་ལ་སོགས་པའང་སྐྱེད་པ་སྲིད་པས་གང་གི་སྣའི་དབང་པོ་ལ་སོགས་པ་དང་ཕྲད་པ་དེ་ཁོ་ནའི་རྣམ་ཤེས་ལ་སོགས་པ་སྐྱེད་པའི་ངེས་པ་མེད་པའི་ཕྱིར་རོ། །དེས་ན་མིག་ལ་སོགས་པ་ནི་ཐུན་མོང་བ་མིན་པས་རྒྱུད་གཅིག་གི་དབང་གིས་བཞག་པ་ཡིན་ལ། གཟུགས་སོགས་ལྔ་ནི་ཐུན་མོང་བ་ཡིན་པས་རྒྱུད་དུ་མའི་དབང་གིས་རྣམ་པར་བཞག་གོ་ཞེས་གོ་བར་བྱའོ། །འདིར་སེམས་ཀྱི་ཁམས་བདུན་ལ་སྟེན་བཅས་དང་དེ་མཚུངས་གཉིས་ཀ་ཡོད་པར་བཤད་པ་ནི། བྱེ་བྲག་སྨྲ་བས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཞེས་བྱ་བ་འདོད་པའི་དབང་དུ་བྱས་ཀྱི་གོང་མ་རྣམས་དེ་མི་འདོད་པས། ཀུན་ལས་བཏུས་དང་ཕུང་པོ་ལྔ་པ་སོགས་ལས་དངོས་སུ་མིག་ལ་སོགས་པའི་ནང་གི་ཁམས་གཟུགས་ཅན་ལྔ་པོ་ཉིད་ལ་སྟེན་བཅས་དང་དེ་མཚུངས་བཤད་ལ་ཁམས་གཞན་ལ་དེ་གཉིས་མ་བཤད་མོད། ཤུགས་ཀྱིས་སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་དང་བརྒྱད་ནི་སྟེན་བཅས་ཁོ་ན་ཡིན་ལ། གཟུགས་སོགས་ཕྱི་རོལ་གྱི་ཁམས་ལྔ་ནི་སྟེན་བཅས་དང་དེ་མཚུངས་གཉིས་ཀར་འགྱུར་ཏེ། བྱེ་བྲག་བཤད་མཛོད་ལས། མིག་ལ་སོགས་པ་འདི་དག་ནི་ཐུན་མོང་མིན་པར་གཅིག་གི་སྟེན་པ་མཚུངས་པ་དང་དེ་དག་དང་མཚུངས་པ་གང་ཡིན་པ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་འང་ཡིན་པས། འདི་དག་ནི་སྟེན་པ་མཚུངས་པ་དང་དེ་དག་དང་མཚུངས་པ་ནི་ངེས་པའོ། །གཟུགས་ལ་སོགས་པ་ནི་སོ་སོའི་རྒྱུད་ལ་སྟེན་པ་མཚུངས་པ་དང་དེ་དག་དང་མཚུངས་པ་ཉིད་དུ་གནས་སོ། །རྣམ་པར་ཤེས་པ་ལ་བྱེད་པ་གཞན་མེད་པའི་ཕྱིར། གཞན་དག་


DLL1003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་སྟེན་པ་མཚུངས་པ་དང་དེ་དག་དང་མཚུངས་པ་ཞེས་མི་བརྗོད་དོ། །ཞེས་གསུངས་པའི་ཕྱིར། དྲུག་པ་མཐོང་སྤང་ལ་སོགས་པའི་རབ་དབྱེ་ནི། ཡང་ཁམས་བཅོ་བརྒྱད་ལས་སྒོམ་སྤང་ཡིན་པ་དུ། མཐོང་སྤང་ཡིན་པ་དུ། སྤང་བྱ་མིན་པ་དུ་ཞེ་ན། །ལྔ་ཡང་ཐ་མ་གསུམ་རྣམ་གསུམ། །མིག་གི་ཁམས་ལ་སོགས་པ་གཟུགས་ཅན་བཅུ་ནི་སྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ཏེ། ཟག་བཅས་ཡིན་པས་སྤང་བྱ་ཡིན་ལ། བདེན་པ་ལ་ལོག་པར་མི་རྟོག་ཅིང་དེ་དང་འབྲེལ་བའང་མིན་པས་མཐོང་སྤང་མིན་པའི་ཕྱིར། རྒྱུ་མཚན་དེས་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་ཡང་སྒོམ་སྤང་ཡིན་ནོ། །ཐ་མ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་ལ་ནི་མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མིན་པ་རྣམ་པ་གསུམ་ཡོད་དེ། ལྟ་བ་དང་ཐེ་ཚོམ་པ་སོགས་པ་འོག་ནས་འཆད་པའི་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང་། དེ་དག་དང་མཚུངས་པར་ལྡན་པ་དང་། དེ་དག་གི་མཚན་ཉིད་དང་རྗེས་སུ་མཐུན་པའི་མཚན་ཉིད་དང་ཐོབ་པ་དང་བཅས་པ་ནི་མཐོང་སྤང་དང་། ཟག་བཅས་ལྷག་མ་རྣམས་ནི་སྒོམ་སྤང་ཡིན་ལ། ཟག་མེད་རྣམས་ནི་སྤང་བྱ་མ་ཡིན་པའི་ཕྱིར། འདིར་གནས་མ་བུ་པའི་སྡེ་པ་དག །སོ་སོ་སྐྱེ་བོ་དང་ངན་སོང་གི་ལུས་ངག་གི་ལས་དག་ནི་ཆོས་ཅན། མཐོང་སྤང་ཡིན་ཏེ། མཐོང་ལམ་སྐྱེས་པས་ན་འགགས་པའི་ཕྱིར་དང་། མདོ་ལས། རྒྱུན་དུ་ཞུགས་པའི་ངན་སོང་གི་འགྲོ་བ་འགགས་སོ། །ཞེས་གསུངས་པའི་ཕྱིར་ཞེས་འདོད་དོ། །དེ་འགོག་པ་ནི། །སོ་སོ་སྐྱེ་བོ་ཉིད་ནི་མཐོང་བས་སྤང་བར་བྱ་བ་མིན་ཏེ། ཉོན་མོངས་ཅན་མ་ཡིན་པའི་ཕྱིར།དེ་ཉིད་ཇི་ལྟར་འགྲུབ་ཅེ་ན། །ཉོན་མོངས་པ་ཅན་གཟུགས་མིན་ནི། །


DLL1003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་སྐྱེས་པས་རྣམ་ཉམས་འགྱུར། །ཞེས་ཉོན་མོངས་ཅན་འདོད་ཆགས་དང་བྲལ་བས་ས་མ་འཕོས་ཀྱང་གཏོང་བར་བཤད་པས། གལ་ཏེ་སོ་སོ་སྐྱེ་བོ་ཉོན་མོངས་ཅན་ཡིན་ན། འདོད་པའི་སོ་སོ་སྐྱེ་བོ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་དག་སོ་སོ་སྐྱེ་བོ་མ་ཡིན་བར་ཐལ་བ་ལས། སོ་སོ་ཡི། སྐྱེ་བོར་འདོད་དོ་དེ་ཐོབ་དང་། །ས་འཕོས་ནས་ནི་རྣམ་ཉམས་འགྱུར། །ཞེས་སྐྱེ་བའི་ས་འཕོས་པས་གཏོང་གི་འདོད་ཆགས་དང་བྲལ་བ་ཙམ་གྱིས་མི་གཏོང་བར་བཤད་པ་དང་འགལ་བས་ཉོན་མོངས་ཅན་མིན་ལ། དགེ་རྩ་ཆད་པ་དག་སོ་སོ་སྐྱེ་བོ་མ་ཡིན་པར་འགྱུར་བས་དགེ་བའང་མིན་ནོ། །དེས་ན་སོ་སོ་སྐྱེ་བོ་ནི་མ་བསྒྲིབས་ལུང་མ་བསྟན་ཡིན་ནོ། །ངན་སོང་དུ་སྐྱེ་འགྱུར་གྱི་ལུས་ངག་གི་ལས་ཀྱང་ཆོས་ཅན། མཐོང་སྤང་མིན་ཏེ། གཟུགས་ཅན་ཡིན་པའི་ཕྱིར་དང་། དེ་ནི་བདེན་པ་ལ་ལོག་པར་མི་རྟོག་ཅིང་དེའི་རྗེས་འབྲང་དང་ཐོབ་པ་ཡང་མ་ཡིན་པའི་ཕྱིར། དེ་ལ་ངན་སོང་བའི་ལུས་ངག་གི་ལས་ནི་དེར་སྐྱེ་བའི་རྒྱུ་ལས་མི་དགེ་བའོ། །དྲུག་པ་ཡིད་ཤེས་མིན་པ་རྟེན་དབང་པོ་ལྔ་ལས་སྐྱེས་པའི་རྣམ་པར་ཤེས་པ་ཉོན་མོངས་ཅན་ཆོས་ཅན། མཐོང་སྤང་མིན་ཏེ། བདེན་པ་ལ་ལོག་ཞུགས་དང་དེའི་འཁོར་གང་ཡང་མ་ཡིན་པའི་ཕྱིར། བདུན་པ་ལྟ་བ་དང་ལྟ་མིན་གྱི་རབ་དབྱེ་ནི། ཡང་ཁམས་བཅོ་བརྒྱད་ལས་ལྟ་བ་ནི་དུ། ལྟ་མིན་ནི་དུ་ཞེ་ན། མིག་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལྟ་བ་ཡིན་ཏེ། རིམ་པ་ལྟར་གཟུགས་ལ་ལྟ་བ་དང་། ཡུལ་ལ་ངེས་པར་རྟོག་པ་ཡིན་པའི་ཕྱིར། ཆོས་ཁམས་ཀྱི་ཕྱོགས་གཅིག་གང་ཞེ་ན། འཇིག་ཚོགས་ལ་


DLL1003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ལ་སོགས་པ་ལྔ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། སློབ་པའི་ལྟ་བ་དང་། མི་སློབ་པའི་ལྟ་བ་སྟེ་རྣམ་པ་བརྒྱད་ཡོད་དོ། །དེ་ལ་དང་པོ་ལྔ་ནི་ཉོན་མོངས་ཅན་དང་། དྲུག་པ་ནི་དགེ་བ་ཟག་བཅས་དང་། ཕྱི་མ་གཉིས་ནི་སྒོམ་སྤང་གི་ས་པོན་དང་བཅས་པ་དང་དེ་མེད་པའི་ཟག་མེད་ཡིན་པས། དེ་དག་གིས་ཤེས་བྱའི་ཆོས་ལ་ལྟ་བ་ན་རིམ་པ་ལྟར། སྤྲིན་དང་བཅས་པ་དང་སྤྲིན་མེད་པའི་མཚན་མོ་དང་། ཉིན་མོ་གཟུགས་ལ་ལྟ་བ་བཞིན་དུ། མི་གསལ་བ་དང་གསལ་བ་དང་ཤིན་ཏུ་ཆེས་གསལ་བ་དང་ལྡན་པ་ཡིན་ནོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡིད་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་དགེ་བ་ཟག་བཅས་ཁོ་ན་ཡིན་གྱི། མིག་ལ་སོགས་པའི་རྣམ་ཤེས་ལྔ་དང་མཚུངས་ལྡན་དུ་སྐྱེས་པའི་བློ་སྟེ་ཤེས་རབ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མ་ཡིན་ཏེ། ལྟ་བ་ནི་ངེས་པར་རྟོག་པ་ཡིན་ལ། དེ་དག་ནི་ངེས་པར་རྟོག་པ་མེད་པ་ཡིན་པའི་ཕྱིར་རོ། །འོ་ན། མིག་ཀྱང་ལྟ་བ་མིན་པར་ཐལ། ངེས་རྟོག་མེད་པའི་ཕྱིར་ཞེ་ན། གཟུགས་ནི་མཐོང་བ་མིན་ཕྱིར་ལོ། །མིག་གིས་གཟུགས་རྣམས་མཐོང་བའི་ཕྱིར་ལྟ་བ་ཞེས་བྱའོ། །ངེས་པར་རྟོག་པའི་ཕྱིར་མིན་ནོ། །མིག་ཐམས་ཅད་ཀྱིས་མཐོང་ངམ་ཞེ་ན། རྣམ་ཤེས་རྟེན་པ་དང་བཅས་པའི་མིག་གིས་མཐོང་གི་དེ་དང་མཚུངས་པས་ནི་མིན་ནོ། །དེ་ལྟར་ན་མིག་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་པར་འགྱུར་རོ་ཞེ་ན། མིག་དེ་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བ་མིན་ཏེ། གང་གི་ཕྱིར་ན་རྣམ་ཤེས་ཀྱིས་མཐོང་ན་དེ་ནི་ཐོགས་མེད་ཡིན་པས་རྩིག་པ་ལ་སོགས་པས་བར་དུ་ཆོད་པའི་གཟུགས་ཀྱང་མཐོང་བར་འགྱུར་ན། རྩིག་པ་ལ་སོགས་པའི་


DLL1003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བྱེད་ཀྱིས་བར་དུ་ཆོད་པའི་གཟུགས་ནི་མཐོང་བ་མིན་པའི་ཕྱིར། ལོ་ཞེས་བྱ་བ་ནི་མདོ་སྡེ་པས་དེ་འགོག་པར་བྱེད་དེ། རྣམ་ཤེས་ཀྱིས་མཐོང་ཡང་བསྒྲིབས་པ་ཐམས་ཅད་ལ་འཇུག་པར་མི་འགྱུར་ཏེ། སྒྲིབ་བྱེད་ཀྱིས་བར་དུ་ཆོད་པ་ལ་རྒྱུ་མ་ཚང་ན་རྣམ་ཤེས་མི་སྐྱེ་ཡང་། རྒྱུ་ཚང་ན་མཆིང་བུ་དང་ཆུ་དང་ཤེལ་དང་ལྷང་ཚེར་ལ་སོགས་པས་ཆོད་པ་ལའང་རྣམ་ཤེས་སྐྱེ་བའི་ཕྱིར། མཐོང་སྟེ་གསལ་བར་མཐོང་ཕྱིར་རོ། །མིག་ནི་གཉིས་ཀ་དག་གིས་ཀྱང་གཟུགས་མཐོང་སྟེ། མིག་གཅིག་གིས་བལྟས་པ་ལས་གཉིས་ཀྱིས་བལྟས་པ་གསལ་བར་མཐོང་བའི་ཕྱིར། ཀྱང་ཞེས་པ་གཅིག་གིས་ཀྱང་མཐོང་ཞེས་པའོ། །འོ་ན་མིག་ལ་སོགས་པས་ཡུལ་དང་ཕྲད་ནས་འཛིན་ནམ་མ་ཕྲད་བར་འཛིན་ཞེ་ན། ཡུལ་དང་མ་ཕྲད་གསུམ་གཞན་དུ། །མིག་དང་ཡིད་དང་རྣ་བ་གསུམ་ནི་ཡུལ་དང་མ་ཕྲད་པར་འཛིན་ཏེ། རྒྱང་རིང་པོ་ན་ཡོད་པའི་གཟུགས་སྒྲ་འཛིན་པ་ཡིན་གྱི། རང་དང་འདབ་ཆགས་སུ་ཡོད་པའི་ཡུལ་མི་འཛིན་ཅིང་ཡིད་གཟུགས་ཅན་མ་ཡིན་པའི་ཕྱིར། སྣ་ལྕེ་ལུས་གསུམ་གྱིས་དེ་ལས་གཞན་དུ་ཡུལ་དང་ཕྲད་ནས་འཛིན་ཏེ། རང་དང་འདབ་ཆགས་པའི་ཡུལ་འཛིན་པ་ལ་ལྟོས་པའི་ཕྱིར། འོ་ན། མིག་གིས་རྒྱང་རིང་པོ་ན་ཡོད་པའི་གཟུགས་དང་བར་དུ་ཆོད་པའི་གཟུགས་མཐོང་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཁབ་ལེན་གྱིས་རྡོ་འདྲེན་ཡང་ཡུལ་རུང་བ་ན་གནས་པ་འདྲེན་གྱི། མི་རུང་བ་ན་གནས་པ་མི་འདྲེན་པའི་ཕྱིར། སྣ་ལ་སོགས་པ་གསུམ་གྱིས་ཡུལ་མཉམ་པ་འཛིན་པར་འདོད་དེ། ཡུལ་དང་ཕྲད་ནས་འཛིན་དགོས་པའི་ཕྱིར། མིག་རྣ་གཉིས་ཀྱིས་མཉམ་མི་མཉམ་ཅི་རིགས་པ་འཛིན་ཅིང་ཡིད་ནི་མ་


DLL1003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ཏེ། གཟུགས་ཅན་མིན་པའི་ཕྱིར་རོ། །དེ་དང་ལྷན་ཅིག་སྐྱེས་པའང་ཡིན། །ཐ་མ་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནི་རང་དུས་ན་འདས་པའི་ཡིད་ཡིན་ལ། འཇུག་ཤེས་ལྔ་པོ་རྣམས་ཀྱི་རྟེན་ནི་དབང་ཤེས་དེ་དག་དང་ལྷན་ཅིག་སྐྱེས་པ་དང་ཡིད་ཀྱང་ཡོད་པ་ཡིན་ནོ། །འོ་ན། མིག་ཤེས་ཀྱི་རྟེན་གང་ཡིན་པ་དེ་དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནམ་ཞེ་ན། དེ་ལ་མུ་བཞི་ལས་མིག་གི་དབང་པོ་ནི་མིག་ཤེས་ཀྱི་རྟེན་ཡིན་ལ་དེ་མ་ཐག་རྐྱེན་མིན། མིག་ཤེས་ཀྱི་སྔ་ལོགས་སུ་བྱུང་བའི་སེམས་བྱུང་ལྟ་བུ་མིག་ཤེས་ཀྱི་དེ་མ་ཐག་རྐྱེན་ཡིན་རྟེན་མིན། མིག་ཤེས་རང་དུས་ན་འདས་པའི་ཡིད་གཉིས་ཀ་ཡིན། གཟུགས་ལྟ་བུ་གཉིས་ཀ་མིན་པའོ། །ཡིད་ཤེས་ཀྱི་རྟེན་ཡིན་ལ་དེ་མ་ཐག་རྐྱེན་མིན་པ་ནི་མེད་ལ། ཡིད་ཤེས་ཀྱི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་སེམས་བྱུང་དེ་དེའི་དེ་མ་ཐག་རྐྱེན་ཡིན་ཡང་རྟེན་མིན་ནོ། །འོ་ན་འཇུག་ཤེས་ལྔ་པོ་ཡུལ་དང་དབང་པོ་གཉིས་ཀ་ལས་སྐྱེ་བ་ལ་དབང་པོ་རྟེན་དུ་འཇོག །ཡུལ་རྟེན་དུ་མི་འཇོག་པ་ཅི་ཞེ་ན། །འཇུག་ཤེས་རྣམས་ཀྱི་རྟེན་ནི་མིག་ལ་སོགས་པ་ཡིན་ཏེ། འཇུག་ཤེས་རྣམས་མིག་སོགས་གསལ་མི་གསལ་ལས་གསལ་མི་གསལ་དུ་འགྱུར་བ་དང་། མིག་སོགས་དག་གྱུར་པས་མིག་ཤེས་ལ་སོགས་པ་འགྱུར་བ་ཉིད་ཀྱི་ཕྱིར་ཏེ། ཕན་གནོད་ཀྱིས་བདེ་སྡུག་དང་མཚུངས་ལྡན་དུ་སྐྱེ་བའི་ཕྱིར་དང་། རྣམ་འགྲེལ་ལས། གལ་ཏེ་མིག་མཐོང་ཚད་ཡིན་ན། །ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་གསུངས་པ་ལྟར། བྱ་རྒོད་ཀྱི་མིག་ནི་རང་བཞིན་གསལ་བས་གཟུགས་མི་གསལ་ཡང་དཔག་ཚད་དུ་མས་བར་དུ་ཆོད་པ་ལ་ཡང་མིག་ཤེས་སྐྱེ་ཞིང་། རྣ་བ་ལ་སོགས་པ་ལའང་དེ་


DLL1003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བས་དབང་པོ་གསལ་མི་གསལ་གྱིས་རྣམ་ཤེས་གསལ་མི་གསལ་དུ་སྐྱེའི། གཟུགས་སོགས་འགྱུར་བས་ནི་རྣམ་ཤེས་དེ་དག་འགྱུར་བར་མ་ངེས་པའི་ཕྱིར། དེས་ན་མིག་ཤེས་ལ་སོགས་པའི་རྟེན་མིག་ལ་སོགས་པ་ཡིན་ནོ། །དེ་དག་གིས་ནི་རྣམ་ཤེས་བསྟན། །འཇུག་ཤེས་དེ་དག་ལ་མིག་སོགས་དེ་དག་གི་རྣམ་པར་ཤེས་པ་ཞེས་མིག་སོགས་དེ་དག་གིས་བསྟན་པའི་རྒྱུ་མཚན་ཡོད་དེ། མིག་སོགས་རྣམས་འཇུག་ཤེས་རྣམས་ཀྱི་རྟེན་དང་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ཞིང་། ཡུལ་དེ་གཉིས་ཀ་མིན་པ་དེའི་ཕྱིར། དཔེར་ན། རྔ་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་པ་བཞིན་ནོ། །གཟུགས་ལ་སོགས་པ་ནི་སྒོ་ལྔའི་རྣམ་ཤེས་དང་ཡིད་ཤེས་གཉིས་ཀའི་དམིགས་པར་འགྱུར་བས་ཐུན་མོང་བའི་རྒྱུ་ཡིན་པའི་ཕྱིར་དེ་དག་གིས་ནི་མ་བསྟན་ཏོ། །ཚད་མ་ཀུན་ལས་བཏུས་ལས་ཀྱང་། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་གསུངས་པའི་ཕྱིར། ཡང་གལ་ཏེ་ལུས་གང་ལ་གནས་ཏེ་མིག་ལ་སོགས་པས་གཟུགས་ལ་སོགས་པ་ཡུལ་དུ་བྱས་ཏེ་མིག་ཤེས་ལ་སོགས་པ་སྐྱེད་པ་ན། ལུས་དང་མིག་ལ་སོགས་པ་དང་གཟུགས་ལ་སོགས་པ་དང་རྣམ་ཤེས་རྣམས་ས་གཅིག་གམ་ཐ་དད་ཅེ་ན། ཐ་དད་པ་དང་གཅིག་པའང་ཡོད་དེ་ཞེས་བསྟན་པའི་ཕྱིར། ལུས་ལ་ཞེས་སོགས་སྨོས་སོ། །ལུས་ནི་འདིར་རྟེན་ཁོག་པ་ལ་འདོད། དེ་ལ་མིག་སོགས་ལྔ་དང་གཟུགས་སྒྲ་རེག་བྱ་གསུམ་ནི་འདོད་པ་དང་བསམ་གཏན་བཞི་དང་། མིག་རྣ་ལུས་ཀྱི་རྣམ་ཤེས་གསུམ་ནི་འདོད་པ་དང་བསམ་གཏན་དང་པོ་ཁོ་ནའི་ས་པ་དང་། དྲི་རོ་དང་སྣ་ལྕེའི་རྣམ་ཤེས་


DLL1003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདོད་པའི་ས་པ་ཁོ་ནའོ། །མིག་གིས་གོང་མའི་གཟུགས་མ་ཡིན། །རྣམ་པར་ཤེས་པའང་དེ་ལ་གོང་མའི་ལུས་ལ་འོག་མའི་མིག་བརྟེན་པ་མ་ཡིན་ཏེ། རང་ས་ན་མིག་མཆོག་ཡོད་པས་འོག་མའི་མིག་གིས་དགོས་པ་མེད་པའི་ཕྱིར། དེས་ན་རང་གི་ས་པའམ། གོང་མའི་ས་པའི་མིག་གི་རྟེན་ཡིན་ནོ། །འོག་མའི་མིག་གི་ཡུལ་ནི་ས་གོང་མའི་གཟུགས་མ་ཡིན་ཏེ། གོང་མའི་གཟུགས་ནི་ཕྲ་བས་དེས་དེ་མི་མཐོང་བའི་ཕྱིར། དེས་ན་རང་གི་ས་པ་དང་འོག་མའི་ས་པའི་གཟུགས་ནི་གོང་མའི་མིག་གི་ཡུལ་ཡིན་ནོ། །ས་གོང་མའི་མིག་གི་རྣམ་པར་ཤེས་པའང་ས་འོག་མའི་མིག་ལ་བརྟེན་པ་མ་ཡིན་ཏེ། གོང་མའི་རྣམ་ཤེས་མཆོག་ནི་འོག་མའི་མིག་དམན་པ་ལ་མི་བརྟེན་པའི་ཕྱིར། འོན་ཀྱང་འོག་ས་དང་རང་སའི་རྣམ་ཤེས་ནི་བརྟེན་པ་ཡིན་ནོ། །འོག་མའི་རྣམ་ཤེས་བརྟེན་པ་ཞེས་པའང་འདོད་པའི་རྣམ་ཤེས་ནི་བསམ་གཏན་དང་པོའི་མིག་ལ་བརྟེན་པ་མ་ཡིན་ཏེ། རང་ས་ན་རྣམ་ཤེས་མཆོག་ཡོད་པས་དགོས་པ་མེད་པའི་ཕྱིར། དེས་ན་བསམ་གཏན་གཉིས་པ་ཡན་ཆད་རང་ས་ན་སྒོ་ལྔའི་རྣམ་ཤེས་མེད་པའི་དབང་དུ་བྱས་པའོ། །དེའི་རྒྱུ་མཚན་བསམ་གཏན་གཉིས་པ་ཡན་ཆད་གཟུགས་ལ་ལྟ་བ་ན་དང་པོའི་མིག་ཤེས་མངོན་དུ་བྱེད་དགོས་པའི་ཕྱིར། འོ་ན། རྣམ་ཤེས་ཀྱིས་ས་གང་དུ་གཟུགས་མཐོང་ལ། ལུས་གང་ལ་བརྟེན་ནས་ས་གང་གི་རྣམ་ཤེས་ཀྱི་རྟེན་བྱེད་ཅིང་གཟུགས་མཐོང་ཞེ་ན། །མིག་གི་རྣམ་ཤེས་དེ་ཡིས་གཟུགས་ནི་ས་ཐམས་ཅད་དུ་མཐོང་སྟེ། མིག་གི་རྣམ་ཤེས་དེ་ཡིས་གཟུགས་ནི་རང་ས་དང་འོག་ས་དང་གོང་སའི་གཟུགས་ཀུན་མཐོང་བའི་ཕྱིར། དེ་ཡང་ཅི་རིགས་ཀྱི་དབང་བྱས་ཀྱི་ཁྱད་པར་ནི་འདི་འདོད་དེ། འདོད་པའི་མིག་གི་རྣམ་ཤེས་


DLL1003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་རང་སའི་གཟུགས་ཁོ་ན་མཐོང་གི་གོང་མའི་གཟུགས་མཐོང་བ་ནི་མིན་ཏེ། དེ་ནི་བསྐལ་པའི་དོན་ལ་མི་འཇུག་པའི་ཕྱིར། དེས་ན་འདིར་ནི་བསམ་གཏན་དང་པོའི་མིག་ཤེས་ཀྱིས་རང་ས་དང་འོག་ས་དང་གོང་མའི་སའི་གཟུགས་མཐོང་བའི་དབང་དུ་བྱས་ནས་བཤད་པའོ། །རྣམ་ཤེས་ཀྱིས་ས་ཐམས་ཅད་པའི་གཟུགས་མཐོང་བར་མ་ཟད་རྟེན་ལུས་ཀྱི་འང་གཟུགས་དང་རྣམ་ཤེས་གཉིས་ཀ་ས་ཐམས་ཅད་དུ་མཐོང་ཞིང་རྟེན་བྱེད་དོ། །གཟུགས་ནི་འདོད་པའི་ལུས་ལ་རང་ས་དང་གོང་མའི་ས་པ་མཐོང་། བསམ་གཏན་དང་པོ་ནས་གསུམ་པའི་བར་ཀྱི་ལུས་ལ་རང་ས་དང་འོག་ས་དང་གོང་སའི་གཟུགས་མཐོང་། བསམ་གཏན་བཞི་པའི་ལུས་ལ་ནི་རང་ས་དང་འོག་སའི་གཟུགས་ཐམས་ཅད་མཐོང་ངོ་། །རྣམ་པར་ཤེས་པ་ནི་འདོད་པའི་ལུས་ལ་བརྟེན་ནས་རང་སའི་རྣམ་ཤེས་དང་བསམ་གཏན་དང་པོའི་རྣམ་ཤེས་སྐྱེད་པར་བྱེད། བསམ་གཏན་དང་པོའི་ལུས་ལ་ནི་རང་སའི་རྣམ་ཤེས་ཁོ་ན་སྐྱེད་པར་བྱེད། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ལུས་ལ་ནི་འོག་མ་བསམ་གཏན་དང་པོའི་རྣམ་ཤེས་ཁོ་ན་སྐྱེད་པར་བྱེད་དོ། །དེས་ན་ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །ཞེས་བྱ་བའང་ཅི་རིགས་ཀྱི་དབང་དུ་བྱས་ནས་གསུངས་སོ། །ཇི་ལྟར་མིག་ལ་རྒྱས་པར་བཤད་པ་ལྟར་རྣ་བའང་དེ་བཞིན་དུ། ལུས་ལ་འོག་མའི་རྣ་བ་མིན། །རྣ་བས་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་པའང་དེ་ཡིས་སྒྲ། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །ཞེས་རྒྱ་ཆེར་སྦྱར་བར་བྱའོ། །སྣ་ལྕེ་ལུས་གསུམ་གྱི་ཁམས་གསུམ་པོ་དག་ནི་ཡུལ་


DLL1003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་ཤེས་དང་རྟེན་གྱི་ལུས་ཐམས་ཅད་རང་གི་ས་པ་ཉིད་ཡིན་ཏེ། དེ་དག་དབང་པོ་དང་ཕྲད་པས་འཛིན་པས་ཆོད་པ་དང་རིང་བའི་དོན་ལ་མི་འཇུག་པའི་ཕྱིར། དེ་ལྟར་སྤྱིར་བཏང་ནས་དམིགས་གསལ་ནི་ལུས་དང་ལུས་ཀྱི་དབང་པོ་དང་རེག་བྱ་ནི་རང་གི་ས་པ་ཡིན་ལ། ལུས་ཀྱི་རྣམ་ཤེས་ནི་བསམ་གཏན་གཉིས་པ་ནས་བཞི་པའི་བར་དུ་སྐྱེས་པ་དག་རེག་བྱ་འཛིན་ན་འོག་མ་བསམ་གཏན་དང་པོའི་ས་པ་དང་། འདོད་པ་དང་བསམ་གཏན་དང་པོར་སྐྱེས་པ་དག་རེག་བྱ་འཛིན་ན་རང་གི་ས་པ་ཁོ་ན་ཡིན་ནོ། །ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་དང་དེའི་རྟེན་ལུས་ནི་ས་མ་ངེས་ཏེ། རེས་འགའ་ཐམས་ཅད་ས་མཚུངས་པ་དང་། རེས་འགའ་མི་མཚུངས་པའང་ཡོད་པའི་ཕྱིར། བརྒྱད་པ་གཉིས་ཀྱིས་ཤེས་པར་བྱ་བ་ལ་སོགས་པ་གསུམ་བཤད་པ་ནི། ཡང་ཁམས་བཅོ་བརྒྱད་ལས། །རྣམ་ཤེས་གཉིས་ཀྱིས་ཤེས་པར་བྱ་བ་ནི་གཟུགས་ནས་རེག་བྱའི་བར་གྱི་ཕྱི་ཡི་སྐྱེ་མཆེད་ལྔ་ཡིན་ཏེ། གཟུགས་ནི་མིག་ཤེས་དང་ཡིད་ཤེས་གཉིས་ཀས་ཤེས་པར་བྱ་བ་ཡིན་པ་ལ་སོགས་པའོ། །ལྷག་མ་ཁམས་བཅུ་གསུམ་ནི་སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་མིན་པས་ཡིད་ཀྱི་རྣམ་ཤེས་གཅིག་པོས་ཤེས་པར་བྱ་བ་ཉིད་དུ་གྲུབ་བོ། །ཡང་ཁམས་བཅོ་བརྒྱད་ལས། །ཆོས་ཁམས་ཀྱི་ཕྱོགས་གཅིག་འདུས་མ་བྱས་ཀྱི་ཆོས་ནི་སྐད་ཅིག་མ་ཡིན་པས་རྟག་པ་ཞེས་བྱའོ། །གཞན་དག་ནི་འདུས་བྱས་ཡིན་པས་མི་རྟག་པའོ། །ཡང་ཁམས་དེ་དག་ལས་དབང་པོ་ཡིན་པ་ནི་དུ། མིན་པ་ནི་དུ་ཞེ་ན། མདོ་ལས་དབང་པོ་ཉི་ཤུ་རྩ་གཉིས་གསུངས་པས། ཆོས་ཁམས་ཀྱི་ཕྱེད་སྲོག་དང་ཚོར་བ་ལྔ་དང་དད་སོགས་ལྔ་དང་ཟག་མེད་ཀྱི་


DLL1003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་གསུམ་གྱི་ཆ་སྟེ་བཅུ་བཞི་དང་། མིག་ལ་སོགས་པ་ཁམས་གང་དག་ནང་གི་བཤད་པ་བཅུ་གཉིས་པོ་དེ་དག་ནི་དབང་པོ་ཡིན་ཏེ། མིག་སོགས་ལྔ་ནི་སོ་སོར་དབང་པོ་དང་། ཕོ་མོའི་དབང་པོ་ནི་ལུས་དབང་དུ་འདུས་ལ། སེམས་ཀྱི་ཁམས་བདུན་དང་ཟག་མེད་ཀྱི་དབང་པོ་གསུམ་ནི་ཡིད་ཀྱི་དབང་པོའི་ཆ་ཡིན་པའི་ཕྱིར། དེ་ལྟར་ན་ལྷག་མ་ཆོས་ཁམས་ཀྱི་ཕྱེད་དང་གཟུགས་ལ་སོགས་པ་ལྔ་ནི་དབང་པོ་མིག་པར་གྲུབ་པོ། །ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོའོ། །ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོའི་རྣམ་པར་བཤད་པའོ། །གཉིས་པ་དབང་པོ་བསྟན་པའི་གནས་འཆད་པ་ལ་གཉིས། དབང་པོའི་རྣམ་པཞག་དང་། འདུས་བྱས་ཀྱི་ཆོས་ཀྱི་སྐྱེ་ཚུལ་ལོ། །དང་པོ་ལ་དྲུག །དབང་པོའི་རང་བཞིན། སྐབས་སུ་བབ་པའི་ངོ་བོ། །རྣམ་པའི་རབ་དབྱེ། དབང་པོ་རྙེད་གཏོང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་འཐོབ། དབང་པོའི་ལྡན་ཚུལ་ལོ། །དང་པོ་ལ། དབང་པོའི་བྱེད་ལས། དབང་པོའི་གྲངས་ངེས་སོ། །དང་པོ་ནི། བཅུ་གཉིས་ནང་གིར་བཤད་དབང་པོ། །ཞེས་བཤད་ན་ཅིའི་ཕྱིར་དབང་པོ་ཞེས་བྱ་ཞེ་ན། ལྷག་པར་དབང་བྱེད་པས་ན་དབང་པོ་ཞེས་བྱའོ། །འོ་ན། དབང་པོ་ཉི་ཤུ་རྩ་གཉིས་པོ་གང་གང་ལ་དབང་བྱེད་ཅེ་ན། མིག་སོགས་དབང་པོ་ལྔ་པོ་རྣམས་ནི་དོན་བཞི་ལ་དབང་བྱེད་དེ། ལུས་མཛེས་པ་དང་། ལུས་བསྲུང་བ་དང་། རང་རང་གི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་བསྐྱེད་པ་དང་། ཐུན་མོང་མིན་པའི་རྒྱུ་ལ་དབང་བྱེད་པའི་ཕྱིར། དེ་དག་ལུས་མཛེས་པ་ལ་དབང་བྱེད་


DLL1003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དེ་དག་མེད་ན་ལུས་མི་མཛེས་པར་འགྱུར་བའི་ཕྱིར། ལུས་བསྲུང་བ་ལ་དབང་བྱེད་དེ། མིག་རྣས་ཡིད་དུ་མི་འོང་བའི་གཟུགས་མཐོང་བ་དང་སྒྲ་ཐོས་ནས་སྲུང་བའི་ཕྱིར་དང་། སྣ་ལྕེ་ལུས་གསུམ་གྱིས་ཁམས་ཀྱི་ཟས་ལ་ཡོངས་སྤྱད་དེ་ལུས་སྲུང་བའི་ཕྱིར། ཐུན་མོང་མ་ཡིན་པའི་རྒྱུ་ལ་དབང་བྱེད་དེ། མིག་གིས་གཟུགས་ལ་ལྟ་བ་ནས་ལུས་ཀྱིས་རེག་བྱ་རེག་པའི་བར་ལ་དབང་བྱེད་པའི་ཕྱིར་རོ། །ཕོ་མོའི་དབང་པོ་སྲོག་ཡིད་བཞི་པོ་རྣམས་ཀྱིས་དོན་གཉིས་གཉིས་ལ་དབང་བྱེད་དོ། །ཕོ་མོའི་དབང་པོ་གཉིས་ཀྱིས་དོན་གཉིས་གཉིས་ལ་དབང་བྱེད་དེ། སེམས་ཅན་གྱི་བྱེ་བྲག་དང་ཁྱད་པར་ལ་དབང་བྱེད་པའི་ཕྱིར་ཏེ། ཕོ་མོའི་དབང་པོ་དང་ལྡན་པའི་སྒོ་ནས་སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཕྱིར་དང་། ཕོ་མོའི་དབང་པོ་དང་ལྡན་པའི་སྒོ་ནས་ནུ་མ་དང་ཁ་སྤུ་ཆེ་ཆུང་། ཤ་གྲིམས་ལྷོད། སྐད་གསང་མཐོ་དམའ་ལ་སོགས་པའི་སེམས་ཅན་གྱི་ཁྱད་པར་འབྱེད་པའི་ཕྱིར། སྲོག་གི་དབང་པོས་དོན་གཉིས་ལ་དབང་བྱེད་དེ། རིས་མཐུན་གནས་པ་དང་རིས་མཐུན་མཚམས་སྦྱོར་བ་ལ་དབང་བྱེད་པའི་ཕྱིར། འོ་ན། ཡིད་ཀྱི་དབང་པོས་རིས་མཐུན་མཚམས་སྦྱོར་བ་ལ་དབང་བྱེད་ན་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་པར་ཡོད་དེ། སྲོག་གིས་བར་དོ་ཁོ་ནར་མཚམས་སྦྱོར། ཡིད་ཀྱིས་སྐྱེ་སྲིད་དུ་ཡང་མཚམས་སྦྱོར་བའི་ཕྱིར་ཟེར་རོ། །ཡིད་དབང་གིས་ཀྱང་དོན་གཉིས་ལ་དབང་བྱེད་དེ། རིས་མཐུན་མཚམས་སྦྱོར་བ་དང་། དབང་པོའི་ངོ་བོ་དང་མཐུན་པར་དབང་བྱེད་པའི་ཕྱིར་ཏེ། དབང་བྱེད་མཁན་ཀུན་སློང་གི་ཡིད་དགེ་མི་དགེ་ལས་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་དགེ་མི་དགེར་འགྱུར་བའི་ཕྱིར།


DLL1003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ནི་མ་རངས་པའི་ཚིག་གོ །ཚོར་བའི་དབང་པོ་ལྔ་ནི་ཀུན་ནས་ཉོན་མོངས་ལ་དབང་བྱེད་དེ། ཚོར་བ་བདེ་བ་དང་ཡིད་བདེ་ལས་འདོད་ཆགས་དང་། སྡུག་བསྔལ་དང་ཡིད་མི་བདེ་ལས་ཞེ་ལྡང་དང་། བཏང་སྙོམས་ལས་གཏི་མུག་རྒྱས་པར་འགྱུར་ཞིང་། དེ་དག་ལས་ཀུན་ནས་ཉོན་མོངས་རྒྱས་པར་འགྱུར་བའི་ཕྱིར། དབང་པོ་ཐ་མ་བརྒྱད་པོ་དེ་རྣམས་ནི་རྣམ་པར་བྱང་བ་ལ་དབང་བྱེད་དེ། ཟག་བཅས་རྣམས་ཀྱིས་ཉོན་མོངས་མངོན་གྱུར་མགོ་གནོན། ཟག་མེད་རྣམས་ཀྱིས་ཉོན་མོངས་པའི་ས་བོན་གཅོད་པའི་ཕྱིར། མདོ་སྡེ་པ་ན་རེ། མིག་སོགས་དབང་པོ་ལྔས་ལུས་མཛེས་པ་དང་ལུས་བསྲུང་བ་དང་ཐུན་མོང་མ་ཡིན་པའི་རྒྱུ་ལ་དབང་བྱེད་པ་མ་ཡིན་གྱི། དམིགས་པར་དབང་བྱེད་ཕྱིར་དབང་དྲུག རང་རང་གི་དོན་ལ་དམིགས་པའི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་དང་ཡིད་དབང་གིས་ཤེས་བྱ་ཐམས་ཅད་ལ་དམིགས་པའི་ཡིད་ཀྱི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་བསྐྱེད་པ་ལ་དབང་བྱེད་པའི་ཕྱིར་ན། དྲུག་པོ་དེ་དབང་པོར་བཞག་གོ །ཕོ་མོའི་དབང་པོས་ཀྱང་སེམས་ཅན་གྱི་བྱེ་བྲག་དང་ཁྱད་པར་ལ་དབང་མི་བྱེད་དེ། གཟུགས་ཁམས་པའི་གང་ཟག་བཞིན་ནོ། །ཕོ་ཉིད་མོ་ཉིད་ཀྱི་ངོ་བོ་ལ་དབང་བྱེད་པའི་ཕྱིར་ན་དེ་གཉིས་དབང་པོར་བཞག་གོ །དེ་གཉིས་ཀྱི་ངོ་བོ་གང་ཞེ་ན། ལུས་དབང་གི་ཕྱོགས་གཅིག་ལས་མོ་དང་ཕོ་དབང་དག་བཞག་པ་ཡིན་གྱི་རྫས་གཞན་ནི་མེད་དེ། རང་ཡུལ་གྱི་རེག་བྱ་འཛིན་པའི་དབང་པོ་གཟུགས་ཅན་ཡིན་པའི་ཕྱིར། མདོ་སྡེ་པའི་རང་ལུགས་ནི། རེག་བྱ་འཛིན་པའི་ལུས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ཕྱིར་ནའོ། །སྲོག་དབང་གིས་རིས་མཐུན་


DLL1003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱོར་བ་ལ་དབང་བྱེད་པ་མ་ཡིན་ཏེ། ཡིད་དབང་ཉིད་ཀྱིས་རིས་འདྲ་ཕྱི་མ་མཚམས་སྦྱོར་བ་ལ་དབང་བྱེད་པའི་ཕྱིར། དེས་ན་རིས་མཐུན་གནས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་དབང་བྱེད་པའི་ཕྱིར་ན་རིམ་པ་བཞིན་སྲོག་དང་། ཚོར་བ་ལྔ་པོ་རྣམས་དང་། དང་སོགས་དབང་པོའི་ལྔ་ནི་དབང་པོར་འདོད་དོ། མྱ་ངན་འདས་སོགས་གོང་ནས་གོང་། །འཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང་། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །གོང་ནས་གོང་དང་མ་བྱས་འཐོབ། །སོགས་པ་ལ་ནི་དབང་བྱེད་ཕྱིར། །ཞེས་བསྒྱུར་ཏེ། རང་གི་གོང་མ་ཀུན་ཤེས་པའི་དབང་པོ་འཐོབ་པ་དང་། དེའི་གོང་མ་ཀུན་ཤེས་ལྡན་པའི་དབང་པོ་དང་། ལྷག་མེད་མྱང་འདས་འཐོབ་པ་ལ་དབང་བྱེད་པའི་ཕྱིར་ན། རིམ་པ་བཞིན་མི་ཤེས་པ་ཀུན་ཤེས་པར་བྱེད་པ་དང་། ཀུན་ཤེས་པ་དང་། ཀུན་ཤེས་ལྡན་པའི་དབང་པོ་རྣམས་དབང་པོར་བཞག་གོ །སོགས་པས་མཐོང་སྤང་སྤོང་བ་དང་། སྒོམ་སྤང་སྤོང་བ་དང་། མཐོང་ཆོས་ལ་བདེ་བར་གནས་པ་ལ་དབང་བྱེད་པའི་ཕྱིར་ན་དེ་གསུམ་རིམ་པ་བཞིན་དབང་པོར་བཞག་གོ ། གཉིས་པ་ནི། ངག་སྨྲ་བ་དང་། ལག་པ་ལེན་པ་དང་། རྐང་པ་གོམ་པ་འདོར་བ་དང་། འདོམ་ཀུན་དགའ་བ་དང་། ཉེར་གནས་ཟག་པ་འདོར་བ་ལ་དབང་བྱེད་པ་མིན་ནམ་ཅིའི་ཕྱིར་དབང་པོ་ཉི་ཤུ་རྩ་གཉིས་སུ་གྲངས་ངེས་ཞེ་ན། ངེས་ཏེ། སེམས་ཀྱི་རྟེན་དང་། སེམས་ཅན་གྱི་བྱེ་བྲག་དང་། རིས་མཐུན་གནས་པ་དང་། ཀུན་ནས་ཉོན་མོངས་པ་ཉིད་དང་། རྣམ་བྱང་གི་རྒྱུ་ཚོགས་དང་། རྣམ་པར་བྱང་བའི་ངོ་བོ་ཇི་སྙེད་པ་དབང་པོ་དག་ཀྱང་དེ་སྙེད་དུ་གྲངས་ངེས་པའི་ཕྱིར་ཏེ། མིག་སོགས་དབང་པོ་ལྔ་སེམས་གྱི་རྟེན་དང་། ཕོ་མོའི་དབང་པོ་གཉིས་སེམས་ཅན་དེའི་བྱེ་བྲག་དང་། སྲོག་རིས་མཐུན་གནས་པ་དང་།


DLL1003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་ལྔ་ཀུན་ནས་ཉོན་མོངས་པ་དང་། དད་སོགས་ལྔ་རྣམ་བྱང་གི་རྒྱུ་ཚོགས་དང་། དབང་པོ་ཐ་མ་གསུམ་རྣམ་བྱང་གི་ངོ་བོ་ཡིན་པའི་ཕྱིར། ཡང་ན་འཇུག་པའི་རྟེན་དང་ནི། །སྐྱེ་དང་གནས་དང་ཉེར་སྤྱོད་ལས། །བཅུ་བཞི་དེ་བཞིན་ལྡོག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ། །ཡང་ན་མདོ་སྡེ་པ་ན་རེ། འཁོར་བར་འཇུག་པའི་རྟེན་དང་། འཁོར་བར་སྐྱེ་བ་དང་། འཁོར་བར་གནས་པ་དང་། འཁོར་བར་ཉེ་བར་ལོངས་སྤྱོད་པ་ལས་དབང་པོ་བཅུ་བཞི་པཞག་པ་ཡིན་ཏེ། མིག་སོགས་དབང་པོ་ལྔ་འཁོར་བར་འཇུག་པའི་རྟེན་དང་། ཕོ་མོའི་དབང་པོ་གཉིས་ཀྱི་འདུ་འཕྲོད་ལས་འཁོར་བར་སྐྱེ་བ་དང་། སྲོག་གི་དབང་པོས་འཁོར་བར་གནས་བ་དང་། ཚོར་བའི་དབང་པོ་ལྔས་ཕན་གནོད་ལ་སོ་སོར་ཉེ་བར་ལོངས་སྤྱོད་པའི་ཕྱིར། དེ་བཞིན་དུ་འཁོར་བར་འཇུག་པ་ལས་ལྡོག་པ་རྣམ་བྱང་ལ་འཇུག་པའི་གཞི་དང་། རྣམ་བྱང་དུ་སྐྱེ་བ་དང་། གནས་པ་དང་། ཉེ་བར་ལོངས་སྤྱོད་པ་ལས་དབང་པོ་རྣམས་ནི་གཞན་བརྒྱད་བཞག་པ་ཡིན་ཏེ། དད་སོགས་དབང་པོ་ལྔ་རྣམ་བྱང་དུ་འཇུག་པའི་གཞི་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོས་རྣམ་བྱང་དང་པོར་སྐྱེ་བ་དང་། ཀུན་ཤེས་པའི་དབང་པོས་རྒྱུན་ཆགས་སུ་གནས་པ་དང་། ཀུན་ཤེས་ལྡན་པའི་དབང་པོས་ཉོན་མོངས་སྤངས་པའི་དགའ་བདེ་ལ་ལོངས་སྤྱོད་པའི་ཕྱིར། གཉིས་པ་ལ་གཉིས། ཚོར་བའི་དབང་པོ་ལྔ་བཤད་པ། དབང་པོ་ཐ་མ་གསུམ་བཤད་པའོ། །དང་པོ་ནི། འོ་ན། དབང་པོ་ཉེར་གཉིས་ཀྱི་ངོ་བོ་གང་ཞེ་ན། མིག་སོགས་དབང་པོ་དྲུག་དང་ཕོ་མོའི་དབང་པོ་གཉིས་སྔར་བཤད་ཟིན་ལ། སྲོག་དང་དད་སོགས་འཆད་པར་འགྱུར་བས་ཚོར་བའི་དབང་པོ་ལྔ་དང་དབང་པོ་ཐ་མ་གསུམ་སྐབས་འདིར་བཤད་པར་བྱའོ། །


DLL1003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན། ཚོར་བའི་དབང་པོ་ལྔ་པོ་དེ་གང་ཞེ་ན། །ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དབང་པོའོ་སིམ་པ་ནི། །བདེ་བའོ་བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་པོ། །ལུས་ཀྱི་ཚོར་བ་ནི་དབང་པོ་གཟུགས་ཅན་ལ་བརྟེན་པའི་ཚོར་བ་ཡིན་ལ། ལུས་ཚོར་སིམ་པ་མ་ཡིན་པར་གདུང་བར་མྱོང་བ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་དབང་པོའོ། །དེ་སིམ་པར་མྱོང་བ་ནི་བདེ་བའི་དབང་པོའོ། །བསམ་གཏན་གསུམ་པ་ན་སེམས་ཀྱི་ཚོར་བ་སིམ་པར་མྱོང་བ་དེ་ནི་བདེ་བའི་དབང་པོའོ། །གཞན་བསམ་གཏན་གཉིས་པ་མན་ཆད་ན་སེམས་ཚོར་སིམ་པར་མྱོང་བ་དེ་ཡིད་བདེ་བའི་དབང་པོ་ཡིན་ནོ། །སེམས་ཀྱི་ཚོར་བ་སིམ་པ་མ་ཡིན་པར་ཉམས་སུ་མྱོང་བ་དེ་ཡིད་མི་བདེ་བའི་དབང་པོའོ། །བཏང་སྙོམས་ཀྱི་དབང་པོ་ནི་སིམ་གདུང་བར་མ་མྱོང་བའོ། །དེ་ལུས་ཚོར་དང་སེམས་ཚོར་གང་ཡིན་ཞེ་ན། དེ་ལ་གཉིས་ཀའི་ཚོར་བ་ཡོད་དོ། །འོ་ན་བདེ་སྡུག་ལྟར་སོ་སོར་མིན་པར་དེ་གཉིས་གཅིག་ཏུ་སྡུད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡོད་དེ། སེམས་ཀྱི་ཚོར་བ་བདེ་སྡུག་ནི་ཕལ་ཆེར་རྣམ་རྟོག་ལས་སྐྱེ། ལུས་ཀྱི་ཚོར་བ་བདེ་སྡུག་རྣམ་རྟོག་ལ་མི་ལྟོས་པར་ཡུལ་གྱི་དབང་གིས་དགྲ་བཅོམ་པ་ལ་ཡང་སྐྱེ་བ་ཡོད་པས་སོ་སོར་བསྟན། བཏང་སྙོམས་གཉིས་ནི་མི་རྟོག་པར་རང་གི་ངང་གིས་འབྱུང་བའི་ཕྱིར་དང༌། བདེ་སྡུག་གཉིས་སོ་སོར་ཕན་གནོད་ལ་ལོངས་སྤྱོད་པ་དང་། ལུས་ཚོར་བརྟན་སེམས་ཚོར་མི་བརྟན་པས་སོ་སོར་བསྟན་ལ། འདི་ལ་དེ་ལྟ་བུའི་བྱེ་བྲག་མེད་པའི་ཕྱིར་རོ། །གཉིས་པ་ནི། །མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་དད་སོགས་དབང་པོ་ལྔ། ཡིད་དབང་། བདེ་བའི་དབང་པོ། ཡིད་བདེ་བའི་དབང་པོ། བཏང་སྙོམས་ཀྱི་དབང་པོ་སྟེ་དགུ། མཐོང་ལམ། ཟག་མེད་སྒོམ་ལམ། མི་སློབ་ལམ་ན་ཡོད་པ་རྣམས། རིམ་པ་བཞིན་མི་ཤེས་པ་ཀུན་ཤེས་པ།


DLL1003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཤེས་པ། ཀུན་ཤེས་པ་ལྡན་པའི་དབང་པོ་གསུམ་ཡིན་ནོ། །གསུམ་པ་ལ་བཞི། གྲོགས་ལ། རྒྱུ་འབྲས་ལ། ངོ་བོ་ལ། སྤང་བྱ་ལ་ལྟོས་པའི་རབ་དབྱེའོ། །དང་པོ་ནི། དབང་པོ་ཉེར་གཉིས་པོ་འདི་དག་ལ་ཟག་བཅས་ནི་དུ། ཟག་མེད་ནི་དུ་ཞེ་ན། དབང་པོ་ཐ་མ་གསུམ་ནི་དྲི་མ་མེད་པ་ཡིན་ཏེ། ལམ་བདེན་ཡིན་པའི་ཕྱིར། གཟུགས་ཅན་གྱི་དབང་པོ་བདུན་དང་སྲོག་དང་སྡུག་བསྔལ་དང་ཡིད་མི་བདེ་བའི་དབང་པོ་དག་ནི་ཆོས་ཅན། ཟག་པ་དང་བཅས་པ་ཡིན་ཏེ། ལམ་བདེན་མིན་པའི་འདུས་བྱས་ཡིན་པའི་ཕྱིར། ལྷག་མ་དགུ་ལ་ཟག་བཅས་ཟག་མེད་རྣམ་པ་གཉིས་ཡོད་པ་ཡིན་ཏེ། ལམ་བདེན་གྱི་ཚོགས་པ་ན་ཡོད་པ་ཟག་མེད་དང་། བདུས་བྱས་གཞན་རྣམས་ཟག་བཅས་ཡིན་པའི་ཕྱིར། གཉིས་པ་ནི། །སྲོག་ནི་རྣམ་སྨིན་སྲོག་གི་དབང་པོ་ནི་རྣམ་སྨིན་ཡིན་ཏེ། ངན་འགྲོ་ན་ཡོད་པ་མི་དགེ་བའི་ལས་ཀྱི་རྣམ་སྨིན། བདེ་འགྲོ་ན་ཡོད་པ་དགེ་བའི་ལས་ཀྱི་རྣམ་སྨིན་ཡིན་པའི་ཕྱིར། འོ་ན། དགྲ་བཅོམ་པ་སྐུ་ཚེའི་འདུ་བྱེད་གཏོང་འཇོག་བྱེད་བར་བཤད་པའི་སྲོག་གི་དབང་པོ་དེ་གང་གི་རྣམ་སྨིན་ཡིན་ཞེ་ན། ཁ་ཅིག་ན་རེ། བསྟན་བཅོས་ལས། དགེ་སློང་དགྲ་བཅོམ་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་ཞིག་གིས་དགེ་འདུན་དང་གང་ཟག་གང་ཡང་རུང་བ་ལ་ལྷུང་བཟེད་དང་ཆོས་གོས་སོགས་འཚོ་བའི་ཡོ་བྱད་ཕུལ་ནས་ཤེས་བཞིན་དུ་རབ་མཐའི་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས། དེ་ལས་ལངས་ནས་བདག་གི་ལོངས་སྤྱོད་ཀྱི་


DLL1003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྨིན་གང་ཡིན་པ་དེ་ཚེའི་རྣམ་སྨིན་དུ་གྱུར་ཅིག་སྙམ་དུ་ཡིད་ལ་སེམས་ཤིང་ངག་ཏུ་ཡང་བརྗོད་པས་ལོངས་སྤྱོད་ཀྱི་རྣམ་སྨིན་དེ་ཚེའི་རྣམ་སྨིན་དུ་འགྱུར་ཞེས་བཤད་པས། མཐོང་ཆོས་ཀྱི་ལས་ཀྱི་རྣམ་སྨིན་ཡིན་ཞེས་ཟེར། ཁ་ཅིག་ན་རེ། དགྲ་བཅོམ་པ་ཐམས་ཅད་ལ་སྐུ་ཚེའི་འདུ་བྱེད་གཏོང་འཇོག་བྱེད་པ་མེད་པས་སྔོན་ཀྱི་སོ་སྐྱེའི་གནས་སྐབས་སུ་ལས་ཀྱིས་ཚེ་ལོ་བརྒྱ་ཐུབ་པ་འཕངས་པ་བར་སྐབས་སུ་དུས་མ་ཡིན་པར་ཤི་ནས་སྲོག་གི་བར་ཆད་ནས་ཚེ་ལྷག་ལུས་པ་མཐོང་ནས་སྔར་གྱི་སྦྱོར་བའི་སྟོབས་ཀྱིས་ཚེ་འདི་ལ་འདྲེན་པར་བྱེད་པས་སྔོན་གྱི་ལས་ཀྱི་རྣམ་སྨིན་ཡིན་ཞེས་ཟེར་རོ། །བཙུན་པ་དབྱངས་སྒྲོགས་ན་རེ། ཚེ་སྲིང་བར་བྱེད་པའི་ཚེ་རབ་མཐའི་བསམ་གཏན་བཞི་པ་ལ་མཉམ་པར་བཞག་པའི་སྟོབས་དེ་ལྟར་ལུས་འདི་ལ་བསམ་གཏན་བཞི་པའི་སས་བསྡུས་ཀྱི་ཚེ་གནས་པ་དང་མཐུན་པའི་ལུས་ཀྱི་འབྱུང་བ་བསྐྱེད་ནས་ཚེ་སྲིང་བར་བྱེད་པའི་ཏིང་ངེ་འཛིན་གྱི་མཐུ་ལས་བྱུང་བ་ཡིན་གྱིས་ལས་ཀྱི་རྣམ་སྨིན་མ་ཡིན་ནོ། །འོན་ཀྱང་ཕལ་ཆེ་བ་ལ་དགོངས་ནས་སྲོག་རྣམ་སྨིན་དུ་བཤད་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་གང་གི་རྟེན་ལ་གཏོང་འཇོག་བྱེད་པ་ཡིན་ཞེ་ན། གླིང་གསུམ་གྱི་སྐྱེས་པ་བུད་མེད་ཀྱི་རྟེན་ལ་ཡིན་གྱི་གཞན་ལ་མ་ཡིན་ཏེ། གཞན་ལ་དེ་བྱེད་པའི་དགོས་པ་མི་འགྲུབ་པའི་ཕྱིར། གང་གིས་བྱེད་ན། བསམ་གཏན་བཞི་པ་སྒོམ་པའི་དུས་དང་མི་སྦྱོར་བའི་རྣམ་གྲོལ་བ་ཞིག་གིས་བྱེད་པ་ཡིན་ཏེ། ཉོན་མོངས་མེད་ཅིང་དབང་པོ་རྣོ་བས་ཏིང་ངེ་འཛིན་ལ་དབང་ཐོབ་པའི་ཕྱིར། གཏོང་འཇོག་གི་ཚུལ་ཇི་ལྟ་བུ་ཞེ་ན། འཇོག་ཚུལ་སྔར་བཤད་ལ། གཏོང་ཚུལ་ནི། དགེ་སློང་དགྲ་བཅོམ་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་ཞིག་གིས་དགེ་འདུན་ནམ་གང་ཟག་གང་ཡང་རུང་


DLL1003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ལྷུང་བཟེད་དམ་ཆོས་གོས་གང་ཡང་རུང་བ་ཕུལ་ནས་བསམས་བཞིན་དུ་རབ་མཐའི་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས། དེ་ལས་ལངས་ནས་བདག་གི་ཚེའི་རྣམ་སྨིན་དེ་ལོངས་སྤྱོད་ཀྱི་རྣམ་སྨིན་དུ་གྱུར་ཅིག་སྙམ་དུ་ཡིད་ལ་སེམས་ཤིང་ངག་ཏུ་ཡང་བརྗོད་དེ་གཏོང་བར་བྱེད་པ་ཡིན་ནོ། །གཏོང་འཇོག་གི་དགོས་པ་ནི། རང་ཉིད་ཚེ་འདིར་ཡུན་རིང་དུ་མི་གནས་པར་མཐོང་ཞིང་གནས་ན་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་མཐོང་ནས་འཇོག་པར་བྱེད་ཅིང་། རང་ཉིད་ཚེ་འདིར་ཡུན་རིང་དུ་གནས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་མ་མཐོང་ན་གཏོང་བར་བྱེད་པ་ཡིན་ནོ། །འོ་ན། སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་གཏོང་ཞེས་གསུངས་ན། སྲོག་དང་ཚེ་ལ་ཁྱད་པར་ཅི་ཡོད་ཅེ་ན། བྱེ་བྲག་སྨྲ་བ་ན་རེ། ཁྱད་པར་མེད་དེ། བསྟན་བཅོས་ལས། སྲོག་གང་ཞེ་ན། ཁམས་གསུམ་གྱི་ཚེའོ། །ཞེས་གསུངས་པའི་ཕྱིར་ཟེར། མདོ་སྡེ་པ་ན་རེ། སྲོག་ནི་ཚེ་འདིའི་ལས་ཀྱིས་འདུས་བྱས་པ་ཡིན་ལ། ཚེ་ནི་ཚེ་སྔ་མའི་ལས་ཀྱིས་འདུས་བྱས་པ་ཡིན་ཟེར་རོ། །འོ་ན། སྲོག་གི་འདུ་བྱེད་དག་ཅེས་མང་ཚིག་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། བྱེ་བྲག་སྨྲ་བ་ན་རེ། སྲོག་སྐད་ཅིག་མ་གཅིག་ལ་གཏོང་འཇོག་མི་ནུས་པས་སྲོག་གི་རྒྱུད་ལ་གཏོང་འཇོག་བྱེད་པ་ཤེས་པའི་ཆེད་ཡིན་ཟེར། མདོ་སྡེ་པ་ན་རེ། སྲོག་དེ་འདུ་བྱེད་ཀྱི་ཕུང་པོ་དུ་མ་དང་ལྡན་པ་ཤེས་པའི་ཆེད་ཡིན་ཏེ། དཔེར་ན། ཁམས་འོག་མ་གཉིས་ན་ཕུང་པོ་ལྔ་དང་། ཁམས་གོང་མ་ཕུང་པོ་བཞི་དང་ལྡན་པ་བཞིན་ནོ། །དེས་ན་སྲོག་རྫས་གཅིག་ཁོ་


DLL1003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ནར་ངེས་པ་མ་ཡིན་གྱི་འདུ་བྱེད་དུ་མ་དང་ལྡན་པ་ཤེས་པའི་ཆེད་ཡིན་ནོ། །དེ་ལྟ་མ་ཡིན་ན་སྲོག་དག་ཅེས་སྨོས་རིགས་ཀྱི། འདུ་བྱེད་དག་ཅེས་སྨོས་མི་རིགས་པར་འགྱུར་རོ་ཞེས་ཟེར། བྱེ་བྲག་ཏུ་སྟོན་པའི་སྐུ་ཚེའི་གཏོང་འཇོག་བྱེད་པའི་དགོས་པ་གང་ཞེ་ན། མདོ་སྡེ་པ་ན་རེ། འཆི་བ་ལ་མངའ་བརྙེས་པའི་ཕྱིར་དུ་སྐུ་ཚེའི་འདུ་བྱེད་གཏོང་བ་དང་། ཚེ་ལ་མངའ་བརྙེས་པའི་ཕྱིར་དུ་སྐུ་ཚེའི་འདུ་བྱེད་ཟླ་བ་གསུམ་གྱི་བར་དུ་བྱིན་གྱིས་རློབ་པར་མཛད་པ་ཡིན་ནོ། །དེ་བས་ལྷག་པ་ནི་མ་ཡིན་ཏེ། དེ་ཕྱིན་ཆད་སྐུ་དངོས་ཀྱི་གདུལ་བྱ་མེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་བསྒོམས་པས་ངས་བཞེད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་པར་བྱའོ། །ཞེས་གསུངས་པའི་དམ་བཅའ་མཐར་ཕྱིན་པར་མཛད་པའི་ཕྱིར་ཞེས་ཟེར་རོ། །བྱེ་བྲག་སྨྲ་བ་ན་རེ། བདུད་བཞི་པཅོམ་པར་ཤེས་པར་བྱ་བའི་ཆེད་ཡིན་ཏེ། དེ་ཡང་རྡོ་རྗེ་གདན་གྱི་སྤོ་ལ་ཐུན་དང་པོ་ལ་ལྷའི་བུའི་བདུད་བཅོམ། ཐུན་གསུམ་པ་ལ་ཉོན་མོངས་པའི་བདུད་བཅོམ། ཡངས་པ་ཅན་དུ་སྐུ་ཚེའི་འདུ་བྱེད་ཟླ་བ་གསུམ་གྱི་བར་དུ་བྱིན་གྱིས་བརླབས་ནས་འཆི་བདག་གི་བདུད་བཅོམ། གྱད་ཡུལ་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ནས་ཕུང་པོའི་བདུད་བཅོམ་པ་ཡིན་པའི་ཕྱིར། འོ་ན་གཞན་རྣམས་རྣམ་སྨིན་ཡིན་ནམ་མིན་ཞེ་ན། དབང་པོ་བཅུ་གཉིས་ལ་ནི་རྣམ་སྨིན་ཡིན་པ་དང་རྣམ་སྨིན་མིན་པ་གཉིས་ཀ་ཡོད་པ་ཡིན་ནོ། །བཅུ་གཉིས་པོ་གང་ཞེ་ན། དབང་པོ་ཐ་མ་བརྒྱད་དང་ཡིད་མི་བདེ་མ་གཏོགས་པ་རྣམས་སོ། །གཟུགས་ཅན་གྱི་དབང་པོ་བདུན་ལ་དེ་གཉིས་ཀ་ཡོད་དེ། རྣམ་སྨིན་དང་རྒྱས་


DLL1003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གཉིས་ཀ་ཡོད་པའི་ཕྱིར། ཚོར་བ་བཞི་དང་ཡིད་ཀྱི་དབང་པོ་ལ་དེ་གཉིས་ཀ་ཡོད་དེ། དགེ་མི་དགེ་ནི་རྣམ་སྨིན་མ་ཡིན་ལ་གཞན་ནི་རྣམ་སྨིན་ཡིན་པའི་ཕྱིར། དབང་པོ་ཐ་མ་བརྒྱད་མ་གཏོགས་ཏེ། དགེ་བར་ངེས་པའི་ཕྱིར། ཡིད་མི་བདེ་མ་གཏོགས་ཏེ། དགེ་མི་དགེ་གང་རུང་དུ་ངེས་པའི་ཕྱིར། ཡིད་དང་ཚོར་གཞན་དད་ལ་སོགས། །ཡིད་མི་བདེ་དེ་གཅིག་པུ་ནི་རྣམ་པར་སྨིན་པ་དང་བཅས་པ་ཡིན་ཏེ། དགེ་བ་ཟག་བཅས་དང་མི་དགེ་བ་གང་རུང་དུ་ངེས་པའི་ཕྱིར། ཡིད་དང་ཚོར་བ་གཞན་བཞི་དང་དད་པ་ལ་སོགས་པའི་དབང་པོ་བཅུ་ལ་དེ་གཉིས་ཀ་ཡོད་དེ། དད་སོགས་ཀྱི་དབང་པོ་དགེ་བ་ཟག་བཅས་ནི་རྣམ་པར་སྨིན་པ་དང་བཅས་པ་དང་ཟག་མེད་རྣམས་ནི་རྣམ་པར་སྨིན་པ་དང་བཅས་པ་མ་ཡིན་པའི་ཕྱིར་དང་། ཡིད་དང་ཚོར་བ་གཞན་བཞི་དགེ་བ་ཟག་བཅས་དང་མི་དགེ་བ་རྣམས་ནི་རྣམ་པར་སྨིན་བཅས་དང་། དེ་ལས་གཞན་ཟག་མེད་དང་ལུང་མ་བསྟན་རྣམ་པར་སྨིན་པ་དང་བཅས་པ་མིན་པའི་ཕྱིར་རོ། །གཟུགས་ཅན་གྱི་དབང་པོ་བདུན་དང་སྲོག་གི་དབང་པོ་ནི་རྣམ་སྨིན་དང་བཅས་པ་མ་ཡིན་ཏེ། ལུང་མ་བསྟན་ཡིན་པའི་ཕྱིར། གསུམ་པ་ནི། །དགེ་བ་བརྒྱད་ཡིད་མི་བདེ་བ། །རྣམ་གཉིས་ཡིད་དང་ཚོར་གཞན་ནི། །རྣམ་གསུམ་གཞན་ནི་རྣམ་པ་གཅིག དབང་པོ་ཐ་མ་བརྒྱད་ནི་དགེ་བ་ཡིན་ཏེ། ལུང་དུ་བསྟན་པ་གང་ཞིག །འབྲས་བུ་ཡིད་དུ་འོང་བ་འབྱིན་བྱེད་ཡིན་པའི་ཕྱིར། ཡིད་མི་བདེ་བ་ལ་དགེ་མི་དགེ་རྣམ་པ་གཉིས་ཀ་ཡོད་དེ། དགེ་བ་བྱས་པ་ལ་ཡིད་མི་བདེ་བ་མི་དགེ་བ་དང་། མི་དགེ་བ་བྱས་པ་ལ་ཡིད་མི་བདེ་བ་དགེ་བ་ཡིན་པའི་ཕྱིར། ཉི་འོག་པ་དང་མདོ་སྡེ་པ་ལྟར་ན། ལུང་མ་བསྟན་བྱས་པ་ལ་ཡིད་མི་བདེ་བ་ལུང་མ་བསྟན་དུ་འགྱུར་བས་ལུང་མ་བསྟན་ཡང་ཡོད་པ་ཡིན་ཞེས་ཟེར། ཡིད་དང་ཚོར་བ་


DLL1003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བཞི་ལ་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་ག་ཡོད་ལ། གཞན་གཟུགས་ཅན་བདུན་དང་སྲོག་སྟེ་བརྒྱད་ནི་ལུང་མ་བསྟན་གྱི་རྣམ་པ་གཅིག་པུ་ཡིན་ཏེ། དགེ་མི་དགེ་གང་ཡང་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། དབང་པོ་ཉེར་གཉིས་པོ་འདི་དག་ལས་འདོད་པར་གཏོགས་པ་ནི་དུ། གཟུགས་སུ་གཏོགས་པ་ནི་དུ། གཟུགས་མེད་དུ་གཏོགས་པ་ནི་དུ། ཁམས་སུ་མ་གཏོགས་པ་ནི་དུ་ཞེ་ན། དྲི་མ་མེད་པ་གསུམ་དང་དེའི་ཚོགས་པ་ན་ཡོད་པ་རྣམས་ནི་ཁམས་སུ་མ་གཏོགས་ཏེ། ཟག་མེད་ཡིན་པའི་ཕྱིར། དབང་པོ་གཞན་རྣམས་འདོད་པར་གཏོགས་ཏེ། འདོད་པའི་ཉོན་མོངས་རྒྱས་སུ་རུང་བ་ཡིན་པའི་ཕྱིར། དྲི་མེད་གསུམ་དང་ཕོ་མོའི་དབང་པོ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དག་མ་གཏོགས་པ་རྣམས་གཟུགས་སུ་གཏོགས་ཏེ། གཟུགས་ཀྱི་ཉོན་མོངས་རྒྱས་སུ་རུང་བའི་ཕྱིར། གཟུགས་ཁམས་ན་ཕོ་མོའི་དབང་པོ་མ་གཏོགས་ཏེ། དེ་ན་འཁྲིག་པ་ལ་འདོད་ཆགས་དང་བྲལ་ཞིང་། ཕོ་མོའི་དབང་པོ་དེ་རྟེན་མི་མཛེས་པ་ཡིན་པའི་ཕྱིར། གཟུགས་ན་སྡུག་བསྔལ་མེད་དེ། རྒྱུས་བྱས་པའི་སྡུག་བསྔལ་ཡང་མེད། རྐྱེན་གྱིས་བྱས་པའི་སྡུག་བསྔལ་ཡང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། མི་དགེ་བ་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། ལུས་འོད་ལྟར་དྭངས་པའི་ཕྱིར། དེ་ནི་ཡིད་མི་བདེ་མེད་དེ། རྒྱུས་བྱས་པའི་ཡིད་མི་བདེ་ཡང་མེད། རྐྱེན་གྱིས་བྱས་པའི་ཡིད་མི་ཡང་མེད་པའི་ཕྱིར་ཏེ། རིམ་བཞིན་ཁོང་ཁྲོ་སྤངས་པའི་ཕྱིར་དང་། བདག་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ། །བདག་གི་གཉེན་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ། །བདག་གི་དགྲ་བོ་ལ་ཕན་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་


DLL1003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀུན་ནས་མནར་སེམས་པའི་དངོས་པོ་དགུ་དང་བྲལ་བའི་ཕྱིར། དབང་པོ་དེ་དག་ཐམས་ཅད་བསམ་གཏན་དང་པོ་ན་ཡོད་ལ། བསམ་གཏན་གཉིས་པ་ན་བདེ་བའི་དབང་པོ་མེད། བསམ་གཏན་བཞི་པ་དང་དངོས་གཞི་ཁྱད་པར་ཅན་ན་བདེ་བ་དང་ཡིད་བདེ་བ་གཉིས་ཀ་མེད་དོ། །དེ་དག་གི་སྟེང་དུ་གཟུགས་ཅན་བདུན་དང་བདེ་བ་དང་འང་གི་སྒྲས་ཡིད་བདེ་བའི་དབང་པོ་མ་གཏོགས་པ་གཞན་བརྒྱད་ནི་གཟུགས་མེད་དུ་གཏོགས་ཏེ། གཟུགས་མེད་ཀྱི་ཉོན་མོངས་རྒྱས་སུ་རུང་བའི་ཕྱིར། བཞི་པ་ནི། །ཡིད་དང་ཚོར་བ་གསུམ་རྣམ་གསུམ། །གཉིས་ཀྱིས་སྤང་བྱ་ཡིད་མི་བདེ། །དགུ་ནི་སྒོམ་པས་ལྔ་པོ་ནི། །སྤང་བར་བྱ་མིན་ཡང་གསུམ་མིན། །ཡིད་དང་ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་ཀྱི་དབང་པོ་གསུམ་ལ་མཐོང་སྤང་དང་། སྒོམ་སྤང་དང་། སྤང་བྱ་མ་ཡིན་པ་རྣམ་པ་གསུམ་ག་ཡོད་དེ། མཐོང་སྤང་དང་མཚུངས་ལྡན་མཐོང་སྤང་དང་། དེ་ལས་གཞན་པའི་ཟག་བཅས་སྒོམ་སྤང་དང་། ཟག་མེད་སྤང་བྱ་མ་ཡིན་པའི་ཕྱིར། ཡིད་མི་བདེ་བ་མཐོང་ལམ་དང་སྒོམ་ལམ་གཉིས་ཀྱིས་སྤང་བྱ་ཡིན་ཏེ། མཐོང་སྤང་དང་མཚུངས་ལྡན་མཐོང་སྤང་དང་། སྒོམ་སྤང་དང་མཚུངས་ལྡན་སྒོམ་སྤང་ཡིན་པའི་ཕྱིར། གཟུགས་ཅན་བདུན་དང་སྲོག་དང་སྡུག་བསྔལ་གྱི་དབང་པོ་སྟེ་དགུ་ནི་སྒོམ་པས་སྤང་བྱ་ཡིན་ཏེ། སྤང་བྱ་གང་ཞིག །མཐོང་སྤང་མ་ཡིན་པའི་ཕྱིར། དད་སོགས་དབང་པོ་ལྔ་ཟག་མེད་ནི་སྤང་བར་བྱ་བ་མིན་ཏེ། ཟག་མེད་ཡིན་པའི་ཕྱིར། ཡང་ཞེས་པས་ཟག་བཅས་སྒོམ་སྤང་ཡིན་པར་བསྟན་ཏོ། །དབང་པོ་ཐ་མ་གསུམ་སྤང་བྱ་མ་ཡིན་ཏེ། ཟག་མེད་ཡིན་པའི་ཕྱིར། བཞི་པ་ལ། རྙེད་ཚུལ་དང་། གཏོང་ཚུལ་ལོ། །དང་པོ་ནི། སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བའི་ཚེ་རྣམ་སྨིན་གྱི་ངོ་བོར་གྱུར་པའི་


DLL1003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་དུ་གསར་དུ་རྙེད་ཅེ་ན། །འདོད་པར་དང་པོར་རྣམ་སྨིན་གཉིས། །རྙེད་དེ་བརྫུས་ཏེ་སྐྱེ་བས་མིན། །དེ་ཡིས་དྲུག་གམ་བདུན་ནམ་བརྒྱད། །གཟུགས་ན་དྲུག་གོ་གོང་མར་གཅིག འདོད་པར་དང་པོར་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བའི་ཚེ་རྣམ་སྨིན་གྱི་ངོ་བོར་གྱུར་པའི་དབང་པོ་གཉིས་གསར་དུ་རྙེད་དེ། ལུས་དང་སྲོག་གི་དབང་པོ་གཉིས་གསར་དུ་རྙེད་པའི་ཕྱིར་ཏེ། དེའི་ཚེ་མིག་དབང་སོགས་མེད་ལ། ཡིད་དང་བཏང་སྙོམས་ཀྱི་དབང་པོ་ཡོད་ཀྱང་རྣམ་སྨིན་མ་ཡིན་པའི་ཕྱིར་ཏེ། དེ་གཉིས་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཡིན་པའི་ཕྱིར། ཐམས་ཅད་དུ་ངེས་སམ་ཞེ་ན། རྫུས་ཏེ་སྐྱེ་བས་ནི་དེ་གཉིས་ཁོ་ན་རྙེད་པ་མིན་ནོ། །འོ་ན་གང་རྙེད་ཅེ་ན། རྫུ་ས་སྐྱེས་དེ་ཡིས་བསྐལ་པ་དང་པོའི་མི་བཞིན་དུ་མཚན་གཉིས་ཀ་མེད་ན་རྣམ་སྨིན་གྱི་ངོ་བོར་གྱུར་པའི་དབང་པོ་དྲུག་གསར་དུ་རྙེད་དེ། མིག་སོགས་དབང་པོ་ལྔ་སྲོག་གི་དབང་པོ་ཅིག་ཅར་དུ་རྙེད་པའི་ཕྱིར། མཚན་གང་རུང་དང་ལྡན་ན་བདུན་ནམ། གཉིས་ཀ་དང་ལྡན་ན་དེ་གཉིས་པསྣན་པས་བརྒྱད་རྙེད་དོ། །དེ་སྐྱེ་གནས་བཟང་ན་མཚན་གཉིས་པ་ཇི་ལྟར་ཡོད་ཅེ་ན། བདེ་འགྲོ་ན་མེད་ཀྱང་ངན་འགྲོ་ན་ཡོད་དོ། །གཟུགས་སུ་ཉིང་མཚམས་སྦྱོར་བའི་ཚེ་མིག་སོགས་ལྔ་དང་སྲོག་སྟེ་དྲུག་རྙེད་དོ། །གོང་མ་གཟུགས་མེད་དུ་རྣམ་སྨིན་གྱི་ངོ་བོར་གྱུར་པའི་དབང་པོ་གཅིག་གསར་དུ་རྙེད་དེ་སྲོག་གི་དབང་པོ་གཅིག་པུ་རྙེད་པའི་ཕྱིར། གཉིས་པ་ནི། །རྙེད་ཚུལ་དེ་ལྟར་ཡིན་ན་འཆི་བའི་ཚེ་དབང་པོ་དུ་གསར་དུ་འགག་པར་འགྱུར་ཞེ་ན། གཟུགས་མེད་དག་ཏུ་འཆི་བའི་ཚེ་ནི་དབང་པོ་གསུམ་ཅིག་ཅར་འགག་སྟེ། སྲོག་དང་ཡིད་དང་བཏང་སྙོམས་ཉིད་ཅིག་ཅར་འགག་པར་འགྱུར་པའི་ཕྱིར། གཟུགས་ན་བརྒྱད་འགག་སྟེ། སྔར་གྱི་དྲུག་གི་སྟེང་དུ་ཡིད་དང་བཏང་སྙོམས་བསྣན་པས་སོ། །འདོད་པར་མཚན་གཉིས་ཀ་


DLL1003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་བརྒྱད་པོ་དེའི་སྟེང་དུ་དེ་གཉིས་པསྣན་པས་བཅུའམ། གང་རུང་ལྡན་ན་བརྒྱད་པོ་དེའི་སྟེང་དུ་དེ་གཅིག་པོ་བསྣན་པས་དགུའམ། གཉིས་ཀ་མེད་ན་བརྒྱད་པོ་དེ་ཉིད་འགག་པར་འགྱུར་རོ། །དེ་ཡང་ཅིག་ཅར་འཆི་བའི་དབང་དུ་བྱས་ཀྱིས། རིམ་གྱིས་འཆི་བ་སྐྱེ་གནས་གཞན་གསུམ་པོ་དག་ལ་བཞི་གསར་དུ་འགག་སྟེ། ལུས་སྲོག་ཡིད་བཏང་སྙོམས་སོ། །མིག་སོགས་ནི་སྔར་འགགས་ཟིན་པས་འཆི་སྲིད་ཐ་མའི་ཚེ་འགག་པ་མིན་ནོ། །དེ་ཡང་ལུང་མ་བསྟན་དང་ཉོན་མོངས་ཅན་གྱིས་འཆི་སེམས་བྱས་པའི་དབང་དུ་བྱས་ཀྱིས། དགེ་བས་འཆི་སེམས་བྱས་པ་ལ་ཐམས་ཅད་དག་ཏུ་དད་སོགས་དབང་པོ་ལྔ་ལྔ་བསྣན་པས་གཟུགས་མེད་དུ་བརྒྱད་འགག་པར་འགྱུར་བ་སོགས་ཤེས་པར་བྱའོ། །དབང་པོའི་རྙེད་ཚུལ་འཆད་པའི་ཚེ་རྣམ་སྨིན་གྱི་ངོ་བོར་གྱུར་པའི་དབང་པོའི་རྙེད་ཚུལ་ཉིད་བཤད་ནས། གཏོང་ཚུལ་འཆད་པ་ན་རྣམ་སྨིན་གྱི་ངོ་བོར་གྱུར་མ་གྱུར་གཉིས་ཀ་གཏོང་ཚུལ་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་གཉིས་ཀ་ཕན་ཚུན་མཚོན་པའི་ཆེད་ཡིན་ནོ། །ལྔ་པ་ནི། དབང་པོའི་སྐབས་སུ་དབང་པོའི་ཁྱད་པར་གྱི་ཆོས་རྣམས་འཆད་པ་སྐབས་སུ་བབ་ལ། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡང་དབང་པོས་འཐོབ་པར་བཤད་པས་དེ་དབང་པོ་དུས་འཐོབ་ཅེ་ན། །འབྲས་བུ་ཐ་མ་གཉིས་དགུས་འཐོབ། །འབྲས་བུ་ཐ་མ་གཉིས་ནི་རྒྱུན་ཞུགས་དང་དགྲ་བཅོམ་པའི་འབྲས་བུ་ཡིན་ཏེ། འབྲས་བུའི་ཐོག་མཐའ་ཡིན་པའི་ཕྱིར། དེ་གཉིས་ནི་དབང་པོ་དགུས་འཐོབ་བོ། །ཇི་ལྟར་འཐོབ་ཅེ་ན། རྒྱུན་ཞུགས་ཀྱི་འབྲས་བུ་དབང་པོ་དགུས་འཐོབ་སྟེ། སེམས་ཀྱི་སྐད་ཅིག་བཅོ་ལྔ་པ་མི་ཤེས་པ་ཀུན་


DLL1003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་དབང་པོ་དང་། སྐད་ཅིག་བཅུ་དྲུག་པ་ཀུན་ཤེས་པའི་དབང་པོ་དང་། དེ་གཉིས་ཀྱི་ཚོགས་པ་ན་ཡོད་པའི་ཡིད་དང་དད་སོགས་དབང་པོ་ལྔ་དང་། འདི་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ཡིན་པས། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་བཏང་སྙོམས་ཀྱི་དབང་པོས་འཐོབ་པའི་ཕྱིར། རྟགས་གྲུབ་སྟེ། དང་པོ་དེས་མཐོང་སྤང་སྤངས་པའི་བྲལ་ཐོབ་འདྲེན་པའི་ཕྱིར་དང་། གཉིས་པ་དེས་མཐོང་སྤང་སྤངས་པའི་བྲལ་ཐོབ་ཀྱི་རྟེན་བྱེད་པའི་ཕྱིར། དཔེ་རིམ་བཞིན། རྐུན་པོ་ཕྱིར་ཕྱུང་བ་དང་། སྒོ་འཕང་བཅད་པ་བཞིན་ནོ། །གཉིས་པ་དེས་རྒྱུན་ཞུགས་ཀྱི་འབྲས་བུ་འཐོབ་པ་མིན་པར་ཐལ། དེའི་དུས་ན་དེ་ཐོབ་ཟིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། བྲལ་ཐོབ་ཀྱི་རྟེན་བྱེད་པས་འཐོབ་པར་བཤད་པ་ཙམ་ཡིན་པའི་ཕྱིར། དགྲ་བཅོམ་གྱི་འབྲས་བུ་ཡང་དབང་པོ་དགུས་འཐོབ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པའི་སྒོམ་ལམ་ཀུན་ཤེས་པའི་དབང་པོ་དང་། མི་སློབ་ལམ་ཟད་པ་ཤེས་པས་བསྡུས་པའི་ཀུན་ཤེས་ལྡན་པའི་དབང་པོ་དང་། དེ་གཉིས་ཀྱི་ཚོགས་པ་ན་ཡོད་པའི་ཡིད་དང་དད་སོགས་ལྔ་དང་། ཚོར་བ་བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་གང་རུང་གིས་འཐོབ་པའི་ཕྱིར། དེ་ཡང་བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞི་ལ་བརྟེན་ན་ཡིད་བདེ་དང་། གསུམ་པའི་དངོས་གཞི་ལ་བརྟེན་ན་བདེ་བ་དང་། ཟག་མེད་ཀྱིས་གཞན་ལ་བརྟེན་ན་བཏང་སྙོམས་ཀྱི་དབང་པོས་འཐོབ་བོ། །རྟགས་གྲུབ་སྟེ། དང་པོ་དེས་སྒོམ་སྤང་མ་ལུས་པར་སྤངས་པའི་བྲལ་ཐོབ་འདྲེན་པའི་ཕྱིར་དང་། གཉིས་པ་དེས་སྒོམ་སྤང་མ་ལུས་པར་སྤངས་པའི་བྲལ་ཐོབ་འཛིན་པའི་ཕྱིར། དཔེ་


DLL1003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ལྟར་རོ། །གཉིས་ནི་བདུན་དང་བརྒྱད་དང་དགུས། །འབྲས་བུ་བར་པ་གཉིས་ནི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ཡིན་ལ། དེ་གཉིས་ནི་དབང་པོ་བདུན་དང་བརྒྱད་དང་དགུས་འཐོབ་པ་ཡོད་དོ། །དང་པོ་དེ་དབང་པོ་བདུན་གྱིས་འཐོབ་པ་ཡོད་དེ། མཐར་གྱིས་པའི་ཕྱིར་འོང་དབང་པོ་རྣོ་རྟུལ་གང་ཡིན་ཡང་རུང་སྔོན་ཞི་གནས་ཤས་ཆེར་སྤྱད་པ་ཡིན་ན་འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་འཐོབ་པ་ཡིན་པས། དད་སོགས་ལྔ་ཡིད་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་བཏང་སྙོམས་ཀྱི་དབང་པོས་འཐོབ་པའི་ཕྱིར། དེ་དབང་པོ་བརྒྱད་ཀྱིས་འཐོབ་པ་ཡོད་དེ། མཐར་གྱིས་པའི་ཕྱིར་འོང་དབང་པོ་རྣོ་རྟུལ་གང་ཡིན་ཡང་སྔོན་ལྷག་མཐོང་ཤས་ཆེར་སྤྱད་པ་ཡིན་ན། འཇིག་རྟེན་ལས་འདས་པའི་ལམ་བདེན་པའི་རྣམ་པ་ཅན་ལ་དགའ་བས་ཀུན་ཤེས་པའི་དབང་པོ་དང་སྔར་གྱི་དབང་པོ་བདུན་གྱིས་འཐོབ་པའི་ཕྱིར། དེ་དབང་པོ་དགུས་འཐོབ་པ་ཡོད་དེ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གི་འབྲས་བུ་དེ་དབང་པོ་དགུས་འཐོབ་པའི་ཕྱིར། དབང་པོ་དགུ་ནི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བྱེད་ཀྱི་དབང་པོ་དགུ་པོ་དེ་ཉིད་ཡིན་ནོ། །ཁྱད་པར་ནི་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པོ་སྤངས་མ་སྤངས་ཀྱི་ཁྱད་པར་རོ། །ཕྱིར་མི་འོང་གི་འབྲས་བུ་དབང་པོ་བདུན་གྱིས་འཐོབ་པ་ཡོད་དེ། མཐར་གྱིས་པའི་ཕྱིར་མི་འོང་དབང་རྟུལ་འཇིག་རྟེན་པའི་ལམ་གྱིས་ཕྱིར་མི་འོང་གི་འབྲས་བུ་ཐོབ་པར་བྱེད་པའི་ཚེ་དད་སོགས་ལྔ་ཡིད་བཏང་སྙོམས་ཀྱི་དབང་པོས་འཐོབ་པའི་ཕྱིར། དེ་དབང་པོ་བརྒྱད་ཀྱིས་འཐོབ་པ་ཡོད་དེ། མཐར་གྱིས་པའི་ཕྱིར་མི་འོང་དབང་རྟུལ་


DLL1003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པའི་ལམ་གྱིས་ཕྱིར་མི་འོང་གི་འབྲས་བུ་ཐོབ་པར་བྱེད་པའི་ཚེ་སྔར་གྱི་བདུན་དང་ཀུན་ཤེས་པའི་དབང་པོས་འཐོབ་པའི་ཕྱིར། དེ་དབང་པོ་དགུས་འཐོབ་པ་ཡོད་དེ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བྱེད་ཀྱི་དབང་པོ་དགུ་པོ་དེས་འཐོབ་པའི་ཕྱིར། འོན་ཀྱང་ཁྱད་པར་ནི་བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞི་ལ་བརྟེན་ན་ཡིད་བདེ་དང་། གསུམ་པའི་དངོས་གཞི་ལ་བརྟེན་ན་བདེ་བ་དང་། བཞི་པའི་དངོས་གཞི་བརྟེན་ན་བཏང་སྙོམས་ཀྱི་དབང་པོས་འཐོབ་པའི་ཕྱིར་རོ། །ཡང་ན་མཐར་གྱིས་པའི་ཕྱིར་མི་འོང་དབང་པོ་རྣོན་པོ་སྔོན་ཞི་གནས་ཤས་ཆེར་སྤྱད་པ་ཡིན་ན། འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་ལ་དགའ་བས་ཡིད་དད་སོགས་ལྔ་བཏང་སྙོམས་ཡིད་བདེ་དང་བརྒྱད་ཀྱིས་འཐོབ་བོ། །དེ་དབང་པོ་རྣོན་པོ་སྔོན་ལྷག་མཐོང་ཤས་ཆེར་སྤྱོད་པ་ཡིན་ན། འཇིག་རྟེན་ལས་འདས་པའི་ལམ་བདེན་པའི་རྣམ་པ་ཅན་ལ་དགའ་བས་སྔར་གྱི་དབང་པོ་བརྒྱད་པོ་དེའི་སྟེང་དུ་ཀུན་ཤེས་པའི་དབང་པོ་བསྣན་པས་དགུས་འཐོབ་བོ། །དགྲ་བཅོམ་པའི་འབྲས་བུ་དབང་པོ་དགུས་འཐོབ་ན་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས། དགྲ་བཅོམ་པའི་འབྲས་བུ་དབང་པོ་དུ་ཞིག་གིས་འཐོབ་ཅེ་ན། སྨྲས་པ་དབང་པོ་བཅུ་གཅིག་དག་གིས་འཐོབ་བོ། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དགུས་འཐོབ་པར་བཤད་པ་འཐོབ་ཐེབས་གཅིག་གི་དབང་དུ་བྱས་པ་ཡིན་ལ། དབང་པོ་བཅུ་གཅིག་དག་གིས་དགྲ་བཅོམ་པའི་འབྲས་བུ་འཐོབ་པར་བཤད་པ་ནི། །བཅུ་གཅིག་དག་གིས་དགྲ་བཅོམ་ཉིད། །འགའ་ཞིག་སྲིད་ཕྱིར་བཤད་པ་ཡིན། །དགྲ་བཅོམ་པ་དབང་རྟུལ་འགའ་ཞིག་ཡང་དང་


DLL1003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དུ་ཉམས་ནས་སོར་ཆུད་པའི་ཚེ་དབང་པོ་བཅུ་གཅིག་གིས་འཐོབ་སྲིད་པ་ལ་དགོངས་ནས་བཤད་པ་ཡིན་པའི་ཕྱིར་རོ། །དེའི་ཚེ་ན་དབང་པོ་བཅུ་གཅིག་གིས་འཐོབ་པ་སྲིད་དེ། དང་པོར་བསམ་གཏན་བཞི་པའི་ཚོར་བ་བཏང་སྙོམས་དང་བཅས་པའི་དབང་པོ་དགུས་འཐོབ་ལ། བསམ་གཏན་བཞི་པ་ཡན་ཆད་ལས་ཉམས་ནས་བསམ་གཏན་གསུམ་པའི་དངོས་གཞི་ལ་བརྟེན་ན་བདེ་བ་དང་། བསམ་གཏན་གསུམ་པ་ཡན་ཆད་ལས་ཉམས་ནས་བསམ་གཏན་གཉིས་པའི་དངོས་གཞི་ལ་བརྟེན་ན་ཡིད་བདེས་འཐོབ་པའི་ཕྱིར། དགྲ་བཅོམ་པ་ལན་དུ་མར་ཉམས་ཀྱང་དེ་ལས་དབང་པོ་མང་བས་མི་འཐོབ་སྟེ། བཅུ་གཅིག་པོ་དེ་ལས་གཞན་པའི་དགྲ་བཅོམ་པ་ཐོབ་བྱེད་ཀྱི་དབང་པོ་མེད་པའི་ཕྱིར། འོ་ན་ཕྱིར་མི་འོང་གི་འབྲས་བུ་ཡང་དབང་པོ་བཅུ་གཅིག་གིས་འཐོབ་པར་ཐལ། དེ་ཉམས་པ་སྲིད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཆགས་བྲལ་སྔོན་སོང་ཉམས་པ་མི་སྲིད། མཐར་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་ཚོར་བ་བདེ་བས་འཐོབ་པ་མི་སྲིད་པའི་ཕྱིར། ཕྱིར་མི་འོང་གི་འབྲས་བུ་དབང་པོ་བཅུས་འཐོབ་པ་སྲིད་པར་ཐལ། བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ནས་དངོས་གཞིའི་དུས་སུ་ཚོར་བ་སྤོ་ནུས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དངོས་གཞི་མཐོང་བ་ལ་གུས་པ་ཡིན་གྱི་ཚོར་བ་བདེ་བ་མཐོང་བ་ལ་གུས་པ་མིན་པའི་ཕྱིར་ཏེ། སྔར་ནས་ཚོར་བ་བདེ་བ་ཐོབ་ཟིན་པའི་ཕྱིར། དྲུག་པ་ལ། ངེས་ལྡན་དང་། སྲིད་ལྡན་གཉིས། དང་པོ་ནི། དབང་པོ་གང་དང་ལྡན་པ་ལ་དུ་དང་ངེས་པར་ལྡན་ཞེ་ན། བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །བདེ་ལུས་ལྡན་ལ་བཞི་དག་དང་། །བཏང་སྙོམས་དང་ནི་སྲོག་དང་ནི་ཡིད་གསུམ་


DLL1003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་དང་ལྡན་པ་ལ་ངེས་པར་གསུམ་དང་ལྡན་ཏེ། གསུམ་པོ་དེ་འབྲལ་མི་ཤེས་པའི་ཕྱིར། སྲོག་དང་ལྡན་པ་ལ་མིག་སོགས་བཞི་དང་ལྡན་པའི་ངེས་པ་མེད་དེ། འདོད་པར་མིག་སོགས་བཞི་མ་ཐོབ་པ་དང་ཐོབ་པ་ལས་ཉམས་པ་ལྟ་བུའོ། །ལུས་དང་ལྡན་པའི་ངེས་པ་མེད་དེ། གཟུགས་མེད་དུ་སྐྱེ་བ་བཞིན། ཕོ་མོའི་དབང་པོ་དང་སྡུག་བསྔལ་དང་ཡིད་མི་བདེ་དང་ལྡན་པའི་ངེས་པ་མེད་དེ། གཟུགས་ཁམས་སུ་སྐྱེས་པ་བཞིན། བདེ་བ་དང་ལྡན་པའི་ངེས་པ་མེད་དེ། བསམ་གཏན་བཞི་པར་སྐྱེས་པའི་སོ་སྐྱེ་བཞིན། ཡིད་བདེ་དང་ལྡན་པའི་ངེས་པ་མེད་དེ། བསམ་གཏན་གསུམ་པར་སྐྱེས་པའི་སོ་སྐྱེ་བཞིན། དད་སོགས་ལྔ་དང་ལྡན་པའི་ངེས་པ་མེད་དེ། དགེ་རྩ་ཆད་པའི་གང་ཟག་བཞིན། ཐ་མ་གསུམ་དང་ལྡན་པའི་ངེས་པ་མེད་དེ། སོ་སྐྱེ་བཞིན། །མིག་སོགས་ལྡན་ལ་ལྔ་དང་ལྡན། །ཡིད་བདེ་ལྡན་ཡང་བདེ་བ་དང་ལྡན་ན་བཞི་དང་ངེས་པར་ལྡན་ཏེ། ཀུན་འགྲོ་གསུམ་པོ་དེའི་སྟེང་དུ་རང་ཉིད་བསྣན་པས་སོ། །བདེ་ལྡན་ལ་ལུས་དང་ངེས་ལྡན་ཡིན་པས་མ་ཁྱབ་སྟེ། གཟུགས་མེད་དུ་སྐྱེས་པའི་འཕགས་པ་བཞིན། བདེ་ལྡན་ལ་ཡིད་བདེ་དང་ལྡན་པར་མ་ངེས་ཏེ། གསམ་གཏན་གསུམ་པར་སྐྱེས་པའི་སོ་སྐྱེ་བཞིན། ལུས་ལྡན་ལ་བཞི་དག་དང་ངེས་པར་ལྡན་ཏེ། གསུམ་པོ་དེ་དང་རང་ཉིད་བསྣན་པས་སོ། །མིག་སོགས་དང་ལྡན་པ་ལ་ལྔ་དང་ངེས་པར་ལྡན་ཏེ། ལུས་ལྡན་བཞིའི་སྟེང་དུ་རང་ཉིད་བསྣན་པས་སོ། །ཡིད་བདེ་ལྡན་ཡང་ལྔ་དང་ངེས་པར་ལྡན་ཏེ། བདེ་ལྡན་བཞིའི་སྟེང་དུ་རང་ཉིད་བསྣན་པས་སོ། །འོ་ན་བསམ་གཏན་གསུམ་པར་སྐྱེས་པའི་སོ་སྐྱེ་བདེ་བ་དང་ཇི་ལྟར་ལྡན་ཞེ་ན། ལྡན་ཏེ། བསམ་གཏན་


DLL1003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའི་སས་བསྡུས་ཀྱི་བདེ་བ་ཉོན་མོངས་ཅན་དང་ལྡན་པའི་ཕྱིར། སྡུག་བསྔལ་ལྡན་ལ་བདུན་དང་ངེས་པར་ལྡན་ཏེ། ཡིད་མི་བདེ་མ་གཏོགས་པའི་ཚོར་བ་བཞི་ལུས་སྲོག་ཡིད་དང་ལྡན་པས་སོ། །ཡིད་མི་བདེ་དང་ལྡན་པར་མ་ངེས་ཏེ། འདོད་པ་ལ་འདོད་ཆགས་དང་བྲལ་བའི་འདོད་པའི་གང་ཟག་བཞིན། མོའི་དབང་པོ་དང་ཕོའི་དབང་པོ་དང་ལྡན་པ་ལ་བརྒྱད་དང་ལྡན་པས་ཁྱབ་སྟེ། སྡུག་བསྔལ་ལྡན་བདུན་པོའི་སྟེང་དུ་རང་རང་བསྣན་པས་སོ། །སོགས་པ་དད་སོགས་ལྔ་དང་ལྡན་པ་ལའང་བརྒྱད་དང་ལྡན་པར་ངེས་ཏེ། ཀུན་འགྲོ་གསུམ་གྱི་སྟེང་དུ་རང་ཉིད་བསྣན་པས་སོ། །ཀུན་ཤེས་དང་ཀུན་ཤེས་ལྡན་པའི་དབང་པོ་དང་ལྡན་པ་ལ་བཅུ་གཅིག་དང་ངེས་པར་ལྡན་ཏེ། གདགས་གཞི་དགུའི་སྟེང་དུ་སྲོག་དང་རང་རང་བསྣན་པས་སོ། །མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་ལྡན་པ་ལ་དབང་པོ་བཅུ་གསུམ་དག་དང་ངེས་པར་ལྡན་པས་ཁྱབ་སྟེ། གདགས་གཞི་དགུའི་སྟེང་དུ་སྲོག་དང་ལུས་དང་སྡུག་བསྔལ་དང་རང་བསྣན་པས་སོ། །གཉིས་པ་ནི། ནང་གི་དབང་པོ་ཉུང་བ་དང་ལྡན་པ་ལ་དུ་དང་ལྡན་པ་སྲིད་ཅེ་ན། དགེ་རྩ་ཆད་ནས་མེད་པའི་ནང་གི་དབང་པོ་ཉུང་བ་དང་ལྡན་པ་ལ་དབང་པོ་བརྒྱད་དང་ལྡན་པ་སྲིད་དེ། ཚོར་བ་ལྔ་ལུས་སྲོག་ཡིད་ཀྱི་དབང་པོ་དང་ལྡན་པ་སྲིད་པའི་ཕྱིར། གཟུགས་མེད་དུ་སྐྱེས་པའི་བྱིས་པའང་དེ་བཞིན་དུ་བརྒྱད་དང་ལྡན་པ་སྲིད་དེ། བཏང་སྙོམས་སྲོག་ཡིད་དགེ་བ་དད་སོགས་ལྔ་པོ་རྣམས་དང་ལྡན་པ་སྲིད་པའི་ཕྱིར། དབང་པོ་མང་བ་དང་ལྡན་པ་ལ་དུ་དང་ལྡན་པ་སྲིད་


DLL1003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཅེ་ན། །མང་པོར་ལྡན་ལ་བཅུ་དགུ་སྟེ། །དྲི་མ་མེད་རྣམས་མ་གཏོགས་སོ། །མཚན་གཉིས་འཕགས་པ་ཆགས་བཅས་ཏེ། །མཚན་གཅིག་དྲི་མེད་གཉིས་མ་གཏོགས། །དབང་པོ་མང་པོར་ལྡན་པ་ལ་དབང་པོ་བཅུ་དགུ་དང་ལྡན་པ་ཡོད་དེ། གང་མ་གཏོགས་ན་དྲི་མ་མེད་པ་གསུམ་པོ་རྣམས་མ་གཏོགས་སོ། །གང་ཟག་གང་ལ་ལྡན་ཞེ་ན། མཚན་གཉིས་པ་དགེ་རྩ་མ་ཆད་པ་དབང་པོ་ཀུན་ཚང་བ་ཞིག་ལའོ། །དེར་མ་ཟད་འཕགས་པ་ཆགས་བཅས་ལའང་ལྡན་ནོ། །གང་མ་གཏོགས་ན། ཕོ་མོའི་མཚན་གང་རུང་གཅིག་དང་དྲི་མ་མེད་པ་གཉིས་མ་གཏོགས་སོ། །དེ་ཡང་ཐོང་ལམ་པ་ཡིན་ན་དྲི་མེད་ཕྱི་མ་གཉིས་མ་གཏོགས། སྒོམ་ལམ་པ་ཆགས་བཅས་ཡིན་ན་དྲི་མེད་ཐོག་མཐའ་གཉིས་མ་གཏོགས་སོ། །གཉིས་པ་འདུས་བྱས་ཀྱི་ཆོས་ཀྱི་སྐྱེ་ཚུལ་ལ། དངོས་དང་། ཞར་ལ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པའོ། །དང་པོ་ལ། གཟུགས་ཅན་གྱི་སྐྱེ་ཚུལ་དང་། གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལོ། །དང་པོ་ནི། འདུས་བྱས་རྣམས་མཚན་ཉིད་ཐ་དད་པ་བཞིན་དུ་ཐ་དད་པ་ཁོ་ནར་སྐྱེའམ། ངེས་པར་ལྷན་ཅིག་ཏུ་སྐྱེ་བ་ཡོད་ཅེ་ན། ལྷན་ཅིག་ཏུ་སྐྱེ་བ་ཡོད་དེ། སྤྱིར་ཆོས་རྣམས་གཞི་ལྔས་བསྡུས་ཏེ། གཟུགས་དང་སེམས་དང་སེམས་བྱུང་དང་ལྡན་མིན་འདུ་བྱེད་དང་འདུས་མ་བྱས་ཀྱི་གཞིས་བསྡུས་པའི་ཕྱིར། འདུས་མ་བྱས་ལ་སྐྱེ་བ་མེད་པས་ཆོས་གང་དང་ཡང་ལྷན་ཅིག་ཏུ་སྐྱེ་བ་མེད་ལ་གཞན་རྣམས་ཀྱི་སྐྱེ་ཚུལ་ལ། གཟུགས་ཅན་གྱི་སྐྱེ་ཚུལ་དང་། གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་གཉིས་སུ་ངེས་པས། དང་པོ་ལ། རྩ་བ། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ལུས་དབང་ལྡན་ལ་རྫས་དགུ་སྟེ། །དབང་པོ་གཞན་ལྡན་རྫས་བཅུའོ། །འདོད་ཁམས་ན་དབང་པོའི་རྡུལ་མེད་པ་དང་སྒའི་རྡུལ་མེད་པའི་རྡུལ་ཕྲ་རབ་བསགས་པའི་གོང་བུ་ཆུང་ཤོས་གཅིག་ཀྱང་རྡུལ་རྫས་བརྒྱད་དང་ལྷན་ཅིག་སྐྱེ་སྟེ། འབྱུང་བ་བཞི་དང་གཟུགས་དྲི་རོ་རེག་རྣམས་དང་


DLL1003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེ་བའི་ཕྱིར། ལུས་དབང་དང་ལྡན་པ་ལ་དེ་དང་རྫས་དགུ་ལྷན་ཅིག་སྐྱེ། མིག་སོགས་དབང་པོ་གཞན་དང་ལྡན་པ་ལ་དེ་དང་རྫས་བཅུ་ལྷན་ཅིག་སྐྱེ། སྒྲ་དང་ལྡན་ན་དེ་དང་རྫས་བཅུ་གཅིག་ལྷན་ཅིག་སྐྱེ། གཟུགས་ཁམས་ན་དྲི་རོ་གཉིས་མེད་པས། གཟུགས་ན་དབང་པོ་མེད་པ་དང་། སྒྲ་མེད་ཕྲ་རབ་རྡུལ་རྫས་དྲུག །ལུས་དབང་ལྡན་ལ་རྫས་བདུན་ནོ། །དབང་པོ་གཞན་ལྡན་རྫས་བརྒྱད་དོ། །ཞེས་བཤད་པར་བྱའོ། །ཁོ་ན་རེ། འོ་ན་རྡུལ་ཕྲ་རབ་བསགས་པའི་གོང་བུ་ཆུང་བ་གཅིག་ལ་ཡང་འབྱུང་བ་བཞི་འབྲལ་མི་ཤེས་ན། གོང་བུ་ཁ་ཅིག་སྲ་བར་དམིགས་པ་དང་། ཁ་ཅིག་གཤེར་བར་དམིགས་པ་གང་ཡིན་ཞེ་ན། བྱེ་བྲག་སྨྲ་བ་ན་རེ། འགྱུར་བ་བཞིའི་ངོ་བོའི་སྒོ་ནས་ཡིན་ཏེ། དཔེར་ན། ཕྱེ་དང་ལན་ཚྭ་བསྲེས་པའི་རོ་བཞིན། ཡང་ན་འབྱུང་བ་བཞིའི་བྱེད་ལས་ཡོད་པས་རེས་འགའ་མངོན་གྱུར་དུ་འབྱུང་བའི་ཕྱིར་ན། ཁ་ཅིག་གཤེར་བ་དང་། ཁ་ཅིག་སྲ་བར་དམིགས་པ་ཡིན་ཟེར། མདོ་སྡེ་པ་ན་རེ། འབྱུང་བ་བཞིའི་ས་བོན་ཡོད་པས་ཡིན་གྱི་ངོ་བོའི་སྒོ་ནས་མ་ཡིན་པའི་ཕྱིར་ན་གཤེར་བ་དང་སྲ་བར་དམིགས་པ་འཐད་ཟེར། རྡུལ་ཕྲ་རབ་བསགས་པའི་གོང་བུ་ཆུང་བ་གཅིག་ཀྱང་རྫས་བརྒྱད་དང་ལྷན་ཅིག་སྐྱེ་ན། རྫས་དེ་རྡུལ་གྱི་རྫས་ལ་རྫས་སུ་བྱས་པ་དེ་གཟུང་བར་བྱའམ། སྐྱེ་མཆེད་ཀྱི་རྫས་ལ་རྫས་སུ་བྱས་པ་གཟུང་བ་ཡིན། དང་པོ་ལྟར་ན་གྲངས་ཉུང་བར་འགྱུར་ཏེ། དབྱིབས་ཀྱི་རྫས་ཀྱང་ཡོད་པའི་ཕྱིར། གཉིས་པ་ལྟར་ན་གྲངས་མང་བར་འགྱུར་ཏེ། འབྱུང་བཞི་རེག་བྱའི་སྐྱེ་མཆེད་ཀྱི་ནང་དུ་འདུས་


DLL1003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཞེ་ན། སྐྱོན་མེད་དེ། འབྱུང་བཞི་རྡུལ་གྱི་རྫས་སུ་བཟུང་། འབྱུང་གྱུར་བཞི་སྐྱེ་མཆེད་ཀྱི་རྫས་སུ་བཟུང་བའི་ཕྱིར། དེ་ལྟ་ཡིན་ཡང་འབྱུང་བ་མང་པོ་ཡོད་པ་དེའི་རིགས་ལས་མ་འདས་པས། གྲངས་མང་བར་ཐལ་བའི་སྐྱོན་མེད་དོ། གཉིས་པ་ལ། བསྟན་བཤད་གཉིས། དང་པོ་ནི། གཟུགས་ཅན་གྱི་སྐྱེ་ཚུལ་དེ་ལྟར་ཡིན་ན་གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ཇི་ལྟར་ཡིན་ཞེ་ན། །སེམས་དང་སེམས་བྱུང་ངེས་ལྷན་ཅིག།། སེམས་དང་སེམས་བྱུང་ངེས་པར་ལྷན་ཅིག་སྐྱེ་སྟེ། དེ་གཉིས་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ཏེ། མདོ་ལས། སེམས་ལས་བྱུང་བ་མེད་པར་ནི། །སེམས་ནི་ནམ་ཡང་མི་འབྱུང་སྟེ། །ཉི་མ་དང་ནི་འོད་ཟེར་བཞིན། །དེས་ན་དེ་དག་ལྷན་ཅིག་འབྱུང་། །ཞེས་གསུངས་པའི་ཕྱིར། །ཐམས་ཅད་འདུས་བྱས་མཚན་ཉིད་དང་། །ཐོབ་པའམ་སྐྱེ་བ་ཐམས་ཅད་ཀྱང་རང་འདུས་བྱས་དུ་བྱས་སུ་མཚོན་པའི་མཚན་ཉིད་བཞི་དང་ལྷན་ཅིག་འབྱུང་བ་དང་། ཐོབ་བྱའི་ཆོས་རྒྱུད་དུ་གཏོགས་པ་དག་ནི་རང་དང་དུས་མཉམ་པའི་ཐོབ་པ་དག་དང་ལྷན་ཅིག་ཏུ་སྐྱེའི། རང་གི་ཐོབ་པ་ཡིན་ན་ཐོབ་བྱའི་ཆོས་དང་ལྷན་ཅིག་ཏུ་སྐྱེ་བས་མ་ཁྱབ་སྟེ།ཐོབ་བྱའི་ཆོས་འདས་པ་ལྟ་བུ་ལའང་རང་གི་ཐོབ་པ་རང་དུས་ན་འདས་པ་སོགས་གསུམ་ཡོད་པའི་ཕྱིར་ཏེ། དུས་གསུམ་པ་ཡི་རྣམ་པ་གསུམ། ཞེས་གསུངས་པའི་ཕྱིར། འམ་ཞེས་པས་ཐོབ་བྱའི་ཆོས་རྒྱུད་དུ་མ་གཏོགས་པ་རྣམས་ནི་ཐོབ་པ་དང་ལྷན་ཅིག་སྐྱེ་བ་མ་ཡིན་པར་བསྟན་ཏེ། ཐོབ་བྱའི་ཆོས་རྒྱུད་དུ་མ་གཏོགས་པ་ཕལ་ཆེ་བ་ལ་ཐོབ་པ་མེད་པས་སོ། །འགོག་པ་གཉིས་ལ་ནི་ཐོབ་པ་ཡོད་ཀྱང་དེ་གཉིས་ལ་སྐྱེ་བ་མེད་པས་མ་སྨོས་སོ། །མཚུངས་ལྡན་གྱི་སྐྱེ་ཚུལ་བཤད་པ། གཉིས་པ་ལ། མཚུངས་ལྡན་གྱི་སྐྱེ་ཚུལ། མཚུངས་ལྡན་མ་ཡིན་


DLL1003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེ་ཚུལ་ལོ། །དང་པོ་ལ། སྡེ་ཚན་དུ་ངེས་པའི་རབ་དབྱེ། མ་ངེས་པ་དང་བཅས་པའི་མཚུངས་ལྡན། འདྲ་བ་ལྟ་བུའི་ཁྱད་པར། ཐ་དད་ལྟ་བུའི་གཅིག་པའོ། །དང་པོ་ལ། བསྟན་བཤད་གཉིས། དང་པོ་ནི། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཅེས་གཤད་ན་སེམས་འབྱུང་དེ་ལ་དུ་ཡོད་ཅེ་ན། སྡེ་ཚན་དུ་ངེས་པའི་སེམས་བྱུང་རྣམ་པ་ལྔ་ཡོད་དེ། སེམས་ཀྱི་ས་མང་པོ་བ་དང་། ལ་སོགས་པ་དགེ་བའི་ས་མང་པོ་པ་དང་། ཉོན་མོངས་ཆེན་པོའི་ས་མང་པོ་བ་དང་། མི་དགེ་བའི་ས་མང་པོ་པ་དང་། ཉོང་མོངས་ཆུང་ངུའི་ས་མང་པོ་ལ་སོགས་པ་ཐ་དད་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་ལྔ་ལས་དང་པོ་ནི། སེམས་བྱུང་རྣམ་ལྔ་སྟེ། ས་མང་ལ་སོགས་ཐ་དད་ཕྱིར། །ཞེས་བཤད་ན་སེམས་ཀྱི་ས་མང་པོ་བ་དེ་ལ་དུ་ཡོད་ཅེ་ན། ཚོར་བ་དང་། ཡུལ་ལ་གཡོ་བར་བྱེད་པའི་སེམས་པ་དང་། འདུ་ཤེས་དང་། ཡུལ་དོན་གཉེར་གྱི་བདུན་པ་དང་། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་ལ་ལོངས་སྤྱོད་པའི་རེག་པ་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གྲོས་དང་། དམིགས་པ་མ་བརྗེད་པའི་དྲན་པ་དང་། དམིགས་པ་བྱེ་བྲག་པ་ལ་སེམས་གཏོད་པའི་ཡིད་ལ་བྱེད་པ་དང་། དམིགས་པ་ལ་ཡོན་ཏན་དུ་འཛིན་པའི་མོས་པ་དང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཆོས་ཅན། སེམས་ཀྱི་ས་མང་པོ་བ་ཡིན་ཏེ། སེམས་ཐམས་ཅད་ལ་འཁོར་དུ་འབྱུང་བའི་སེམས་བྱུང་ཡིན་པའི་ཕྱིར། གཉིས་པ་དགེ་བའི་ས་མང་པོ་པ་ནི། སེམས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལས་དང་བར་བྱེད་པའི་དད་པ་དང་། ཡོན་ཏན་ཅན་ལ་གཅེས་སྤྲས་སུ་བྱེད་པའི་བག་ཡོད་དང་། སེམས་ལས་སུ་རུང་བའི་


DLL1003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་སྦྱངས་པ་དང་། སེམས་བྱིང་རྒོད་ཀྱི་དབང་དུ་མི་འགྲོ་བར་ལྷུན་གྲུབ་ཏུ་འབྱུང་བའི་བཏང་སྙོམས་དང་། སྤྱིར་བཏང་སྙོམས་ལ། འདུ་བྱེད་བཏང་སྙོམས། ཚོར་བ་བཏང་སྙོམས། ཚད་མེད་པཏང་སྙོམས་གསུམ་ལས་འདི་སྔ་མའོ། །ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། རྩ་བ་གཉིས་ནི་འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་ཡིན་ལ། དེ་གཉིས་ནི་རང་ཡུལ་ལ་རང་སྟོབས་ཀྱིས་ཆགས་པ་མེད་པའི་བློ་དང་། རང་ཡུལ་ལ་རང་སྟོབས་ཀྱིས་སྡང་བ་མེད་པའི་རྣམ་པར་ཞུགས་པའི་བློའོ། གཞན་ལ་མཐོ་འཚམ་པའི་རྣམ་པར་མ་ཞུགས་པའི་རྣམ་པར་མི་འཚེ་བ་དང་། དགེ་བ་ལ་སེམས་སྤྲོ་བའི་བརྩོན་འགྲུས་ཆོས་ཅན། དགེ་བའི་ས་མང་པོ་བ་ཡིན་ཏེ། རྟག་ཏུ་དགེ་བའི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་གི །གཞན་གྱི་འཁོར་དུ་མི་འབྱུང་བའི་སེམས་བྱུང་ཡིན་པའི་ཕྱིར། གསུམ་པ་ཉོན་མོངས་ཆེན་པོའི་ས་པ་ནི། །རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་། །རྨོངས་པ་མ་རིག་པ་དང་བག་ཡོད་ཀྱི་མི་མཐུན་ཕྱོགས་བག་མེད་དང་། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ་དང་། དད་པའི་མི་མཐུན་ཕྱོགས་མ་དད་པ་དང་། སེམས་བློང་བློང་པོར་བྱེད་པའི་རྨུགས་པ་དང་། ཕྱིར་འཕྲོ་བའི་རྒོད་པ་ཆོས་ཅན། ཉོན་མོངས་ཆེན་པོའི་ས་པ་ཡིན་ཏེ། རྟག་ཏུ་ཉོན་མོངས་ཅན་གྱི་སེམས་ཐམས་ཅད་ལ་འཁོར་དུ་འབྱུང་གི །གཞན་གྱི་འཁོར་དུ་མི་འབྱུང་བའི་སེམས་བྱུང་ཡིན་པའི་ཕྱིར། བཞི་པ་མི་དགེ་བའི་ས་མང་པོ་པ་ནི། །མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའོ་ཁྲེལ་མེད་དང་། ངོ་ཚ་མེད་པ་ཆོས་ཅན། མི་དགེ་པའི་ས་མང་པོ་པ་ཡིན་ཏེ། མི་དགེ་བའི་སེམས་ཐམས་ཅད་གྱི་འཁོར་དུ་འབྱུང་གི །གཞན་གྱི་འཁོར་དུ་མི་འབྱུང་བའི་སེམས་བྱུང་ཡིན་པའི་ཕྱིར།


DLL1003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ཉོན་མོངས་ཆུང་ངུའི་ས་པ་ནི། བརྣབ་སེམས་དང་གནོད་སེམས་མ་ཡིན་པའི་ཀུན་ནས་མནར་སེམས་པའི་ཁྲོ་བ་དང་། ཁྲོས་པའི་རྗེས་སུ་ཀུན་ནས་མནར་སེམས་མང་དུ་བྱེད་པའི་ཁོན་དུ་འཛིན་པ་དང་། སེམས་དྲང་པོ་མིན་པའི་གྱ་གྱུར་བྱེད་པའི་གཡོ་དང་ནི། གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཕྲག་དོག་དང་། སྡིག་པ་ལ་དམ་དུ་འཛིན་པའི་འཚིག་པ་དང་། ཉེས་པ་སྤེད་པར་བྱེད་པའི་འཆབ་པ་དང་། ཆོས་དང་ཟང་ཟིང་སོགས་གཞན་ལ་མི་གཏོང་ཞིང་གཏོང་བ་དང་འགལ་པའི་རྣམ་པར་ཞུགས་པའི་སེར་སྣ་དང་། ཡོན་ཏན་མེད་བཞིན་དུ་ཡིན་ཏན་དང་ལྡན་པར་བཅོས་ནས་གཞན་འབྲིད་པར་བྱེད་པའི་སྒྱུ་དང་། རྒྱགས་པ་དང་། གཞན་ལ་མཐོ་འཚམ་པའི་རྣམ་འཚེ་ནི་ཆོས་ཅན། ཉོན་མོངས་ཆུང་ངུའི་ས་པ་ཡིན་ཏེ། སྤང་བྱ་རིས་ཀྱིས་ཆུང་། མཚུངས་ལྡན་གྲོགས་ཀྱིས་ཆུང་། འབྱུང་ས་རྟེན་གྱིས་ཆུང་བའི་སེམས་བྱུང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྒོམ་སྤང་ཙམ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཡིད་ཀྱི་རྣམ་ཤེས་ཙམ་དང་མཚུངས་ལྡན་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། ཡིད་ཙམ་ལ་བརྟེན་པ་ཡིན་པའི་ཕྱིར། གཉིས་པ་ནི། སྡེ་ཚན་དུ་ངེས་པ་ལྔ་ཡོད་ན། སྡེ་ཚན་དུ་མ་ངེས་པའི་སེམས་བྱུང་དུ་ཞེ་ན། སྡེ་ཚན་དུ་མ་ངེས་པའི་སེམས་བྱུང་བརྒྱད་ཡོད་དེ། སློབ་དཔོན་དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང་། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་གསུངས་པའི་ཕྱིར། འོ་ན་སེམས་གང་གི་འཁོར་དུ་མ་ངེས་


DLL1003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པའི་སེམས་བྱུང་དུ་འབྱུང་ཞེ་ན། །འདོད་པའི་དགེ་བའི་སེམས་ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གཉིས། །ལ་ལ་དག་ཏུ་འགྱོད་པ་བསྣན། །འདོད་པའི་དགེ་བའི་སེམས་ལ་ནི་སེམས་ལས་བྱུང་བ་ཉི་ཤུ་རྩ་གཉིས་འབྱུང་སྟེ། སེམས་ཡིན་པས་སེམས་ཀྱི་ས་མང་བཅུ། དགེ་བའི་སེམས་ཡིན་པས་དགེ་བའི་ས་མང་བཅུ། འདོད་སེམས་ཡིན་པས་རྟོག་དཔྱོད་དང་བཅས་པ་འབྱུང་བའི་ཕྱིར། འདོད་པའི་སེམས་ལ་ལ་དག་ཏུ་འགྱོད་པ་བསྣན་པས་སེམས་བྱུང་ཉེར་གསུམ་འབྱུང་ངོ་། །།མི་དགེ་ལ་ནི་མ་འདྲེས་དང་། །ལྟ་དང་ལྡན་ལའང་ཉི་ཤུ་འབྱུང་། །མི་དགེ་བའི་སེམས་ནི་མ་འདྲེས་པ་མ་རིག་པ་ཙམ་དང་མཚུངས་ལྡན་དང་། ལྟ་བ་ཐ་མ་གསུམ་དང་མཚུངས་ལྡན་ལའང་ཉི་ཤུ་འབྱུང་སྟེ། སེམས་ཀྱི་ས་མང་བཅུ། ཉོན་མོངས་ཆེན་པོའི་ས་པ་དྲུག །མི་དགེ་བའི་ས་པ་གཉིས། རྟོག་དཕྱོད་གཉིས་འབྱུང་བའི་ཕྱིར། ལྟ་བ་བསྣན་པས་ཉེར་གཅིག་མི་འབྱུང་ངམ་ཞེ་ན། མི་འབྱུང་སྟེ། ལྟ་བ་ནི་ཤེས་རབ་ཉོན་མོངས་ཅན་ཡིན་ལ། དེ་འདིར་སེམས་ཀྱི་ས་མང་དུ་བགྲངས་ཚར་བའི་ཕྱིར། འདོད་ཆགས་ཁོང་ཁྲོ་ང་རྒྱལ་ཐེ་ཚོམ་སྟེ་ཉོན་མོངས་ལྷག་མ་བཞི་དང་། ཁྲོ་སོགས་བཅུ་དང་། འགྱོད་པ་དང་ལྡན་པ་ལ་ནི་ཉི་ཤུ་གཅིག་འབྱུང་སྟེ། སྔར་གྱི་ཉི་ཤུའི་སྟེང་དུ་རང་རང་བསྣན་པས་སོ། །ལྟ་བ་དང་པོ་གཉིས་དང་མཚུངས་ལྡན་གྱི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ལ་བཅོ་བརྒྱད་འབྱུང་སྟེ། སེམས་ཀྱི་ས་མང་བཅུ། ཉོན་མོངས་ཆེན་པོའི་ས་པ་དྲུག །རྟོག་དཔྱོད་གཉིས་འབྱུང་པའི་ཕྱིར། གཞན་མ་བསྒྲིབས་ལུང་མ་བསྟན་ལ་བཅུ་གཉིས་དག་ཏུ་འདོད་དེ། སེམས་ཀྱི་ས་མང་བཅུ། རྟོག་དཔྱོད་གཉིས་འབྱུང་བའི་ཕྱིར། གཉིད་ནི་དགེ་མི་དགེ་ལུང་མ་བསྟན་ཀུན་ལ་འཁོར་དུ་ཡོད་པ་མི་འགལ་བའི་ཕྱིར། གང་ལ་འཁོར་དུ་གཉིད་ཡོད་པ་ལ་དེ་བསྣན་ནོ། །ཇི་ལྟར་ན། གཉིད་བཅས་དགེ་པའི་སེམས་


DLL1003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི། །རྟོག་དང་དཔྱོད་དང་འཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གསུམ། །ལ་ལ་དག་ཏུ་འགྱོད་པ་བསྣན། །ལྟ་དང་ལྡན་ལ་ཉི་ཤུ་གཅིག །ཉོན་མོངས་བཞི་དང་ཁྲོ་སོགས་དང་། །འགྱོད་པ་དང་ནི་ཉི་ཤུ་གཉིས། །བསྒྲིབས་ལ་བཅུ་དགུ་ལུང་མ་བསྟན། །གཞན་ལ་བཅུ་གསུམ་དག་ཏུ་འདོད། །ཅེས་སྦྱར་རོ། །།དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །རྟོག་པའང་བསམ་གཏན་ཁྱད་པར་ཅན། །དེ་ཡི་གོང་ན་དཔྱོད་པ་ཡང་། །འདོད་པ་ན་ཡོད་པ་དེ་དག་ལས་འགྱོད་གཉིད་མི་དགེ་བ་རྣམས་བསམ་གཏན་དང་ལོ་དག་ན་མེད་དོ། །དེ་ན་འགྱོད་པ་མེད་དེ། འགྱོད་པ་ཡིད་མི་བདེ་དང་མཚུངས་ལྡན་ཡིན་ལ། དེ་ན་ཡིད་མི་བདེ་མེད་པའི་ཕྱིར། དེ་ན་གཉིད་མེད་དེ། གཉིད་ནི་སེམས་ནང་དུ་སྡུད་པ་ཡིན་ལ། བསམ་གཏན་དང་པོར་སེམས་ནང་དུ་སྡུད་བའི་ཚེ་ཏིང་ངེ་འཛིན་དུ་འགྱུར་བའི་ཕྱིར། དེ་ན་མི་དགེ་བ་མེད་དེ། དེ་མ་སྤངས་པར་བསམ་གཏན་དང་པོར་མི་སྐྱེ་བའི་ཕྱིར། རྟོག་པའང་བསམ་གཏན་ཁྱད་པར་ཅན་ན་མེད་དེ། རྟོག་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར། དེའི་གོང་མ་བསམ་གཏན་གཉིས་པ་ཡན་ཆད་ན་དཔྱོད་པའང་མེད་དེ། དཔྱོད་པ་ལ་འདོད་ཆགས་དང་བྲལ་ནས་སྤངས་པའི་ཕྱིར། ཡང་ཞེས་པས་དེ་ན་གཡོ་སྒྱུ་ཡང་མེད་པར་བསྟན་ཏེ། གང་ལ་གཙོ་འཁོར་ཡོད་པ་དེ་ན་གཙོ་བོས་འཁོར་བསྡུ་བའི་ཕྱིར། གཡོ་སྒྱུ་ཡོད་ལ། བསམ་གཏན་གཉིས་པ་ཡན་ཆད་ན་གཙོ་འཁོར་མེད་པའི་ཕྱིར། བསམ་གཏན་དང་པོ་མན་ཆད་ན་གཙོ་འཁོར་ཡོད་དེ། རྒྱལ་རིགས་ཀྱི་འཁོར། བྲམ་ཟེའི་འཁོར། ཁྱིམ་བདག་གི་འཁོར། དགེ་སྦྱོང་གི་འཁོར། རྒྱལ་ཆེན་རིས་བཞི་པའི་འཁོར། སུམ་ཅུ་རྩ་གསུམ་པའི་འཁོར། བདུད་ཀྱི་འཁོར། ཚངས་


DLL1003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་ཞེས་བཤད་པའི་ཕྱིར། གསུམ་པ་ནི། འཇིག་རྟེན་ན་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ཞེས་གཅིག་ལྟ་བུར་གླེང་ན་དེ་གཉིས་དོན་གཅིག་གམ་ཐ་དད་ཅེ་ན། །།མ་གུས་ངོ་ཚ་མེད་ཁྲེལ་མེད། །ཁ་ན་མ་ཐོ་འཇིགས་མི་ལྟ། །དོན་ཐ་དད་དེ། ཡོན་ཏེན་དང་ཡོན་ཏན་ཅན་ལ་མ་གུས་པ་ནི་ངོ་ཚ་མེད་པ་དང་། ཁྲེལ་མེད་ནི་ཁ་ན་མ་ཐོ་བ་ལ་འཇིགས་པར་མི་ལྟ་བ་ཡིན་པའི་ཕྱིར། སྡེ་པ་ཁ་ཅིག །རང་ལ་ལྟོས་ནས་མི་དགེ་བ་ལ་མི་འཛེམ་པ་ནི་ངོ་ཚ་མེད་པ་དང་། གཞན་ལ་ལྟོས་ནས་ཉེས་པ་ལ་མི་འཛེམ་པ་ནི་ཁྲེལ་མེད་ཡིན་ལ། དེ་གཉིས་ལས་བཟློག་པ་ནི་ངོ་ཚ་ཡོད་པ་དང་ཁྲེལ་ཡོད་ཡིན་ནོ་ཞེས་ཟེར། འཇིག་རྟེན་ན་དགའ་བ་དང་གུས་པ་ཞེས་གཅིག་པ་ལྟ་བུར་གླེང་ན་དེ་གཉིས་དོན་གཅིག་གམ་ཐ་དད་ཅེ་ན། །དགའ་དད་གུས་ཉིད་ངོ་ཚ་ཤེས། །དེ་གཉིས་འདོད་དང་གཟུགས་དག་ན། །དོན་ཐ་དད་དེ། དགའ་བ་ནི་དད་པ་དང་། གུས་པ་ཉིད་ངོ་ཚ་ཤེས་པ་ཡིན་པའི་ཕྱིར། སྤྱིར་དགའ་བ་ལ་ཉོན་མོངས་ཅན་དང་། དེ་མ་ཡིན་པ་གཉིས་ཡོད་དེ། དང་པོ་ནི་རང་གི་བུ་དང་ཆུང་མ་ལ་དགའ་བ་ལྟ་བུའོ། །གཉིས་པ་ནི་སྟོན་པ་དང་བླ་མ་དང་ཡོན་ཏན་ཅན་ལ་དགའ་བ་ལྟ་བུའོ། །དགའ་བ་དང་དད་པ་ལ་གང་ཟག་དང་ཆོས་ལ་དམིགས་པའི་དགའ་དད་གཉིས། དེ་རེ་རེ་ལ་མུ་བཞི་བཞི་ཡོད་དེ། ཆོས་ལ་དམིགས་པའི་དགའ་བ་ཡིན་ལ་དད་པ་མ་ཡིན་པ་ནི་ཆོས་ལ་དམིགས་པའི་དགའ་བ་ཉོན་མོངས་ཅན་ལྟ་བུ། དད་པ་ཡིན་ལ་དགའ་བ་མ་ཡིན་པ་ནི་སྡུག་ཀུན་ལ་ཡིད་ཆེས་པའི་དད་པ་ལྟ་བུ། གཉིས་ཀ་ཡིན་པ་འགོག་ལམ་ལ་ཡིད་ཆེས་པའི་དད་པ་ལྟ་བུ། གཉིས་ཀ་མ་ཡིན་པ་ནི་དེ་ལས་གཞན་པ་དག་གོ །གང་ཟག་ལ་དམིགས་པའི་དགའ་བ་ཡིན་ལ་དད་པ་མ་ཡིན་པ་ནི་རང་གི་བུ་དང་ཆུང་མ་ལ་དགའ་བ་ལྟ་བུ། དད་པ་ཡིན་ལ་དགའ་བ་


DLL1003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ནི་གཞན་གྱི་མཁན་པོ་ལ་དད་པ་ལྟ་བུ། གཉིས་ཀ་ཡིན་པ་ནི་རང་གི་མཁན་པོ་ལ་དགའ་བ་ལྟ་བུ། གཉིས་ཀ་མིན་པ་ནི་གཞན་ལྟ་བུའོ། །གང་ཟག་ལ་དམིགས་པའི་དགའ་བ་དང་གུས་པ་དེ་གང་ན་ཡོད་ཅེ་ན། འདོད་པ་དང་གཟུགས་ཁམས་ན་ཡོད་ཀྱི་གཐུགས་གཟུགས་མེད་ན་མེད་དེ། གཟུགས་མེད་ཀྱི་གང་ཟག་རྣམས་ཕན་ཚུན་ཡུལ་མ་ཡིན་པའི་ཕྱིར། །རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །རྟོག་པ་ནི་རྩིང་བའི་རྣམ་པ་ཅན་དང་། དཔྱོད་པ་ནི་ཞིབ་པའི་རྣམ་པ་ཅན་ཉིད་དོ། །འོ་ན་སེམས་གཅིག་གི་འཁོར་དུ་རྟོག་དཔྱོད་གཉིས་ཅིག་ཅར་མི་འབྱུང་བར་ཐལ། སེམས་གཅིག་ཉིད་རྩིང་ཞིབ་འགལ་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། མར་གསར་པ་ཆུ་གྲང་གི་ནང་དུ་བཞག་པ་ལ་ཉི་མའི་འོད་ཟེར་ཕོག་པའི་ཚེ་ཆུ་གྲང་གིས་ཧ་ཅང་འཁྱག་པར་མི་བྱེད་ཉི་མས་ཧ་ཅང་འཇུ་བར་མི་བྱེད་པ་བཞིན་དུ། རྟོག་པས་ཧ་ཅང་རྩིང་བར་མི་བྱེད་དཔྱོད་པས་ཧ་ཅང་ཞིབ་པར་མི་བྱེད་པའི་ཕྱིར། མདོ་སྡེ་པ་ན་རེ། བརྟགས་ཤིང་དཔྱད་ནས་སྨྲའི། རྣམ་པར་མ་བརྟགས་རྣམ་པར་མ་དཔྱད་པར་ཚིག་ཏུ་མི་སྨྲ་བས་ཞེས་འབྱུང་བས། དོན་གྱི་ངོ་བོ་དང་ཁྱད་པར་རྗོད་པའི་ཚིག་ཀུན་ནས་སླང་བའི་བློ་གཉིས་རྟོག་དཔྱོད་ཡིན་ནོ། །སེམས་ཙམ་པ་ན་རེ། སེམས་པའམ་ཤེས་རབ་ལ་བརྟེན་ནས་ཡིད་ཀྱི་དཔྱོད་པ་ཀུན་ཏུ་རྩོལ་བར་བྱེད་པ་དང་སོ་སོར་ངེས་པར་བྱེད་པ་གཉིས་རྟོག་དཔྱོད་ཡིན་ཏེ། དཔེར་ན། རྫ་བུམ་འདི་རྣམས་ཀྱི་ནང་ནས་གང་སྲ་སྙམ་པ་དང་། འདི་སྲ་བར་འདུག་སྙམ་དུ་ངེས་པ་ལྟ་བུའོ། །དེས་ན་སེམས་གཅིག་གི་འཁོར་དུ་རྟོག་དཔྱོད་གཉིས་འབྱུང་བ་ཡིན་ནོ། །འོ་ན་བསམ་གཏན་དང་པོ་ཡན་ལག་ལྔ་ལྡན་


DLL1003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་རྒྱུན་ལ་དགོངས་ཀྱི་སྐད་ཅིག་མ་ལ་མིན་པའི་ཕྱིར་ཞེས་ཟེར་རོ། །།ང་རྒྱལ་ཁེངས་པ་རྒྱགས་པ་ནི། །རང་གི་ཆོས་ལ་ཆགས་པ་ཡི། །སེམས་ནི་ཡོངས་སུ་གཏུགས་པའོ། །ང་རྒྱལ་ནི་སེམས་ཁེངས་པའི་རྣམ་པ་ཅན་དང་། རྒྱགས་པ་ནི་རང་གི་ཆོས་ཚེ་རིང་བ་སོགས་ལ་ཆགས་པའི་སེམས་ནི་ཡོངས་སུ་གཏུགས་པའོ། །བཞི་པ་ནི། སེམས་དང་ཡིད་དང་རྣམ་ཤེས་ཐ་དད་པ་ལྟ་བུར་གླེང་ན་དོན་གཅིག་གམ་ཐ་དད་ཅེ་ན། །སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག་དོན་གཅིག་ཡིན་ཏེ། མིང་གི་རྣམ་གྲངས་ཡིན་པའི་ཕྱིར། དེ་ཡང་བྱེ་བྲག་སྨྲ་བ་ལྟར་ན། དགེ་མི་དགེ་འབྱེད་པར་བྱེད་པས་ན་སེམས། ཡུལ་ཤེས་པས་ན་ཡིད། དམིགས་པ་རྣམ་པར་ཤེས་པས་ན་རྣམ་པར་ཤེས་པ་ཞེས་ཟེར་རོ། །མདོ་སྡེ་པ་ན་དེ། དགེ་མི་དགེའི་བག་ཆགས་སོག་པར་བྱེད་པས་ན་སེམས། རྟེན་གྱི་ཆ་ནས་ཡིད། བརྟེན་པའི་ཆ་ནས་རྣམ་པར་ཤེས་པ་ཞེས་ཟེར། སེམས་ཙམ་པ་ཁ་ཅིག །སེམས་ནི་ཀུན་གཞིའི་རྣམ་ཤེས་ཏེ། །ངར་འཛིན་པ་ནི་ཡིད་ཡིན་ནོ། །ཡུལ་ལ་སོ་སོར་རྣམ་རིག་པ། །རྣམ་པར་ཤེས་པ་དག་ཏུ་འདོད། །ཅེས་ཟེར་རོ། །དེར་མ་ཟད་སེམས་སེམས་བྱུང་དང་། རྟེན་བཅས་དང་། དམིགས་བཅས་དང་། རྣམ་པཅས་དང་། མཚུངས་པར་ལྡན་པའང་དོན་གཅིག་ཡིན་ཏེ། མིང་གི་རྣམ་གྲངས་ཡིན་པའི་ཕྱིར། དེ་ཡང་དབང་པོ་ལ་བརྟེན་པས་ན་རྟེན་བཅས། ཡུལ་འཛིན་པས་ན་དམིགས་བཅས། བྱེ་བྲག་རེ་རེ་ནས་འཛིན་པས་ན་རྣམ་པཅས་མཉམ་པར་འཛིན་པས་ན་མཚུངས་ལྡན་ནོ། །མཚངས་པར་ལྡན་པའང་རྣམ་པ་ལྔ་ཡོད་དེ། རྫས། རྟེན། དམིགས་པ། རྣམ་པ། དུས་མཚུངས་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཚུངས་ལྡན་མ་ཡིན་པའི་སྐྱེ་ཚུལ་ལ། བསྟན། བཤད།


DLL1003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྡུ་བའོ། །དང་པོ་ནི། མཚུངས་ལྡན་གྱི་སྐྱེ་ཚུལ་དེ་ལྟར་ཡིན་ན། མཚུངས་ལྡན་མ་ཡིན་པ་ལ་དུ་ཡོད་ཅེ་ན། རྩ་བ། མི་ལྡན་པ་ཡི་འདུ་བྱེད་རྣམས། །ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་སྙོམས་འཇུག་པ་དང་། །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚོགས་ལ་སོགས་པ་ཡང་། །མཚུངས་པར་མི་ལྡན་པའི་འདུ་བྱེད་ཆོས་ཅན། བཅུ་བཞི་ཡོད་དེ། ཐོབ་མ་ཐོབ་གཉིས་དང་། སྐལ་མཉམ་དང་འདུ་ཤེས་མེད་པ་དང་། སྙོམས་འཇུག་རྣམ་པ་གཉིས་དང་། སྲོག་དང་མཚན་ཉིད་རྣམས་དང་ནི་མིང་གི་ཚོགས་ལ་སོགས་པ་རྣམས་སུ་ཡོད་པའི་ཕྱིར། ཡང་ཞེས་པས། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཞེས་པ་ཡང་སྡུད་པར་བསྟན་ཏོ། །མི་ལྡན་པའི་འདུ་བྱེད་བཅུ་བཞི་བཤད་པ། གཉིས་པ་ལ་བདུན། ཐོབ་མ་ཐོབ། སྐལ་མཉམ། འདུ་ཤེས་མེད་པ་པོ། སྙོམས་འཇུག་གཉིས། སྲོག །མཚན་ཉིད། རྗོད་བྱེད་བཤད་པའོ། །དང་པོ་ལ། དངོས་དང་། དེའི་ཁྱད་ཆོས་བཤད་པའོ། །དང་པོ་ནི། མི་ལྡན་པ་ཡི་འདུ་བྱེད་རྣམས། །ཐོབ་དང་མ་ཐོབ་ཅེས་བཤད་ན། ཐོབ་མ་ཐོབ་དེ་གང་ཞེ་ན། །ཐོབ་པ་ནི་ཐོབ་བྱའི་ཆོས་དེ་གང་ཟག་དེ་ལ་ལྡན་པར་བྱེད་པའི་རྫས་ཡིན་ནོ། །ཐོབ་པ་ནི་གཉིས་ཏེ། རྙེད་པ་དང་། ཐོབ་ནས་ལྡན་པའོ། །རྙེད་པ་ལ་ཡང་མ་ཐོབ་པ་ལས་རྙེད་པ་དང་། ཉམས་ནས་རྙེད་པའོ། །དང་པོ་ནི་ཟག་མེད་སྐད་ཅིག་དང་པོ་སྐྱེས་པའི་ཚེ་དེའི་ཐོབ་པ་དང་ཐོབ་པའི་ཐོབ་པ་ལྟ་བུའོ། །སྐད་ཅིག་གཉིས་པ་ཕན་ཆད་ནི་ཐོབ་ནས་ལྡན་པ་ཡིན་ནོ། །ཉམས་ནས་རྙེད་པ་ནི་འདོད་པའི་གང་ཟག་གི་རྟེན་ལ་བསམ་གཏན་གྱི་སས་བསྡུས་པའི་དགེ་བ་སྐྱེས་པའི་ཚེ་དེའི་ཐོབ་པ་དང་ཐོབ་པའི་ཐོབ་པ་འབྱུང་བ་ལྟ་བུའོ། །དེའི་སྐད་ཅིག་གཉིས་པ་ཕན་ཆད་ནི་ཐོབ་ནས་ལྡན་པ་ཡིན་ནོ། །གཞན་ཡང་སོ་སོ་སྐྱེ་བོ་རྣམས་ལ་ཐོག་མ་མེད་པ་


DLL1003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྲིད་རྩེའི་ཉོན་མོངས་ཐོབ་ནས་ལྡན་པ་ཡིན་གྱི་རྙེད་པ་ནི་མ་ཡིན་ཏེ། མ་ཐོབ་པ་ལས་རྙེད་པ་དང་ཉམས་ནས་རྙེད་པ་གང་ཡང་མ་ཡིན་པའི་ཕྱིར། དགྲ་བཅོམ་པ་ཉམས་ནས་སྲིད་རྩེའི་ཉོན་མོངས་སྐྱེས་པའི་ཚེ་ཉམས་པ་ལས་རྙེད་པ་དང་། ཐོབ་ནས་ལྡན་པ་གཉིས་ཀ་ཡོད་དེ། །ཁ་ཅིག །ཐོབ་པ་དང་ལྡན་པ་དང་རྙེད་པ་མིང་གི་རྣམ་གྲངས་ཡིན་ཏེ། ཀུན་ཤེས་བྱེད་པའི་དབང་ལྡན་ལ། །བཅུ་གསུམ་དག་དང་ལྡན་པ་ཡིན། །ཞེས་གསུངས་པའི་ཕྱིར་ཞེས་ཟེར། མ་ཐོབ་པ་ནི་ཐོབ་བྱའི་ཆོས་གང་ཟག་དེ་ལ་མི་ལྡན་པར་བྱེད་པའི་རྫས་སོ། །དེ་ལའང་གཉིས་ཏེ། མ་རྙེད་པ་དང་། མི་ལྡན་པའོ། །དང་པོ་ལ། མ་ཐོབ་པ་ལས་མ་རྙེད་པ་དང་། ཉམས་ནས་མ་རྙེད་པའོ། །དང་པོ་ནི་མི་སློབ་ལམ་སྐད་ཅིག་དང་པོ་སྐྱེས་པའི་ཚེ་སྲིད་རྩེའི་ཉོན་མོངས་པའི་མ་ཐོབ་པ་ལྟ་བུའོ། །གཉིས་པ་ནི་བསམ་གཏན་ལས་ཉམས་པའི་སྐད་ཅིག་དང་པོའི་ཚེ། དེའི་མ་ཐོབ་པ་ལྟ་བུའོ། །དེའི་སྐད་ཅིག་གཉིས་པ་ཕན་ཆད་དང་། སོ་སོ་སྐྱེ་བོ་ལ་ཟག་མེད་ཀྱི་ལམ་མ་སྐྱེས་པའི་ཚེ། དེའི་མ་ཐོབ་པ་ནི་མི་ལྡན་པའོ། །ཐོབ་པ་རྫས་སུ་ཡོད་པའི་རྒྱུ་མཚན་ཅི་ཞེ་ན། བྱེ་བྲག་སྨྲ་བ་ན་རེ། ཐོབ་པ་རྫས་སུ་ཡོད་དེ། མདོ་ལས། མི་སློབ་པའི་ཆོས་བཅུ་སོ་སོར་བསྐྱེད་ཅིང་ཐོབ་ལ། ཀུན་ཏུ་ལྡན་པས་ན་ཡན་ལག་ལྔ་རྣམ་པར་སྤངས་པའི་དགྲ་བཅོམ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཞེ་ན། སློབ་དཔོན་ན་རེ། འཁོར་ལོས་སྒྱུར་རྒྱལ་ལ་རིན་པོ་ཆེ་སྣ་བདུན་གྱི་ཐོབ་པ་ཡོད་པར་ཐལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཞེས་གསུང་། གཞན་ཡང་། ཐོབ་པ་ཞེས་བྱ་བ་


DLL1003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་ཡིན་ཞེས་དྲིས་པས། ཐོབ་པ་ནི་ཐོབ་བྱའི་ཆོས་དེ་སྐྱེ་བའི་རྒྱུ་ཡིན་ཞེ་ན། འགོག་པ་གཉིས་ཀྱི་ཐོབ་པ་མེད་པར་ཐལ། དེ་གཉིས་སྐྱེ་བ་མེད་པའི་ཕྱིར། འོན་ཏེ་ཆོས་དེ་དང་ལྷན་ཅིག་སྐྱེས་པའི་ཐོབ་པ་ནི། ཐོབ་བྱའི་ཆོས་ཀྱི་རྒྱུ་ཡིན་ཞེ་ན། སྐྱེ་བ་དང་སྐྱེ་བའི་སྐྱེ་བ་ཁས་བླངས་བ་དོན་མེད་པར་ཐལ། འདོད་པའི་ཕྱིར། ཐོབ་པ་དེ་འཇོག་བྱེད་ཀྱི་རྒྱུ་ཡིན་ཏེ། ཟག་མེད་ཀྱི་ལམ་གྱི་ཐོབ་པ་ཡོད་མེད་ཀྱི་སྒོ་ནས་སྐྱེ་འཕགས་སུ་འཇོག་པའི་ཕྱིར། དེ་ལྟ་མིན་ན་འཕགས་པ་མཉམ་པཞག་ལས་ལངས་ནས། འཇིག་རྟེན་པའི་ཡིད་མངོན་དུ་མཛད་པའི་ཚེ། ཟག་མེད་ཀྱི་ལམ་གྱི་ཐོབ་པ་དང་། ཟག་མེད་ཀྱི་ལམ་མངོན་དུ་གྱུར་པ་མེད་པས། འཕགས་པར་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། ཟག་མེད་ཀྱི་ལམ་གྱི་ཐོབ་པ་མེད་ཀྱང་། ཉོན་མོངས་པའི་ས་བོན་སྤངས་པའི་སྒོ་ནས་འཕགས་པར་འཇོག་པའི་ཕྱིར། རྩ་བ། ཐོབ་དང་མ་ཐོབ་རང་རྒྱུད་དུ། །གཏོགས་པ་རྣམས་ཀྱིའོ་འགོག་གཉིས་ཀྱི། །ཐོབ་པ་ནི་རང་རྒྱུད་དུ་གཏོགས་པའི་ཡིན་གྱིས། གཞན་རྒྱུད་ཀྱི་མ་ཡིན་ཏེ། གཞན་རྒྱུད་ཀྱི་ཐོབ་པ་དེ་ལས་གཞན་ལ་འབྱུང་ན་ཧ་ཀྱང་ཐལ་བའི་ཕྱིར་རོ། །དེ་ཡང་རྒྱུད་ཀྱིས་བསྡུས་པའི་ཡིན་གྱི། རྒྱུད་ཀྱིས་མ་བསྡུས་པའི་འདུས་བྱས་རྣམས་ཀྱི་ཐོབ་པ་མེད་དེ། དེ་ནི་རང་གཞན་གྱི་ཐུན་མོང་བ་ཡིན་ལ། ཐོབ་པ་ནི་གང་དང་ཡང་ཐུན་མོང་བ་མ་ཡིན་པའི་ཕྱིར། ཐམས་ཅད་དུ་ངེས་སམ་ཞེ་ན། དེ་ནི་འདུས་བྱས་ཀྱི་དབང་དུ་བྱས་ཀྱི། འདུས་མ་བྱས་ལ་མ་ངེས་ཏེ། འགོག་པ་གཉིས་རྒྱུད་ཀྱིས་མ་བསྡུས་ཀྱང་གཉིས་ཀྱི་དགག་བྱ་རྒྱུད་ཀྱིས་བསྡུས་པས། འགོག་པ་གཉིས་ཀྱི་ཐོབ་པ་ཡོད་ཅིང་རང་རྒྱུད་


DLL1003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྡུས་སོ། །མ་ཐོབ་པ་ཡང་རང་རྒྱུད་དུ་གཏོགས་པ་དང་རྒྱུད་ཀྱིས་བསྡུས་པའི་ཡིན་གྱི། གཞན་རྒྱུད་ཀྱི་ཐོབ་པ་དང་། རྒྱུད་ཀྱིས་མ་བསྡུས་པ་རྣམས་ཀྱི་ཐོབ་པ་མེད་དེ། གང་ལ་ཐོབ་པ་མེད་པ་དེ་ལ་མ་ཐོབ་པ་ཡང་མེད་དོ་ཞེས་བྱ་བ་ནི་རང་གི་གྲུབ་པའི་མཐའ་ཡིན་པའི་ཕྱིར། གཉིས་པ་ལ། ཐོབ་པའི་ཁྱད་ཆོས། མཐོབ་པའི་ཁྱད་ཆོས་སོ། །དང་པོ་ནི། རྩ་བ། དུས་གསུམ་པ་ཡི་རྣམ་པ་གསུམ། །དགེ་ལ་སོགས་ཀྱི་དགེ་ལ་སོགས། །དེར་གཏོགས་རྣམས་ཀྱི་རང་ཁམས་པ། །ཐོབ་བྱའི་ཆོས་དུས་གསུམ་པའི་ཐོབ་པ་ཡང་དུས་རྣམ་པ་གསུམ་སྟེ། ཐོབ་བྱའི་ཆོས་འདས་པ་ལྟ་བུ་གཅིག་ལ་ཡང་། དེའི་ཐོབ་པ་འདས་མ་འོངས་ད་ལྟར་བ་གསུམ་ཡོད་པ་ལྟ་བུ། ཐོབ་བྱའི་ཆོས་དགེ་བ་ལ་དེའི་ཐོབ་པ་དགེ་བ་དང་། ལ་སོགས་པ་ཐོབ་བྱའི་ཆོས་མི་དགེ་བའི་ཐོབ་པ་མི་དགེ་བ་དང་། ལུང་མ་བསྟན་གྱི་ཐོབ་པ་ལུང་མ་བསྟན་ཡིན་ནོ། །ཐོབ་བྱའི་ཆོས་ཁམས་གསུམ་པོ་དེར་གཏོགས་པ་རྣམས་ཀྱི་ཐོབ་པ་ཡང་རང་གི་ཁམས་སུ་གཏོགས་པ་ཡིན་ཏེ། དཔེར་ན། འདོད་པའི་རྟེན་ཅན་གྱི་གང་ཟག་གི་རྒྱུད་ལ་འདོད་པའི་ཆོས་ཀྱི་ཐོབ་པ་སྐྱེས་པའི་ཚེ་དེ་འདོད་ཁམས་སུ་གཏོགས། དེའི་རྒྱུད་ལ་གཟུགས་ཀྱི་ཆོས་ཀྱི་ཐོབ་པ་སྐྱེས་པའི་ཚེ་དེ་གཟུགས་ཁམས་སུ་གཏོགས། གཟུགས་མེད་ཀྱི་ཆོས་ཀྱི་ཐོབ་པ་སྐྱེས་པའི་ཚེ་དེ་གཟུགས་མེད་ཁམས་སུ་གཏོགས་པ་དང་། གཟུགས་ཀྱི་རྟེན་ཅན་གྱི་གང་ཟག་གི་རྒྱུད་ལའང་དེ་བཞིན་ཡིན་པའི་ཕྱིར། གཟུགས་ཀྱི་རྟེན་ཅན་ལ་འདོད་པའི་ཆོས་ཀྱི་ཐོབ་པ་གང་སྐྱེ་ཞེ་ན། འདོད་པའི་སྤྲུལ་སེམས་ཀྱི་ཐོབ་པ་སྐྱེ། གཟུགས་མེད་ཀྱི་རྟེན་ལ་ཁམས་འོག་མ་གཉིས་ཀྱི་ཆོས་ཀྱི་ཐོབ་པ་སྐྱེ་བ་མེད་ལ། གཟུགས་མེད་ཀྱི་ཆོས་ཀྱི་ཐོབ་པ་སྐྱེས་པའི་ཚེ་དེ་གཟུགས་མེད་ཁམས་སུ་གཏོགས་པ་ཡིན་ནོ།


DLL1003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བྱའི་ཆོས་ཁམས་སུ་མ་གཏོགས་པ་འགོག་པ་གཉིས་དང་ལམ་བདེན་རྣམས་ཡིན་ལ། དེའི་ཐོབ་པ་འདོད་ཁམས་སུ་གཏོགས་པ་དང་། གཟུགས་སུ་གཏོགས་པ་དང་། གཟུགས་མེད་ཁམས་སུ་གཏོགས་པ་དང་། ཁམས་སུ་མ་གཏོགས་པ་དང་རྣམ་པ་བཞི་ཡོད་དེ། སོ་སོར་བརྟགས་མིན་གྱི་འགོག་པའི་ཐོབ་པ་ནི་ཁམས་གསུམ་དུ་གཏོགས། སོ་སོར་བརྟགས་འགོག་གི་ཐོབ་པ་ཟག་བཅས་ནི་ཁམས་གོང་མ་གཉིས་སུ་གཏོགས། དེའི་ཐོབ་པ་ཟག་མེད་དང་། ལམ་བདེན་གྱི་ཐོབ་པ་ཁམས་སུ་མ་གཏོགས་པ་ཡིན་པའི་ཕྱིར། སློབ་པའི་ཐོབ་པ་སློབ་པ་དང་། མི་སློབ་པའི་ཐོབ་པ་མི་སློབ་པ་ཡིན་ལ། དེ་གཉིས་རྟོགས་སླ་བས་རྩ་བར་དངོས་སུ་མ་གསུངས་སོ། །སློབ་དང་མི་སློབ་མིན་གྱི་གསུམ། །ཐོབ་བྱའི་ཆོས་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི། འགོག་པ་གཉིས་དང་ཟག་བཅས་རྣམས་ཡིན་ལ། དེའི་ཐོབ་པ་དེ་ལ་སློབ་པ་དང་མི་སློབ་པ་དང་སློབ་པ་ཡང་མིན་མི་སློབ་པ་ཡང་མིན་པ་རྣམ་པ་གསུམ་ཡོད་དེ། སློབ་པའི་སོ་སོར་བརྟགས་འགོག་གི་ཐོབ་པ་སློབ་པ་དང་། མི་སློབ་པའི་སོ་སོར་བརྟགས་འགོག་གི་ཐོབ་པ་མི་སླེབ་པ་དང་། སོ་སོར་བརྟགས་འགོག་ཐོབ་པ་ཟག་བཅས་དང་། སོ་སོར་བརྟགས་མིན་གྱི་འགོག་པའི་ཐོབ་པ་དང་། ཟག་བཅས་ཀྱི་ཐོབ་པ་རྣམས་སློབ་པ་ཡང་མིན་མི་སློབ་པ་ཡང་མ་ཡིན་པའི་ཕྱིར། མཐོང་སྤང་གི་ཐོབ་པ་མཐོང་སྤང་དང་། སྒོམ་སྤང་གི་ཐོབ་པ་སྒོམ་སྤང་ཡིན་ལ། །སྤང་བྱ་མིན་པའི་རྣམ་གཉིས་འདོད། །ཐོབ་བྱའི་ཆོས་སྤང་བྱ་མ་ཡིན་པ་འགོག་པ་གཉིས་དང་ལམ་བདེན་ཡིན་ལ། དེའི་ཐོབ་པ་དེ་ལ་སྒོམ་སྤང་དང་སྤང་བྱ་མ་ཡིན་


DLL1003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་སུ་འདོད་དེ། སོ་སོར་བརྟགས་འགོག་གི་ཐོབ་པ་ཟག་བཅས་དང་། སོ་སོར་བརྟགས་མིན་གྱི་འགོག་པའི་ཐོབ་པ་སྒོམ་སྤང་དང་། སོ་སོར་བརྟགས་འགོག་གི་ཐོབ་པ་ཟག་མེད་དང་། ལམ་བདེན་གྱི་ཐོབ་པ་སྤང་བྱ་མ་ཡིན་པའི་ཕྱིར། དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་པ་དེ་ཐམས་ཅད་ལ་ངེས་སམ་ཞེ་ན། རྩ་བ། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །མངོན་ཤེས་སྤྲུལ་པ་མ་གཏོགས་པ། །བསྒྲིབས་པའི་གཟུགས་ཀྱིའང་འདོད་པ་ན། །གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །མ་བསྒྲིབས་ལ་ལུང་དུ་བསྟན་པ་མ་ཡིན་པའི་ཐོབ་པ་ལྷན་ཅིག་སྐྱེའི། སྔ་ཕྱིར་སྐྱེ་བ་མེད་དེ། སྟོབས་ཆུང་བའི་ཕྱིར། དེ་མ་བསྒྲིབས་ལུང་མ་བསྟན་ཐམས་ཅད་དུ་ངེས་སམ་ཞེ་ན། ལྷའི་མིག་དང་། རྣ་བའི་མངོན་ཤེས་དང་། སྤྲུལ་པའི་སེམས་དུས་གསུམ་པ་ཡོད་པ་མ་གཏོགས་ཏེ། སྦྱོར་བས་བསྒྲུབ་དགོས་པས་སྟོབས་དང་ལྡན་པའི་ཕྱིར། གཟུགས་ཁམས་ཀྱི་བསྒྲིབས་པའི་གཟུགས་ཀྱི་ཐོབ་པའང་ལྷན་ཅིག་སྐྱེ་བ་ཡིན་གྱི། སྔ་ཕྱིར་སྐྱེ་བ་མེད་དེ། ངོ་བོ་བེམ་པོ་ཡིན་པས་བླུན་པ་དང་། ཀུན་སློང་སྟོབས་ཆུང་བས་སྟོབས་ཆུང་བར་བཞག་པའི་ཕྱིར། འདོད་པ་ན་དགེ་མི་དགེའི་གཟུགས་ཀྱི་སྔར་ཐོབ་པ་སྐྱེ་བ་མེད་དེ། བེམ་པོ་ཡིན་པ་དང་། སེམས་ཀྱི་རྗེས་འབྲང་མ་ཡིན་པའི་ཕྱིར། གཉིས་པ་ནི། དགེ་ལ་སོགས་ཀྱི་དགེ་ལ་སོགས་ཞེས་བཤད་པ་མ་ཐོབ་པ་ལའང་ངེས་སམ་ཞེ་ན། །མ་ཐོབ་མ་བསྒྲིབས་ལུང་མ་བསྟན། །མ་ཐོབ་པ་ནི་མ་བསྒྲིབས་ལུང་མ་བསྟན་ཡིན་གྱི། དགེ་བ་མ་ཡིན་ཏེ། དགེ་རྩ་ཆད་པའི་རྒྱུད་ལའང་ཡོད་པའི་ཕྱིར། ཉོན་མོངས་ཅན་མིན་ཏེ། འདོད་ཆགས་དང་བྲལ་བའི་རྒྱུད་ལའང་ཡོད་པའི་ཕྱིར། དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་པ་མ་ཐོབ་པ་ལྔར་ངེས་སམ་ཞེ་ན། །འདས་མ་སྐྱེས་ཀྱི་དེ་རྣམ་གསུམ། །ཐོབ་བྱའི་ཆོས་འདས་པ་དང་མ་སྐྱེས་པའི་མ་ཐོབ་པ་དུས་རྣམ་པ་གསུམ་


DLL1003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཡོད་ཀྱི། ཐོབ་བྱའི་ཆོས་ད་ལྟར་བའི་མ་ཐོབ་པ་ད་ལྟར་བ་མེད་དེ། ཐོབ་བྱའི་ཆོས་ཇི་ལྟར་སྟོབས་ཆུང་ཡང་དེའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར། །འདོད་སོགས་གཏོགས་དང་དྲི་མེད་ཀྱིའང་། །འདོད་པ་ལ་སོགས་པའི་ཁམས་གསུམ་དུ་གཏོགས་པའི་ཆོས་ཀྱི་མ་ཐོབ་པ་དང་། དྲི་མ་མེད་པའི་ཆོས་འགོག་ལམ་གཉིས་ཀྱི་མ་ཐོབ་པའང་ཁམས་གསུམ་དུ་གཏོགས་ཏེ། འདོད་པའི་གང་ཟག་གི་རྒྱུད་ལ་ཆོས་གང་གི་མ་ཐོབ་པ་སྐྱེས་ཀྱང་འདོད་པར་གཏོགས། གཟུགས་ཀྱི་གང་ཟག་གི་རྒྱུད་ལ་ཆོས་གང་གི་མ་ཐོབ་པ་སྐྱེས་ཀྱང་གཟུགས་སུ་གཏོགས། གཟུགས་མེད་ཀྱི་གང་ཟག་གི་རྒྱུད་ལ་ཆོས་གང་གི་མ་ཐོབ་པ་སྐྱེས་ཀྱང་གཟུགས་མེད་ཁམས་སུ་གཏོགས་པའི་ཕྱིར། ལམ་བདེན་གྱི་ཐོབ་པ་ལམ་བདེན་ཡིན་པ་བཞིན་དུ། ལམ་བདེན་གྱི་མ་ཐོབ་པ་ཡང་ལམ་བདེན་ཡིན་ནམ་ཞེ་ན། མིན་ཏེ། རྩ་བ། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ་དེ་ཐོབ་དང་། །ས་འཕོས་ནས་ནི་རྣམ་ཉམས་འགྱུར། །ལམ་བདེན་གྱི་མ་ཐོབ་པ་སོ་སོའི་སྐྱེ་བོར་འདོད་ཀྱིས། འཕགས་པ་མ་ཡིན་པའི་ཕྱིར། ལམ་བདེན་གྱི་མ་ཐོབ་པ་དེ་གང་གིས་ཉམས་པར་འགྱུར་ཞེ་ན། ལམ་བདེན་དེ་ཐོབ་པ་དང་། ས་གོང་འོག་འཕོས་ནས་ནི་རྣམ་པར་ཉམས་པར་འགྱུར་རོ། །འོ་ན་ཐོབ་པའི་ཐོབ་པ་དང་། མ་ཐོབ་པའི་མ་ཐོབ་པ་སོགས་ཡོད་དམ་ཞེ་ན། ཡོད་དོ། །ཡོད་ན་ཐུག་མེད་དུ་འགྱུར་ཞེ་ན། དུས་གཅིག་གི་དབང་དུ་བྱས་ནས་ཐུག་མེད་དུ་འགྱུར་ཟེར་རམ། དུས་སྔ་ཕྱིའི་དབང་དུ་བྱས་ནས་འགྱུར་ཟེར། དང་པོ་ལྟར་ན། མི་འགྱུར་ཏེ། ཆོས་དགེ་བ་ལྟ་བུ་ཞིག་སྐྱེ་བའི་ཚེ་ན། དེའི་ཐོབ་པ་དེས་ཐོབ་བྱའི་ཆོས་དང་། ཐོབ་པའི་ཐོབ་པ་གང་ཟག་དེ་ལ་ལྡན་པར་བྱེད། ཐོབ་པའི་ཐོབ་པ་དེས་ཐོབ་པ་གང་ཟག་དེ་ལ་ལྡན་པར་བྱེད་པའི་ཕྱིར།


DLL1003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལྟར་ན། འདོད་དེ། ཆོས་དགེ་བ་ལྟ་བུ་ཞིག་སྐྱེ་བའི་ཚེ་ན། དེའི་ཐོབ་པ་དང་ཐོབ་པའི་ཐོབ་པ་ལྷན་ཅིག་སྐྱེ། དེའི་སྐད་ཅིག་གཉིས་པ་ལ་གསུམ་པོ་ཐོབ་བྱའི་ཆོས་སུ་བྱས་ནས། དེའི་ཐོབ་པ་གསུམ་དང་། ཐོབ་པའི་ཐོབ་པ་གསུམ་སྟེ་དྲུག་ལྷན་ཅིག་སྐྱེ། སྐད་ཅིག་གསུམ་པ་ལ་དགུ་པོ་ཐོབ་བྱའི་ཆོས་སུ་བྱས་ནས། དེའི་ཐོབ་པ་དགུ་དང་ཐོབ་པའི་ཐོབ་པ་དགུ་ལྷན་ཅིག་སྐྱེ་བ་ལ་སོགས་པ་ཡིན་པའི་ཕྱིར། མ་ཐོབ་པ་ནི་ཐོབ་བྱའི་ཆོས་དང་མི་ལྡན་ན། མ་ཐོབ་པའི་མ་ཐོབ་པ་སྐྱེའི་གཞན་མེད་དེ། ཐོབ་བྱའི་ཆོས་དང་ལྡན་མི་ལྡན་གཉིས་སུ་ངེས་པའི་ཕྱིར། གཉིས་པ་ནི། སྐལ་མཉམ་ཞེས་བཤད་ན། དེ་གང་ཞེ་ན། །སྐལ་མཉམ་སེམས་ཅན་འདྲ་བའོ། །སྐལ་མཉམ་ཞེས་བྱ་བ་ནི། སེམས་ཅན་རྣམས་སྤྱོད་པ་དང་བསམ་པ་དང་རང་བཞིན་འདྲ་བར་བྱེད་པའི་རྫས་སོ། །དབྱེ་ན། ཐ་དད་དང་། ཐ་དད་མིན་པ་གཉིས། ཕྱི་མ་ནི་སེམས་ཅན་ཙམ་དུ་འདྲ་བར་བྱེད་པའི་རྫས་ཤིག་གོ །སེམས་ཅན་ཐམས་ཅད་ལ་སྐལ་མཉམ་གྱི་རྫས་རེ་རེ་ཡོད་པས། རྫས་ཐ་དད་ཀྱང་རིགས་གཅིག་པས། ཐ་དད་མ་ཡིན་པ་ཞེས་བརྗོད་དོ། །དང་པོ་ནི་ལྷ་དང་མི་དང་དགེ་ཚུལ་སོགས་ནང་ཕན་ཚུན་འདྲ་བར་བྱེད་པའི་རྫས་ཞིག་གོ །སྐལ་མཉམ་རྫས་སུ་ཡོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དེ་དག་ལ་སྒྲ་བློ་མཐུན་པར་འཇུག་པའི་ཕྱིར་དང་། མདོ་ལས། རྒྱ་ལ་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་། ཞེས་གསུངས་པའི་ཕྱིར། སློབ་དཔོན་ན་རེ། ཕྱི་རོལ་གྱི་ས་ལུ་སོགས་ལའང་སྐལ་མཉམ་གྱི་རྫས་ཡོད་པར་ཐལ། དེ་དག་ལ་སྒྲ་བློ་མཐུན་པར་འཇུག་པའི་ཕྱིར། རྒྱ་ལ་གལ་ཏེ་ཞེས་


DLL1003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱང་དེའི་སྒྲུབ་བྱེད་དུ་མི་རུང་སྟེ། དེ་ནི་མིར་སྐྱེས་པའི་འདུ་བྱེད་ཙམ་འདྲ་པ་ལ་དགོངས་པའི་ཕྱིར། གཞན་ཡང་། བྱེ་བྲག་པའི་གཞུང་བཙུགས་པ་ཡིན་ཏེ། གསལ་བ་ལས་རྫས་ཐ་དད་པའི་སྤྱི་ཁས་བླངས་པའི་ཕྱིར་རོ། །ཞེས་གསུང་ངོ་། །གསུམ་པ་ནི། འདུ་ཤེས་མེད་སྙོམས་འཇུག །ཅེས་བཤད་ན། འདུ་ཤེས་མེད་པ་བ་དེ་ཇི་ལྟ་བུ་ཞེ་ན། །འདུ་ཤེས་མེད་པ་པ་འདུ་ཤེས། །མེད་པར་སེམས་དང་སེམས་བྱུང་རྣམས། །འགོག་པའོ་རྣམ་སྨིན་དེ་འབྲས་ཆེ། །འདུ་ཤེས་མེད་པ་བ་ནི། འདུ་ཤེས་མེད་པར་སྐྱེས་པའི་གང་ཟག་གི་རྒྱུད་ལ་སེམས་དང་སེམས་བྱུང་རྣམས་འགོག་པར་བྱེད་པའི་རྫས་ཤིག་གོ །ཡུན་ཇི་སྲིད་ཅིག་ཏུ་འགོག་ཅེ་ན། གདགས་པར། བསྐལ་པ་ཆེན་པོ་ལྔ་བརྒྱའི་བར་དུའོ། །ཐམས་ཅད་དུ་ངེས་སམ་ཞེ་ན། མ་ངེས་ཏེ། སྒྲ་མི་སྙན་མ་གཏོགས་པ་དུས་མ་ཡིན་པར་འཆི་བ་ཡོད་པའི་ཕྱིར། དེའི་རྒྱུད་ལ་སེམས་གཏན་ནས་མེད་དམ་ཞེ་ན། ཡོད་དེ། སྐྱེ་བ་དང་། འཆི་བའི་ཚེ་སེམས་མངོན་དུ་འགྱུར་པའི་ཕྱིར། ཞེས་གསུང་། འདུ་ཤེས་མེད་པ་བ་དེ་བྱུང་བ་གསུམ་གྱི་ནང་ནས་གང་ཡིན་ཞེ་ན། འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པའི་རྣམ་སྨིན་ཡིན་ཏེ། དེ་བསྒོམས་པ་ལས་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བའི་ཕྱིར། སེམས་ཅན་དེ་གང་ན་གནས་ཞེ་ན། འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གནས་ཀྱི་གནས་གཞན་མེད་དེ། དཔེར་ན་ཚངས་པ་ཆེན་པོ་དེ་ལ་ཚངས་པ་མདུན་ན་འདོན་ལས་གནས་གཞན་མེད་པ་བཞིན་ནོ། །འདུ་ཤེས་མེད་པའི་སེམས་ཅན་དེ་ཕྱི་མ་ལ་གང་དུ་སྐྱེ་ཞེ་ན། དེ་ཕྱི་མ་ལ་འདོད་པར་སྐྱེ་སྟེ། དེ་ཚེ་སྔ་མར་འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་


DLL1003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནུས་པ་ཟད་ཅིང་། ཚེ་འདིར་སེམས་མེད་པས་ལས་གསར་དུ་མ་བསགས་པའི་ཕྱིར། ཕྱི་མ་ལ་འདོད་པར་སྐྱེ་བའི་རྒྱུ་མཚན་ཡོད་དེ། དེའི་རྒྱུད་ལ་ཕྱི་མ་ལ་འདོད་པར་སྐྱེ་བའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡོད་པའི་ཕྱིར། དཔེར་ན། བྱང་སྒྲ་མི་སྙན་པ་དེ་ཕྱི་མ་ལ་འདོད་པར་སྐྱེ་བ་བཞིན་ནོ། །བཞི་པ་ལ། འདུ་ཤེས་མེད་པའི་སྙོམས་འཇུག་བཤད། འགོག་པའི་སྙོམས་འཇུག་བཤད། དེ་གཉིས་ཀྱི་རྟེན་ཐུན་མོང་དུ་བཤད་པའོ། །དང་པོ་ནི། །དེ་བཞིན་འདུ་ཤེས་མེད་སྙོམས་འཇུག།། །བསམ་གཏན་ཐ་མར་འབྱུང་འདོད་པས། །འདུ་ཤེས་མེད་པ་བ་དེ་བཞིན་དུ། འདུ་ཤེས་མེད་པའི་སྙོམས་འཇུག་ཅེས་བྱ་བ་དེ་ཡང་། སྙོམས་པར་ཞུགས་ནས་མ་ལྡངས་ཀྱི་བར་དུ་སེམས་སེམས་བྱུང་འགོག་པར་བྱེད་པའི་རྫས་སོ། །དེ་ས་གང་གིས་བསྡུས་ཤེ་ན། བསམ་གཏན་གྱི་ཐ་མ་བཞི་པར་གཏོགས་ཏེ། འདི་བསྒོམས་པས་བསམ་གཏན་བཞི་པར་སྐྱེ་བའི་ཕྱིར། ཡིད་བྱེད་དམ་ཀུན་སློང་ཇི་ལྟ་བུས་སྙོམས་པར་འཇུག་ཅེ་ན། འཁོར་བ་ལས་ཡིད་ངེས་པར་འབྱུང་བ་ཐར་པ་འདོད་པས་ཡིན་ཏེ། འདུ་ཤེས་མེད་པ་ལ་ཐར་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་ལ་ཐར་ལམ་དུ་འདུ་ཤེས་ནས་སྙོམས་པར་འཇུག་པའི་ཕྱིར། དགེ་མ་དགེ་ལུང་མ་བསྟན་གང་ཡིན་ཞེ་ན། །དགེ་བའོ་སྐྱེས་ནས་མྱོང་འགྱུར་ཉིད། །འཕགས་པའི་མ་ཡིན་དུས་གཅིག་འཐོབ། །ཀུན་སློང་གི་སྒོ་ནས་དགེ་བ་ཡིན་ཏེ། འདུ་ཤེས་མེད་པའི་སྙོམས་འཇུག་ལ་ཐར་ལམ་དུ་འདུ་ཤེས་པའི་ཕྱིར། མྱོང་འགྱུར་གསུམ་གྱི་ནང་ནས་གང་ཡིན་ཞེ་ན། སྐྱེས་ནས་མྱོང་འགྱུར་ཡིན་ཏེ། འདི་བསྒོམས་པ་ལ་བརྟེན་ནས་ཕྱི་མ་ལ་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བའི་ཕྱིར། དཔེར་ན། བྱང་སྒྲ་མི་སྙན་པ་ཕྱི་མ་ལ་འདོད་ལྷར་སྐྱེ་བར་ངེས་པ་བཞིན། གང་ཟག་གང་


DLL1003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡིན་ཞེ་ན། སོ་སྐྱེའི་སྙོམས་འཇུག་ཡིན་གྱི་འཕགས་པའི་མ་ཡིན་ཏེ། འདི་བསྒོམས་པ་ལས་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བ་གང་ཞིག །འཕགས་པས་དེ་རྣམ་པར་ལྟུང་བ་ངན་སོང་གི་གནས་ལྟ་བུར་གཟིགས་པའི་ཕྱིར། འཕགས་པའི་རྒྱུད་ལ་བསམ་གཏན་བཞི་པའི་སས་བསྡུས་ཀྱི་དགེ་བ་སྐྱེས་པའི་ཚེ། དེའི་ཐོབ་པ་དུས་གསུམ་པ་ཡོད་པ་ལྟར། འདིའི་ཐོབ་པ་དུས་གསུམ་པ་ཡོད་དམ་ཞེ་ན། འདིའི་དུས་གཅིག་པའི་ཐོབ་པ་སྐྱེ་བ་ཡིན་གྱི། སྔ་ཕྱིར་འབྱུང་བ་མེད་དེ། སེམས་མེད་ཡིན་པ་དང་། མངོན་པར་བརྩོན་པ་དང་བཅས་ཏེ་བསྒྲུབ་དགོས་པའི་ཕྱིར། གཉིས་པ་ནི། །འགོག་པ་ཞེས་པའང་དེ་བཞིན་ཉིད། །འདི་གནས་དོན་དུ་སྲིད་རྩེ་སྐྱེ། །འགོག་པའི་སྙོམས་འཇུག་ཅེས་པའང་འདུ་ཤེས་མེད་པ་བ་དེ་བཞིན་དུ། མཚུངས་ལྡན་འགོག་བྱེད་ཀྱི་རྫས་ཉིད་ཡིན་ནོ། །ཡིད་བྱེད་ཇི་ལྟ་བུས་སྙོམས་པར་འཇུག་ཅེ་ན། ཚེ་འདི་ལ་བདེ་བར་གནས་པའི་དོན་དུ་འཇུག་པ་ཡིན་ནོ། །ས་གང་གིས་བསྡུས་ཤེ་ན། སྲིད་རྩེར་སྐྱེས་པའི་སས་བསྡུས་པ་ཡིན་ཏེ། འདི་བསྒོམས་པས་སྲིད་རྩེར་སྐྱེ་བའི་ཕྱིར་དང་། ཁམས་གསུམ་གྱི་སེམས་ཕྲ་བ་སྲིད་རྩེའི་སེམས་ཡིན་ལ། དེ་ཡང་ཆེས་ཕྲ་བར་བྱས་པའི་འཇུག་ཐོགས་སུ་འགོག་པ་ལ་སྙོམས་པར་འཇུག་པའི་ཕྱིར། དགེ་མི་དགེ་ལུང་མ་བསྟན་གང་ཡིན་ཞེ་ན། །དགེ་བའོ་གཉིས་སུ་མྱོང་འགྱུར་དང་། །མ་ངེས་འཕགས་པའི་སྦྱོར་བས་འཐོབ། །ཀུན་སློང་གི་སྒོ་ནས་དགེ་བ་ཡིན་ཏེ། མཐོང་ཆོས་ལ་བདེ་བར་གནས་པའི་ཆེད་དུ་སྙོམས་པར་འཇུག་པའི་ཕྱིར། མྱོང་འགྱུར་གསུམ་པོ་གང་ཡིན་ཞེ་ན། སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་གཉིས་སུ་མྱོང་འགྱུར་དང་། རྣམ་སྨིན་མྱོང་བར་མ་ངེས་པ་གསུམ་ཡོད་དེ། རིམ་པ་


DLL1003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འགོག་པའི་སྙོམ་པ་འཇུག་སྒོམ་པའི་ཚེ་དེའི་ཕྱི་མ་ལ་སྲིད་རྩེར་སྐྱེ་བ་དང་། དེ་སྒོམ་པའི་ཚེ་ཕྱི་མ་དེའི་ཡང་ཕྱི་མ་ཕན་ཆད་ལ་དེར་སྐྱེ་བ་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བ་གསུམ་ཡོད་པའི་ཕྱིར། སྐྱེ་འཕགས་གང་གི་ཡིན་ཞེ་ན། འཕགས་པའི་ཡིན་གྱི་སོ་སྐྱེའི་མ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱི་སྟོབས་ཀྱིས་འཐོབ་དགོས་པའི་ཕྱིར། གང་གིས་འཐོབ་ཅེ་ན། སྦྱོར་བས་འཐོབ་ཀྱི་འདོད་ཆགས་དང་བྲལ་བས་འཐོབ་པ་མ་ཡིན་ཏེ། སེམས་མེད་ཀྱི་སྙོམས་འཇུག་གང་ཞིག །སྔར་འཁོར་བར་འདྲིས་མ་མྱོང་བའི་ཆོས་ཡིན་པའི་ཕྱིར། །ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། །འོན་ཀྱང་ཐུབ་པའི་འགོག་པའི་སྙོམས་འཇུག་དེ་བྱང་ཆུབ་ཟད་པ་ཤེས་པ་བརྙེས་ནས་ཐོབ་པ་ཡིན་གྱིས། སྦྱོར་བས་ཐོབ་པར་བྱ་བ་མ་ཡིན་ཏེ། ཐུབ་པ་ལ་སྦྱོར་བ་ལས་བྱུང་བའི་ཆོས་ཅུང་ཟད་ཀྱང་མི་མངའ་བའི་ཕྱིར། དེ་ལ་ཁ་ཆེའི་ནུབ་ཕྱོགས་ན་གནས་པའི་བྱེ་བྲག་སྨྲ་བ་ཁ་ཅིག་ན་རེ། གནས་བརྟན་ཉེ་སྲུངས་ཀྱི་ལུགས་ཀྱི་བསྟན་བཅོས་ལས། དེ་བཞིན་གཤེགས་པས་དང་པོར་འགོག་པའི་སྙོམས་འཇུག་བསྐྱེད་ནས་ཟད་པ་ཤེས་པ་བསྐྱེད་པར་མཛད་དོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས། སྲིད་རྩེའི་སེམས་ཐོབ་པའི་བྱང་ཆུབ་སེམས་དཔའ་དེས། དང་པོར་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་མཐོང་ལམ་བསྐྱེད། དེ་ནས་སྲིད་རྩེའི་སེམས་མངོན་དུ་བྱས་ནས་འགོགས་པ་སྙོམས་པར་ཞུགས། དེ་ལས་ལངས་ནས་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་ཟད་པ་ཤེས་པ་བསྐྱེད་པར་མཛད་དོ་ཞེ་ན། །དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །བྱང་སེམས་དེ་སངས་མ་རྒྱས་པའི་དང་པོར་འགོག་པའི་སྙོམས་འཇུག་མངོན་དུ་བྱས་པ་མ་ཡིན་པར་


DLL1003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། དེས་ཟག་པ་མེད་པའི་ལམ་སྐད་ཅིག་མ་སུམ་ཅུ་རྩ་བཞི་པར་མ་ཆད་དུ་བསྐྱེད་ནས། བྱང་ཆུབ་ཟད་པ་ཤེས་པ་ཐོབ་པའི་ཕྱིར། སྐད་ཅིག་མ་སུམ་ཅུ་རྩ་བཞི་གང་ཞེ་ན། བདེན་པ་མངོན་པར་རྟོགས་པ་སྐད་ཅིག་མ་བཅུ་དྲུག །སྲིད་རྩེའི་ཉོན་མོངས་སྤོང་བར་བྱེད་པའི་བར་ཆད་མེད་ལམ་དགུ། རྣམ་གྲོལ་ལམ་དགུའོ། །ཁོ་ན་རེ། ཟག་མེད་ཀྱི་ལམ་བར་མ་ཆད་དུ་བསྐྱེད་པ་རྟགས་མ་གྲུབ་སྟེ། བར་དུ་འགོག་པ་ལ་སྙོམས་པར་ཞུགས་པའི་ཕྱིར་ཞེ་ན། འོ་ན་བྱང་སེམས་དེ་བསམ་པ་མི་བརྟན་པ་ལྡང་བ་ཅན་ཡིན་པར་ཐལ། དེས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཟག་མེད་ཀྱི་ལམ་ལས་ལྡང་བར་མི་བྱའོ་སྙམ་དུ་དགོངས་པ་གང་ཞིག །བར་དུ་འཇིག་རྟེན་པའི་ལམ་མངོན་དུ་བྱས་པའི་ཕྱིར། འདོད་མི་ནུས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པས་དམ་བཅའ་བརྟན་པ་ཡོད་པའི་ཕྱིར་ཞེ་ན། ཉི་འོག་པ་ན་རེ། བྱང་སེམས་དེ་བསམ་པ་སྡང་བ་ཅན་མ་ཡིན་མོད། དེས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཟག་མེད་ཀྱི་ལམ་ལས་ལྡང་བར་མི་བྱའོ་སྙམ་དུ་དགོངས་པ་མིན་གྱི། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་ཀྲུང་བཤིགས་པར་མི་བྱའོ་སྙམ་དུ་དགོངས་པ་ཡིན་ཏེ། སྟོན་ཐོག་གཅིག་ལ་དོན་ཐམས་ཅད་མངོན་དུ་འགྱུར་བའི་ཕྱིར། ཞེས་ཟེར། གསུམ་པ་ནི། །གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པའི་སྙོམས་འཇུག་དེ་གང་གི་རྟེན་ལ་མངོན་དུ་བྱེད་ཅེ་ན། གཉིས་ཀ་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་གྱི། འདུ་ཤེས་མེད་པའི་སྙོམས་འཇུག་གཟུགས་མེད་ཀྱི་རྟེན་ལ་མངོན་དུ་བྱེད་པ་མ་ཡིན་ཏེ། དེ་བསམ་གཏན་བཞི་པའི་སས་བསྡུས་ཡིན་པའི་ཕྱིར།


DLL1003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པའི་སྙོམས་འཇུག་གཟུགས་མེད་ཀྱི་རྟེན་ལ་མངོན་དུ་བྱེད་པ་མ་ཡིན་ཏེ། གཟུགས་མེད་ཁམས་སུ་གཟུགས་མེད་ལ་མཚུངས་ལྡན་ཐམས་ཅད་བཀག་ན། ལྡན་མིན་འདུ་བྱེད་འབའ་ཞིག་གིས་གནས་པར་མི་ནུས་པས། དེ་མ་ཐག་མྱ་ངན་ལས་འདའ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། འོ་ན་དེ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། །འགོག་པ་དང་པོར་མིའི་ནང་དུ། །འགོག་པའི་སྙོམས་འདུག་དང་པོར་མིའི་ནང་དུ་སྐྱེད་དེ། མི་དེ་ཚོར་འདུ་རགས་པས་སྐྱོ་བ་སྐྱེ་སླ་ཞིང་བློ་གསལ་བའི་ཕྱིར། ཕྱིས་ནི་གཟུགས་ཀྱི་རྟེན་ལ་སྐྱེད་པ་ཡོད་དོ། །འདུ་ཤེས་མེད་པའི་སྙོམས་འཇུག་དེ་དང་པོར་གཟུགས་གྱི་རྟེན་ལ་སྐྱེད་པར་བྱེད་དོ། །འདི་ཚོར་འདུ་རགས་པ་ཞི་བའི་ཕྱིར་དུ་མ་ཡིན་གྱི། འདུ་ཤེས་མེད་པའི་སྙོམས་འཇུག་ལ་ཐར་ལམ་དུ་འདུ་ཤེས་ནས་འཇུག་པའི་ཕྱིར། ལྔ་པ་ནི། སྲོག་དང་ཞེས་བཤད་ན། སྲོག་དེ་གང་ཞེ་ན། །སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །སྲོག་ནི་ཚེ་ཡིན་ཏེ། གདགས་པའི་བསྟན་བཅོས་ལས། སྲོག་གང་ཞེ་ན། ཁམས་གསུམ་པའི་ཚེ་འོ། །ཞེས་གསུངས་པའི་ཕྱིར་ཚེ་གང་ཞེ་ན། ཚེ་ནི་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་པ་གང་ཡིན་པའོ། །དེ་ཡང་འདོད་པ་དང་གཟུགས་སུ་དྲོད་དང་རྣམ་ཤེས་གཉིས་ཀའི་རྟེན་ཡིན་ལ། གཟུགས་མེད་ཁམས་སུ་ནི་རྣམ་ཤེས་ཁོ་ནའི་རྟེན་ཡིན་ནོ། །ཚེའི་རྟེན་གང་ཡིན་ཞེ་ན། དྲོད་དང་རྣམ་ཤེས་སོ། །མདོ་སྡེ་པ་ན་རེ། ཚེ་དང་དྲོད་དང་རྣམ་ཤེས་ལྡོག་པ་མེད་པར་ཐལ། ཕན་ཚུན་རྟེན་ཡིན་པས་ཚེ་མ་ལོག་པར་དྲོད་དང་རྣམ་ཤེས་མི་ལྡོག །དེ་གཉིས་མ་ལོག་པར་ཚེ་མི་ལྡོག་པའི་ཕྱིར་ཟེར། བྱེ་བྲག་སྨྲ་བས་སྐྱོན་དེ་སྤང་བར་འདོད་ནས། དྲོད་དང་རྣམ་ཤེས་ཚེའི་རྟེན་མ་ཡིན་གྱི། སྔོན་གྱི་ལས་


DLL1003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཚེའི་རྟེན་ཡིན་ཏེ། སྔོན་གྱི་ལས་ཀྱིས་ཇི་ལྟར་འཕངས་པ་ལྟར་ཚེ་གནས་པའི་ཕྱིར། འོ་ན་ལས་དེ་རྣམ་ཤེས་ཀྱི་རྟེན་མ་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། མ་ཡིན་ཏེ། ཡིན་ན་རྣམ་ཤེས་དེ་རྣམ་སྨིན་དུ་འགྱུར་བ་ལས། རྣམ་ཤེས་ལ་དགེ་མི་དགེ་དུ་མ་ཡོད་པའི་ཕྱིར། འོ་ན་ཚེ་ཟད་པ་ཁོ་ནས་འཆི་འམ་ཞེ་ན། འདི་ལ་མུ་བཞི་ཡོད་དེ། ཚེ་ཟད་ལ་བསོད་ནམས་མ་ཟད་པར་འཆི་བ་ནི། ཚེ་རྣམ་པར་སྨིན་པའི་ལས་ཟད། ལོངས་སྤྱོད་རྣམ་པར་སྨིན་པར་འགྱུར་བའི་ལས་མ་ཟད་པ་ལྟ་བུའོ། །ཚེ་མ་ཟད་ལ་བསོད་ནམས་ཟད་ནས་འཆི་བ་ནི། ཚེ་རྣམ་སྨིན་གྱི་ལས་མ་ཟད་པར་ལོངས་སྤྱོད་རྣམ་སྨིན་གྱི་ལས་ཟད་ནས་འཆི་བ་ལྟ་བུའོ། །གཉིས་ཀ་ཡིན་པ་ནི། ཚེ་དང་བསོད་ནམས་རྣམ་སྨིན་གྱི་ལས་གཉིས་ཀ་ཟད་ནས་འཆི་བ་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི། ཚེ་རྣམ་པར་སྨིན་པར་འགྱུར་བའི་ལས་དང་། ལོངས་སྤྱོད་རྣམ་པར་སྨིན་པར་འགྱུར་བའི་ལས་གཉིས་ཀ་མ་ཟད་པར་དུས་མ་ཡིན་པར་འཆི་བ་ལྟ་བུའོ། །དྲུག་པ་ནི། །མཚན་ཉིད་དག་ནི་སྐྱེ་བ་དང་། །རྒ་དང་གནས་དང་མི་རྟག་ཉིད། །མཚན་ཉིད་དག་ནི། སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་ཉིད་དོ། །དེ་ཡང་ཆོས་དེ་འདུས་བྱས་སུ་མཚོན་པས་ན་མཚན་ཉིད། སྐྱེ་བ་ནི་སྐྱེ་བར་བྱེད་པ་དང་། རྒ་བ་ནི་རྒས་པར་བྱེད་པ་དང་། གནས་པ་ནི་གནས་པར་བྱེད་པ་དང་། མི་རྟག་པ་ནི་འཇིག་པར་བྱེད་པའོ། །མཚན་ཉིད་བཞི་ཡོད་ན། མདོ་ལས། གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ཏེ། འདུས་བྱས་སྐྱེ་བར་ཡང་མངོན། འཇིག་པར་ཡང་མདོན། གནས་པ་ལས་གཞན་དུ་འགྱུར་བར་ཡང་མངོན། ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། བྱེ་བྲག་སྨྲ་པ་ན་རེ། སེམས་ཅན་རྣམས་འཁོར་


DLL1003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སྐྱོ་བ་བསྐྱེད་པའི་ཕྱིར་དུ། གནས་པ་དངོས་སུ་མ་གསུངས་པ་ཡིན་གྱི། གནས་པ་མེད་པ་མ་ཡིན་ནོ་ཟེར། ཁ་ཅིག །གནས་པ་ཡང་བསྟན་ཏེ། གནས་པ་ལས་གཞན་དུ་འགྱུར་བར་མངོན་ཞེས་གནས་པ་གཞན་འགྱུར་དང་སྦྲེལ་ནས་བསྟན་ཏེ། དེ་དེ་དང་སྦྲེལ་ནས་བསྟན་པ་ལ་དགོས་པ་གང་ཡོད་ཅེ་ན། ཡོད་དེ། གནས་པ་ཆགས་པའི་གཞི་ཡིན་ལ། དེ་ལ་ཆགས་པ་མེད་པ་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་ཟེར། སྐྱེ་བ་ལ་སོགས་པ་ཡང་འདུས་བྱས་ཡིན་པས་སྐྱེ་བ་སོགས་གཞན་ཡོད་དམ་ཞེ་ན། །དེ་དག་སྐྱེ་བའི་སྐྱེ་ལ་སོགས། །ཡོད་པ་ཡིན་ཏེ། སྐྱེ་བ་སོགས་དེ་དག་ལ་ཡང་སྐྱེ་བའི་སྐྱེ་བ་ལ་སོགས་པ་ཡོད་པའི་ཕྱིར། སྐྱེ་བའི་སྐྱེ་བ་སོགས་ཀྱང་འདུས་བྱས་ཡིན་པས་སྐྱེ་བ་སོགས་ཡོད་དགོས་ལ། དེ་ལྟ་ན་ཐུག་མེད་དུ་འགྱུར་ཞེ་ན། མི་འགྱུར་ཏེ། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག །བུམ་པ་ལྟ་བུ་ཞིག་སྐྱེ་བའི་ཚེ་ན། སྐྱེ་བ་དེ་ཆོས་བརྒྱད་དང་། སྐྱེ་བའི་སྐྱེ་བ་དེ་ཆོས་གཅིག་ལ་བྱེད་པ་འཇུག་པའི་ཕྱིར། ཇི་ལྟར་ན། བུམ་པ་ལྟ་བུ་ཞིག་སྐྱེ་བའི་ཚེ་ན། རང་དང་སྐྱེ་སོགས་བཞི་དང་སྐྱེ་བའི་སྐྱེ་བ་སོགས་བཞི་སྟེ་དགུ་ལྷན་ཅིག་སྐྱེ་ལ། དེའི་ཚེ་སྐྱེ་བ་དེས་རང་མ་གཏོགས་པའི་ཆོས་བརྒྱད་སྐྱེད་ལ། སྐྱེ་བའི་སྐྱེ་བ་དེས་སྐྱེ་བ་གཅིག་པུ་སྐྱེད་པའི་ཕྱིར། མདོ་སྡེ་པ་ན་རེ། བྱེ་བྲག་སྨྲ་བས་ཀུན་བརྟགས་པའི་སྐྱེ་སོགས་འདི་མ་གྲུབ་སྟེ། དེ་མངོན་རྗེས་ཀྱིས་ཀྱང་མ་གྲུབ། ལུང་ལས་ཀྱང་མ་བཤད་པའི་ཕྱིར། ཞེ་ན། བྱེ་བྲག་སྨྲ་བ་ན་རེ། ལུང་ལས་མ་གསུངས་པའི་སྐྱོན་མེད་དེ། གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ཏེ། འདུས་བྱས་སྐྱེ་བར་ཡང་མངོན་ཞེས་སོགས་གསུངས་པའི་ཕྱིར། ཞེས་ཟེར། མདོ་སྡེ་པ་ན་རེ། དེ་ནི་བྱིས་


DLL1003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་འདུ་བྱེད་ཀྱི་རྒྱུན་ལ་བདག་དང་བདག་གི་བར་མངོན་པར་ཞེན་པ་ཡིན་པས། མངོན་ཞེན་དེ་བཟློག་པའི་ཕྱིར་དུ་འདུ་བྱེད་ཀྱི་རྒྱུན་གྱི་དབང་དུ་བྱས་ནས་སྐྱེ་བ་སོགས་གསུངས་ཀྱི། སྐད་ཅིག་མ་གཅིག་གི་དབང་དུ་བྱས་ནས་མ་གསུངས་པའི་ཕྱིར། འོ་ན་འདུ་བྱེད་ཀྱི་རྒྱུན་ལ་སྐྱེ་བ་སོགས་ཇི་ལྟར་ཡོད་ཅེ་ན། ཡོད་དེ། རྒྱུན་གྱི་དང་པོ་སྐྱེ་བ་དང་། རྒྱུན་གྱི་རྗེས་སུ་མཐུན་པར་འཇུག་པ་གནས་པ་དང་། རྒྱུན་སྔ་ཕྱིའི་བྱེ་བྲག་རྒ་བ་དང་། རྒྱུན་ལྡོག་པ་འཇིག་པ་ཡིན་པའི་ཕྱིར་ཞེས་ཟེར་རོ། །སྐྱེ་བ་མ་འོངས་པས་ཆོས་དེ་སྐྱེད་ན། ཆོས་ཐམས་ཅད་ཅིག་ཅར་སྐྱེ་བར་འགྱུར་པོ་ཞེ་ན། རྩ་བ། རྒྱུ་དང་རྐྱེན་དག་མེད་པར་ནི། །སྐྱེ་བས་བསྐྱེད་བྱ་སྐྱེད་བྱེད་མིན། །སྐྱེ་བས་བསྐྱེད་བྱའི་ཆོས་ཐམས་ཅད་ཅིག་ཅར་སྐྱེད་པ་མ་ཡིན་ཏེ། རྒྱུ་དང་རྐྱེན་དག་མེད་པར་ནི་སྐྱེད་མི་ནུས་པའི་ཕྱིར། བདུན་པ་ནི། རྩ་བ། མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས། །མིང་གི་ཚོགས་ལ་སོགས་པ་ཡང་ཞེས་བཤད་ན། དེ་གང་ཞེ་ན། མིང་གི་ཚོགས་ལ་སོགས་པ་ནི། མིང་དང་ངག་དང་ཡི་གེའི་ཚོགས་སོ། །དེ་དག་གི་ངོ་བོ་གང་ཞེ་ན། མིང་ནི་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ། དཔེར་ན། བུམ་པ་ཞེས་པ་ལྟ་བུ། ངག་དང་ཚིག་དོན་གཅིག་པས་ཚིག་ནི། དོན་གྱི་ཁྱད་པར་སྟོན་པའི་སྒྲ། དཔེར་ན། ཀྱི་མ་འདུས་བྱས་རྣམས་མི་རྟག །ཅེས་པ་ལྟ་བུ། ཡི་གེའི་ངོ་བོ་ནི། མིང་ཚིག་གཉིས་ཀྱི་གདགས་གཞིར་གྱུར་པའི་སྐད་ཀྱི་གདངས། དཔེར་ན། ཀ་ཞེས་པ་ལྟ་བུའོ། །ཚོགས་ནི་དུ་མའི་དོན་ནོ། །གསུམ་པ་ནི། མིང་ཚིག་ཡི་གེའི་ཚོགས་ཁམས་གསུམ་པོ་གང་དུ་གཏོགས། སེམས་ཅན་དུ་སྟོན་མི་སྟོན་གང་། བྱུང་བ་གསུམ་གྱི་ནང་ནས་གང་། དགེ་མི་དགེ་ལུང་མ་བསྟན་གང་ཞེ་ན། །འདོད་དང་གཟུགས་གཏོགས་སེམས་ཅན་སྟོན། །རྒྱུ་མཐུན་ལུང་བསྟན་མིན་གསུམ་པོ་དེ་འདོད་པ་དང་


DLL1003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཁམས་སུ་གཏོགས་ཀྱི། གཟུགས་མེད་ཁམས་ན་མེད་དེ། དེ་ན་སྒྲ་མེད་པའི་ཕྱིར། སེམས་ཅན་དུ་སྟོན་པ་ཡིན་ཏེ། རྒྱུད་ཀྱིས་བསྡུས་པའི་ཕྱིར། རྒྱུ་མཐུན་ལས་བྱུང་བ་ཡིན་ཏེ། སྐལ་མཉམ་ལས་བྱུང་བ་ཡིན་པའི་ཕྱིར། རྣམ་སྨིན་ལས་བྱུང་བ་མ་ཡིན་ཏེ། འདོད་དགུར་འབྱུང་བའི་ཕྱིར། རྒྱས་བྱུང་མིན་ཏེ། གཟུགས་ཅན་མ་ཡིན་པའི་ཕྱིར། མ་བསྒྲིབས་ལུང་མ་བསྟན་ཡིན་གྱིས། དགེ་བ་མིན་ཏེ། དགེ་རྩ་ཆད་པའི་གང་ཟག་གི་རྒྱུད་ལའང་ཡོད་པའི་ཕྱིར། ཉོན་མོངས་ཅན་མ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་རྒྱུད་ལའང་ཡོད་པའི་ཕྱིར། དེ་བཞིན་དུ་སྐལ་མཉམ་རྒྱུ་མཐུན་ལས་བྱུང་བ་དང་། སེམས་ཅན་དུ་སྟོན་པ་དང་། མ་བསྒྲིབས་ལུང་མ་བསྟན་ཡིན་ནོ། །རྣམ་པར་སྨིན་པའང་ཡིན་ཏེ། རྣམ་སྨིན་སྐྱེས་ཀྱི་མིག་སོགས་འདྲ་བར་བྱེད་པའི་རྫས་དེ་རྣམ་སྨིན་ཡིན་པའི་ཕྱིར། འདི་ཁམས་གསུམ་དུ་གཏོགས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་སེམས་ཅན་དུ་འདྲ་བར་བྱེད་པའི་རྫས་སམ། སྐལ་མཉམ་གྱི་རྫས་རེ་རེ་ཡོད་པའི་ཕྱིར། ཐོབ་པ་ཡང་རྒྱུ་མཐུན་ལས་བྱུང་བ་དང་། རྣམ་སྨིན་ལས་བྱུང་བ་རྣམ་པ་གཉིས་ཀ་ཡོད་པ་ཡིན་ནོ། །ཕྱི་མ་དེ་ཡིན་ཏེ། རྣམ་སྨིན་སྐྱེས་ཀྱི་མིག་སོགས་ཀྱི་ཐོབ་པ་དེ་རྣམ་སྨིན་ཡིན་པའི་ཕྱིར། མཚན་ཉིད་རྣམས་ཀྱང་རྒྱུ་མཐུན་ལས་བྱུང་བ་དང་། རྣམ་སྨིན་ལས་བྱུང་བ་ཡིན་ནོ། །སྙོམས་འཇུག་གཉིས་དང་། མི་ལྡན་པ་མ་ཐོབ་པ་དག་རྒྱུ་མཐུན་པ་ལས་བྱུང་བ་ཡིན་གྱི། རྣམ་སྨིན་ལས་བྱུང་བ་མ་ཡིན་ཏེ། སྙོམས་འཇུག་གཉིས་དགེ་བར་ངེས་ཤིང་། མི་ལྡན་པ་དེ་ཞར་བྱུང་ཡིན་གྱི་བློ་སྔོན་དུ་བཏང་བའི་ལས་ཀྱིས་མ་བྱས་པའི་ཕྱིར། གཉིས་པ་ཞར་ལ་


DLL1003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པ་ལ། རྒྱུ་འབྲས་བུ་དང་བཅས་པ་བཤད་པ་དང་། རྐྱེན་བཤད་པའོ། །དང་པོ་ལ། རྒྱུ་བཤད་པ། འབྲས་བུ་བཤད་པ། དེ་གཉིས་ཀྱི་ཐུན་མོང་གི་ཆོས་བཤད་པའོ། །དང་པོ་ལ། བསྟན། བཤད། དོན་བསྡུ་བ་གསུམ། དང་པོ་ནི། རྒྱུ་དང་རྐྱེན་དག་མེད་པར་ནི། །ཞེས་བཤད་ན། རྒྱུ་དེ་ལ་དུ་ཡོད་ཅེ་ན། རྩ་བ། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང་། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད་དེ། བྱེད་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་མཉམ་གྱི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་། ཀུན་འགྲོའི་རྒྱུ་དང་། རྣམ་སྨིན་གྱི་རྒྱུ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་དྲུག་ལས་དང་པོ་ནི། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །ཞེས་བཤད་ན། བྱེད་རྒྱུ་དེ་གང་ཞེ་ན། །རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཆོས་གཅིག་སྐྱེ་བའི་ཆན་རང་ལས་གཞན་པའི་ཆོས་ཐམས་ཅད་ཆོས་དེ་སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པས། བྱེད་རྒྱུའི་རྒྱུར་འཇོག་སྟེ། དཔེར་ན། རྒྱལ་པོས་འཚོ་བར་མ་བྱས་པ་ལ་རྒྱལ་པོས་བདག་བདེ་བར་བྱས་སོ་ཞེས་བརྗོད་པ་བཞིན་ནོ། །ཁོ་ན་རེ། ཆོས་གཅིག་སྐྱེ་བའི་ཚོ་རང་ལས་གཞན་པའི་ཆོས་ཐམས་ཅད་ཆོས་དེ་སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པ་མི་འཐད་དེ། མཐོང་སྤང་གིས་མཐོང་ལམ་སྐྱེ་བ་ལ་གེགས་བྱེད། ཉི་མའི་འོད་ཟེར་གྱིས་ཉིན་མོ་སྐར་འཛིན་ཤེས་པ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྐྱེ་བ་ནི་རྒྱུ་ཚོགས་པའི་དེ་མ་ཐག་ཏུ་འབྱུང་བ་ཡིན་ལ། དེ་ལ་གང་གིས་ཀྱང་གེགས་བྱེད་མི་ནུས་པའི་ཕྱིར། བྱེད་རྒྱུ་ཐམས་ཅད་ནུས་ལྡན་ཡིན་ཏེ། འདུས་མ་བྱས་ལ་དམིགས་ནས་ཡིད་ཀྱི་རྣམ་ཤེས་སྐྱེ། དེ་ལས་མིག་གི་རྣམ་ཤེས་སོགས་སྐྱེ་བའི་


DLL1003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཁོ་ན་རེ། སྐྱེ་བ་ལ་གེགས་བྱེད་ནུས་པས་གེགས་མ་བྱས་པ་བྱེད་རྒྱུ་ཡིན་མོད། སྐྱེ་བ་ལ་གེགས་བྱེད་མི་ནུས་པས་གེགས་མ་བྱས་པ་བྱེད་རྒྱུར་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། སྐྱེ་བ་ལ་གེགས་མི་བྱེད་པར་གནས་པ་ཙམ་གྱི་སྒོ་ནས་བྱེད་རྒྱུར་བཞག་པའི་ཕྱིར། དཔེར་ན། གནོད་པ་བྱེད་མི་ནུས་པའི་རྒྱལ་པོས་གནོད་པ་མ་བྱས་པ་ལ། བདག་རྒྱལ་པོས་བདེ་བར་བྱས་སོ་ཞེས་ཟེར་བ་བཞིན་ནོ། །གཉིས་པ་ལྷན་ཅིག་འབྱུང་བའི་རྒྱུ་ལ། མཚན་ཉིད་དང་། མཚན་གཞིའོ། །དང་པོ་ལྷན་ཅིག་འབྱུང་བའི་རྒྱུའི་མཚན་ཉིད་ནི། །ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །གང་ཕན་ཚན་འབྲས་བུར་གྱུར་པའི་སྒོ་ནས་ཕན་འདོགས་བྱེད་དོ། །གཉིས་པ་ལ་གཉིས། སྤྱིར་བསྟན་པ། སེམས་ཀྱི་རྗེས་འཇུག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལྷན་ཅིག་འབྱུང་བའི་རྒྱུ་དེའི་དཔེ་གང་ཞེ་ན། །འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང་། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །ལྷན་ཅིག་འབྱུང་བའི་འབྱུང་བ་བཞི་བཞིན་དང་། སེམས་གྱི་རྗེས་འཇུག་དང་སེམས་བཞིན་དང་། མཚན་ཉིད་སྐྱེ་བ་ལ་སོགས་པ་དང་མཚན་གཞི་བཞིན་ནོ། །གཉིས་པ་ནི། སེམས་ཀྱི་རྗེས་འཇུག་དང་ཞེས་བཤད་ན། དེ་གང་ཞེ་ན། །སེམས་ལས་བྱུང་དང་སྡོམ་གཉིས་དང་། །སེམས་དང་དེ་དག་གི་མཚན་ཉིད། །སེམས་ཀྱི་རྗེས་འཇུག་དུས་དང་ནི། །འབྲས་སོགས་དགེ་ལ་སོགས་པས་སོ། །སེམས་ལས་བྱུང་བ་དང་། བསམ་གཏན་ཟག་མེད་ཀྱི་སྡོམ་པ་གཉིས་དང་། སེམས་ཀྱི་མཚན་ཉིད་དང་། སེམས་བྱུང་དང་སྡོམ་པ་གཉིས་པོ་དེ་དག་གི་མཚན་ཉིད་སྐྱེ་བ་ལ་སོགས་པ་ཆོས་ཅན། སེམས་ཀྱི་རྗེས་འཇུག་ཡིན་ཏེ། སེམས་དང་དུས་སྐྱེ་འགག་གནས་གསུམ་གཅིག་པ་དང་། དེར་མི་གཅིག་ཀྱང་དུས་ཙམ་དུ་གཅིག་པ་དང་། སྐྱེས་བུ་བྱེད་འབྲས་དང་བདག་པོའི་འབྲས་བུར་གཅིག་པ་དང་། སོགས་པ་རྣམ་སྨིན་དང་། རྒྱུ་མཐུན་གྱི་འབྲས་བུར་གཅིག་པ་དང་། སེམས་དང་ངོ་བོ་དགེ་བ་དང་ལ་སོགས་པ་མི་


DLL1003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་དང་ལུང་མ་བསྟན་གང་རུང་དུ་གཅིག་པས་སོ། །སེམས་གང་གིས་ཆོས་དུའི་ལྷན་ཅིག་བྱེད་རྐྱེན་བྱེད་པ་ཡིན་ཞེ་ན། སེམས་ཀྱི་ནང་ནས་འཁོར་ཉུང་བ་མ་བསྒྲིབས་ལུང་མ་བསྟན་གྱིས་ཅོས་ལྔ་བཅུ་རྩ་བརྒྱད་ཀྱི་ལྷན་ཅིག་བྱེད་རྐྱེན་བྱེད་པ་ཡིན་ཏེ། སེམས་ཀྱིས་མང་བཅུ། དེ་དག་གི་མཚན་ཉིད་སྐྱེ་སོགས་བཞི་པཅུ། རང་གི་རྩ་བའི་མཚན་ཉིད་བཞི། རྗེས་མཐུན་གྱི་མཚན་ཉིད་བཞིའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ཕྱིར་ཕྱི་མ་གྲུབ་སྟེ། དེ་ལ་ཉེ་བ་དང་། སེམས་ཉིད་སྟོབས་དང་ལྡན་པའི་ཕྱིར། ཚུར་རྗེས་མཐུན་བཞི་མ་གཏོགས་པ་ལྔ་བཅུ་རྩ་བཞིས་ལྷན་ཅིག་བྱེད་རྐྱེན་བྱེད་ལ། བཞི་པོ་དེ་མ་གཏོགས་ཏེ། སེམས་ལས་སྟོབས་ཆུང་བའི་ཕྱིར། ཉི་འོག་པ་ན་རེ། སེམས་ཀྱི་ས་མང་བཅུའི་མཚན་ཉིད་བཞི་པཅུ་པོ་དེས་ཀྱང་ཚུར་ལྷན་ཅིག་བྱེད་རྐྱེན་མི་བྱེད་དེ། སྟོབས་ཆུང་བའི་ཕྱིར་ཟེར་བ་མི་འཐད་དེ། རབ་ཏུ་བྱེད་པ་ལས། འཇིག་ལྟ་དང་མཚུངས་ལྡན་གྱི་སེམས་བྱུང་གི་སྐྱེ་སོགས་འཇིག་ལྟའི་རྒྱུ་དང་རྒྱུ་མཐུན་དུ་བཤད་ཟིན་པའི་ཕྱིར་ཟེར། གསུམ་པ་སྐལ་མཉམ་གྱི་རྒྱུ་ནི། །སྐལ་མཉམ་རྒྱུ་ནི་འདྲ་བའོ། །འབྲས་བུ་དང་རིགས་འདྲ་བའོ། །རིགས་འདྲ་བའི་དོན་ཡང་དགེ་བ་ཟག་བཅས་དང་། ཟག་མེད་འདུས་བྱས་རྣམས་དང་། ཉོན་མོངས་ཅན་རྣམས་དང་། མ་བསྒྲིབས་ལུང་མ་བསྟན་རྣམས་སོ། །དེས་ན་ཕུང་པོ་ལྔ་པོ་དེ་སྐལ་མཉམ་གྱི་རྒྱུའོ། །རིགས་འདྲ་བ་ཐམས་ཅད་སྐལ་མཉམ་གྱི་རྒྱུ་ཡིན་ནམ་ཞེ་ན། །སྤང་བྱ་རིས་ལྔའི་ནང་ནས་རང་དང་རིགས་གཅིག་པ་རྣམས་ཡིན་གྱི། རིགས་མི་གཅིག་མ་ཡིན་ཏེ། དཔེར་ན། སྡུག་བསྔལ་མཐོང་སྤང་སྡུག་བསྔལ་


DLL1003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་སྤང་གི་སྐལ་མཉམ་གྱི་རྒྱུ་ཡིན་ཡང་། ཀུན་འབྱུང་མཐོང་སྤང་གི་སྐལ་མཉམ་གྱི་རྒྱུ་མ་ཡིན་ནོ། །དེ་ཡང་རང་དང་ས་གཅིག་པ་ཐམས་ཅད་སྐལ་མཉམ་གྱི་རྒྱུ་ཡིན་གྱི། ས་མི་གཅིག་པའི་མ་ཡིན་ཏེ། འདོད་པའི་སྡུག་བསྔལ་མཐོང་སྤང་དེ་འདོད་པའི་སྡུག་བསྔལ་མཐོང་སྤང་གི་སྐལ་མཉམ་གྱི་རྒྱུ་ཡིན་ཡང་། གཟུགས་ཀྱི་སྡུགས་བསྔལ་མཐོང་སྤང་གི་དེ་མ་ཡིན་པ་བཞིན་ནོ། །ས་གཅིག་པ་ཐམས་ཅད་ཡིན་ནམ་ཞེ་ན། །སྔར་སྐྱེས་བ་འདས་པ་དང་ད་ལྟར་བ་སྐལ་མཉམ་གྱི་རྒྱུ་ཡིན་གྱི། མ་འདས་པ་སྐལ་མཉམ་གྱི་རྒྱུ་མ་ཡིན་ཏེ། མ་འོངས་པ་ལ་གོ་རིམ་མེད་པའི་ཕྱིར། དེ་ཡང་འདས་པ་དེ་ད་ལྟར་བ་དང་། མ་འོངས་པའི་དེ་ཡིན། ད་ལྟར་བ་དེ་མ་འོངས་པའི་སྐལ་མཉམ་གྱི་རྒྱུ་ཡིན་ནོ། །ས་གཅིག་པ་དེ་སྐལ་མཉམ་ཐམས་ཅད་ལ་ངེས་སམ་ཞེ་ན། །།ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཟག་བཅས་ལ་ངེས་ཀྱི་ཟག་མེད་ས་དགུའི་ལམ་ནི། ཕན་ཚུན་དུ་མཉམ་པ་དང་ཁྱད་པར་ཅན་གྱི་སྐལ་པ་མཉམ་པའི་རྒྱུ་ཡིན་ཏེ། དཔེར་ན། དད་པའི་རྗེས་འབྲང་གི་ལམ་དེ། དད་པའི་རྗེས་འབྲང་ནས་མི་གཡོ་བའི་ཆོས་ཅན་གྱི་བར་གྱི་ལམ་གྱི་མཉམ་པ་དང་། ཁྱད་པར་ཅན་གྱི་སྐལ་པ་མཉམ་པའི་རྒྱུ་ཡིན་པ་བཞིན་དང་། མཐོམ་ལམ་དེ་མཐོང་ལམ་སྒོམ་ལམ་མི་སློབ་ལམ་གསུམ་གའི་སྐལ་མཉམ་གྱི་རྒྱུ་ཡིན། སྒོམ་ལམ་དེ་སྒོམ་ལམ་དང་མི་སློབ་ལམ་གྱི་དེ་ཡིན། མི་སློབ་ལམ་དེ་མི་སློབ་ལམ་གྱི་སྐལ་མཉམ་གྱི་རྒྱུ་ཡིན་ནོ། །འོ་ན་བསམ་གཏན་གཉིས་པའི་ལས་བསྡུས་ཀྱི་དད་པའི་རྗེས་འབྲང་གི་ཟག་མེད་ཀྱི་ལམ་དེ། བསམ་གཏན་དང་པོའི་སས་བསྡུས་ཀྱི་དད་པའི་རྗེས་འབྲང་གི་ལམ་ཟག་མེད་དེའི་མཉམ་པའི་སྐལ་མཉམ་གྱི་རྒྱུར་མི་འཐད་པར་ཐལ། བསམ་


DLL1003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དང་པོ་དེ་བསམ་གཏན་གཉིས་པ་ཡན་ཆད་ལས་དམན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་གཉིས་དབང་པོ་དང་རྒྱུ་རྒྱས་པས་མཉམ་པ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུར་འགྱུར་བའི་ཕྱིར། བསམ་གཏན་གཉིས་པའི་སས་བསྡུས་ཀྱི་དད་པའི་རྗེས་འབྲང་གི་ལམ་དེ་དང་། བསམ་གཏན་དང་པོའི་སས་བསྡུས་ཀྱི་དད་པའི་རྗེས་འབྲང་གི་ལམ་དེ་དབང་པོ་མཉམ་པ་ཡིན་ཏེ། དེ་གཉིས་དབང་པོ་རྟུལ་པོའི་ལམ་དུ་མཚུངས་པའི་ཕྱིར། བསམ་གཏན་གཉིས་པའི་སས་བསྡུས་ཀྱི་དད་པའི་རྗེས་འབྲང་གི་ལམ་ལས། བསམ་གཏན་དང་པོའི་སས་བསྡུས་ཀྱི་ཆོས་ཀྱི་རྗེས་འབྲང་གི་ལམ་ཁྱད་པར་དུ་གྱུར་པ་ཡིན་ཏེ། དབང་པོ་རྣོན་པོའི་ལམ་ཡིན་པའི་ཕྱིར། བསམ་གཏན་གཉིས་པའི་སས་བསྡུས་ཀྱི་མཐོང་ལམ་ལས། བསམ་གཏན་དང་པོའི་སས་བསྡུས་ཀྱི་ཟག་མེད་སྒོམ་ལམ་དེ་རྒྱུ་རྒྱས་པ་ལས་ཁྱད་པར་དུ་གྱུར་པ་ཡིན་ཏེ། ཟག་མེད་སྐལ་མཉམ་གྱི་རྒྱུ་རྒྱས་པ་ཡིན་པའི་ཕྱིར། མཉམ་པ་དང་ཁྱད་པར་ཅན་དེ་ཟག་མེད་ཁོ་ན་ལ་ངེས་སམ་ཞེ་ན། །སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན། །ཐོས་དང་བསམ་བྱུང་ལ་སོགས་པ། །ཟག་བཅས་སྦྱོར་བ་ལས་བྱུང་བདེ་ཡང་མཉམ་པ་དང་ཁྱད་པར་ཅན་དེ་གཉིས་ཁོ་ནའི་སྐལ་མཉམ་གྱི་རྒྱུ་ཡིན་ཏེ། དཔེར་ན། ཐོས་བྱུང་དེ་ཐོས་བསམ་སྒོམ་གསུམ་གྱི་སྐལ་མཉམ་གྱི་རྒྱུ་དང་། བསམ་བྱུང་དེ་བསམ་བྱུང་དང་སྒོམ་བྱུང་གི་སྐལ་མཉམ་གྱི་རྒྱུ་ཡིན། སྒོམ་བྱུང་དེ་སྒོམ་བྱུང་གི་སྐལ་མཉམ་གྱི་རྒྱུ་ཡིན། འདོད་པའི་ཐོས་བྱུང་དེ། རང་དང་འདོད་པའི་བསམ་བྱུང་གི་སྐལ་མཉམ་གྱི་རྒྱུ་ཡིན་གྱི། འདོད་པའི་སྒོམ་བྱུང་གི་སྐལ་མཉམ་གྱི་རྒྱུ་མ་ཡིན་ཏེ། འདོད་པའི་སྒོམ་བྱུང་མ་


DLL1003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ཕྱིར། གཟུགས་ཀྱི་ཐོས་བྱུང་སོགས་ཀྱི་རྒྱུ་མ་ཡིན་ཏེ། ས་མི་གཅིག་པའི་ཕྱིར། གཟུགས་ཀྱི་ཐོས་བྱུང་དེ། རང་དང་དེའི་སྒོམ་བྱུང་གི་སྐལ་མཉམ་གྱི་རྒྱུ་ཡིན་གྱི། དེའི་བསམ་བྱུང་གི་རྒྱུ་མིན་ཏེ། གཟུགས་ན་བསམ་བྱུང་མེད་པའི་ཕྱིར། འདོད་པའི་ཐོས་བྱུང་སོགས་ཀྱིའང་མ་ཡིན་ཏེ། འདོད་པའི་དེ་ཁོ་ལས་དམན་པའི་ཕྱིར། གཟུགས་མེད་ཀྱི་སྒོམ་བྱུང་དེ་དེའི་སྒོམ་བྱུང་གི་སྐལ་མཉམ་གྱི་རྒྱུ་ཡིན་གྱི། དེའི་ཐོས་བསམ་གྱི་སྐལ་མཉམ་གྱི་རྒྱུ་མ་ཡིན་ཏེ། དེ་ན་དེ་གཉིས་མེད་པའི་ཕྱིར། བཞི་པ་མཚུངས་ལྡན་གྱི་རྒྱུ་ནི། སེམས་དག་དང་སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །འོ་ན་སེམས་སེམས་བྱུང་ལྷན་ཅིག་འབྱུང་བའི་རྒྱུར་ཡང་བཤད། མཚུངས་ལྡན་གྱི་རྒྱུར་ཡང་བཤད་ན། ཁྱད་པར་ཅི་ཡོད་ཅེ་ན། ཕན་ཚུན་འབྲས་བུར་གྱུར་པས། ལྷན་ཅིག་འབྱུང་བའི་རྒྱུ་དང་། མཚུངས་ལྡན་ལྔས་མཚུངས་པར་ལྡན་པའི་སྒོ་ནས་མཚུངས་ལྡན་གྱི་རྒྱུ་ཡིན་ནོ། །དཔེར་ན། མགྲོན་པོ་རྣམས་ཕན་ཚུན་སྟོབས་བསྐྱེད་ནས་ལམ་དུ་འགྲོ་བ་དང་། ཟས་ལ་སོགས་པའི་བྱ་བ་ལ་ཐུན་མོང་དུ་ལོངས་སྤྱོད་པ་བཞིན་ནོ། །ལྔ་བ་ཀུན་འགྲོ་ཞེས་བྱ་པའི་རྒྱུ་ནི། ཉོན་མོངས་ཅན་རྣམས་ཀྱི་ཡིན་ལ། དེ་ཡང་རང་དང་ས་གཅིག་པའི་རྒྱུ་ཡིན་གྱི་རིགས་གཅིག་པ་མི་དགོས་སོ། །ས་གཅིག་པ་ཙམ་གྱིས་ཆོག་གམ་ཞེ་ན། ཀུན་འགྲོའི་རྒྱུ་ནི་རང་གི་འབྲས་བུའི་སྔར་བྱུང་བ་ཞིག་དགོས་སོ། །དྲུག་པ་རྣམ་སྨིན་གྱི་རྒྱུ་ནི། མི་དགེ་བ་དང་དགེ་བ་ཟག་བཅས་རྣམས་ཁོ་ན་ཆོས་ཅན། རྣམ་སྨིན་གྱི་རྒྱུ་ཡིན་ཏེ། རང་གི་ངོ་བོ་སྟོབས་དང་ལྡན་ཞིང་། སྲེད་པའི་རླན་དང་བཅས་པ་ཡིན་པའི་ཕྱིར། དཔེར་ན། རླན་དང་བཅས་པའི་ས་བོན་གྲུང་མོ་བཞིན་ནོ། །ལུང་མ་བསྟན་རྣམས་ཆོས་ཅན། རྣམ་སྨིན་གྱི་རྒྱུ་མ་ཡིན་ཏེ། སྲེད་པའི་རླན་དང་བཅས་པ་ཡིན་ཡང་། རང་གི་ངོ་བོ་སྟོབས་དང་མི་ལྡན་པའི་ཕྱིར། དཔེར་ན། རླན་དང་བཅས་


DLL1003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་བོན་གྲུང་མོ་བཞིན་ནོ། །ལུང་མ་བསྟན་རྣམས་ཆོས་ཅན། རྣམ་སྨིན་གྱི་རྒྱུ་མ་ཡིན་ཏེ། རང་གི་ངོ་བོ་སྟོབས་དང་མི་ལྡན་པའི་ཕྱིར། དཔེར་ན། རླན་དང་བྲལ་བའི་ས་བོན་གྲུང་མོ་བཞིན་ནོ། །གསུམ་པ་ནི། རྒྱུ་དྲུག་པོ་དེ་ལ་དུས་གསུམ་པ་གང་ཞེ་ན། ཀུན་འགྲོ་དང་སྐལ་མཉམ་གྱི་རྒྱུ་གཉིས་ནི་དུས་གཉིས་པ་འདས་པ་དང་ད་ལྟར་བ་ཡོད་ཀྱི། མ་འོངས་པ་མེད་དེ། མ་འོངས་པ་ལ་གོ་རིམ་མེད་པའི་ཕྱིར། ལྷན་མཚུངས་རྣམ་སྨིན་གྱི་རྒྱུ་གསུམ་པོ་དག་ནི་དུས་གསུམ་པ་ཡོད་དོ། །བྱེད་རྒྱུ་ལ་དུས་གསུམ་གྱིས་བསྡུས་པ་དང་། དུས་ཀྱིས་མ་བསྡུས་པ་ཡང་ཡོད་པས་དངོས་སུ་མ་བསྟན་ཏོ། །གཉིས་པ་ལ། བསྟན་བཤད་གཉིས། དང་པོ་ནི། རྒྱུ་འབྲས་ཕན་ཚུན་ལྟོས་པས་རྒྱུ་དྲུག་ཡོད་ན་འབྲས་བུ་དུ་ཡོད་ཅེ་ན། །འདུས་བྱས་རྣམས་དང་སོ་སོར་བརྟགས་འགོག་བྲལ་བ་དང་བཅས་པ་རྣམས་ནི་འབྲས་བུ་ཡིན་ཏེ། བསྟན་བཅོས་ལས། འབྲས་བུ་གང་ཞེ་ན། འདུས་བྱས་རྣམས་དང་སོ་སོར་བརྟགས་པའི་འགོག་པའོ། །ཞེས་གསུངས་པའི་ཕྱིར། སོ་སོར་བརྟགས་འགོག་ལ་རྒྱུ་ཡོད་པར་ཐལ། འབྲས་བུ་ཡིན་པའི་ཕྱིར། འབྲས་བུ་ཡོད་པར་ཐལ། རྒྱུ་ཡིན་པའི་ཕྱིར་ཞེ་ན། །འདུས་མ་བྱས་ལ་རྒྱུ་འབྲས་དེ་དག་མེད་དེ། རྒྱུ་དྲུག་མེད་ཅིང་། འབྲས་བུ་ལྔ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། བྱེད་རྒྱུ་མེད་


DLL1003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཏེ། དེ་ནི་སྐྱེ་བ་ལ་གེགས་མི་བྱེད་པ་ཡིན་ན། འདུས་མ་བྱས་ལ་སྐྱེ་བ་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། བདག་འབྲས་མེད་པའི་ཕྱིར་ཏེ། བདག་འབྲས་འདུས་བྱས་ཁོ་ནའི་ཡིན་པའི་ཕྱིར། འོན་ཀྱང་སོ་སོར་བརྟགས་འགོག་འབྲས་བུ་ཡིན་ཏེ། ལམ་བདེན་གྱི་སྟོབས་ཀྱིས་ཐོབ་པ་ཡིན་པའི་ཕྱིར། བྱེད་རྒྱུ་ཡིན་ཏེ། དེ་ཆོས་གཞན་སྐྱེ་བ་ལ་གེགས་མི་བྱེད་པར་གནས་པ་ཙམ་ལ་བཞག་པའི་ཕྱིར། གཉིས་པ་ལ། འབྲས་བུ་གང་རྒྱུ་གང་གི་ཡིན་པ། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། འབྲས་བུ་དེ་དག་རྒྱུ་གང་གི་འབྲས་བུ་ཡིན་ཞེ་ན། རྣམ་སྨིན་གྱི་འབྲས་བུ་ནི། རྒྱུ་ཐ་མ་རྣམ་སྨིན་གྱི་རྒྱུའི་འབྲས་བུ་ཡིན། བདག་པོའི་འབྲས་བུ་ནི། རྒྱུ་དང་པོ་བྱེད་རྒྱུའི་འབྲས་བུ་ཡིན། རྒྱུ་མཐུན་གྱི་འབྲས་བུ་ནི། སྐལ་མཉམ་གྱི་རྒྱུ་དང་ཀུན་འགྲོའི་རྒྱུའི་འབྲས་བུ་ཡིན། སྐྱེས་བུ་བྱེད་འབྲས་ནི། ལྷན་མཚུངས་ཀྱི་རྒྱུ་གཉིས་ཀྱི་འབྲས་བུ་ཡིན་ནོ། །གཉིས་པ་ནི། རྣམ་སྨིན་གྱི་འབྲས་བུ་དེ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཆོས་ཡིན་གྱི། དགེ་བ་མ་ཡིན་ཏེ། དགེ་རྩ་ཆད་པའི་རྒྱུད་ལའང་ཡོད་པའི་ཕྱིར། ཉོན་མོངས་ཅན་མ་ཡིན་ཏེ། ཉོན་མོངས་སྤངས་པའི་རྒྱུད་ལའང་ཡོད་པའི་ཕྱིར། སེམས་ཅན་དུ་རྗོད་པ་རྒྱུད་ཀྱིས་བསྡུས་པ་ཡིན་ཏེ། རྒྱུད་ཀྱིས་མ་བསྡུས་པ་ནི་ཐུན་མོང་བ་ཡིན་ལ། རྣམ་སྨིན་གྱི་འབྲས་བུ་ཐུན་མོང་བ་ཡིན་ན། ལས་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེ་ཙམ་ཞིག་རྒྱུ་འབྲས་འགའ་ཞིག་ལའང་ཡོད་པས། དེ་གཅད་པའི་ཕྱིར་དུ་ལུང་དུ་བསྟན་པ་དགེ་མི་དགེ་གང་རུང་ལས་བྱུང་བ། དེ་ཙམ་ཞིག་ཏིང་ངེ་འཛིན་གྱི་རྒྱས་བྱུང་ལ་ཡང་


DLL1003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས། དེ་གཅད་པའི་ཕྱིར་དུ་ལུང་དུ་བསྟན་པ་དེ་དང་ལྷན་ཅིག་དང་རྗེས་ཐོགས་དེ་མ་ཐག་ཏུ་འབྱུང་བ་མ་ཡིན་པར། ལུང་དུ་བསྟན་པ་དེའི་ཕྱིས་འབྱུང་བ་ཡིན་ནོ། །རྒྱུ་མཐུན་གྱི་འབྲས་བུ་ནི། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །རང་གི་རྒྱུ་དང་རིས་འདྲ་བ་ཡིན་ཏེ། སྐལ་མཉམ་གྱི་རྒྱུ་ནི་རང་གི་འབྲས་བུ་དང་རྣམ་པ་འདྲ་བ་དང་། ཀུན་འགྲོའི་རྒྱུ་ནི་རང་གི་འབྲས་བུ་དང་རྣམ་པ་མི་འདྲ་ཡང་ས་གཅིག་པ་དང་། ཉོན་མོངས་ཅན་དུ་འདྲ་བར་ངེས་པའི་ཕྱིར། བྲལ་བའི་འབྲས་བུ་ནི། །བློ་ཤེས་རབ་ཀྱི་སྟོབས་ཀྱིས་སྤང་བྱ་ཟད་པའོ། །སྐྱེས་བུ་བྱེད་འབྲས་ལ། བསྐྱེད་པའི་སྐྱེས་བུ་བྱེད་འབྲས་དང་ཐོབ་པའི་སྐྱེས་བུ་བྱེད་འབྲས་གཉིས། དང་པོ་ནི། གང་གི་སྟོབས་ཀྱིས་གང་སྐྱེས་པའི་འབྲས་བུ་དེ་བསྐྱེད་པའི་སྐྱེས་བུ་བྱེད་འབྲས་དང་། གང་གི་སྟོབས་ཀྱིས་གང་ཐོབ་པའི་འབྲས་བུ་དེ་ཐོབ་པའི་སྐྱེས་བུ་བྱེད་འབྲས་ཡིན་ནོ། །རང་རྒྱུའི་སྔར་བྱུང་བ་མ་ཡིན་པའི་འདུས་བྱས་རྣམས་ནི། བདག་པོའི་འབྲས་བུ་ཡིན། དེ་ཡང་འདུས་བྱས་ཁོ་ནའི་ཡིན་གྱི། འདུས་མ་བྱས་ལ་བདག་འབྲས་མེད་དོ། །གསུམ་པ་ལ། འབྲས་བུ་འཛིན་འབྱིན་གྱི་དུས། དངོས་པོ་གང་རྒྱུ་དུས་སྐྱེད་པའོ། དང་པོ་ནི། བྱེད་རྒྱུ་ལ་གཏོགས་པའི་རྒྱུ་ལྔ་པོ་ད་ལྟར་བས་འབྲས་བུ་འཛིན་གྱི། འདས་མ་འོངས་ཀྱིས་འབྲས་བུ་མི་འཛིན་ཏེ། འདས་པས་བཟུང་ཟིན་མ་འོངས་པ་ལ་འབྲས་བུ་འཛིན་པའི་ནུས་པ་མེད་པའི་ཕྱིར། ལྷན་མཚུངས་ཀྱི་རྒྱུ་གཉིས་ཀྱིས་འབྲས་བུ་རབ་ཏུ་སྟེ་དང་པོར་འབྱིན་པར་བྱེད་དེ། རྒྱུ་འབྲས་དུས་མཉམ་པའི་ཕྱིར། སྐལ་མཉམ་དང་ཀུན་འགྲོའི་རྒྱུ་གཉིས་ནི། ད་ལྟར་གྱི་དང་འདས་པ་དག་གིས་འབྲས་བུ་འབྱིན་པར་བྱེད་དེ།


DLL1003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མཇུག་ཐོགས་དེ་མ་ཐག་ཏུ་འབྲས་བུ་འབྱིན་པའི་ཕྱིར། གཅིག་རྣམ་སྨིན་གྱི་རྒྱུ་ནི་འདས་པས་འབྲས་བུ་འབྱིན་པར་འགྱུར་གྱི། ལྷན་ཅིག་དང་རྗེས་དེ་མ་ཐག་ཏུ་མ་ཡིན་ཏེ། འབྲས་བུ་ཕྱིས་འབྱིན་པའི་ཕྱིར། གཉིས་པ་ནི། དངོས་པོ་གང་རྒྱུ་དུས་སྐྱེད་ཅེ་ན། །ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། །ལྷག་དང་དང་པོ་འཕགས་རིམ་བཞིན། །སྤྱིར་དངོས་པོ་ལ་ཉོན་མོངས་ཅན་དང་། རྣམ་སྨིན་སྐྱེས་དང་། དང་པོ་འཕགས་པ་དང་། དེ་དག་གི་ལྷག་མ་དང་བཞིར་ཡོད་ལ། རིམ་པ་བཞིན་ཉོན་མོངས་ཅན་ནི། རྣམ་སྨིན་མ་གཏོགས་པའི་རྒྱུ་ལྷག་མ་ལས་སྐྱེ། རྣམ་སྨིན་སྐྱེས་ནི་ཀུན་འགྲོ་མ་གཏོགས་པ་དང་། ལྷག་མ་ནི་རྣམ་སྨིན་དང་ཀུན་འགྲོ་མ་གཏོགས་པའི་རྒྱུ་དང་། དང་པོ་འཕགས་པ་ནི་དེ་གཉིས་དང་སྐལ་མཉམ་མ་གཏོགས་པའི་རྒྱུ་ལྷག་མ་ལས་སྐྱེས་པ་ཡིན་ན། དེ་ཡང་སེམས་དང་སེམས་ལས་བྱུང་བའི་དབང་དུ་བྱས་པ་ཡིན་ཀྱི། མཚུངས་ལྡན་མ་ཡིན་པ་རྣམས་ནི། མཚུངས་ལྡན་མ་གཏོགས་པའི་རྒྱུ་ལྷག་མ་གཞན་ལས་སྐྱེས་པ་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ལ། བསྟན་བཤད་གཉིས། དང་པོ་ནི་རྒྱུ་འབྲས་བུ་དང་བཅས་པ་བཤད་ཟིན་ན། རྒྱུ་དང་རྐྱེན་དག་མེད་པར་ནི། ཞེས་པའི་རྐྱེན་དེ་གང་ཡིན་ཞེ་ན། །མདོ་ལས་རྐྱེན་ནི་བཞི་པོ་དག་ཏུ་གསུངས་ཏེ། རྒྱུའི་རྐྱེན། མཚུངས་པ་དེ་མ་ཐག་པའི་རྐྱེན། དམིགས་པའི་རྐྱེན། བདག་པོའི་རྐྱེན་རྣམས་སུ་ཡོད་པའི་ཕྱིར། འོ་ན་རྒྱུ་དང་རྐྱེན་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་པར་མེད་དེ། མདོ་ལས། རྒྱུ་གཉིས་དང་རྐྱེན་གཉིས་ཀྱིས་ཡང་དག་པའི་ལྟ་བ་སྐྱེད་དེ། གཞན་གྱི་སྒྲ་དང་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ། །ཞེས་གསུངས་པའི་ཕྱིར། ཁྱད་པར་མེད་ན་སོ་སོར་བསྟན་པ་གང་ཡིན་ཞེ་ན། གདུལ་བྱ་ལ་ལྟོས་ནས་སོ་སོར་བཤད་དེ། དཔེར་ན།


DLL1003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་སྐྱེ་མཆེད་བཞིན་ནོ། །གཉིས་པ་ལ་བཞི། རྐྱེན་སོ་སོའི་མཚན་ཉིད། རྐྱེན་གང་འབྲས་བུ་དུས་གསུམ་པ་གང་ལ་བྱ་བ་བྱེད། དངོས་པོ་གང་རྐྱེན་དུས་སྐྱེད། དེ་མ་ཐག་པའི་རྐྱེན་རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུའི་རྐྱེན་ཞེས་བཤད་ན། དེ་གང་ཞེ་ན། །རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །རྒྱུའི་རྐྱེན་ཞེས་བྱ་བ་ནི། བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་སྟེ། དེ་དག་ཅི་རིགས་པས་འབྲས་བུ་སྐྱེད་པའི་ཕྱིར། མཚུངས་པ་དེ་མ་ཐག་པའི་རྐྱེན་ནི། སེམས་དང་སེམས་བྱུང་རྣམས་ཡིན་གྱི། ལྡན་མིན་འདུ་བྱེད་དང་གཟུགས་ཅན་རྣམས་མ་ཡིན་ཏེ། རྒྱུ་འབྲས་དུས་མི་མཉམ་པར་འཆོལ་བར་གནས་པའི་ཕྱིར་ཏེ། འདོད་པའི་གཟུགས་ཀྱི་མཇུག་ཐོགས་སུ་ཁོ་རང་དང་བསམ་གཏན་གྱི་གཟུགས་དང་ཟག་མེད་འབྱུང་བའི་ཕྱིར་དང་། གཟུགས་ཅན་གཅིག་མ་འགགས་པར་གཉིས་པ་འབྱུང་བའི་ཕྱིར་དང་། རྒྱུ་མང་པོ་ལས་འབྲས་བུ་ཉུང་ངུ་དང་། རྒྱུ་ཉུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བའི་ཕྱིར། སེམས་སེམས་བྱུང་ཐམས་ཅད་ཡིན་ནམ་ཞེ་ན། །དེ་དག་སྐྱེས་པ་འདས་པ་དང་ད་ལྟར་བ་ཡིན་གྱི། མ་འོངས་པ་མ་ཡིན་ཏེ། མ་འོངས་པ་ལ་གོ་རིམ་མེད་པའི་ཕྱིར། འོ་ན་བཅོམ་ལྡན་འདས་ཀྱིས་མ་འོངས་པ་རིམ་ཅན་དུ་མི་མཁྱེན་པར་ཐལ་ལོ་ཞེ་ན། ཁ་ཅིག་ན་རེ། འདས་པ་དང་ད་ལྟར་བ་ལ་ལྟོས་ནས་མ་འོངས་པ་རིམ་ཅན་དུ་མཁྱེན་ཅེ་ན། མི་འཐད་དེ། བཅོམ་ལྡན་འདས་ཀྱིས་སྔོན་གྱི་མཐའ་མ་མཁྱེན་པར་ཕྱི་མའི་མཐའ་མི་མཁྱེན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཡང་ཁ་ཅིག །བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མ་འོངས་


DLL1003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང་བའི་མཚན་མར་གྱུར་པའི་ལྡན་མིན་འདུ་བྱེད་ཡོད་པས། མ་འོངས་པ་རིམ་ཅན་དུ་མཁྱེན་པ་ཡིན་ཞེས་ཟེར་བ་མི་འཐད་དེ། དེ་ལྟ་ན་བཅོམ་ལྡན་འདས་མཚན་མཁན་ཙམ་དུ་འགྱུར་གྱི། ཐམས་ཅད་མཁྱེན་པར་མི་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། སེམས་སེམས་བྱུང་སྐྱེས་པ་ཐམས་ཅད་ཡིན་ནམ་ཞེ་ན། དགྲ་བཅོམ་པ་ཐ་མའི་སེམས་སེམས་བྱུང་སྐྱེས་པ་མ་གཏོགས་ཏེ། སེམས་ཕྱི་མ་གཞན་རྗེས་སུ་འབྲེལ་བ་མེད་པའི་ཕྱིར། ཅིའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱ་ཞེ་ན། མཉམ་པས་ན་མཚུངས་པ་དང་། རིགས་མཐུན་གཞན་གྱིས་བར་མ་ཆོད་པས་ན་དེ་མ་ཐག་པ། རྐྱེན་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཆོས་གཞན་གྱིས་བར་མ་ཆོད་པ་ནི་མ་ཡིན་ཏེ། འགོག་པ་ལ་སྙོམས་པར་འཇུག་སེམས་དང་། དེ་ལས་ལྡང་སེམས་ཀྱི་བར་དུ་ཆོས་གཞན་གྱིས་ཆོད་ཀྱང་། འཇུག་སེམས་དེ་ལྡང་སེམས་ཀྱི་དེ་མ་ཐག་རྐྱེན་ཡིན་པ་བཞིན་ནོ། །དེས་ན་མཚུངས་པ་དེ་མ་ཐག་པ་ཅན་ཡིན་ལ། དེ་མ་ཐག་པ་ཅན་མ་ཡིན་པ་ལ་སོགས་པའི་མུ་བཞིར་ཡོད་དེ། དེ་ནི་འཇུག་སེམས་དང་ལྡང་སེམས་ལྟ་བུ། དེ་མ་ཐག་པ་ཅན་ཡིན་ལ། མཚུངས་པ་དེ་མ་ཐག་པ་ཅན་མ་ཡིན་པ་ནི། འཇུག་སེམས་དང་སྙོམས་འཇུག་དང་པོའི་སྐྱེ་བ་ལྟ་བུའོ། །གཉིས་ཀ་ཡིན་པ་ནི། འཇུག་སེམས་དང་སྙོམས་འཇུག་དང་པོ་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི། འགོག་པ་ལ་སྙོམས་པར་འཇུག་སེམས་དང་། འགོག་སྙོམས་སྐད་ཅིག་མ་གཉིས་པའི་སྐྱེ་བ་ལྟ་བུའོ། །ཆོས་རྣམས་ཐམས་ཅད་དམིགས་པའི་རྐྱེན་ཡིན་ཏེ། རང་ལ་དམིགས་པའི་རྣམ་ཤེས་ཀྱི་ཡུལ་དུ་རུང་བའི་ཕྱིར།


DLL1003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྒྱུ་ཞེས་བྱ་བ་ནི་བདག་པོའི་རྐྱེན་དུ་བཤད་དོ། །འབྲས་བུ་མང་བས་ན་བདག་པོའི་རྐྱེན་ནོ། །གཉིས་པ་ནི། རྐྱེན་བཞི་པོ་དེས་འབྲས་བུ་དུས་གསུམ་པ་གང་ལ་བྱ་བ་བྱེད་ཅེ་ན། ལྷན་མཚུངས་ཀྱི་རྒྱུ་གཉིས་པོ་དེ་དག་གིས་འབྲས་བུ་འགོག་པ་ད་ལྟར་བ་ལ་བྱ་བ་བྱེད་དེ། རྒྱུ་འབྲས་དུས་མཉམ་པའི་ཕྱིར། སྐལ་མཉམ་ཀུན་འགྲོ་རྣམ་སྨིན་གྱི་རྒྱུ་གསུམ་པོས་ནི། འབྲས་བུ་སྐྱེ་བ་མ་འོངས་པ་ལ་བྱ་བ་བྱེད་དེ། སྔ་མ་གཉིས་པོས་རང་གི་མཇུག་ཐོགས་དེ་མ་ཐག་ཏུ་འབྲས་བུ་སྐྱེད་པར་བྱེད། ཕྱི་མས་ནི་ཕྱིས་ཙ་ན་འབྲས་བུ་སྐྱེད་པའི་ཕྱིར། རྒྱུའི་རྐྱེན་དེ་ལས་གཞན་པའི་དེ་མ་ཐག་རྐྱེན་དང་དམིགས་རྐྱེན་དག་ནི་སྔར་གྱི་དེ་ལས་བཟློག་པ་འབྲས་བུ་སྐྱེ་བ་མ་འོངས་པ་དང་། འབྲས་བུ་འགོག་པ་ད་ལྟར་བ་ལ་རིམ་པ་བཞིན་བྱ་བ་བྱེད་དོ། །གསུམ་པ་ནི། དངོས་པོ་གང་རྐྱེན་དུས་སྐྱེད་ཅེ་ན། སེམས་དང་སེམས་བྱུང་རྣམས་རྐྱེན་བཞི་ཡིས་སྐྱེད་པར་བྱེད་དེ། བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་ཅི་རིགས་པས་རྒྱུའི་རྐྱེན་དང་། སེམས་སེམས་བྱུང་སྔ་མས་མཚུངས་པ་དེ་མ་ཐག་པའི་རྐྱེན་དང་། ཡུལ་ལྔའམ་ཆོས་ཐམས་ཅད་ཀྱིས་དམིགས་རྐྱེན་དང་། རང་མ་གཏོགས་པས་བདག་རྐྱེན་བྱས་པ་ལས་སྐྱེ་བའི་ཕྱིར། སྙོམས་པར་འཇུག་པ་གཉིས་རྒྱུའི་རྐྱེན་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་དང་བདག་རྐྱེན་གསུམ་གྱིས་སྐྱེད་ལ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་སྐྱེད་དེ། དེ་མངོན་པར་འདུ་བྱེད་པ་སྙོམས་པར་འཇུག་སེམས་ལ་རག་ལས་པའི་ཕྱིར། གཞན་གཉིས་པོའི་སྒྲུབ་བྱེད་འདྲ། །གཞན་ནི་གཉིས་པོ་དག་ལས་སྐྱེ། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །སེམས་སེམས་བྱུང་དང་སྙོམས་འཇུག་གཉིས་ཀྱི་ལྷག་མ་གཞན་


DLL1003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མིན་འདུ་བྱེད་དང་གཟུགས་ཅན་རྣམས་ནི། རྒྱུའི་རྐྱེན་དང་བདག་པོའི་རྐྱེན་གཉིས་པོ་དག་ལས་སྐྱེ་བ་ཡིན་གྱི། མཚུངས་པ་དེ་མ་ཐག་པ་དང་དམིགས་རྐྱེན་ལས་སྐྱེ་བ་མིན་ཏེ། མངོན་པར་འདུ་བྱེད་པ་སེམས་ལ་རག་མ་ལས་པའམ་བེམ་པོ་ཡིན་པའི་ཕྱིར། དེས་ན་རྐྱེན་བཞི་པོ་དེང་གྲངས་ངེས་ཀྱི། དབང་ཕྱུག་དང་ལ་སོགས་པ་གཙོ་བོ་དང་རྒྱུན་རྟག་པ་ལས་སྐྱེ་བ་མིན་ཏེ། དངོས་པོ་རྣམས་རིམ་གྱིས་སྐྱེ་བ་དང་། སོགས་པ་རེས་འགའ་སྐྱེ་བ་ཡིན་པའི་ཕྱིར། གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་གཟུགས་ཅན་རྣམས་རྒྱུའི་རྐྱེན་དང་བདག་རྐྱེན་ལས་སྐྱེ་བར་བཤད་ན། གཟུགས་ཅན་ལ་འབྱུང་བ་དང་འབྱུང་གྱུར་གཉིས་སུ་ངེས་པས། འབྱུང་བས་འབྱུང་བ་གཞན་དང་། འབྱུང་གྱུར་གྱིས་འབྱུང་བ་དང་འབྱུང་གྱུར་གཞན་གྱི་རྒྱུ་རྐྱེན་དང་བདག་རྐྱེན་བྱེད་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། །འབྱུང་བས་འབྱུང་བ་དེའི་ལྷན་ཅིག་འབྱུང་བའི་རྒྱུ་དང་སྐལ་མཉམ་གྱི་རྒྱུ་རྣམ་པ་གཉིས་བྱེད་དེ། འབྱུང་བས་རང་དང་དུས་མཉམ་པའི་འབྱུང་བ་དེའི་ལྷན་ཅིག་འབྱུང་བའི་རྒྱུ་དང་། འབྱུང་བ་སྔ་མས་འབྱུང་བ་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་པའི་ཕྱིར། ཀུན་འགྲོའི་རྒྱུ་མི་བྱེད་དེ། ཉོན་མོངས་ཅན་མ་ཡིན་པའི་ཕྱིར། རྣམ་སྨིན་གྱི་རྒྱུ་མི་བྱེད་དེ། དགེ་མི་དགེ་གང་ཡང་མ་ཡིན་པའི་ཕྱིར། མཚུངས་ལྡན་གྱི་རྒྱུ་མི་བྱེད་དེ། བེམ་པོ་ཡིན་པའི་ཕྱིར། འབྱུང་བས་འབྱུང་གྱུར་གྱི་རྒྱུ་རྐྱེན་བྱེད་ཚུལ་དཔྱོད་མི་དགོས་ལ། བདག་རྐྱེན་བྱེད་ཚུལ་རྣམ་པ་ལྔ་ཡོད་དེ། །འབྱུང་བས་འབྱུང་གྱུར་གྱི་སྐྱེ་བའི་རྒྱུ། གནས་པའི་རྒྱུ། རྟེན་པའི་རྒྱུ། རྟོན་པའི་རྒྱུ། འཕེལ་བའི་རྒྱུ་བྱེད་པའི་ཕྱིར། རྟགས་རིམ་བཞིན་གྲུབ་སྟེ། འབྱུང་བས་འབྱུང་གྱུར་


DLL1003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གསར་དུ་སྐྱེད་པའི་ཕྱིར། འབྱུང་གྱུར་དེ་འབྱུང་བ་འཕེལ་འགྲིབ་ཀྱི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར། འབྱུང་གྱུར་དེ་འབྱུང་བ་དོན་གཞན་པ་བརྟེན་པའི་ཕྱིར། འབྱུང་བས་འབྱུང་གྱུར་རྒྱུན་མི་འཆད་པར་བྱེད་པའི་ཕྱིར། འབྱུང་བས་འབྱུང་གྱུར་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཕྱིར། །འབྱུང་གྱུར་གྱིས་འབྱུང་གྱུར་གཞན་གྱི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་མཉམ་གྱི་རྒྱུ་དང་། རྣམ་སྨིན་གྱི་རྒྱུ་རྣམ་པ་གསུམ་བྱེད་དེ། བསམ་གཏན་ཟག་མེད་ཀྱི་སྤོང་བ་བདུན་པོ་དེ་ལྷན་ཅིག་འབྱུང་བའི་རྒྱུ་དང་། འབྱུང་གྱུར་སྔ་མ་འབྱུང་གྱུར་ཕྱི་མའི་སྐལ་མཉམ་གྱི་རྒྱུ་དང་། ཚེ་འདིའི་དགེ་མི་དགེའི་རྣམ་པར་རིག་བྱེད་ལས་ཕྱི་མའི་རྣམ་སྨིན་སྐྱེས་ཀྱི་མིག་ལ་སོགས་པ་འབྱུང་པའི་ཕྱིར། །འབྱུང་བ་རྣམས་ཀྱི་དེ་རྣམ་གཅིག།། འབྱུང་གྱུར་གྱིས་འབྱུང་བ་དེ་རྣམས་ཀྱི་རྣམ་སྨིན་གྱི་རྒྱུ་རྣམ་པ་གཅིག་པུ་བྱེད་དེ། ཚེ་འདིའི་དགེ་མི་དགེའི་རྣམ་པར་རིག་བྱེད་ལས་ཕྱི་མའི་རྣམ་སྨན་སྐྱེས་ཀྱི་དབང་པོའི་ཚོགས་པ་ན་ཡོད་པའི་འབྱུང་བ་དེ་འབྱུང་བའི་ཕྱིར། བཞི་པ་ལ། སེམས་བཅུ་གཉིས་སུ་དབྱེ་བ་དང་། ཉི་ཤུར་དབྱེ་བ་དང་། བཅུ་གཉིས་པོ་གང་ལས་གང་གསར་དུ་རྙེད་དཔྱད་པའོ། །དང་པོ་ལ། དངོས་དང་། རྐྱེན་དང་རྐྱེན་ཅན་སྦྱར་བའོ། །དང་པོ་ནི། སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཞེས་སོགས་བཤད་ན། སེམས་དེ་ལ་དུ་ཡོད་ཅེ་ན། འདོད་པ་ན་ཡིད་དགེ་བ་དང་། མི་དགེ་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་བཞི་དང་། གཟུགས་དང་གཟུགས་མེད་པ་དག་ནི་མི་དགེ་བ་ལས་གཞན་གསུམ་གསུམ་དང་། ཟག་མེད་ལ་སློབ་མི་སློབ་


DLL1003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་ཡོད་པའི་ཕྱིར། གཉིས་པ་ནི། སེམས་གང་གི་མཇུག་ཐོགས་སུ་མ་ཚུངས་པ་དེ་མ་ཐག་པའི་རྐྱེན་ཅན་གྱི་སེམས་དུ་འབྱུང་ཞེ་ན། ཚེའམ་གནས་སྐབས་བརྒྱད་ཀྱི་སྒོ་ནས་ཤེས་པར་བྱ་བ་ཡིན་པས། ཚེ་བརྒྱད་ནི། རྒྱུན་གྱི་ཚེ། ས་མཚུངས་ཀྱི་ཚེ། ཉིང་མཚམས་སྦྱོར་བའི་ཚེ། སྙོམས་པར་འཇུག་པའི་ཚེ། སྙོམས་འཇུག་ལས་ལྡང་བའི་ཚེ། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ། སྤྲུལ་པ་ལ་འཇུག་པའི་ཚེ། སྤྲུལ་པ་ལས་ལྡང་བའི་ཚེའོ། །དང་པོ་ནི་རིས་འདྲ་སྔ་མ་ལས་ཕྱི་མ་འབྱུང་། གཉིས་པ་ནི་རིས་མི་གཅིག་པའི་ས་གཅིག་པ་གཞན་ཡང་འབྱུང་། གསུམ་པ་ནི་ཁམས་གསུམ་གའི་ཉོན་མོངས་ཅན་གྱི་སེམས་རྣམས་འབྱུང་། དེ་ཡང་དགེ་བ་དང་ཉོན་མོངས་ཅན་དང་མ་བསྒྲིབས་ལུང་མ་བསྟན་གསུམ་གས་འཆི་སེམས་བྱེད་དུ་རུང་ལ། ཉོན་མོངས་ཅན་གྱིས་འཆི་སེམས་བྱས་པ་ལས་རང་ས་དང་འོག་སར་སྐྱེའི། གོང་སར་མི་སྐྱེ་སྟེ། འོག་མའི་ཉོན་མོངས་མ་སྤངས་པར་གོང་མར་སྐྱེ་མི་སྲིད་པའི་ཕྱིར་ཏེ། ཉོན་མོངས་ཅན་ལས་གོང་མ་མིན། །ཞེས་བཤད་པའི་ཕྱིར། དགེ་བ་དང་མ་བསྒྲིབས་པས་འཆི་སེམས་བྱས་པའི་ཚེ་རང་ས་གོང་འོག་ཐམས་ཅད་དུ་སྐྱེའོ། །བཞི་པ་སྙོམས་པར་འཇུག་པའི་ཚེ། འོག་མའི་དགེ་བ་ལས་གོང་མའི་དགེ་བ་སྐྱེ་སྟེ། འདོད་པའི་དགེ་བ་ལས་གཟུགས་ཀྱི་དགེ་བ་དང་ཟག་མེད་གཉིས་འབྱུང་། གཟུགས་ཀྱི་དགེ་བ་ལས་གཟུགས་མེད་ཀྱི་དགེ་བ་དང་ཟག་མེད་རྣམ་པ་གཉིས་འབྱུང་། གཟུགས་མེད་ཀྱི་དགེ་བ་ལས་ཟག་མེད་རྣམ་པ་གཉིས་འབྱུང་བའི་ཕྱིར། འདོད་པའི་དགེ་བ་ལས་གཟུགས་མེད་ཀྱི་དགེ་བ་མི་འབྱུང་སྟེ། དེ་གཉིས་


DLL1003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དམིགས་པ་རྣམ་པ་གཉིས་པོ་སྟེ་རིང་བ་རྣམ་པ་བཞིས་རིང་བའི་ཕྱིར། ལྔ་པ་ནི་གོང་མའི་དགེ་བ་ལས་འོག་མའི་དགེ་བ་འབྱུང་སྟེ། ཟག་མེད་གཉིས་ལས་གཟུགས་མེད་ཀྱི་དགེ་བ་འབྱུང་། གཟུགས་མེད་ཀྱི་དགེ་བ་དང་ཟག་མེད་གཉིས་ལས་གཟུགས་ཀྱི་དགེ་བ་འབྱུང་། དེ་དང་ཟག་མེད་གཉིས་ལས་འདོད་པའི་དགེ་བ་འབྱུང་བའི་ཕྱིར། དྲུག་པ་ནི་གོང་མའི་བསྒྲིབས་པ་ལས་འོག་མའི་དགེ་བ་སྐྱེ་སྟེ། གཟུགས་མེད་ཀྱི་ཉོན་མོངས་ཅན་ལས་གཟུགས་ཀྱི་དགེ་བ་འབྱུང་། གཟུགས་ཀྱི་ཉོན་མོངས་ཅན་ལས་འདོད་པའི་དགེ་བ་སྐྱེ་བའི་ཕྱིར། བདུན་པ་ནི་གཟུགས་ཀྱི་དགེ་བ་ལས་འདོད་པའི་སྤྲུལ་སེམས་འབྱུང་ངོ་། །བརྒྱད་པ་ནི་འདོད་པའི་སྤྲུལ་སེམས་ལས་གཟུགས་ཀྱི་དགེ་བ་འབྱུང་ངོ་། །དེས་ན་འདོད་སེམས་དགེ་བ་ལས་སེམས་དགུ་འབྱུང་སྟེ། རྒྱུན་དང་ས་མཚུངས་ཀྱི་ཚེ་རང་སའི་བཞི། ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་བསྒྲིབས་པ་གཉིས། སྙོམས་པར་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ་དང་ཟག་མེད་གཉིས་རྣམས་འབྱུང་བའི་ཕྱིར། འདོད་པའི་སེམས་དགེ་བ་དེ་ནི་སེམས་བརྒྱད་པོ་ཁོ་ན་ལས་འབྱུང་སྟེ། རྒྱུན་སའི་ཚེ་རང་སའི་བཞི། སྙོམས་འཇུག་ལས་ལྡང་པའི་ཚེ་ཟག་མེད་གཉིས་དང་གཟུགས་ཀྱི་དགེ་བ། ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་གཟུགས་ཀྱི་བསྒྲིབས་པ་ལས་འབྱུང་བའི་ཕྱིར། འདོད་པའི་མི་དགེ་བ་ནི་བཅུ་དག་ལས་འབྱུང་སྟེ། རྒྱུན་སའི་བཞི། ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་དྲུག་ལས་སོ། །མི་དགེ་བ་དེ་ལས་བཞི་འབྱུང་སྟེ། རྒྱུན་སའི་བཞི་འབྱུང་བའི་ཕྱིར། འདོད་པའི་བསྒྲིབས་པའང་མི་དགེ་བ་དེ་བཞིན་ཏེ། ཁོ་བཅུ་ལས་


DLL1003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། ཁོ་ལས་བཞི་འབྱུང་བའི་ཕྱིར། འདོད་པའི་མ་བསྒྲིབས་པ་ནི་ལྔ་དག་ལས་འབྱུང་སྟེ། རྒྱུན་སའི་བཞི། སྤྲུལ་པ་ལ་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ་ལས་སོ། །དེ་ལས་མཇུག་ཐོགས་སུ་སེམས་བདུན་འབྱུང་སྟེ། རྒྱུན་སའི་བཞི། ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་ཉོན་མོངས་ཅན་གཉིས། སྤྲུལ་པ་ལས་ལྡང་ཚེ་གཟུགས་ཀྱི་དགེ་བ་འབྱུང་བའི་ཕྱིར། གཟུགས་ན་དགེ་སེམས་ལས་བཅུ་གཅིག་འབྱུང་སྟེ། རྒྱུན་སའི་གསུམ། ཉིང་ཚེ་འདོད་པའི་ཉོན་མོངས་ཅན་གཉིས། གཟུགས་མེད་ཀྱི་ཉོན་མོངས་ཅན་གཅིག །སྙོམས་འཇུག་གི་ཚེ་གཟུགས་མེད་ཀྱི་དགེ་བ་དང་ཟག་མེད་གཉིས། སྙོམས་འཇུག་ལས་ལྡང་ཚེ་འདོད་པའི་དགེ་བ། སྤྲུལ་པ་ལ་འཇུག་པའི་ཚེ་འདོད་པའི་མ་བསྒྲིབས་པ་འབྱུང་བའི་ཕྱིར། གཟུགས་ཀྱི་དགེ་བ་དེ་ནི་དགུའི་མཇུག་ཐོགས་སུ་འབྱུང་སྟེ། རྒྱུན་སའི་གསུམ། སྙོམས་འཇུག་གི་ཚེ་འདོད་དགེ །ལྡང་ཚེ་གཟུགས་མེད་ཀྱི་དགེ་བ་དང་ཟག་མེད་གཉིས། སྤྲུལ་པ་ལས་ལྡང་ཚེ་འདོད་པའི་མ་བསྒྲིབས་པ། ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་གཟུགས་མེད་ཀྱི་བསྒྲིབས་པ་ལས་སོ། །གཟུགས་ཀྱི་བསྒྲིབས་པ་བརྒྱད་ལས་འབྱུང་སྟེ། རྒྱུན་སའི་གསུམ། ཉིང་ཚེ་གཟུགས་མེད་ཀྱི་གསུམ། འདོད་པའི་དགེ་བ་དང་། མ་བསྒྲིབས་པ་ལས་སོ། །དེ་ལས་དྲུག་འབྱུང་སྟེ། རྒྱུན་སའི་གསུམ། ཉིང་ཚེ་འདོད་པའི་ཉོན་མོངས་ཅན་གཉིས། ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་འདོད་དགེ་འབྱུང་བའི་ཕྱིར། མ་བསྒྲིབས་པ་ནི་གསུམ་ལས་འབྱུང་སྟེ། རང་སའི་གསུམ་ལས་སོ། །དེ་ལས་དྲུག་འབྱུང་སྟེ། རྒྱུན་སའི་གསུམ། ཉིང་ཚེ་གོང་འོག་གི་ཉོན་མོངས་ཅན་གསུམ་


DLL1003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་ཕྱིར། གཟུགས་མེད་ཀྱི་མ་བསྒྲིབས་པའང་དེའི་ཚུལ་དུ་ཡིན་ཏེ། ཁོ་རང་སའི་གསུམ་ལས་འབྱུང་། ཁོ་ལས་རང་སའི་གསུམ་དང་ཉིང་ཚེ་འོག་མའི་ཉོན་མོངས་ཅན་གསུམ་འབྱུང་བའི་ཕྱིར། གཟུགས་མེད་ཀྱི་དགེ་བ་ལས་སེམས་དགུ་འབྱུང་སྟེ། རྒྱུན་སའི་གསུམ། ཉིང་ཚེ་འོག་མའི་ཉོན་མོངས་ཅན་གསུམ། སྙོམས་འཇུག་གི་ཚེ་ཟག་མེད་གཉིས་དང་། ལྡང་བའི་ཚེ་གཟུགས་ཀྱི་དགེ་བ་འབྱུང་བའི་ཕྱིར། གཟུགས་མེད་ཀྱི་དགེ་བ་དྲུག་གི་མཇུག་ཐོགས་སུ་འབྱུང་སྟེ། རྒྱུན་སའི་གསུམ། སྙོམས་འཇུག་གི་ཚེ་གཟུགས་ཀྱི་དགེ་བ། ལྡང་ཚེ་ཟག་མེད་གཉིས་ལས་སོ། །གཟུགས་མེད་ཀྱི་བསྒྲིབས་པ་ལས་བདུན་འབྱུང་སྟེ། རྒྱུན་སའི་གསུམ། ཉིང་ཚེ་འོག་མའི་ཉོན་མོངས་ཅན་གསུམ། ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་གཟུགས་ཀྱི་དགེ་བའོ། །དེ་བཞིན་དུ་གཟུགས་མེད་ཀྱི་བསྒྲིབས་པའི་སེམས་དེ། སེམས་བདུན་གྱི་མཇུག་ཐོགས་སུ་འབྱུང་སྟེ། རྒྱུན་ས་མཚུངས་ཀྱི་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་བའི་ཚེ་ཁམས་འོག་མ་གཉིས་ཀྱི་དགེ་བ་གཉིས་དང་མ་བསྒྲིབས་པ་གཉིས་ལས་འབྱུང་པའི་ཕྱིར། སློབ་པའི་སེམས་དེ་སེམས་བཞི་ལས་འབྱུང་སྟེ། རྒྱུན་གྱི་ཚེ་རང་དང་། སྙོམས་འཇུག་གི་ཚེ་ཁམས་གསུམ་གྱི་དགེ་བ་གསུམ་ལས་སོ། །སློབ་པའི་སེམས་དེ་ལས་ལྔ་འབྱུང་སྟེ། རྒྱུན་གྱི་ཚེ་རང་དང་མི་སློབ་པ་དང་། ལྡང་ཚེ་ཁམས་གསུམ་གྱི་དགེ་བ་གསུམ་འབྱུང་ངོ་། །མི་སློབ་པའི་སེམས་ནི་ལྔ་ལས་འབྱུང་སྟེ། རྒྱུན་གྱི་ཚེ་རང་དང་སློབ་པ་དང་། སྙོམས་འཇུག་གི་ཚེ་ཁམས་གསུམ་གྱི་དགེ་བ་གསུམ་


DLL1003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སོ། །མི་སློབ་པའི་སེམས་དེ་ལས་སེམས་ནི་བཞི་དག་འབྱུང་སྟེ། རྒྱུན་གྱི་ཚེ་རང་དང་། སྙོམས་འཇུག་ལས་ལྡང་ཚེ་ཁམས་གསུམ་གྱི་དགེ་སེམས་གསུམ་འབྱུང་བའི་ཕྱིར། གཉིས་པ་ནི། སེམས་བཅུ་གཉིས་པོ་དེ་དག་ཉི་ཤུར་ཡང་དབྱེར་ཡོད་དེ། ཁམས་གསུམ་དུ་དགེ་བ་ལ་སྐྱེས་ནས་ཐོབ་པ་དང་། སྦྱོར་བྱུང་དགེ་བ་རྣམ་པ་གཉིས་སུ་ཕྱེ་ནས་དང་། རྣམ་སྨིན་སྐྱེས་དང་། སྤྱོད་ལམ་པ་དང་། བཟོའི་གནས་དང་། སྤྲུལ་པ་དང་འདོད་པ་ན་མ་བསྒྲིབས་ལུང་མ་བསྟན་ལ་རྣམ་པ་བཞིར་ཕྱེ་བ་དང་། གཟུགས་ན་བཟོ་མ་གཏོགས་པ་རྣམས་སུ་ཡོད་པའི་ཕྱིར། གཟུགས་ན་བཟོ་མེད་དེ། ཀུན་རྫོགས་གོས་དང་བཅས་པ་ཡིན་པའི་ཕྱིར། སེམས་བཅུ་གཉིས་དང་ཉི་ཤུ་གང་ཁྱབ་ཆེ་ཞེ་ན། བཅུ་གཉིས་ཁྱབ་ཆེ་སྟེ། ལུང་མ་བསྟན་བཞིའི་ནང་དུ་མ་འདུས་པའི་ལུང་མ་བསྟན་གཞན་ཡང་ཡོད་པའི་ཕྱིར། སེམས་ཉི་ཤུར་ཕྱེ་བ་ལ་དགོས་པ་ཅི་ཡོད་ཅེ་ན། དགེ་སེམས་ཀྱིས་འཆི་སེམས་བྱེད་པའི་ཚེ། སྐྱེས་ཐོབ་ཀྱིས་བྱེད་ཀྱི། སྦྱོར་བྱུང་གིས་བྱེད་པ་མ་ཡིན་ཏེ། འཆི་སེམས་མི་གསལ་བའི་ཕྱིར། སྙོམས་པར་འཇུག་ལྡང་སྦྱོར་བྱུང་གིས་བྱེད་ཀྱི། སྐྱེས་ཐོབ་ཀྱིས་མ་ཡིན་ཏེ། མི་གསལ་བའི་ཕྱིར། འོན་ཀྱང་འདོད་པའི་སྐྱེས་ཐོབ་ཀྱིས་བྱེད་དེ། དེ་གསལ་བའི་ཕྱིར། མ་བསྒྲིབས་ལུང་མ་བསྟན་གྱིས་འཆི་སེམས་བྱེད་པའི་ཚེ། རྣམ་སྨིན་སྐྱེས་དང་སྤྱོད་ལམ་པས་བྱེད་ཀྱི། བཟོར་གནས་དང་སྤྲུལ་སེམས་ཀྱིས་བྱེད་པ་མིན་ཏེ། དེ་གཉིས་གསལ་བ་ཡིན་ལ། འཆི་སེམས་མི་གསལ་བའི་ཕྱིར་ཞེས་རྟོགས་པའི་ཕྱིར་དུ་ཉི་ཤུར་ཕྱེའོ། །གསུམ་པ་ནི། སེམས་བཅུ་


DLL1003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་གང་མངོན་དུ་གྱུར་པའི་ཚེ་སེམས་དུ་གསར་དུ་རྙེད་ཅེ་ན། ཁམས་གསུམ་གྱི་ཉོན་མོངས་ཅན་གསུམ་གྱི་ནང་ནས་འདོད་པའི་ཉོན་མོངས་ཅན་གྱི་སེམས་མངོན་དུ་གྱུར་པའི་ཚེ། སེམས་དྲུག་གསར་དུ་རྙེད་དེ། གཟུགས་མེད་དང་གཟུགས་ནས་འདོད་པར་སྐྱེས་པའི་ཚེ་འདོད་པའི་ཉོན་མོངས་ཅན་གཉིས། དགེ་བ་སྐྱེས་ཐོབ། འདོད་པའི་ཉོན་མོངས་ཅན་གྱིས་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པའི་ཚེ། གཟུགས་གཟུགས་མེད་ཀྱི་ཉོན་མོངས་ཅན་གཉིས། སློབ་པའི་སེམས་རྣམས་གསར་དུ་རྙེད་པའི་ཕྱིར། གཟུགས་ཀྱི་ཉོན་མོངས་ཅན་གྱི་སེམས་མངོན་དུ་གྱུར་པའི་ཚེ་ན། སེམས་དྲུག་གསར་དུ་རྙེད་དེ། གཟུགས་མེད་ནས་གཟུགས་སུ་སྐྱེས་པའི་ཚེ་གཟུགས་ཀྱི་ཉོན་མོངས་ཅན་དང་། དགེ་བ་སྐྱེས་ཐོབ་དང་། སྤྲུལ་སེམས་གཉིས་དང་། གཟུགས་ཀྱི་ཉོན་མོངས་ཅན་གྱིས་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པའི་ཚེ། གཟུགས་མེད་ཀྱི་ཉོན་མོངས་ཅན་དང་སློབ་པའི་སེམས་གསར་དུ་རྙེས་པའི་ཕྱིར། གཟུགས་མེད་ཀྱི་ཉོན་མོངས་ཅན་གྱི་སེམས་མངོན་དུ་གྱུར་པའི་ཚེ་ན། སེམས་གཉིས་གསར་དུ་རྙེད་དེ། གཟུགས་མེད་ཀྱི་ཉོན་མོངས་ཅན་གྱིས་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པའི་ཚེ། གཟུགས་མེད་ཀྱི་ཉོན་མོངས་ཅན་དང་སློབ་པའི་སེམས་གསར་དུ་རྙེད་པའི་ཕྱིར། གཟུགས་སུ་སྐྱེས་པའི་དགེ་བའི་སེམས་མངོན་དུ་གྱུར་པ་ལ་སེམས་གསུམ་གསར་དུ་རྙེད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཚེ་གཟུགས་ཀྱི་དགེ་བ་དང་། འཇིག་རྟེན་པའི་ལམ་


DLL1003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འདོད་པ་ལ་འདོད་ཆགས་བྲལ་བའི་ཚེ་སྤྲུལ་སེམས་གཉིས་གསར་དུ་རྙེད་པའི་ཕྱིར། སློབ་པའི་སེམས་མངོན་དུ་གྱུར་པ་ལ་སེམས་བཞི་གསར་དུ་རྙེད་དེ། ཟག་མེད་དང་པོའི་ཚེ་སློབ་སེམས་དང་། ཟག་མེད་ཀྱི་ལམ་གྱིས་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཚེ་སྤྲུལ་སེམས་གཉིས་དང་། ཟག་མེད་ཀྱི་ལམ་གྱིས་གཟུགས་ལ་འདོད་ཆགས་དང་བྲལ་བའི་ཚེ། གཟུགས་མེད་ཀྱི་དགེ་བའི་སེམས་གསར་དུ་རྙེད་པའི་ཕྱིར། དེ་དག་གི་ལྷག་མའི་སེམས་རྣམས་མངོན་དུ་གྱུར་པའི་ཚེ་ན་ནི། དེ་དང་དེ་གསར་དུ་རྙེད་པ་ཡིན་གྱི། གཞན་གསར་དུ་རྙེད་པ་མིན་ནོ། །དེ་ཡང་ཡང་དག་པའི་ལྟ་བས་དེ་དག་ཉིང་མཚམས་སྦྱོར་བའི་ཚེ་འདོད་པའི་དགེ་བའི་སེམས་ཁོ་ན་གསར་དུ་རྙེད་དེ། ཁམས་གསུམ་གྱི་ཉོན་མོངས་ཅན་གྱི་སེམས་སྔར་ནས་ཡོད་པའི་ཕྱིར་དང་། མ་བསྒྲིབས་ལུང་མ་བསྟན་ཕལ་ཆེ་བ་ཐོབ་པ་དང་ལྷན་ཅིག་སྐྱེ་ཞིང་། སྤྲུལ་སེམས་གཉིས་ལ་ཐོབ་པ་སྔར་སྐྱེས་ཡོད་ཀྱང་མ་ཐོབ་པའི་ཕྱིར་དང་། གོང་མའི་དགེ་བ་གཉིས་དང་ཟག་མེད་གཉིས་ཀྱང་མ་ཐོབ་པའི་ཕྱིར་དང་། འདོད་པའི་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་ལའང་དེ་ཁོ་ན་སྟེ། འདོད་པའི་དགེ་བ་སོགས་ཁ་ཅིག་ཐོབ་ཟིན་ཅིང་། གཞན་དག་མ་ཐོབ་པའི་ཕྱིར། དེ་བཞིན་དུ་མ་བསྒྲིབས་པ་གཉིས་དང་། གཟུགས་མེད་ཀྱི་དགེ་བ་དང་། མི་སློབ་པ་ལ་ཡང་རིག་པར་བྱའོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་དབང་པོ་བསྟན་པ་ཞེས་བྱ་བ་སྟེ་གནས་གཉིས་པའི་རྣམ་བཤད་པའོ།། །།གསུམ་པ་འཇིག་རྟེན་བསྟན་པའི་གནས་བཤད་པ་ལ་གཉིས།


DLL1003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གང་སྐྱེ་བ་སེམས་ཅན་གྱི་འཇིག་རྟེན་དང་། གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་ནོ། །དང་པོ་ལ་གསུམ། དབྱེ་བ། ཆོས་ཀྱི་ཁྱད་པར། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལ། ཁམས་གསུམ་དུ་དབྱེ་བ། འགྲོ་བ་ལྔར་དབྱེ་བའོ། །དང་པོ་ནི། ཁམས་གསུམ་པ་ཡི་ཉོན་མོངས་ཅན། །ཞེས་སོགས་ཀྱིས་ཁམས་གསུམ་གྱི་སྒོ་ནས་སེམས་སེམས་བྱུང་སོགས་ཀྱི་དབྱེ་བ་བཤད་ན། ཁམས་གསུམ་པོ་དེ་གང་ཞེ་ན། དེ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་ཀྱི་ཁམས་སོ། །དང་པོ་ནི། དགའ་བ་མེད་པས་ན་དམྱལ་བ། ཕྱིར་མི་ལྡོག་པ་དེར་སོང་བས་སམ་ཤིན་ཏུ་སྐོམ་པས་ན་ཡི་དྭགས། དུད་དེ་འགྲོ་བས་ན་དུད་འགྲོ་རྣམས་དང་། ཡིད་ཤས་ཆེ་བས་ན་མི་རྣམས་དང་། ཁྱིམ་ནམ་མཁའ་ལ་ཡོད་པས་ནི་འདོད་ལྷ་དྲུག་དག་འདོད་པའི་ཁམས་ཡིན་ནོ། །ཡང་ན་འདོད་ཁམས་དེ་ལ་རིས་ཉི་ཤུར་དབྱར་ཡོད་དེ། དམྱལ་བ་ལ་ཚ་དམྱལ་བརྒྱད་དུ་དབྱེ་བས་ངན་སོང་བ་བཅུ་དང་། མི་ལ་གླིང་བཞིར་དབྱེ་བ་ལས་བདེ་འགྲོའི་གནས་བཅུ་རྣམས་སུ་ཡོད་པའི་ཕྱིར། གྲང་དམྱལ་བརྒྱད་དང་ཉི་ཚེ་བ་གྲངས་ལོགས་སུ་མི་འདྲེན་པའི་རྒྱུ་མཚན་ཡོད་དེ། དང་པོ་གཙོ་བོ་མ་ཡིན་པ་དང་། གཉིས་པ་ཚེ་དང་གནས་ལ་སོགས་པ་མ་ངེས་པའི་ཕྱིར་རོ། །སའི་དངོས་གཞི་ལས་འདོད་ཁམས་དེ་ལ་སུམ་ཅུ་སོ་དྲུག་བཤད་དེ། དུད་འགྲོ་གནས་མ་ངེས་པས་མ་བགྲངས་ཤིང་། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཡི་དྭགས། ལྷ་མ་ཡིན་ཏེ་བཅོ་བརྒྱད། མི་ལ་གླིང་བཅུ་གཉིས་ཀྱི་མི། འདོད་ལྷ་དྲུག་རྣམས་སུ་ཕྱེ་བས་སོ། །དམྱལ་བ་


DLL1003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གནས་དང་བཅས་པ་རྣམས་ཆོས་ཅན། འདོད་པའི་ཁམས་ཡིན་ཏེ། མི་དགེ་བ་ཡིན་པའི་ཉོན་མོངས་རྒྱས་སུ་རུང་བའི་ཁམས་ཡིན་པའི་ཕྱིར། འོ་ན་སྤྲུལ་སེམས་འདོད་ཆགས་དང་བྲལ་བའི་གང་ཟག་ལ་ཡོད་པས་ཇི་ལྟར་དེ་རྒྱས་པར་འགྱུར་ཞེ་ན། གཞན་དེ་ཡོད་པར་ཐོས་ནས་འདོད་ཆགས་སྐྱེ་ཞིང་། བདག་ཉིད་ཀྱང་དེ་ལས་ཉམས་པ་དྲན་ནས་འདོད་ཆགས་སྐྱེ་བའམ། ཡང་ན་སྤྲུལ་པ་ཡིད་འཕྲོག་པ་མཐོང་ནས་འདི་འདྲ་བའི་སྤྲུལ་སེམས་ནི་བཟང་ངོ་སྙམ་དུ་འདོད་ཆགས་སྐྱེ་བའི་ཕྱིར། ཡང་ན་དངོས་སུ་མི་རྒྱས་ཀྱང་རྒྱས་སུ་རུང་བ་ཉིད་ཡིན་ཏེ། འདོད་པའི་དྲི་རོ་དེས་སྤྲུལ་པའི་ཕྱིར། ཅིའི་ཕྱིར་འདོད་ཁམས་ཞེས་བྱ་ཞེ་ན། འདོད་པ་དང་ལྡན་པའི་ཁམས་ཡིན་པས་ན་དེ་སྐད་ཅེས་བྱའོ། །འདོད་པ་དེ་གང་ཞེ་ན། འཁྲིག་པ་དང་ཁམ་ཟས་དོན་གཉེར་གྱི་སྲེད་པ་ལ་བྱའོ། །འདོད་ཁམས་ལས་གོང་མའི་གནས་དག་བཅུ་བདུན་དག་ནི་ཆོས་ཅན། གཟུགས་ཁམས་ཡིན་ཏེ། འདོད་པ་ལས་འདས་ཤིང་རང་སའི་ཉོན་མོངས་རྒྱས་རུང་གང་ཞིག །གཟུགས་མཆོག་ཏུ་གྱུར་པའི་ཁམས་ཡིན་པའི་ཕྱིར། གཟུགས་ཁམས་དེ་ལ་བཅུ་བདུན་ཡོད་དེ། གཟུགས་ཁམས་དེར་སྐྱེ་བའི་སོ་སོའི་རྒྱུ་བསམ་གཏན་དང་པོ་གསུམ་གྱི་ས་ནི་གསུམ་གསུམ་པ་ཡིན་ལ། བསམ་གཏན་བཞི་པའི་ས་ནི་བརྒྱད་པ་ཡིན་པའི་ཕྱིར་ཏེ། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་པོ་ཆུང་འབྲིང་ཆེན་པོ་གསུམ་བསྒོམས་པ་ལས། ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན་གསུམ་དུ་རིམ་བཞིན་དུ་སྐྱེ། གཉིས་པ་དེ་ལྟར་བསྒོམས་པ་ལས་འོད་ཆུང་། ཚད་མེད་འོད། འོད་གསལ་གསུམ་དུ་རིམ་བཞིན་དུ་སྐྱེ།


DLL1003_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དེ་ལྟར་བསྒོམས་པ་ལས་དགེ་ཆུང་། ཚད་མེད་དགེ། དགེ་རྒྱས་གསུམ་དུ་རིམ་བཞིན་སྐྱེ་བའི་ཕྱིར་དང་། སོ་སྐྱེས་བསམ་གཏན་བཞི་པ་ཟག་བཅས་དེ་ལྟར་བསྒོམས་པ་ལས། སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་གསུམ་དུ་སྐྱེ། འཕགས་པས་བསམ་གཏན་བཞི་པ་ཆུང་ངུ་གསུམ་སྤེལ། འབྲིང་དྲུག་སྤེལ། ཆེན་པོ་དགུ་སྤེལ། ཤིན་ཏུ་ཆེན་པོ་བཅུ་གཉིས་སྤེལ། ཆེས་ཤིན་ཏུ་ཆེན་པོ་བཅོ་ལྔ་སྤེལ་བསྒོམས་པ་ལས། གནས་གཙང་མ་ལྔར་རིམ་བཞིན་སྐྱེ་བའི་ཕྱིར། ཅིའི་ཕྱིར་གཟུགས་ཁམས་ཞེས་བྱ་ཞེ་ན། ཡོན་ཏན་གཟུགས་ཀྱིས་རབ་ཏུ་ཕྱེ་བའི་ཁམས་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཉི་འོག་པ་ན་རེ། ཚངས་ཆེན་དེ་ཚངས་པ་མདུན་ན་འདོན་ལས་ཚེ་དང་ལུས་དང་ཚོར་བ་དང་རྣམ་པར་རྟོག་པ་ཐ་དད་པའི་ཕྱིར། གཟུགས་ཁམས་གནས་རིས་བཅུ་བདུན་ཡིན་ནོ་ཟེར། ཁ་ཆེ་བ་ན་རེ། ཚངས་ཆེན་དེ་ཚངས་པ་མདུན་ན་འདོན་ལས་བང་རིམ་གྱི་ཚུལ་དུ་ཅུང་ཟད་འཕགས་པ་ཡིན་གྱི་གནས་གཞན་ལོགས་པ་མེད་པས། གཟུགས་ཁམས་གནས་རིས་བཅུ་དྲུག་ཡིན་ནོ་ཞེས་ཟེར། སློབ་དཔོན་འཕགས་པ་ལྟར་ན་འོག་མིན་སྟུག་པོ་བཀོད་པ་དང་བཅས་པས། གཟུགས་ཁམས་གནས་རིས་བཅོ་བརྒྱད་ཡིན་ཞེས་གསུང་ངོ་། །གཟུགས་མེད་ཁམས་ནི་གནས་གཞན་ལོགས་པ་མེད་དེ། གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐོབ་ལ་མ་ཉམས་པའི་གང་ཟག་དེ། གང་དུ་ཤི་འཕོས་པ་དེར་གཟུགས་མེད་ཀྱི་མིང་བཞིའི་ཕུང་པོ་གྲུབ་ནས་གཟུགས་མེད་དུ་སྐྱེ་བའི་ཕྱིར། འོན་ཀྱང་རྒྱུ་སྙོམས་


DLL1003_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བཟང་ངན་དུ་བསྒོམས་པའི་སྐྱེ་བ་ལས་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་རྣམ་པ་བཞི་ཡོད་དོ། །གཟུགས་མེད་ཁམས་ན་གཟུགས་མེད་ན། སེམས་ཀྱི་རྒྱུད་དེ་གང་ལ་བརྟེན་ཅེ་ན། གཟུགས་མེད་ཁམས་དེར་ནི་རིས་མཐུན་པ་དང་སྲོག་ལ་ཡང་སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན་ནོ། །ཡང་ཞེས་པས་སོ་སོ་སྐྱེ་བོ་དང་མི་ལྡན་པ་དང་ཐོབ་པ་དང་སྐྱེ་བ་ལ་སོགས་པ་ལ་ཡང་བརྟེན་པར་བསྟན་པ་ཡིན་ནོ། །ཁམས་འོག་མ་གཉིས་སུ་གཟུགས་ལ་མ་ལྟོས་པར་སེམས་དེ་རིས་དང་སྲོག་ལ་མི་བརྟེན་ནམ་ཞེ་ན། མི་བརྟེན་པ་ཡིན་ཏེ། གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བས་སྟོབས་ཆུང་བའི་ཕྱིར། གཟུགས་མེད་ཀྱི་སེམས་ནི་གཟུགས་ལ་མི་ལྟོས་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གཟུགས་ཀྱི་འདུ་ཤེས་དང་བྲལ་བས་སྟོབས་དང་ལྡན་པའི་ཕྱིར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སོགས་ཆོས་ཅན། གཟུགས་མེད་ཁམས་ཡིན་ཏེ། ཁམས་འོག་མ་གཉིས་ལས་འདས་ཤིང་། གཟུགས་མེད་ཀྱི་ཉོན་མོངས་རྒྱས་རུང་གི་ཁམས་ཡིན་པའི་ཕྱིར། ཅིའི་ཕྱིར་གཟུགས་མེད་ཁམས་ཞེས་བྱ་ཞེ་ན། གཟུགས་གཏན་ནས་མེད་པའི་ཁམས་ཡིན་པས་ན་དེ་སྐད་ཅེས་བྱའོ། །གཉིས་པ་ནི། ཁམས་གསུམ་པོ་དེང་ཉིད་དམྱལ་བ་ལ་སོགས་པའི་འགྲོ་བ་ལྔ་སྟེ། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། མི་དང་། ལྷ་སྟེ་རང་རང་གི་མིང་གིས་བསྟན་ཏོ། །དེ་དག་གི་ངོ་བོ་གང་ཞེ་ན། དགེ་བ་མ་ཡིན་ཏེ། དགེ་རྩ་ཆད་པ་ཡོད་པའི་ཕྱིར། ཉོན་མོངས་ཅན་མ་ཡིན་ཏེ། ཉོན་མོངས་སྤངས་པ་ཡོད་པའི་ཕྱིར། དེས་ན་མ་བསྒྲིབས་ལ་ལུང་མ་བསྟན་ཡིན་ནོ། །རྒྱུད་ཀྱིས་བསྡུས་པས་


DLL1003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཞེས་བྱ་བ་ཡིན་ལ། བར་སྲིད་ནི་སེམས་ཅན་ཡིན་གྱི། འགྲོ་བ་མ་ཡིན་ཏེ། བསྟན་བཅོས་གདགས་པ་ལས། སྐྱེ་གནས་བཞིས་འགྲོ་བ་ལྔ་བསྡུས་ཀྱི། འགྲོ་བ་ལྔས་སྐྱེ་གནས་བཞི་མ་བསྡུས་སོ། །གང་མ་བསྡུས་ན་སྲིད་པ་བར་མའོ། །ཞེས་གསུངས་པའི་ཕྱིར་དང་། སྲིད་པ་བདུན་བསྟན་པའི་མདོ་ལས། སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང་། ཡི་དྭགས་ཀྱི་སྲིད་པ་དང་། དུད་འགྲོའི་སྲིད་པ་དང་། མིའི་སྲིད་པ་དང་། ལྷའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ། །ཞེས་གསུངས་པའི་ཕྱིར། འགྲོ་བ་ལྔར་ངེས་ན་ལྷ་མ་ཡིན་དེ་འགྲོ་བ་གང་གི་ནང་དུ་གཏོགས་ཞེ་ན། སློབ་དཔོན་འཕགས་པ་ཐོགས་མེད་ལྟར་ན་ལྷའི་ནང་དུ་གཏོགས་ཏེ། ལྷ་ལ་ལུས་ལོངས་སྤྱོད་འགྲན་སྙོག་པ་དང་། ལྷའི་གཉེན་ཟླ་ཡིན་པའི་ཕྱིར། འོན་ཀྱང་ལྷའི་ཆོས་ལས་ཉམས་པས། ལྷ་མ་ཡིན་ཞེས་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་ཞེས་གསུང་ངོ་། །མདོ་དྲན་པ་ཉེར་གཞག་ལས་ལྷ་མ་ཡིན་ཡི་དྭགས་དང་དུད་འགྲོར་གཏོགས་པ་དང་། མདོ་ཁ་ཅིག་ཏུ་འགྲོ་བ་དྲུག་པར་ཡང་བཤད་དོ། །གནོད་སྦྱིན་ཁ་ཅིག་ལྷ་དང་། ཁ་ཅིག་ཡི་དྭགས་སུ་གཏོགས། དྲི་ཟ་ནི་ལྷའི་ནང་དུ་གཏོགས་ཏེ། ལྷའི་རོལ་མོ་མཁན་ཡིན་པའི་ཕྱིར། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་དང་། མི་འམ་ཅི་དང་། ཀླུ་རྣམས་་ནི་དུད་འགྲོའི་ཁོངས་སུ་གཏོགས་པར་བཤད། ཤ་ཟ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། མ་མོ་ནི་ཡི་དྭགས་ཀྱི་ནང་དུ་འདུ་བ་ཡིན་ནོ། །གཉིས་པ་ཆོས་ཀྱི་ཁྱད་པར་ལ་བཞི། རྣམ་ཤེས་ཀྱི་གནས་པ་བདུན།


DLL1003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་གནས་དགུ། །རྣམ་ཤེས་གནས་པ་བཞི། བདུན་དང་བཞིའི་བསྡུ་བ་དཔྱད་པའོ། །དང་པོ་ནི། ཆོས་མངོན་པ་བ་རྣམས་མདོ་འཆད་པར་སྤྲོ་ན། མདོ་ལས་རྣམ་ཤེས་གནས་པ་བདུན་ཞེས་ཀྱང་བཤད། སེམས་ཅན་གྱི་གནས་དགུ་ཞེས་ཀྱང་བཤད་ན་རྣམ་ཤེས་གནས་པ་བདུན་པོ་དེ་དག་གང་ཞེ་ན། རྣམ་ཤེས་གནས་པ་བདུན་ཡོད་དེ། ལུས་དང་འདུ་ཤེས་ཐ་དད་པ་དང་། ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དང་། བཟློག་པ་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དང་། ལུས་དང་འདུ་ཤེས་གཉིས་ཀ་གཅིག་པ་དང་། གཟུགས་ཅན་མ་ཡིན་པ་དང་པོ་གསུམ་པོ་རྣམས་སུ་ཡོད་པའི་ཕྱིར། མི་དང་འདོད་ལྷ་དང་བསམ་གཏན་དང་པོར་ཕྱིས་སྐྱེས་པའི་ལྷ་རྣམས་ནི་དང་པོ་དེ་ཡིན་ཏེ། ལུས་ཁ་དོག་དང་དབྱིབས་དང་པོང་ཚོད་ཐ་དད་ཅིང་། འདུ་ཤེས་བདེ་སྡུག་བཏང་སྙོམས་ཐ་དད་པའི་ཕྱིར། ཚངས་ཆེན་དང་དེའི་འཁོར་དུ་དང་པོར་སྐྱེས་པའི་ལྷ་ནི་གཉིས་པ་ཡིན་ཏེ། ལུས་སྔར་ལྟར་གྱི་ཕྱིར་དང་། ཚངས་ཆེན་གྱི་བསམ་པ་ལ་འདི་དག་ནི་བདག་གིས་ཕྱུང་བའོ་སྙམ་པ་དང་། དེ་དག་གི་བསམ་པ་ལའང་བདག་ཅག་རྣམས་ནི། ཚངས་པ་ཆེན་པོས་བྱུང་བའོ་སྙམ་དུ་འདུ་ཤེས་གཅིག་པའི་ཕྱིར། འོད་གསལ་བའི་ལྷ་རྣམས་ནི་གསུམ་པ་ཡིན་ཏེ། ལུས་འོད་ཀྱི་རང་བཞིན་དུ་གཅིག་པ་དང་། འདུ་ཤེས་དངོས་གཞིའི་ཡིད་བདེས་སྐྱོ་ནས། ཉེར་བསྡོགས་ཀྱི་བཏང་སྙོམས་ལ་འཇུག །ཉེར་བསྡོགས་ཀྱི་བཏང་སྙོམས་ཀྱིས་སྐྱོ་ནས། དངོས་གཞིའི་ཡིད་བདེ་ལ་འཇུག་པའི་ཕྱིར། མདོ་སྡེ་པ་ན་རེ། བསམ་གཏན་གཉིས་པར་སྐྱེས་ནས་རིང་པོ་མ་ལོན་པ། འཇིག་རྟེན་


DLL1003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འཆགས་འཇིག་ལ་མི་མཁས་པ་དག །ཚངས་པའི་གཞལ་མེད་ཁང་སྟོང་པ་མེས་སྲེག་པ་མཐོང་ནས་སྐྲག་པར་འདུ་ཤེས་པ་ན། བསམ་གཏན་གཉིས་པར་སྐྱེས་ནས་རིང་དུ་ལོན་པ་འཇིག་རྟེན་འཆགས་འཇིག་ལ་མཁས་པ་དག །མ་འཇིགས་ཤིག་དེ་ནི་སྔར་ཡང་མེས་བསྲེགས་ནས་དེ་ཉིད་དུ་མེད་པར་གྱུར་ཏོ་ཞེས་མི་སྐྲག་པར་འདུ་ཤེས་པས་འདུ་ཤེས་ཐ་དད་ཅེས་ཟེར། དགེ་རྒྱས་པའི་ལྷ་རྣམས་ནི་བཞི་པ་དེ་ཡིན་ཏེ། ལུས་འོད་ཀྱི་རང་བཞིན་དུ་གཅིག་པ་དང་། འདུ་ཤེས་དངོས་གཞིའི་སེམས་བདེ་ལ་འཇུག་པར་གཅིག་པའི་ཕྱིར། ལྷག་མ་རྣམས་རྣམ་ཤེས་གནས་པར་མི་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། ལྷག་མ་དེ་དག་ཏུ་རྣམ་ཤེས་འཇོམས་པར་བྱེད་པ་དང་ལྡན་པའི་ཕྱིར་ཏེ། ངན་སོང་བ་རྣམས་ནི་སྡུག་བསྔལ་གྱིས་འཇོམས། བསམ་གཏན་བཞི་པའི་འདུ་ཤེས་མེད་པ་བ། འདུ་ཤེས་མེད་པའི་སྙོམས་འཇུག་རྒྱུ་འབྲས་ཀྱིས་འཇོམས། སྲིད་རྩེ་བ་འགོག་པའི་སྙོམས་འཇུག་གིས་འཇོམས་པའི་ཕྱིར། གཉིས་པ་ནི། སེམས་ཅན་གྱི་གནས་དགུ་བཤད་པ་དེ་དག་གང་ཞེ་ན། སེམས་ཅན་གྱི་ནི་གནས་དགུར་བཤད་དེ། སྔར་གྱི་བདུན་གྱི་སྟེང་དུ་སྲིད་རྩེ་དང་འདུ་ཤེས་མེད་པའི་སེམས་ཅན་རྣམས་སོ། །འོ་ན་ངན་སོང་བ་དང་། འདུ་ཤེས་མེད་པའི་སེམས་ཅན་ལས་གཞན་པའི་བསམ་གཏན་བཞི་པ་སེམས་ཅན་གྱི་གནས་སུ་མི་འཆད་བའི་རྒྱུ་མཚན་ཅི་ཞེ་ན། །གཞན་ངན་སོང་བ་དེར་མི་འཆད་པའི་རྒྱུ་མཚན་ཡོད་དེ། དེ་ལས་ཀྱི་སྲིན་པོས་མི་འདོད་བཞིན་དུ་གནས་པའི་


DLL1003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན། དཔེར་ན་བཙོན་ར་བ་བཞིན། ཡང་ན་དེ་གཉིས་དེར་མི་འཆད་དེ། སེམས་ཅན་གྱི་གནས་ནི་གཞན་ན་གནས་པ་རྣམས་དེར་འོང་འདོད་ལ། དེ་ན་གནས་པ་རྣམས་གཞན་དུ་འགྲོ་མི་འདོད་པ་ཡིན་ན། ངན་སོང་བ་ལ་དེ་གཉིས་ཀ་མེད་པའི་ཕྱིར་དང་། འདུ་ཤེས་མེད་པ་བ་ལས་གཞན་པའི་བསམ་གཏན་བཞི་པའི་སོ་སྐྱེ་རྣམས་ནི་འདུ་ཤེས་མེད་པ་བར་འགྲོ་འདོད། འཕགས་པ་རྣམས་གོང་མ་མྱང་འདས་སུ་འགྲོ་འདོད་པའི་ཕྱིར། གསུམ་པ་ནི། རྣམ་ཤེས་གནས་པ་དག་ནི་ཡང་བཞི་བཤད་དེ། ཟག་པ་དང་བཅས་པའི་ཕུང་པོ་བཞིའོ། །འོ་ན་ཟག་བཅས་ཀྱི་ཕུང་པོ་ཐམས་ཅད་དེ་མིན་ནམ་ཞེ་ན། རང་གི་ས་པ་ཉིད་ཡིན་ཀྱི། ས་མི་གཅིག་པ་དང་ཟག་མེད་མ་ཡིན་ཏེ། རྣས་ཤེས་གནས་པའི་དོན་རྣམ་ཤེས་སྲེད་པའི་དབང་གིས་གནས་པ་ཡིན་ན། ཟག་མེད་དང་ས་གཞན་ལ་དེ་ལྟར་གནས་པ་མེད་པའི་ཕྱིར། འོ་ན་རྣམ་ཤེས་དེ་རྣམ་ཤེས་གནས་པར་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། རྣམ་ཤེས་འབའ་ཞིག་རྣམ་ཤེས་གནས་པར་མ་བཤད་དེ། འདིར་ནི་གནས་པ་དང་གནས་པ་པོ་ཐ་དད་བའི་དབང་དུ་བྱས་ལ། རྣམ་ཤེས་དེ་གནས་པ་པོ་ཡིན་པའི་ཕྱིར། དཔེར་ན། རྒྱལ་པོ་དེ་རང་གི་གདན་མིན་པ་བཞིན་ནོ། །བཞི་པ་ནི། འོ་ན་རྣམ་ཤེས་གནས་པ་བདུན་གྱིས་བསྡུས་ལ། བཞིས་མ་བསྡུས་པ་སོགས་ཡོད་དམ་ཞེ་ན། །བསྡུ་ན་མུ་ནི་བཞི་ཡོད་པ་ཡིན་ནོ། །ཇི་ལྟར་ན། བདུན་གྱིས་བསྡུས་ལ་བཞིས་མ་བསྡུས་པ་ནི། བདུན་གྱིས་གནས་སྐབས་ཀྱི་རྣམ་ཤེས་ཀྱི་ཕུང་པོ་ལྟ་བུ། བཞིས་བསྡུས་ལ་བདུན་གྱིས་མ་བསྡུས་པ་ནི། བཞིའི་གནས་སྐབས་ཀྱི་བསམ་གཏན་


DLL1003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་དང་། སྲིད་རྩེ་བ་དང་། ངན་སོང་བའི་ཟག་བཅས་ཀྱི་ཕུང་པོ་ལྟ་བུ། གཉིས་ཀས་མ་བསྡུས་པ་ནི། བསམ་གཏན་བཞི་པ་པ་དང་། སྲིད་རྩེ་པ་དང་། ངན་སོང་བ་རྣམས་ཀྱི་རྣམ་ཤེས་ཀྱི་ཕུང་པོ་ལྟ་བུ། གཉས་ཀས་བསྡུས་པ་ནི། རྣམ་ཤེས་གནས་པ་བདུན་གྱི་གནས་སྐབས་ཀྱི། རྣམ་ཤེས་ལས་གཞན་པའི་ཟག་བཅས་ཀྱི་ཕུང་པོ་བཞི་ལྟ་བུའོ། །གསུམ་པ་རང་བཞིན་རྒྱས་པར་བཤད་པ་ལ་གསུམ། དང་པོར་འཇུག་ཚུལ། བར་དུ་གནས་ཚུལ། མཐར་འགྲོ་ཚུལ་ལོ། །དང་པོ་ལ་གཉིས། གང་དུ་འཇུག་བའི་སྐྱེ་གནས། གང་གིས་འཇུག་པའི་བར་སྲིད་དེ། །དང་པོ་ནི། ཁམས་གསུམ་དུ་སེམས་ཅན་སྐྱེ་བའི་གནས་དུ་ཞེ་ན། ཁམས་གསུམ་པོ་དེར་ནི་སྒོ་ང་ལས་སྐྱེ་བ་དང་། སོགས་མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་སྟེ་སེམས་ཅན་གྱི་སྐྱེ་གནས་བཞི་དག་ཏུ་ཡོད་དོ། །འོ་ན་འགྲོ་བ་གང་ལ་སྐྱེ་གནས་དུ་ཡོད་ཅེ་ན། མི་ལ་སྐྱེ་གནས་རྣམ་པ་བཞི་ག་ཡོད་དེ། རྫུས་སྐྱེས་ནི་བསྐལ་པ་དང་པོའི་མི་ལྟ་བུ། དྲོད་གཤེར་སྐྱེས་ནི་རྒྱལ་པོ་ང་ལས་ནུ་ལྟ་བུ། སྒོང་སྐྱེས་ནི་གྲུ་ཆག་པའི་ཚོང་པ་ཁྲུང་ཁྲུང་མོ་དང་ལྷན་ཅིག་འགྲོགས་པ་ལ་བརྟེན་ནས། གནས་བརྟེན་བྲག་དང་ཉེ་བའི་བྲག་བྱུང་བ་ལྟ་བུ་དང་། དགེ་བསྙེན་མ་ས་ག་ལས་སྒོ་ང་སུམ་ཅུ་སོ་གཉིས་བྱུང་བ་ལས། ཁྱེའུ་སུམ་ཅུ་སོ་གཉིས་བྱུང་བ་ལྟ་བུ་དང་། རྒྱལ་པོ་ལྔ་ལེན་གྱི་བཙུན་མོ་ལས་སྒོ་ང་ལྔ་བརྒྱ་བྱུང་བ། སྒྲོམ་དུ་བཅུག་སྟེ་གངྒཱའི་ཆུ་ལ་བསྐྱུར་བ། ལི་ཙ་བྱི་གཞོན་ནུ་ཁྲུས་


DLL1003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་མཐོང་ནས། སྒྲོམ་ཕྱེ་བས་ཁྱེའུ་ལྔ་བརྒྱ་བྱུང་བ་བཞིན་ནོ། །མངལ་སྐྱེས་ནི་ད་ལྟའི་མི་ཕལ་ཆེ་བའོ། །དུད་འགྲོ་ལ་སྐྱེ་གནས་རྣམ་པ་བཞི་ཡོད་དེ། ནམ་མཁའ་ལྡང་སྐྱེ་གནས་བཞི་པས། ཀླུ་སྐྱེ་གནས་བཞི་ག་བཟའ་བར་བཤད་པའི་ཕྱིར། །དམྱལ་བ་པ་རྣམས་དང་། ལྷ་རྣམས་དང་། སྲིད་པ་བར་མ་རྫུས་ཏེ་སྐྱེ་བ་ཡིན་ཏེ། ལས་ཆེས་སྟོབས་དང་ལྡན་པའི་ཕྱིར། ཡི་དྭགས་ཕལ་ཆེར་རྫུས་སྐྱེས་ཡིན་ལ། མངལ་ནས་སྐྱེ་བའང་ཡོད་པ་ཡིན་ཏེ། ཡི་དྭགས་མོ་ཞིག་གིས་བཙུན་པ་མཽ་དགལ་གྱི་བུ་ཆེན་པོ་ལ། བདག་གིས་མཚན་མོ་བུ་ལྔ་དང་། །དེ་བཞིན་ཉིན་པར་བུ་ལྔ་རྣམས། །བསྐྱེད་ནས་དེ་དག་ཟ་མོད་ཀྱི། །འོན་ཀྱང་བདག་ནི་ཚིམ་པ་མེད། །ཅེས་འབྱུང་བའི་ཕྱིར། འོ་ན་སྐྱེ་གནས་དེ་རྣམས་ལས་གང་བཟང་བ་ཡིན་ཞེ་ན། རྫུས་སྐྱེས། དྲོད་གཤེར་སྐྱེས། མངལ་སྐྱེས། སྒོང་སྐྱེས་རྣམས་ལ་སྔ་མ་སྔ་མ་བཟང་སྟེ། རིམ་བཞིན་རང་གཞན་གཉིས་ཀ་ལ་མི་གནོད་པར་སྐྱེ་བ་དང་། གཞན་ལ་མི་གནོད་པ་དང་། རང་གིས་སྡུག་བསྔལ་ལན་གཅིག་མྱོང་བ་དང་། སྡུག་བསྔལ་ལན་གཉིས་མྱང་ནས་སྐྱེ་བའི་ཕྱིར། རྫུས་སྐྱེས་བཟང་ན། སྐྱེ་བ་ལ་དབང་ཐོབ་པའི་སྲིད་པ་ཐ་མའི་བྱང་སེམས་རྒྱལ་པོ་དོན་གྲུབ་རྫུས་ཏེ་མི་སྐྱེ་བར། མངལ་ནས་སྐྱེ་བའི་དགོས་པ་གང་ཞེ་ན། དགོས་པ་ཡོད་དེ། ཤཱཀྱ་ཉེ་དུ་རྣམས་བསྟན་པ་ལ་གཟུད་པའི་ཕྱིར་དང་། མིའི་གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་དང་། བདག་ཅག་གི་སྟོན་པ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་མཐོང་བ་ན། སྒྱུ་མའམ་སུ་ཞིག་ཡིན་སྙམ་པའི་དོགས་པ་སྤང་བའི་ཆེད་ཡིན་པའི་ཕྱིར། ཁ་ཅིག །སྐུ་གདུང་རིང་བསྲེལ་བསྟན་པས། གདུལ་བར་བྱ་བ་རྣམས་


DLL1003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་གཟུང་བའི་ཕྱིར་དུ་ཡིན་ཏེ། རྫུས་སྐྱེས་ཤི་བ་ལ་རོ་མེད་པའི་ཕྱིར་ཞེས་ཟེར། སློབ་དཔོན་དབྱིག་གཉེན་ནི། དེ་ནི་བྱིན་རླབས་ཀྱི་དབང་གིས་འབྱུང་བར་འདོད་པས་ལན་མིན་ནོ་ཞེས་གསུང་ངོ་། །རྫུས་སྐྱེས་ལ་རོ་མེད་ན། ནམ་མཁའ་ལྡིང་རྫུས་ཏེ་སྐྱེས་པས་ཀླུ་རྫུས་ཏེ་སྐྱེས་པ་བཟའ་བའི་ཕྱིར་འབྱིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། བཟའ་བའི་ཕྱིར་ཞེས་བཤད་ཀྱི། ཟས་ཞེས་མ་བཤད་པའམ། མ་ཤི་བར་དུ་ཟ་བ་ལ་དགོངས་པའི་ཕྱིར། འོ་ན་སྐྱེ་གནས་གང་མང་ཞེ་ན། གང་བཟང་བ་བཞིན་མང་ངོ་། །གཉིས་པ་ལ་ལྔ། ངོ་བོ་དང་། སྒྲུབ་བྱེད། ཤ་ཚུགས། ཆོས་ཀྱི་ཁྱད་པར། སྐྱེ་གནས་སུ་འཇུག་ཚུལ་ལོ། །དང་པོ་ནི། སྲིད་པ་བར་མ་རྫུས་ཏེ་སྐྱེ། །ཞེས་བཤད་ན། དེའི་ངོ་བོ་གང་ཞེ་ན། །འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། །བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ་བྱུང་བ་མིན། །ཕུང་པོའི་རྒྱུན་འདིར་གང་འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པའི་བར་དུ་འབྱུང་བའོ། །འོ་ན་དེ་བྱུང་བ་མ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། སྲིད་པ་བར་མ་དེ་བྱུང་བ་མིན་ཏེ། དེ་བགྲོད་པའི་ཡུལ་དུ་མ་ཕྱིན་པའི་ཕྱིར། གཉིས་པ་ལ། རིགས་པ་དང་ལུང་གི་སྒྲུབ་བྱེད་གཉིས། དང་པོ་ནི། ཕལ་ཆེན་སྡེ་པ་ན་རེ། བར་སྲིད་མེད་དེ། སྐྱེ་སྲིད་དེ་འཆི་སྲིད་ཆད་ཙམ་ལས་བྱུང་བའི་ཕྱིར་ཞེ་ན། སྐྱེ་སྲིད་ཆོས་ཅན། འཆི་བའི་སྲིད་པ་ཆད་ཙམ་ལས་བྱུང་བ་མ་ཡིན་ཏེ། འབྲུའི་རྒྱུན་དང་རྒྱུན་གྱིས་འཇུག་པར་ཆོས་མཐུན་པའི་ཕྱིར། ཁོ་ན་རེ། མ་ཁྱབ་སྟེ། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་དེ་བྱད་བཞིན་གྱི་རྒྱུན་ཡིན་ཡང་། བྱད་བཞིན་ལས་ཆད་ཅིང་འཇུག་པ་བཞིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། མེ་ལོང་ནང་གི་བྱད་བཞིན་གྱི་


DLL1003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་བྱད་བཞིན་གྱི་རྒྱུན་ཡིན་པ་དེ། སྐྱེ་སྲིད་འཆི་སྲིད་ཀྱི་རྒྱུན་ཡིན་ཡང་དེ་ལས་ཆད་ཅིང་འཇུག་པའི་དཔེ་ཡང་དག་མ་ཡིན་པར་ཐལ། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་གྱི་ངོ་བོར་མ་གྲུབ་པའི་ཕྱིར་ཏེ། གོས་གཅིག་ན་ལྷན་ཅིག་ཏུ་གཟུགས་གྱི་དངོས་པོ་རྫས་ཐ་དད་པ་གཉིས་མེད་པའི་ཕྱིར། ཡང་གོང་གི་དམ་བཅའ་དེར་ཐལ། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་གྱི་རྒྱུན་ཡིན་པ་དང་སྐྱེ་སྲིད་འཆི་སྲིད་ཀྱི་རྒྱུན་ཡིན་པ་གཉིས་མི་འདྲ་བའི་ཕྱིར་ཏེ། གཟུགས་བརྙན་དེ་བྱད་བཞིན་གྱི་རྒྱུན་མ་ཡིན་པའི་ཕྱིར་དང་། དེའི་གཟུགས་བརྙན་དེ་བྱད་དང་མེ་ལོང་གཡའ་དག་པའི་རྒྱུའི་གཙོ་བོ་གཉིས་ལས་བྱུང་ལ། སྐྱེ་སྲིད་དེ་འཆི་སྲིད་ལས་བྱུང་གི་རྒྱུའི་གཙོ་བོ་གཉིས་ལས་བྱུང་བ་མ་ཡིན་པའི་ཕྱིར། གཉིས་པ་ནི། བར་སྲིད་ཡོད་དེ། །བཅོམ་ལྡན་འདས་ཀྱི་མགུར་ནས་སྲིད་པ་བདུན་བསྟན་པའི་མདོ་ལས། སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང་། ཞེས་སོགས་གསུངས་པའི་ཕྱིར། ཡང་བར་སྲིད་ཡོད་དེ། མདོ་ལས། གནས་གསུམ་མངོན་དུ་གྱུར་ན་མའི་མངལ་དུ་བུ་འཆགས་པར་འགྱུར་ཏེ། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་ཆགས་ཤིང་ཕྲད་པ་དང་། དྲི་ཟ་ཉེ་བར་གནས་པར་གྱུར་ནའོ། །ཞེས་གསུངས་པ་གང་ཞིག །དེའི་དྲི་ཟ་དེ་བར་སྲིད་ལས་གཞན་མ་ཡིན་པའི་ཕྱིར་རོ། །ཁོ་ན་རེ། དེ་མི་འཐད་དེ། ཕུང་པོ་ཞིག་པ་ཉེ་བར་གནས་པར་གྱུར་ནའོ་ཞེས་འདོན་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། ཏ་ལེན་གྱི་བུའི་མདོ་ལས། ཁྱོད་ཀྱི་དྲི་ཟ་ཉེ་བར་གནས་པར་གྱུར་པ་དེ། རྒྱལ་རིགས་ཤིག་གམ། བྲམ་ཟེའམ།


DLL1003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའུ་རིགས་སམ། དམངས་རིགས་སམ། འོན་ཏེ་ཤར་ཕྱོགས་ན་གནས་པ་ཞིག་གམ། ཞེས་གསུངས་ལ། ཕུང་པོ་ཞིག་པ་དེ་དག་ཏུ་མི་རུང་བའི་ཕྱིར། ཡང་བར་སྲིད་ཡོད་དེ། །ལྔར་གསུངས་འགྲོ་མདོ་ལས་ཀྱང་གྲུབ། །ཕྱིར་མི་འོང་དེ་ལ་བར་དོར་འདའ་བ་སོགས་ལྔར་གསུངས་པའི་ཕྱིར། དེ་ནི་ལྷའི་རིགས་ཤིག་ལ་དགོངས་སོ་ཞེ་ན། མི་འཐད་དེ། དེ་ལྟ་ན་སྐྱེས་ནས་འདའ་བ་ལ་སོགས་པ་ཡང་ལྷའི་རིགས་སུ་ཐལ་བའི་ཕྱིར། ཡང་བར་སྲིད་གྲུབ་སྟེ། སྐྱེས་བུ་དམ་པའི་འགྲོ་བ་བདུན་བསྟན་པའི་མདོ་ལས་ཀྱང་བར་དོར་འདའ་བ་དེ་ལ་མྱུར་བར་འདའ་བ་ལ་སོགས་པ་གསུམ་གསུངས་པའི་ཕྱིར། ཁོ་ན་རེ། བར་སྲིད་ཡོད་ན། བདུད་སུན་འབྱིན་བྱེད་ཀྱིས་སངས་རྒྱས་འོད་སྲུངས་ཀྱི་ཉན་ཐོས་མཁས་པ་མགུ་བའི་ཀླད་པར། རྡོའི་ཁུ་ཚུར་བསྣུན་ནས་ཤི་བ་ལུས་དེ་ཉིད་ལ་མེས་བསྐོར་ཏེ། དམྱལ་བར་སྐྱེས་པར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཚེ་དེ་ཉིད་ལ་མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་སྨིན་པ་ཡིན་གྱི། སྐྱེས་ནས་མྱོང་འགྱུར་ཕྱིས་སྨིན་པར་འགྱུར་པའི་ཕྱིར། ཡང་བར་སྲིད་ཡོད་ན། མཚམས་མེད་ལྔ་བྱས་མ་ཐག་ཏུ་དམྱལ་བར་སྐྱེ་བར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཕྱི་མ་ལ་འགྲོ་བ་གཞན་དུ་མི་སྐྱེ་བ་ལ་དགོངས་བའི་ཕྱིར། དེ་ལྟ་མིན་ན། མཚམས་མེད་བྱས་པའི་སྐད་ཅིག་གཉིས་པ་ལ་དམྱལ་བར་སྐྱེས་པར་འགྱུར་རོ། །ཡང་བར་སྲིད་ཡོད་ན། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་སྡིག་ཅན་ཞིག་ལ། བྲམ་ཟེ་ན་ཚོད་ཁྱེར་ཟིན་རྒ་བ་དང་། །ན་བ་མིན་ཏེ་གཤིན་རྗེའི་དྲུང་དུ་ཕྱིན། །བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་


DLL1003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཞིང་། །ཁྱོད་ཀྱི་ལམ་རྒྱགས་ཀྱང་ནི་ཡོད་མ་ཡིན། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་མིའི་ནང་དུ་ཡུན་རིང་དུ་མི་གནས་པ་ཙམ་ལ་དགོངས་པའི་ཕྱིར། གསུམ་པ་ནི། འོ་ན་བར་སྲིད་ཀྱི་ཤ་ཚུགས་ཇི་ལྟ་བུ་ཞེ་ན། །དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔུན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །བར་སྲིད་དེ་ནི་སྔོན་དུས་ཀྱི་སྲིད་པ་འབྱུང་བར་འགྱུར་བའི་ཤ་ཚུགས་ཅན་ཡིན་ཏེ། དེ་དང་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་ཕྱིར། སྔོན་དུས་ཀྱི་སྲིད་པ་དེ་ནི་འཆི་བའི་སྔོན་རོལ་ཚུན་ཆད་ནས་སྐྱེ་བའི་སྐད་ཅིག་གཉིས་པ་ཕན་ཆད་ཀྱི་ཕུང་པོ་ལྔ་པའམ་བཞི་ཡིན་ནོ། །ལོ་ན་བར་སྲིད་ཀྱི་ཁ་དོག་ཇི་ལྟ་བུར་འབྱུང་ཞེ་ན། དམྱལ་བའི་བར་སྲིད་ནི་སྡོང་དུམ་མེས་ཚིག་པ་ལྟ་བུ། དུད་འགྲོའི་དུ་བ་ལྟ་བུ། ཡི་དྭགས་ཀྱི་ཆུ་ལྟ་བུ། འདོད་པའི་ལྷ་དང་མིའི་བར་སྲིད་ནི་གསེར་གྱི་ཁ་དོག་ལྟ་བུ། གཟུགས་ཀྱི་བར་སྲིད་ནི་ཁ་དོག་དཀར་པོའོ། །གཟུགས་མེད་ཁམས་ན་བར་སྲིད་མེད་དེ། དེ་ན་གཟུགས་མེད་པས་སོ། འོ་ན་བར་སྲིད་ཀྱི་བོང་ཚོད་ཇི་ལྟ་བུ་ཞེ་ན། འདོད་པའི་ལྷ་དང་མིའི་བར་སྲིད་ནི་བྱིས་པ་ལོ་ལྔའམ་དྲུག་ལོན་པ་ལྟ་བུའོ། །དེ་ཡང་གཟུགས་ཀྱི་ནི་ངོ་ཚ་དང་ཁྲེལ་ཡོད་ཤས་ཆེ་བས་བོང་ཚོད་རྫོགས་ཤིང་གོས་དང་བཅས་པར་སྐྱེ་ལ། འདོད་པར་ངོ་ཚ་མེད་ཅིང་ཁྲེལ་མེད་ཤས་ཆེ་བས་གཅེར་བུར་སྐྱེ། འོན་ཀྱང་དགེ་སློང་མ་དཀར་མོ་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་གོས་དང་བཅས་པ་དང་། སྲིད་པ་ཐ་མ་པའི་བྱང་སེམས་ནི་གཞོན་ནུ་མཚན་དཔེས་བརྒྱན་ཅིང་། ན་བཟའ་དང་བཅས་པའོ། །འོ་ན་ཡུམ་གྱི་མནལ་ལམ་དུ་གླང་པོ་ཆེའི་ཕྲུ་གུ་དཀར་པོ་ལྷུམས་སུ་ཞུགས་པར་རྨིས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་མཚན་མ་འགའ་ཞིག་བསྟན་


DLL1003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆེད་ཡིན་པའི་ཕྱིར། དཔེར་ན། རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་བཅུ་བསྟན་པ་བཞིན་ནོ། །འོ་ན་བཙུན་པ་ཆོས་ལྡན་རབ་འབྱོར་གྱིས། གླང་ཆེན་དཀར་པོ་མཆི་བ་དྲུག་ལྡན་པ། །རྐང་བཞིས་མཛེས་དང་ལྡན་པར་ཞལ་བཞེས་ནས། །དྲང་སྲོང་གནས་ཤེས་པ་ནི་ཇི་བཞིན་དུ། །ཡུམ་གྱི་ལྷུམས་ཀྱི་གནས་སུ་ཞུགས་པར་གྱུར། །ཞེས་གསུངས་པ་དེ་ཅི་ཡིན་ཞེ་ན། དེ་ནི་མནལ་ལམ་དང་མཐུན་པར་བསྟན་པའོ། །འོ་ན་བར་སྲིད་དེ་ཇི་ཙམ་གནས་ཞེ་ན། མདོ་སྡེ་པའི་དགེ་བསྙེན་བཙུན་པ་ན་རེ། སྐྱེ་བའི་རྐྱེན་མ་ཚོགས་ཀྱི་བར་དུ་གནས་པས་ངེས་པ་མེད་ཅེས་ཟེར། བཙུན་པ་དབྱིག་བཤེས་ན་རེ། ཞག་བདུན་གནས་ལ། དེ་ལ་སྐྱེ་གནས་མ་རྙེད་ན་ཤི་འཕོས་ནས་ཡང་དེ་ཉིད་དུ་སྐྱེ་ཞེས་ཟེར། ཁ་ཅིག །ཞག་བདུན་ཕྲག་བདུན་ཏེ་ཞེ་དགུ་གནས་ཟེར། བྱེ་བྲག་སྨྲ་བ་ན་རེ། འདི་སྐྱེ་སྲིད་ཚོལ་བའི་ངང་ཚུལ་ཅན་ཡིན་པས། ཡུན་རིང་དུ་མི་གནས་པར་མྱུར་དུ་ཉིང་མཚམས་སྦྱོར་ལ། དེ་ཡང་ཡུལ་དེར་སྐྱེ་བར་ངེས་ན། སྐྱེ་བའི་རྐྱེན་མ་ཚོགས་ཀྱང་། ལས་ཀྱིས་རྐྱེན་གྱི་ཚོགས་པ་དྲངས་ནས་དེར་སྐྱེ། དེར་སྐྱེ་བར་མ་ངེས་ན་ཡུལ་གཞན་དུ་སྐྱེ་ཟེར་རོ། །ཡང་དགུན་བ་ལང་གི་བར་སྲིད་གྲུབ་ན། བ་ལང་དེ་དབྱར་འདོད་ཆགས་སྤྱོད། བ་མིན་དུས་མིན་དུ་སྤྱོད་པས་བ་མིན་དུ་སྐྱེ། དགུན་རྟའི་བར་སྲིད་གྲུབ་ན། དེ་སོས་ཁ་འདོད་ཆགས་སྤྱོད། བོང་བུ་དུས་མིན་དུ་སྤྱོད་པས་བོང་བུར་སྐྱེ། དབྱར་ལྟ་བུ་དོམ་གྱི་བར་སྲིད་གྲུབ་ན། དེ་དགུན་འདོད་ཆགས་སྤྱོད། དྲེད་དུས་མིན་དུ་སྤྱོད་པས་དྲེད་དུ་སྐྱེ། དབྱར་ལྟ་བུ་ཁྱིའི་བར་སྲིད་གྲུབ་


DLL1003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ན། དེ་སྟོན་འདོད་ཆགས་སྤྱོད། ཅེ་སྤྱང་དུས་མིན་དུ་སྤྱོད་པས་ཅེ་སྤྱང་དུ་སྐྱེའོ། །དེ་ལྟ་ན། ཅི་སྟེ་ན་ཟློག་གོ །དེ་ལས་གསར་དུ་སོག་གོ །ཞེས་གསུངས་པ་ཡང་ལེགས་པར་གྲུབ་བོ། །ལས་གསར་དུ་སོག་གོ་ཞེས་པ་ཡང་། མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་གསར་དུ་སོག་པ་ཡིན་ལ། དེ་གྲུབ་པས། སྐྱེས་ནས་དང་ལན་གྲངས་གཞན་ལ་མྱོང་འགྱུར་ཡང་གྲུབ་བོ། །ཞེས་ཟེར་རོ། །བཞི་པ་ནི། བར་སྲིད་གང་གིས་མཐོང་ཞེ་ན། རྩ་བ། རིགས་མཐུན་ལྷ་མིག་དག་པས་མཐོང་། །བར་སྲིད་རིས་མཐུན་པ་ནང་གིས་མཐོང་ངོ་། །ཁ་ཅིག །ལྷའི་བར་སྲིད་ཀྱིས་ཐམས་ཅད་མཐོང་། མི་དང་། ཡི་དྭགས་དང་། དུད་འགྲོ་དང་། དམྱལ་བའི་བར་སྲིད་རྣམས་ཀྱིས་གོང་མ་གོང་མ་མ་གཏོགས་པ་མཐོང་ཞེས་ཟེར་རོ། །ལྷའི་མིག་རྣམ་པར་དག་པ་སྐྱོན་བཅུ་གཅིག་དང་བྲལ་བས་ཀྱང་མཐོང་ངོ་། །སྐྱོན་བཅུ་གཅིག་པོ་ནི། ཐེ་ཚོམ་དང་། ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། རྨུགས་གཉིད་དང་། རྒོད་པ་དང་། བརྩོན་འགྲུས་བརྩམས་དྲགས་པ་དང་། སེམས་ཡ་ཡ་པོར་གྱུར་པ་དང་། བག་ཚ་བ་དང་། འདུ་ཤེས་སྣ་ཚོགས་པ་དང་། སྨྲ་བ་མངས་པ་དང་། ཧ་ཅང་བསྒོམས་དྲགས་པའོ། །ལས་ཀྱི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་དང་། ཤུགས་མགྱོགས་ཁྱད་དང་ལྡན་པ་དང་། མིག་སོགས་དབང་པོ་ཀུན་ཚང་ཞིང་། རི་སོགས་ལ་ཐོགས་མེད་དུ་འཇུག་པ་དང་ལྡན་ནོ། །དེའི་ཤེས་བྱེད་བྲག་སེར་ཁ་མེད་པ་ཅན་གྱི་གསེབ་ཏུ་སྦལ་པ་སོགས་འབྱུང་བ་དེས་ཤེས་སོ། །འོ་ན་དམྱལ་བའི་བར་སྲིད་གྲུབ་ནས་འགྲོ་བ་གཞན་དུ་ཟློག་གམ་ཞེ་ན། མི་ལྡོག་ཏེ། དམྱལ་བའི་བར་སྲིད་དང་དེའི་སྔོན་དུས་ཀྱི་སྲིད་པ་


DLL1003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འཕེན་བྱེད་ཀྱི་ལས་གཅིག་པའི་ཕྱིར། ཚངས་རིས་ཀྱི་བར་སྲིད་གྲུབ་ན། དེར་སྐྱེ་བར་མ་ངེས་ཏེ། དེ་ཉིད་ལ་བར་དོར་མྱ་ངན་ལས་འདའ་བ་ཡོད་པའི་ཕྱིར། འདོད་པའི་བར་སྲིད་དེ་ཁམ་ཟས་ཟའམ་ཞེ་ན། དེ་ནི་ཁམ་ཟས་རགས་པ་མི་ཟའི་དེ་ཙམ་ཟའོ། །དེ་ཡང་དབང་ཆེ་བ་རྣམས་དྲི་ཞིམ་པ་དང་ཆུང་བ་རྣམས་དྲི་མི་ཞིམ་པ་ཟའོ། །ལྔ་པ་ནི། བར་སྲིད་དེ་སྐྱེ་གནས་སུ་འཇུག་ཚུལ་ཇི་ལྟ་བུ་ཞེ་ན། མིའི་བར་སྲིད་པ་ཞིག་ཡིན་ན་ཐག་རིང་པོ་ནས་ཕ་མ་ཉལ་པོ་བྱེད་པ་མཐོང་བས་ན། བློ་ནི་ཕྱིན་ཅི་ལོག་ཏུ་གྱུར་པས། རྩེ་བ་དང་དགའ་བའི་བསམ་པས་འགྲོ་བའི་ཡུལ་ཕོ་བ་དང་ལོང་ཁའི་གསེབ། བུ་སྣོད་ཀྱི་ནང་དུ་འགྲོ། དེ་ཡང་ཕོར་སྐྱེ་བ་ཡིན་ན་མའི་ལྟོ་གཡས་སུ་སྙེས་ནས་ཁ་རྒྱབ་ཏུ་བལྟས་ཏེ་ཙོག་པུར་འདུག་པ་དང་། མོར་སྐྱེ་བ་ཡིན་ན་མའི་ལྟོ་གཡོན་དུ་སྙེས་ནས་ཁ་མདུན་དུ་བལྟས་ཏེ་འདུག །མ་ནིང་དུ་སྐྱེ་བ་ཡིན་ན་ཕོ་མོའི་འདོད་ཆགས་གང་ཤས་ཆེ་བའི་སྟབས་སུ་འདུག་གོ །གཞན་དྲོད་གཤེར་ལས་སྐྱེ་བ་ནི་དྲི་མངོན་པར་འདོད་པས་འགྲོ། །རྫུས་ཏེ་སྐྱེ་བ་ནི་གནས་ལ་མངོན་པར་འདོད་པས་འགྲོའོ། །འོ་ན་དམྱལ་བའི་གནས་འདོད་པ་ཇི་ལྟར་ཡོད་ཅེ་ན། ཡོད་དེ། བློ་ནི་ཕྱིན་ཅི་ལོག་ཏུ་གྱུར་པས་སོ། །བར་སྲིད་འགྲོ་བའི་དབྱིབས་ཇི་ལྟ་བུ་ཞེ་ན། དམྱལ་བའི་བར་སྲིད་ནི་སྤྱིའུ་ཚུགས་སུ་འགྲོ་བ་ཡིན་ཏེ། མདོ་ལས། ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་སྐུར་འདེབས་པ། །དེ་དག་སྤྱིའུ་ཚུགས་དག་ཏུ་ནི། །དམྱལ་བ་ཁོ་ནར་ལྟུང་བར་འགྱུར། །ཞེས་གསུངས་པའི་ཕྱིར། ལྷའི་བར་སྲིད་ནི་


DLL1003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་འགྲོ། །གཞན་མི་སོགས་ཐད་ཀར་འགྲོའོ། །སློབ་དཔོན་གང་སྤེལ་ན་རེ། ཡི་དྭགས་ཀྱི་བར་སྲིད་ནི་ཡི་དྭགས་བཞིན་དུ་རྒྱབ་ནས་འགྲོ་ཞེས་གསུང་། འོ་ན། བློ་ནི་ཕྱིན་ཅི་ལོག་གྱུར་པས། །ཞེས་པ་དེ་ཐམས་ཅད་ལ་ངེས་སམ་ཞེ་ན། །གཅིག་ནི་ཤེས་བཞིན་དུ་འཇུག་གོ། །གཞན་ནི་གནས་པ་ཡང་གཞན་ནི། །འབྱུང་བའང་གཞན་ནི་ཐམས་ཅད་རྨོངས། །སྒོ་ང་ལས་སྐྱེས་རྟག་ཏུའོ། །མ་ངེས་ཏེ། གཅིག་ན་ཤེས་བཞིན་དུ་མངལ་དུ་འཇུག་ཅིང་གནས་པ་མི་ཤེས་གཞན་ནི་དེར་མ་ཟད་གནས་པ་ཡང་ཤེས། གཞན་ནི་དེ་དག་ཏུ་མ་ཟད་འབྱུང་བའང་ཤེས། གཞན་ནི་འཇུག་པ་དང་གནས་པ་དང་འབྱུང་བ་ཐམས་ཅད་ལ་རྨོངས། སྒོ་ང་ལས་སྐྱེས་པ་ནི་རང་རྒྱལ་ཡིན་ཡང་རྟག་ཏུ་རྨོངས་པ་ཁོ་ནའོ། །འོ་ན། འཇུག་པ་ཤེས་ཤིང་གནས་པ་མི་ཤེས་པ་སོགས་གསུམ་གང་ཞེ་ན། འཁོར་ལོས་སྒྱུར་བ་དང་། རང་བྱུང་རང་རྒྱལ་དང་སངས་རྒྱས་གཉིས་ཏེ་གསུམ་ནི་གོ་རིམ་བཞིན་དུ། མང་ལ་དུ་འཇུག་པ་གསུམ་དག་ཡིན་ཏེ། ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་རྒྱ་ཆེ་བའི་ཕྱིར། གཉིས་པ་ལ་གཉིས། གང་གནས་པ་སེམས་ཅན་གྱི་རྟེན་འབྲེལ་དང་། གང་གིས་གནས་པ་ཟས་ཀྱི་རྟེན་འབྲེལ་ལོ། །དང་པོ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། ཕྱི་རོལ་པ་ན་རེ། གང་ཟག་གི་བདག་ཡོད་པར་ཐལ། སྐྱེ་བ་སྔ་མ་ནས་འདིར་འོང་བ་དང་། འདི་ནས་ཕྱི་མར་འགྲོ་བའི་བར་སྲིད་ཡོད་པའི་ཕྱིར་ཞེ་ན། །དེ་ལྟར་ཡིན་ཡང་གང་ཟག་གི་བདག་མེད་དེ། རྟག་གཅིག་རང་དབང་ཅན་གྱི་གང་ཟག་མེད་པའི་ཕྱིར། ཁོ་ན་རེ། འོ་ན། ཕུང་པོ་སྔ་མ་དོར་ནས་ཕྱི་མ་ལེན་པར་བྱེད་པ་པོ་མ་གྲུབ་པར་ཐལ། གང་ཟག་གི་བདག་མེད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཕུང་པོའི་རྒྱུན་ཙམ་ཉིད་གང་


DLL1003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་ཡིན་པའི་ཕྱིར། ཁོ་ན་རེ། ཕུང་པོ་སྐད་ཅིག་མ་ཡིན་པས་རྒྱུན་གྱིས་འཇུག་པར་མི་འགྱུར་རོ་ཞེ་ན། །ཉོན་མོངས་ལས་ཀྱིས་མངོན་འདུས་བྱས། །སྲིད་པ་བར་མའི་རྒྱུན་གྱིས་ན། །མར་མེ་བཞིན་དུ་མངལ་དུ་འགྲོ། །ཇི་ལྟར་འཕངས་བཞིན་རིམ་གྱིས་རྒྱུན། །སྐྱེས་ནས་ལས་དང་ཉོན་མོངས་ཀྱིས། །འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། །སྲིད་པའི་འཁོར་ལོ་ཐོག་མ་མེད། །སྐྱོན་མེད་དེ། མར་མེ་སྐད་ཅིག་མ་ཡིན་ཡང་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་བ་བཞིན་དུ། ཉོན་མོངས་པ་དང་ལས་ཀྱིས་མངོན་པར་འདུས་བྱས་པའི་སྲིད་པ་བར་མའི་རྒྱུན་གྱིས་ནི་མངལ་དུ་འགྲོ་ལ། དེ་ནས་ཇི་ལྟར་ལས་ཀྱིས་འཕངས་པ་བཞིན་དུ། རིམ་གྱིས་ཕུང་པོའི་རྒྱུན་སྐྱེས་ནས། ལས་དང་ཉོན་མོངས་པའི་སྟོབས་ཀྱིས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་ཕྱིར། ཕུང་པོའི་རྒྱུན་སྐྱེ་ཚུལ་མངལ་གྱི་གནས་སྐབས་ལྔ་དང་བཙས་པའི་གནས་སྐབས་ལྔ་སྟེ། མངལ་གྱི་གནས་སྐབས་ལྔ་ནི། ནུར་ནུར་པོ་དང་། མེར་མེར་པོ་དང་། ནར་ནར་པོ་དང་། མཁྲང་འགྱུར་དང་། རྐང་ལག་འགྱུས་སོ། །བཙས་པའི་གནས་སྐབས་ལྔ་ནི། བྱིས་པ་དང་། གཞོན་ནུ་དང་། དར་མ་དང་། དར་ཡོལ་དང་། རྒས་པ་དང་ལྔའོ། །དེ་ལྟར་བཙས་པའི་གནས་སྐབས་ལྔ་སྐྱེས་ནས། ལས་དང་ཉོན་མོངས་པའི་སྟོབས་ཀྱིས་འཇིག་རྟེན་ཕ་རོལ་དག་ཏུ་འགྲོ་ལ། དེའི་ཕྱིར་སྲིད་པའི་འཁོར་ལོ་ནི་ཐོག་མ་མེད་དོ། །གཉིས་པ་ལ་གསུམ། གནས་སྐབས་པའི་རྟེན་འབྲེལ། སྐབས་སུ་བབ་པའི་ངོ་བོ། །ཡན་ལག་གསུམ་དཔེ་དང་སྦྱར་བའོ། །དང་པོ་ལ་བཞི། རང་བཞིན། བསྡུ་བ་དཔྱད་པ། གྲངས་ངེས་པའི་རྒྱུ་མཚན། འབྱུར་བྱུང་གི་ཁྱད་པར་རོ། །དང་པོ་ལ་གསུམ་དབྱེ་བ། སོ་སོའི་མཚན་ཉིད། དེ་དག་གི་ངེས་པའོ། །དང་པོ་ནི། ཕུང་པོའི་རྒྱུན་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཡོད་དེ། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་


DLL1003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང་། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་རྣམས་སུ་ཡོད་པའི་ཕྱིར། དེ་བཅུ་གཉིས་ལ་ཆ་གསུམ་ཡོད་དེ། སྔོན་གྱི་མཐའ་ལ་མ་རིག་པ་དང་འདུ་བྱེད་གཉིས་དང་། ཕྱི་མའི་མཐའ་ལ་སྐྱེ་བ་དང་རྒ་ཤི་གཉིས་དང་། བར་དུ་རྣམ་ཤེས་ནས་སྲིད་པའི་བར་བརྒྱད་ཡོད་པའི་ཕྱིར། འོ་ན། དེ་དག་གང་ཟག་གང་ལ་ལྡན་ཞེ་ན། མངལ་སྐྱེས་ཚེ་ཡོངས་སུ་རྫོགས་པ་ལ་ལྡན་པ་ཡིན་གྱི། སྐྱེ་གནས་གཞན་དང་བར་མ་དོར་འཆི་བ་ལ་མིན་ནོ། །གཉིས་པ་ནི། ཡན་ལག་བཅུ་གཉིས་ཞེས་བཤད་ན། དེ་དག་གི་ངོ་བོ་གང་ཞེ་ན། མ་རིག་པའི་ཡན་ལག་ནི་སྔོན་ཉོན་མོངས་པ་སྤྱོད་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །འདུ་བྱེད་དག་ནི་ཚེ་སྔོན་མ་ལ་བསོད་ནམས་ལ་སོགས་པའི་ལས་སོག་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །རྣམ་ཤེས་ནི་ཚེ་འདིར་མངལ་དུ་ཉིང་མཚམས་སྦྱོར་བའི་ཕུང་པོ་ཡིན། མིང་དང་གཟུགས་ནི་ཉིང་མཚམས་སྦྱོར་བ་དེ་ཕན་ཆད་སྐྱེ་མཆེད་དྲུག་དོད་པ་ཚུན་ཆད་གྱི་ཕུང་པོ་ལྔའོ། །སྐྱེ་མཆེད་དྲུག་ནི་དེ་ནས་བཟུང་སྟེ་ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ཚུན་ཆད་ཀྱི་ཕུང་པོའོ། །རེག་པ་ནི་གསུམ་འདུས་པ་ནས་བཟུང་སྟེ། བདེ་སྡུག་ལ་སོགས་ཀྱི་རྒྱུ་ཤེས་ནུས་པ་ཚུན་ཆད་ཀྱི་ཕུང་པོའོ། །ཚོར་བ་ནི་དེ་ལྟར་རྒྱུ་ཤེས་ནུས་པ་ནས་བཟུང་སྟེ་འཁྲིག་པ་སྤྱོད་ནུས་པ་ཚུན་ཆད་དེ་མི་སྤྱོད་པའི་བར་གྱི་ཕུང་པོའོ། །ཉེ་བར་ལེན་པ་ནི་དེ་ནུས་པ་ནས་བཟུང་སྟེ་འཁྲིག་པ་


DLL1003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟས་གོས་ལ་སོགས་པའི་ལོངས་སྤྱོད་རྣམས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་རྒྱུག་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །གང་ཟག་དེ་ཡང་སྲིད་ཀྱི་འབྲས་བུ་འབྱུང་བར་འགྱུར་བའི་ལས་བྱེད་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་དེ་ནི་སྲིད་པ་ཡིན་ནོ། །ཕྱི་མར་ཉིང་མཚམས་སྦྱོར་བ་ནི་སྐྱེ་བ་ཡིན་ནོ། །དེ་ནས་བཟུང་སྟེ་ཚོར་བའི་བར་ནི་རྒ་ཤི་ཡིན་ནོ། །འོ་ན། རྟེན་འབྲེལ་ལ་བཞི་ཡོད་པ་ལས་འདི་གང་ཞེ་ན། འདི་ནི་གནས་སྐབས་པའི་རྟེན་འབྲེལ་དུ་འདོད་ལོ། །འོ་ན། གནས་སྐབས་ཕུང་པོ་ལྔ་པ་ཅན་ཡིན་ན། མ་རིག་པ་ལ་སོགས་པའི་ཡན་ལག་ཏུ་ཇི་ལྟར་བསྒྲགས་ཞེ་ན། སྐྱོན་མེད་དེ། གནས་སྐབས་དེ་ན་མ་རིག་པ་ལ་སོགས་པ་གཙོ་བོ་ཡིན་པའི་ཕྱིར་ན། ཡན་ལག་ཏུ་བསྒྲགས་སོ། །སྐད་ཅིག་རེ་རེ་ལ་འབྱུང་བ་ནི་སྐད་ཅིག་མའི་རྟེན་འབྲེལ། དེ་ཉིད་རྒྱུ་དང་འབྲས་བུར་འབྲེལ་བར་འབྱུང་བ་ནི་འབྲེལ་བ་ཅན་གྱི་རྟེན་འབྲེལ། གནས་སྐབས་ཕུང་པོ་ལྔ་ཚེ་གསུམ་ལ་རྒྱུན་མ་ཆད་པར་འབྱུང་བ་ནི་རྒྱུན་ཆགས་པའི་རྟེན་འབྲེལ་ལོ། །གསུམ་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཆ་གསུམ་དུ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན།དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། །བར་དག་ལ་བདག་སྔོན་དུ་བྱུང་ངམ་མ་བྱུང་། ཅི་ཞིག་ཏུ་བྱུང་། ཇི་ལྟར་བྱུང་། མ་འོངས་པ་ན་འབྱུང་ངམ་མི་འབྱུང་། ཅི་ཞིག་ཏུ་འབྱུང་། ཇི་ལྟར་འབྱུང་། ད་ལྟ་ཅི་ཞིག་ཡིན་སྙམ་པའི་རྨོངས་པ་རྣམ་པར་བཟློག་པར་བྱ་བའི་ཕྱིར་རོ། །གཉིས་པ་ནི། འོ་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་པསྡུ་ན་དུར་འདུས་ཞེ་ན། བསྡུ་ན་


DLL1003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་འདུས་ཏེ། ཉོན་མོངས་པ་དང་ལས་དང་གཞི་གསུམ་དུ་འདུས་པའི་ཕྱིར། ཉོན་མོངས་པ་ལ་གསུམ་ཡོད་དེ། མ་རིག་པ་དང་། སྲིད་པ་དང་། ལེན་པ་གསུམ་ཡོད་པའི་ཕྱིར། ལས་ལ་གཉིས་ཡོད་དེ། འདུ་བྱེད་དང་། སྲིད་པ་གཉིས་ཡོད་པའི་ཕྱིར། ལྷག་མ་བདུན་ནི་གཞི་ཡིན་ཏེ། དེ་ལས་ལས་དང་ཉོན་མོངས་པ་འབྱུང་བའི་ཕྱིར། དེ་བཞིན་དུ་འབྲས་བུའང་ཡིན་ཏེ། ལས་དང་ཉོན་མོངས་པ་ལས་བྱུང་བའི་ཕྱིར། སྔོན་གྱི་མཐའ་ལ་རྒྱུ་མདོར་བསྡུས། ཕྱི་མའི་མཐའ་ལ་འབྲས་བུ་མདོར་བསྡུས་བ་ལ་དགོས་པ་ཅི་ཡོད་ཅེ་ན། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་གཉིས་ཀྱིས་རིམ་པ་བཞིན་དུ་རྒྱུ་དང་འབྲས་བུ་མདོར་བསྡུས་པ་ཆོས་ཅན། དགོས་པ་ཡོད་དེ། བར་མའི་རྒྱུ་འབྲས་རྒྱས་པར་བཤད་པའི་རྗེས་སུ་དཔག་པ་ལས་ཤེས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། མ་རིག་པ་ལ་རྒྱུ་དང་རྒ་ཤི་ལ་འབྲས་བུ་ཡོད་དམ་མེད། ཡོད་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་གྲངས་མ་ངེས་པར་འགྱུར་ལ། མེད་ན་འཁོར་བ་ལ་སྔོན་གྱི་མཐའ་ཕྱི་མའི་མཐའ་ཡོད་པར་འགྱུར་རོ་ཞེ་ན། མ་རིག་པ་ལ་རྒྱུ་དང་རྒ་ཤི་ལ་འབྲས་བུ་ཡོད་ཀྱང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་གྲངས་མ་ངེས་པར་མི་འགྱུར་ཏེ། ཉོན་མོངས་པ་སྲེད་པ་ལས་ཉོན་མོངས་པ་ལེན་པ་དང་། དེ་ལས་བྱ་བ་སྲིད་པ་ཉིད་དང་། དེ་ལས་གཞི་སྐྱེ་བ་དང་། དེ་ལས་གཞི་རྒ་ཤི་དང་། དེ་ལས་ཉོན་མོངས་པ་སྲེད་པ་འབྱུང་བ་དེ་བཞིན་དུ། ཉོན་མོངས་པ་མ་རིག་པ་ལས་ལས་འདུ་བྱེད་དང་། དེ་ལས་གཞི་རྣམ་ཤེས་ནས་གཞི་ཚོར་བའི་བར་འབྱུང་ལ། དེ་ལས་ཉོན་མོངས་པ་སྲེད་པ་སྐྱེ་བ་འདི་ནི་སྲིད་པའི་ཡན་ལག་གི་


DLL1003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཡིན་པའི་ཕྱིར་རོ། །བཞི་པ་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཁྱེད་ལ་ངས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཀྱང་བསྟན། རྟེན་ཅིང་འབྲེལ་བར་བྱུང་བའི་ཆོས་རྣམས་ཀྱང་བསྟན་པར་བྱའོ། །ཞེས་གསུངས་ན། དེ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། །འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་བ་འབྲས་བུ་ཡིན་པར་འདོད། །བསྟན་བཅོས་ལས་ཁྱད་པར་མེད་པར་བཤད་ལ། མདོ་ལས་གསུངས་པ་འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། འབྲས་བུ་འབྱུང་བའི་ཕྱིར། བྱུང་བ་འབྲས་བུ་ཡིན་པ་འདོད་དེ། ཁོ་རྒྱུ་ལས་བྱུང་བའི་ཕྱིར། དེ་ལྟར་ན་བཅུ་གཉིས་པོ་ཐམས་ཅད་རྒྱུ་འབྲས་སུ་གྱུར་པས། འབྱུང་བྱུང་གཉིས་ཀ་ཡིན་མོད་ཀྱི། འོན་ཀྱང་གང་ལ་ལྟོས་ནས་འབྱུང་བ་ཡིན་པ་དེ་ལ་ལྟོས་ནས་བྱུང་བ་མིན་ཏེ། ཕ་བུ་བཞིན་ནོ། །གནས་བརྟན་བསམ་རྫོགས་ན་རེ། འབྱུང་བ་དང་བྱུང་བ་ལ་མུ་བཞི་ཡོད་དེ། འབྱུང་བ་ཡིན་ལ་བྱུང་བ་མ་ཡིན་པ་ནི་མ་འོངས་པ་ལྟ་བུ། བྱུང་བ་ཡིན་ལ་འབྱུང་པ་མ་ཡིན་པ་ནི་དགྲ་བཅོམ་པ་ཐ་མའི་སེམས་སེམས་བྱུང་ལྟ་བུ། གཉིས་ཀ་ཡིན་པ་ནི་དེ་ལས་གཞན་པའི་ད་ལྟར་བ་ལྟ་བུ། །གཉིས་ཀ་མིན་པ་ནི་འདུས་མ་བྱས་ལྟ་བུའོ། །འོ་ན་མདོ་ལས། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ། ཞེས་གསུངས་པའི་དོན་གང་ཞེ་ན། སློབ་དཔོན་ཆོས་ཀྱི་དབྱིག་ན་རེ། དང་པོས་རྒྱུ་མེད་ལས་སྐྱེ་བ་བཀག་གཉིས་པས་རྟག་པ་ལས་སྐྱེ་བ་བཀག་ཅེས་ཟེར། སློབ་དཔོན་ནི། རྒྱུ་མེད་ལས་སྐྱེ་བ་དགག་པའི་ཕྱིར་དུ་དང་པོ་དེ་སྨོས་པ་དོན་མེད་པར་ཐལ། གཉིས་པས་རྒྱུ་མེད་དང་རྟག་པ་ལས་སྐྱེ་བ་ཁེགས་པའི་ཕྱིར་དེས་ན་མ་རིག་པ་འདི་ཡོད་ན་འདུ་བྱེད་འདི་


DLL1003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། ཞེས་བསྟན་པས། འདུ་བྱེད་མ་རིག་པ་ལས་གཞན་ལ་མི་འབྱུང་བར་བསྟན་པ་མ་ཡིན་ཏེ། དཔེར་ན། མིག་ཡོད་ན་མིག་ཤེས་འདི་འབྱུང་ཞེས་བསྟན་པས། དེ་གཟུགས་ལས་མི་སྐྱེ་བར་བསྟན་པ་མིན་པ་བཞིན་ནོ། །ཡང་ན་མ་རིག་པ་འདི་ཡོད་ན་འདུ་བྱེད་འདི་འབྱུང་། འདུ་བྱེད་འདི་སྐྱེས་པས་རྣམ་ཤེས་འདི་སྐྱེ་ཞེས་ཡན་ལག་བརྒྱུད་མར་བསྟན་པ་ཡིན་ནོ། །ཡང་ན་སྔོན་གྱི་མཐའ་འདི་ཡོད་ན་ད་ལྟར་གྱི་མཐའ་འདི་འབྱུང་། ད་ལྟར་གྱི་མཐའ་འདི་སྐྱེས་པས་ཕྱི་མའི་མཐའ་འདི་སྐྱེ་ཞེས་རྒྱུ་བརྒྱུད་མར་བསྟན་པ་ཡིན་ནོ། །ཡང་ན་མ་རིག་པ་འདི་ཡོད་ན་འདུ་བྱེད་འདི་འབྱུང་ཞེས་པས་དངོས་ཀྱི་རྐྱེན་དང་། འདུ་བྱེད་འདི་སྐྱེས་པས་རྣམ་ཤེས་འདི་སྐྱེ་ཞེས་པས་བརྒྱུད་པའི་རྐྱེན་བསྟན་པ་ཡིན་ཞེས་གསུང་ངོ་། །གཉིས་པ་ལ་བཞི། མ་རིག་པ་བཤད་པ། མིང་བཤད་པ། རེག་པ་བཤད་པ། ཚོར་བ་ཁ་འཕང་དང་བཅས་པ་བཤད་པའོ། །དང་པོ་ནི། །རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་རྫུན་སོགས་བཞིན། །མ་རིག་པའི་ངོ་བོ་ཇི་ལྟ་བུ་ཞེ་ན། མ་རིག་པ་ནི་རིག་པ་མེད་ཙམ་དང་། རིག་པ་ལས་གཞན་ཙམ་མིན་གྱི། རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་ཆོས་གཞན་ཏེ། དཔེར་ན། མི་འཛའ་བ་དེ་མཛའ་བ་མེད་ཙམ་དང་མཛའ་བ་ལས་གཞན་ཙམ་མ་ཡིན་གྱི། མཛའ་བའི་མི་མཐུན་ཕྱོགས་ལ་འཇོག་པ་དང་། རྫུན་ཚིག་ཀྱང་བདེན་ཚིག་གི་མི་མཐུན་ཕྱོགས་ལ་འཇོག་བ་ལ་སོགས་པ་བཞིན་ནོ། །རིག་པ་མེད་ཙམ་དང་རིག་པ་ལས་གཞན་ཙམ་མ་རིག་པ་མིན་པའི་རྒྱུ་མཚན་ཅི་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། མ་རིག་པ་དེ་ལ་ཀུན་ཏུ་སྦྱོར་བ་ལ་སོགས་པའི་ཚིག་གིས་གསུངས་པའི་ཕྱིར། གལ་ཏེ་ཤེས་རབ་ངན་པ་འཇིག་ཚོགས་ལ་ལྟ་བ་


DLL1003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མ་རིག་པ་ཡིན་ནོ་ཞེ་ན། འཇིག་ལྟ་མ་རིག་པ་མིན་པར་ཐལ། དེ་ལྟ་བ་ཡིན་ཞིང་། མ་རིག་པ་དེ་ལྟ་བ་དང་མཚུངས་ལྡན་ཡིན་པའི་ཕྱིར་དང་། མ་རིག་པ་དེ་ཤེས་རབ་ཉོན་མོངས་བྱེད་དུ་བསྟན་བའི་ཕྱིར་རོ། །གཉིས་པ་ནི། །གཟུགས་ཅན་མིན་པའི་མིང་བཞིའི་ཕུང་པོ་ཆོས་ཅན། མིང་གི་རྟེན་འབྲེལ་ཡིན་ཏེ། མིང་དང་འདྲ་བར་དོན་ལ་གཞོལ་བའི་ཕྱིར། དཔེར་ན། འཇིག་རྟེན་ན་གྲགས་པའི་གཟུགས་ཞེས་པའི་མིང་ལས་གཟུགས་གོ་བ་བཞིན་ནོ། །གསུམ་པ་རེག་པ་ནི། །རེག་དྲུག་འདུས་ཏེ་བྱུང་བ་ཡིན། །ལྔ་ནི་ཐོགས་པའི་རེག་པ་ཡིན། །དྲུག་པ་བླ་དྭགས་ཚིག་ཅེས་བྱ། །རིག་དང་མ་རིག་དང་གཞན་རེག།། ཡུལ་དབང་རྣམ་ཤེས་གསུམ་འདུས་ཏེ་བྱུང་བ་ཡིན་ནོ། །རེག་པ་ཆོས་ཅན། དྲུག་ཡོད་དེ། མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལྔ་ནི་ཆོས་ཅན། ཐོགས་པའི་རེག་པ་ཡིན་ཏེ། དབང་པོ་གཟུགས་ཅན་རྣམས་ཐོགས་པ་ཡིན་ལ། དེ་ལ་བརྟེན་པའི་རེག་པ་ཡིན་པའི་ཕྱིར། དྲུག་པ་ཡིད་ཀྱི་འདུས་ཏེ་རེག་པ་ཆོས་ཅན། ཚིག་བླ་དྭགས་ཀྱི་རེག་པ་ཡིན་ཏེ། ཚིག་བླ་དགས་ནི་མིང་ཡིན་ལ། མིང་ལ་དམིགས་པའི་རེག་པ་ཡིན་པའི་ཕྱིར། ཡང་རེག་པ་དྲུག་པོ་འདི་ཆོས་ཅན། བསྡུ་ན་གསུམ་དུ་འདུ་སྟེ། རིག་པའི་རེག་པ་དང་། མ་རིག་པའི་རེག་པ་དང་། དེ་གཉིས་ལས་གཞན་པའི་རེག་པ་གསུམ་དུ་འདུས་པའི་ཕྱིར། དེ་གསུམ་ནི་རིམ་པ་བཞིན་དྲི་མ་མེད་པའི་རེག་པ་དང་། ཉོན་མོངས་ཅན་གྱི་རེག་པ་དང་། དེ་གཉིས་ཀྱི་ལྷག་མའི་རེག་པའོ། །མ་རིག་པའི་རེག་པ་ཆོས་ཅན། གཉིས་ཡོད་དེ། གནོད་སེམས་ཀྱི་རེག་པ་དང་། རྗེས་སུ་ཆགས་པའི་རེག་པ་གཉིས་ཡོད་པའི་ཕྱིར། དེ་གཉིས་ནི་འབྱུང་ཉེ་བས་ལོགས་སུ་བཤད་


DLL1003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཡང་རེག་པ་དྲུག་པོ་ཆོས་ཅན། གསུམ་དུ་འདུ་སྟེ། བདེ་བ་མྱོང་འགྱུར་གྱི་རེག་པ་དང་། ལ་སོགས་པ་སྡུག་བསྔལ་མྱོང་འགྱུར་གྱི་རེག་པ་དང་། བཏང་སྙོམས་མྱོང་འགྱུར་གྱི་རེག་པ་གསུམ་དུ་འདུས་པའི་ཕྱིར། བཞི་པ་ནི། །དེ་ལས་བྱུང་བའི་ཚོར་བ་དྲུག།། །ལྔ་ནི་ལུས་ཀྱིའོ་སེམས་ཀྱི་གཞན། །རེག་པ་དེ་ལས་བྱུང་བའི་ཚོར་བ་ཆོས་ཅན། དྲུག་ཡོད་དེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལྔ་ནི་ཆོས་ཅན། ལུས་ཀྱི་ཚོར་བ་ཡིན་ཏེ། དབང་པོ་གཟུགས་ཅན་ལ་བརྟེན་པའི་ཚོར་བ་ཡིན་པའི་ཕྱིར། གཞན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཆོས་ཅན། སེམས་ཀྱི་ཚོར་བ་ཡིན་ཏེ། ཡིད་ཙམ་ལ་བརྟེན་པའི་ཚོར་བ་ཡིན་པའི་ཕྱིར། སེམས་ཚོར་དེ་ཡིད་ཡུལ་ལ་ཉེ་བར་རྒྱུ་བའི་བྱེ་བྲག་ལས་རྣམ་པ་དག་ནི་ཡང་བཅོ་བརྒྱད་ཡོད་དེ། ཡིད་བདེ་ཡུལ་ལ། ཡིད་མི་བདེ་ཡུལ་ལ། བཏང་སྙོམས་ཡུལ་ལ་ཉེ་བར་རྒྱུ་བ་དྲུག་དྲུག་ཡོད་པའི་ཕྱིར། འོ་ན་དེ་དག་ཁམས་གང་ན་དུ་ཡོད་ཅེ་ན། འདོད་ཁམས་ན་བཅོ་བརྒྱད་པོ་ཐམས་ཅད་ཡོད་དེ། རང་སའི་ཡུལ་དྲུག་ལ་དམིགས་པ་ཅན་ནོ། །འདོད་པའི་སེམས་ཚོར་དེས་སྤྱོད་ཡུལ་གཟུགས་ཅན་ལ་དམིགས་ན། གཟུགས་ཁམས་ན་དྲི་རོ་གཉིས་མེད་པས། ཡིད་ཉེ་བར་རྒྱུ་བ་བཅུ་གཉིས་ཡོད་པ་ཡིན་ནོ། །གོང་མ་གཟུགས་མེད་ན་ཡིད་ཉེ་བར་རྒྱུ་བ་གསུམ་གྱི་དམིགས་པ་ཅན་ཡིན་ནོ། །བསམ་གཏན་དང་པོ་གཉིས་ན་ཡིད་མི་བདེ་མེད་པས་ཡིད་ཉེར་རྒྱུ་བཅུ་གཉིས་ཡོད་ལ། དེ་ཡང་འདོད་པར་འགྲོ་བ་ཡུལ་དྲུག་པོ་རྣམས་ལ་དམིགས། རང་གཟུགས་ལ་དམིགས་པ་བརྒྱད། གཟུགས་མེད་པ་ན་ཡིད་ཉེ་བར་རྒྱུ་པ་གཉིས་ཀྱི་དམིགས་


DLL1003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་ནོ། །།་་་་་་་་་་་བསམ་གཏན་གཉིས་ན་དྲུག ། དྲུག་གི་འདོད་པའོ་རང་ནི་བཞིའི། །གོང་མ་གཅིག་གི་དམིགས་པ་ཡིན། །བསམ་གཏན་གསུམ་པ་དང་བཞི་པ་གཉིས་ན་ཡིད་བཏང་སྙོམས་ཉེར་རྒྱུ་དྲུག་ཡོད། དྲུག་གི་དམིགས་པ་ནི་འདོད་པའི་ཡུལ་དྲུག་པོ་ལ་དམིགས་པའོ། །རང་གཟུགས་ན་ནི་ཉེར་རྒྱུ་བཞིའི་དམིགས་པའོ། །གོང་མ་གཟུགས་མེད་ན་ནི་ཡིད་ཉེར་རྒྱུ་གཅིག་གི་དམིགས་པ་ཡིན་ནོ། །འོ་ན་བསམ་གཏན་གསུམ་པའི་བདེ་བ་ཉེར་རྒྱུར་མ་བཞག་བ་ཅི་ཞེ་ན། དེ་མ་བཞག་པའི་རྒྱུ་མཚན་ཡོད་དེ། གསུམ་པའི་བདེ་བ་བརྟན་པ་ཡིན་ལ། ཉེར་རྒྱུ་མི་བརྟན་པའི་ཕྱིར། གཟུགས་མེད་ནམ་མཁའི་ཉེར་བསྡོགས་ན་ཉེར་རྒྱུ་བཞི་ཡོད་དེ། དེ་དག་གཟུགས་སུ་འགྲོ་བ་བསམ་གཏན་བཞི་པ་ལ་དམིགས། གོང་མ་གཟུགས་མེད་པར་འགྲོ་བ་ནི་ཡིད་ཉེར་རྒྱུ་གཅིག་གི་དམིགས་པ་ཅན་ཡིན། གཟུགས་མེད་ཀྱི་དངོས་གཞི་ན་ཡིད་ཉེར་རྒྱུ་གཅིག་ཡོད་ལ། དེ་ནི་རང་གཟུགས་མེད་ཀྱི་ཡུལ་ཅན་ནོ། །ཡིད་ཉེར་རྒྱུ་བཅོ་བརྒྱད་པོ་ཐམས་ཅད་ཟག་པ་དང་བཅས་པ་ཡིན་ཏེ། འདི་དག་གིས་སྲིད་པ་འཕེལ་པར་བྱེད་པ་ཡིན་ན། ཟག་མེད་ནི་དེར་མི་རུང་བའི་ཕྱིར། མ་རིག་པ་སོགས་གསུམ་པོ་དེ་དག་ལས་གཞན་རྣམས་འདིར་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། །དེའི་རྒྱུ་མཚན་ཡོད་དེ། ཁ་ཅིག་བཤད་ཟིན་པ་དང་། ཁ་ཅིག་འོག་ནས་འཆད་པར་འགྱུར་བའི་ཕྱིར་ཏེ། རྣམ་པར་ཤེས་པ་ནི། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་སོགས་དང་གཟུགས་ནི། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་དང་། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་པར་བཤད་


DLL1003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཅིང་། འདུ་བྱེད་དང་སྲིད་པ་ལས་བསྟན་པ་དང་། སྲེད་ལེན་གཉིས་གནས་ལྔ་པར་འཆད་པར་འགྱུར་བའི་ཕྱིར། གསུམ་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་ཆ་གསུམ་དུ་བསྡུས་པའི་དཔེ་ཇི་ལྟ་བུ་ཞེ་ན། དེ་བཅུ་གཉིས་པོ་ཆ་གསུམ་དུ་བསྡུས་པ་འདིར་ནི། ཉོན་མོངས་པ་ས་བོན་བཞིན་དུ་ཤེས་པར་བྱ་སྟེ། ས་བོན་ལས་སྡོང་བུ་དང་། ལོ་མ་དང་། འབྲས་བུ་འབྱུང་བ་བཞིན་དུ། ཉོན་མོངས་པ་ལས་ཉོན་མོངས་དང་། དེ་ལས་བྱ་བ་དང་། དེ་ལས་གཞི་འབྱུང་བའི་ཕྱིར། ཡང་ཉོན་མོངས་པ་དེ་ཀླུ་བཞིན་དུ་ཤེས་པར་བྱ་སྟེ། ཀླུ་གནས་པས་རྒྱ་མཚོ་མི་སྐམ་པ་བཞིན་དུ། ཉོན་མོངས་པའི་ཀླུ་གནས་པས་སྲིད་པའི་རྒྱ་མཚོ་མི་སྐམ་པའི་ཕྱིར། ཡང་ན་ཉོན་མོངས་པ་ནི་ཤིང་གི་རྩ་བ་བཞིན་དུ་ཤེས་པར་བྱ་སྟེ། ཤིང་རྩ་བ་ནས་མ་བཅད་ན་ལོ་མ་སོགས་སྐྱེ་བ་བཞིན་དུ། ཉོན་མོངས་པ་རྩ་བ་ནས་མ་སྤངས་ན་འཁོར་བར་སྐྱེ་བའི་ཕྱིར། ཡང་དེ་ལྗོན་ཤིང་བཞིན་དུ་ཤེས་པར་བྱ་སྟེ། ལྗོན་ཤིང་ལས་སླར་ཡང་ལོ་མ་སོགས་འབྱུང་བ་བཞིན་དུ། འདི་ལས་ཀྱང་སླར་ཡང་ལས་དང་གཞི་འབྱུང་བའི་ཕྱིར། དེ་བཞིན་དུ་ཉོན་མོངས་པ་དེ་ནི་ཤུན་པ་བཞིན་དུ་འདོད་དེ། ཤུན་བཅས་ཀྱི་འབྲས་ལས་མྱུ་གུ་འབྱུང་བ་བཞིན་དུ། ཉོན་མོངས་པའི་ཐོབ་པའི་ལས་ལས་འབྲས་བུ་འབྱུང་བའི་ཕྱིར། ལས་ནི་ཤུན་བཅས་འབྲས་དང་འདྲ་སྟེ། སྔར་གྱི་དེའི་ཕྱིར། དེ་བཞིན་དུ་ལས་ནི་སྨན་བཞིན་དུ་ཤེས་པར་བྱ་སྟེ། སྨན་གྱིས་ནུས་པ་ལན་གཅིག་འབྱིན་པ་བཞིན་དུ། འདིས་ཀྱང་རྣམ་སྨིན་ལན་གཅིག་འབྱིན་པའི་ཕྱིར། ལས་དེ་མེ་ཏོག་བཞིན་དུའང་ཤེས་པར་བྱ་སྟེ། མེ་ཏོག་འབྲས་བུའི་ཉེར་རྒྱུ་ཡིན་པ་བཞིན་དུ། འདི་


DLL1003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཞིའི་ཉེར་རྒྱུ་ཡིན་པའི་ཕྱིར། །གཞི་བདུན་པོ་ནི་བཟའ་བཏུང་གཡོས་ལེགས་པར་གྲུབ་པ་དང་འདྲ་སྟེ། གཡོས་ལེགས་བར་གྲུབ་པ་ལོངས་སྤྱད་བྱ་ཡིན་པ་བཞིན་དུ། འདི་ཡང་ལོངས་སྤྱད་བྱ་འབའ་ཞིག་ཡིན་གྱི། རྣམ་སྨིན་གཞན་མི་སྐྱེད་པའི་ཕྱིར། གསུམ་པ་ནི། སྲིད་པ་བཞི་བཤད་ན། དེ་དག་གི་ངོ་བོ་གང་ཞེ་ན། སྲིད་པ་བཞི་པོ་དེ་དག་ལས། སྐྱེ་བའི་སྲིད་པ་ནི་ཉོན་མོངས་ཅན་ནོ། །འོ་ན་ཉོན་མོངས་པ་གང་གིས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་ཞེ་ན། རང་གི་ས་པའི་རྩ་བའི་ཉོན་མོངས་པ་ཀུན་གྱིས་སྦྱོར་གྱི། གཞན་གྱི་ས་པའི་ཉོན་མོངས་པས་ནི་མིན་ནོ། །སྲིད་པ་གཞན་གསུམ་ལ་ནི། དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཅི་རིགས་སུ་ཡོད་དོ། །འོ་ན་དེ་དག་ཁམས་གང་ན་ཡོད་ཅེ་ན། གཟུགས་མེད་ཁམས་ན་སྲིད་པ་གསུམ་ཡོད་ཀྱི་བར་སྲིད་ནི་མེད་ལ། ཁམས་འོག་མ་གཉིས་ན་བཞི་ག་ཡོད་དོ། །གཉིས་པ་གང་གིས་གནས་པ་ཟས་ཀྱི་རྟེན་འབྲེལ་ལ། བསྟན་བཤད་གཉིས། དང་པོ་ནི། འོ་ན་འགྲོ་བ་རྣམས་ཁམས་གསུམ་དུ་གང་གིས་གནས་ཞེ་ན། །འགྲོ་བ་ཟས་ཀྱིས་གནས་པ་ཡིན། །འགྲོ་བ་རྣམས་ཟས་ཀྱིས་གནས་པར་བྱེད་པ་ཡིན་ཏེ། མདོ་ལས། སྟོན་པ་སངས་རྒྱས་ནས་རིང་པོ་མ་ལོན་པ་ན། ཆོས་གཅིག་བཀའ་སྩལ་པ་ནི་འདི་ལྟ་སྟེ། འགྲོ་བ་ཟས་ཀྱིས་གནས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གསུམ། ཟས་ཀྱི་རང་བཞིན། ཞར་ལ་བར་སྲིད་ཀྱི་མིང་གི་རྣམ་གྲངས། དེ་དག་གི་ངེས་པའོ། །དང་པོ་ནི། འགྲོ་བ་ཟས་ཀྱིས་གནས་པ་ཡིན། །ཞེས་བཤད་ན། ཟས་དེ་ལ་དུ་ཞེ་ན། དེ་ལ་བཞི་ཡོད་དེ། ཁམ་གྱི་ཟས། རེག་པའི་ཟས། སེམས་


DLL1003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟས། རྣམ་ཤེས་ཀྱིས་ཟས་རྣམས་སུ་ཡོད་པའི་ཕྱིར། འོ་ན་དེ་དག་ཁམས་གང་ན་ཡོད་ཅེ་ན། །ཁམ་གྱི་ཟས་ནི་འདོད་པ་ན་ཡོད་ཀྱི། ཁམས་གོང་མ་དག་ནི་མེད་དེ། ཁམ་ཟས་ལ་འདོད་ཆགས་དང་བྲལ་བ་དག་དེར་སྐྱེ་བའི་ཕྱིར། དམྱལ་བ་ཆེན་པོ་ན་ཁམ་ཟས་ཇི་ལྟར་ཡོད་ཅེ་ན། ཡོད་དེ། ལྕགས་ཀྱི་ཐོ་ལུམ་དང་ཟངས་ཞུན་མེ་འབར་བ་ཁར་འཇུག་པར་བཤད་ཅིང་། ཉི་ཚེ་བ་དང་ཉེ་འཁོར་བ་ནི་མིའི་ཟས་ཇི་ལྟར་བ་བཞིན་ཡོད་པས། དགེ་འདུན་སྲུངས་དང་གྲོ་བཞིན་སྐྱེས་ཀྱི་གཏམ་རྒྱུད་ལས་ཤེས་སོ། །འོ་ན། རབ་ཏུ་བྱེད་པ་ལས་ཁམ་གྱི་ཟས་གང་ཞེ་ན། ཁམ་གང་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འགྱུར་བ་དང་། འབྱུང་བ་ཆེན་པོ་རྣམས་འཚོ་བ་དང་ཉེ་བར་འཚོ་བར་འགྱུར། ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་རྒྱས་འགྱུར་གྱི་ཟས་ལ་དགོངས་ལ། ལྕགས་ཀྱི་ཐོ་ལུམ་སོགས་ཀྱིས་ཀྱང་བཀྲེས་པ་སེལ་ནུས་པས་ཟས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར། ཁམ་ཟས་ཀྱི་ངོ་བོ་གང་ཞེ་ན། །དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །ཅིའི་ཕྱིར་ཁམ་གྱི་ཟས་ཞེས་བྱ་ཞེ་ན། སྣ་ལྕེ་ལུས་གསུམ་གྱིས་ཁམ་དུ་བཅད་ནས་མིད་པའི་ཟས་ཡིན་པས་དེ་སྐད་ཅེས་བྱའོ། །ཉི་མ་དང་གྲིབ་མ་ལ་ཡོད་པའི་དྲི་རོ་ཁམ་ཟས་མ་ཡིན་པར་ཐལ། དེ་ཁམ་དུ་བཅད་ནས་མིད་པར་བྱ་བ་མ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་མིན་ཡང་དེའི་རིས་ཡིན་པའི་ཕྱིར་དང་། ཡང་ན་ཕལ་ཆེ་བ་ལ་དགོངས་པའི་ཕྱིར། གཟུགས་ཀྱི་སྐྱེ་མཆེད་ཁམ་ཟས་མ་ཡིན་ཏེ། དེས་རང་གི་ཡུལ་ཅན་དབང་པོ་རྟེན་དང་བཅས་པ་རྒྱས་པ་ལ་མི་ཕན་པའི་ཕྱིར་དང་། དེ་ལ་ཕན་པའི་རིས་


DLL1003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། ཟས་ཡིད་དུ་འོང་བ་བཤམས་པ་མཐོང་བ་ན་བདེ་བ་དང་ཡིད་བདེ་བར་འགྱུར་བའི་ཕྱིར་ཞེ་ན། དེ་ནི་ཟས་དེ་ལ་དམིགས་པའི་བདེ་བ་མྱོང་འགྱུར་གྱི་རེག་པ་ཟས་སུ་སོང་བ་ཡིན་གྱི། གཟུགས་གྱི་སྐྱེ་མཆེད་ཟས་སུ་སོང་བའི་དོན་མིན་ཏེ། ཡིན་ན་གྲོལ་བ་དགྲ་བཅོམ་པ་དང་ཕྱིར་མི་འོང་ལ་ཕན་དགོས་པ་ལས་མི་ཕན་པའི་ཕྱིར། རེག་པའི་ཟས་ལ་སོགས་པ་དེ་དག་གི་ངོ་བོ་གང་ཞེ་ན། རེག་པ་དང་སེམས་པ་དང་རྣམ་པར་ཤེས་པ་ནི་ཟག་པ་དང་བཅས་པ་ཟས་ཡིན་གྱི། ཟག་མེད་ཟས་མིན་ཏེ། ཟས་ཀྱི་དོན་ནི་སྲིད་པ་གསོ་བར་བྱེད་པ་ཡིན་ན། ཟག་མེད་ནི་སྲིད་པ་ཟད་བྱེད་ཡིན་པའི་ཕྱིར་དང་། མདོ་ལས། སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་དང་། འཚོ་བར་བྱེད་པ་དང་། སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པའོ། །ཞེས་དང་། ཟས་བཞི་ནི་ནད་དང་འབྲས་དང་ཟུག་རྔུའི་རྩ་བ་ཡིན་ནོ། །རྒ་ཤིའི་རྐྱེན་ཡིན་ནོ། །ཞེས་གསུངས་ལ། ཟག་མེད་དེ་ལྟ་མིན་པའི་ཕྱིར། ཟས་དུ་ཞིག་གིས་གནས་པ་དང་ཕན་འདོགས་པར་བྱེད་ཅེ་ན། ཟས་ཐམས་ཅད་ཀྱིས་བྱེད་དོ། །ལས་ཀྱི་རང་བཞིན་པས་སེམས་པ་དང་། དེ་དང་མཚུངས་ལྡན་གྱི་རྣམ་པར་ཤེས་པ་དང་། རེག་པས་སེམས་ཅན་འབྱུང་བར་བྱེད་པ་དང་། སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་མོད། ཁམ་ཟས་ཀྱིས་ཇི་ལྟར་འབྱུང་བར་བྱེད་ཅེ་ན། བྱེད་དེ། ཁམ་ཟས་གྱི་ཟས་ལ་སྲེད་པའི་དབང་གིས་ཡང་སྲིད་འབྱུང་རར་བྱེད་པའི་ཕྱིར། ཁམ་ཟས་དང་། བདེ་བ་མྱོང་འགྱུར་གྱི་རེག་པ་དང་། དེ་དང་མཚུངས་


DLL1003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི་རྣམ་ཤེས་ཀྱིས། སེམས་ཅན་གནས་པར་བྱེད་པ་ཡིན་མོད། སེམས་པས་ཇི་ལྟར་གནས་པར་བྱེད་ཅེ་ན། རེ་བ་དང་བཅས་པའི་སེམས་པས་གནས་བར་བྱེད་དེ། མུ་གེ་བྱུང་བའི་ཚེ་ཕ་ཞིག་རང་གི་བུ་གཉིས་དང་ལྷན་ཅིག་ཏུ་འཆི་བ་མ་བཟོད་པར་ཐལ་བའི་རྐྱལ་པ་སྲད་བུས་ཁ་བཅིངས་པ་ཕྱེ་ཡིན་པར་སྨྲས་པའི་ཚེ། རེ་བ་དང་མ་བྲལ་བར་མ་ཤི་བ། ཁ་ཕྱེ་བས་ཐལ་བར་མཐོང་བ་ན་རེ་བ་དང་བྲལ་ནས་ཤི་བ་དང་། གྲུ་ཆག་པའི་ཚོང་པ་རྒྱ་མཚོའི་ལྦུ་བ་ལ་ཐང་དུ་འཁྲུལ་ནས། རེ་བ་དང་མ་བྲལ་བར་མ་ཤི་བ། རེ་བ་དང་བྲལ་བའི་ཚེ་ཤི་བ་དང་། འགྲོ་བའི་རྣམ་གྲངས་ལས། སྲོག་ཆགས་ཆེན་པོ་གང་དག་ཆུ་ནང་ནས་འཐོན་ཏེ་བྱེ་མའི་ཐང་ལ་སྒོ་ང་སྦས་པ་མས་དྲན་ན་མི་རུལ། མ་དྲན་ན་རུལ་བར་བཤད་པ་ལྟ་བུའོ། །སློབ་དཔོན་ནི། དེ་ལྟན་གཞན་མའི་སེམས་པ་བུའི་ཟས་སུ་ཐལ་བའི་སྐྱོན་ཡོད་པས། སྒོ་ངས་མ་དྲན་ན་མི་འདྲུལ། མ་དྲན་ན་འདྲུལ་པའི་དོན་ཡིན་ནོ། །ཞེས་གསུང་། དེ་ལ་ནེ་པ་པཎྜི་ཏ་ན་རེ། དེ་ནི་མི་འཐད་དེ། སྒོ་ང་ལས་སྐྱེས་རྟག་ཏུ་རྨོངས། །ཞེས་གསུངས་པའི་ཕྱིར་ཞེས་ཟེར། དེ་མི་འཐད་དེ། མ་དྲན་པ་དང་རྟག་ཏུ་རྨོངས་པ་ལ་འགལ་བ་མེད་པའི་ཕྱིར། འོ་ན་གསུམ་པོ་ཁམས་གང་ན་ཡོད་ཅེ་ན། ཁམས་གསུམ་དག་ནའོ། །གང་ཁམ་ཡིན་པ་དེ་དབང་པོ་རྟེན་བཅས་རྒྱས་པའི་ཟས་ཀྱང་ཡིན་ནམ་ཞེ་ན། འདི་ལ་མུ་བཞི་སྟེ། དབང་པོ་རྟེན་བཅས་ལ་གནོད་པའི་ཁམ་དུ་བྱ་བའི་དྲི་རོ་རེག་བྱ་ནི། ཁམ་ཡིན་ལ་དབང་པོ་རྟེན་བཅས་རྒྱས་པའི་ཟས་མིན། ཟས་ལྷག་མ་གསུམ་ནི་དབང་པོ་རྟེན་བཅས་རྒྱས་པའི་ཟས་ཡིན་ལ་ཁམ་མ་ཡིན། གཉིས་ཀ་ཡིན་པ་ནི་


DLL1003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཁམ་དུ་བྱས་པས་དབང་པོ་རྟེན་བཅས་རྒྱས་པར་འགྱུར་པའི་ཟས་ལྟ་བུ། གཉིས་ཀ་མ་ཡིན་པ་ནི་སྒྲ་དང་སྡུག་བསྔལ་འཁོར་བཅས་སོ། །དབང་པོ་རྟེན་བཅས་ལ་གནོད་ན་ཁམ་ཟས་སུ་མི་འགྱུར་རོ་ཞེ་ན། དུས་ཕྱིས་གནོད་ཀྱང་དེའི་མོད་ལ་ཕན་འདོགས་པས་ཁམ་ཟས་སུ་རིགས་པ་ཡིན་ཏེ། ཟས་ནི་དུས་གཉིས་སུ་བྱ་བ་བྱེད་པའི་ཕྱིར། འོ་ན་བཅོམ་ལྡན་འདས་ཀྱིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་ལ་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟས་བྱིན་པ་བས། འཛམ་བུའི་ཚལ་ན་འདུག་པའི་སོ་སོ་སྐྱེ་བོ་གཅིག་ལ་བྱིན་ན་དེ་འབྲས་བུ་ཆེ། ཞེས་གསུངས་ན། འཛམ་བུའི་ཚལ་ན་འདུག་པའི་སོ་སོ་སྐྱེ་བོ་དེ་གང་ཞེ་ན། ཁ་ཅིག །འཛམ་བུའི་ལྟོ་དང་ལྡན་པ་ཐམས་ཅད་ཡིན་ཟེར་བ་མི་འཐད་དེ། གཅིག་ཅེས་གསུངས་པ་དང་འགལ་བའི་ཕྱིར་དང་། དེ་ལ་ངོ་མཚར་ཆེ་བ་ཅི་ཞིག་ཡོད་དེ་མེད་པའི་ཕྱིར། ཁ་ཅིག །བྱང་སེམས་ངེས་གནས་སོ་ཞེས་ཟེར། བྱེ་བྲག་སྨྲ་བ་ན་རེ། མི་འཐད་དེ། དེ་ནི་དགྲ་བཅོམ་པ་བྱེ་བ་ལ་བྱིན་པ་བས་བསོད་ནམས་ཆེ་བའི་ཕྱིར། དེས་ན་ངེས་འབྱེད་ཆ་མཐུན་ལ་གནས་པའི་བྱང་སེམས་མ་ཡིན་ཟེར། སློབ་དཔོན་ནི། དེ་མི་འཐད་དེ། འདི་ནི་མིང་དང་དོན་མི་མཐུན་ཞིང་། མདོ་བསྟན་བཅོས་གང་ལས་ཀྱང་ངེས་འབྱེད་ཆ་མཐུན་ལ་གནས་པའི་བྱང་སེམས་ལ་འཛམ་བུའི་ཚལ་ན་གནས་པའི་བྱང་སེམས་སུ་མ་བཤད་པའི་ཕྱིར། དེས་ན་འཛམ་བུའི་ཤིང་དྲུང་ན་བསམ་གཏན་དང་པོ་སྐྱེད་པའི་བྱང་སེམས་དོན་ཐམས་ཅད་གྲུབ་པ་ཡིན་ཏེ། དེ་དང་ཕྱི་རོལ་པ་དེ་དག་འདོད་པ་ལ་འདོད་ཆགས་དང་བྲལ་བར་ཁྱད་པར་མེད་


DLL1003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བརྒྱ་ལ་བྱིན་པ་བས་དེ་གཅིག་ལ་བྱིན་པ་བསོད་ནམས་ཆེས་མང་བས་ཁྱད་པར་དུ་འཕགས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་ལ་བྱིན་པ་དེ་དེ་ལྟ་བུའི་ཕྱི་པ་མཐའ་ཡས་པ་ལ་བྱིན་པ་བས་ཀྱང་བསོད་ནམས་ཆེ་བ་མིན་ནམ་ཞེ་ན། བདེན་མོད། འོན་ཀྱང་སྔར་དུད་འགྲོའི་སྐྱེ་གནས་སུ་སོང་བ་བརྒྱ་ལ་བྱིན་པ་བས། མི་ཚུལ་ཁྲིམས་འཆལ་བ་གཅིག་ལ་བྱིན་པ་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཞེས་བརྒྱ་ཤ་སྟག་གསུངས་པའི་འདྲེས་ཀྱི་དབང་གིས་ཡིན་པའི་ཕྱིར་ཞེས་གསུང་། གཉིས་པ་ནི། སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པའོ། །ཞེས་བཤད་ན། སྲིད་པ་ཚོལ་བ་དེ་གང་ཞེ་ན། དེ་ནི་བར་སྲིད་ཀྱི་མིང་གི་རྣམ་གྲངས་སོ། །ཅིའི་ཕྱིར་སྲིད་ཚོལ་ལ་སོགས་པར་བྱ་ཞེ་ན། འབྱུང་བ་ལ་མི་ལྟོས་པར་ཡིད་ཙམ་ལས་བྱུང་བས་ན་ཡིད་ལས་བྱུང་དང་། སྐྱེ་སྲིད་ཚོལ་བའི་ངང་ཚུལ་ཅན་ཡིན་པས་ན་སྲིད་ཚོལ་དང་། ཟས་སུ་དྲི་ཙམ་ཟ་བས་ན་དྲི་ཟ་དང་། འཆི་སྲིད་དང་སྐྱེ་སྲིད་ཀྱི་བར་དུ་གྲུབ་པ་ན་སྲིད་པ་བར་མ་དང་། སྐྱེ་སྲིད་འགྲུབ་པ་ལ་མངོན་དུ་ཕྱོགས་པས་ན་མངོན་པར་འགྲུབ་པ་ཞེས་བྱའོ། །གསུམ་པ་ནི། ཟག་བཅས་ཐམས་ཅད་ཟས་མིན་ནམ། ཅིའི་ཕྱིར་ཟས་དེ་ལ་བཞིར་གྲངས་ངེས་ཞེ་ན། ངེས་ཏེ། ཚེ་འདི་ལ་གནས་དབང་པོ་རྒྱས་པའི་དོན་དུ་ཁམ་ཟས་དང་། རྟེན་པ་རྣམ་ཤེས་རྒྱས་པའི་དོན་དུ་རེག་པའི་ཟས་ཏེ་གཉིས་དང་། ཕྱི་མར་སྲིད་པ་གཞན་འཕེན་པའི་དོན་དུ་སེམས་པའི་ཟས་དང་། སྲིད་པ་གཞན་འགྲུབ་པའི་དོན་དུ་རྣམ་ཤེས་ཀྱི་ཟས་དང་གཉིས་ཏེ་གོ་རིམ་བཞིན་དུ་བཞག་པའི་ཕྱིར། གསུམ་པ་ནི། དགེ་རྩ་འཆད་པ་དང་མཚམས་སྦྱོར་བ་སོགས་ཀྱི་


DLL1003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དེ་ཡིད་ཤེས་དང་དབང་ཤེས་གང་ཡིན་ཞེ་ན། ལོག་ལྟས་དགེ་རྩ་འཆད་པ་དང་ཡང་དག་པའི་ལྟ་བ་སོགས་ཀྱིས་མཚམས་སྦྱོར་བའི་སེམས་དང་། འདོད་ཆགས་དང་འབྲལ་བའི་མཉམ་གཞག་དང་། དེ་ལས་ཉམས་པ་དང་འཆི་འཕོ་བ་དང་སྐྱེ་བའི་སེམས་རྣམས་ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད་དེ། ཕལ་ཆེ་བ་ཕྱིན་ཅི་ལོག་གི་རྟོག་པ་ཡིན་པ་དང་། ཁ་ཅིག་དེ་མིན་ཡང་དབང་ཤེས་ལ་དེ་དག་མེད་པའི་ཕྱིར། འཆི་འཕོ་བ་དང་སྐྱེ་བའི་སེམས་དེ་ཚོར་བ་གང་ལ་བརྟེན་ཅེ་ན། འཆི་འཕོ་བ་དང་སྐྱེ་བའི་སེམས་དེ་བཏང་སྙོམས་ལ་བརྟེན་ཏེ། འཆི་འཕོ་བ་དང་སྐྱེ་བའི་སེམས་དེ་མི་གསལ་བའི་ཕྱིར། འཆི་འཕོ་བ་དེ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སེམས་ལ་མེད་དེ། འཆི་འཕོ་བ་ནི་སེམས་ལ་གནོད་པར་བྱེད་ལ། ཏིང་ངེ་འཛིན་དེ་སེམས་ལ་ཕན་འདོགས་པར་བྱེད་པ་ཡིན་པའི་ཕྱིར། སྐྱེ་སེམས་ལ་ཡང་ཏིང་ངེ་འཛིན་གྱི་སེམས་མེད་དེ། ཏིང་ངེ་འཛིན་ནི་དགེ་བ་ཡིན་ལ། སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཡིན་པས། སྲིད་པར་སྐྱེ་བ་ལ་ཉོན་མོངས་ཅན་གྱི་སེམས་མངོན་དུ་བྱེད་དགོས་པའི་ཕྱིར། སེམས་མེད་སྙོམས་འཇུག་གཉིས་ལ་འཆི་འཕོ་བ་མེད་དེ། རང་མི་འཆི་ཞིང་། རྡོ་རྗེ་སོགས་གང་གིས་ཀྱང་གཞིག་མི་ནུས་པའི་ཕྱིར། དེ་ལ་སྐྱེ་སེམས་མེད་དེ། གོང་གི་དེའི་ཕྱིར། འོ་ན་འཆི་བའི་སྲིད་པ་ལ་གསུམ་བཤད་ན། དགྲ་བཅོམ་པ་ཐ་མའི་འཆི་སེམས་དེ་གང་ཞེ་ན། ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདའ་ཁའི་སེམས་ལ་ལུང་དུ་བསྟན་པ་མིན་པའི་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པའི་སེམས་གཉིས་ཡོད་དོ། །འོ་ན་འཆི་བའི་


DLL1003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལུས་དང་བཅས་པའི་དབང་པོ་དུ་ལུས་ཀྱི་ཕྱོགས་གང་དུ་འགག་པར་འགྱུར་ཞེ་ན། །འོག་མི་ལྷར་འགྲོ་མི་སྐྱེ་རྣམས། །རིམ་གྱིས་འཆི་ན་རྐང་པ་དང་། །ལྟེ་བ་སྙིང་ཁར་ཡིད་འཆི་འཕོ། །ཅིག་ཅར་འཆི་བའི་ཚེ་ལུས་དང་བཅས་པའི་དབང་པོ་གཉིས་ཅིག་ཅར་འགག་པར་འགྱུར་ལ། འོག་ངན་སོང་དུ་སྐྱེ་བ་རྣམས་རིམ་གྱི་འཆི་བའི་ཚེ་ན་རྐང་པར་ཡིད་འཆི་འཕོ། མིར་འགྲོ་བ་རྣམས་རིམ་གྱིས་འཆི་བ་ན་ལྟེ་བ་དང་། ལྷར་འགྲོ་བ་དང་མི་སྐྱེ་བ་དགྲ་བཅོམ་པ་རྣམས་སྙིང་ཁར་ཡིད་འཆི་འཕོའོ། །སྡིག་ཅན་འཆི་བའི་ཚེ་གནད་གཅོད་ཀྱི་སྡུག་བསྔལ་འབྱུང་བར་གསུངས་ན། གང་ལ་བརྟེན་ནས་འབྱུང་ཞེ་ན། །གནད་གཅོད་པའི་སྡུག་བསྔལ་ནི་ཆུ་དང་སོགས་པ་མེ་དང་རླུང་གི་འབྱུང་བ་འཁྲུག་པ་ལ་བརྟེན་ནས་འབྱུང་བ་ཡིན་གྱི། ས་འཁྲུགས་པ་ལས་བྱུང་བ་མིན་ཏེ། འདི་སྣོད་འཇིག་པ་དང་ཆོས་མཚུངས་པའི་ཕྱིར། ཡང་མདོ་ལས་འགྲོ་བ་ལ་ཡང་དག་པར་ངེས་པ་དང་། ལོག་པར་ངེས་པ་དང་། མ་ངེས་པའི་ཚོགས་གསུམ་གསུངས་ན། དེ་དག་གང་ཞེ་ན། །འཕགས་པ་རྣམས་ཡང་དག་པ་ཉིད་དུ་ངེས་ཏེ། ཡང་དག་པ་ནི་མྱང་འདས་ཡིན་ལ། དེ་འཐོབ་པའི་རྒྱུ་མཚན་སྒྲིབ་པ་ཅི་རིགས་པ་སྤངས་པའི་ཕྱིར། མཚམས་མེད་བྱེད་པ་དག་ལོག་པ་ཉིད་དུ་ངེས་ཏེ། ལོག་པ་ནི་ངན་སོང་ཡིན་ལ། དེའི་ནང་ནས་ཀྱང་དམྱལ་བ་དེར་སྐྱེ་བར་ངེས་པའི་ཕྱིར། དེ་གཉིས་ལས་གཞན་ནི་མ་ངེས་པའི་ཚོགས་ཡིན་ཏེ། རྐྱེན་རེས་འགའ་བ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། རི་མ་པ་དང་ཚད་དངོས། ཞར་ལ་སེམས་ཅན་གྱི་ཚད། ཚད་དེ་ཉིད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། རྟེན་བཤད། བརྟེན་པ་བཤད། སེམས་ཅན་གྱི་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས།


DLL1003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་དཀྱིལ་འཁོར། ཆུ་དང་གསེར་གྱི་དཀྱིལ་འཁོར་བཤད་པའོ། །དང་པོ་ནི། སེམས་ཅན་གྱི་འཇིག་རྟེན་བཤད་པའི་འོག་ཏུ་སྣོད་ཀྱི་འཇིག་རྟེན་བཤད་པར་བྱའོ། །དེ་ཡང་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མི་འདྲ་བ་སྣ་ཚོགས་པས། ཐམས་ཅད་བསྟན་པར་མི་ནུས་ཀྱི། བདག་ཅག་གི་སྟོན་པའི་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་རྣམ་གཞག་ཅུང་ཟད་བརྗོད་པར་བྱའོ། །དེ་ལ་ཆོས་མངོན་པ་དག་གིས་སྣོད་ཀྱི་འཇིག་རྟེན་གནས་པར་འདོད་པའི་ལུགས་ནི། འོག་དག་གི་གཞི་ནི་དང་པོར་བར་སྣང་སྟོང་པར་ཡོད་པ་ལ། འཇིག་རྟེན་འཆགས་པའི་སྔ་ལྟས་སུ་གྱུར་བའི་རླུང་འཇམ་བུ་ལྡང་བ་ལོ་གྲངས་དུ་མའི་བར་དུ་འཁྲིགས་པ་ལས། རླུང་གི་དཀྱིལ་འཁོར་ཆེན་པོ་ཆེའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པ་ཆགས་སོ། །དེའི་རྔམས་སུ་ནི་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ། རྒྱར་གྲངས་མེད་གཅིག་ཡོད་དོ། །གཉིས་པ་ནི། རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་བབ་པ་ལ་བརྟེན་ནས། གསེར་གྱི་སྙིང་པོ་ཅན་གྱི་ཆུའི་དཀྱིལ་འཁོར་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་། སྟོང་ཕྲག་དག་ནི་ཉི་ཤུ་ཡོད་པ་ཆགས་སོ། །ཐད་ཁར་མི་འབོ་བ་ནི། ཁ་ཅིག་སེམས་ཅན་གྱི་ལས་ཀྱི་དབང་གིས་ཡིན་ཏེ། དཔེར་ན། ཟས་མ་ཞུ་བར་ལོང་དུ་མི་ལྟུང་བ་བཞིན་ཞེས་ཟེར། ཁ་ཅིག་རླུང་གིས་སྦྱངས་ཀྱི་ཚུལ་དུ་འཛིན་ཞེས་ཟེར། དེའི་སྟེང་དུ་རླུང་གིས་ཆུ་དེ་དག་བསྲུབས་ཤིང་། ཀུན་ཏུ་འཐས་པར་བྱས་པ་ལ་བརྟེན་ནས་གསེར་གྱི་ས་གཞི་ཆགས་


DLL1003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེའི་ཕྱིས་ནི་ཆུའི་དཀྱིལ་འཁོར་གྱི་རྔམས་སུ་འབུམ་ཕྲག་བརྒྱད་དང་། ལྷག་མ་གསུམ་འབུམ་ཉི་ཁྲི་དག་ནི་གསེར་དུ་འགྱུར་རོ། །འོ་ན་ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་ཐད་ཀར་ཐག་ཇི་ཙམ་ཞེ་ན། འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་དག་ནི་ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཁོར་ཡུག་ཏུ་ནི་ཟླུམ་པོ་ཡིན་པས་གསུམ་འགྱུར་རོ། །གཉིས་པ་ལ། རི་བཤད། མཚོ་བཤད། གླིང་བཤད་པའོ། །དང་པོ་ནི། ཆུ་དང་གསེར་གྱི་དགྱིལ་འཁོར་གྱི་སྟེང་དུ། ཆར་གྱི་རྒྱུན་སྔར་ལྟར་བབ་པ་ལ་བརྟེན་ནས། ཁམས་སྣ་ཚོགས་པ་ཅན་གྱི་ཕྱིའི་རྒྱ་མཚོ་ཆགས། དེའི་ཁམས་རབ་རླུང་གིས་བསྲུབས་པ་ལ་བརྟེན་ནས། རི་གཞན་ལས་ལྷུན་ཅིང་བརྗིད་ཆགས་པའི་ལྷུན་པོ་ཆགས། ཁམས་འབྲིང་རླུང་གིས་བསྲུབས་པ་ལ་བརྟེན་ནས། རིའི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ། ཤིང་རྟའི་གཉའ་ཤིང་ལྟ་བུའི་མཛེས་པ་ཡོད་པས་གཉའ་ཤིང་འཛིན་དང་། གསེར་གྱི་གཤོལ་མདའ་ལྟ་བུའི་མཛེས་པ་ཡོད་པས་གཤོལ་མདའ་འཛིན་དང་། སེང་ལྡེང་གི་ནགས་ཀྱིས་མཛེས་པ་ཡོད་པས་སེང་ལྡེང་ཅན་དང་། དེ་བཞིན་དུ་རིའི་རྩེ་མོ་ན་བལྟ་ན་སྡུག་པའི་མཛེས་པ་ཡོད་པས་བལྟ་ན་སྡུག་རི་དང་། རྟའི་རྣ་བ་ལྟ་བུའི་མཛེས་པ་ཡོད་པས་རྟ་རྣ་དང་། རིའི་རྩེ་མོ་རྣམ་པར་འདུད་པ་ལྟ་བུའི་མཛེས་པ་ཡོད་པས་རྣམ་འདུད་དང་། རིའི་རྩེ་མོ་འཁོར་ལོའི་མུ་ཁྱུད་ལྟ་བུར་མཛེས་པར་ཡོད་པས་མུ་ཁྱུད་འཛིན་རི་སྟེ་དེ་དག་གིས་རི་རབ་བསྐོར་ཏེ་གནས་སོ། །ཁམས་ཐ་མ་བསྲུབས་པ་ལས་དེ་ནས་ནི་གླིང་རྣམས་ཆགས་པ་ཡིན་ནོ། །དེ་དག་གི་ཕྱི་རོལ་ན་ནི་ཁོར་ཡུག་གི་རི་སྟེ། འདིས་གླིང་བཞི་འཁོར་བའི་


DLL1003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་བསྐོར་བས་ན་ཁོར་ཡུག་གི་རིའོ། །འོ་ན་རི་དགུ་པོའི་ངོ་བོ་གང་ཞེ་ན། གཉའ་ཤིང་འཛིན་ནས་མུ་ཁྱུད་འཛིན་གྱི་བར་བདུན་ནི་གསེར་ཡིན། ཁོར་ཡུག་གི་རི་དེ་ལྕགས་སོ། །ལྷུན་པོ་ནི་རིན་ཆེན་བཞིའི་རང་བཞིན་ཏེ། ཤར་དངུལ། ལྷོ་བཻཌཱུརྻ། ནུབ་པདྨ་རཱ་ག །བྱང་གསེར་ལས་སོ། །གདགས་པ་ལས། ཤར་པདྨ་རཱ་ག་དང་། ནུབ་དངུལ་དུ་ཡོད་པར་བཤད་དོ། །རི་རབ་ཀྱི་ངོས་རིན་པོ་ཆེ་གང་གི་རང་བཞིན་ཡིན་པའི་མཐུས། དེའི་ཕྱོགས་ཀྱི་ནམ་མཁའ་ཡང་དེའི་ཁ་དོག་ཏུ་སྣང་བས། ལྷོ་འཛམ་གླིང་གི་ནམ་མཁའ་ཡང་སྔོན་པོར་སྣང་ངོ་། །འོ་ན་དེ་དག་གི་ཚད་ཇི་ལྟ་བུ་ཞེ་ན། རི་དགུ་པོ་ཆུའི་ནང་དུ་དཔག་ཚད་བརྒྱད་ཁྲི་དག་ནུབ་བོ། །དེ་བཞིན་དུ་ལྷུན་པོ་ནི་ཆུའི་སྟེང་དུ་ཡང་དཔག་ཚད་དག་ནི་བརྒྱད་ཁྲི་འཕགས་སོ། །ལྷག་མ་བརྒྱད་པོའི་འཕང་དུ་བྱེད་ཕྱེད་དབྲི་བས་བཞི་ཁྲི་དང་ཉི་ཁྲི་སོགས་སོ། །དེ་དག་རྔམས་སུ་སྟེ་རྒྱར་ཡང་འཕང་དང་མཉམ་མོ། །གཉིས་པ་ནི། །དེ་དག་བར་བདུན་རོལ་མཚོ་ཡིན། །ལྷུན་པོ་ནས་མུ་ཁྱུད་འཛིན་དེ་དག་གི་བར་གྱི་མཚོ་བདུན་ནི་རོལ་མཚོ་ཡིན་ནོ། ཅིའི་ཕྱིར་རོལ་མཚོ་ཞེས་བྱ་ཞེ་ན། ཡན་ལག་བརྒྱད་ལྡན་གྱི་ཆུས་གང་ཞིང་། ཀླུའི་རྒྱལ་པོ་རྣམས་རྩེ་ཞིང་རོལ་པའི་མཚོ་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཡན་ལག་བརྒྱད་པོ་གང་ཞེ་ན། བསིལ་དང་ཞིམ་དང་ཡང་དང་འཇམ། །དང་བ་དང་ནི་དྲི་མི་ང་། །འཐུང་ན་ལྟོ་ལ་མི་གནོད་དང་། །མགྲིན་པ་ལ་ཡང་མི་གནོད་པའོ། །ཞེས་སོ། །འོ་ན་དེ་དག་གི་ཚད་ཇི་ལྟ་བུ་ཞེ་ན། མཚོ་དང་པོ་ལ་དཔག་ཚད་སྟོང་ཕྲག་བརྒྱད་ཅུའོ། །དེ་ནི་ཕྱི་ནང་གཉིས་ཀྱི་ནང་ནས་ནང་གི་རྒྱ་མཚོ་ཡིན་ལ། དེའི་


DLL1003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ལ་ཞེང་གི་གསུམ་འགྱུར་རོ། །རོལ་མཚོ་གཞན་ནི་དེ་ལས་ཕྱེད་ཕྱེད་དབྲིའོ། །དེའི་ལྷག་མ་མུ་ཁྱུད་འཛིན་ནས་ཁོར་ཡུག་གི་བར་གྱི་མཚོ་ནི་ཕྱིའི་རྒྱ་མཚོ་ཆེན་པོ་ཡིན། དེའི་ཚད་ནི་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་དག་ནི་ཉི་ཤུ་གཉིས་སོ། །གསུམ་པ་ལ་གླིང་གཙོ་བོ། །གླིང་ཕྲན། འཛམ་བུ་གླིང་གི་ཆོས་ཀྱི་ཁྱད་པར་བཤད་པའོ། །ད་པོ་ནི། དེ་ནས་ནི། གླིང་རྣམས་ཡིན་ནོ། །ཞེས་བཤད་ན། གླིང་རྣམས་གང་ཞེ་ན། གླིང་བཞི་ཡོད་པ་དེ་ལ་ནི་རི་རབ་ཀྱི་ལྷོ་ན་ཡོད་ཅིང་། ཤིང་འཛམ་བུའི་འབྲས་བུ་མཚོའི་ནང་དུ་ལྷུངས་པ་ན་འཛམ་བུ་ཞེས་པའི་སྐད་འབྱིན་པས་ན་འཛམ་བུ་དང་། མཐའ་ཆུས་འཁོར་བའི་གླིང་ཡིན་པས་ན། ལྷོ་འཛམ་བུའི་གླིང་སྟེ་ངོས་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་སོ། །ཤིང་རྟའི་དབྱིབས་འདྲ་བའི་ངོས་གཅིག་ལ་དཔག་ཚད་ཕྱེད་དང་བཞིའོ། །འདིའི་ཤར་ན་ཡོད་ཅིང་འདི་དག་ལས་ལུས་ཉིས་འགྱུར་གྱིས་འཕགས་པས་ན་ལུས་འཕགས་སོ། །དབྱིབས་ཟླ་གམ་འདྲ་བའི་ངོས་གསུམ་འཛམ་བུའི་གླིང་འདི་དང་འདྲ་བས། དཔག་ཚད་སྟོང་ཕྲག་གཉིས་གཉིས་དང་། ངེས་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །འདིའི་ནུབ་ན་ཡོད་ཅིང་བ་ལང་དང་ནོར་བུ་ལ་ལོངས་སྤྱོད་པ་དང་། མཐའ་ཆུས་འཁོར་བའི་གླིང་སྟེ་ནུབ་བ་ལང་སྤྱོད་ཀྱི་གླིང་ངོ་། །དབྱིབས་ཟླུམ་པོ་སྟེ་མཐའ་ཀུན་ནས་བསྐོར་ན་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེའི་དབུས་དྲང་པོ་ནས་གཞལ་ན་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་མོ། །འདིའི་བྱང་ན་ཡོད་ཅིང་འཆི་བའི་ཚེ། ཞག་བདུན་གྱི་གོང་དུ་སྒྲ་མི་སྙན་པ་འབྱུང་བས་ན་བྱང་སྒྲ་མི་སྙན་ཏེ། མཐའ་ཀུན་ནས་བསྐོར་ན་


DLL1003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཚད་སྟོང་ཕྲག་བརྒྱད། དབྱིབས་གྲུ་བཞི་ཕྱོགས་རེ་རེ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཡོད་པར་མཉམ་མོ། །གཉིས་པ་ནི། །དེ་ཡི་བར་གྱི་གླིང་བརྒྱད་ནི། །ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །གླིང་བཞི་པོ་དེའི་བར་གྱི་གླིང་གཡོག་བརྒྱད་ནི། ལུས་དང་ལུས་འཕགས་ཤར་གྱི་གླིང་གཡོག །སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་བྱང་གི་གླིང་གཡོག །རྔ་ཡབ་དང་ནི་རྔ་ཡབ་གཞན་ལྷོའི་གླིང་གཡོག །གཡོ་ལྡན་དང་ནི་ལམ་མཆོག་འགྲོ་ནུབ་ཀྱི་གླིང་གཡོག་སྟེ་གླིང་ཕྲན་བརྒྱད་དོ། །ཐམས་ཅད་ན་མི་གནས་ལ་རྔ་ཡབ་ན་སྲིན་པོ་གནས་སོ། །གསུམ་པ་ནི། འཛམ་བུའི་གླིང་གི་དབུས་རྒྱ་གར་རྡོ་རྗེ་གདན་འདི་ནས། བྱང་དུ་རི་ནག་པོ་དགུ་འདས་པ་ན་གངས་རི་དཔལ་དང་ལྡན་པ་ཡོད། དེ་ནས་བྱང་ན་ནི་རི་སྤོས་ཀྱི་ངད་ལྡང་བ་ཡོད། དེ་ནས་དཔག་ཚད་བཅུའི་ཚུ་རོལ་ན་ཀླུའི་རྒྱལ་པོ་མ་དྲོས་པ་གནས་པའི་མཚོ་མ་དྲོས་པ་ཞེས་བྱ་བ། ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ཏ་ལ་སོགས་པས་ཁེབས་པ། ཆུ་ཞེང་ལ་དཔག་ཚད་ལྔ་བཅུ་ལྔ་བཅུ་ཡོད་པའི་མཚོ་གྲུ་བཞི་པ། མཐའ་ཉིས་བརྒྱས་འཁོར་བ། དེའི་ཤར་ཕྱོགས་གླང་པོ་ཆེའི་ཁ་འདྲ་བ་ནས་ཆུ་བོ་གངྒཱ་དང་། ལྷོ་ཁྱུ་མཆོག་གི་ཁ་འདྲ་བ་ནས་སིནྡྷུ་དང་། ནུབ་རྟའི་ཁ་འདྲ་བ་ནས་པཀྵུ་དང་། བྱང་སེང་གེའི་ཁ་འདྲ་བ་ནས་ཆུ་བོ་སི་ཏ་ཞེས་བྱ་བ་འབབ་ཅིང་། མཚོ་མ་དྲོས་པ་ལ་གཡས་ཕྱོགས་སུ་ལན་བདུན་བསྐོར་ཏེ། ཆུ་ཀླུང་ལྔ་བརྒྱ་དང་ལྷན་ཅིག་འགྲོགས་ནས། ཕྱིའི་རྒྱ་མཚོ་ཆེན་པོར་འབབ་སྟེ། འཇིག་རྟེན་གདགས་པར། ཆུ་བོ་གངྒཱ་སིནྡྷུ་པཀྵུ་དང་། སི་ཏ་དཔའ་རླབས་ལྦུ་བའི་འཕྲེང་བ་ཅན། །འབབ་ཅིང་ཐམས་ཅད་བསིལ་


DLL1003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆུ་ཡིན་ཏེ། །ཕྱོགས་བཞི་ཁོ་ར་ཁོར་ཡུག་དག་ནས་འབྱུང་། གངྒཱ་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་སྟེ། །སིན་དྷུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན། །པཀྵུ་ཡང་ནི་ནུབ་ཕྱོགས་རྒྱ་མཚོར་འགྲོ། །དེ་ཡི་བྱང་ཕྱོགས་རྒྱ་མཚོར་སི་ཏ་འགྲོ། །ཆུ་ཀླུང་རབ་མཆོག་བཞི་པོ་འདི་དག་ནི། །མཆོག་ཏུ་བཟང་ཞིང་སོ་སོར་འབབ་པ་སྟེ། །རེ་རེ་ཞིང་ཡང་ལྔ་བརྒྱར་ཁྱེར་ནས་ནི། །ཆུ་བོའི་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ། །ཞེས་སོ། །སྤོས་ངད་ལྡང་ནས་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན། བྲག་གསེར་གྱི་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་གྲུ་བཞི་པ། ངོས་རེ་རེ་ལ་དཔག་ཚད་ལྔ་བཅུ་པ་མཐའ་ཉིས་བརྒྱས་འཁོར་བ། འཕང་དུ་དཔག་ཚད་ཕྱེད་དང་བཞི་པ་མཛེས་ཤིང་བལྟ་ན་སྡུག་པ། ཁོར་ཡུག་ན་གསེར་གྱི་བྲག་བྱ་སྐྱིབས་བརྒྱ་སྟོང་ཡོད་དོ། །དེ་ནས་བྱང་དུ་དཔག་ཚད་ཉི་ཤུ་ན་ཤིང་ས་ལའི་རྒྱལ་པོ་རབ་བརྟན་ཞེས་བྱ་བ་རྩ་བ་འདོམ་བཞི་བཅུ་འཐུར་དུ་ཟུག་པ། ས་ལའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བ། ཆེར་གྱེན་དུ་འཕགས་པའི་ཡལ་ག་ལོ་འདབ་ཀྱིས་རིམ་པར་ནོན་པས་ནམ་མཁའ་ཁྱབ་པ་ལྟར་གནས་སོ། །དེ་ནས་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན་རྫིང་བུ་དལ་གྱིས་འབབ་ཅེས་བྱ་བ། མཚོ་མ་དྲོས་པའི་རྒྱ་ཁྱོན་ཇི་ལྟ་བ་བཞིན་ཡོད་དོ། །ཁོར་ཡུག་ན་རྫིང་བུ་བརྒྱ་སྟོང་ཡོད་ཅིང་། དེ་ན་ཡོད་པའི་པདྨའི་སྡོང་བུ་དང་ལོ་མ་དང་མེ་ཏོག་རྣམས། གཤོལ་མདའ་དང་བ་ལང་གི་ཀོ་བ་དང་ཤིང་རྟའི་འཕང་ལོ་ཙམ་ཡོད་དོ། །དེ་ན་བརྒྱ་བྱིན་གྱི་གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་རབ་བརྟན། ལུས་དཀར་ཞིང་མགོ་བོ་སྔོན་པོའི་དབུས་དམར་བ་མཆེ་བ་དྲུག་དང་ལྡན་པ། སྲིད་དུ་དཔག་ཚད་ཕྱེད་དང་གསུམ་ཞིང་


DLL1003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཅིག །འཕང་དུ་ཕྱེད་དང་གཉིས་མཐའ་བདུན་གྱིས་འཁོར་བ། འཁོར་གླང་པོ་བརྒྱ་སྟོང་དང་བཅས་པ་དགུན་དང་དཔྱིད་དང་དབྱར་ཟླ་བ་བཞི་བཞིར་རིམ་བཞིན་གནས་སོ། །གསུམ་པ་ལ། དངོས་དང་། དེ་དག་གི་སྤྲོས་པའོ། །དང་པོ་ལ། ངན་སོང་དང་། མཐོ་རིས་ཀྱི་གནས་སོ། །དང་པོ་ལ། ཚ་དམྱལ་དང་། གྲང་དམྱལ་ལོ། །དང་པོ་ནི། འཛམ་བུ་གླིང་འདིའི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན། མནར་མེད་པའི་ཁང་པའི་ཡས་སྟེང་ཡོད་ལ། དེའི་དཔངས་དང་རྒྱར་དཔག་ཚད་སྟོང་ཕྲག་ཉི་ཤུ་ཉི་ཤུ་ཡོད་པ་དེ་ཙམ་མོ། །སྡུག་བསྔལ་མཐའ་ཡས་པ་བར་མཚམས་མེད་པར་མྱོང་བས་ན་མནར་མེད་པའོ། །ཁ་ཅིག་དེར་བདེ་བའི་སྐབས་མེད་པས་ན་དེ་སྐད་ཅེས་ཟེར་རོ། །དེའི་སྟེང་ན་དམྱལ་བ་བདུན་ཡོད་དེ། ཕན་ཚུན་མཚོན་གྱིས་བཏབ་སྟེ་ཤི་བ་ལྟ་བུར་གྱུར་པ་ལ། ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་ནམ་མཁའ་ལས་འབྱུང་ཞིང་། དེ་ལ་བརྟེན་ནས་གསོས་པར་བྱེད་པའི་ཡང་སོས་དང་། ལུས་ལ་ཐིག་ནག་པོ་བཏབ་ནས། དམྱལ་སྲུངས་རྣམས་ཀྱིས་མཚོན་གྱིས་འདྲ་བར་བྱེད་པས་ཐིག་ནག་དང་། དམྱལ་སྲུངས་རྣམས་ཀྱིས་བསྡུས་ཤིང་འཇོམས་པར་བྱེད་པས་བསྡུས་འཇོམས་དང་། ཚ་བའི་སྡུག་བསྔལ་གྱིས་ཉེན་ནས་ཆོ་ངེས་འདེབས་པས་ངུ་འབོད་དང་། དེ་བས་ཀྱང་སྡུག་བསྔལ་ཆེ་བས་གདུངས་ནས་ཆོ་ངེས་ཆེན་པོ་འདེབས་པས་ངུ་འབོད་ཆེན་པོ་དང་། ལྕགས་གྱི་ཁང་པ་མེ་འབར་བའི་ནང་དུ་ཚ་བའི་སྡུག་བསྔལ་མྱོང་བས་ན་ཚ་བ་དང་། དེ་བས་ཀྱང་མི་བཟོད་པའི་སྡུག་བསྔལ་


DLL1003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྫ་བུམ་དགའ་བ་དང་ཉེར་དགའི་ནང་དུ་མྱོང་བས་རབ་ཏུ་ཚ་བའི་དམྱལ་བ་རྣམས་སུ་ཡོད་པའི་ཕྱིར། །བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག།། །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་དང་། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། །ཚ་དམྱལ་བརྒྱད་པོ་ཀུན་ལ་འཁོར་གྱི་ཚུལ་དུ་ལྷག་པ་བཅུ་དྲུག་བཅུ་དྲུག་ཡོད་དེ། བརྒྱད་པོ་དེ་དག་གི་ངོས་བཞི་ན་མེ་མ་མུར་པུས་མོ་ནུབ་ཙམ་ཡོད་ལ། དེ་དག་ཏུ་རྐང་པ་བཅུག་པའི་ཚེ་ཤ་རུས་འཇིག་ཅིང་། བཏོན་པའི་ཚེ་གསོས་པ་དང་། ཡང་རོ་མྱགས་ཀྱི་འདམ་རྐད་མ་ནུབ་ཙམ་ལ་འབུ་མཆུ་རྣོན་ཞེས་བྱ་བ་ལུས་དཀར་ཞིང་མགོ་གནག་པས་ལུས་ལ་འབིགས་པར་བྱེད་པ་དང་། དེ་དང་འབབ་ཆགས་པ་ན་སྤུ་གྲི་གཏམས་པའི་ལམ་པོ་ཆེ་ཡོད་ལ། དེ་ལ་རྐང་པ་བཞག་པ་ན་ཤ་རུས་འཇིག་ཅིང་། བཏེག་པ་ན་གསོས་པ་དང་། སོགས་པ་རལ་གྲི་ལོ་མའི་ནགས་ཚལ་ལོ་མ་རལ་གྲིར་གྱུར་པ་རྣམས་རླུང་གིས་བསྐྱོད་ནས་ལྷུངས་པས་ལུས་གཅོད་པར་བྱེད་པ་དང་། ཚལ་དེ་ལ་གནས་པའི་ཁྱི་སྲེ་བོ་ལྕགས་ཀྱི་མཆེ་བ་ཅན་གྱིས་ལུས་ཟོས་པ་དང་དེས་འཇིགས་ནས། དཔག་ཚད་དུ་མ་ལྡན་པའི་ཤལ་མ་ལིའི་སྡོང་པོ་ཚེར་མ་སོར་བཅུ་དྲུག་དང་ལྡན་པ་ཡོད་པ་ལ། ཡར་འཛེག་པའི་ཚེ་ཚེར་མ་རྣམས་ཁ་འཐུར་དུ་བསྟན་ནས་ལུས་འབིགས་པར་བྱེད་པ་དང་། དེ་ནས་རྩེར་སླེབ་པའི་ཚེ་ཁྭ་ཏ་ལྕགས་ཀྱི་མཆུ་ཅན་གྱིས་མིག་འབྲས་འཐོག་པར་བྱེད་ཅིང་། དེ་མ་བཟོད་ནས་མར་བབ་པ་ན་ཚེར་མ་རྣམས་ཁ་ཡར་བསྟན་ཏེ་ལུས་འབིགས་པར་བྱེད་པ་དང་། ཐལ་ཚན་གྱི་ཆུ་བོ་རབ་མེད་པརྒལ་བར་དཀའ་བ་རྣམས་སུ་ཡོད་པའི་ཕྱིར། གསུམ་པོ་ནི་མཚོན་ཆར་རིས་གཅིག་པས་གཅིག་ཏུ་བགྲངས་ལ། ཁྱི་དང་ཁྭ་ཏ་ནི་རལ་གྲིའི་ནགས་དང་ཤལ་མ་ལིའི་ཁྱད་ཆོས་ཡིན་ནོ། །དམྱལ་བ་དེ་དག་གི་དྲུང་ན་གཤིན་


DLL1003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་དམྱལ་སྲུངས་མཚོན་ཆ་སྣ་ཚོགས་པ་ཐོགས་པས། དམྱལ་བ་པ་རྣམས་གཞན་དུ་འགྲོ་བ་འགོག་པར་བྱེད་དོ། །འོ་ན། དམྱལ་སྲུངས་དེ་དག་སེམས་ཅན་ཡིན་ནམ་མིན་ཞེ་ན། མདོ་སྡེ་པ་ན་རེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཁྱད་པར་ཙམ་ཡིན་པས་སེམས་ཅན་མ་ཡིན་ཏེ། དཔེར་ན། རི་ར་ལུག་གི་གདོང་པ་ཅན་བཞིན་ཞེས་ཟེར། འོ་ན། བཙུན་པ་ཆོས་ལྡན་རབ་འབྱོར་གྱིས། གང་དག་ཁྲོ་ཞིང་གཏུམ་ལས་དང་། །སྡིག་ལ་མངོན་པར་དགའ་བ་དང་། །སྡུག་བསྔལ་ལ་དགའ་དེ་དག་ནི། །གཤིན་རྗེའི་སྲིན་པོར་སྐྱེ་བར་འགྱུར། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་འཁོར་ཡི་དྭགས་གང་དག་གིས་སེམས་ཅན་རྣམས་དམྱལ་བའི་གནས་སུ་འཁྲིད་པ་ལ། གཤིན་རྗེའི་སྲིན་པོ་ཞེས་བཤད་པས་མི་འགལ་ལོ། །བྱེ་བྲག་སྨྲ་བ་ན་རེ། དེ་དག་སེམས་ཅན་ཡིན་ལ་ཤི་ནས་དམྱལ་བ་པ་ལ་གནོད་པ་བྱས་པའི་རྣམ་སྨིན་གྱིས་དམྱལ་བར་སྐྱེ་བ་ཡིན་ནོ། །ད་ལྟ་དམྱལ་བའི་མེ་ལ་སོགས་པས་གནོད་པ་མི་འབྱུང་བ་ནི་ལས་ཀྱིས་མཚམས་བཅད་པ་ཡིན་ཞེས་ཟེར་རོ། །གཉིས་པ་ནི། །ཚ་དམྱལ་ལས་གཞན་ཆུ་བུར་ཅན་ལ་སོགས་པའི་གྲང་དམྱལ་བརྒྱད་པོ་ཡོད་དེ། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། སོ་ཐམ་ཐམ་པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧིད་ཟེར་བ་དང་། ཨུཏྤ་ལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་རྣམས་སུ་ཡོད་པའི་ཕྱིར། འོ་ན་གླིང་འདིའི་འོག་ཏུ་མནར་མེད་པ་ལ་སོགས་པ་ཇི་ལྟར་ཆུད་ཅེ་ན།


DLL1003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་དེ། གླིང་རྣམས་འབྲུའི་ཕུང་པོ་ལྟར་ཞབས་རྒྱ་ཆེ་བའི་ཕྱིར། དུད་འགྲོའི་རྩ་བའི་གནས་ནི་ཕྱིའི་རྒྱ་མཚོ་ཆེན་པོ་ན་ཡོད་ཅིང་། དེ་ན་གྲངས་མང་ཞིང་སྡུག་བསྔལ་མཐའ་ཡས་པ་ཡོད་དོ། །ལྷ་དང་མིའི་ཡུལ་ན་ཡོད་པ་རྣམས་ནི་ཁ་འཐོར་བ་ཡིན་ནོ། །ཡི་དྭགས་ཀྱི་རྩ་བའི་གནས་ནི་རྒྱལ་པོའི་ཁབ་ཅེས་བྱ་བ་འཛམ་བུའི་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་ལ། དེ་ན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ། འཕེན་བྱེད་མི་དགེ་བས་འཕངས་པས་ཡི་དྭགས་ཀྱི་གཟུགས་སུ་ཡོད་ཀྱང་། རྫོགས་བྱེད་དགེ་བས་རྫོགས་པ་ལྷ་ལྟ་བུའི་དཔལ་ཉམས་སུ་མྱོང་ཞིང་། དམྱལ་བར་སྐྱེ་བར་འབྱུང་བ་ཇི་ལྟར་བྱས་སོ་མི་ཤེས་པ་དག་ལ་དེའི་དམིགས་སྟོན་པ་ཡོད་པ་ལ། དེའི་འཁོར་ན་ཡི་དྭགས་ཀྱི་རིས་སུམ་ཅུ་རྩ་དྲུག་ཡོད། དེ་བསྡུ་ན་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་གསུམ་དུ་འདུས་སོ། །ལྷ་དང་མིའི་ཡུལ་ན་གནས་པའི་ཡི་དྭགས་ནི་ཁ་འཐོར་བའོ། །གཉིས་པ་ནི་མིའི་གནས་བཤད་ཟིན་ལ། ལྷའི་གནས་ལ། ས་དང་འབྲེལ་པ་དང་། ས་དང་མ་འབྲེལ་བའོ། །དང་པོ་ལ། རྒྱལ་ཆེན་རིས་བཞི་དང་། སུམ་ཅུ་རྩ་གསུམ་གྱི་གནས་སོ། །དང་པོ་ལ། གཞལ་མེད་ཁང་ལ་བརྟེན་པ་དང་། རི་ལ་བརྟེན་པའོ། །དང་པོ་ནི་ཉི་ཟླ་དང་སྐར་མ་རྣམས་ཡིན་ནོ། །འོ་ན་ཉི་ཟླ་གཉིས་གང་ཙམ་ན་ཡོད་ཅེ་ན། ཉི་ཟླ་ཆུ་མཚམས་ཡན་ཆད་ཀྱི་ལྷུན་པོའི་ཕྱེད་དཔག་ཚད་བཞི་ཁྲི་ནའོ། །འོ་ན་ཉི་ཟླའི་ཚད་ཇི་ཙམ་ཞེ་ན། ཟླ་བ་ལ་ཐད་ཀར་དཔག་ཚད་ལྔ་བཅུ། ཉི་མ་ལ་ཐད་ཀར་དཔག་ཚད་ལྔ་བཅུ་གཅིག་དང་བཅས་པའོ། །མཐའ་


DLL1003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ལ་གསུམ་འགྱུར་དང་། རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་གཅིག་གི་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད་དོ། །འོ་ན་རྒྱུ་གང་ལས་གྲུབ་ཅེ་ན། ཟླ་བ་ནི་ཆུ་ཤེལ་ལས་གྲུབ་ཅིང་། བྱེད་ལས་བསིལ་བ་དང་། མིག་ལ་ཕན་པ་དང་། ལོ་ཏོག་སྨིན་པ་དང་། སྣང་བ་སྟེར་བར་བྱེད་པའི་ལས་ཅན་ཡིན་ལ། ཉི་མ་ནི་མེ་ཤེལ་ལས་གྲུབ་ཅིང་། བྱེད་ལས་ཚ་བ་དང་། མིག་ལ་གནོད་པ་དང་། གཞན་འདྲ། དེའི་སྟེང་དུ་གསེར་གྱི་ར་བ་འཕང་དུ་དཔག་ཚད་ཕྱེད་པས་བསྐོར་བ། དེ་ལ་རྩིག་སྐྱབས་རིན་པོ་ཆེ་སྣ་བཞི་ལས་བྱས་པ་དང་། འོག་གཞི་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བ་དང་། རིན་པོ་ཆེ་ལས་གྲུབ་པའི་ཁང་བཟང་དང་། སྐྱེད་མོས་ཚལ་དང་། དཔག་བསམ་གྱི་ཤིང་དང་། མེ་ཏོག་མན་དྷ་ར་བ་པུས་མོ་ནུབ་ཙམ་དུ་ཁེབས་པ་རྙེད་པ་རྣམས་རླུང་གིས་འཐོར་ཞིང་། གསར་པ་ལེགས་པར་འགྲིམས་པ་ལ་སོགས་པ་ཡོད་དོ། །སྐར་མའི་ཚད་ནི། གདགས་པར་ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད་དང་། ཆུང་བ་རྣམས་ལ་གསུམ་དང་། ཕལ་ཆེ་བ་བཅུ་དང་བཅུ་གཉིས་པར་བཤད་ལ། གང་སྤེལ་གྱིས་ཐམས་ཅད་ཀྱི་ནང་ནས་ཆེ་བ་དེའི་ཚད་ནི་དཔག་ཚད་བཅུ་དྲུག་གོ་ཞེས་བཤད་པ་ནི་མི་འཐད་དེ། དེ་ལྟར་ན་སྐར་མ་ཆེ་བ་ལ་ཟླ་བའི་སུམ་ཆ་ཅུང་མེད་ཅིག་ཡོད་དགོས་པ་ལས། དེ་ལ་མངོན་སུམ་གྱིས་གནོད་པའི་ཕྱིར། འོ་ན་ཉི་མས་གླིང་བཞེས་སྣང་བའི་བྱ་བ་ཇི་ལྟར་བྱེད་ཅེ་ན། བྱང་དུ་ནམ་ཕྱེད་པ་དང་། ཤར་དུ་ཉི་མ་ནུབ་པ་དང་། ལྷོར་ཉི་མ་ཕྱེད་པ་དང་། ནུབ་ཏུ་ཉི་མ་འཆར་བ་དུས་གཅིག་པའི་ཚུལ་གྱིས་བྱེད། དེས་མཚོན་ནས་ནུབ་ཏུ་ནམ་ཕྱེད་པ་དང་།


DLL1003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་ཉི་མ་ནུབ་པ་དང་། ཤར་དུ་ཉི་མ་ཕྱེད་པ་དང་། ལྷོར་ཉི་མ་འཆར་བ་རྣམས་དུས་གཅིག་པ་ལ་སོགས་པ་ལའང་ཤེས་པར་བྱའོ། །འོ་ན་དབྱར་དགུན་གྱི་ཉི་མ་ལྡོག་དུས་གང་ཞེ་ན། དབྱར་གྱི་ཟླ་བ་གཉིས་པ་དབྱར་ཟླ་ཐ་ཆུང་གི་མར་ངོ་སྔོན་དུ་སོང་ནས་ཐ་མ་ཡར་ངོའི་ཚེས་བརྒྱད་ལ་ཉིན་མོ་ཡུད་ཙམ་བཅོ་བརྒྱད་མཚན་མོ་ཡུད་ཙམ་བཅུ་གཉིས་ཡོད་ལ། དེའི་ཉིན་དབྱར་ཉི་ལོག་ནས་ཚེས་དགུ་ནས་མཚན་མོ་རིང་དུ་འགྱུར་ཞིང་ཉིན་མོ་ཐུང་དུ་འགྱུར་རོ། །དགུན་རྣམས་ཀྱི་ཟླ་བ་བཞི་པ་དགུན་ཟླ་ཐ་ཆུང་གི་མར་ངོ་སྔོན་དུ་སོང་ནས་ཐ་མ་ཡར་ངོའི་ཚེས་བརྒྱད་ལ་ཉིན་མོ་ཡུད་ཙམ་བཅུ་གཉིས་མཚན་མོ་ཡུད་ཙམ་བརྒྱད་ཡོད་ལ། དེའི་ཉིན་དགུན་ཉི་ལོག་ནས་ཚེས་དགུ་ནས་མཚན་མོ་ཐུང་དུ་འགྱུར་ཞིང་ཉིན་མོ་དེ་ལས་བཟློག་པ་རིང་དུ་འགྱུར་རོ། །འོ་ན་ཇི་ཙམ་གྱིས་རིང་ཐུང་དུ་འགྱུར་ཞེ་ན། ཉིན་མཚན་རིང་བ་དང་ཐུང་བ་ནི་ཐང་གཅིག་རེ་རེས་སོ། །འོ་ན་ཐང་གཅིག་གི་ཚད་ཇི་ལྟ་བུ་ཞེ་ན། ཉིན་མཚན་གཅིག་ལ་ཆ་དགུ་བརྒྱར་བྱས་པའི་ཆ་གཅིག་ལ་བྱེད་དོ། །འོ་ན་ཉི་མ་རིང་ཐུང་དུ་འགྱུར་བ་དེ་གང་གིས་ཡིན་ཞེ་ན། ཟླ་བ་དྲུག་ཏུ་ཉི་མ་ལྷོར་འགྲོ་བའི་ཚེ་དཔག་ཚད་ཕྱེད་དང་དྲུག་དང་གཅིག་གི་བཅོ་བརྒྱད་ཀྱི་ཆ་གཅིག་འཛམ་བུའི་གླིང་ལས་ཡོལ་ཏེ་རྒྱ་མཚོའི་སྟེང་ནས་རྒྱུ་ཞིང་། མྱུར་དུ་འགྲོ་བས་ཉིན་མོ་ཐུང་དུ་འགྱུར་ལ། དེའི་ཚེ་ཉི་མའི་འོད་རྒྱ་མཚོ་ལ་བབ་པས། རྒྱ་མཚོའི་ཆུ་དྲོ་གླིང་གི་ཆུ་གྲང་བས་ལུ་མ་དྲོ་བའི་གནད་དེ་ཡིན་ནོ། །ཟླ་བ་དྲུག་ཏུ་ཉི་མ་བྱང་དུ་འགྲོ་བའི་ཚེ། དཔག་ཚད་ཕྱེད་དང་དྲུག་དང་གཅིག་གི་བཅོ་བརྒྱད་ཀྱི་ཆ་གཅིག་རྒྱ་མཚོ་ལས་ཡོལ་ཏེ་གླིང་གི་སྟེང་ནས་རྒྱུ་ཞིང་། དལ་བུས་འགྲོ་བས་ཉིན་མོ་


DLL1003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

རིང་དུ་འགྱུར་རོ། །འོ་ན་ཟླ་བ་འཕེལ་འགྲིབ་ཏུ་སྣང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཟླ་བ་དེ་ཉི་མ་དང་ནི་ཉེ་བ་ལས་དེའི་འོད་འཕོག་ལ། དེས་ན་རང་གི་གྲིབ་མས་འགྲིབ་པར་སྣང་ངོ་། །སློབ་དཔོན་འཕགས་པ་ལྟར་ན། ཟླ་བའི་བཻ་ཌཱུརྻ་ལས་གྲུབ་པའི་ཕྱོགས་དེ་སྣང་བ་ན་གནམ་གང་དང་། ཆུ་ཤེལ་ལས་གྲུབ་པའི་ཕྱོགས་དེ་སྣང་བ་ན་ཉ་གང་བ་ཡིན་ལ། དེ་ལས་གཞན་གྱི་ཚེ་ན་གཞན་དུ་སྣང་བ་ཡིན་ཞེས་གསུང་ངོ་། །འོ་ན་ཟླ་བའི་གུང་ན་ནག་པོའི་ར་རི་ཡོད་པ་དེ་གང་ཡིན་ཞེ་ན། ཁ་ཅིག །གླིང་བཞི་རི་རབ་དང་བཅས་པ་གུང་དུ་སྣང་བས་ར་རི་དང་། མཐའ་ལ་ཕྱིའི་རྒྱ་མཚོ་སྣང་བས་དྭངས་པར་སྣང་བ་ཡིན་ཟེར། ཁ་ཅིག །ཟླ་བའི་སྟེང་དུ་སྐྱེད་མོས་ཚལ་སོགས་ཡོད་པ་ནག་པོའི་ར་རིར་སྣང་བ་ཡིན་གསུང་། ཁ་ཅིག །བྱང་ཆུབ་སེམས་དཔའ་རི་བོང་དུ་སྐྱེས་པའི་གཟུགས་བརྙན་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་རྣམས་ལ་བསྟན་པའི་ཕྱིར་དུ་ཟླ་བ་ལ་བྲིས་པ་ཡིན་ཟེར་རོ། །གཉིས་པ་ནི། རི་རབ་འདི་ལ་བང་རིམ་བཞི་ཡོད་དོ། །བར་གྱི་ཐག་ཇི་ཙམ་ཞེ་ན། བར་གྱི་ཐག་ནི་དཔག་ཚད་སྟོང་ཕྲག་བཅུ་བཅུའོ། །འོ་ན་བང་རིམ་རྣམས་ཕྱི་ལ་ཇི་ཙམ་འཕགས་ཤེ་ན། བང་རིམ་དང་པོ་ལ་དཔག་ཚད་སྟོང་ཕྲག་དག་ནི་བཅུ་དྲུག་དང་། གཉིས་པ་ལ་སྟོང་ཕྲག་བརྒྱད་དང་། གསུམ་པ་ལ་སྟོང་ཕྲག་བཞི་དང་། བཞི་པ་ལ་སྟོང་ཕྲག་གཉིས་ཕྱིར་འཕགས་སོ། །བང་རིམ་དེ་དག་ན་གང་གནས་ཤེ་ན། བང་རིམ་དང་པོ་དེ་ལ་གནོད་སྦྱིན་ལག་ན་རིན་པོ་ཆེའི་གཞོང་པ་བདུད་རྩིས་གང་བ་ཐོགས་པ་དང་། གཉིས་པ་ན་གནོད་སྦྱིན་ལག་ན་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་ཐོགས་པ་དང་། གསུམ་པ་


DLL1003_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྒུན་ཆང་གིས་རྟག་ཏུ་མྱོས་པ་དང་། བཞི་པ་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་གནས་ཏེ། དེ་ཡང་བང་རིམ་བཞི་པའི་ཤར་ཕྱོགས་ཀྱི་སྟེང་ན། ཡུལ་འཁོར་སྲུངས་ཀྱི་ཕོ་བྲང་ཡུལ་འཁོར་སྲུངས་དང་། ལྷོ་ན་འཕགས་སྐྱེས་པོའི་ཕོ་བྲང་འཕགས་སྐྱེས་པོ་དང་། ནུབ་ན་སྤྱན་མི་བཟང་གི་ཕོ་བྲང་སྣ་ཚོགས་གཟུགས་དང་། བྱང་ན་རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་ཡོད་དོ། །དེར་མ་ཟད་གསེར་གྱི་རི་ནི་བདུན་པོ་དག་ལ་ཡང་རྒྱལ་ཆེན་བཞི་པའི་ལྷ་གནས་སོ། །གཉིས་པ་ནི། ལྷུན་པོའི་རྩེན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་གནས་སོ། །ཅིའི་ཕྱིར་སུམ་ཅུ་རྩ་གསུམ་ཞེས་བྱ་ཞེ་ན། ནོར་ལྷ་བརྒྱད། དྲག་པོ་བཅུ་གཅིག །ཉི་མ་བཅུ་གཉིས། ཐ་སྐར་གྱི་བུ་གཞོན་ནུ་གཉིས་ཏེ་གཙོ་བོ་སུམ་ཅུ་རྩ་གསུམ་ཡོད་པས་དེ་སྐད་ཅེས་བྱ་བའམ། ཡང་ན་ཆོས་བཟང་ལྷའི་མདུན་ས་སོགས་ལྷའི་གནས་སུམ་ཅུ་རྩ་གསུམ་ཡོད་པས་དེ་སྐད་ཅེས་བྱའོ། །དེའི་ཚད་ཇི་ལྟ་བུ་ཞེ་ན། དེའི་ངོས་རེ་རེ་ལ་དཔག་ཚད་བརྒྱད་ཁྲི། མཐའ་བསྐོར་ན་གསུམ་འབུམ་ཉི་ཁྲིའོ། །ལྷུན་པོའི་ཕྱོགས་མཚམས་བཞི་ན། ཁང་པ་བརྩེགས་པ་བཞི་ཡོད་པའི་ངོས་ལ་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། དཔངས་སུ་དཔག་ཚད་ལྔ་བརྒྱ་ཡོད་དོ། །གདགས་པ་ལས་དཔངས་སུ་དཔག་ཚད་ཕྱེད་དང་ལྔ་ཡོད་པར་བཤད། ཁང་པ་བརྩེགས་པ་བཞི་པོ་དེ་ལ་ནི། གནོད་སྦྱིན་ལག་ན་རྡོ་རྗེ་ལྷ་རྣམས་བག་མེད་པའི་གནས་ལས་བསྲུང་བའི་ཕྱིར་དུ་གནས་པ་ཡིན་ལ། སུམ་ཅུ་རྩ་གསུམ་གྱི་དབུས་ན་གྲོང་ཁྱེར་བལྟ་ན་སྡུག་ཅེས་པ། ངོས་རེ་རེ་ལ་ཉིས་སྟོང་ལྔ་བརྒྱ་པ། མཐའ་བསྐོར་ན་ཁྲི་ཡོད་པ། འཕང་དུ་དཔག་ཚད་ཕྱེད་དང་གཉིས་ངོས་གསེར་གྱི་རང་


DLL1003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། འོག་གཞི་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་པ། མནན་ན་ནེམ་བྱེད་པ་བཏེག་ན་ཕར་བྱེད་པའི་མཉེན་པ་ཡོད། དེ་ལ་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་ཡོད་པའི་སྒོ་རེ་རེ་ལ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྲུང་བར་བྱེད་པའི་སྲུང་མ་གོ་བགོས་ཤིང་མཚོན་ཆ་སྣ་ཚོགས་ཐོགས་པ་ལྔ་བརྒྱ་ལྔ་བརྒྱ་ཡོད། གྲོང་ཁྱེར་བལྟ་ན་སྡུག་དེའི་དབུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་བཞུགས་གནས་རྣམ་པར་རྒྱལ་བྱེད་ཀྱི་ཁང་བཟང་ངོས་རེ་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། མཐའ་བསྐོར་ན་སྟོང་། དཔངས་སུ་དཔག་ཚད་ཕྱེད་དང་དྲུག་དང་གཅིག་གི་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད། དེ་ལ་བ་གམ་བརྒྱ་རྩ་གཅིག །དེ་རེ་རེ་ལ་ཁང་པ་བརྩེགས་པ་བརྒྱ་བརྒྱ། དེ་རེ་རེ་ལ་གནས་ཁང་བདུན་བདུན། དེ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། དེ་རེ་རེ་ལ་གཡོག་མོ་བདུན་བདུན། དེ་རེ་རེ་ལ་སིལ་སྙན་བདུན་བདུན་ཡོད་དོ། །གྲོང་ཁྱེར་བལྟ་ན་སྡུག་དེའི་ཕྱི་རོལ་དཔག་ཚད་ཉི་ཤུར་ཕྱིན་པ་ན། ཤར་ན་ཤིང་རྟ་སྣ་ཚོགས་ཀྱི་ཚལ། ལྷོ་ན་རྩུབ་འགྱུར་གྱི་ཚལ། ནུབ་ན་འདྲེས་ཚལ། བྱང་ན་དགའ་བས་བརྒྱན་པའི་ཚལ་ཞེས་བྱ་བ་ཡོད་དོ། །ཅིའི་ཕྱིར་ཤིང་རྟ་སྣ་ཚགས་ཀྱི་ཚལ་ལ་སོགས་པ་ཞེས་བྱ་ཞེ་ན། ཤིང་རྟ་དང་རྫིང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་སྣ་ཚོགས་པ་ཡོད་པས་ཤིང་རྟ་སྣ་ཚོགས་ཀྱི་ཚལ་ཞེས་བྱ། རྫིང་བུ་རྩུང་འགྱུར་དང་ཤིང་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་དང་རྒྱན་རྣམས་རྩུབ་པ་དང་། དེར་ཕྱིན་པ་ཙམ་གྱིས་ལུས་སེམས་རྩུབ་པར་འགྱུར་ཞིང་། གཡུལ་སྤྲོད་པ་ལ་མོས་པར་བྱེད་པས་ན།


DLL1003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྩུབ་འགྱུར་གྱི་ཚལ་ཞེས་བྱ། རྫིང་བུ་འདྲེས་པ་ཞེས་བྱ་བ་དང་ཤིང་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་དང་གོས་དང་རྒྱན་རྣམས་འདྲེས་ཤིང་། ལྷའི་བུ་དང་བུ་མོ་རྣམས་ཀྱང་འདྲེས་པར་གནས་པས་འདྲེས་ཚལ་ཞེས་བྱ། རྗིང་བུ་དགའ་བ་དང་ཤིང་སོགས་དང་ལྷའི་བུ་དང་བུ་མོ་རྣམས་དགའ་བར་གནས་པས། དགའ་བས་བརྒྱན་པའི་ཚལ་ཞེས་བྱའོ། །ཚལ་དེ་དག་གི་ཕྱོགས་བཞིན་དཔག་ཚད་ཉི་ཤུས་བཅད་པ་ན་ས་གཞི་བཟང་པོ་བཞི་ཡོད་དེ། ཤར་ན་ཤིང་རྟ་སྣ་ཚོགས་པའི་ས་གཞི། ལྷོ་ན་རྩུབ་འགྱུར་གྱི། ནུབ་ན་འདྲེས་པའི། བྱང་ན་དགའ་བས་བརྒྱན་པའི་ས་གཞི་བཟང་པོ་ཞེས་བྱ་བ་ཡོད་དོ། །གྲོང་ཁྱེར་བལྟ་ན་སྡུག་དེའི་བྱང་ཤར་མཆམས་ན། ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ། འཐུར་དུ་དཔག་ཚད་ལྔ་བཅུ་ཟུག་པ། དཔག་ཚད་བརྒྱ་གྱེན་དུ་ཕྱོགས་པ། ཡལ་ག་ལོ་འདབ་ཀྱིས་དཔག་ཚད་ལྔ་བཅུར་ཁྱབ་པ། དྲིས་རྫི་ཕྱོགས་སུ་དཔག་ཚད་བརྒྱར་ཁྱབ་ཅིང་། རྫི་ཕྱོགས་མིན་པར་ལྔ་བཅུར་ཁྱབ་པ་ཡོད་དོ། །འོ་ན། མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་མིའི་ཡུལ་གྱི་མེ་ཏོག་ལ་དགོངས་པའི་ཕྱིར། ཤིང་དེ་ནི་ལྷ་རྣམས་དགའ་བ་ཉམས་སུ་མྱོང་བའི་གནས་ཡིན་པས། དཔྱིད་ལོ་མ་སེར་པོར་གྱུར་པའི་ཚེ་དེ་རིང་པོར་མི་ཐོགས་པར་ལོ་མ་དང་མེ་ཏོག་ལྷགས་པར་འགྱུར་སྙམ་དུ། དགའ་བ་དང་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ། །ཤིང་དེའི་དྲུང་ན་ཨར་མོ་ནི་ག་ལྟ་བུའི་རྡོ་ལེབ་ངོས་རེ་རེ་ལ་དཔག་ཚད་ལྔ་བཅུ་པ། མཐའ་ཉིས་བརྒྱས་འཁོར་བ་འཕང་དུ་དཔག་ཚད་ཕྱེད་དང་དྲུག་


DLL1003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཅིག་གི་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད་ལ། དེའི་སྟེང་དུ་ལྷ་དབང་གི་སེང་ཁྲི་དང་ཉེ་དབང་གཞན་རྣམས་ཀྱི་ཁྲི་བཤམས་ནས་ལྷ་རྣམས་དབྱར་ཟླ་བ་བཞིའི་བར་དུ་གནས་སོ། །དེའི་དྲུང་དུ་གླང་པོ་ཆེ་ས་སྲུངས་ཀྱི་བུ་སྲིད་དུ་དཔག་ཚད་ཕྱེད་དང་གསུམ་ཞེང་དུ་དཔག་ཚད་གཅིག་མཐའ་བསྐོར་ན་དཔག་ཚད་བདུན་ཡོད་པ། མགོ་སུམ་ཅུ་རྩ་གཉིས་སྤྲུལ་ནས། དབུས་མ་ལ་ལྷ་དབང་བརྒྱ་བྱིན་གཞན་དག་ལ་ཉེ་དབང་སོ་གཉིས་ལུས་བྱིན་པོ་ལ་ལྷ་གཞན་རྣམས་ཞོན་ནས། ཨར་མོ་ནིག་གི་རྡོ་ལེབ་ཀྱི་སྟེང་དུ་བསྐལ་པ་འཆགས་འཇིག་གི་རླུང་ལྟར་མགྱོགས་པར་འགྲོ་ལ། དེར་གླང་ཆེན་གྱི་ལུས་བཞག་ནས་ལྷའི་བུ་རྫུ་འཕྲུལ་ཆེ་བའི་བདག་ཉིད་དུ་གནས་སོ། །གྲོང་ཁྱེར་བལྟ་ན་སྡུག་དེའི་ལྷོ་ནུབ་མཚམས་དཔག་ཚད་བཅུ་གཉིས་ཀྱིས་ཆོད་པ་ན་ཆོས་བཟང་ལྷའི་མདུན་ས། ཐད་ཀར་དཔག་ཚད་གསུམ་བརྒྱ། མཐའ་བསྐོར་ན་དགུ་བརྒྱ་པ། གྲོང་ཁྱེར་བལྟ་ན་སྡུག་ལས་དཔག་ཚད་ཕྱེད་དང་བཞི་གྱེན་དུ་འཕགས་པ་ཡོད། འོག་གཞི་དང་ཡང་ཐོག་དང་ཀ་བ་དང་སྤྱི་འདུས་ཀྱི་གདུང་ལ་སོགས་པ་ཐམས་ཅད་ཤེལ་ལས་གྲུབ་པ། དབུས་ན་བཻ་ཌཱུརྻའི་ཀ་བ་ཟུར་བརྒྱད་པ། སྤྱི་འདུས་ཀྱི་གདུང་ལ་སྐྲའི་རྩེ་མོ་ཙམ་ཞིག་མ་རེག་པ། དེ་ན་ཡང་ལྷ་དབང་དང་ཉེ་དབང་རྣམས་ཀྱི་ཁྲི་ཡོད་པ་དེར་ལྷ་རྣམས་འདུས་ནས་ལྷ་དང་མི་རྣམས་ཀྱི་དོན་དང་ཆོས་སེམས་པར་བྱེད་དོ། །གཉིས་པ་ནི། །སུམ་ཅུ་རྩ་གསུམ་དེའི་སྟེང་ན་འཐབ་བྲལ་


DLL1003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོག་མིན་གྱི་བར་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་ཡོད་དོ། །ཅིའི་ཕྱིར་འཐབ་བྲལ་ཞེས་བྱ་ཞེ་ན། འདི་མན་ཆད་ན་འཐབ་པ་ཡོད་ཅིང་། འདི་ནས་འཐབ་པ་དང་བྲལ་བས་ན་འཐབ་བྲལ་ཞེས་བྱའོ། །འདི་མན་ཆད་ན་འཐབ་པ་ཇི་ལྟར་ཡོད་ཅེ་ན། ཡོད་དེ། ལྷ་རྣམས་ཀྱང་ལྷ་མིན་དང་འཐབ་ན་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ལྷ་མ་ཡིན་གྱིས་ཀྱང་ལྷ་ལ་འཐབ་པར་ནུས་ཏེ། ལྷ་ལ་ལུས་དང་ལོངས་སྤྱོད་འགྲན་བཟོད་པ་དང་ལྷའི་གཉེན་ཟླ་ཡིན་པའི་ཕྱིར། དེ་ལྟར་འཐབ་ན། འཇིག་རྟེན་ན་ཆོས་མིན་དར་བ་ན་ལྷའི་དཔུང་འགྲིབ་ཅིང་། ལྷ་མིན་གྱི་དཔུང་འཕེལ་བར་འགྱུར་ལ། ལྷ་མིན་དེ་དག་ལྷུན་པོའི་ཆུ་མཚམས་ཀྱི་ཁོང་ནས་གསེར་གྱི་ས་གཞིའི་བར་དུ་གནས་ཤིང་། དེ་རྣམས་ལྷའི་བདུད་རྩི་ལ་ཕྲག་དོག་དང་། རང་གི་བུ་མོ་ལ་སེར་སྣའི་དབང་གིས་དཔུང་གི་ཚོགས་དང་ལྷན་ཅིག་ཆུ་མཚམས་ནས་འཐོན་ཏེ་སྟེང་གི་ནམ་མཁའ་ལ་འཕགས་ནས་སྲུང་མ་ལྔ་པོ་རྣམས་དང་རིམ་པ་བཞིན་འཐབ། དེས་བཟློག་མ་ནུས་པའི་ཚེ་རྒྱལ་ཆེན་བཞིས་ལྷ་དབང་བརྒྱ་བྱིན་ལ་གསོལ་པ། ཀོའུ་ཤི་ཀ་བདག་ཅག་རྣམས་ནི་ལྷ་མ་ཡིན་གྱིས་ཕམ་པར་བྱས་པས་གང་གི་དུས་ལ་བབ་པ་མཁྱེན་པར་མཛོད་ཅིག་ཅེས་གསོལ་པ་དང་། ལྷ་དབང་གིས་ལྷ་རྣམས་ལ་གྲོགས་པོ་དག་དེ་ལྟར་གྱུར་པས། གང་གི་དུས་ལ་བབ་པ་ཤེས་པར་གྱིས་ཤིག་ཅེས་བསྒོའོ། །དེ་ནས་ལྷ་རྣམས་རྩུབ་འགྱུར་གྱི་ཚལ་དུ་ཕྱིན་ཏེ། གཡུལ་འགྱེད་པ་ལ་མོས་པར་བྱས་ནས། དཔུང་གི་ཚོགས་


DLL1003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བཞི་པ་ཁྱེར་ཏེ་རི་རབ་ཀྱི་ལྷོ་ཕྱོགས་སུ་འཐབ་ཅིང་། དེའི་ཚེ་ལྷ་མིན་ཕམ་ན་ཆུ་མཚམས་ཐུག་འབྲོས། །ལྷ་ཕམ་ན་གྲོང་ཁྱེར་བལྟ་ན་སྡུག་གི་ནང་དུ་བྲོས་ནས་སྒོ་གཅོད་པར་བྱེད་དོ། །འཐབ་བྲལ་ལ་མཚེ་མ་ཞེས་ཀྱང་བྱ་སྟེ། ལྷའི་བུ་དང་བུ་མོ་ཟུང་རེ་སྐྱེ་བའི་ཕྱིར། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཀྱི་རྒྱལ་ས་ཡིན་པ་དང་། དགའ་བ་མཆོག་དང་ལྡན་པས་ན་དགའ་ལྡན་ཞེས་བྱའོ། །རང་གིས་སྤྲུལ་པ་ལ་ཇི་ལྟར་འདོད་པ་ལྟར་དུ་ལོངས་སྤྱོད་པས། འཕྲུལ་དགའ་ཞེས་བྱའོ། །གཞན་གྱིས་སྤྲུལ་པ་ལ་ཐུན་མོང་དུ་ཇི་ལྟར་འདོད་པ་ལྟར་དུ་ལོངས་སྤྱོད་པས། གཞན་འཕྲུལ་དབང་བྱེད་ཅེས་བྱའོ། །འདོད་པའི་ལྷ་རྣམས་ཀྱི་གཟུགས་དཀར་པོ་དང་། དམར་པོ་དང་། སེར་པོ་ཅི་རིགས་པ་དང་། གཞལ་ཡས་ཁང་ཡང་ཆེད་དུ་བྱས་པ་དང་མ་བྱས་པ་གླིང་གསུམ་གྱི་མིའི་གནས་བཞིན་ཅི་རིགས་པ་ཡོད་དོ། །ཅིའི་ཕྱིར་ཚངས་རིས་སོགས་ཞེས་བྱ་ཞེ་ན། སྡིག་པ་མི་དགེ་བ་ལས་ཚངས་ཤིང་། དེའི་རིས་སུ་གཏོགས་པས་ན། ཚངས་རིས་ཞེས་བྱའོ། །ཚངས་པ་ཆེན་པོའི་མདུན་ན་དྲམ་ཟེ་རིག་བྱེད་འདོན་པ་ལྟར་གནས་པས་ན་ཚངས་པ་མདུན་ན་འདོན་ཞེས་བྱའོ། །ཚངས་པ་གཞན་གྱི་དང་པོར་སྐྱེས་ཤིང་མཐར་མཆི་ལ། ཚངས་པ་གཞན་ལས་ལུས་ཀྱི་བོང་ཚོད་སོགས་ཆེ་བས་ན་ཚངས་ཆེན་ཞེས་བྱའོ། །གནས་གཞན་གོང་མ་ལ་ལྟོས་ཏེ་འོད་རྒྱ་ཁྱོན་ཆུང་བས་ན་འོད་ཆུང་ཞེས་བྱའོ། །ལུས་ལ་འོད་ཚད་མེད་པ་ཡོད་པས་ཚད་མེད་འོད་ཅེས་བྱའོ། །གནས་


DLL1003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མ་ལུས་པ་ལ་འོད་ཀྱིས་ཁྱབ་པས་འོད་གསལ་ཞེས་བྱའོ། །གནས་གཞན་གོང་མ་ལ་ལྟོས་ཏེ་སེམས་བདེ་ཆུང་བས་དགེ་ཆུང་། སེམས་བདེ་ཚད་མེད་པ་ཡོད་པས་ཚད་མེད་དགེ །འདི་ལས་མཆོག་ཏུ་གྱུར་པའི་སེམས་བདེ་མེད་པས་དགེ་རྒྱས་འདི་ནས་འོག་གཞི་སྤྲིན་ལྟར་འདབ་ཆགས་པ་མེད་པས་སྤྲིན་མེད། མི་གཡོ་བའི་བསོད་ནམས་ལས་སྐྱེས་པས་ན་བསོད་ནམས་སྐྱེས། སོ་སྐྱེ་ལ་འབྲས་བུ་འདི་ལས་ཆེ་བ་མེད་པས་ན་འབྲས་བུ་ཆེ། དེའི་སྟེང་ན་གནས་གཙང་མ་ལྔ་ཡོད་ལ། སོ་སྐྱེ་མེད་ཅིང་འཕགས་པ་འབའ་ཞིག་གནས་པས་གནས་གཙང་མ། དེ་ཡང་ལྔ་སྟེ། གོང་མ་ལས་ཡོན་ཏན་ཆུང་བས་ན་མི་ཆེ་བ། ཉོན་མོངས་པའི་གདུང་བ་མེད་པས་ན་མི་གདུང་བ། མཐོང་བ་ཡོངས་སུ་དག་པས་མཐོང་བས་ན་ཤིན་ཏུ་མཐོང་། ལྟ་བ་བཟང་བས་ན་གྱ་ནོམ་སྣང་། འདི་ལས་གནས་གཞན་གོང་མ་མེད་པས་ན་འོག་མིན་ནོ། །དེ་དག་གི་འོག་གཞིའི་ཚད་ཇི་ཙམ་ཞེ་ན། ཁ་ཅིག་འཐབ་བྲལ་སོགས་བཞི་རི་རབ་ཀྱི་ཚད་ཙམ་ཟེར། ཁ་ཅིག་གོང་མ་གོང་མ་ཉིས་འགྱུར་གྱིས་ཆེ་བས་འཐབ་བྲལ་སོགས་བཞི་ཡང་ཉིས་འགྱུར་རོ་ཞེས་ཟེར། ཁ་ཅིག་བསམ་གཏན་དང་པོ་གླིང་བཞི་པ་ཙམ་དང་། གཞན་གསུམ་རིམ་པ་བཞིན་དུ་སྟོང་གསུམ་ཙམ་ཞེས་ཟེར། ཁ་ཅིག་བསམ་གཏན་དང་པོ་གསུམ་སྟོང་གསུམ་ཙམ་དང་། བཞི་པ་ལ་ཚད་མེད་པ་ཡོད་ཅེས་ཟེར། འོ་ན། འདོད་ལྷ་རྣམས་འཁྲིག་པ་སྤྱོད་ཚུལ་ཇི་ལྟ་བུ་ཞེ་ན། འདོད་པ་སྤྱོད་པ་དྲུག་ཡོད་པ་ཡིན་ཏེ། རྒྱལ་


DLL1003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རིས་བཞི་པ་དང་། སུམ་ཅུ་རྩ་གསུམ་པ་གཉིས་དབང་པོ་གཉིས་སྦྱར་དང་། འཐབ་བྲལ་བ་འཁྱུད་པ་དང་། དགའ་ལྡན་པ་ལག་པ་བཅངས་པ་དང་། འཕྲུལ་དགའ་བ་རྒོད་པ་དང་། གཞན་འཕྲུལ་དབང་བྱེད་པ་བལྟས་པ་ཙམ་གྱིས་འཁྲིག་པའི་གདུང་བ་སེལ་བར་བྱེད་པའི་ཕྱིར། བྱེ་བྲག་སྨྲ་བ་ན་རེ། ཇི་སྲིད་ཡུལ་གང་ཤས་ཆེ་བ་དེ་སྲིད་དུ་འདོད་ཆགས་ཀྱང་ཤས་ཆེ་བས་ཐམས་ཅད་དབང་པོ་གཉིས་སྦྱོར་ཁོ་ནའོ། །འདིར་བསྟན་པ་ནི་འཁྲིག་པའི་ཡུན་ཚད་བསྟན་པའོ་ཞེས་ཟེར། དེ་ཡང་དབང་པོའི་སྒོ་ནས་རླུང་འབྱུང་བ་ཡིན་གྱི་ས་བོན་འབྱུང་བ་མེད་དོ། །ལྷ་རྫུས་ཏེ་སྐྱེ་བ་ཡིན་ན། ལྷའི་བུ་དང་བུ་མོའི་ཐ་སྙད་ཇི་ལྟར་འཇོག་ཅེ་ན། ལྷ་གང་གི་པང་དུ་བུ་དང་བུ་མོ་སྐྱེས་པ་ལ་ལྷའི་བུ་དང་བུ་མོའི་ཐ་སྙད་བྱེད་དོ། །འོ་ན། བོད་ཚད་ཇི་ཙམ་སྐྱེ་ཞེ་ན། ཚེ་ལོ་བརྒྱ་པའི་དུས་ཀྱི་བྱིས་པ་ལོ་ལྔ་ལོན་པ་ནས་ལོ་བཅུ་ལོན་པ་ལྟ་བུའི་བར་འདོད་ལྷ་དྲུག་པོ་དེ་དག་ཏུ་རིམ་བཞིན་སྐྱེ། གཟུགས་ཅན་གྱི་ལྷ་རྣམས་ནི་བོད་ཚོད་ཀུན་རྫོགས་ཤིང་། ངོ་ཚ་ཁྲེལ་ཡོད་ཤས་ཆེ་བས་གོས་དང་བཅས་ཏེ་སྐྱེ་བ་ཉིད་ཡིན། འདོད་ཁམས་པ་རྣམས་ནི་ངོ་ཚ་དང་ཁྲེལ་མེད་ཤས་ཆེ་བས་གཅེར་བུར་སྐྱེ། འོན་ཀྱང་དམིགས་བསལ་ཁ་ཅིག་མ་གཏོགས་སོ། །གཉིས་པ་དེ་དག་གི་སྤྲོས་པ་ནི། མདོ་ལས་འདོད་པ་སྐྱེ་བ་གསུམ་གསུངས་ན། དེ་དག་གང་ཞེ་ན། མདོ་ལས་འདོད་པ་སྐྱེ་བ་གསུམ་གསུངས་པ་ནི་འདོད་པའི་ལྷ་དང་མིར་བཅས་པ་རྣམས་ཡིན་ནོ། །དེ་ཡང་མི་དང་ལྷ་རིས་བཞི་ཆོས་ཅན། འདོད་པ་སྐྱེ་བ་དང་


DLL1003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན་ཏེ། སྔར་ཇི་ལྟར་བྱུང་བ་ལ་འདོད་པ་ལྟར་ལོངས་སྤྱོད་པའི་ཕྱིར། འཕྲུལ་དགའ་བ་ཆོས་ཅན། འདོད་པ་སྐྱེ་བ་གཉིས་པ་ཡིན་ཏེ། རང་གིས་སྤྲུལ་པ་ལ་ཇི་ལྟར་འདོད་པ་ལྟར་ལོངས་སྤྱོད་པའི་ཕྱིར། གཞན་འཕྲུལ་དབང་བྱེད་པ་ཆོས་ཅན། འདོད་པ་སྐྱེ་བ་གསུམ་པ་ཡིན་ཏེ། གཞན་གྱིས་སྤྲུལ་པ་ལ་གཞན་དང་ཐུན་མོང་དུ་ཇི་ལྟར་འདོད་འདོད་དུ་ལོངས་སྤྱོད་པའི་ཕྱིར། མདོ་ལས་བདེ་བ་སྐྱེ་བ་གསུམ་གསུངས་ན། དེ་དག་གང་ཞེ་ན། མདོ་ལས་བདེ་བ་སྐྱེ་བ་གསུམ་གསུངས་པ་ནི། བསམ་གཏན་དང་པོ་གསུམ་ལ་གསུམ་གསུམ་དུ་ཕྱེ་བས་ས་དགུ་ཡིན་ཏེ། རིམ་བཞིན་སྡིག་པ་མི་དགེ་བས་དབེན་པ་ལས་སྐྱེས་པའི་བདེ་བས་ཡུན་རིང་དུ་གནས་ཤིང་སྡུག་བསྔལ་མེད་པའི་ཕྱིར་དང་། རྟོག་དཔྱོད་ཀྱིས་རྒྱུད་འཁྲུག་པ་དང་བྲལ་བའི་བདེ་བས་ཡུན་རིང་དུ་གནས་ཤིང་སྡུག་བསྔལ་མེད་པའི་ཕྱིར་དང་། ཡིད་བདེ་བ་དང་བྲལ་ཞིང་ཡུན་རིང་དུ་སྡུག་བསྔལ་མེད་པའི་བདེ་བ་དང་ལྡན་པའི་ཕྱིར། འོ་ན་བསམ་གཏན་ཁྱད་པར་ཅན་དུ་སྐྱེས་པ་ལ་དགའ་བདེ་མེད་པས་བདེ་བ་སྐྱེ་བ་མིན་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། བདེ་བའི་སས་བསྡུས་ཀྱི་དགེ་བའི་རྣམ་སྨིན་ཡོད་པའི་ཕྱིར། འོ་ན་གནས་གཞན་གྱི་བར་ཐག་ཇི་ཙམ་ཞེ་ན། རྒྱལ་ཆེན་རིས་བཞིའི་རྩ་བའི་གནས་བང་རིམ་བཞི་པ་ནས། གནས་འོག་མ་འཛམ་བུའི་གླིང་གི་བར་ལ་དཔག་ཚད་བཞི་ཁྲི་ཡོད་ལ། དེ་ལ་ཇི་སྲིད་ཡོད་པ་དེ་ནས་དེའི་གོང་མ་སུམ་ཅུ་རྩ་གསུམ་པའི་བར་ལ་ཡང་དེ་སྲིད་ཡོད་དོ། །གནས་འོག་མ་ཐམས་ཅད་འཛམ་བུ་གླིང་ལ་ཤེས་པར་བྱའོ། །འོ་ན། འོག་མས་གོང་མར་ཕྱིན་ནས་གོང་མ་


DLL1003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ཡོད་དམ་ཞེ་ན། རང་གིས་རྫུ་འཕྲུལ་ཐོབ་པའམ། རྫུ་འཕྲུལ་ཅན་གཞན་ལ་བརྟེན་པ་མ་གཏོགས་པ་འོག་མ་དེ་དག་གིས་གོང་མར་ཕྱིན་ནས་གོང་མ་མཐོང་བ་མེད་དེ། གོང་མར་འགྲོ་མི་ནུས་པའི་ཕྱིར། མདོ་ལས། སྟོང་དང་པོ་དང་། སྟོང་གཉིས་པ་དང་། སྟོང་གསུམ་པ་ཞེས་གསུངས་ན། དེ་དག་གང་ཞེ་ན། གླིང་བཞི་པ་དང་ཉི་ཟླ་དང་རི་རབ་དང་ནི་འདོད་ལྷ་དང་ཚངས་པའི་འཇིག་རྟེན་སྟོང་ལ་ནི། སྟོང་སྤྱི་ཕུད་ཡིན་པར་འདོད་དེ། སྟོང་གསུམ་གྱི་ནང་ནས་སྤྱིའི་ཕུད་བུ་ཡིན་པའི་ཕྱིར། སྟོང་སྤྱི་ཕུད་དེ་སྟོང་ལ་ནི་སྟོང་གཉིས་པར་མའི་འཇིག་རྟེན་གྱི་ཁམས་ཡིན་ཏེ། སྟོང་གསུམ་གྱི་བར་མའི་འཇིག་རྟེན་ཡིན་པའི་ཕྱིར། སྟོང་བར་མ་དེ་སྟོང་ལ་ནི་སྟོང་གསུམ་ཞེས་བྱ་སྟེ། སྟོང་གསུམ་གྱི་ནང་ནས་ཆེ་ཤོས་དེ་ཡིན་པའི་ཕྱིར། སྟོང་གསུམ་གྱི་རླུང་གི་དཀྱིལ་འཁོར་ལ་སོགས་པའི་སྣོད་ཀྱི་འཇིག་རྟེན་ནི། མཉམ་དུ་འཇིག་ཅིང་འཆགས་པའི་ཚེ་ཡང་མཉམ་དུ་འབྱུང་བ་ཡིན་ནོ། །གཉིས་པ་ཞར་ལ་སེམས་ཅན་གྱི་ཚད་ལ། ལུས་ཚད་དང་། ཚེ་ཚད་གཉིས། དང་པོ་ནི། སྣོད་ཀྱི་འཇིག་རྟེན་ལ་ཚད་ངེས་པ་བཞིན་དུ། སེམས་ཅན་ལ་ཡང་ཚད་ངེས་པ་ཡོད་དམ་ཞེ་ན། ངན་སོང་བའི་ལུས་ཚད་ངེས་པ་མེད་པས་འདིར་མི་འཆད་ལ། བདེ་འགྲོ་ལ་ཚེ་ལོ་བརྒྱ་པའི་འཛམ་བུ་གླིང་པའི་མི་རྣམས་ཀྱི་ལུས་ཀྱི་ཚད་ནི། ཚད་དང་ལྡན་པའི་ཁྲུ་བཞི་པ་དང་། ཕལ་ཆེ་བ་ལ་ཕྱེད་དང་བཞི་རེ་ཡོད། ཤར་དང་བ་ལང་སྤྱོད་དང་ནི་བྱང་ཞེས་བྱ་བ་ལུས་ཉིས་འགྱུར་ཉིས་འགྱུར་བསྐྱེད་པས། ཁྲུ་བརྒྱད་དང་བཅུ་དྲུག་དང་


DLL1003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་སོ་གཉིས་ཡོད་དོ། འདོད་པ་དང་ལྡན་པའི་ལྷ་དྲུག་གི་ལུས་ཀྱི་ཚད་ནི། རིམ་པ་བཞིན་རྒྱང་གྲགས་ཀྱི་བཞི་ཆ་ནས་ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད་དོ། །གཟུགས་ཅན་གྱི་ལྷའི་ལུས་ཚད་ནི། གཟུགས་ཅན་དང་པོ་ཚངས་རིས་པ་དཔག་ཚད་ཕྱེད་དང་། དེའི་གོང་མ་འོད་ཆུང་མན་ཆད་གོང་ནས་གོང་དུ་དཔག་ཚད་ཕྱེད་ཕྱེད་བསྐྱེད་ལ། འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད་ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། དེ་ལྟར་ན་སྤྲིན་མེད་པའི་ལུས་ལ་དཔག་ཚད་བརྒྱ་དང་ཉེར་བརྒྱད་དུ་འགྱུར་བ་ལས། སྤྲིན་མེད་པ་དཔག་ཚད་གསུམ་དོར་ནས་བརྒྱ་དང་ཉེར་ལྔའོ། །འདོར་བའི་རྒྱུ་མཚན་ཅི་ཞེ་ན། ཁ་ཅིག་རྩིས་བདེ་བའི་ཕྱིར་ཟེར་ཡང་ལས་ཀྱི་དབང་གིས་དོར་རོ། །གཉིས་པ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ལ། མཐོ་རིས་ཀྱི་ཚེ་ཚད་དང་། ངན་སོང་བའི་ཚེ་ཚད་གཉིས། དང་པ་ནི། སེམས་ཅན་གྱི་ལུས་ཚད་ངེས་པ་བཞིན་དུ་ཚེ་ཚད་ཀྱང་ངེས་སམ་ཞེ་ན། སྒྲ་མི་སྙན་ན་ཚེ་སྟོང་ཐུབ་སྟེ། ནུབ་དང་ཤར་གཉིས་ན་ཕྱེད་ཕྱེད་སྤངས་པས་ལྔ་བརྒྱ་དང་ཕྱེད་དང་གསུམ་བརྒྱའོ། །འཛམ་བུ་གླིང་འདི་ན་མ་ངེས་ཏེ། ཐ་མར་ནི་ཚེ་ལོ་བཅུ་པ་དང་། དང་པོ་ཚེ་ལོ་དཔག་མེད་ཐུབ་པའི་ཕྱིར། འདོད་ལྷའི་ཚེ་ཚད་ནི་མི་རྣམས་ཀྱི་ལོ་ལྔ་བཅུ་ལ། འདོད་པ་དག་གི་ལྷ་རྣམས་ལས་འོག་མ་རྒྱལ་ཆེན་རིས་བཞི་པ་དག་གི་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱས་པ་དེས་ན། རང་ལོ་ལྔ་བརྒྱའོ། །གོང་མ་སུམ་ཅུ་རྩ་གསུམ་པ་ལ་སོགས་པའི་ཉིན་ཞག་དང་ཚེ་གཉིས་ཀ་ཉིས་འགྱུར་དུ་བསྐྱེད་དོ། །གཉའ་ཤིང་འཛིན་ཡན་ཆད་ན་ཉི་ཟླ་མེད་པས་ཉིན་མཚན་


DLL1003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་གཞག་དང་། སྣང་བའི་བྱ་བ་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཉི་ཟླ་མེད་ཀྱང་བྱ་སྐད་འབྱིན་མི་འབྱིན་དང་། གཉིད་གྲོ་བ་སངས་མ་སངས་དང་། མེ་ཏོག་ཁ་འབྱེད་འཛུམ་ལས་ཉིན་མཚན་གྱི་ཐ་སྙད་དང་ལུས་ལས་འོད་འབྱུང་བའི་ཕྱིར། གཟུགས་ཅན་གྱི་ཚེ་ཚད་ནི། གཟུགས་ཅན་གྱི་ཁམས་ན་ཉིན་མཚན་མེད་པས་ཚེ་ཚད་མི་རྟོགས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། གཟུགས་ཅན་ན་ཉིན་མཚན་མེད་ཀྱང་། ཚེ་ཚད་ནི་རང་ལུས་བཞལ་བའི་དཔག་ཚད་ཀྱི་གྲངས་བཞིན་དུ་བསྐལ་པ་ཡིས་འཇལ་བའི་ཕྱིར། ཇི་ལྟར་ན། གཟུགས་ཅན་དང་པོ་བསྐལ་པ་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་རྟག་ཡན་ཆད། །ཚེ་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་པསྐལ་པ་གསུམ་དོར་རོ། །ཞེས་བསྒྱུར་བར་བྱའོ། །གཟུགས་མེད་ཀྱི་ཚེ་ཚད་ནི། །གཟུགས་མེད་པསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པས་ལྷག་པ་ཡིན། །འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། །གཟུགས་མེད་དང་པོ་བསྐལ་པ་སྟོང་ཕྲག་ཉི་ཤུ། གཟུགས་མེད་གོང་མ་གསུམ་ནི། དེ་ཙམ་རེ་ལྷག་པས་ལྷག་པ་ཡིན་པས། བསྐལ་པ་བཞི་ཁྲི་དང་། དྲུག་ཁྲི་དང་། བརྒྱད་ཁྲི་ཐུབ་བོ། །བསྐལ་པ་གང་ཞེ་ན། འོད་ཆུང་ནས་བཟུང་སྟེ་བསྐལ་ཆེན་ཏེ། དེའི་འོག་མ་བསྐལ་ཆེན་གྱི་ཕྱེད་ལ་བསྐལ་པར་བྱས་པ་ཡིན་ནོ། །གཉིས་པ་ལ། ཚ་དམྱལ་གྱི་ཚེ་ཚད་ནི། ཡང་སོས་ལ་སོགས་པ་དྲུག་གི་ཉིན་ཞག་རེ་རིམ་བཞིན་དུ། འདོད་ལྷའི་ཚེ་དང་མཉམ་པ་ཡིན་ཏེ། དེ་ཡང་རྒྱལ་ཆེན་རིས་བཞི་པའི་ཚེ་རངས་པོ་ལ། ཡང་སོས་པའི་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཡང་སོས་པས་ཐུབ་པ་དེས་ན།


DLL1003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སོས་ལ་སོགས་པ་དེ་དག་རྣམས་ཀྱི་ཚེ། འདོད་པའི་ལྷའི་ཚེ་དང་གྲངས་འདྲ་བ་ཡིན་ནོ། །རབ་ཏུ་ཚ་བས་བར་བསྐལ་ཕྱེད་དང་། མནར་མེད་པས་བར་གྱི་བསྐལ་པ་གཅིག་གོ ། དུད་འགྲོའི་ཚེ་ཚད་ནི། ཐུང་བ་ལ་ངེས་པ་མེད་ལ། མཆོག་ཏུ་རིང་བས་བར་གྱི་བསྐལ་པ་གཅིག་ཐུབ་པ་ཡིན་ཏེ། མདོ་ལས། ཀླུའི་རྒྱལ་པོ་ཆེན་པོ་བརྒྱད་པོ་འདི་དག་ནི་བར་གྱི་བསྐལ་པར་གནས་ཤིང་ས་འཛིན་པ། བྱའི་རྒྱལ་པོ་ནམ་མཁའ་ལྡིང་གིས་ཀྱང་འབྱིན་པར་མི་ནུས་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་སོ་སོར་ཉམས་སུ་མྱོང་བར་བྱེད་པ་སྟེ། དེ་དག་གང་ཞེ་ན། འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་དང་། རྟ་མགོ་དང་། བཏང་བཟུང་དང་། ཡིད་ལས་སྐྱེས་དང་། ཡུལ་འཁོར་སྐྱོང་དང་། ནག་པོ་ཆེན་པོ་དང་། ཨེ་ལའི་འདབ་དང་། ཞེས་གསུངས་པའི་ཕྱིར། ཡི་དྭགས་རྣམས་ཀྱི་ཚེ་ཚད་ནི། མིའི་ཟླ་བ་གཅིག་ལ་ཉིན་ཞག་གཅིག་ཏུ་རྩིས་པའི་ལོ་ལྔ་བརྒྱའོ། །གྲང་དམྱལ་གྱི་ཚེ་ཚད་ནི། ཏིལ་གྱི་སྦྱངས་མ་ག་དྷའི་བྲེའི་ཏིལ་ཁལ་བརྒྱད་ཅུ་ཤོང་བ་ཞིག་གི་ནང་ནས། ལོ་བརྒྱ་བརྒྱ་ཞིང་ཏིལ་གཅིག་ཕྱུང་བས་ཟད་པར་གྱུར་པ་དེ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ནོ། །གཞན་ཆུ་བུར་རྡོལ་པ་ཅན་ལ་སོགས་པའི་ཚེ་གོང་ནས་གོང་དུ་ཉི་ཤུ་ཉི་ཤུས་བསྒྱུར་རོ། །གཉིས་པ་ནི། གོང་དུ་བཤད་པའི་ཚེ་ཚད་ཐུབ་པར་ངེས་སམ་ཞེ་ན། །བྱང་སྒྲ་མི་སྙན་པ་མ་གཏོགས་པ་དུས་མ་ཡིན་པར་འཆི་བ་ཡོད་ལ། སྒྲ་མི་སྙན་པས་ཚེ་སྟོང་ཐུབ་པར་ངེས་ཏེ། ལས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར། གསུམ་པ་ཚད་དེ་ཉིད་བྱེ་བྲག་ཏུ་བཤད་


DLL1003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། རྩོམ་པའི་དང་པོ་མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། སེམས་ཅན་གྱི་གནས་དང་ལུས་ཚད་འཆད་པའི་སྐབས་སུ། ཁྲུ་དང་རྒྱང་གྲགས་དང་དཔག་ཚད་ཀྱིས་བཤད་ལ། ཚེ་ཚད་འཆད་པའི་སྐབས་སུ་ལོ་དང་བསྐལ་པ་ལ་སོགས་པའི་སྒོ་ནས་བཤད་ན། དེ་དག་ཀྱང་མིང་གི་སྒོ་ནས་འཇོག་ལ། དེ་ཉིད་འཆད་པ་སྐབས་སུ་བབ་པས་དེ་དག་བཤད་པར་བྱའོ། །གཟུགས་ཀྱི་ཆུང་བའི་མཐར་ཐུག་པ་རྡུལ་ཕྲ་རབ་ཡིན་ལ། དེ་བསགས་པ་ལས་རྒྱང་གྲགས་དང་དཔག་ཚད་འགྲུབ། མིང་གི་མཐར་ཐུག་པ་ཡི་གེ་ཡིན་པས། དེ་བསགས་པ་ལས་ཤླཽ་ཀ་དང་རབ་བྱེད་དང་བསྟན་བཅོས་འགྲུབ། དུས་ཀྱི་ཐུང་བའི་མཐར་ཐུག་པ་སྐད་ཅིག་མ་ཡིན་ལ། དེ་བསགས་པ་ལས་ཞག་དང་ཟླ་བ་དང་ལོ་དང་བསྐལ་པ་རྣམས་འགྲུབ་པ་ཡིན་ནོ། །གཉིས་པ་ལ། ཡུལ་གཟུགས་ཀྱི་ཚད་དང་། དུས་ཀྱི་ཚད་གཉིས། དང་པོ་ནི། གཟུགས་ཀྱི་ཆུང་མཐའ་རྡུལ་ཕྲ་རབ་བསགས་པ་ལས་རྒྱང་གྲགས་སོགས་ཇི་ལྟར་འགྲུབ་ཅེ་ན། ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །རྡུལ་ཕྲ་རབ་དང་། རྡུལ་ཕྲན་དང་ནི་དེ་བཞིན་དུ། ལྕགས་རྡུལ་དང་། ཆུ་རྡུལ་དང་། རི་བོང་གི་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ་དང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། དེ་ལས་བྱུང་བའི་ཤིག་དང་། དེ་བཞིན་དུ་ནས་དང་། སོར་ཚིགས་ཞེས་བྱ་བ་གོང་ནས་གོང་དུ་བདུན་བདུན་དུ་བསྒྱུར། སོར་མོ་ཉི་ཤུ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་གཞུ་གང་། གཞུ་འདོམ་དེ་དག་ལྔ་བརྒྱ་རྣམས་ལ་ནི་རྒྱང་གྲགས་


DLL1003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །གྲོང་ལས་དེ་ཙམ་ཞིག་འཕགས་པ་དེ་ལ་དགོན་པར་འདོད། རྒྱང་གྲགས་དེ་བརྒྱད་ལ་དཔག་ཚད་ཅེས་བྱའོ། །གཉིས་པ་ལ། ལོ་བཤད། བསྐལ་པ་བཤད་པའོ། །དང་པོ་ནི། སྐད་ཅིག་མ་བསགས་པ་ལས་ལོ་དང་བསྐལ་པ་འགྲུབ་པའི་ཚུལ་ཇི་ལྟ་བུ་ཞེ་ན། དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག །དེའི་སྐད་ཅིག་མ་དེ་དག་ཀྱང་དྲུག་ཅུ་ལ་ཐང་གཅིག །ཐང་གཅིག་དང་ཡུད་ཙམ་དང་ཉིན་ཞག་གསུམ་ནི། གོང་ནས་གོང་དུ་སུམ་ཅུར་བསྒྱུར་བས་ཟླ་བ་གཅིག །འོན་ཀྱང་ཟླ་བ་ཐམས་ཅད་ཐུབ་པར་མ་ངེས་པས། ཞག་མི་ཐུབ་དང་བཅས་པའི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ ། གཉིས་པ་ལ། དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ། བསྟན། བཤད་དོ། །དང་པོ་ནི། །བསྐལ་པ་རྣམ་པ་མང་བཤད་པ། །བསྐལ་པ་རྣམ་པ་མང་དུ་བཤད་པ་ཡིན་ཏེ། འཇིག་པའི་བསྐལ་པ། འཆགས་པའི་བསྐལ་པ། གནས་པའི་བསྐལ་པ། བསྐལ་པ་ཆེན་པོ་རྣམས་སུ་བཤད་པའི་ཕྱིར། གཉིས་པ་ལ། འཇིག །འཆགས། གནས། བསྐལ་པ་ཆེན་པོའོ། །དང་པོ་ནི། བསྐལ་པ་རྣམ་པ་མང་བཤད་པ། ཞེས་བཤད་ན། འཇིག་པའི་བསྐལ་པ་སོགས་གང་ཞེ་ན། འཇིག་པའི་བསྐལ་པ་ནི། མནར་མེད་པའི་དམྱལ་བའི་སྲིད་པ་སེམས་ཅན་མེད་པ་ནས་བཟུང་སྟེ་སྣོད་ཀྱི་འཇིག་རྟེན་ཟད་པའི་བར་ཡིན་ནོ། །དེ་ཡང་མནར་མེད་དུ་སེམས་ཅན་སྐྱེ་འཕྲོ་ཆད་པ་དང་། འཛམ་བུ་གླིང་པའི་མི་རྣམས་ཚེ་ལོ་བརྒྱད་ཁྲི་བར་འཕེལ་བ་དང་། གནས་པའི་འཇུག་རྫོགས་པ་དང་། འཇིག་པའི་མགོ་རྩོམ་པ་རྣམས་དུས་མཉམ། དེའི་


DLL1003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་མནར་མེད་ཀྱི་སེམས་ཅན་རྣམས་ཚེ་མཐར་ཕྱིན་ནས་འཆི་འཕོ་བར་འགྱུར། མནར་མེད་དུ་སྐྱེ་འགྱུར་གྱི་ལས་བསགས་ནའང་། འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བར་སྐྱེ་བར་འགྱུར། དམྱལ་བ་གཞན་རྣམས་དང་། བྱིངས་ན་གནས་པའི་དུད་འགྲོ་རྣམས་དང་། ཡི་དྭགས་རྣམས་ཀྱང་དེ་བཞིན་དུ་འགྱུར། ལྷ་མིའི་ཡུལ་ན་ཡོད་པའི་དུད་འགྲོ་དང་ཡི་དྭགས་ནི་དེ་དག་དང་མཉམ་དུ་དེ་ལྟར་འགྱུར། དེ་ནས་འཛམ་བུ་གླིང་པའི་མི་ཞིག་གིས་ཆོས་ཉིད་ཀྱིས་བསམ་གཏན་དང་པོ་ཐོབ། དེ་ལས་ལངས་ནས་ཨེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེ་བ་ཡིན་ནོ་ཞེས་བརྗོད་པ་གཞན་གྱིས་ཐོས་ནས། ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ཐོབ་སྟེ་བསམ་གཏན་དང་པོར་སྐྱེ། དེ་ནས་རིམ་བཞིན་ཤར་དང་ནུབ་དང་བ་ལང་སྤྱོད་པས་ཀྱང་དེ་བཞིན་དང་། བྱང་སྒྲ་མི་སྙན་པ་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས། ཚེ་དེ་ལ་འདོད་ཆགས་དང་བྲལ་བ་མི་སྲིད་པས། ཕྱི་མ་ལ་འདོད་ལྷར་སྐྱེ་ལ། འདོད་ལྷ་དྲུག་ཀྱང་རིམ་བཞིན་དུ་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ཐོབ་སྟེ། དེ་ལས་ལངས་ནས་ཨེ་མ་ཧོ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་འདི་ནི་བདེ་བ་ཡིན་ནོ་ཞེས་བརྗོད་པ་གཞན་གྱིས་ཐོས་ནས། ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ཐོབ་སྟེ་ཚངས་རིས་སུ་སྐྱེ། དེ་ནས་བསམ་གཏན་དང་པོ་བ་ཞིག་གིས་ཆོས་ཉིད་ཀྱིས་བསམ་གཏན་གཉིས་པ་ཐོབ། དེ་ལས་ལངས་ནས་ཨེ་མ་ཧོ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་འདི་ནི་བདེ་བ་ཡིན་ནོ་ཞེས་བརྗོད་པ་གཞན་གྱིས་ཐོས་ནས། ཆོས་ཉིད་ཀྱིས་ཐོབ་


DLL1003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་གཏན་གཉིས་པ་ཐོབ་སྟེ་བསམ་གཏན་གཉིས་པར་སྐྱེ། དེ་དག་ལ་བར་གྱི་བསྐལ་པ་བཅུ་དགུ། དེའི་ཚེ་ལྷ་རྣམས་ཀྱིས་དུས་དུས་སུ་ཆར་འབེབས་པ་མེད་པས། འཛམ་བུ་གླིང་གི་རྩི་ཤིང་ནགས་ཚལ་རྣམས་སྐམ་པར་འགྱུར། དེ་ནས་དུས་ཡུན་རིང་མོ་ཞིག་ནས། ཆེས་ཚ་བའི་ཉི་མ་གཉིས་པ་ཤར་ནས། ཆུ་ཕྲན་དང་ལྟེང་ཀ་རྣམས་སྐམ་པོར་འགྱུར། དེ་ནས་ཉི་མ་གསུམ་པ་ཤར་ནས། ཆུ་ཀླུང་ཆུང་ངུ་དང་ཆེན་པོ་དག་སྐམ་པར་འགྱུར། དེ་ནས་ཉི་མ་བཞི་པ་ཤར་ནས་མཚོ་མ་དྲོས་པ་ཡང་སྐམ་པར་འགྱུར། དེ་ནས་ཉི་མ་ལྔ་པ་ཤར་ནས་ཕྱིའི་རྒྱ་མཚོ་ཆེན་པོ་ཡང་སྐམ་པར་འགྱུར། དེ་ནས་ཉི་མ་དྲུག་པ་ཤར་ནས་གླིང་བཞི་རི་རབ་དང་བཅས་པ་དུ་བར་འཐུལ་བར་འགྱུར། དེ་ནས་ཆེས་ཚ་བའི་ཉི་མ་བདུན་པ་ཤར་ནས། མེ་ལྕེ་གཅིག་ཏུ་འབར་ཞིང་སྲེག་པར་འགྱུར། དེས་རྐྱེན་བྱས་ནས་བསམ་གཏན་དང་པོའི་སས་བསྡུས་ཀྱི་མིས། བསམ་གཏན་དང་པོའི་གཞལ་མེད་ཁང་སྟོང་པ་དེ་སྲེག་པར་འགྱུར། འདོད་པའི་མེས་མ་ཡིན་ཏེ། ས་ཐ་དད་ཡིན་པའི་ཕྱིར། དེ་དག་ལ་བར་བསྐལ་གཅིག་སྟེ། འཇིག་རྟེན་འཇིག་པ་ལ་བར་བསྐལ་ཉི་ཤུའོ། །དེ་ཡང་མེས་འཇིག་པའི་དབང་དུ་བྱས་ཀྱི། ཆུས་འཇིག་ན་བསམ་གཏན་གཉིས་པ་བས། ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གསུམ་པ་ཐོབ་སྟེ་བསམ་གཏན་གསུམ་པར་སྐྱེ་ལ། རླུང་གིས་འཇིག་ན་བསམ་གཏན་གསུམ་པ་བས། ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་བཞི་པ་ཐོབ་སྟེ་བསམ་གཏན་བཞི་པར་སྐྱེའོ། །གཉིས་པ་འཆགས་པའི་བསྐལ་པ་ནི། དང་པོའི་རླུང་འཇམ་བུ་ལྡང་བ་ནས་བཟུང་ནས་ནི་མནར་མེད་པའི་དམྱལ་བའི་སེམས་ཅན་གཅིག་སྲིད་པའི་བར་དུའོ། །དེ་


DLL1003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དང་པོ་ནམ་མཁའི་སྟོང་པར་ཡོད་པ་ལ། འཇིག་རྟེན་འཆགས་པའི་སྔ་ལྟས་སུ་གྱུར་པའི་རླུང་འཇམ་པོ་ལངས། དེ་ཙམ་གྱིས་སྣོད་ཀྱི་འཇིག་རྟེན་འཆགས་པར་མི་ནུས་པས། ཚངས་རིས་ནས་བཟུང་སྟེ་འཐབ་བྲལ་བའི་བར་རྣམས་འཆགས། དེ་ནས་སྔར་གྱི་རླུང་དེ་ཉིད་ལོ་གྲངས་དུ་མའི་བར་དུ་འཁྲིགས་ནས། འོག་གཞི་རླུང་གི་དཀྱིལ་འཁོར་ནས་སུམ་ཅུ་རྩ་གསུམ་པའི་བར་མས་རིམ་ནས་འཆགས། དེ་དག་ལ་བར་བསྐལ་གཅིག །དེ་ནས་འོད་གསལ་བའི་སེམས་ཅན་ཚེ་དང་བསོད་ནམས་དང་ལས་ཟད་པ་ཞིག །ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེ་སྟེ། ཐ་མར་ཞིག་པ་དེ་དང་པོར་འཆགས་པ་ཆོས་ཉིད་ཡིན་པའི་ཕྱིར། དེ་ནས་འཛམ་བུ་གླིང་པའི་བར་རྣམས་རིམ་གྱིས་འགྲུབ། དེའི་ཚེ་འཛམ་བུ་གླིང་པའི་མི་རྣམས་རྫུས་ཏེ་སྐྱེ་བ་དང་། དགའ་བ་ཟས་སུ་ཟ་བ་དང་། ལུས་ལས་འོད་འབྱུང་བ་དང་། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་དང་། ཚེ་ལོ་དཔག་ཏུ་མེད་པ་ཐུབ་པ་ཡིན་ལ། དེ་ནས་མནར་མེད་དུ་སེམས་ཅན་གཅིག་སྐྱེས་པའི་བར་ལ་བར་བསྐལ་བཅུ་དགུའོ། །དེའི་ཚེ་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་མར་འགྲིབ་པ་དང་། མནར་མེད་དུ་སེམས་ཅན་གཅིག་སྐྱེས་པ་དང་། འཆགས་པའི་མཇུག་རྫོགས་པ་དང་། གནས་པའི་མགོ་རྩོམ་པ་དུས་མཉམ་མོ། །གསུམ་པ་གནས་པའི་བསྐལ་པ་ནི། བར་བསྐལ་ཉི་ཤུའོ། །བར་གྱི་བསྐལ་པ་རེ་རེའི་ཚད་ནི། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་བྲི་བ་ནས། ཚེ་ལོ་བཅུ་པའི་བར་དུ་བར་བསྐལ་གཅིག །དེ་ནས་ཡང་བརྒྱད་ཁྲི་བར་ཡར་སྐྱེ་ཞིང་མར་བཅུ་པར་འབྲི་བའི་བར་གྱི་བསྐལ་པ་


DLL1003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནི་བཅོ་བརྒྱད་དང་། ཡར་སྐྱེ་བ་ནི་བར་གྱི་བསྐལ་པ་གཅིག་ཡིན་ཏེ། ཡར་ཇི་ཙམ་དུ་སྐྱེ་ཞེ་ན། དེ་དག་ཚེ་ནི་བརྒྱད་ཁྲིའི་བར་དུའོ། །འོ་ན། ཐོག་མཐའ་གཉིས་རྐྱང་པ་དང་། བར་པ་རྣམས་ཁུག་པ་ཡིན་པས། ཡུན་རིང་ཐུང་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཐོག་མཐའ་གཉིས་བུལ་བ་དང་། བར་པ་རྣམས་མྱུར་བར་འགྲོ་བའི་ཕྱིར། དེ་ལྟར་ན་འཇིག་རྟེན་འཆགས་པ་འདི་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །འཇིག་རྟེན་འཆགས་པ་དང་ནི་འཇིག་པ་དང་། ཞིག་ནས་འདུག་པ་དག་བར་བསྐལ་ཉི་ཤུ་ཉི་ཤུར་མཉམ་མོ། །བཞི་པ་ནི། །།བར་བསྐལ་བརྒྱད་ཅུ་ལ་བསྐལ་ཆེན་ཞེས་བྱའོ། །གཉིས་པ་ལ། བསྐལ་ཆེན་གྱི་ཞར་བྱུང་། འཇིག་བསྐལ་གྱི་ཞར་བྱུང་ངོ་། །དང་པོ་ལ། སངས་རྒྱས། རང་རྒྱལ། འཁོར་ལོས་སྒྱུར་རྒྱལ་འབྱུང་ཚུལ་ལོ། །དང་པོ་ནི། བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་ལས་སངས་རྒྱས་འབྱུང་བར་བཤད་པའི་བསྐལ་པ་དེ་གང་ཞེ་ན། བསྐལ་ཆེན་དེ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས་སངས་རྒྱས་འབྱུང་ངོ་། །གྲངས་མེད་ནི་གསུམ་དུ་འགལ་ཞེ་ན། སྐྱོན་མེད་དེ། གྲངས་ཀྱིས་བགྲང་མི་ནུས་པས་གྲངས་མེད་དུ་བཤད་པ་མིན་གྱི། གྲངས་ཀྱི་གནས་གཞན་དྲུག་ཅུའི་མཐའི་གྲངས་གཅིག་ལ་གྲངས་མེད་དུ་བརྗོད་པའི་ཕྱིར། བསྐལ་པ་འདི་ལ་བསྐལ་པ་བཟང་པོ་སྒྲོན་མེའི་བསྐལ་པ་ཞེས་ཀྱང་བྱ་སྟེ། དམ་ཆོས་པད་མ་དཀར་པོ་ལས།


DLL1003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འཆགས་པའི་ཆུའི་དཀྱིལ་འཁོར་གྱི་ནང་དུ་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པ་སྟོང་བྱུང་བ་ལ། གནས་གཙང་མའི་ལྷ་རྣམས་ཀྱིས་འདི་ཅི་ཡིན་སྙམ་དུ་བརྟགས་པས། སངས་རྒྱས་སྟོང་འབྱུང་བའི་སྔ་ལྟས་སུ་ཤེས་ནས། ཀྱེ་མ་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བས་ན། བསྐལ་པ་འདི་ནི་བསྐལ་པ་བཟང་པོའོ་ཞེས་བསྒྲགས་པས། བསྐལ་པ་བཟང་པོ་ཞེས་གྲགས་སོ། །དུས་ནམ་གྱི་ཚེ་འབྱུང་ན། ཡར་འཕེལ་གྱི་ཚེ་མི་འབྱུང་སྟེ། དེའི་ཚེ་སེམས་ཅན་རྣམས་འཁོར་བ་ལ་སྐྱོ་ཤས་ཆུང་བའི་ཕྱིར། བརྒྱད་ཁྲི་ནས་མར་འགྲིབ་པའི་མགོ་རྩོམ་པ་ནས། ཚེ་ལོ་བརྒྱ་པའི་བར་ལ་སངས་རྒྱས་དེ་དག་འབྱུང་ལ། དེ་མན་ཆད་དུ་མི་འབྱུང་སྟེ། སྙིགས་མ་ལྔ་ཧ་ཅང་ཡང་བདོ་བ་ཤས་ཆེ་བས། ཆོས་བསྟན་པའི་སྣོད་དུ་མི་རུང་བའི་ཕྱིར། གཉིས་པ་ནི། རང་རྒྱལ་ཡང་མར་འགྲིབ་ཁོ་ན་ལ་འབྱུང་ངམ་ཞེ་ན། རང་སངས་རྒྱས་རྣམས་ཡར་སྐྱེ་མར་འགྲིབ་གཉིས་ཀ་ལ་འབྱུང་སྟེ། གཞན་དོན་གཙོ་བོར་མི་བྱེད་པར་རང་དོན་གཙོ་བོར་བྱེད་པའི་ཕྱིར། འོ་ན་དེ་ཚོགས་ཇི་ཙམ་བསགས་པ་ལས་འབྱུང་ཞེ་ན། བསེ་རུ་ལྟ་བུའི་རང་སངས་རྒྱས་དེ་བསྐལ་པ་ཆེན་པོ་བརྒྱ་ཡི་བར་དུ་ཚོགས་བསགས་པའི་རྒྱུ་ལས་འབྱུང་ངོ་། །གསུམ་པ་ནི། འཁོར་ལོས་སྒྱུར་བ་འཇིག་རྟེན་དུ་འབྱུང་བ་ནི། མི་རྣམས་ཀྱི་ཚེ་ལོ་དཔག་མེད་ནས་སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི་བ་ཡིན་ཏེ། དེ་མན་ཆད་དེའི་ཕུན་སུམ་ཚོགས་པའི་སྣོད་དུ་མི་རུང་བའི་ཕྱིར། ཅིའི་ཕྱིར་འཁོར་ལོས་སྒྱུར་རྒྱལ་


DLL1003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་ཞེ་ན། འཁོར་ལོ་རིན་པོ་ཆེས་གླིང་བཞི་ལ་དབང་སྒྱུར་བས་ན་དེ་སྐད་ཅེས་བྱའོ། །འཁོར་ལོ་ཅན་བཞི་ཡོད་དེ། གསེར་གྱི། དངུལ་གྱི། ཟངས་ཀྱི། ལྕགས་ཀྱི་འཁོར་ལོ་ཅན་བཞི་ཡོད་པའི་ཕྱིར། དེ་དག་གིས་གླིང་དུ་ལ་དབང་བྱེད་ཅེ་ན། དེ་དག་གིས་གླིང་གཅིག་དང་གཉིས་དང་གསུམ་དང་བཞི་ལ་མས་རིམ་བཞིན་དབང་བྱེད་དེ། ལྕགས་ཀྱི་འཁོར་ལོ་ཅན་གྱིས་གླིང་གཅིག་ལ་དབང་བྱེད་པ་སོགས་ཡིན་ནོ། །འཁོར་ལོས་སྒྱུར་རྒྱལ་གཉིས་ལྷན་ཅིག་ཏུ་འབྱུང་བ་མ་ཡིན་ཏེ། འགྲན་ཟླ་མེད་པའི་ལས་བསགས་པའི་ཕྱིར། དཔེར་ན། སངས་རྒྱས་བཞིན་ནོ། །འོ་ན། འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་གཉིས་ལྷན་ཅིག་མི་འབྱུང་ངམ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་གཉིས་ལྷན་ཅིག་མི་འབྱུང་ཞེ་ན། བྱེ་བྲག་སྨྲ་བ་ན་རེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་གཉིས་ཅིག་ཅར་དུ་མི་འབྱུང་སྟེ། སངས་རྒྱས་ཀྱིས་གདུལ་བར་འོས་པའི་སེམས་ཅན་ཡིན་ན། སངས་རྒྱས་གཅིག་གིས་ཀྱང་འདུལ་བར་ནུས་པའི་ཕྱིར། དེ་ལྟ་མིན་ན་སངས་རྒྱས་ནུས་མཐུ་ཐོགས་བཅས་སུ་འགྱུར་རོ་ཞེས་ཟེར། ཕལ་ཆེན་སྡེ་པ་ན་རེ། འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་དུ་མ་ཅིག་ཅར་མི་འབྱུང་བ་ཡིན་གྱི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མ་ཡིན་ཏེ། དང་པོར་སེམས་བསྐྱེད་པ་དང་། བར་དུ་ལམ་ལ་སློབ་པ་མྱུར་བུལ་མཉམ་པ་དུ་མ་ཡོད་པའི་ཕྱིར་ཞེས་ཟེར། སློབ་དཔོན་འཕགས་པ་ན་རེ། འཇིག་རྟེན་གྱི་ཁམས་གཅིག་ཏུ་རྒྱུད་


DLL1003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པའི་སངས་རྒྱས་དུ་མ་མི་འབྱུང་གི །རྒྱུད་གཅིག་པའི་སངས་རྒྱས་དུ་མ་མི་འབྱུང་བ་མ་ཡིན་ཏེ། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་རྒྱུད་གཅིག་པའི་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་འབྱུང་བའི་ཕྱིར་ཞེས་གསུང་། འཁོར་ལོ་ཅན་གྱིས་ས་ལས་རྒྱལ་བར་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། གསེར་གྱི་འཁོར་ལོ་ཅན་གྱིས་ཕས་བསུ་བ་ཙམ་གྱིས་རྒྱལ་བ་དང་། དངུལ་གྱི་འཁོར་ལོ་ཅན་ནི། དེ་ཙམ་གྱིས་རྒྱལ་བ་མིན་པར་རང་འགྲོ་བ་ཙམ་གྱིས་རྒྱལ་བ་དང་། ཟངས་ཀྱི་འཁོར་ལོ་ཅན་ནི། དེ་ཙམ་གྱིས་རྒྱལ་བ་མིན་པར་གཡུལ་བཤམས་པ་ཙམ་གྱིས་རྒྱལ་བ་དང་། ལྕགས་ཀྱི་འཁོར་ལོ་ཅན་ནི། དེ་ཙམ་གྱིས་རྒྱལ་བ་མིན་པར་མཚོན་ཆའི་ཆར་དྲག་ཏུ་དབབ་པར་བརྩམས་པ་ཙམ་གྱིས་རྒྱལ་བར་བྱེད་དོ། །འོ་ན། འཁོར་ལོས་སྒྱུར་རྒྱལ་ལ་སྲོག་གཅོད་པ་ཁ་ན་མ་ཐོ་བས་རེག་པའི་ཉེས་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། སུའི་སྲོག་ལ་ཡང་གནོད་པ་མེད་པའི་ཕྱིར། གཞན་ཡང་འཁོར་ལོས་སྒྱུར་རྒྱལ་དེ་ལུས་ལ་མཚན་བཟང་པོ་སོ་གཉིས་ཀྱིས་བརྒྱན་པ་ཡིན་ནོ། །འོ་ན། སངས་རྒྱས་དང་ཁྱད་མེད་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཐུབ་པའི་མཚན་ནི་ཡུལ་ན་གནས་པ་དང་གསལ་ལ་རྫོགས་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །འོ་ན་དང་པོ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་བཅས་པ་ཡིན་ནམ། ཕྱིས་བྱུང་བ་ཡིན་ཞེ་ན། སྔར་བྱུང་བའི་སེམས་ཅན་བསྐལ་པ་དང་པོའི་མི་རྣམས་ནི། གཟུགས་ཅན་གྱི་ལྷ་བཞིན་དུ་


DLL1003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྫུས་ཏེ་སྐྱེ་བ་དང་། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་དང་། ལུས་ལས་འོད་འབྱུང་བ་ཡིན་ལ། དེའི་ཚེ་སའི་བཅུད་ཁ་དོག་མར་གསར་པ་ལྟ་བུ། རོ་སྦྲང་རྩི་མ་བསྐོལ་བ་ལྟ་བུ་བྱུང་། །དེ་ནས་རོ་ལ་སྲེད་པ་ཞིག་གིས་སོར་མོའི་རྩེ་མོས་བླངས་ཏེ་ལྕ་ཐོག་ཏུ་མྱངས། དེ་བཞིན་དུ་གཞན་རྣམས་ཀྱིས་ཀྱང་མྱངས་པས། རིམ་གྱིས་རོ་ལ་ཆགས་པར་གྱུར་པས་ལུས་ལ་མཁྲང་བ་དང་ལྕི་བ་ཞུགས་ཏེ། ལུས་ཀྱི་འོད་ནུབ་སྟེ་མྱ་ངན་བྱེད་པའི་ཚེ། ཆོས་ཉིད་ཀྱིས་ཉི་མ་ཤར་བ་ལ་འཇིག་རྟེན་དུ་ལྷའི་འོད་ཤར་བྱུང་བ་འདི་རེ་ཞེས་ཉིན་མོའི་ཐ་སྙད་བྱུང་། ཉི་མ་ནུབ་པའི་ཚེ་ལྷའི་འོད་དམར་པོར་གྱུར་པ་འདི་རེ་ཞེས་མཚན་མོའི་ཐ་སྙད་བྱུང་། དེ་ནས་ཟླ་བ་ཤར་བ་ལ་མུན་པ་བཀྲ་བར་བྱེད་པ་འདི་རེ་ཞེས་ཟླ་བའི་ཐ་སྙད་བྱུང་ངོ་། །སའི་བཅུད་ཉུང་བ་དང་མང་དུ་ཟོས་པ་ལས་ཁ་དོག་བཟང་ངན་དུ་གྱུར་ཏེ། ཕན་ཚུན་བརྙས་པས་སའི་བཅུད་མེད་པར་གྱུར། དེ་ནས་སའི་ཞག་ཁ་དོག་དོང་ཀའི་མེ་ཏོག་ལྟ་བུ། རོ་སྦྲང་རྩི་མ་བསྐོལ་བ་ལྟ་བུ་བྱུང་། དེ་ཉུང་མང་དུ་ཟོས་པས། ཁ་དོག་བཟང་ངན་དུ་གྱུར་ཏེ་བརྙས་པས་དེ་ཡང་ནུབ་པར་གྱུར། དེའི་རྫེས་སུ་མྱུ་གུའི་ཚལ་ནང་བརྔས་པ་ནུབ་མི་མངོན། ནུབ་བརྔས་པ་ནང་མི་མངོན་པ་ཁ་དོག་ཀ་དམ་ཡུ་གའི་མེ་ཏོག་ལྟ་བུ། རོ་སྦྲང་རྩི་མ་བསྐོལ་བ་ལྟ་བུ་བྱུང་སྟེ། དེ་ཡང་ཉུང་མང་དུ་ཟོས་པས་ཁ་དོག་བཟང་ངན་དུ་གྱུར་ཏེ་བརྙས་པ་བྱས་པས་དེ་ཡང་ནུབ་པར་གྱུར། དེ་ནས་མ་རྨོས་མ་བཏབ་པའི་ལོ་ཏོག་ཤུན་པ་དང་སྦུན་པ་མེད་པའི་འབྲས་ས་ལུ་ཁ་དོག་དང་རོ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་བྱུང་། དེ་ཟོས་པས་ཕོ་མོའི་དབང་པོ་དོད་པར་གྱུར། དེ་ལ་ཕན་


DLL1003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་མིག་ཚུགས་སུ་བལྟས་པས་ཆགས་པ་སྐྱེས་ཏེ། ཕྱིན་ཅི་ལོག་ལ་ཞུགས་པར་གྱུར། དེ་གཞན་གྱིས་མཐོང་ནས་སེམས་ཅན་གྱིས་སེམས་ཅན་སུན་འབྱིན་པ། བྱ་བ་མ་ཡིན་པ་མི་རིགས་སོ་ཞེས་ཟེར་ཞིང་བོང་བ་ལ་སོགས་པས་ཐོར་བར་གྱུར། དེ་ནས་ཁྱིམ་བརྩིགས་ཏེ་དེར་བྱ་བ་མ་ཡིན་པ་བྱའོ་ཞེས་ཁྱིམ་གྱི་ཐ་སྙད་བྱུང་ལ། ཁྱིམ་ན་གནས་ཏེ་འབྲས་ནང་དགོས་པ་ནང་ལེན། ནུབ་ཟ་བ་ནུབ་ལེན་གྱི་ཡོད་པ་ལ། མི་ལེ་ལོ་ཅན་ཞིག་གིས་སང་ཟ་རྒྱུ་ཕྱི་མ་རེད་བླངས། དེ་ལ་གཞན་ཞིག་གིས་ཀྱེ་སེམས་ཅན་འབྲས་ལེན་དུ་འདོང་ཞེས་སྦྲན་པས། ཁོ་བོས་བླངས་ཚར་གྱིས་ཁྱོད་རང་སོང་ཤིག་ཅེས་སྨྲས་པས། དེའི་བསམ་པ་ལ་དེ་ནི་ཐབས་ཟབ་སྙམ་ནས། ཞག་བདུན་གྱི་འབྲས་བླངས་ཏེ་གསོག་འཇོག་བྱས་པས། ནང་བརྔས་པ་ནུབ་མངོན། ནུབ་བརྔས་པ་ནང་མངོན་ཞིང་། ཤུན་པ་དང་སྦུན་པ་དང་བཅས་པར་གྱུར་པ་ལ་འབྲས་རྣམས་ཕན་ཚུན་དུ་བགོས་ཏེ། རང་རང་གི་ཕུང་པོ་སྤུངས་པ་ལས། ཁ་ཅིག་གིས་མ་བྱིན་པར་བླངས་པར་གྱུར། དེ་ནས་ཞིང་བདག་ཏུ་འཛིན་པ་དང་བཅས་པ་རྣམས་ཀྱིས། མི་རང་བཞིན་གྱིས་གཟུགས་བཟང་བ་ཞིག་ལ་ཞིང་དཔོན་བསྐོས་ཏེ། སྟོན་ཐོག་གི་དྲུག་ཤས་བསྟབས་པས་སྐྱེ་བོ་མང་པོས་བཀུར་བས་ན། མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱ་བ་བྱུང་ངོ་། །མང་པོས་བཀུར་བའི་རྒྱལ་པོའི་བུ་འོད་མཛེས། དེའི་བུ་དགེ་བ། དེའི་བུ་དགེ་མཆོག །དེའི་བུ་གསོ་སྦྱོང་འཕགས། དེའི་སྤྱི་བོར་ཤ་འབུར་གནོད་པ་མེད་པ་ཞིག་བྱུང་བ་


DLL1003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བརྟོལ་བས་རྒྱལ་པོ་སྤྱི་བོ་སྐྱེས་བྱུང་། དེ་དག་ནི་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ཞིང་། སྔོན་གྱི་རྒྱལ་པོ་ལྔ་ཞེས་བྱའོ། །དེ་ནས་མི་དགེ་བའི་ལས་ཀྱི་ལམ་ལྷག་པར་སྤྱོད་པས་ཚེ་ཐུང་བར་འགྱུར་ཞིང་མཐར་ཚེ་རིང་བ་ཡང་ལོ་ནི་བཅུ་པ། ཡིན་ནོ། །བར་བསྐལ་དེ་དག་གང་གིས་ཚར་ཕྱིན་པར་འགྱུར་ཞེ་ན། བར་གྱི་བསྐལ་པ་ནི་མཚོན་དང་ནད་དང་ནི་མུ་གེ་དག་གིས་ཚར་ཕྱིན་ཏོ། །དེ་དག་ཡུན་རིང་ཇི་ཙམ་རེ་འབྱུང་ཞེ་ན། མཚོན་གྱི་བསྐལ་པ་ཞག་བདུན་རྣམས་དང་། ནད་ཀྱི་བསྐལ་པ་ཞག་བདུན་ཟླ་བ་བདུན་དང་། མུ་གེའི་བསྐལ་པ་ཞག་བདུན་ཟླ་བ་བདུན་ལོ་བདུན་དུ་འབྱུང་བ་གོ་རིམ་བཞིན་ནོ། །འབྱུང་བའི་ཚུལ་ནི་ཚེ་ལོ་བཅུ་པ་དེའི་ཚེ་གནོད་སེམས་ལྷག་པར་འཕེལ་བས། རྔོན་པས་རི་དྭགས་མཐོང་བ་ལྟར་ལག་ཏུ་ཤིང་དང་པོང་བ་སོགས་ཐོགས་པ་རྣམས་མཚོན་ཆར་གྱུར་ནས་ཕན་ཚུན་གསོད་པར་བྱེད། དེའི་ཚེ་ཤི་བ་རྣམས་དམྱལ་བར་སྐྱེའོ། །ཞག་བདུན་པོ་དེའི་བར་ལ་རི་དང་ནགས་ཚལ་དུ་གནས་པ་རྣམས་གྲོང་དུ་ཕྱིན་པ་དང་། ཕན་ཚུན་མཐོང་ནས་སེམས་ཅན་གསོན་པོ་མཐོང་ངོ་ཞེས་དགའ་ཞིང་། ཕན་ཚུན་བྱམས་པར་གྱུར་ཏེ་ལྷན་ཅིག་ཏུ་འདུས་ནས། སྲོག་གཅོད་པ་འདིས་བདག་ཅག་གཉེན་རྩ་ལག་དང་བཅས་པ་བཅོམ་པས། ཕྱིན་ཆད་སྲོག་གཅོད་པ་སྤང་ཞེས་སྨྲས་ནས་སྲོག་གཅོད་པ་སྤངས་ཏེ། དགེ་བ་བཅུ་ལྷག་པར་སྤྱད་ནས་དེའི་བུ་དང་བུ་མོ་སོགས་ཚེ་ལོ་ཉི་ཤུ་པར་ཡར་འཕེལ། དེ་ནས་རིམ་གྱིས་ཚེ་ལོ་བརྒྱད་ཁྲི་པའི་བར་དུ་འཕེལ། དེའི་ཚེ་གྲོང་འདི་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ། གྲོང་རྣམས་ཀྱང་བྱ་གག་


DLL1003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འཕུར་བས་སླེབ་བ་ཙམ་གྱི་བར་ཁྱབ་པ། འབྲུ་བཟང་བ་སྙེ་མ་ཆེ་བ་བྲེ་མོ་ཆེ་བཞི་ལ་སོགས་པ་འབྱུང་བ། བུ་མོ་རྣམས་ཀྱང་ལོ་ལྔ་བརྒྱ་ནས་བག་མར་འགྲོའོ། །དེ་ནས་ཡང་མར་འགྲིབ་ནས་ཚེ་ལོ་བཅུ་པའི་བར་དུ་མི་དགེ་བ་ལྷག་པར་སྤྱོད་པས། མི་མ་ཡིན་རྣམས་འཁྲུགས་ཏེ་ནད་ཡམས་བཏང་ནས། ཕལ་ཆེ་བ་ཤི་སྟེ་དམྱལ་བར་སྐྱེ། ལྷག་མ་རྣམས་འདུས་ནས་སྲོག་གཅོད་པ་སྤངས་པས་དེའི་བུ་སོགས་ཀྱི་ཚེ་ཡར་འཕེལ། དེ་ནས་ཡང་མར་འབྲི་བ་ནས་ཚེ་ལོ་བཅུ་པའི་ཚེ་མི་དགེ་བ་ལྷག་པར་སྤྱད་པས། ལྷས་དུས་སུ་ཆར་འབེབས་པ་མེད་པས། མུ་གེ་ཉམ་ང་བ་ཆེན་པོ་གབ་ཚེ་པ་དང་། ཐུར་མ་པ་དང་། རུས་གོང་དཀར་པོ་པ་ཞེས་བྱ་བ་འབྱུང་ལ། གབ་ཚེ་པ་ནི། འབྲུ་ཅུང་ཟད་རྙེད་པ་གབ་ཚེར་བཅུག་ནས། ཕྱི་རབས་ཀྱི་ས་བོན་གྱི་དོན་དུ་བཞག་ནས་རང་ཉིད་ཚེའི་དུས་བྱེད་པས་ན་དེ་སྐད་ཅེས་བྱའོ། །ཐུར་མ་པ་ནི། ཟས་ཅུང་ཟད་རྙེད་པ་མ་བུ་རྣམས་ཐུར་མས་ཟ་བས་ན་ཐུར་མ་པ་ཞེས་བྱ། ཡང་ན་སྔོན་གྱི་འབྲུ་བླུག་པའི་བང་བ་ཐུར་མས་བྲུས་ནས་འབྲུ་རེ་རེ་ཙམ་རྙེད་པ་སྣོད་ཀྱི་ནང་དུ་བཅུག་ནས་ཆུ་མང་པོ་བླུག་སྟེ་བསྐོལ་ནས་འཐུང་པས་དེ་སྐད་ཅེས་བྱའོ། །རུས་གོང་དཀར་པོ་བ་ནི། བཀྲེས་པས་ཉེན་ནས་ཤི་བའི་རུས་པ་རྩུབ་ཅིང་། སྣུམ་མདོག་མེད་པར་གྱུར་ནས་ཚེའི་དུས་བྱེད་པའོ། །ཡང་ན་སྔོན་ཕ་མེས་ཀྱི་རུས་པ་རྙིང་པ་རྙེད་པ་ཆུ་ལ་བསྐོལ་ནས། དཀར་པོར་གྱུར་གྱི་བར་དུ་འཐུང་བས་ན་རུས་གོང་དཀར་པོ་པ་ཞེས་བྱའོ། །དེ་ཞག་བདུན་ཟླ་བ་བདུན་ལོ་བདུན་འབྱུང་ལ། དེའི་ཚེ་ཤི་བ་རྣམས་ཡི་དྭགས་སུ་


DLL1003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ། ལྷག་མ་རྣམས་འདུས་ནས་དགེ་བ་བཅུ་ལྷག་པར་སྤྱད་པས། དེའི་བུ་སོགས་ཚེ་ལོ་ཉི་ཤུ་བར་ཡར་འཕེལ། དེ་ནས་རིམ་པ་བཞིན་ཡར་བརྒྱད་ཁྲི་པའི་བར་དུ་འཕེལ་ནས་སྔར་ལྟར་རོ། །གཉིས་པ་ལ། འཇིག་པའི་དབྱེ་བ། ལུས་པའི་རྩེ་མོ། འཇིག་པའི་གོ་རིམ་མོ། །དང་པོ་ནི། འཇིག་བསྐལ་ལ་དབྱེ་ན་དུ་ཡོད་ཅེ་ན། གསུམ་ཡོད་དེ། མེས་འཇིག་པ་དང་། ཆུས་འཇིག་པ་དང་། རླུང་གིས་འཇིག་པ་དག་ནི་ཡང་གསུམ་ཡོད་པའི་ཕྱིར། གཉིས་པ་ནི། མེ་སོགས་ཀྱིས་འཇིག་པ་ན་ལུས་པའི་རྩེ་མོ་གང་ཞེ་ན། བསམ་གཏན་གཉིས་པ་དང་སོགས་པ་གསུམ་པ་དང་བཞི་པ་གསུམ་པ་ནི་མེ་དང་ཆུ་དང་རླུང་དག་གིས་འཇིག་པ་དེ་དག་གི་ཚེ་གོ་རིམ་བཞིན་དུ་ལུས་པའི་རྩེ་མོ་ཡིན་ནོ། །བསམ་གཏན་འོག་མ་གསུམ་མེ་སོགས་ཀྱིས་འཇིག་སྟེ། དེ་དག་ན་སེམས་ཅན་དེའི་སྐྱོན་མེ་སོགས་དང་ཆོས་མཐུན་པ་ཡོད་པའི་ཕྱིར་ཏེ། དང་པོ་ན་རྟོག་དཔྱོད་མེ་ལྟ་བུ། གཉིས་པ་ན་དགའ་བ་དེ་ཆུ་ལྟ་བུ། གསུམ་པ་ན་དབུགས་འབྱུང་རྔུབ་རླུང་ལྟ་བུ་ཡོད་པའི་ཕྱིར། བསམ་གཏན་བཞི་པ་མེ་སོགས་ཀྱི་མི་འཇིག་སྟེ། མེ་སོགས་དང་ཆོས་མཐུན་པའི་སྐྱོན་གྱིས་མི་གཡོ་བའི་ཕྱིར་ཏེ། བཞི་པ་ན་སྐྱོན་དེ་དག་མེད་པའི་ཕྱིར། འོ་ན། བསམ་གཏན་བཞི་པའི་གཞལ་མེད་ཁང་དེ་རྟག་པར་འགྱུར་རོ་ཞེ་ན། དེ་མི་རྟག་སྟེ། བསམ་གཏན་བཞི་པ་དེའི་གཞལ་མེད་ཁང་སེམས་ཅན་དང་བཅས་ཏེ་ལྷན་ཅིག་འབྱུང་ཞིང་འཇིག་པའི་ཕྱིར། གསུམ་པ་ནི། འཇིག་པ་དག་ནི་ཡང་གསུམ་ཡིན། ཞེས་བཤད་ན། འཇིག་པའི་གོ་རིམ་ཇི་ལྟ་བུ་ཞེ་ན། མེ་ཡིས་བདུན་ནོ་ཆུ་ཡིས་ལན་གཅིག་འཇིག །དེ་ལྟར་མེ་ཡིས་བདུན་བདུན་གྱི་


DLL1003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཆུ་ཡིས་རེ་རེ་སྟེ་ཆུས་བདུན་ཐལ་ནས་ཀྱང་། མེ་ཡིས་ལན་བདུན། དེ་ནས་ནི་མཇུག་ཏུ་རླུང་གིས་འཇིག་པ་ཡིན་ནོ། །དེ་ལྟར་ན་གདགས་པ་ལས། ཚངས་ཆེན་གྱིས་བསྐལ་པ་ཕྱེད་དང་གཉིས་དང་། འོད་གསལ་བས་བསྐལ་ཆེན་བརྒྱད་དང་། དགེ་རྒྱས་པས་བསྐལ་ཆེན་དྲུག་ཅུ་རྩ་བཞི་ཐུབ་པར་བཤད་པ་ཡང་ལེགས་པར་དྲངས་པར་འགྱུར་རོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་འཇིག་རྟེན་བསྟན་པ་ཞེས་བྱ་བ་སྟེ་གནས་གསུམ་པའི་རྣམ་པར་བཤད་པའོ།། །།བཞི་པ་ལས་བསྟན་པའི་གནས་འཆད་པ་ལ་གཉིས། མཚམས་སྦྱར་བ། ལས་དངོས་བཤད་པའོ། །དང་པོ་ནི། གང་དུ་བཤད་པའི་སྣོད་བཅུད་ཀྱི་འཇིག་རྟེན་སྣ་ཚོགས་པ་འདི་གང་ལས་བྱུང་ཞེ་ན། རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་ཏེ། རེས་འགའ་སྐྱེ་བ་དང་། དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་བཤད་པའི་ཕྱིར། འོ་ན་གང་ལས་སྐྱེས་ཤེ་ན། །ལས་ལས་སྣོད་བཅུད་ཀྱི་འཇིག་རྟེན་སྣ་ཚོགས་པ་སྐྱེས་སོ། །གཉིས་པ་ལ། ལས་ཀྱི་ངོ་བོ། མདོ་ལས་འབྱུང་བའི་མིང་གི་རྣམ་གྲངས་སོ། །དང་པོ་ལ། བསྟན། བཤད་དོ། །དང་པོ་ནི། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ཞེས་བཤད་ན། ལས་དེ་ལ་དབྱེ་ན་དུ་ཞེ་ན། །དེ་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །དེ་དག་རྣམ་རིག་རྣམ་རིག་མིན། །ལས་དེ་ནི་གཉིས་སུ་ཡོད་དེ། སེམས་པའི་ལས་དང་། སེམས་པ་དེས་བྱས་པའི་བསམ་པའི་ལས་གཉིས་སུ་ཡོད་པའི་ཕྱིར། དེ་དག་གི་ངོ་བོ་གང་ཞེ་ན། སེམས་པ་ནི་ཡིད་ཀྱི་ལས་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་


DLL1003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚུངས་ལྡན་གྱི་ལས་ཡིན་པའི་ཕྱིར། སེམས་པ་དེས་བསྐྱེད་པའི་བསམ་པའི་ལས་ལ་ལུས་ཀྱི་ལས་དང་། ངག་གི་ལས་གཉིས། དེ་དག་ལའང་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་གཉིས་གཉིས་ཡོད་དོ། །གཉིས་པ་ལ། ལས་ཀྱི་རང་བཞིན། ལས་གསུམ་སྤྱིའི་ཆོས་ཀྱི་ཁྱད་པར། རྣམ་པར་རིག་བྱེད་མ་ཡིན་པའི་དབྱེ་བའོ། །དང་པོ་ལ། རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའོ། །དང་པོ་ལ། ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་དོ། །དང་པོ་ནི། དེ་དག་རྣམ་རིག་རྣམ་རིག་མིན། ཞེས་བཤད་ན། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ལས་དེ་གང་ཞེ་ན། །བྱེ་བྲག་སྨྲ་བ་ན་རེ། ལུས་ཀྱི་རྣམ་པར་རིག་བྱེད་ནི། ཕྱག་འཚལ་བ་དང་སྲོག་གཅོད་པ་ལ་སོགས་པའི་གནས་སྐབས་ཀྱི་བྱ་བ་ལ་གནས་པའི་སེམས་པས་ཀུན་ནས་བསླངས་པའི་ལུས་ཀྱི་དབྱིབས་སུ་འདོད་དོ། །དེ་ལ་གནས་མ་བུ་པའི་སྡེ་བ་ན་རེ། ལུས་སྐད་ཅིག་མ་མ་འགགས་པར་ཡུལ་གཞན་དུ་འགྲོ་བ་དེ་ཡིན་ནོ་ཞེས་ཟེར། དེ་ལ་མདོ་སྡེ་པ་ན་རེ། ལུས་སྐད་ཅིག་མ་མ་འགགས་པར་ཡུལ་གཞན་དུ་འགྲོ་བ་མ་ཡིན་པར་ཐལ། གང་གི་ཕྱིར་ན་འདུས་བྱས་རྣམས་ནི་སྐད་ཅིག་མ་ཡིན་པའི་ཕྱིར་ཏེ། རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པའི་ཕྱིར་ཞེ་ན། །འཇིག་རྒྱུ་མེད་པ་ལས་དངོས་པོ་འགའ་ཡང་འཇིག་པ་མི་འབྱུང་བར་ཐལ། དངོས་པོ་འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་བཅས་ཡིན་པའི་ཕྱིར། གཞན་ཡང་རྫ་བུམ་གྱི་ཚོས་པ་དམར་པོར་སྐྱེད་བྱེད་ཀྱི་རྒྱུ་མེ་ལྕེ་དེ་ཡང་རྫ་


DLL1003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་གྱི་འཇིག་པ་པོར་འགྱུར་བར་ཐལ། དེས་དམར་པོ་བཤིག་ནས་མེད་པར་བྱས་ཏེ་དེ་བས་ཀྱང་ཆེས་དམར་པོ་བསྐྱེད་པའི་ཕྱིར། །གཉིས་པཟུང་འགྱུར་ཏེ་རྡུལ་ལ་མེད། །བྱེ་བྲག་སྨྲ་བའི་ལུགས་དེ་ལ་མདོ་སྡེ་པ་ན་རེ། ལུས་ཀྱི་དབྱིབས་རིང་པོ་ཆོས་ཅན། དབང་པོ་མི་འདྲ་བ་གཉིས་ཀྱི་གཟུང་དོན་དུ་འགྱུར་བར་ཐལ། མིག་ལ་བརྟེན་ནས་ཀྱང་ཤེས། ལུས་ལ་བརྟེན་ནས་ཀྱང་ཤེས་པའི་ཕྱིར། ཡང་དེ་རྫས་ཡོད་མ་ཡིན་པར་ཐལ། ཡིན་ན་བསགས་པའི་རྡུལ་ཕྲ་རབ་ལ་ཡོད་དགོས་པ་གང་ཞིག །མེད་པའི་ཕྱིར། གཉིས་པ་ནི། །ངག་རྣམ་རིག་བྱེད་ནི་ངག་སྒྲ། །ངག་གི་རྣམ་པར་རིག་བྱེད་དེ་ནི་ངག་གི་སྒྲའོ། །ཅིའི་ཕྱིར་རྣམ་པར་རིག་བྱེད་ཅེས་བྱ་ཞེ་ན། རང་ཀུན་ནས་སློང་བ་གཞན་གྱིས་རྣམ་པར་རིག་པར་བྱེད་པས་ན། རྣམ་པར་རིག་བྱེད་ཅེས་བྱའོ། །གཉིས་པ་ལ། ལུང་གི་སྒྲུབ་བྱེད། རྒྱུ་འབྱུང་བའི་ཁྱད་པར། ཆོས་ཀྱི་ཁྱད་པར་རོ། །དང་པོ་ནི། རྣམ་རིག་བྱེད་མིན། ཞེས་བཤད་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པའི་སྒྲུབ་བྱེད་ཅི་ཞེ་ན། །རྣམ་གསུམ་དྲི་མེད་གཟུགས་གསུངས་དང་། །དེའི་སྒྲུབ་བྱེད་ཡོད་དེ། མདོ་ལས། གནས་གསུམ་གྱི་གཟུགས་ཀྱིས་གཟུགས་ཐམས་ཅད་བསྡུས་ཏེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས། བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་སོ་ཞེས་རྣམ་པ་གསུམ་གསུངས་པ་གང་ཞིག །བསྟན་མེད་ཐོགས་མེད་ཀྱི་གཟུགས་དེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལས་མ་འདས་པའི་ཕྱིར་དང་། མདོ་ལས། ཟག་པ་མེད་


DLL1003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་རྣམས་གང་ཞེ་ན། གཟུགས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་གང་དང་། རྣམ་པར་ཤེས་པའི་བར་གང་དུ་རྗེས་སུ་ཆགས་པའམ། ཁོང་ཁྲོ་བར་མི་འགྱུར་བ་གང་ཡིན་པ་དེ་ནི་ཟག་པ་མེད་པའི་ཆོས་རྣམས་སོ། །ཞེས་དྲི་མ་མེད་པའི་གཟུགས་གསུངས་པ་གང་ཞིག །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མེད་ན། དྲི་མེད་ཀྱི་གཟུགས་མི་རུང་བའི་ཕྱིར་དང་། །མདོ་ལས། རྫས་ལས་བྱུང་བའི་བསོད་ནམས་བདུན་དང་། རྫས་ལས་མ་བྱུང་བའི་བསོད་ནམས་བདུན་དང་ལྡན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདུག་ཀྱང་རུང་རྒྱུ་ཡང་གཉིད་ལོག་ཀྱང་རུང་གཉིད་མ་ལོག་ཀྱང་རུང་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་རྣམ་པར་འཕེལ་བར་འགྱུར་རོ་ཞེས་གསུངས་པ་གང་ཞིག །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མེད་ན་དེ་མི་རུང་པའི་ཕྱིར་དང་། རང་གིས་མ་བྱས་པར་གཞན་ལ་བཅོལ་བས་ཀྱང་ལས་ལམ་རྫོགས་པར་གསུངས་པ་གང་ཞིག །དེ་མེད་ན་དེ་ཡང་མི་རུང་བའི་ཕྱིར་དང་། སོགས་པ་མཐོང་ལམ་ལ་མཉམ་པར་བཞག་པའི་གནས་སྐབས་ན་ཡང་འཕགས་ལམ་ཡན་ལག་བརྒྱད་ཡོད་པར་གསུངས་ལ། དེ་མེད་ན་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དེ་མི་རུང་བའི་ཕྱིར་དང་། དགེ་སློང་ཡིད་གཞན་དུ་རྣམ་པར་གཡེངས་པའི་ཚེ་ན་ཡང་སྡོམ་པ་ཡོད་པར་གསུངས་ཤིང་། དེ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མེད་ན་མི་རུང་བའི་ཕྱིར་དང་། སྡོམ་པ་དེ་ཆུ་ཐོན་པའི་ཆུ་ལོན་གྱི་ཟམ་པ་ལྟ་བུར་གསུངས་ཤིང་། དེ་མེད་ན་དེ་ཡང་མི་རུང་བའི་ཕྱིར་དང་། ཆོས་ཀྱི་སྐྱེ་མཆེད་པའི་


DLL1003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་གསུངས་ལ། དེ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མེད་ན་མི་རུང་བའི་ཕྱིར། འོ་ན་རྫས་ལས་བྱུང་བའི་བསོད་ནམས་བདུན་དང་། རྫས་ལས་མ་བྱུང་བའི་བསོད་ནམས་བདུན་པོ་དེ་གང་ཞེ་ན། དང་པོ་ནི། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །བློ་བུར་ནད་པ་ནད་གཡོག་དང་། །ཡུལ་ངན་དུས་སུ་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་སོ། །གཉིས་པ་ནི། བཞུགས་དང་གཤེགས་རྩོམ་ལམ་ཞུགས་དང་། །ཕྱིན་པ་ཐོབ་དང་མཐོང་བ་དང་། །ཆོས་ཐོས་བསླབ་པའི་གཞི་འཛིན་ལ། །དགའ་དང་དད་པ་སྐྱེས་པ་ནི། །རྫས་ལ་མ་ལྟོས་བསོད་ནམས་བདུན། །ཞེས་འབྱུང་ངོ་། །སློབ་དཔོན་ན་རེ། །དེ་དག་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པའི་ཤེས་བྱེད་དུ་མི་རུང་སྟེ། བསྟན་མེད་ཐོགས་མེད་ཀྱི་གཟུགས་གསུངས་པ་ནི། ཏིང་ངེ་འཛིན་ཀྱི་མཐུས་གཟུགས་སུ་སྣང་བ་སྐྱེ་བ་ལ་དགོངས་པའི་ཕྱིར་དང་། དྲི་མེད་ཀྱི་གཟུགས་གསུངས་པ་ནི་ཟག་མེད་ཀྱི་ཏིང་ངེ་འཛིན་གྱི་མཐུས་གཟུགས་སུ་སྣང་བ་སྐྱེ་བ་ཙམ་ལ་དགོངས་པའི་ཕྱིར་དང་། རྫས་ལས་བྱུང་བའི་བསོད་ནམས་བདུན་དང་། དེ་ལས་མ་བྱུང་བའི་བསོད་ནམས་བདུན་འཕེལ་བ་ཡང་། ཡུལ་ཁྱད་པར་ཅན་ལ་དམིགས་པའི་སེམས་པས། ཕྱི་མ་ལ་རྣམ་སྨིན་འབྱིན་ངེས་ཀྱི་བག་ཆགས་སེམས་རྒྱུད་ལ་བཞག་པའི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལ་དགོངས་པའི་ཕྱིར་དང་། རང་གིས་མ་བྱས་པར་ལས་ལམ་རྫོགས་པ་ཡོད་པ་ཡང་། སྔར་རང་གིས་གཞན་ལ་བསྐོས་ནས་ཕ་རོལ་པོས་སྦྱོར་


DLL1003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱས་པས་རྣམ་སྨིན་འབྱིན་ངེས་ཀྱི་བག་ཆགས་བསོགས་པ་སོགས་ལ་དགོངས་པ་ཡིན་པའི་ཕྱིར་དང་། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ནི་ཏིང་ངེ་འཛིན་གྱི་མཐུས་གཟུགས་སུ་སྣང་བ་སྐྱེ་བ་ལ་དགོངས་པའི་ཕྱིར་དང་། འཕགས་ལམ་ཡན་ལག་བརྒྱད་གསུངས་པ་ནི། རྗེས་ཐོབ་ཏུ་ལོག་པའི་ངག་ལ་མི་འཇུག་པར་ཡང་དག་པའི་ངག་ལ་འཇུག་པའི་རྒྱུ་མཚན་ཟག་མེད་ཐོབ་པ་ལ་དགོངས་པའི་ཕྱིར་དང་། སེམས་གཞན་དུ་གཡེངས་པའི་ཚེ་སྡོམ་པ་གསུངས་པ་ནི། ཆོ་ག་སྔོན་བཏང་གི་སྡོམ་པ་ཁས་བླངས་པའི་སེམས་པས་སྤང་བྱ་སྡོམ་ཞིང་། ཡིད་གཞན་དུ་གཡེངས་པའི་ཚེ་ཡང་དེའི་གཉེན་པོ་དྲན་པ་དེ་ཉིད་ལ་ཉེ་བར་གནས་པའི་དབང་དུ་བྱས་པའི་ཕྱིར་དང་། སྡོམ་པ་ཆུ་ཐོན་པའི་ཆུ་ལོན་ལྟ་བུར་གསུངས་པ་ཡང་ངོ་ཚ་ཤེས་པས་སྡིག་པ་མི་དགེ་བ་མི་བྱེད་བར་ཁས་བླངས་པ་དྲན་ནས་འཆལ་བའི་ཚུལ་ཁྲིམས་མི་བྱེད་པ་ཙམ་ལ་དགོངས་པའི་ཕྱིར། ཞེས་གསུང་། གཉིས་པ་ནི། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་བཤད་ན། རང་དང་དུས་མཉམ་པའི་འབྱུང་བ་ལས་སྐྱེ་འམ། དུས་མི་མཉམ་པའི་འབྱུང་བ་ལས་སྐྱེ་ཞེ་ན། འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སྐད་ཅིག་མ་དང་པོ་རང་དང་དུས་གཅིག་པའི་འབྱུང་བ་ལས་སྐྱེ། དེ་སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པའི་འབྱུང་བ་ལས་སྐྱེའོ། །འོ་ན། རང་དང་ས་གཅིག་པའི་འབྱུང་བ་དང་། ས་གཞན་གྱི་འབྱུང་བ་གང་ལས་སྐྱེ་ཞེ་ན། ཟག་པ་དང་བཅས་པའི་ལུས་ངག་གི་ལས་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ནི། རང་གི་སའི་འབྱུང་བ་དག་ལས་སྐྱེའོ། །ས་གཞན་གྱི་འབྱུང་བ་རྒྱུར་བྱས་པ་


DLL1003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་སྐྱེ་སྟེ། །ས་ཐ་དད་ཀྱི་སྲེད་པས་མཚམས་བཅད་པའི་ཕྱིར། ཟག་མེད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་ནི། རང་གི་རྟེན་གང་དུ་སྐྱེས་པའི་འབྱུང་བ་ལས་སྐྱེས་པ་ཡིན་ཏེ། འབྱུང་གྱུར་ཡིན་པས་འབྱུང་བ་ལ་རྟེན་ནི་དགོས། ཟག་མེད་ཡིན་པས་ཁམས་སུ་མ་གཏོགས་པས་ས་འདིའི་འབྱུང་བ་ལས་བྱུང་ཞེས་པའི་ངེས་པ་མེད་པ་མེད། ཟག་མེད་ཡིན་པའི་འབྱུང་བ་ལས་མ་བྱུང་བའི་ཕྱིར། གསུམ་པ་ནི། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་ཟིན་མ་ཟིན་གང་། བྱུང་བ་གསུམ་གྱི་ནང་ནས་གང་ཡིན་ཞེ་ན། དེ་ཆོས་ཅན། མ་ཟིན་པ་ཡིན་ཏེ། ཐོགས་མེད་ཡིན་པའི་ཕྱིར། རྒྱུ་མཐུན་ལས་བྱུང་བ་ཡིན་ཏེ། དང་པོ་འཕགས་པ་མ་གཏོགས་སྐལ་མཉམ་གྱི་རྒྱུ་ལས་བྱུང་བའི་ཕྱིར། རྣམ་སྨིན་ལས་མ་བྱུང་སྟེ། དགེ་མི་དགེ་གང་རུང་དུ་ངེས་པའི་ཕྱིར། རྒྱས་བྱུང་མ་ཡིན་ཏེ། བསགས་པར་གནས་པའི་གཟུགས་ཅན་མ་ཡིན་པའི་ཕྱིར། སེམས་ཅན་དུ་སྟོན་པ་ཡིན་ཏེ། རྒྱུད་ཀྱིས་བསྡུས་པའི་ཕྱིར། འོ་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྒྱུ་འབྱུང་བ་དེ་ཟིན་མ་ཟིན་སོགས་གང་ཡིན་ཞེ་ན། འདོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྒྱུ་འབྱུང་བ་ནི། རྒྱུ་མཐུན་པའི་ཟིན་པའི་འབྱུང་བ་ལས་སྐྱེ་བ་ཡིན་ནོ། །དེ་ཡང་འདོད་པའི་སྤོང་བ་བདུན་གྱི་དབང་དུ་བྱས་ཀྱི། ཏིང་ངེ་འཛིན་ལས་སྐྱེས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྒྱུ་འབྱུང་བ་ནི་མ་ཟིན་པ་དང་། རྒྱས་བྱུང་དང་། འབྱུང་བ་བཞི་ཚན་རྒྱུ་ཚོགས་ཐ་དད་མིན་པ་ལས་སྐྱེ་བ་ཡིན་ནོ། །གཉིས་པ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། འོ་ན་ལས་གསུམ་པོ་དེ་དགེ་མི་དགེ་ལུང་མ་བསྟན་གང་ཡིན་ཞེ་ན། རྣམ་པར་རིག་བྱེད་མིན་པ་ལ་ལུང་དུ་


DLL1003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་མིན་པ་མེད་དེ། དགེ་མི་དགེ་གང་རུང་དུ་ངེས་པའི་ཕྱིར། གཞན་རྣམ་པར་རིག་བྱེད་དང་སེམས་པའི་ལས་ལ་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་ག་ཡོད་དེ། རྣམ་པར་རིག་བྱེད་ལ་ཀུན་སློང་གི་སྒོ་ནས་གསུམ་ག་ཡོད། སེམས་པའི་ལས་ལ་མཚུངས་ལྡན་གྱི་སྒོ་ནས་གསུམ་ག་ཡོད་པའི་ཕྱིར། འོ་ན་དེ་དག་གང་ན་ཡོད་ཅེ་ན། མི་དགེ་བ་ནི་འདོད་པ་ན་ཡོད་ཀྱི་ཁམས་གོང་ན་མེད་དེ། གོང་ན་མི་དགེ་བའི་རྩ་བ་གསུམ་དང་། ངོ་ཚ་ཁྲེལ་མེད་མེད་པའི་ཕྱིར། གཟུགས་ནའང་རྣམ་པར་རིག་བྱེད་མིན་པའི་གཟུགས་ཡོད་དེ། བསམ་གཏན་ཟག་མེད་ཀྱི་སྡོམ་པ་ཡོད་པའི་ཕྱིར། འང་སྒྲས་འདོད་པ་ནའང་ཡོད་པར་བསྟན་ཏོ། །རྣམ་པར་རིག་བྱེད་ནི་དཔྱོད་པ་དང་བཅས་པའི་བསམ་གཏན་དང་པོ་མན་ཆད་དག་ན་ཡོད་ཀྱི་དེ་ཡན་ཆད་ན་མེད་དེ། རྣམ་པར་རིག་བྱེད་ཀུན་ནས་སློང་བའི་རྟོག་དཔྱོད་མེད་པའི་ཕྱིར། འདོད་པ་ན་ཡང་སྒྲིབ་པའི་རྣམ་པར་རིག་བྱེད་མེད་དེ། གང་གི་ཕྱིར་འདོད་པའི་སྒྲིབ་པ་ནི་མཐོང་སྤང་ཡིན་ལ། དེས་རྣམ་པར་རིག་བྱེད་ཀུན་ནས་སློང་བ་མེད་པའི་ཕྱིར། གཉིས་པ་ལ། དགེ་བ་ལ་སོགས་པའི་དབྱེ་བ་ཀུན་སློང་བཤད་པ། ཆོས་ཀྱི་ཁྱད་པར་རོ། །དང་པོ་ནི། དགེ་བ་ལ་སོགས་པ་ཀུན་སློང་ཁོ་ནའི་དབང་གིས་འཇོག་གམ་ཞེ་ན། མ་ཡིན་ཏེ། དོན་དམ་པར་དགེ་བ་སོགས་བཞི་ཡོད་པའི་ཕྱིར། དེ་དག་གང་ཞེ་ན། ཐར་པ་ཆོས་ཅན། དམ་པའི་དོན་དུ་དགེ་བ་ཡིན་ཏེ། སྡུག་བསྔལ་མ་ལུས་པ་དང་བྲལ་བས་མཆོག་ཏུ་བདེ་བའི་ཕྱིར། དཔེར་ན། སྐྱེས་བུ་རང་བཞིན་གྱིས་ནད་མེད་པ་བཞིན། དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ཆོས་ཅན། ངོ་བོ་ཉིད་ཀྱིས་དགེ་བ་ཡིན་ཏེ། གཞན་ལ་མ་


DLL1003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པར་བདག་ཉིད་ཀྱིས་དགེ་བ་ཡིན་པའི་ཕྱིར། དཔེར་ན། འཕྲོད་པའི་སྨན་བཞིན། དེ་དག་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་ཆོས་ཅན། མཚུངས་ལྡན་གྱིས་དགེ་བ་ཡིན་ཏེ། མཚུངས་ལྡན་དགེ་བས་དགེ་བར་བཞག་པའི་ཕྱིར། དཔེར་ན། འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་བཞིན། དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་བྱ་བ་ལ་སོགས་པ་ཆོས་ཅན། ཀུན་སློང་གིས་དགེ་བ་ཡིན་ཏེ། ཀུན་སློང་དགེ་བས་དགེ་བར་བཞག་པའི་ཕྱིར། དཔེར་ན། འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་བཞིན། དེ་དག་ལས་བཟློག་པ་མི་དགེ་བ་ཡིན་ནོ། །ཇི་ལྟར་ན། འཁོར་བ་ཆོས་ཅན། དོན་དམ་པར་མི་དགེ་བ་ཡིན་ཏེ། སྡུག་བསྔལ་གྱིས་བཅིངས་པས་མཆོག་ཏུ་མི་བདེ་བའི་ཕྱིར། ནད་བཞིན། མི་དགེ་བའི་རྩ་བ་གསུམ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་ཆོས་ཅན། ངོ་བོ་ཉིད་ཀྱིས་མི་དགེ་བ་ཡིན་ཏེ། གཞན་ལ་མ་ལྟོས་པར་བདག་ཉིད་ཀྱིས་མི་དགེ་བ་ཡིན་པའི་ཕྱིར། མི་འཕྲོད་པའི་སྨན་བཞིན། དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་ཆོས་ཅན། མཚུངས་ལྡན་གྱིས་མི་དགེ་བ་ཡིན་ཏེ། མཚུངས་ལྡན་མི་དགེ་བས་མི་དགེ་བར་བཞག་པའི་ཕྱིར། མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་བཞིན། དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ཆོས་ཅན། ཀུན་སློང་གིས་མི་དགེ་བ་ཡིན་ཏེ། ཀུན་སློང་མི་དགེ་བས་མི་དགེ་བར་བཞག་པའི་ཕྱིར། མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་བཞིན་ནོ། །དོན་དམ་པར་ལུང་དུ་མ་བསྟན་པ་ནི། སྔར་བསྟན་པའི་སོ་སོར་བརྟགས་མིན་གྱི་འགོག་པ་དང་།


DLL1003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས་ཀྱི་ནམ་མཁའ་དག་ཡིན་ནོ། །གཉིས་པ་ནི། མཐོང་སྤང་གིས་རྣམ་པར་རིག་བྱེད་ཀུན་ནས་སློང་བར་མི་ནུས་ན། མདོ་ལས། ལོག་པའི་ལྟ་བ་དེ་ལས་ལོག་པར་རྟོག་པ་དང་ལོག་པའི་ངག་དང་ལོག་པའི་ལས་ཀྱི་མཐའ་འབྱུང་བར་བཤད་པ་དང་འགལ་ལོ་ཞེ་ན། །མི་འགལ་ཏེ། སྤྱིར་ཀུན་སློང་ལ་རྣམ་པ་གཉིས་ཏེ། རྒྱུ་དུས་ཀྱི་ཀུན་སློང་དང་ནི་དེའི་དུས་ཀྱི་ཀུན་སློང་ཞེས་བྱ་བ་གཉིས་ཡོད་པ་ལས། དང་པོ་ནི་བྱ་བ་དེ་ལ་མ་ཞུགས་པར་འདི་དང་འདི་བྱའོ་ཞེས་རབ་ཏུ་འཇུག་པར་བྱེད་པ་དང་། གཉིས་པ་ནི་དེའི་རྗེས་སུ་བྱ་བ་འདི་བྱའོ་ཞེས་རྗེས་སུ་འཇུག་བྱེད་ཡིན་ལ། དེའི་ནང་ནས་མཐོང་བས་སྤང་བྱའི་རྣམ་ཤེས་ནི་རབ་ཏུ་འཇུག་བྱེད་ཡིན་པས་མདོ་ལས་དེ་ལ་དགོངས་ལ། འདིར་དུས་ཀྱི་ཀུན་སློང་མ་ཡིན་པའི་དབང་དུ་བྱས་པའི་ཕྱིར། ཡིད་ནི་སྒོམ་པས་སྤང་བྱ་གཉིས་ཀ་ཡིན་ཏེ། རྟོག་བཅས་ཁ་ཕྱིར་བལྟས་ཡིན་པའི་ཕྱིར། དབང་ཤེས་ལྔ་ནི་རྗེས་སུ་འཇུག་བྱེད་ཁོ་ན་ཡིན་ཏེ། རྟོག་མེད་ཁ་ཕྱིར་བལྟས་ཀྱི་ཤེས་པ་ཡིན་པའི་ཕྱིར། གསུམ་པ་ནི། རབ་ཏུ་འཇུག་བྱེད་དགེ་བ་ལ་སོགས་པ་ལས་རྗེས་སུ་འཇུག་བྱེད་དགེ་བ་ལ་སོགས་པར་ངེས་སམ་ཞེ་ན། རབ་ཏུ་འཇུག་བྱེད་དགེ་བ་ལ་སོགས་པ་ལས་རྗེས་སུ་འཇུག་བྱེད་ཀྱང་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་འགྱུར་བ་ཡོད་དོ། །ཐུབ་པའི་རབ་ཏུ་འཇུག་བྱེད་དགེ་བ་ལས་རྗེས་སུ་འཇུག་བྱེད་དགེ་བ་དང་། རབ་ཏུ་འཇུག་བྱེད་ལུང་མ་བསྟན་ལས་རྗེས་སུ་འཇུག་བྱེད་ལུང་མ་བསྟན་དུ་འདྲ་བའམ། རབ་ཏུ་འཇུག་བྱེད་ལུང་མ་བསྟན་ལས་རྗེས་སུ་འཇུག་བྱེད་དགེ་བ་ཡོད་ཀྱི། རབ་ཏུ་འཇུག་བྱེད་དགེ་བ་ལས་རྗེས་སུ་འཇུག་བྱེད་ལུང་མ་བསྟན་མེད་དེ། ཐུབ་པའི་ནམ་ཡང་དམན་པར་མི་


DLL1003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར། སྡེ་པ་ཁ་ཅིག་ན་རེ། ཐུབ་པ་ལ་མཉམ་པར་མ་བཞག་པའི་སེམས་མི་མངའ་བའི་ཕྱིར་ན། ལུང་མ་བསྟན་གྱི་སེམས་མི་མངའ་འོ། །དེ་སྐད་དུ་ཡང་མདོ་ལས། གླང་ཆེན་གཤེགས་ནའང་མཉམ་པར་བཞག །གླང་ཆེན་བཞེངས་ནའང་མཉམ་པར་བཞག །གླང་ཆེན་མནལ་ནའང་མཉམ་པར་བཞག །བཞུགས་ནའང་མཉམ་པར་བཞག་པ་ཡིན། །ཞེས་གསུངས་སོ་ཟེར། དེ་ལ་བྱེ་བྲག་སྨྲ་བ་ན་རེ། དེ་རྟག་ཏུ་མཉམ་པར་མ་བཞག་པ་མི་མངའ་བའི་ཤེས་བྱེད་མ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་སྤྱོད་ལམ་བཞིའི་སྒོ་ནས་གཤེགས་པའི་ཚེ། གཤེགས་པར་འདུ་ཤེས་པ་སོགས་ལ་དགོངས་པའི་ཕྱིར་ཞེས་ཟེར། །རྣམ་སྨིན་ལས་སྐྱེས་པ་ནི་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་ཀ་མ་ཡིན་ཏེ། མངོན་པར་འདུ་བྱེད་པ་ལ་མི་ལྟོས་པར་རང་གི་རང་གིས་འབྱུང་བའི་ཕྱིར། གསུམ་པ་ལ། བསྟན། བཤད་དོ། །དང་པོ་ནི། །རྣམ་པར་རིག་བྱེད་མིན་པ་ནི་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་དེ་ལས་གཞན་བར་མ་གསུམ་དུ་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ་བཞི། སྡོམ་པ། ལྡན་ཚུལ། འཐོབ་གཏོང་། ལྡན་པའི་གང་ཟག་བཤད་པའོ། །དང་པོ་ལ། བསྟན། བཤད་དོ། །དང་པོ་ནི། །དེ་བཞིན་དུ་སྡོམ་པ་གསུམ་དུ་ཤེས་པར་བྱ་སྟེ། སོ་སོར་ཐར་པ་ཞེས་བྱ་བའི་སྡོམ་པ་དང་ཟག་མེད་དང་བསམ་གཏན་ལས་སྐྱེས་པའི་སྡོམ་པ་གསུམ་དུ་ཡོད་པའི་ཕྱིར། དེ་ཡང་སོ་སོར་ཐར་པའི་སྡོམ་པའི་མཚན་ཉིད། དེས་འབྱུང་གི་ཚུལ་ཁྲིམས་གང་ཞིག་འདོད་པར་གཏོགས་པ། བསམ་གཏན་གྱི་སྡོམ་པའི་མཚན་ཉིད། གཟུགས་


DLL1003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཏོགས་པའི་ཚུལ་ཁྲིམས། ཟག་མེད་ཀྱི་སྡོམ་པའི་མཚན་ཉིད། ཟག་མེད་ཀྱི་ཚུལ་ཁྲིམས་སོ། །འོ་ན། ཕྱི་རོལ་པའི་ཡང་དག་པར་བླངས་པ་ལས་བྱུང་བའི་ཚུལ་ཁྲིམས་དེ། སོ་སོར་ཐར་པའི་སྡོམ་པ་ཡིན་ནམ་མིན་ཞེ་ན། མིན་ཏེ། སྡིག་པ་ལས་གཏན་དུ་ཐར་བར་བྱེད་པ་མ་ཡིན་པའི་ཕྱིར། གཉིས་པ་ལ། སོ་ཐར་གྱི་སྡོམ་པ། བསམ་གཏན་ཟག་མེད་ཀྱི་སྡོམ་པ། ཞར་བྱུང་ངོ་། །དང་པོ་ལ། དབྱེ་བ། ངོ་བོ། སྒྲ་དོན། ལྡན་པའི་གང་ཟག་གོ །དང་པོ་ནི། སྡོམ་པ་སོ་སོར་ཐར་ཅེས་བྱ། །ཞེས་བཤད་ན། དེ་ལ་དབྱེ་ན་དུ་ཡོད་ཅེ་ན། །སོ་སོར་ཐར་པ་ཞེས་བྱ་བའི་སྡོམ་པ་ལ་རྣམ་པ་བརྒྱད་ཡོད་དེ། དགེ་སློང་ཕ་མ་གཉིས། དགེ་སློབ་མ། དགེ་ཚུལ་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས། བསྙེན་གནས་པའི་སྡོམ་པ་རྣམས་སུ་ཡོད་པའི་ཕྱིར། བསྙེན་གནས་པ་ལ་ཕ་མ་གཉིས་སུ་མི་འབྱེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡོད་དེ། དེ་ནི་ཉིན་ཞག་གཅིག་གི་སྡོམ་པ་ཡིན་པས་དུས་ཐུང་བ་ལ་དགོངས་པའི་ཕྱིར། རྫས་སུ་བསྡུ་ན་རྣམ་པ་བཞི་ཡིན་ཏེ། དགེ་སློང་ཕ་མའི་སྡོམ་པ་རྫས་གཅིག །དགེ་སློབ་མ་དང་དགེ་ཚུལ་ཕ་མའི་སྡོམ་པ་རྫས་གཅིག །དགེ་བསྙེན་ཕ་མའི་སྡོམ་པ་རྫས་གཅིག །བསྙེན་གནས་ཀྱི་སྡོམ་པ་རྫས་གཅིག་ཡིན་པའི་ཕྱིར་ཏེ། མཚན་གྱུར་པ་ལས་སྡོམ་པ་མི་གཏོང་བར་མིང་ནི་ཕོ་བ་ཙམ་ཡིན་པའི་ཕྱིར། འོ་ན་སྡོམ་གསུམ་རིམ་བཞིན་བླངས་པའི་ཚེ་ན་སྲོག་གཅོད་སྤོང་བ་ལྟ་བུ་ཞིག་སོར་གནས་ནས། སྡོམ་པ་གཞན་རྣམས་འཕེལ་ལམ། སྲོག་གཅོད་སྤོང་བ་ལྟ་བུའི་སྡོམ་པ་རྫས་ཐ་དད་པར་སྐྱེ་ཞེ་ན། ཕྱི་མ་ཡིན་ཏེ། དགེ་སློང་གི་སྡོམ་པ་ཕུལ་ནས་དགེ་ཚུལ་གྱི་སྡོམ་པ་ལ་གནས་སུ་རུང་


DLL1003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། །སྲོག་གཅོད་སྤོང་བའི་སྡོམ་པ་རྫས་ཐ་དད་པ་གསུམ་པོ་དེ་དག་གང་ཟག་གཅིག་གི་རྒྱུད་ལ་ཡོད་པ་འགལ་ཞེ་ན། འགལ་བ་མེད་དེ། ཕྱི་མ་བླངས་པ་དེ་སྔ་མ་དེ་གཏོང་བའི་རྒྱུ་མ་ཡིན་པའི་ཕྱིར། གཉིས་པ་ནི། དེ་དག་གི་ངོ་བོ་གང་ཞེ་ན། རྩ་བཞི་ཆང་སྟེ་སྤང་བྱ་ལྔ་ཇི་སྲིད་འཚོའི་བར་དུ་སྤོང་བར་མནོས་པ་ནི་དགེ་བསྙེན་དང་ནིའོ། །ཅིའི་ཕྱིར་དགེ་བསྙེན་ཞེས་བྱ་ཞེ་ན། དགེ་སློང་ཕ་མའི་གཡོག་ཏུ་བསྟེན་དུ་རུང་བས་ན་དགེ་བསྙེན་ཞེས་བྱའོ། །ལྔ་པོ་དེའི་སྟེང་དུ་གར་སོགས་ཕྲེང་སོགས་གཅིག་ཏུ་བྱས་པ་དང་། མལ་ཆེ་མཐོ་གཅིག་ཏུ་བྱས་པ་དང་། ཕྱི་དྲོའི་ཁ་ཟས་ཏེ་སྤང་བྱ་བརྒྱད་ཉིན་ཞག་གཅིག་ཏུ་སྤོང་བར་མནོས་པ་ལས་བསྙེན་གནས་དང་། ཅིའི་ཕྱིར་དེ་སྐད་བྱ་ཞེ་ན། ཇི་སྲིད་འཚོའི་བར་གྱི་སྡོམ་པ་ལ་བསྙེན་ཏེ་ཉེ་བར་གནས་པས་ན་བསྙེན་གནས་ཞེས་བྱའོ། །གར་སོགས་ཕྲེང་སོགས་སོ་སོར་བྱས་པ་དང་། གསེར་དངུལ་ལེན་པ་སྟེ་སྤང་བྱ་བཅུ་ཇི་སྲིད་འཚོའི་བར་དུ་སྤོང་བར་མནོས་པ་ལས་དགེ་ཚུལ་དང་། ཅིའི་ཕྱིར་དེ་སྐད་བྱ་ཞེ་ན། བླ་མའི་བྱ་བས་ངལ་བར་བྱེད་པས་ན་དགེ་ཚུལ་ཞེས་བྱའོ། །འོ་ན་བསྙེན་གནས་ཀྱི་སྐབས་སུ་གར་སོགས་ཕྲེང་སོགས་གཉིས་གཅིག་ཏུ་བྱེད་ཅིང་། དགེ་ཚུལ་ཀྱི་སྐབས་སུ་དེ་གཉིས་སོ་སོར་བྱེད་པའི་རྒྱུ་མཚན་ཅི་ཞེ་ན། བསྙེན་གནས་ཀྱི་སྡོམ་པ་ནི་གཙོ་ཆེར་ཁྱིམ་པའི་ཡིན་ལ། དེ་དབང་པོ་རྟུལ་བས་བསླབ་བྱའི་གྲངས་མང་པོ་ལ་སློབ་ག་ལ་ནུས་སྙམ་པའི་བློ་དང་བསྟུན་ནས་དེ་གཉིས་གཅིག་ཏུ་བྱས་པ་ཡིན་ནོ། །ལུས་ངག་གི་སྤང་བྱ་ཐམས་ཅད་ཇི་སྲིད་འཚོའི་བར་དུ་སྤོང་བར་མནོས་པ་ལས་དགེ་སློང་ངོ་། །དེ་ལ་བསྙེན་པར་རྫོགས་པ་ཞེས་ཀྱང་བྱ་ལ། ཅིའི་ཕྱིར་བསྙེན་པར་རྫོགས་པ་ཞེས་བྱ་


DLL1003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། རྫོགས་པ་ནི་འཁོར་བའི་ཉེར་འཚེ་ཐམས་ཅད་དང་བྲལ་བའི་མྱང་འདས་ཡིན་ལ། དེ་ལ་ཉེ་བས་ན་རྫོགས་ཏེ་བསྙེན་པ་ཞེས་བྱའོ། །གསུམ་པ་ནི། ཅིའི་ཕྱིར་ཚུལ་ཁྲིམས་ལ་སོགས་པ་ཞེས་བྱ་ཞེ་ན། འཆལ་བའི་ཚུལ་ཁྲིམས་ཀྱི་གདུང་བ་བསིལ་བར་བྱེད་པས་ན་ཚུལ་ཁྲིམས་དང་ནི། དམ་པས་བསྔགས་པས་ན་ལེགས་སྤྱད་དང་། བྱ་བའི་རང་བཞིན་ཡིན་པས་ལས་དང་། ལུས་ངག་གི་བྱ་བ་མ་ཡིན་པ་སྡོམ་པས་ན་སྡོམ་པ་ཞེས་བྱའོ། །དེ་དག་གི་ནང་ནས་དང་པོའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ནི། སྡིག་པ་ལས་དང་པོར་ཐར་བས་ན་སོ་སོར་ཐར་པ་དང་། ལས་སེམས་པ་འཇུག་པའི་གཞི་ཡིན་པས་ན་བྱ་བ། བྱ་བ་དེའི་ལམ་ཡིན་པས་ལམ་ཞེས་བྱའོ། །དེས་ན་སོ་སོར་ཐར་པའི་སྡོམ་པ་ཡིན་ན། སོ་སོར་ཐར་པ་ཡིན་པས་མ་ཁྱབ་བོ། །བཞི་པ་ནི། །སོ་སོར་ཐར་པའི་སྡོམ་པ་དང་ལྡན་པའི་གང་ཟག་དེ་ལ་བརྒྱད་ཡོད་དེ། དགེ་སློང་ཕ་མ་གཉིས། དགེ་སློབ་མ། དགེ་ཚུལ་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས། བསྙེན་གནས་པའི་གང་ཟག་རྣམས་སུ་ཡོད་པའི་ཕྱིར། འོ་ན། སོ་སོར་ཐར་ཅེས་བྱ་རྣམ་པརྒྱད། ཅེས་པ་དང་ཟློས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེར་སོ་ཐར་གྱི་སྡོམ་པའི་དབྱེ་བ་བཤད་ཅིང་། འདིར་དེ་ལ་གནས་པའི་གང་ཟག་གི་དབྱེ་བ་བཤད་པའི་ཕྱིར། གཉིས་པ་ནི། །བསམ་གཏན་སྐྱེས་དང་དེ་ལྡན་པ། །ཟག་མེད་འཕགས་པའི་སེམས་ཅན་དང་། །བསམ་གཏན་ལས་སྐྱེས་པའི་ཏིང་ངེ་འཛིན་དང་ལྡན་པ་ནི། བསམ་གཏན་གྱི་སྡོམ་པ་དེ་དང་ལྡན་པ་ཡིན་ལ། ཟག་མེད་ཀྱི་སྡོམ་པ་ནི་འཕགས་པའི་སེམས་ཅན་དང་ལྡན་པ་ཡིན་ནོ། །གསུམ་པ་ནི། འོ་ན་སེམས་ཀྱི་རྗེས་འབྲང་དུ་བཤད་པའི་སྡོམ་པ་གཉིས་པོ་དེ་གང་ཞེ་ན། །སྡོམ་པ་ཐ་མ་གཉིས་སེམས་ཀྱི་རྗེས་འབྲང་ཡིན་


DLL1003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། སོ་ཐར་གྱི་སྡོམ་པ་ནི་སེམས་ཀྱི་རྗེས་འབྲང་མ་ཡིན་ཏེ། གཡེངས་པ་དང་སེམས་མེད་པའི་གནས་སྐབས་ན་ཡང་ཡོད་པའི་ཕྱིར། སྡོམ་པ་ཐ་མ་གཉིས་ལ་སྤོང་བའི་སྡོམ་པ་ཞེས་པའི་མིང་ཡང་འཐོབ་བོ། གནས་སྐབས་གང་ལ་བརྟེན་ནས་འཐོབ་ཅེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་ནས། བར་ཆད་མེད་ལམ་ཐ་མ་སྐྱེས་པའི་ཚེ་འཐོབ་སྟེ། འཆལ་བའི་ཚུལ་ཁྲིམས་དང་དེ་ཀུན་ནས་སློང་བའི་ཉོན་མོངས་སྤོང་བའི་ཕྱིར། འོ་ན་མདོ་ལས། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་པ་དང་། གང་ཡང་མིག་གི་དབང་པོ་ནི་སྡོམ་པ་དག་གིས་བསྡམས་ཏེ་གནས་ཞེས་གསུངས་ན། ཡིད་དང་དབང་པོའི་སྡོམ་པ་གང་ཞེ་ན། ཤེས་བཞིན་དང་ནི་དྲན་དག་གཉིས་ཡིད་ཤེས་གྱི་འཁོར་དུ་བྱུང་བ་ཡིད་ཀྱི་སྡོམ་པ་དང་། དབང་ཤེས་ཀྱི་འཁོར་དུ་བྱུང་བ་དབང་པོའི་སྡོམ་པ་ཡིན་ནོ། །འོ་ན། ཤེས་བཞིན་དང་ནི་དྲན་པ་གཉིས། །ཞེས་སྨོས་པ་པས་ཆོག་མོད་ཅེ་ན། དེ་ལྟར་སྨོས་ན་ཤེས་བཞིན་ཡིད་དང་། དྲན་པ་དབང་པོའི་སྡོམ་པར་གོ་དོགས་ཡོད་པས། དག་གཉིས་ཞེས་གཉིས་ཚིག་གཉིས་སྨོས་པ་ཡིན་ནོ། །གཉིས་པ་ལ་གསུམ། རྣམ་པར་རིག་བྱེད་མ་ཡིན་པའི་ལྡན་ཚུལ་དང་། རྣམ་པར་རིག་བྱེད་ཀྱི་ལྡན་ཚུལ་དང་། ལྡན་པའི་མུ་བཞི་བཤད་པའོ། །དང་པོ་ནི། སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་སྐད་ཅིག་དང་པོ་ཇི་སྲིད་དུ་མ་བཏང་གི་བར་དག་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་


DLL1003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པ་དང་། སྡོམ་མིན་ལ་གནས་པའང་དེ་དང་འདྲ་བར་སྐད་ཅིག་མ་དང་པོ་མ་བཏང་གི་བར་དག་ད་ལྟར་གྱི་དེ་དང་ལྡན། སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པའི་དེ་དང་ལྡན་ནོ། །བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ནི་རྟག་ཏུ་འདས་པ་དང་མ་འོངས་པའི་དེ་དང་ལྡན་པ་དང་། འཕགས་པ་ཟག་མེད་ཀྱི་སྡོམ་པ་དང་ལྡན་པ་ནི་སྐད་ཅིག་མ་དང་པོ་འདས་པའི་དེ་དང་ལྡན་པ་མིན་ཏེ། སྔར་ཟག་མེད་ཀྱི་ལམ་མ་སྐྱེས་པའི་ཕྱིར། འཇིག་རྟེན་པའི་མཉམ་གཞག་ལ་གནས་པ་བསམ་གཏན་གྱི་སྡོམ་པ་ད་ལྟར་བ་དང་ལྡན་འཕགས་ལམ་ལ་གནས་པ་ཟག་མེད་ཀྱི་སྡོམ་པ་ད་ལྟར་བ་དང་ལྡན་ནོ། །སྡོམ་པ་སྡོམ་མིན་གྱི་བར་མ་ལ་གནས་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་པའི་ངེས་པ་མེད་ལ། ཡོད་ན་སྐད་ཅིག་མ་དང་པོ་མ་བཏང་གི་བར་ད་ལྟར་གྱི་དེ་དང་ལྡན། སྐད་ཅིག་མ་དང་པོ་ཕྱིན་ཆད་དུས་ནི་གཉིས་པོ་འདས་པ་དང་ད་ལྟར་བའི་དེ་དང་ལྡན་ནོ། །འོ་ན། སྡོམ་མིན་ལ་གནས་པ་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་། སྡོམ་པ་ལ་གནས་པ་མི་དགེ་བའི་དེ་དང་ལྡན་པ་ཡོད་དམ་ཞེ་ན། ཡོད་དེ། སྡོམ་མིན་ལ་གནས་པ་ཕྱག་འཚལ་བ་ལ་སོགས་པའི་ཚེ་ན་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན། སྡོམ་པ་ལ་གནས་པ་སྲོག་གཅོད་པ་ལྟ་བུའི་ཚེ་མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པའི་ཕྱིར། དུས་ཇི་སྲིད་དུ་ལྡན་ན། རབ་ཏུ་དང་བ་དང་ཉོན་མོངས་བ་ཤུགས་དྲག་པོ་མ་བཏང་གི་བར་དུ་ལྡན་ནོ། །གཉིས་པ་ལ། དངོས་དང་། ཞར་བྱུང་ངོ་། །དང་པོ་ནི། རྣམ་པར་རིག་བྱེད་ནི་སྡོམ་པ་སྡོམ་མིན་བར་མ་ཐམས་ཅད་ལ། ལུས་ངག་གི་བྱ་


DLL1003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱེད་པ་དག་ལ་ད་ལྟར་བ་དང་སྐད་ཅིག་མ་དང་པོ་མ་བཏང་གི་བར་དུ་ལྡན་ནོ། སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པའི་རྣམ་པར་རིག་བྱེད་དང་ལྡན་ལ། མ་འོངས་པའི་རྣམ་པར་རིག་བྱེད་དང་ལྡན་པ་མེད་དེ། སེམས་ཀྱི་རྗེས་འབྲང་མ་ཡིན་པའི་ཕྱིར། བསྒྲིབས་པ་དང་ནི་མ་བསྒྲིབས་པ་འདས་པའི་རྣམ་པར་རིག་བྱེད་དང་ལྡན་པའང་མེད་དེ། སྟོབས་ཆུང་བས་འདས་པའི་ཐོབ་པ་རྗེས་སུ་འབྲེལ་བར་མི་ནུས་པའི་ཕྱིར། གཉིས་པ་ནི། སྡོམ་མིན་གནས་པ་དགེ་བ་དང་། །ཞེས་བཤད་ན། ཅིའི་ཕྱིར་སྡོམ་པ་མ་ཡིན་པ་ཞེས་བྱ་ཞེ་ན། ཉེས་སྤྱོད་སྡོམ་པ་མ་ཡིན་པས་ན་སྡོམ་མིན་དང་། དམ་པས་སྨད་པས་ན་ཉེས་སྤྱོད་དང་། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་ན། འཆལ་བའི་ཚུལ་ཁྲིམས་དང་། བྱ་བའི་རང་བཞིན་ཡིན་པས་ན་ལས་དང་། བྱ་བ་དེའི་ལམ་ཡིན་པས་ན་ལམ་ཞེས་བྱའོ། །གསུམ་པ་ནི། རྣམ་པར་རིག་བྱེད་དང་ལྡན་ལ། དེ་མ་ཡིན་པ་དང་མི་ལྡན་པ་སོགས་ཡོད་དམ་ཞེ་ན། བར་མ་དོར་གནས་པ་སྔར་རྣམ་པར་རིག་བྱེད་མིན་པ་མེད་པ། ད་ལྟ་སེམས་ཞན་པས་ལུས་ངག་གི་ལས་བྱེད་ན། རྣམ་པར་རིག་བྱེད་ཉིད་དང་ལྡན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་མི་ལྡན་ཏེ། སྔར་རྣམ་པར་རིག་བྱེད་མིན་པ་དང་མི་ལྡན། ད་ལྟ་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བར་མི་ནུས་པའི་ཕྱིར། ཚེ་སྔ་མའི་རྣམ་པར་རིག་བྱེད་བཏང་། ཕྱི་མའི་རྣམ་པར་རིག་བྱེད་མ་སྐྱེས་པའི་འཕགས་པའི་གང་ཟག་ནི། རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་གྱི། རྣམ་པར་རིག་བྱིད་མི་ལྡན་ཏེ། ཚེ་སྔ་མའི་རྣམ་པར་རིག་བྱེད་ནི་བཏང་། ཕྱི་མའི་རྣམ་པར་རིག་བྱེད་མ་སྐྱེས་པའི་ཕྱིར། གཉིས་ཀ་དང་ལྡན་པ་ནི་བདག་


DLL1003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ལ་སོགས་པའོ། །གཉིས་ཀ་དང་མི་ལྡན་པ་ནི་དེ་ལས་གཞན་པའོ། །གསུན་པ་ལ། འཐོབ་ཚུལ་དང་། གཏོང་ཚུལ་ལོ། །དང་པོ་ལ། སྡོམ་པའི་འཐོབ་ཚུལ། སྡོམ་མིན་གྱི་འཐོབ་ཚུལ། བར་མའི་འཐོབ་ཚུལ་ལོ། །དང་པོ་ལ། ཇི་ལྟར་འཐོབ་པ་དང་། གང་ལས་འཐོབ་པའོ། །དང་པོ་ལ། བསམ་གཏན་ཟག་མེད་ཀྱི་སྡོམ་པ་འཐོབ་ཚུལ། སོ་ཐར་གྱི་སྡོམ་པ་འཐོབ་ཚུལ་ལོ། །དང་པོ་ནི། བསམ་གཏན་ཟག་མེད་ཀྱི་སྡོམ་པ་ཇི་ལྟར་འཐོབ་ཅེ་ན། བསམ་གཏན་ལས་སྐྱེས་པའི་སྡོན་པ་ནི། བསམ་གཏན་གྱི་ཉེར་བསྡོགས་དང་དངོས་གཞིའི་ས་ཉིད་ཀྱིས་འཐོབ། ཟག་མེད་ཀྱི་སྡོམ་པ་ནི་འཕགས་པ་ཟག་མེད་ཀྱི་ལམ་དེས་འཐོབ་བོ། །གཉིས་པ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། འོ་ན། སོ་ཐར་གྱི་སྡོམ་པ་ཇི་ལྟར་འཐོབ་ཅེ་ན། སོ་སོར་ཐར་པ་རིས་བདུན་གྱི་སྡོམ་པ་ནི། མཁན་པོ་སོགས་གཞན་གྱི་རྣམ་པར་རིག་བྱེད་ལས་འཐོབ་བོ། །སོགས་ཀྱི་སྒྲ་བྱེ་བྲག་སྨྲ་བའི་འདུལ་བ་འཛིན་པ་དག་གིས། བསྙེན་པར་རྫོགས་པ་བཅུ་དང་ཞེས་བཤད་པ་བསྡུ་བའི་ཕྱིར་ཡིན་ནོ། །བཅུ་གང་ཞེ་ན། སངས་རྒྱས་དང་རང་སངས་རྒྱས་ནི་རང་བྱུང་གིས་བསྙེན་པར་རྫོགས་ཏེ། རང་བྱང་གི་ཡེ་ཤེས་བརྙེས་པ་ཙམ་གྱིས་དགེ་སློང་གི་སྡོམ་པ་སྐྱེས་པའི་ཕྱིར། ལྔ་སྡེ་ནི་ངེས་པ་ལ་འཇུག་པས་བསྙེན་པར་རྫོགས་ཏེ། མཐོང་ལམ་སྐྱེས་པ་ཙམ་གྱིས་བསྙེན་པར་རྫོགས་པའི་ཕྱིར། གྲགས་པ་ལ་སོགས་པ་ནི་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །ཞེས་གསུངས་


DLL1003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། འོད་སྲུངས་ཆེན་པོ་ནི་སྟོན་པར་ཁས་བླངས་པས་བསྙེན་པར་རྫོགས་ཏེ། དེའི་མཐུའི་ཁྱད་པར་ལྷའི་གཟུགས་ལ་ཕྱག་བཙལ་བས་མགོ་འགས་པར་འགྱུར་བ་འཐོབ་ལ། དེའི་ཚེ་དེ་བཞིན་གཤེགས་པ་བུ་མངས་ཀྱི་མཆོད་རྟེན་གྱི་ནང་ན་བཞུགས་པ་མཐོང་ནས་དད་པར་གྱུར་ཀྱང་། ཕྱག་བཙལ་ན་གནོད་ཀྱིས་དོགས་ནས་ཕྱག་མ་བཙལ་བ་ལ། དེའི་བསམ་པ་དེ་བཞིན་གཤེགས་པས་མཁྱེན་ནས། འོད་སྲུངས་དེ་བཞིན་གཤེགས་པ་ལ་ཕྱག་ཚོལ་ཅིག་ཅེས་གསུངས་པས། ཕྱག་བཙལ་བ་དང་གནོད་པར་གྱུར་པ་གང་ཡང་མ་མཐོང་ནས་དད་པར་གྱུར་ཏེ། དེ་བཞིན་གཤེགས་པ་ནི་བདག་གི་སྟོན་པའོ། །བདག་ནི་དེ་བཞིན་གཤེགས་པའི་ཉན་ཐོས་སོ་ཞེས་ཞུས་པ་དང་། འོད་སྲུངས་དེ་བཞིན་དུ་ཁྱོད་ནི་ངའི་ཉན་ཐོས་སོ། །ང་ནི་ཁྱོད་ཀྱི་སྟོན་པའོ་ཞེས་སྟོན་པར་ཁས་བླངས་པ་ཙམ་གྱིས་བསྙེན་པར་རྫོགས་པའི་ཕྱིར། ལེགས་བྱིན་དྲི་བས་མཉེས་པས་བསྙེན་པར་རྫོགས་ཏེ། དེ་བཞིན་གཤེགས་པས་ལེགས་བྱིན་གཅིག་ཏུ་དགོས་པའི་ཆོས་ནི་གང་། ཐར་པའོ། །དེ་ལ་དགོས་པ་གང་། དད་པའོ་ཞེས་དྲི་བ་དེའི་ལེན་ཐེབས་པས། དེ་བཞིན་གཤེགས་པ་མཉེས་ནས་བསྙེན་པར་རྫོགས་པའི་ཕྱིར། ལྕི་བའི་ཆོས་བསྟན་པས་བསྙེན་པར་རྫོགས་པ་ནི། སྐྱེ་དགུའི་བདག་མོ་ཆེན་པོ་ལ་སོགས་པ་ཡིན་ནོ། །དགེ་སློང་མ་ཆོས་སྦྱིན་མ་ནི། འཕྲིན་ཆོག་གིས་བསྙེན་པར་རྫོགས་པ་ཡིན་ཏེ། དེ་ལ་དགེ་སློང་མ་ཨུཏྤ་ལའི་མདོག་གིས་ཕོ་ཉ་བྱས་ཏེ། འཕྲིན་ཆོག་གིས་རབ་ཏུ་བྱུང་བ་དང་དགེ་སློང་མར་བསྒྲུབས་པ་ཡིན་པའི་ཕྱིར། ཡུལ་མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔའི་ཚོགས་ཀྱིས་


DLL1003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་པ་དང་། ཡུལ་དབུས་སུ་བཅུའི་ཚོགས་ཀྱིས་བསྙེན་པར་རྫོགས་པ་དང་། སྐྱབས་སུ་འགྲོ་བ་ལན་གསུམ་ཁས་བླངས་པ་ཙམ་གྱིས་བསྙེན་པར་རྫོགས་པ་ནི། སྡེ་བཟང་དྲུག་ཅུའི་ཚོགས་ལ་སོགས་པ་ཡིན་ལ། དེ་དག་གི་ནང་ནས་ཀྱང་རང་བྱུང་གིས་བསྙེན་པར་རྫོགས་པ་དང་། ངེས་པ་ལ་འཇུག་པའི་བསྙེན་རྫོགས་ནི་རྣམ་པར་རིག་བྱེད་ལ་མི་ལྟོས་པས། དེ་དག་བསྡུ་བའི་ཕྱིར་དུ་སོགས་པའི་སྒྲ་སྨོས་པ་ཡིན་ནོ། །གཉིས་པ་ལ་གསུམ། སྡོམ་པ་སྡོམ་མིན་གྱི་དུས་ཀྱི་ངེས་པ། བསྙེན་གནས་ཀྱི་སྡོམ་པའི་ཁྱད་པར། དགེ་བསྙེན་གྱི་སྡོམ་པའི་ཁྱད་པར་རོ། །དང་པོ་ནི། ཇི་སྲིད་འཚོའི་བར་དུ་སོ་སོར་ཐར་པ་རིས་བདུན་གྱི་སྡོམ་པ་ཡང་དག་པར་བླང་བར་བྱ། ཉིན་ཞག་གཅིག་ཏུ་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་བླང་པར་བྱའོ། །འོ་ན། སྡོམ་མིན་གྱི་དུས་ངེས་པ་ཡོད་དམ་ཞེ་ན། ཉིན་ཞག་གཅིག་པའི་སྡོམ་མིན་མེད་དེ། སྡོམ་མིན་དེ་བསྙེན་གནས་ཀྱི་སྡོམ་པ་དེ་ལྟར་དུ་ནོད་པ་མེད་པའི་ཕྱིར་ཞེས་གྲག་གོ །གཉིས་པ་ལ་གསུམ། ལེན་ཐབས། ཡན་ལག་གི་ངེས་པ། རྟེན་གྱི་ངེས་པའོ། །དང་པོ་ནི། ནོད་པར་བྱ་ཞེས་པ་བཤད་པའི་གཞིའོ། །ཚུལ་ཇི་ལྟར་ན། འབོག་པ་པོ་ལས་སྟན་དམའ་བ་ལ་སྤྱོད་ལམ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར། དེས་སྨྲས་པའི་རྗེས་སུ་ལན་གསུམ་བཟླས་པ་ཡིས་སོ། །ཆ་ལུགས་ཇི་ལྟ་བུས་ཞེ་ན། རྒྱན་གསར་པས་མི་བརྒྱན་པར་རོ། །དུས་ཇི་ཙམ་དུ་ན། ནམ་ནི་ནངས་པར་ཏེ་སང་ཉི་མ་ཤར་གྱི་བར་དུའོ། །གང་ན། བསྙེན་གནས་ཡན་ལག་བརྒྱད་ཚང་བར་ནི་ནོད་པར་བྱ། གང་ལས་ན། དགེ་སློང་སོགས་གཞན་ལས་ནོད་པར་བྱའོ། །དུས་ནམ་གྱི་ཚེ་ན། ནང་པར་ཏེ་སང་ཚ་བ་མ་ཟོས་པར་རོ། །གཉིས་པ་ནི།


DLL1003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གནས་ལག་ལག་ཚང་བར་ནི། །ཞེས་བཤད་ན། ཡན་ལག་བརྒྱད་དུ་གྲངས་ངེས་པའི་རྒྱུ་མཚན་ཅི་ཞེ་ན། རྩ་བ་བཞི་སྤོང་བ་ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་ཏེ། དེས་ཚུལ་མིན་ཡིད་བྱེད་སྤོང་བའི་ཕྱིར། གཅིག་ཆང་སྤོང་བ་བག་ཡོད་ཀྱི་ཡན་ལག་ཡིན་ཏེ། ཆང་གིས་བག་མེད་པར་འགྱུར་བའི་ཕྱིར། དེ་བཞིན་དུ་ཕྱི་མ་གསུམ་སྤོང་བ་བརྟུལ་ཞུགས་ཀྱི་ཡན་ལག་ཡིན་ཏེ། དེས་སྐྱོ་བར་གནས་པ་དང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར། ཆང་མ་སྤངས་ན་བག་མེད་པར་འགྱུར་ཏེ། ཆང་དེ་ཡིས་བྱ་བ་དང་བྱ་བ་མིན་པ་ལ་དྲན་པ་ཉམས་པར་འགྱུར་པའི་ཕྱིར། ཕྱི་མ་གསུམ་མ་སྤངས་ན་དྲེགས་པར་འགྱུར་ཏེ། ཕྱི་དྲོའི་ཁ་ཟས་སྤངས་པས་རང་ཉིད་ལ་བསྙེན་གནས་པར་འདུ་ཤེས་པ་དང་། ཁྱིམ་པ་གཞན་ལ་སྐྱེ་བར་གནས་པ་དང་མཐུན་པར་འཇུག་པའི་ཕྱིར་དང་། གཞན་གཉིས་མ་སྤངས་ན་དྲེག་པར་འགྱུར་ལ། དེ་ལ་འཆལ་བའི་ཚུལ་ཁྲིམས་ཐག་མི་རིང་བའི་ཕྱིར། གསུམ་པ་ནི། བསྙེན་གནས་ཀྱི་སྡོམ་པ་དེ་དགེ་བསྙེན་ཁོ་ན་ལ་ཡོད་དམ་ཞེ་ན། དགེ་བསྙེན་ལས་གཞན་ལའང་བསྙེན་གནས་ཀྱི་སྡོམ་པ་ཡོད་མོད་ཀྱི། འོན་ཀྱང་སྐྱབས་སུ་མ་སོང་བ་ལ་མེད་དོ། །གསུམ་པ་ལ་གསུམ། དངོས་དང་། སྐྱབས་འགྲོའི་ཡུལ་བྱེ་བྲག་ཏུ་བཤད་པ། ཡན་ལག་གི་ངེས་པའོ། །དང་པོ་ནི། འོ་ན། མདོ་ལས། ཁྱིམ་པ་གོས་དཀར་པོ་གྱོན་པ་སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ཞིག །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་སྟེ་བདག་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་བརྗོད་པས་དགེ་བསྙེན་དུ་འགྱུར་རོ་ཞེས་གསུངས་ན། དེ་ཙམ་གྱིས་དགེ་བསྙེན་གྱི་སྡོམ་པ་སྐྱེའམ་མི་སྐྱེ་ཞེ་ན། མདོ་སྡེ་པ་ན་རེ་མི་སྐྱེ་


DLL1003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་རོ། །ཁ་ཆེ་བ་ན་རེ། སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས་དགེ་བསྙེན་ཉིད་དུ་ཁས་བླངས་པས་སྡོམ་པ་སྐྱེ་པ་ཡིན་ན། །འོ་ན་བསླབ་བྱ་བསྟན་པ་དོན་མེད་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། བསླབ་བྱ་མི་ཤེས་པ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དཔེར་ན། དགེ་སློང་གསར་བུ་ལ་བསླབ་བྱ་བསྟན་པ་དོན་ཡོད་པ་བཞིན་ནོ། །གལ་ཏེ་དགེ་བསྙེན་ཐམས་ཅད་སྡོམ་པ་ལྔ་ཅར་གྱིས་བསྡམས་ཏེ་གནས་པ་ཡིན་ན། སྣ་གཅིག་སྤྱོད་པ་ལ་སོགས་པའི་དགེ་བསྙེན་ཇི་ལྟར་རུང་ཞེ་ན། དང་པོར་བསླབ་པ་ཐམས་ཅད་སྲུང་བར་ཁས་བླངས་པ་ཉམས་ནས། གཅིག་ལ་སོགས་པ་སྲུང་བ་ལ་སྣ་གཅིག་སྤྱོད་པ་ལ་སོགས་པར་གསུངས་ཞེས་གྲག་གོ །སྡོམ་པ་ཆུང་ངུ་ལ་སོགས་པར་ཇི་ལྟར་འགྱུར་ཞེ་ན། ཀུན་སློང་གི་ཡིད་ཇི་བཞིན་དུ་ཀུན་སློང་ཆུང་ངུ་ལ་སོགས་པའི་དབང་གིས་སྡོམ་པ་ཡང་ཆུང་ངུ་ལ་སོགས་པར་འགྱུར་རོ། །གཉིས་པ་ནི ། སྐྱབས་སུ་མ་སོང་བ་ལ་མེད། ཅེས་བཤད་ན། གང་ལ་སྐྱབས་སུ་འགྲོ་ཞེ་ན། གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ། སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་གྱི། གཟུགས་སྐུ་ལ་སྐྱབས་སུ་མི་འགྲོ་སྟེ། དེ་སོ་སྐྱེའི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར། འོ་ན་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་བྱུང་བའི་མཚམས་མེད་ཀྱི་ལས་མི་སྲིད་པར་ཐལ། གཟུགས་སྐུ་སངས་རྒྱས་མ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སངས་རྒྱས་ཀྱི་རྟེན་ལ་གནོད་པ་བྱས་པས། བརྟེན་པ་སངས་རྒྱས་ལ་གནོད་པ་བྱས་པར་འགྱུར་བའི་ཕྱིར། འོ་ན་སངས་རྒྱས་གཅིག་ཁོ་ན་ལ་སྐྱབས་སུ་འགྲོའམ། སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་འགྲོ་ཞེ་ན། སངས་རྒྱས་ཐམས་ཅད་ལ་སྐྱབས་


DLL1003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྲོ་སྟེ། ལམ་མཚན་ཉིད་འདྲ་བའི་ཕྱིར། དེས་དགེ་འདུན་ལའང་མཚོན་ནོ། །དགེ་འདུན་ནི་དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་གཉིས་ཀ་ཡིན་ནོ། །ཆོས་ལ་སྐྱབས་སུ་འགྲོ་བ་ནི། ཆོས་མྱ་ངན་ལས་འདས་པ་འགོག་བདེན་གཅིག་པུ་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །གསུམ་པ་ནི། གཞན་རྣམས་ལ་མི་ཚངས་པར་སྤྱོད་པ་སྤོང་བ་ཡན་ལག་ཏུ་བཞག་ནས། དགེ་བསྙེན་ལ་མི་ཚངས་སྤྱོད་པ་སྤོང་བ་ཡན་ལག་ཏུ་མི་འཇོག་པར་ལོག་གཡེམ་སྤོང་བ་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། ལོག་གཡེམ་ནི་གཞན་གྱི་ཆུང་མ་སུན་འབྱིན་པ་དང་། ངན་སོང་དུ་སྐྱེ་བའི་རྒྱུ་ཡིན་པས་ཤིན་ཏུ་སྨད་པའི་ཕྱིར་དང་། མི་ཚངས་སྤྱོད་དེ་ལྟ་མ་ཡིན་པའི་ཕྱིར་དང་། འཕགས་པས་ཚེ་རབས་གཞན་དུ་ལོག་གཡེམ་མི་བྱེད་པ་ཐོབ་ཅིང་། མི་ཚངས་སྤྱོད་དེ་ལྟ་མ་ཡིན་པའི་ཕྱིར་དང་། ཁྱིམ་པའི་རྟེན་ལ་ལོག་གཡེམ་སྤོང་བ་སླ་ལ། མི་ཚངས་སྤྱོད་དེ་ལྟ་མ་ཡིན་པའི་ཕྱིར། འོ་ན་དགེ་བསྙེན་གྱིས་དུས་ཕྱིས་ཆུང་མ་བླངས་ན་ལོག་གཡེམ་དུ་འགྱུར་རམ་ཞེ་ན། མི་འགྱུར་ཏེ། འདོད་པས་ལོག་གཡེམ་མི་བྱེད་དོ་ཞེས་སྡོམ་པ་ཇི་ལྟར་ཁས་བླང་པ་བཞིན་དུ་འཐོབ་ཀྱིས། རྒྱུད་གཞན་ལས་མི་ཚངས་སྤྱོད་མི་བྱེད་དོ་ཞེས་མི་ཚངས་སྤྱོད་སྤོང་བར་ཁས་བླངས་པ་མ་ཡིན་པའི་ཕྱིར། དགེ་བསྙེན་ལ་ངག་གི་གཞིའི་ནང་ནས་རྫུན་སྤོང་བ་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། བསླབ་པ་ཐམས་ཅད་ལས་འདས་པར་གྱུར་ན། གཞན་གྱིས་བྱས་སམ་ཞེས་དྲིས་བའི་ཚེ་མ་བྱས་སོ་ཞེས་རྫུན་དུ་སྨྲ་བར་


DLL1003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བར་འགྱུར་བས་དེ་སྤང་བའི་ཚད་ཡིན་པའི་ཕྱིར། དགེ་བསྙེན་ལ་བཅས་པའི་ཁ་ན་མ་ཐོ་བ་ལས་ཆང་འཐུང་བ་ཁོ་ན་སྤོང་བ་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། །དེའི་རྒྱུ་མཚན་ཡོད་དེ། བཅས་པའི་ཁ་ན་མ་ཐོ་བ་མྱོས་པར་འགྱུར་བ་འཐུང་བ་སྤོང་བ་ལས་གཞན་རྣམས་ཀྱང་བསྲུང་བའི་ཆེད་ཡིན་པའི་ཕྱིར། དེ་ལ་བྱེ་བྲག་སྨྲ་བའི་འདུལ་བ་འཛིན་པ་ཁ་ཅིག་ན་རེ། ཆང་འཐུང་བ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། བཙུན་པ་ཇི་ལྟར་བྲོ་གཡོག་བགྱི་ཞེས་ཞུས་པའི་ལན་དུ། རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གཏོགས་གཞན་རྣམས་བག་ཡངས་སུ་གནང་ལ། དེའི་རྗེས་སུ་ཤཱཀྱ་ནད་པ་རྣམས་ལ་ཆང་བཀག་པའི་ཕྱིར་དང་། ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཆང་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་དང་། སྟོན་པ་ང་ལ་དམིགས་ནས་ཆང་མ་འཐུང་མ་བླུད་ཅིག །ཆང་འཐུང་ན་ང་དེ་དག་གི་སྟོན་པ་མ་ཡིན། དེ་དག་ངའི་ཉན་ཐོས་མ་ཡིན་ཞེས་དམ་བཞག་ཆེར་མཛད་པའི་ཕྱིར་དང་། འཕགས་པས་ཚེ་རབས་གཞན་དུའང་མི་འཐུང་བ་ཐོབ་པའི་ཕྱིར་དང་། ལུས་ཀྱི་ཉེས་པར་སྤྱོད་པ་བཞི་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། ཆང་འཐུང་བའོ་ཞེས་ཆང་འཐུང་བ་ལུས་ཀྱི་ཉེས་སྤྱོད་དུ་གསུངས་པའི་ཕྱིར་དང་། འབྲུའི་ཆང་དང་། སྦྱར་བའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་ཀུན་ཏུ་བསྟེན། གོམས་པར་བྱས། ལན་མང་དུ་བྱས་ན་ཤི་བའི་འོག་ཏུ་ལུས་ཞིག་ནས་དམྱལ་བར་སྐྱེ་བར་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ནད་པ་ལ་རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་གཏོགས་གཞན་རྣམས་བག་ཡངས་སུ་


DLL1003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ནས། དེའི་རྗེས་སུ་ཆང་བཀག་པ་སྤྱིར་བཏང་དང་དམིགས་བསལ་ཡིན་པའི་ཕྱིར་དང་། ཆང་དུག་བཞིན་དུ་མ་ངེས་པས་རྩྭའི་རྩེ་མོས་ཀྱང་མི་བཏུང་བར་ངེས་པའི་ཕྱིར་དང་། ཆང་འཐུང་བ་འཇིག་རྟེན་ན་སྨད་པའི་ལས་ཡིན་ལ། འཕགས་པ་རྣམས་འཇིག་རྟེན་ན་སྨད་པའི་ལས་མི་མཛད་པ་ལ་དགོངས་པའི་ཕྱིར་དང་། ཆང་བག་མེད་པའི་གནས་དང་དྲན་པ་ཉམས་པའི་རྒྱུ་ཡིན་པས་ལུས་ཀྱི་ཉེས་སྤྱོད་དུ་གསུངས་པའི་ཕྱིར་དང་། ཆང་ལ་བརྟེན་ནས་མི་དགེ་བའི་ལས་གསར་དུ་འཕེན་ཅིང་རྣམ་སྨིན་འབྱིན་པར་ངེས་པས་ཤི་བའི་འོག་ཏུ་དམྱལ་བར་སྐྱེ་བར་གསུངས་པའི་ཕྱིར། གཞན་ཡང་ཆང་འཐུང་བ་རང་བཞིན་གྱི་ཁ་ན་མ་ཐོ་བ་མིན་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་མ་ཚང་བའི་ཕྱིར་ཏེ། རང་བཞིན་གྱི་ཁ་ན་མཐོ་བ་ནི་ཉོན་མོངས་པའི་སྟོབས་ཀྱིས་བྱེད་པ་ཡིན་ལ། ཆང་མྱོས་པར་མི་འགྱུར་བ་དེ་སྲིད་དུ་གཉེན་པོའི་བློས་ཀྱང་འཐུང་བ་ཡོད་པའི་ཕྱིར། གཉིས་པ་གང་ལས་འཐོབ་པ་ནི། སྡོམ་པ་རྣམས་གང་ལས་འཐོབ་ཅེ་ན། འདོད་པར་གཏོགས་པའི་སོ་ཐར་གྱི་སྡོམ་པ་སྦྱོར་བ་དངོས་གཞི་རྗེས་ཐམས་ཅད་མི་དགེ་བའི་སྦྱོར་དངོས་རྗེས་གསུམ་ཐམས་ཅད་སྤོང་བ་ལས་འཐོབ། རང་བཞིན་དང་བཅས་པ་གཉིས་ཀ་སྤོང་བ་དང་། གཞི་སེམས་ཅན་དང་སེམས་ཅན་མ་ཡིན་པ་གཉིས་ཀ་ལས་འཐོབ་བོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་གཞི་སེམས་ཅན་ལ་བརྟེན་པ་ནི། སྲོག་གཅོད་པ་ལྟ་བུ། རང་བཞིན་གྱི་ཁ་ན་མ་ཐོ་བ་སེམས་ཅན་མ་ཡིན་པ་ལ་བརྟེན་པ་ནི། གསེར་རྐུ་བ་ལྟ་བུ། བཅས་པའི་ཁ་ན་མ་ཐོ་བ་གཞི་སེམས་ཅན་ལ་བརྟེན་པ་ནི། བུད་མེད་ལ་རེག་པ་ལྟ་བུ། དེ་སེམས་ཅན་མ་ཡིན་པ་ལ་བརྟེན་པ་ནི་རྩ་གཅོད་པ་ལྟ་


DLL1003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །སེམས་ཅན་ཇི་ལྟ་བུ་ལས་འཐོབ་ན། ད་ལྟར་བའི་སེམས་ཅན་དག་ལས་འཐོབ་པར་འགྱུར་གྱི། འདས་མ་འོངས་ཀྱི་སེམས་ཅན་ལས་འཐོབ་པ་མ་ཡིན་ཏེ། དེ་དག་ད་ལྟ་སྲོག་གཅོད་པའི་གཞིའི་སེམས་ཅན་དུ་མི་རུང་བའི་ཕྱིར། བསམ་གཏན་ཟག་མེད་ཀྱི་སྡོམ་པ་ནི། མི་དགེ་བའི་དངོས་གཞི་སྤོང་བ་ལས་འཐོབ་པ་ཡིན་གྱི། སྦྱོར་མཇུག་སྤོང་བ་ལས་འཐོབ་པ་མ་ཡིན་ཏེ། སྦྱོར་མཇུག་སྤོང་བ་ལ་མི་ལྟོས་པའི་ཕྱིར། དེ་ཡང་རང་བཞིན་སྤོང་བ་ལས་འཐོབ་པ་ཡིན་གྱི། བཅས་པ་སྤོང་བ་ལས་འཐོབ་པ་མ་ཡིན་ཏེ། དེ་སྤོང་བར་ཁས་མ་བླངས་པའི་ཕྱིར། དུས་ནི་གསུམ་པོ་ཐམས་ཅད་ལས་འཐོབ་པ་ཡིན་ཏེ། ད་ལྟར་བའི་སེམས་ཅན་ལས་འཐོབ་པ་དེ་བཞིན་དུ། འདས་མ་འོངས་ཀྱི་སེམས་ཅན་ལས་འཐོབ་པའི་ཕྱིར། སྡོམ་པ་སེམས་ཅན་ཐམས་ཅད་ལས་འཐོབ། ཡན་ལག་དང་རྒྱུ་ལ་དབྱེ་བ་ཡོད་དེ། གཞན་རྣམས་ཡན་ལག་བཞི་ལས་འཐོབ་པ་དང་། དགེ་སློང་གི་སྡོམ་པ་ནི་ཡན་ལག་བདུན་པོ་ཐམས་ཅད་ལས་འཐོབ། དགེ་བའི་རྩ་བ་གསུམ་རྒྱུར་བྱས་ན་རྒྱུ་ཐམས་ཅད་དང་། ཀུན་སློང་ཆུང་ངུ་འབྲིང་ཆེན་པོ་གསུམ་རྒྱུར་བྱས་ན་གང་ཡང་རུང་བ་ལས་འཐོབ་པའི་ཕྱིར། འོ་ན་སྡོམ་མིན་ཡང་སེམས་ཅན་ཐམས་ཅད་ལས་འཐོབ་པམ་ཞེ་ན། སྡོམ་པ་མིན་པ་སེམས་ཅན་ཐམས་ཅད་དང་། ཡན་ལག་ཀྱང་ཀུན་ལས་འཐོབ། རྒྱུ་ཐམས་ཅད་ལས་མི་འཐོབ་སྟེ། མི་དགེ་བའི་རྩ་བ་གསུམ་ཅིག་ཅར་འབྱུང་བ་མེད། ཀུན་སློང་གསུམ་ལྷན་ཅིག་འབྱུང་བ་ཡང་མེད་པའི་ཕྱིར། མདོ་སྡེ་པ་ན་རེ། སྡོམ་མིན་སེམས་ཅན་ཐམས་ཅད་ལས་མི་འཐོབ་སྟེ། བཤན་པ་ལྟ་བུ་རང་གི་བུ་དང་ཕ་མ་སོགས་ལ་ཕྱིན་ཅི་ལོག་ཏུ་མ་ཞུགས་པ་ཡོད་


DLL1003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཡན་ལག་ཀྱང་ཀུན་ལས་འཐོབ་པ་མ་ཡིན་ཏེ། བཤན་པ་ལྟ་བུ་མ་བྱིན་པར་མི་ལེན་པ་དང་། རང་གི་བུད་མེད་ལས་གཞན་ལ་མི་ཚངས་སྤྱོད་མི་བྱེད་པ་ཡོད་པའི་ཕྱིར་དང་། ངག་ལྐུགས་ནས་སྨྲ་མི་ཤེས་པ་ཡོད་པའི་ཕྱིར་ཞེས་ཟེར། གཉིས་པ་ནི། །སྡོམ་མིན་གང་ལས་འཐོབ་སྙམ་ན། དེ་ནི་བཤན་པ་ལྟ་བུ་དང་པོ་ནས་དེའི་རིགས་སུ་སྐྱེས་པ་ཡིན་ན། བྱ་བ་དེ་ལ་ཞུགས་པས་འཐོབ་པའམ། དང་པོ་ནས་དེའི་རིགས་སུ་སྐྱེས་པ་མ་ཡིན་ན། ཡུལ་ཀྱི་གཙོ་བོ་ལྟ་བུའི་དྲུང་དུ་ཕྱིན་ནས་བདག་འདིས་འཚོ་བར་བྱའོ་ཞེས་ཁས་ལེན་ཅིང་། ལོག་པའི་བསམ་པ་སྐྱེས་ནས་བྱ་བ་དེ་ལ་དངོས་སུ་ཞུགས་པ་ལས་ཐོབ་པར་འགྱུར་རོ། །གསུམ་པ་ནི། སྡོམ་སྡོམ་མིན་གྱི་ལྷག་མ་བར་མའི་རྣམ་པར་རིག་བྱེད་མིན་པ་ཞིང་ལས་འཐོབ་པ་ནི། རྫས་ལས་བྱུང་བའི་བསོད་ནམས་བདུན་ལྟ་བུ། ཁས་ལེན་པ་ལས་འཐོབ་པ་ནི། སངས་རྒྱས་ལ་ཕྱག་མ་བཙལ་བར་ཟས་མི་ཟ་ཞེས་པ་ལྟ་བུ། གུས་པར་བྱེད་པ་ལས་འཐོབ་པ་ནི། ཀུན་སློང་དྲག་པོས་འཐོབ་པ་ལྟ་བུའོ། །གཉིས་པ་ལ་གསུམ། སྡོམ་པའི། སྡོམ་མིན་གྱི། བར་མའི་གཏོང་ཚུལ་ལ། །དང་པོ་ལ་གཉིས། སོ་ཐར་གྱི་སྡོམ་པའི། བསམ་གཏན་ཟག་མེད་ཀྱི་སྡོམ་པའི་གཏོང་ཚུལ་ལོ། །དང་པོ་ནི། མི་སྨྲ་ཤེས་དོན་གོའི་དྲུང་དུ་བསམ་པ་ཐག་པ་ནས་བསླབ་པ་ཕུལ་ན་སོ་སོར་ཐར་པའི་འདུལ་བ་གཏོང་སྟེ། བསླབ་པ་ཡང་དག་པར་བླངས་པ་དང་འགལ་བའི་རྣམ་པར་རིག་བྱེད་སྐྱེས་པའི་ཕྱིར། ཤི་འཕོས་པའི་ཚེ་ན་ཡང་དེ་གཏོང་སྟེ། དེའི་རྟེན་མེད་པར་སོང་བའི་ཕྱིར། མཚན་གཉིས་དག་ནི་ཅིག་ཅར་བྱུང་བ་ལས་ཀྱང་དེ་གཏོང་སྟེ། རྟེན་ཉམས་པའི་ཕྱིར། དགེ་བའི་རྩ་


DLL1003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆད་པ་ལས་ཀྱང་སོ་སོར་ཐར་པའི་འདུལ་བ་གཏོང་སྟེ། སྡོམ་པའི་རྩ་བ་ཆད་པའི་ཕྱིར། དེ་དག་གི་སྟེང་དུ་མཚན་མོ་འདས་པ་ལས་བསྙེན་གནས་ཀྱི་སྡོམ་པ་གཏོང་སྟེ། ཇི་སྲིད་དུ་འཕངས་པའི་འཕེན་པ་རྫོགས་པའི་ཕྱིར། ཉི་འོག་པ་ཁ་ཅིག་རྩ་བའི་ལྟུང་བ་གང་ཡང་རུང་བ་གཅིག་བྱུང་བར་གྱུར་པ་ལས་སྡོམ་པ་ཐམས་ཅད་གཏོང་བར་བྱའོ། །ཟངས་མའི་གླེགས་བུ་ལ་སྡེ་སྣོད་གསུམ་འབྲི་བར་བྱེད་པས་ན་གོས་དམར་བའི་སྡེ་པ་གཞན་དག་དམ་པའི་ཆོས་ནུབ་པ་ལས་སོ་སོར་ཐར་པའི་སྡོམ་པ་གཏོང་སྟེ། དེའི་ཚེ་བསླབ་པའི་མཚམས་དང་ལས་ཀྱི་ཆོག་མེད་པར་སོང་བའི་ཕྱིར་ཞེས་ཟེར། སློབ་དཔོན་ན་རེ། དམ་པའི་ཆོས་ནུབ་པའི་ཚེ། འདུལ་བའི་ལས་མེད་པས་སྡོམ་པ་སྔོན་མེད་གསར་དུ་མི་འཐོབ་པ་ཡིན་གྱི། སྔར་ཐོབ་ཟིན་གསར་དུ་གཏོང་བ་མིན་ནོ། །ཞེས་གསུང་ངོ་། །ཁ་ཆེ་བ་རྣམས་ནི་རྩ་བའི་ལྟུང་བ་བྱུང་བ་ལ། ཚུལ་ཁྲིམས་འཆལ་བ་དང་ཚུལ་ཁྲིམས་ཅན་གཉིས་སུ་འདོད་དེ། མི་ཞིག་བུ་ལོན་ཅན་དང་ནོར་ཅན་གཉིས་སུ་འདོད་པ་བཞིན་ནོ། །ལྟུང་བ་བཤགས་ནས་དགྲ་བཅོམ་པ་ཐོབ་པ་ནི། ཚུལ་ཁྲིམས་ཅན་ཁོ་ནར་འདོད་དེ། དཔེར་ན། བུ་ལོན་ཅན་དེ་བུ་ལོན་བཅལ་བ་ན་ནོར་ཅན་ཁོ་ནར་འགྱུར་བ་བཞིན་ནོ། །འོ་ན་རྩ་ལྟུང་བྱུང་བ་ལ་ཚུལ་ཁྲིམས་དང་ལྡན་པ་ཇི་ལྟར་ཡོད་ཅེ་ན། ཡོད་དེ། དགེ་སློང་ཚུལ་ཁྲིམས་འཆལ་བ་ཞིག་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དོ། །ཞེས་གསུངས་ལ། ལྟུང་བ་སྡེ་ལྔ་པོ་དེ་ཚུལ་ཁྲིམས་དང་ལྡན་པའི་དབང་དུ་བྱས་ནས་བཅས་པའི་ཕྱིར་དང་། དགེ་སློང་བཞི་སྟེ་ལྔ་པ་མེད། །ལམ་གྱིས་རྐྱལ་དང་ལམ་སྟོན་དང་། །ལམ་ཕྱིར་འཚོ་དང་ལམ་སུན་འབྱིན། །ཞེས་ལམ་སུན་འབྱིན་པའི་དགེ་སློང་


DLL1003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་བ་གཉིས་ཀ་ལ་གསུངས་པའི་ཕྱིར་དང་། མི་ཚངས་པར་སྤྱོད་ཀྱང་འཆབ་སེམས་སྐད་ཅིག་མ་གཅིག་ཀྱང་མ་སྐྱེས་ན། ཆད་པའི་ལས་ཀྱིས་བསླབ་པ་བྱིན་ནས་དགེ་སློང་གི་སར་འཇོག་པར་གསུངས་པའི་ཕྱིར་དང་། རྩ་ལྟུང་བྱུང་བ་རབ་ཏུ་མི་འབྱིན་པའི་ཕྱིར། ཡང་མི་ཚངས་སྤྱོད་ལྟ་བུ་གཅིག་བྱུང་བས་སྡོམ་པ་ཐམས་ཅད་གཏོང་བ་མ་ཡིན་ཏེ། སྡོམ་པ་ཐམས་ཅད་དང་ཡང་དག་པ་འགལ་བའི་རྣམ་པར་རིག་བྱེད་རྒྱུད་ལ་མ་སྐྱེས་པའི་ཕྱིར། དེ་ལྟ་མིན་པར་རྩ་ལྟུང་གཅིག་བྱུང་བས་སྡོམ་པ་ཐམས་ཅད་གཏོང་ན། སྡོམ་པ་གཅིག་བླངས་པས་ཀྱང་ཐམས་ཅད་བླངས་པར་འགྱུར་རོ་ཞེས་ཟེར། དེ་ལ་མདོ་སྡེ་པ་ན་རེ། དེ་མི་འཐད་དེ། སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར། སྒྲུབ་བྱེད་མེད་དེ། དགེ་སློང་ཚུལ་ཁྲིམས་འཆལ་བ་ཞིག་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དོ་ཞེས་གསུངས་པ་དེ་ངན་སོང་དུ་ལྟུང་བ་ཙམ་ལ་དགོངས་པའི་ཕྱིར་དང་། ལམ་སུན་འབྱིན་པའི་དགེ་སློང་གསུངས་པ་དེ་དགེ་སློང་གི་ཤ་ཚུགས་འཛིན་པ་ཙམ་ལ་དགོངས་པའི་ཕྱིར་དང་། མི་ཚངས་པར་སྤྱད་ཀྱང་འཆབ་སེམས་སྐད་ཅིག་མ་གཅིག་ཀྱང་མ་བསྐྱེད་ན་ཕས་ཕམ་བྱུང་བར་ཁོ་བོ་ཅག་ཀྱང་ཁས་མི་ལེན་པའི་ཕྱིར་དང་། རྩ་ལྟུང་བྱུང་བ་རབ་ཏུ་མི་འབྱིན་པར་གསུངས་པ་དེ། རྒྱུད་ངོ་ཚ་མེད་དང་ཁྲེལ་མེད་ཤས་ཆེན་པོས་ཉམས་ནས། ཚེ་དེ་ལ་སྡོམ་པ་སྐྱེ་བའི་སྐལ་པ་མེད་པ་ལ་དགོངས་པའི་ཕྱིར། གནོད་བྱེད་ཡོད་དེ། དགེ་སློང་གིས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར་ཞེས་སོགས་གསུངས་པའི་ཕྱིར། སྐྱོན་མེད་དེ། དེ་ནི་དོན་དམ་


DLL1003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་སློང་ལ་དགོངས་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། མདོ་ལས། དགེ་སློང་བཞི་སྟེ། མིང་གི་དགེ་སློང་། ཁས་འཆེ་བའི་དགེ་སློང་། སློང་བས་ན་དགེ་སློང་། དགྲ་བཅོམ་པས་ན་དགེ་སློང་སྟེ་དོན་འདི་ལ། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ཡིན། ཞེས་གསུངས་པའི་ཕྱིར། གཞན་ཡང་ཚུལ་ཁྲིམས་འཆལ་བ་དགེ་སློང་གི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལས་ལོགས་སུ་དགར་བར་གསུངས་པའི་ཕྱིར་དང་། ཚུལ་ཁྲིམས་འཆལ་བ་གནས་ནས་སྐྲོད་པར་གསུངས་པའི་ཕྱིར། ཇི་ལྟར་ན། དགེ་སློང་མིན་ལ་དགེ་སློང་དུ། །སྨྲ་བ་སྲེད་ཕ་སལ་བར་གྱིས། །ཤིང་རུལ་དག་ཀྱང་སྤང་བར་གྱིས། །སྙིང་པོ་མེད་པ་དོར་བར་གྱིས། །ཞེས་གསུངས་པའི་ཕྱིར་ཞེས་གསུང་ངོ་། །གཉིས་པ་ནི། བསམ་གཏན་གཏོགས་པའི་དགེ་བ་ནི། ས་གོང་འོག་ཏུ་འཕོས་པ་དང་། སྙོམས་འཇུག་ལས་ཉམས་པ་དག་གིས་གཏོང་། དེ་བཞིན་དུ་གཟུགས་མེད་དུ་གཏོགས་པའི་དགེ་བའང་། ས་འཕོས་པ་དང་ཉམས་པ་དག་གིས་གཏོང་། འཕགས་པ་ཟག་མེད་ཀྱི་སྡོམ་པ་ནི། འབྲས་བུ་ཐོབ་པའི་ཆ་ཞུགས་པས་བསྡུས་པའི་སྡོམ་པ་གཏོང་། དབང་པོ་སྦྱངས་པའི་ཚེ་དབང་པོ་རྟུལ་པོས་བསྡུས་པའི་སྡོམ་པ་གཏོང་། འབྲས་བུ་ལས་ཉམས་པའི་ཚེ་ཁྱད་པར་ཅན་གྱིས་བསྡུས་པ་གཏོང་ངོ་། །གཉིས་པ་ནི། སྡོམ་མིན་གྱི་གཏོང་ཚུལ་ཇི་ལྟ་བུ་ཞེ་ན། སྡོམ་མི་ན་དེ་ནི་སྡོམ་པ་ཐོབ་པའི་ཚེ་གཏོང་བ་ཡིན་ཏེ། དེའི་ཚེ་དེ་དང་འགལ་བའི་གཉེན་པོ་སྟོབས་ལྡན་སྐྱེས་པའི་ཕྱིར། ཤི་བའི་ཚེ་གཏོང་བ་ཡིན་ཏེ། དེའི་ཚེ་རྟེན་ཞིག་པའི་ཕྱིར། མཚན་གཉིས་ཅིག་ཅར་བྱུང་བ་ལས་ཀྱང་གཏོང་བ་ཡིན་ཏེ། དེའི་


DLL1003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རྟེན་ཉམས་པའི་ཕྱིར། གསུམ་པ་ནི། །བར་མ་ཤུགས་བླངས་བྱ་བ་དང་། །དོན་ཚེ་རྩ་བ་ཆད་པ་ལས། །སྡོམ་པ་སྡོམ་མིན་གྱི་བར་མ་ནི། རབ་ཏུ་དང་བ་དང་ཉོན་མོངས་པའི་ཤུགས་ཆད་པ་དང་། ཇི་སྲིད་དུ་འདི་ལྟ་བུ་བྱའོ་ཞེས་ཁས་བླངས་པ་ཆད་པ་དང་། ཁས་བླངས་མ་ཆད་ཀྱང་ཁས་བླངས་པ་བཞིན་མི་བྱེད་པའི་བྱ་བ་ཆད་པ་དང་། མཆོད་རྟེན་དང་རྒྱ་ལ་བརྟེན་པ་ནི་དོན་ཆད་པ་དང་། ཚེ་ཆད་པ་དང་། དགེ་བའི་རྩ་བ་ཆད་པ་ལས་གཏོང་ངོ་། །འདོད་པར་གཏོགས་པའི་དགེ་བ་གཟུགས་ཅན་མིན་པ་ནི་དགེ་རྩ་ཆད་པ་དང་གོང་དུ་སྐྱེས་པ་ལས་དང་། ཁམས་གསུམ་གྱི་ཉོན་མོངས་པ་ཅན་གཟུགས་ཅན་མིན་པ་ནི། རང་རང་གི་གཉེན་པོ་བར་ཆད་མེད་ལམ་སྐྱེས་པས་རྣམ་པར་ཉམས་པར་འགྱུར་རོ། །བཞི་པ་ནི། སྡོམ་མིན་དེ་གང་ཟག་གང་ལ་ལྡན་ཞེ་ན། སྐྱེས་ཙམ་ནས་མཚན་གཉིས་ཀ་མེད་པའི་ཟ་མ་དང་། མཚོན་ལ་སོགས་པས་ཉམས་པས་མ་ནིང་དང་། བྱང་སྒྲ་མི་སྙན་པ་དང་། མཚན་གཉིས་པ་མ་གཏོགས་པའི་མི་རྣམས་ལ་སྡོམ་མིན་ཡོད་ཀྱི། ཟ་མ་སོགས་ལ་དེ་མེད་དེ། དགེ་སྡིག་གི་བསམ་པ་མི་བརྟེན་པའི་ཕྱིར། སྡོམ་པའང་དེ་བཞིན་དུ་ཟ་མ་མ་ནིང་སྒྲ་མི་སྙན་མཚན་གཉིས་པ་མ་གཏོགས་པའི་མི་རྣམས་ལ་ཡོད་ཀྱི། ཟ་མ་སོགས་ལ་མེད་དོ། །སྡོམ་པ་ནི་འདོད་པའི་ལྷ་ལའང་ཡོད་དོ། །འོ་ན་གང་ཟག་གང་ལ་སྡོམ་པ་དུ་ཡོད་ཅེ་ན། མི་རྣམས་ལ་སྡོམ་པ་གསུམ་ག་ཡོད། འདོད་པ་དང་གཟུགས་སུ་སྐྱེས་པའི་ལྷ་རྣམས་ལ་བསམ་གཏན་ལས་སྐྱེས་པའི་སྡོམ་པ་ཡོད་དེ། འདོད་པའི་ལྷ་ལ་བསམ་གཏན་ལས་སྐྱེས་པའི་སྡོམ་པ་ཡོད་དུ་རུང་བ་དང་། གཟུགས་སུ་སྐྱེས་པའི་ལྷ་ལ་བསམ་གཏན་ལས་སྐྱེས་པའི་སྡོམ་པ་ཡོད་པས་ཁྱབ་པའི་ཕྱིར། ཟག་མེད་


DLL1003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྡོམ་པ་ནི་བསམ་གཏན་ཁྱད་པར་ཅན་དང་འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་གཟུགས་ཁམས་པའི་ལྷ་དང་གཟུགས་མེད་ཀྱི་ལྷ་ལའང་ཡོད་པ་ཡིན་ནོ། །གཉིས་པ་མདོ་ལས་འབྱུང་བའི་མིང་གི་རྣམ་གྲངས་བ་བཅོ་ལྔ་ཡོད་པ་ལས། དང་པོ་མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་མདོར་བསྟན་པ་ནི། ལས་དགེ་མི་དགེ་ལུང་མ་བསྟན་གང་ཞེ་ན། བདེ་བ་སྟེར་བའི་ལས་དེ་དགེ་བའི་ལས་དང་། མི་བདེ་བ་སྡུག་བསྔལ་སྟེར་བའི་ལས་དེ་མི་དགེ་བའི་ལས་དང་། གཞན་བཏང་སྙོམས་མྱོང་བར་བྱེད་པའི་ལས་ནི་གཞན་ཡུང་མ་བསྟན་གྱི་ལས་ཡིན་ནོ། །གཉིས་པ་འབྲས་བུའི་སྒོ་ནས་དབྱེ་བ་ལ་གཉིས། བསྟན། བཤད་དོ། །དང་པོ་ནི། བདེ་བ་མྱོང་འགྱུར་ལ་སོགས་གསུམ། །ལས་དེ་ལ་གསུམ་ཡོད་དེ། བསོད་ནམས་ཀྱི་ལས་དང་། བསོད་ནམས་མ་ཡིན་པའི་ལས་དང་། མི་གཡོ་བའི་ལས་རྣམས་སུ་ཡོད་པའི་ཕྱིར། ཡང་ལས་དེ་ལ་གསུམ་ཡོད་དེ། བདེ་བ་མྱོང་བར་འགྱུར་བའི་ལས་ལ་སོགས་པ་གསུམ་ཡོད་པའི་ཕྱིར། གཉིས་པ་ལ། བསོད་ནམས་སོགས་བཤད་པ་དང་། བདེ་སོགས་བཤད་པའོ། །དང་པོ་ནི། འོ་ན། བསོད་ནམས་ཀྱི་ལས་ལ་སོགས་པ་གང་ཞེ་ན། བསོད་ནམས་ཀྱི་ལས་ནི་འདོད་ཁམས་ཀྱི་དགེ་བའི་ལས་དང་། མི་གཡོ་བའི་ལས་ནི་གོང་མ་གཟུགས་གཟུགས་མེད་ལས་སྐྱེས་པའི་ལས་ཡིན་ནོ། །གོང་མའི་ལས་དེ་མི་གཡོ་བ་ཡིན་ན། བསམ་གཏན་གསུམ་པ་མན་ཆད་གཡོ་བར་བཤད་པ་དང་འགལ་ཞེ་ན། མི་འགལ་ཏེ། བསམ་གཏན་གསུམ་པ་མན་ཆད་གཡོ་བར་བཤད་པ་ནི་ཏིང་ངེ་འཛིན་གྱི་སྐྱོན་གྱིས་གཡོ་བ་ལ་དགོངས། གོང་མའི་ལས་རྣམ་སྨིན་མི་གཡོ་བ་ལ་དགོངས་པའི་ཕྱིར། རྣམ་སྨིན་མི་གཡོ་བ་ཡིན་ཏེ། གང་གི་ཕྱིར་ན་གཟུགས་


DLL1003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་ཀྱིས་ནི་དེ་དག་ཏུ་སྨིན་པར་འགྱུར་པའི་ལས་ཀྱི་རྣམ་སྨིན་ས་གཞན་དུ་ནམ་ཡང་མི་སྨིན་པའི་ཕྱིར་ན་རྣམ་སྨིན་གཞན་དུ་མི་གཡོ་བའི་ཕྱིར། འདོད་ཁམས་གྱི་ལས་ནི་གཡོ་བ་ཡིན་ཏེ། ལྷར་སྐྱེ་འགྱུར་རྐྱེན་གྱི་དབང་གིས་འགྲོ་བ་གཞན་དུ་འགྱུར་བ་ཡོད་པའི་ཕྱིར། དཔེར་ན། བྲམ་ཟེ་ཞིག་གིས་སྦྱིན་པ་བཏང་བ་ལས་ལྷར་སྐྱེ་བར་འགྱུར་བ། གླང་ཆེན་མཛེས་པ་མཐོང་ནས་བདག་ཀྱང་འདི་ལྟ་བུ་ཐོབ་ན་སྙམ་པ་ལས་གླང་པོ་ཆེ་ས་སྲུངས་ཀྱི་བུར་སྐྱེས་པ་ལྟ་བུའོ། །གཉིས་པ་ལ། མྱོང་འགྱུར་གསུམ་པོ་སོ་སོའི་མཚན་གཞི། མྱོང་འགྱུར་གྱི་དབྱེ་བ། ལས་གང་གི་འབྲས་བུ་ཚོར་བ་གང་ཡིན་པའོ། །དང་པོ་ལ། རང་ལུགས་དང་། གཞན་ལུགས་སོ། །དང་པོ་ནི། བདེ་བ་མྱོང་འགྱུར་ལ་སོགས་གསུམ། ཞེས་བཤད་ན་དེ་དག་གང་ཞེ་ན། འདོད་པ་ནས་བསམ་གཏན་གསུམ་པའི་བར་གྱི་དགེ་བའི་ལས་ནི་བདེ་བ་མྱོང་བར་འགྱུར་བའི་ལས། བསམ་གཏན་གསུམ་པ་དེ་ཡན་ཆད་ནས་སྲིད་རྩེའི་བར་གྱི་དགེ་བའི་ལས་ནི་སྡུག་མིན་བདེ་མིན་གྱི་བཏང་སྙོམས་མྱོང་བར་འགྱུར་བའི་ལས། སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ནི་འདོད་པ་འདིའི་མི་དགེ་བའོ། །གཉིས་པ་ནི། བསམ་གཏན་བཞི་པའི་འོག་གསུམ་པ་མན་ཆད་ནའང་བར་མ་མྱོང་བར་འགྱུར་བའི་ལས་ཡོད་དོ་ཞེས་ཁ་ཅིག་ཟེར་ཏེ། གང་གི་ཕྱིར་ན་བསམ་གཏན་ཁྱད་པར་ཅན་དུ་རྣམ་པར་སྨིན་བའི་ལས་ཡོད་པའི་ཕྱིར་དང་། སྔ་ཕྱི་མེད་པར་དུས་གཅིག་ཏུ་འབྲས་བུ་གསུམ་སྨིན་པར་འདོད་དགོས་པའི་ཕྱིར། གཉིས་པ་ལ། ལྔར་དབྱེ་བ། རྣམ་སྨིན་མྱོང་འགྱུར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། །མྱོང་བར་འགྱུར་བའི་ལས་རྣམ་པ་ལྔ་ཡོད་པ་


DLL1003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཚོར་བ་ལྟ་བུ་ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བ་དང་། རེག་པ་ལྟ་བུ་མཚུངས་ལྡན་གྱིས་མྱོང་བར་འགྱུར་བ་དང་། གཟུགས་ལྟ་བུ་དམིགས་པས་མྱོང་བར་འགྱུར་བ་དང་། དགེ་མི་དགེའི་ལས་ལྟ་བུ་རྣམ་སྨིན་གྱིས་མྱོང་བར་འགྱུར་བ་དང་། ཚོར་བ་ལྟ་བུ་མངོན་སུམ་དུ་གྱུར་པ་ལས་མྱོང་བར་འགྱུར་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། སྦྱིར་བསྟན། མྱོང་ངེས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ལས་ཀྱི་དབྱེ་བ། ཁམས་དང་འགྲོ་བ་གང་ན་ལས་འཕེན་པ་དུ་ཡོད་གཉིས། དང་པོ་ནི། །རྣམ་སྨིན་མྱོང་འགྱུར་གྱི་ལས་དེ་ལ་བཞི་སྟེ། དེ་ལ་ཡང་ངེས་པ་དང་མ་ངེས་པའི་ལས་གཉིས་ལས། དང་པོ་ལ། མྱོང་འགྱུར་ཕྱིར་ན་ངེས་རྣམ་གསུམ། །ཁ་ཅིག་ལས་རྣམ་ལྔ་ཞེས་ཟེར། །གཞན་དག་མུ་ནི་བཞི་ཞེས་ཟེར། །གསུམ་གྱིས་རིས་ནི་འཕེན་པར་བྱེད། །ཚེ་འདི་ལ་མྱོང་བར་འགྱུར་བ་མཐོང་ཆོས་ལ་མྱོང་འགྱུར་གྱི་ལས། ཚེ་ཕྱི་མ་ལ་མྱོང་བར་འགྱུར་བ་སྐྱེས་ནས་མྱོང་འགྱུར་གྱི་ལས། ཚེ་དེའི་ཡང་ཕྱི་མ་ཕན་ཆད་ལ་མྱོང་བར་འགྱུར་བ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཏེ་ངེས་པའི་ལས་རྣམ་པ་གསུམ་ཡོད་པའི་ཕྱིར། ཁ་ཅིག་ལས་རྣམ་པ་ལྔ་ཞེས་ཟེར་ཏེ། མ་ངེས་པའི་ལས་ལ་རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་པ་དང་། དེ་གཉིས་ཀ་མ་ངེས་པ་གཉིས་སུ་ཕྱེ་བས་སོ། །དཔེ་སྟོན་པ་མདོ་སྡེ་པའི་སྡེ་པ་གཞན་དག་མུ་ནི་བཞི་ཞེས་ཟེར་ཏེ། རྣམ་སྨིན་ངེས་པ་ལ་གནས་སྐབས་མ་ངེས་པ། གནས་སྐབས་ངེས་ལ་རྣམ་སྨིན་མ་ངེས་པ། གཉིས་ཀ་ངེས་པ། གཉིས་ཀ་མ་ངེས་པའོ། །འོ་ན། ལས་གང་གིས་རིས་མཐུན་འཕེན་ཞེ་ན། གསུམ་གྱིས་རིས་མཐུན་ནི་འཕེན་པར་བྱེད་ཀྱི། མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་ཀྱིས་རིས་མཐུན་མི་འཕེན་ཏེ། ལས་བྱེད་པའི་ཕུང་པོའི་རྒྱུན་དེ་ཉིད་ལ་རྣམ་པར་སྨིན་པའི་ཕྱིར། གཉིས་པ་ནི། ཁམས་དང་འགྲོ་


DLL1003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་ན་ལས་འཕེན་པ་དུ་ཡོད་ཅེ་ན། འགྲོ་བ་ལྔ་པོ་ཐམས་ཅད་ན་ནི་ལས་ཀྱི་འཕེན་པ་བཞི་ཡོད། འོན་ཀྱང་དམྱལ་བ་ན་ནི་དགེ་བའི་ལས་ཀྱི་འཕེན་པ་གསུམ་ཡོད་ཀྱི། མཐོང་ཆོས་ལ་མྱོང་འགྱུར་གྱི་དགེ་བའི་ལས་འཕེན་པ་མེད་དེ། དེ་ན་རྣམ་སྨིན་ཡིད་དུ་འོང་བ་མེད་པའི་ཕྱིར། ས་བརྒྱད་པོ་གང་ལས་འདོད་ཆགས་དང་བྲལ་བ་བརྟན་པའི་བྱིས་པ། འདོད་ཆགས་དང་བྲལ་བའི་ས་དེར་སྐྱེས་ནས་མྱོང་འགྱུར་གྱི་ལས་མི་བྱེད་དེ། དེ་ཕྱི་མ་ལ་འདོད་ཆགས་དང་བྲལ་བའི་ས་དེར་མི་སྐྱེ་བའི་ཕྱིར། ས་བར་པ་བདུན་ལས་འདོད་ཆགས་དང་བྲལ་བ་བརྟན་པའི་འཕགས་པས་དེས་སྐྱེས་ནས་མྱོང་འགྱུར་དུ་མ་ཟད་ལན་གྲངས་གཞན་དུའང་མྱོང་འགྱུར་གྱི་ལས་མི་བྱེད་དེ། དེ་འདོད་ཆགས་དང་བྲལ་བའི་ས་དེར་གཏན་ནས་མི་སྐྱེ་བའི་ཕྱིར། འདོད་པ་དང་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བའི་འཕགས་པ་མི་བརྟེན་པ་དེ་ཡང་། འདོད་རྩེར་སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བྱེད་པ་མིན་ཏེ། འདོད་པ་དང་སྲིད་རྩེ་ལ་འདོད་ཆགས་དང་བྲལ་བ་ལས་ཉམས་པའི་འཕགས་པ་ནི་འབྲས་བུ་ལས་ཉམས་པ་ཡིན་ལ། དེ་ལས་ཉམས་པ་སོར་མ་ཆུད་གྱི་བར་དུ་འཆི་བ་མི་སྲིད་པའི་ཕྱིར། བར་དོ་ན་ཡང་ལས་ཀྱི་འཕེན་པ་ཡོད་དམ་ཞེ་ན། སྲིད་པ་བར་མ་འདོད་ཁམས་སུ་བར་དོ་དེ་ཉིད་དང་། མངལ་གྱི་གནས་སྐབས་ལྔ། བཙས་པའི་གནས་སྐབས་ལྔ་སྟེ་བཅུ་གཅིག་མྱོང་བར་ངེས་མ་ངེས་གཉིས་གཉིས་ཏེ་འཕེན་པ་རྣམ་པ་ཉི་ཤུ་རྩ་གཉིས་ཡོད་ལ། ངེས་པ་བཅུ་གཅིག་ནི་མཐོང་ཆོས་ལ་འབྲས་བུ་ཅན་གྱི་ལས་བྱེད་པ་ཡིན་ཏེ། དེ་ནི་ལས་སོག་པའི་གནས་སྐབས་ཀྱི་


DLL1003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་དང་རྣམ་སྨིན་མྱོང་བའི་གནས་སྐབས་ཀྱི་ཕུང་པོ་གཉིས་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་རིས་མཐུན་གཅིག་ཁོ་ན་ཡིན་པའི་ཕྱིར། གཉིས་པ་ནི། རྣམ་སྨིན་མྱོང་ངེས་ཀྱི་ལས་དེ་གང་ཞེ་ན། ཉོན་མོངས་པ་དང་རབ་ཏུ་དང་བ་ཤུགས་དྲག་པོ་དང་ཡོན་ཏན་གྱི་ཞིང་དཀོན་མཆོག་ལ་བརྟེན་པ་དང་། རྒྱུན་ཆགས་སུ་བྱས་པ་གང་ཞིག་ཡིན་པ་དང་། བསོད་ནམས་ཀྱི་བློས་ཀྱང་རུང་བ་ཕ་མ་གསོད་པའི་ལས་གང་ཡིན་པ་དེ་རྣམ་སྨིན་མྱོང་བར་ངེས་པའོ། །དེ་ནི་མཐོང་ཆོས་འབྲས་བུ་ཡིན། །ཞེས་བཤད་ན་དེ་གང་ཞེ་ན། མཐོང་ཆོས་འབྲས་བུ་ཅན་གྱི་ལས་ཞིང་དང་བསམ་བའི་ཁྱད་པར་ལས་འགྱུར་པ་ཡིན་ཏེ། ཞིང་གི་ཁྱད་པར་ལས་མཐོང་ཆོས་འབྲས་བུ་ཅན་གྱི་ལས་སུ་འགྱུར་བ་ནི། སྔོན་བདག་ཅག་གི་སྟོན་པ་དགེ་སློང་སྡེ་སྣོད་གསུམ་པར་གྱུར་པ་ན། དགེ་འདུན་གྱིས་རྩོད་པ་འཕེལ་བར་བྱས་པ་དགེ་སློང་སྡེ་སྣོད་འཛིན་པ་ཞིག་གིས་བསྡུམས་པས། དགེ་སློང་སྡེ་སྣོད་གསུམ་པ་དེ་ཁྲོས་ནས་བུད་མེད་ཀྱིས་བུད་མེད་ཀྱི་རྩོད་པ་ཞི་བར་བྱས་སོ་ཞེས་སྐུར་བ་བཏབ་པ་ལས། ཚེ་དེ་ཉིད་ལ་བུད་མེད་དུ་གྱུར་ཅིང་། དེ་ནས་སྐྱེ་བ་ལྔ་བརྒྱར་བུད་མེད་དུ་གྱུར་པ་ལྟ་བུ་འོ། །བསམ་པའི་ཁྱད་པར་ལས་མཐོང་ཆོས་འབྲས་བུ་ཅན་གྱི་ལས་སུ་འགྱུར་བ་ནི། རྒྱལ་པོ་ཀ་ནི་ཀའི་ཉུག་རུམ་པ་ལོང་བ་ཞེས་པས། མི་ཞིག་གིས་གླང་ལྔ་བརྒྱ་འདེད་པ་ལ་ཅི་བྱེད་དྲིས་པས། འབྲས་བུ་འབྱིན་པ་ཡིན་ཟེར་ལ། སྙིང་རྗེས་དེ་དག་དེ་ལས་ཐར་པར་བྱས་པས་ཚེ་དེ་ཉིད་ལ་མཚན་སོར་ཆུད་པ་ལྟ་བུའོ། །དེར་མ་ཟད་ས་དེའི་འདོད་ཆགས་དང་གཏན་དུ་བྲལ་བའི་ཕྱིར། ས་དེར་རྣམ་སྨིན་ངེས་པ་གང་ཡིན་པའང་མཐོང་ཆོས་འསྲར་བུ་ཅན་གྱི་ལས་


DLL1003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཞིང་གི་ཁྱད་པར་ཅི་ལྟ་བུ་ཞེ་ན། གང་དག་འགོག་པ་ལས་ལངས་མ་ཐག་པ་ལ་ཕན་གནོད་བྱས་པས་འབྲས་བུ་འཕྲལ་དུ་མྱོང་བར་འགྱུར་ཏེ། དེ་མྱ་ངན་ལས་འདས་པ་སླར་ལོག་པ་དང་འདྲ་བའི་ཕྱིར། བྱམས་པ་ཚད་མེད་དང་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ལས་ལངས་མ་ཐག་པ་ལ་ཕན་གནོད་བྱས་པས་འབྲས་བུ་འཕྲལ་དུ་མྱོང་བར་འགྱུར་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། ཉོན་མོངས་པ་མེད་པའི་ལྷག་པའི་བསམ་པ་དང་འབྲེལ་ཞིང་། རྣོ་ཞིང་གསལ་བའི་བསོད་ནམས་ཚད་མེད་པས་ཡོངས་སུ་བསྒོས་པའི་ཕྱིར། མཐོང་ལམ་ལས་ལངས་མ་ཐག་པ་ལ་ཕན་གནོད་བྱས་པས་འབྲས་བུ་འབྲལ་དུ་མྱོང་བར་འགྱུར་ཏེ། དེས་མཐོང་སྤང་མ་ལུས་པར་སྤངས་པའི་གནས་གྱུར་གསར་པ་དྲི་མ་མེད་པ་ཐོབ་པའི་ཕྱིར། དགྲ་བཅོམ་པའི་འབྲས་བུ་ལས་ལངས་མ་ཐག་པ་ལ་ཕན་གནོད་བྱས་པས་འབྲས་བུ་འཕྲལ་དུ་མྱོང་བར་འགྱུར་ཏེ། སྒོམ་སྤང་མ་ལུས་པར་སྤངས་པའི་གནས་གྱུར་གསར་པ་དྲི་མ་མེད་པ་ཐོབ་པའི་ཕྱིར། ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ལས་ལངས་མ་ཐག་པ་ལ་ཕན་གནོད་བྱས་པས་འབྲས་བུ་འཕྲལ་དུ་མྱོང་བར་མི་འགྱུར་ཏེ། མཐོང་སྤང་སྤངས་པའི་གནས་གྱུར་གསར་པ་དྲི་མ་མེད་པ་ནི་རྙིངས། སྒོམ་སྤང་མ་ལུས་པར་སྤངས་པའི་གནས་གྱུར་གསར་པ་དྲི་མ་མེད་པ་མ་ཐོབ་པའི་ཕྱིར། གསུམ་པ་ལ། དངོས་དང་། གཡེངས་པའི་སེམས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྣམ་སྨིན་གྱི་གཙོ་བོ་ཚོར་བ་ཡིན་ན། ལུས་ཚོར་ཡིན་ནམ། སེམས་ཚོར་ཡིན་ཞེ་ན། རྣམ་པར་རྟོག་པ་མེད་པ་ཡི་བསམ་གཏན་ཁྱད་པར་ཅན་ཡན་ཆད་ཀྱི་དགེ་བའི་ལས་ཀྱི་


DLL1003_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྨིན་ནི་སེམས་ཀྱི་ཚོར་བ་ཁོ་ནར་འདོད་དེ། དེ་ཡན་ཆད་ན་ལུས་ཚོར་མེད་པའི་ཕྱིར་ཏེ། ལུས་ཚོར་ནི་རྟོག་བཅས་ཁོ་ན་ཡིན་པའི་ཕྱིར། འདིས་ཤུགས་ལ་རྟོག་བཅས་ཀྱི་དགེ་བའི་ལས་ཀྱི་རྣམ་སྨིན་ལུས་ཚོར་དང་སེམས་ཚོར་གཉིས་ཀ་ཡོད་པར་བསྟན་ཏོ། །མི་དགེ་བའི་ལས་ཀྱི་རྣམ་སྨིན་ནི་ལུས་ཀྱི་ཚོར་བ་ཁོ་ན་ཡིན་པར་འདོད་དེ། སེམས་ཚོར་སྡུག་བསྔལ་ནི་ཡིད་མི་བདེ་ཡིན། དེ་རྣམ་སྨིན་དུ་མི་རུང་བའི་ཕྱིར། གཉིས་པ་ནི། གཡེངས་པའི་སེམས་དེ་ཡིད་ཀྱི་སེམས་ལ་ཡོད་དམ། དབང་པོའི་སེམས་ལ་ཡོད་ཅེ་ན། གཡེངས་པའི་སེམས་ནི་ཡིད་སེམས་ལ་ཡོད་ཀྱི་དབང་པོའི་སེམས་ལ་མེད་དེ། དབང་པོའི་སེམས་ནི་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པའི་ཕྱིར། གཡེངས་པའི་སེམས་དེ་རྒྱུ་གང་ལས་བྱུང་ཞེ་ན། དེ་ནི་གཞན་གྱི་སེམས་གཡེངས་པར་བྱས་པའི་ལས་ཀྱི་རྣམ་སྨིན་ལས་སྐྱེས་པ་དང་། མི་མ་ཡིན་པའི་གཟུགས་མི་སྡུག་ལ་མཐོང་བས་སྐྲག་པ་དང་། མི་མ་ཡིན་གྱིས་གནོད་པ་བྱས་པ་དང་། རང་གི་ལུས་ཀྱི་འབྱུང་པ་ཆ་མི་མཉམ་པ་དང་། མྱ་ངན་གྱིས་བསྐྱེད་པ་ལ་སོགས་པའོ། །འོ་ན། མི་དགེ་བའི་ལས་ཀྱི་རྣམ་སྨིན་དུ་གྱུར་པའི་སེམས་ཚོར་ཡོད་པར་ཐལ། གཡེངས་པའི་སེམས་དེ་མི་དགེ་བའི་ལས་ཀྱི་རྣམ་སྨིན་ལས་སྐྱེས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རྣམ་སྨིན་ལས་སྐྱེས་ཀྱང་རྣམ་སྨིན་མ་ཡིན་པའི་ཕྱིར་ཏེ། སེམས་རྨོངས་པ་ལས་ལུས་ཀྱི་འབྱུང་བ་འཁྲུགས་པ་སྐྱེ། དེ་ལས་གཡེངས་པའི་སེམས་སྐྱེ་ཡང་། ལུས་འཁྲུགས་པ་དེ་རྣམ་སྨིན་དང་། གཡེངས་པའི་སེམས་དེ་བདག་པོའི་འབྲས་བུ་ཡིན་པའི་ཕྱིར། འོ་ན་གཡེངས་པའི་སེམས་དེ་གང་


DLL1003_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གང་ལ་ཡོད་ཅེ་ན། སྒྲ་མི་སྙན་མ་ཡིན་པའི་འདོད་པ་དང་ལྡན་པ་རྣམས་ལ་ཡོད་དེ། ལྷ་ལའང་སྨྱོན་པ་ལ་སོགས་པ་ཡོད་ན་གཞན་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར། སངས་རྒྱས་མ་གཏོགས་པའི་འཕགས་པ་རྣམས་ལ་ལུས་ཀྱི་འབྱུང་བ་འཁྲུགས་པ་ལས་སྐྱེས་པའི་གཡེངས་པའི་སེམས་ཡོད་ཀྱི། རྣམ་སྨིན་སྐྱེས་ཀྱི་གཡེངས་སེམས་མེད་དེ། ངེས་པ་རྣམས་སྨིན་ཟིན། མ་ངེས་པ་རྣམས་སྨིན་པར་མི་འགྱུར་བའི་ཕྱིར། མི་མ་ཡིན་གྱི་གཟུགས་ཀྱིས་སྐྲག་པའི་གཡེངས་སེམས་མེད་དེ། དེ་ལ་གནོད་པར་འགྱུར་བའི་སྤྱོད་པ་མི་མཛེས་པ་མེད་པའི་ཕྱིར། མྱ་ངན་གྱིས་བསྐྱེད་པའི་གཡེངས་སེམས་མེད་དེ། ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར། གསུམ་པ་རྒྱུའི་སྒོ་ནས་དབྱེ་བ་ནི། མདོ་ལས། ཡོན་པོའི་ལས་གསུམ་ལ་སོགས་པ་གསུངས་ན། དེ་དག་གང་ཞེ་ན། དེས་ཀུན་ནས་བསླངས་པའི་ལུས་ངག་ཡིད་གསུམ་གྱི་ལས་གསུམ་ནི་ཡོན་པོའི་ལས་གསུམ་ཡིན་ནོ། །ཞེ་སྡང་ནི་ཉེས་པ་ཆེ་བས་སྐྱོན་ཡིན་ལ། དེས་ཀུན་ནས་བསླངས་པའི་ལུག་ངག་ཡིད་གསུམ་གྱི་ལས་གསུམ་ནི་སྐྱོན་གྱི་ལས་གསུམ་ཡིན་ནོ། །འདོད་ཆགས་ནི་ཚོན་གྱི་སྙིགས་མ་དང་འདྲ་བར་སེམས་རྒྱུད་ལ་དབྲལ་བར་དཀའ་བས་སྙིགས་མ་ཡིན་ལ། དེས་ཀུན་ནས་བསླངས་པའི་ལུས་ངག་ཡིད་གསུམ་གྱི་ལས་གསུམ་ནི་སྙིགས་མའི་ལས་གསུམ་ཡིན་ནོ། །བཞི་པ་རྒྱུ་འབྲས་གཉིས་ཀའི་སྒོ་ནས་དབྱེ་བ་ལ། བསྟན། བཤད་གཉིས། དང་པོ་ནི། ལས་ནི་རྣམ་པ་བཞི་ཡོད་པ་ཡིན་ཏེ། དཀར་གནག་ལ་སོགས་པའི་བྱེ་བྲག་གིས་དེ་ལྟར་གསུངས་པའི་ཕྱིར། གཉིས་པ་ནི། འོ་ན་ལས་དེ་


DLL1003_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་ངོ་བོ་ཇི་ལྟ་བུ་ཞེ་ན། མི་དགེ་བ་ནི་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ཡིན་ཏེ། རང་གི་ངོ་བོ་ཉོན་མོངས་ཅན་ཡིན་པས་གནག་ལ། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པས་རྣམ་སྨིན་ཡང་གནག་པའི་ཕྱིར། གཟུགས་སུ་གཏོགས་པའི་དགེ་བ་ནི། དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་ཡིན་ཏེ། རང་གི་ངོ་བོ་རྒྱུད་གཅིག་ལ་ཉོན་མོངས་པ་དང་མ་འདྲེས། རྣམ་སྨིན་ཡིད་དུ་འོང་བ་འབྱིན་ཞིང་རྒྱུད་གཅིག་ལ་སྡུག་བསྔལ་དང་མ་འདྲེས་བའི་ཕྱིར། འདོད་པར་གཏོགས་པའི་དགེ་བ་ནི་དཀར་གནག་ལ་རྣམ་པར་སྨིན་པ་ཡང་དཀར་གནག་པའི་ལས་ཡིན་ཏེ། རང་གི་ངོ་བོ་ཉོན་མོངས་ཅན་མིན་པས་དཀར། རྒྱུད་གཅིག་ལ་ཉོན་མོངས་པ་དང་འདྲེས་པས་གནག །འབྲས་བུ་ཡིད་དུ་འོང་བ་འབྱིན་པས་རྣམ་སྨིན་དཀར། རྒྱུད་གཅིག་ལ་སྡུག་བསྔལ་དང་འདྲེས་པས་རྣམ་སྨིན་གནག་པའི་ཕྱིར། ཟག་མེད་ཀྱི་ལས་ནི་མི་དཀར་མི་གནག་རྣམ་པར་མི་སྨིན་ལ། ནག་པོ་དེ་ཟད་པར་བྱེད་པ་ཡིན་ནོ། །ཟད་པར་བྱེད་ཚུལ་ནི། ཆོས་བཟོད་བཞི་དང་འདོད་ཆགས་དང་བྲལ་བའི་བར་ཆད་མེད་ལམ་བརྒྱད་ཀྱི་སེམས་པ་གང་ཡིན་པ་རྣམ་པ་བཅུ་གཉིས་པོ་དེ་ནག་པོ་ཟད་པར་བྱེད་པའི་ལས་ཡིན་ཏེ། འདོད་ཉོན་སྤོང་བར་བྱེད་པའི་ཕྱིར། བར་ཆད་མེད་པའི་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི་དཀར་གནག་ཟད་པར་བྱེད་པའི་ལས་ཡིན་ཏེ། འདོད་པའི་དགེ་བ་ལ་འདུན་པ་འདོད་ཆགས་དང་བྲལ་བའི་སྒོ་ནས་སྤོང་། འདོད་པའི་ཉོན་མོངས་ཐོབ་པ་ཆད་པའི་ཚུལ་གྱིས་སྤོང་བའི་ཕྱིར། བསམ་གཏན་བཞི་པ་ལ་འདོད་ཆགས་དང་བྲལ་བའི་བར་ཆད་མེད་ལམ་སྐྱེས་པ་ཐ་མས་དཀར་པོ་ཟད་པར་བྱེད་པ་ཡིན་ཏེ། གཟུགས་ཀྱི་དགེ་བ་ལ་འདུན་པ་འདོད་ཆགས་


DLL1003_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བའི་ཚུལ་གྱིས་སྤོང་བའི་ཕྱིར། སྡེ་པ་གཞན་ནི་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ནག་པོ་དང་། འདོད་པའི་འགྲོ་བ་གཞན་མྱོང་བར་འགྱུར་བའི་ལས་ནི་དཀར་གནག་གཉིས་ཀའི་ལས་སུ་རིག་གོ་ཞེས་ཟེར། ཡང་སྡེ་པ་གཞན་ནི་མཐོང་བས་སྤང་བར་བྱ་བའི་ལས་དེ་གནག་པ་དང་། འདོད་པ་ལས་སྐྱེས་པ་གཞན་དཀར་གནག་གཉིས་ཀའི་ལས་སུ་འདོད་དོ། །ལྔ་པ་རྟེན་གྱི་སྒོ་ནས་དབྱེ་བ་ནི། མདོ་ལས། ཐུབ་པ་ནི་གསུམ་སྟེ། ཐུབ་པའི་ལུས་དང་། ཐུབ་པའི་ངག་དང་། ཐུབ་པའི་ཡིད་དོ་ཞེས་གསུངས་ན། དེ་དག་གང་ཞེ་ན། མི་སློབ་པ་ནི་ཐུབ་པ་ཡིན་ཏེ། ཉོན་མོངས་པ་གཏན་དུ་ཐུབ་པའི་ཕྱིར། དེའི་ལུས་ངག་ཡིད་གསུམ་གྱི་ལས་ནི་ཐུབ་པ་གསུམ་སྟེ། གོ་རིམ་བཞིན་སྦྱར་རོ། །དྲུག་པ་བྱེད་པའི་སྒོ་ནས་དབྱེ་བ་ནི། མདོ་ལས། གཙང་བྱེད་གསུམ་སྟེ། ལུས་ཀྱི་གཙང་བྱེད། ངག་གི་གཙང་བྱེད། ཡིད་ཀྱི་གཙང་བྱེད་དོ། །ཞེས་གསུངས་ན། དེ་དག་གང་ཞེ་ན། ལེགས་སྤྱད་གསུམ་པོ་ཐམས་ཅད་ནི་གཙང་བྱེད་རྣམ་པ་གསུམ་ཡིན་ཏེ། ཟག་བཅས་ཀྱིས་རེ་ཞིག་དག་པར་བྱེད། ཟག་མེད་ཀྱིས་གཏན་དུ་དག་པར་བྱེད་པའི་ཕྱིར། བདུན་པ་ལེགས་སྤྱད་དང་ཉེས་སྤྱད་བཤད་པ་ལ་གསུམ། ལས་ལམ་གྱི་རྣམ་གཞག །ལོག་འཚོ་ལོགས་སུ་སྟོན་པའི་རྒྱུ་མཚན། ལས་གང་འབྲས་བུ་དུ་དང་བཅས་པའོ། །དང་པོ་ལ། བསྟན། བཤད་དོ། །དང་པོ་ནི། མདོ་ལས། ཉེས་སྤྱད་གསུམ་དང་ལེགས་སྤྱད་གསུམ་གསུངས་ན། དེ་དག་གང་ཞེ་ན། ལུས་ཀྱི་ལས་ལ་སོགས་པའི་མི་དགེ་བ་ནི་དམ་པས་སྨད་པ་དང་། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པས་ཉེས་པར་སྤྱོད་པ་རྣམ་པ་གསུམ་དུ་འདོད། །བཟློག་པ་


DLL1003_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་ལས་ལ་སོགས་པ་དགེ་བ་ནི་དམ་པས་བསྔགས་པས་ན་ལེགས་པར་སྤྱད་པ་ཡིན་ནོ། །བརྣབ་སེམས་ལ་སོགས་པ་ལས་མིན་ཡང་ཉོན་མོངས་ཅན་ཡིན་པས་ཡིད་ཀྱི་ཉེས་སྤྱད་རྣམ་པ་གསུམ་མོ། །ལེགས་སྤྱད་དང་ཉེས་སྤྱད་དེ་ལས་ཆེ་ལོང་རགས་པ་བསྡུས་ནས་ནི། དགེ་བ་དང་མི་དགེ་བ་ཅི་རིགས་པར་ལས་ཀྱི་ལམ་ནི་བཅུ་བཅུར་གསུངས་སོ། །འོ་ན་གང་མ་བསྡུས་ཤེ་ན། སྲོག་གཅོད་ལྟ་བུའི་སྦྱོར་མཇུག་དང་། ངག་གི་ཚབས་ཆེ་བ་མ་གཏོགས་ཆུང་བ་མ་བསྡུས། ཡིད་ཀྱི་སེམས་པ་མ་བསྡུས། དགེ་བ་ལས་ལུས་ཀྱི་སྦྱོར་མཇུག་དང་། ངག་གི་སྙན་པར་སྨྲ་བ་ལྟ་བུ་དང་། ཡིད་ཀྱི་སེམས་པ་མ་བསྡུས་སོ། །གཉིས་པ་ལ་བདུན། རིག་བྱེད་དང་རིག་བྱེད་མ་ཡིན་པའི་ངེས་པ། ལས་ལམ་གསུམ་གསུམ་དུ་དབྱེ་བ། མི་དགེ་བའི་ལས་ལམ་བྱེ་ཕྲག་ཏུ་བཤད་པ། དགེ་རྩ་གཅོད་པ་དང་མཚམས་སྦྱོར་ཚུལ། སེམས་པ་ལས་ལམ་དུ་དང་ལྷན་ཅིག་འབྱུང་བ། ཁམས་དང་འགྲོ་བ་གང་ན་ལས་ལམ་དུ་ཡོད་པ། ལས་ལམ་གྱི་འབྲས་བུའོ། །དང་པོ་ནི། ལུས་ངག་གི་དགེ་མི་དགེ་དག་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་གང་དང་ལྡན་ཞེ་ན། མི་དགེ་བ་དྲུག་ནི་རྣམ་པར་རིག་བྱེད་མ་ཡིན་པ་དང་ངེས་པར་ལྡན་ལ། རྣམ་པར་རིག་བྱེད་དང་ལྡན་པའི་ངེས་པ་མེད་དེ། གཞན་ལ་བཅོལ་བས་ཀྱང་འགྲུབ་པའི་ཕྱིར། གཅིག་འདོད་པས་ལོག་གཡེམ་ནི་རྣམ་པར་རིག་བྱེད་དང་དེ་མིན་པ་རྣམ་པ་གཉིས་ཡོད་དེ། གཞན་ལ་བཅོལ་པ་ལ་མི་ལྟོས་པར་རང་ཉིད་ཀྱིས་ངེས་པར་བྱེད་དགོས་པའི་ཕྱིར། དྲུག་པོ་དེ་དག་ཀྱང་རང་གིས་བྱེད་ན་རྣམ་པར་རིག་བྱེད་དང་དེ་མ་ཡིན་པ་རྣམ་པ་གཉིས་ཀ་ཡོད་དོ། །སོ་སོར་


DLL1003_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་དགེ་བ་བདུན་ལ་རྣམ་པར་རིག་བྱེད་དང་དེ་མ་ཡིན་པ་རྣམ་པ་གཉིས་ཀ་ཡོད། ཏིང་ངེ་འཛིན་ལས་སྐྱེས་པའི་བསམ་གཏན་ཟག་མེད་ཀྱི་སྡོམ་པའི་དགེ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་དེ། མཉམ་གཞག་གི་སྟོབས་ཀྱིས་སྐྱེ་བའི་ཕྱིར། དགེ་མི་དགེའི་སྦྱོར་བ་ཉེར་བསྡོགས་རྣམས་ནི་རྣམ་པར་རིག་བྱེད་དང་ལྡན་པ་ཡིན་ཏེ། ལུས་ངག་གི་བྱ་བ་ལ་ལྟོས་པའི་ཕྱིར། ཀུན་སློང་སྟོབས་ཆེ་ན་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པར་འགྱུར་བའམ། ཀུན་སློང་སྟོབས་ཞན་ན་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པར་འགྱུར་བ་མ་ཡིན་ནོ། །མཇུག་ནི་དེ་ལས་བཟློག་པ་རྣམ་པར་རིག་བྱེད་མ་ཡིན་པ་དང་ངེས་པར་ལྡན། རྣམ་པར་རིག་བྱེད་དང་ལྡན་པའི་ངེས་པ་མེད་དེ། དངོས་གཞི་དང་མཐུན་པའི་བྱ་བ་བྱེད་ན་རྣམ་པར་རིག་བྱེད་དང་ལྡན་ལ། མི་བྱེད་ན་རྣམ་པར་རིག་བྱེད་དང་ལྡན་པ་མིན་ནོ། །གཉིས་པ་ནི། མདོ་ལས་སྲོག་གཅོད་པ་གསུམ་སྟེ། འདོད་ཆགས་ལས་སྐྱེས་པ་དང་། ཞེ་སྡང་ལས་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པ་གསུངས་ན། ལས་ལམ་ཐམས་ཅད་རྩ་བ་གསུམ་གསུམ་གྱིས་མཐར་ཕྱིན་པར་བྱེད་པ་ཡིན་ནམ་མིན་ཞེ་ན། མིན་ཏེ། མདོ་ལས་གསུངས་པ་ནི་སྲོག་གཅོད་པ་ལྟ་བུའི་སྦྱོར་བ་རྩ་བ་གསུམ་ལས་སྐྱེས་པ་ལ་དགོངས་སོ། །འོ་ན་མི་དགེ་བ་བཅུའི་སྦྱོར་བ་རྩ་བ་གསུམ་ལས་སྐྱེས་པ་ཇི་ལྟ་བུ་ཞེ་ན། སྲོག་གཅོད་པའི་སྦྱོར་བ་འདོད་ཆགས་ལས་སྐྱེས་པ་ནི། ཤའི་ཕྱིར་དུ་སྲོག་གཅོད་པ་ལྟ་བུའོ། །ཞེ་སྡང་ལས་སྐྱེས་པ་ནི་དགྲ་བོ་གསོད་པ་ལྟ་བུའོ། །གཏི་མུག་ལས་སྐྱེས་པ་ནི་བསོད་ནམས་ཀྱི་བློས་ཕ་མ་སོགས་གསོད་པ་ལྟ་བུའོ། །


DLL1003_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱིན་པར་ལེན་པའི་སྦྱོར་བ་འདོད་ཆགས་ལས་སྐྱེས་པ་ནི། ནོར་ལ་ཆགས་པའི་སྒོ་ནས་མ་བྱིན་པར་ལེན་པ་ལྟ་བུ། ཞེ་སྡང་ལས་སྐྱེས་པ་ནི་དགྲ་བོའི་ནོར་རྐུ་བ་ལྟ་བུ། གཏི་མུག་ལས་སྐྱེས་པ་ནི་བྲམ་ཟེ་རྐུ་བ་ཆོས་སུ་བཤད། །ཅེས་པ་ལྟ་བུའོ། །འདོད་པས་ལོག་པར་གཡེམ་པ་འདོད་ཆགས་ལས་སྐྱེས་པ་ནི། ཆགས་པའི་སྒོ་ནས་ལོག་པར་འཇུག་པ་ལྟ་བུ། ཞེ་སྡང་ལས་སྐྱེས་པ་ནི། གཞན་སྨ་དབབ་པའི་ཕྱིར་དུ་འཁྲིག་པ་སྤྱོད་པ་ལྟ་བུ། གཏི་མུག་ལས་སྐྱེས་པ་ནི། མེ་ཏོག་དང་། འབྲས་བུ་དང་། ཟས་གཡོས་ལེགས་པར་གྲུབ་པ་དང་། ཆུ་ངོགས་དང་། ལམ་དང་འདྲ་བས་ཐམས་ཅད་ཀྱིས་བསྟེན་པར་བྱའོ་ཞེས་པ་ལྟ་བུའོ། །བརྣབ་སེམས་སོགས་ཡིད་ཀྱི་གསུམ་ནི་རྩ་བ་གསུམ་ལས་སྐྱེས་ཏེ། རྩ་བ་གསུམ་པོ་དེའི་མཇུག་ཐོགས་ལས་བྱུང་བའི་ཕྱིར། དགེ་བ་བཅུ་སྦྱོར་བ་དང་མཇུག་དང་དངོས་གཞི་དང་བཅས་པ་རྣམས་ཆགས་སྡང་གཏི་མུག་མེད་ལས་སྐྱེས་པ་ཡིན་ནོ། །གསུམ་པ་ལ། མི་དགེ་བའི་ལས་ལམ་གྱི་བྱེད་པ། སོ་སོའི་མཚན་ཉིད། ལས་ལམ་གྱི་སྒྲ་དོན་ནོ། །དང་པོ་ནི། འོ་ན་མི་དགེ་བ་རྣམས་གང་གང་གིས་མཐར་ཕྱིན་པར་བྱེད་ཅེ་ན། གསོད་པ་དང་གནོད་སེམས་དང་ཚིག་རྩུབ་པོ་གསུམ་ཞེ་སྡང་གིས་མཐར་ཕྱིན་པར་བྱེད། འདོད་པས་ལོག་པར་གཡེམ་པ་བརྣབ་སེམས་མ་བྱིན་ལེན་གསུམ་འདོད་ཆགས་ཀྱིས་ནི་རྫོགས་པར་བྱེད། ལོག་པར་ལྟ་བ་གཏི་མུག་གིས་རྫོགས་པར་བྱེད་དེ། ཆེར་རྨོངས་པ་ལས་ལོག་ལྟ་འབྱུང་བའི་ཕྱིར། ལྷག་མ་རྫུན་ཕྲ་མ་ངག་ཀྱལ་གསུམ་དུག་གསུམ་གྱིས་རྫོགས་པར་འདོད་དེ། འདོད་ཆགས་ཀྱིས་ཀུན་ནས་བསླངས་པ་འདོད་ཆགས་ཀྱིས་རྫོགས་པར་བྱེད་པ་ལྟ་བུའོ། །འོ་ན། ཆ་བཞི་པོ་དེ་དག་གི་གཞི་གང་ཞེ་ན། ཆ་


DLL1003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་གཞི་ནི་སེམས་ཅན་ཡིན་ཏེ། གསོད་པ་ནི་སེམས་ཅན་གྱི་སྲོག་གཅོད་པ་དང་། གནོད་སེམས་སེམས་ཅན་ལ་སྡང་བ། ཚིག་རྩུབ་པོ་ནི་མི་སྙན་པ། ཞེས་འབྱུང་བའི་ཕྱིར། ཆ་གཉིས་པའི་གཞི་ནི་ལོངས་སྤྱོད་ཡིན་ཏེ། སེམས་ཅན་གྱི་ནང་གི་རེག་བྱ་ལ་ལོངས་སྤྱོད་པ་ལས་བྱུང་བ་དང་། དེ་ལ་བདག་ཏུ་བཟུང་བའི་དབང་གིས་བྱུང་བའི་ཕྱིར། ཆ་གསུམ་པའི་གཞི་ནི་མིང་དང་གཟུགས་ཡིན་ཏེ། མིང་གཟུགས་ཀྱིས་བསྡུས་པའི་དགེ་མི་དགེ་མེད་པར་ལྟ་བ་ལས་བྱུང་བའི་ཕྱིར། ཆ་བཞི་པའི་གཞི་ནི་མིང་ཡིན་ཏེ། རྫུན་ཚིག་སོགས་མིང་ལ་བརྟེན་ནས་འབྱུང་བའི་ཕྱིར། ཕ་རོལ་པོ་འཆི་ངེས་པའི་མཚོན་བསྣུན་ནས། གསོད་བྱེད་དེ་གསད་བྱའི་སྔར་ཤི་བ་དང་། མཉམ་དུ་ཤི་བ་ལ་ལས་ལམ་གྱི་དངོས་གཞི་འབྱུང་ངམ་མི་འབྱུང་ཞེ་ན། དེ་ལ་དེ་འབྱུང་བ་མེད་དེ། གསད་བྱ་མ་ཤི་བར་དེ་མི་འབྱུང་། གསད་བྱ་དང་མཉམ་དུ་ཤི་ན་ལུས་གཞན་སྐྱེས་ཤིང་། དེས་ཕ་རོལ་པོ་གསོད་པའི་སྦྱོར་བ་མ་བྱས་པའི་ཕྱིར། དམག་ལ་སོགས་པ་བྱས་ནས་གཅིག་གིས་ཕ་རོལ་པོ་བསད་ན། གཅིག་པོ་དེ་ཁོ་ན་ལ་ལས་ལམ་འབྱུང་ངམ་ཞེ་ན། མ་ཡིན་ཏེ། དམག་ལ་སོགས་པར་གསོད་པའི་དོན་གཅིག་ལ་ཞུགས་པའི་ཕྱིར་ཐམས་ཅད་གསོད་པར་བྱེད་པ་པོ་བཞིན་དུ་ལས་ལམ་དང་ལྡན་པ་ཡིན་པའི་ཕྱིར། གཉིས་པ་ལ། རྩ་བ་བཞི། ཐ་སྙད་བཞི། ཡན་ལག་དྲུག་བཤད་པའོ། །དང་པོ་ནི། མི་དགེ་བ་བཅུ་སོ་སོའི་ངོ་བོ་གང་ཞེ་ན། སྲོག་གཅོད་པ་ནི་བསམས་བཞིན་དུ་མ་ནོར་བར་ནི་གཞན་བསད་པའོ། །བསམས་བཞིན་དུ་ཞེས་པས་མ་བསམས་པར་ཤི་བ་ལ་ཉེས་པ་མེད་པར་བསྟན། མ་ནོར་བར་ཞེས་པས་ལྷ་སྦྱིན་ལྟ་བུ་གསོད་


DLL1003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦྱོར་བ་བྱས་ནས། གཞན་མཆོད་སྦྱིན་དང་ནོར་ནས་མཆོད་སྦྱིན་བསད་ཀྱང་ལས་ལམ་གྱི་དངོས་གཞི་མི་འབྱུང་བར་བསྟན། གཞན་ཞེས་པས་རང་བསད་པ་ལ་ལས་ལམ་གྱི་དངོས་གཞི་མི་འབྱུང་བར་བསྟན་ཏོ། །མ་བྱིན་པར་ལེན་པ་ནི་བསམས་བཞིན་དུ་མ་ནོར་བར་གཞན་གྱི་ནོར་མཐུ་དབང་ཆ་དང་འཇབ་བུས་མ་ཚོར་བར་བདག་གིར་བྱེད་པའོ། །བསམས་བཞིན་དུ་མ་ནོར་བར་བགྲོད་པར་བྱ་བ་མིན་པར། འགྲོ་བར་འདོད་པའི་སྒོ་ནས་འདོད་པས་ལོག་པར་གཡེམ་པར་འགྱུར་བ་རྣམ་པ་བཞི་ཡོད་དེ། གཞན་གྱིས་བདག་ཏུ་བཟུང་བའི་ཆུང་མ་དང་། དེ་མིན་ཡང་རང་གི་མ་དང་སྲིང་མོ་དང་ཕ་མ་བདུན་རྒྱུད་ཚུན་ཆད་དུ་འབྲེལ་བའི་ཉེ་དུ་མོ་དང་། རང་གི་ཆུང་མ་ཡིན་ཡང་ཡན་ལག་མ་ཡིན་པ་ཁ་དང་བཤང་ལམ་དང་། ཡུལ་མ་ཡིན་པ་སྣང་བ་དང་བཅས་པ་དང་། མཆོད་རྟེན་དང་གཙུག་ལག་ཁང་གི་དྲུང་དུ་དང་། དུས་མ་ཡིན་པ་ནུ་ཞོ་འཐུང་བ་དང་། སྦྲུམ་པ་དང་། བསྙེན་གནས་ལ་གནས་པའི་ཚེ་སྤྱད་ན་ལོག་གཡེམ་དུ་འགྱུར་བའི་ཕྱིར། རྫུན་ཚིག་ནི་བསམས་བཞིན་དུ་མ་ནོར་བར་འདུ་ཤེས་གཞན་དུ་བསྒྱུར་ནས་སྨྲས་པའི་ཚིག་གི་དོན་ཕ་རོལ་པོས་མངོན་པར་གོ་བའོ། །གཉིས་པ་ནི། མདོ་ལས། མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་པ་དང་། རྟོགས་པ་བཞི་ལ། མ་མཐོང་ཞེས་སོགས་བཞི་དང་། མ་མཐོང་ཞེས་སོགས་བཞི་ལ། མཐོང་ཞེས་སོགས་བཞི་སྟེ་བྱིས་པའི་ཐ་སྙད་བརྒྱད་དང་། མཐོང་བ་ལ་མཐོང་ཞེས་སོགས་བཞི་དང་། མ་མཐོང་བ་ལ་མ་མཐོང་ཞེས་སོགས་བཞི་སྟེ་འཕགས་པའི་ཐ་སྙད་བརྒྱད་གསུངས་ན། མཐོང་བ་དང་ཐོས་པ་སོགས་བཞི་པོ་གང་ཡིན་ཞེ་ན། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་།


DLL1003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་རྣམ་པར་ཤེས་པ་དང་། སྣ་ལྕེ་ལུས་གསུམ་གྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ། རིམ་པ་བཞིན་དུ་མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་པ་དང་། རྟོགས་པ་ཡིན་པར་བཤད་དོ། །གསུམ་པ་ནི། །ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག།། །ཚིག་རྩུབ་པོ་ནི་མི་སྙན་པ། །ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། །ཕྲ་མ་ནི་བསམས་བཞིན་དུ་མ་ནོར་བར་ཕ་རོལ་པོ་མཛའ་བ་དབྱེ་བའི་ཕྱིར་ཉོན་མོངས་པ་ཅན་གྱི་སེམས་ཀྱི་ཚིག་དོན་ཕ་རོལ་པོས་གོ་བའོ། །ཚིག་རྩུབ་པོ་ནི་བསམས་བཞིན་དུ་མ་ནོར་བར་མི་སྙན་པའི་ཚིག་གི་དོན་ཕ་རོལ་པོས་གོ་བའོ། །ཉོན་མོངས་པ་ཅན་གྱི་ཚིག་ཀུན་ངག་ཀྱལ་པ་ཉིད་ཡིན་ནོ། །སྡེ་པ་གཞན་ནི་གསུམ་པོ་དེ་ལས་གཞན་པའི་ཉོན་མོངས་ཅན་གྱི་ཚིག་ངག་ཀྱལ་པ་ཉིད་ཡིན་ཏེ། དཔེར་ན། དགེ་སློང་ལོག་པས་འཚོ་བ་ཁ་གསག་བྱེད་པ་དང་། ཆགས་པས་ཀུན་ནས་བསླངས་ནས་གླུ་ལེན་པ་དང་། ཟློས་གར་མཁན་ཟློས་གར་བྱེད་པའི་གནས་སྐབས་སུ། གཞན་མགུ་བའི་ཕྱིར་གཏམ་རྒྱུད་སྨྲ་བ་དང་། ཕྱི་རོལ་པའི་བསྟན་བཅོས་ངན་པ་ལ་ཆགས་ནས་འདོན་པ་བཞིན་ནོ། །བརྣབ་སེམས་ནི་ལོག་པ་སྟེ་མི་རིགས་པས་གཞན་གྱི་ནོར་ལ་ཆགས་ནས་བདག་གིར་བྱེད་འདོད་པའོ། །གནོད་སེམས་ནི་སེམས་ཅན་ལ་སྡང་བའི་རྣམ་པར་ཞུགས་པས་གནོད་པ་བྱེད་འདོད་པའོ། །དགེ་བ་དང་མི་དགེ་བ་མེད་པར་ལྟ་བ་ནི་ལོག་པར་ལྟ་བའོ། །གསུམ་པ་ནི། བཅུ་པོ་འདི་ལ་ཅིའི་ཕྱིར་ལས་ཀྱི་ལམ་ཞེས་བྱ་ཞེ་ན། ཡིད་ཀྱི་གསུམ་ལས་སེམས་པ་འཇུག་པའི་ལམ་ཡིན་པ་དང་། ལུས་ངག་གི་བདུན་ནི་ལས་ཀྱང་ཡིན་ལ། སེམས་པ་འཇུག་པའི་ལམ་ཡང་ཡིན་པས་ན་ལས་ཀྱི་ལམ་ཞེས་བྱའོ། །བཞི་པ་ནི། མི་དགེ་བ་གང་གིས་དགེ་རྩ་གཅོད་ཅེ་ན། མེད་པར་ལྟ་བས་དགེ་བའི་རྩ་བ་གཅོད་པར་བྱེད་དོ། །ཇི་


DLL1003_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཞེ་ན། འདོད་པར་གཏོགས་པའི་དགེ་རྩ་གཅོད་ཀྱི། གཟུགས་གཟུགས་མེད་ཀྱི་དགེ་རྩ་མི་གཅོད་དེ། དེའི་རྒྱུད་ལ་དེ་མེད་པའི་ཕྱིར། འདོད་པར་གཏོགས་པའི་ཡང་སྐྱེས་ནས་ཐོབ་པ་གཅོད་ཀྱི། སྦྱོར་བྱུང་མི་གཅོད་དེ། ལོག་ལྟ་ཆུང་ངུའི་ཆུང་ངུའི་གནས་སྐབས་སུ་དེའི་ཐོབ་པ་ཆད་ནས་མེད་པའི་ཕྱིར། ལོག་ལྟ་ཡང་རྒྱུ་དང་འབྲས་བུ་ལ་སྐུར་བ་འདེབས་པས་གཅོད་ཀྱི། འཕགས་པ་ལ་སྐུར་བ་འདེབས་པས་གཅོད་པ་མིན་ནོ། །ཟག་མེད་དང་བསྐལ་པ་མི་མཉམ་པས་གཅོད་པ་མིན་ཟེར་ཡང་། སྐལ་པ་མཉམ་མི་མཉམ་ཟག་བཅས་ཟག་མེད་ལ་དམིགས་པ་ཀུན་གྱིས་གཅོད་པར་བྱེད། ཇི་ལྟར་ན། ཁ་ཅིག །མཐོང་ལམ་གྱིས་མཐོང་སྤང་སྤོང་བ་ལྟར་ཅིག་ཅར་གཅོད་ཟེར་ཡང་། སྒོམ་སྤང་སྤོང་བ་ལྟར་རིམ་གྱིས་གཅོད་པར་བྱེད་དོ། །རྟེན་གང་ལ་གཅོད་ཅེ་ན། གླིང་གསུམ་གྱི་མིའི་ནང་དུ་གཅོད་ཀྱི། གཞན་རྣམས་སུ་མི་གཅོད་དེ། ངན་སོང་བ་རྣམས་ཤེས་རབ་ཉོན་མོངས་པ་ཅན་མི་བརྟེན་པའི་ཕྱིར་དང་། བྱང་སྒྲ་མི་སྙན་པ་སྡིག་པའི་བསམ་པ་མི་བརྟན་པའི་ཕྱིར་དང་། འདོད་གཟུགས་ཀྱི་ལྷ་ནི་གནས་གསུམ་མངོན་དུ་གྱུར་པ་ཡིན་པས། སྐྱེས་མ་ཐག་ཏུ་ལས་འབྲས་མངོན་དུ་གྱུར་པའི་ཕྱིར། མི་ཡང་སྐྱེས་པ་དང་བུད་མེད་ཀྱིས་གཅོད་ཀྱི། ཟ་མ་དང་མ་ནིང་གིས་མི་གཅོད་དེ། སྡིག་པའི་བསམ་པ་མི་བརྟན་པའི་ཕྱིར། མི་ལ་ལྟ་བ་སྤྱད་པ་དང་སྲེད་པ་སྤྱད་པ་གཉིས་ཀྱི་ནང་ནས་སྔ་མ་དེ་ལ་གཅོད་པར་བྱེད་དེ། ཤེས་རབ་ཉོན་མོངས་པ་ཅན་བརྟན་པའི་ཕྱིར། དགེ་རྩ་ཆད་པ་དེའི་ངོ་བོ་ནི་དགེ་རྩ་དང་མི་ལྡན་པའོ། །འོ་ན། དགེ་རྩ་ཆད་པ་དེ་གང་གིས་མཚམས་སྦྱོར་བར་བྱེད་ཅེ་ན། མཚམས་ནི་ལས་ཡོད་དམ་སྙམ་པའི་ཐེ་ཚོམ་དང་།


DLL1003_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་ངེས་པའི་ཡང་དག་པའི་ལྟ་བས་མཚམས་སྦྱོར་བར་བྱེད། དགེ་རྩ་ཆད་པ་དེ་ཚེ་འདི་ལ་མཚམས་སྦྱོར་བར་ངེས་སམ་ཞེ་ན། མཚམས་མེད་བྱེད་པའི་ཚེ་འདི་ལ་སྦྱོར་བ་མིན་ནོ། །དུས་ནམ་གྱི་ཚེ་སྦྱོར་ཞེ་ན། སྔོན་རྒྱུའི་སྟོབས་ཀྱིས་དགེ་རྩ་ཆད་ན་དམྱལ་བ་ནས་འཆི་འཕོ་བའི་ཚེ་སྦྱོར། རྐྱེན་གྱི་སྟོབས་ཀྱིས་དགེ་རྩ་ཆད་ན་དམྱལ་བར་སྐྱེས་པའི་ཚེ་མཚམས་སྦྱོར་བ་ཡིན་ནོ། །ལྔ་པ་ནི། ལས་ལམ་དུ་དང་སེམས་པ་ལྷན་ཅིག་ཏུ་འབྱུང་ཞེ་ན། མི་དགེ་བ་གཅིག་ནས་བརྒྱད་ཀྱི་བར་དག་དང་སེམས་པ་ཅིག་ཅར་ལྷན་ཅིག་འབྱུང་གི །དགུ་དང་བཅུ་དང་ལྷན་ཅིག་འབྱུང་བ་མེད་དེ། ཡིད་ཀྱི་གསུམ་ཅིག་ཅར་མི་འབྱུང་བའི་ཕྱིར། མི་དགེ་བ་གཅིག་དང་སེམས་པ་ལྷན་ཅིག་འབྱུང་བ་ནི་ཡིད་ཀྱི་གསུམ་གང་རུང་ལ་གནས་པའོ། །གཉིས་དང་ལྷན་ཅིག་འབྱུང་བ་ནི། བརྣབ་སེམས་ལ་གནས་ནས་མ་བྱིན་པར་ལེན་པ་ལྟ་བུའོ། །གསུམ་དང་ལྷན་ཅིག་འབྱུང་བ་ནི། གནོད་སེམས་ཀྱིས་སྲོག་ཆགས་བསད་ནས་འཕྲོག་པ་ལྟ་བུའོ། །བཞི་དང་ལྷན་ཅིག་འབྱུང་བ་ནི། གནོད་སེམས་ཀྱིས་ཕ་རོལ་དབྱེ་བའི་ཕྱིར་རྫུན་ཚིག་སྨྲ་བ་ལྟ་བུའོ། །ལྔ་དང་དྲུག་དང་བདུན་དང་ལྷན་ཅིག་འབྱུང་བ་ནི། རང་ཡིད་ཀྱི་གསུམ་གང་རུང་ལ་གནས་ནས་གཞན་བཞི་དང་ལྔ་དང་དྲུག་བཅོལ་བས་འགྲུབ་པ་ལྟ་བུའོ། །བརྒྱད་དང་ལྷན་ཅིག་འབྱུང་བ་ནི། རང་ཉིད་བརྣབ་སེམས་དང་ལྡན་ཞིང་ལོག་གཡེམ་ལ་གནས་ནས་གཞན་དྲུག་བཅོལ་བས་འགྲུབ་པ་ལྟ་བུའོ། །དགེ་བ་གཅིག་ནས་བཅུའི་བར་དག་དང་སེམས་པ་ལྷན་ཅིག་འབྱུང་། འོན་ཀྱང་གཅིག་དང་བརྒྱད་དང་ལྔ་དང་ལྷན་ཅིག་འབྱུང་བ་ཡོད་པ་མིན་ནོ། །གཅིག་དང་ལྷན་ཅིག་འབྱུང་བ་


DLL1003_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ། བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་གཉིས་ཕན་ཚུན་འབྲལ་མི་ཤེས་པའི་ཕྱིར། གཉིས་དང་ལྷན་ཅིག་འབྱུང་བ་ནི། ཡིད་ཀྱི་གསུམ་གང་རུང་ལ་གནས་པ་ལྟ་བུའོ། །གསུམ་དང་ལྷན་ཅིག་འབྱུང་བ་ནི། ཡིད་ཤེས་དགེ་བ་ལ་གནས་པ་ལྟ་བུའོ། །བཞི་དང་ལྷན་ཅིག་འབྱུང་བ་ནི། དུས་ཀྱི་ཀུན་སློང་ལུང་མ་བསྟན་ལ་གནས་ནས་དགེ་ཚུལ་གྱི་སྡོམ་པ་ལེན་པ་ལྟ་བུའོ། །དྲུག་དང་ལྷན་ཅིག་འབྱུང་བ་ནི། དུས་ཀྱི་ཀུན་སློང་དབང་ཤེས་དགེ་བ་ལ་གནས་ནས་དགེ་ཚུལ་གྱི་སྡོམ་པ་ལེན་པ་ལྟ་བུའོ། །རྒྱུ་མཚན་དེ་གཉིས་ཀྱི་ཕྱིར་ན་ལྔ་དང་ལྷན་ཅིག་འབྱུང་བ་མེད་དོ། །བདུན་དང་ལྷན་ཅིག་འབྱུང་བ་ནི། དུས་ཀྱི་ཀུན་སློང་ལུང་མ་བསྟན་ལ་གནས་ནས་དགེ་སློང་གི་་སྡོམ་པ་ལེན་པ་ལྟ་བུའོ། །དགུ་དང་ལྷན་ཅིག་འབྱུང་བ་ནི། དུས་ཀྱི་ཀུན་སློང་དབང་ཤེས་དགེ་བ་ལ་གནས་ནས་དགེ་སློང་གི་སྡོམ་པ་ལེན་པ་ལྟ་བུ། རྒྱུ་མཚན་དེ་གཉིས་ཀྱི་ཕྱིར་བརྒྱད་དང་ལྷན་ཅིག་འབྱུང་བ་མེད་དོ། །བཅུ་དང་ལྷན་ཅིག་འབྱུང་བ་ནི། ཡིད་ཤེས་དགེ་བ་ལ་གནས་ནས་དགེ་སློང་གི་སྡོམ་པ་ལེན་པ་ལྟ་བུའོ། །དེ་ཡང་སྡོམ་པའི་དབང་དུ་བྱས་ཀྱི། བར་མས་བསྡུས་པ་ནི། གཅིག་དང་ལྔ་དང་བརྒྱད་དང་ལྷན་ཅིག་འབྱུང་བ་ཡོད་དོ། །དྲུག་པ་ནི། ཁམས་དང་འགྲོ་བ་གང་ན་ལས་ལམ་དུ་ཡོད་ཅེ་ན། དམྱལ་བ་ན་ནི་ངག་ཀྱལ་པ་དང་ཚིག་རྩུབ་གནོད་སེམས་རྣམས་མངོན་གྱུར་དང་ལྡན་པ་རྣམ་པ་གཉིས་ཀའི་སྒོ་ནས་ཡོད་དེ། སྨྲེ་སྔགས་འདོན་པ་དང་། རྒྱད་བཀག་བྱེད་པ་དང་། ཕན་ཚུན་ཞེ་འགྲས་པ་ཡོད་པའི་ཕྱིར། བརྣབ་སེམས་དང་ལོག་ལྟ་ལྡན་པས་ཡོད་ཀྱི། མངོན་གྱུར་དུ་མེད་དེ། ཆགས་བྱའི་རྫས་མེད་ཅིང་། ལས་འབྲས་མངོན་དུ་གྱུར་པའི་ཕྱིར། སྲོག་གཅོད་མེད་དེ། ལས་མ་ཟད་ན་བསད་


DLL1003_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་འཆི་བའི་ཕྱིར། མ་བྱིན་ལེན་དང་ལོག་གཡེམ་མེད་དེ། རྫས་དང་བུད་མེད་པདག་གིར་བཟུང་བ་མེད་པའི་ཕྱིར། རྫུན་མེད་དེ། དགོས་པ་མི་འགྲུབ་པའི་ཕྱིར། ཕྲ་མ་མེད་དེ། ཕན་ཚུན་བྱེ་ཟིན་པའི་ཕྱིར། །སྒྲ་མི་སྙན་ན་གསུམ་ཡོད་དེ། །དེ་ན་བདུན་པ་དངོས་སུ་ཡང་། །འདོད་པ་གཞན་ན་མི་དགེ་བཅུ། །བྱང་སྒྲ་མི་སྙན་ན་ཡིད་གྱི་གསུམ་ལྡན་པས་ཡོད་ཀྱི། མངོན་གྱུར་དུ་མེད་དེ། ཆགས་བྱའི་རྫས་དང་བུད་མེད་པདག་གིར་བཟུང་བ་མེད་པའི་ཕྱིར་དང་། ཀུན་ནས་མནར་སེམས་པའི་དངོས་པོ་མེད་ཅིང་རྒྱུད་འཇམ་པའི་ཕྱིར། སྲོག་གཅོད་མེད་དེ། ཚེ་ལོ་སྟོང་ཐུབ་པར་ངེས་པའི་ཕྱིར། མ་བྱིན་ལེན་དང་ལོག་གཡེམ་མེད་དེ། རྟགས་སྔ་མ་དེའི་ཕྱིར། རྫུན་མེད་དེ། དགོས་པ་མི་འགྲུབ་པའི་ཕྱིར། ཕྲ་མ་དང་ཚིག་རྩུབ་མེད་དེ། རྒྱུད་འཇམ་པའི་ཕྱིར། དེ་ན་བདུན་པ་ངག་ཀྱལ་དངོས་སུ་ཡང་ཡོད་དེ། ཆགས་པས་ཀུན་ནས་བསླངས་ནས་གླུ་ལེན་པ་ཡོད་པའི་ཕྱིར། འདོད་པ་གཞན་ན་མི་དགེ་བ་བཅུ་ག་ཡོད་དོ། །ལྷ་ལ་སྲོག་གཅོད་ཇི་ལྟར་ཡོད་ཅེ་ན། ཡོད་དེ། ནང་མི་གསོད་ཀྱང་འགྲོ་བ་གཞན་གསོད་པ་ཡོད་པའི་ཕྱིར་དང་། ཡང་ན་ལྷའི་མགོ་དང་རྐེད་པ་ཆད་ན་འཆི་བར་བཤད་པའི་ཕྱིར། ཡིད་ཀྱི་དགེ་བ་གསུམ་ནི་འགྲོ་བ་ཐམས་ཅད་ན་རྙེད་པ་དང་མངོན་དུ་གྱུར་པའི་སྒོ་ནས་ཡོད། །གཟུགས་མེད་དུ་སྐྱེས་པའི་འཕགས་པ་ལ་ཟག་མེད་ཀྱི་སྡོམ་པས་བསྡུས་པའི་སྤོང་བ་བདུན་རྙེད་པས་ཡོད་ཅིང་མངོན་གྱུར་དུ་མེད་ལ། འདུ་ཤེས་མེད་པའི་སེམས་ཅན་ལ་བསམ་གཏན་གྱི་སྡོམ་པས་བསྡུས་པའི་སྤོང་བ་བདུན་རྙེད་པས་ཡོད་ཀྱི་མངོན་གྱུར་དུ་མེད་དོ། །ལྷག་མར་བྱས་པའི་འགྲོ་བ་ན་ལུས་ངག་གི་བདུན་མངོན་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དེ། ལྷ་དང་མི་ལ་སྡོམ་པས་བསྡུས་པ་ཡོད། དུད་འགྲོ་དང་ཡི་


DLL1003_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་ལ་བར་མས་བསྡུས་པ་ཡོད་པའི་ཕྱིར། འོན་ཀྱང་དམྱལ་བཅས་སྒྲ་མི་སྙན་ནི་མ་གཏོགས་ཏེ། སྡོམ་པ་ཡང་དག་པར་ལེན་པ་དང་། ཏིང་ངེ་འཛིན་མེད་པའི་ཕྱིར། བདུན་བ་ནི། མི་དགེ་བའི་ལས་ལམ་ཐམས་ཅད་ཀྱིས་བདག་པོའི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ་དང་། རྣམ་སྨིན་གྱི་འབྲས་བུ་གསུམ་གསུམ་འབྱིན་པར་འདོད་དེ། མི་དགེ་བ་བཅུ་ཆེར་སྤྱད་པའི་རྣམ་སྨིན་ལ་དམྱལ་བ་དང་། འབྲིང་དུ་སྤྱད་པ་ལས་དུད་འགྲོ་དང་། ཆུང་དུ་སྤྱད་པ་ལས་ཡི་དྭགས་སུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་སྲོག་གཅོད་པས་ཚེ་ཐུང་བ་དང་། མ་བྱིན་བར་བླངས་པས་ལོངས་སྤྱོད་ཀྱིས་ཕོངས་པ་དང་། མི་ཚངས་པར་སྤྱོད་པས་ཆུང་མ་འགྲན་ཟླ་དང་བཅས་པ་དང་། ཚིག་རྩུབ་གྱིས་སྐུར་བ་མང་བ་ལ་སོགས་པ་དང་། སྲོག་གཅོད་ཀྱིས་བདག་པོའི་འབྲས་བུ་ཕྱི་རོལ་གྱིས་ཡུལ་གཟི་བརྗིད་ཆུང་བ་དང་། མ་བྱིན་ལེན་གྱིས་ཡུལ་གནོད་པ་མང་པ་སོགས་སུ་སྐྱེ་བའི་ཕྱིར། ལས་ཐམས་ཅད་ཀྱིས་འབྲས་བུ་གསུམ་གསུམ་འབྱིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྲོག་གཅོད་ལྟ་བུའི་སྦྱོར་བས་ཕ་རོལ་པོ་སྡུག་བསྔལ་བ་བྱས་པའི་ཕྱིར་དང་། དངོས་གཞི་ལ་བསད་པའི་ཕྱིར་དང་། མཇུག་གཟི་བྱིན་མེད་པར་བྱས་པའི་ཕྱིར་ན་འབྲས་བུ་རྣམ་པ་གསུམ་གསུམ་འབྱིན་ནོ། །གཉིས་པ་ལ་ལོག་འཚོ་ལོགས་སུ་སྟོན་པའི་རྒྱུ་མཚན་ནི། མདོ་ལས། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་ངག་དང་། ལོག་པའི་འཚེ་བ་ཞེས་གསུངས་ན། དེ་གཉིས་ལས་གཞན་པའི་ལོག་འཚོ་དེ་གང་ཞེ་ན། དེ་མེད་དེ། འདོད་ཆགས་ལས་སྐྱེས་པའི་ལུས་དང་ངག་གི་ལས་ནི་ལོག་འཚོ་སོགས་གསུམ་ག་ཡིན་པའི་ཕྱིར། འོ་ན། དེ་གཉིས་ལ་ལོག་འཚོས་ཁྱབ་


DLL1003_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བམ་ཞེ་ན། མ་ཡིན་ཏེ། ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་ལུས་དང་ངག་གི་ལས་ནི་ལོག་པའི་ལས་ཀྱི་མཐའ་དང་ལོག་པའི་ངག་ཁོ་ན་ཡིན་གྱིས། ལོག་འཚོ་མ་ཡིན་པའི་ཕྱིར། འོ་ན། དེ་ལས་གཞན་པའི་ལོག་འཚོ་མེད་ན། དེ་ལོགས་སུ་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དེ་སྤྱད་དཀའ་བ་དེ་ཤེས་པའི་ཆེད་ཡིན་པའི་ཕྱིར་ཏེ། དགའ་བའི་རྣམ་པས་འཇུག་པས་སེམས་རྒྱུད་ལ་འབྲལ་བར་དཀའ་བའི་ཕྱིར་དང་། དགེ་འདུན་གྱི་འཚོ་བ་གཞན་ལ་རག་ལས་པའི་ཕྱིར། གལ་ཏེ་འཚོ་བའི་ཡོ་བྱད་ལ་ཆགས་པས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ལོག་འཚོ་ཡིན་གྱི། དགའ་བའི་ཕྱིར་ཀླུ་ལེན་པ་ལ་སོགས་པ་ཆགས་པས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ལོག་འཚོ་མིན་ནོ་ཞེ་ན། དེ་མི་འཐད་དེ། ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་དང་འགལ་བའི་ཕྱིར་ཏེ། མདོ་ལས། དགེ་སློང་དད་པས་བྱིན་པ་ལོངས་སྤྱོད་ནས་གླང་པོ་ཆེ་འཐབ་པ་ལ་སོགས་པ་ལ་བལྟས་ན་ལོག་འཚོར་གསུངས་པའི་ཕྱིར། གསུམ་པ་ལས་གང་འབྲས་བུ་དུ་དང་བཅས་པ་ནི། འོ་ན། ལས་གང་འབྲས་བུ་དུ་དང་བཅས་པ་ཡིན་ཞེ་ན། དྲི་བཅས་སྤོང་བའི་ལམ་དག་གི་ལས་ནི་ལྔའི་འབྲས་བུར་བཅས་ཏེ། ཟག་བཅས་དག་པ་ཡིན་པས་རྣམ་སྨིན་གྱི་འབྲས་བུ་དང་བཅས། དེའི་སྟོབས་ཀྱིས་ཅིག་ཅར་འབྱུང་བ་དང་། རྗེས་ཐོགས་དེ་མཐག་ཏུ་སྐྱེས་པ་སྐྱེས་བུའི་བྱེད་འབྲས་དང་། དེའི་སྔོན་བྱུང་བ་མིན་པའི་འདུས་བྱས་ནི་བདག་པོའི་འབྲས་བུ་དང་། རིགས་འདྲ་ཕྱི་མ་རྣམས་ནི་རྒྱུ་མཐུན་གྱི་འབྲས་བུ་དང་། བར་ཆད་མེད་ལམ་ཡིན་པས་བྲལ་བའི་འབྲས་བུ་དང་བཅས་པ་ཡིན་པའི་ཕྱིར། དྲི་མེད་སྤོང་


DLL1003_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ལས་ཀྱི་འབྲས་བུ་ནི་རྣམ་སྨིན་མ་གཏོགས་པ་བཞིའི་འབྲས་བུར་བཅས། ཟག་བཅས་སྤོང་ལམ་ལས་གཞན་དགེ་བ་དང་མི་དགེ་བ་གང་ཡིན་པའི་ལས་ཀྱི་འབྲས་བུའང་བྲལ་འབྲས་མ་གཏོགས་པ་བཞི། ཟག་པ་མེད་པའི་སྤོང་ལམ་ལས་ལྷག་མ་དང་། ལུང་བསྟན་མིན་གང་གི་ལས་ཀྱི་འབྲས་བུ་ནི་རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་གསུམ་གྱིས་སོ། །དགེ་བའི་ལས་ཀྱི་འབྲས་བུ་དགེ་བ་དང་། ལ་སོགས་པ་མི་དགེ་བ་དང་ལུང་མ་བསྟན་རིམ་པ་བཞིན་དུ་རྣམ་སྨིན་མ་གཏོགས་པ་བཞི་དང་། སྐྱེས་བདག་གཉིས་དང་། དེ་བཞིན་དེའི་སྟེང་དུ་རྣམ་སྨིན་ཏེ་གསུམ། མི་དགེ་བའི་ལས་ཀྱི་འབྲས་བུ་དགེ་བ་དང་། སོགས་པ་མི་དགེ་བ་དང་ལུང་མ་བསྟན་གྱིས་བྱས་པའི་ཚེ་སྐྱེས་བདག་གཉིས་དང་། དེའི་སྟེང་དུ་རྒྱུ་མཐུན་ཏེ་གསུམ་དང་། བྲལ་འབྲས་མ་གཏོགས་པ་བཞི་སྟེ་རིམ་པ་བཞིན་དང་། ལུང་དུ་བསྟན་པ་མིན་པའི་ལས་ཀྱི་འབྲས་བུ་དགེ་བ་དང་། སོགས་པ་མི་དགེ་བ་དང་ལུང་མ་བསྟན་གྱིས་བྱས་པའི་ཚེ། དེ་དག་ནི་སྐྱེས་བདག་གཉིས་དང་། དེའི་སྟོང་དུ་རྒྱུ་མཐུན་ཏེ་གསུམ་གསུམ་དང་། འདས་པའི་ལས་ཀྱི་འབྲས་བུ་འདས་མ་འོངས་ད་ལྟར་བ་ཐམས་ཅད་ནི་བྲལ་འབྲས་མ་གཏོགས་པ་བཞི་ཡིན་ནོ། །བར་མ་ད་ལྟར་བའི་ལས་ཀྱི་འབྲས་བུ་མ་འོངས་པའང་བྲལ་འབྲས་མ་གཏོགས་པ་བཞི། བར་མ་ད་ལྟར་བའི་ལས་ཀྱི་འབྲས་བུ་ད་ལྟར་བ་ནི་སྐྱེས་བདག་གཉིས་སོ། །མ་སྐྱེས་བའི་ལས་ཀྱི་འབྲས་བུ་མ་འོངས་པ་ནི་རྒྱུ་མཐུན་དང་བྲལ་འབྲས་མ་གཏོགས་པ་གསུམ་ཡིན། རྒྱུ་མཐུན་མ་གཏོགས་ཏེ། མ་འོངས་པ་ལ་གོ་རིམ་མེད་པའི་ཕྱིར། རང་གི་ས་པའི་འབྲས་བུ་རང་གི་ས་པ་ནི་བྲལ་འབྲས་མ་གཏོགས་པ་


DLL1003_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡིན་ནོ། །དེ་མ་གཏོགས་ཏེ། དེ་སས་མ་བསྡུས་པའི་ཕྱིར། གཞན་གྱི་ས་པའི་ལས་ཀྱི་འབྲས་བུ་གཞན་གྱི་ས་པ་ནི་ཟག་མེད་ཡིན་ན། སྐྱེས་བདག་གཉིས་དང་རྒྱུ་མཐུན་ཏེ་གསུམ་དང་། ཟག་བཅས་ཡིན་ན་སྐྱེས་བདག་གཉིས་སོ། །སློབ་པའི་ལས་ཀྱི་འབྲས་བུ་སློབ་པ་དང་། ལ་སོགས་པ་མི་སློབ་པ་དང་། སྤོབ་པ་ཡང་མིན་མི་སློབ་པ་ཡང་མིན་པ་ནི། སྐྱེས་བདག་གཉིས་དང་རྒྱུ་མཐུན་ཏེ་གསུམ་དང་གསུམ་དང་། བྲལ་འབྲས་དང་སྐྱེས་བདག་གཉིས་ཏེ་གསུམ་དང་། མི་སློབ་པའི་ལས་ཀྱི་འབྲས་བུ་སློབ་པའི་ཆོས་དང་། ལ་སོགས་པ་མི་སློབ་པ་དང་། དེ་གཉིས་གང་ཡང་མ་ཡིན་པ་ནི། བདག་འབྲས་གཅིག་དང་། སྐྱེས་བདག་གཉིས་དང་རྒྱུ་མཐུན་ཏེ་གསུམ་དང་། སྐྱེས་བདག་གཉིས་ཡིན་ནོ། །དེ་ལས་གཞན་པའི་ལས་ཀྱི་འབྲས་བུ་ནི་སློབ་པ་དང་། སོགས་པ་མི་སློབ་པ་དང་། དེ་གཉིས་གང་ཡང་མིན་པ་ནི། སྐྱིས་བདག་གཉིས་དང་། དེ་གཉིས་དང་། ལྔ་དང་བཅས། མཐོང་བས་སྤང་བྱའི་ལས་ཀྱི་འབྲས་བུ་མཐོང་སྤང་དང་། ལ་སོགས་པ་སྒོམ་སྤང་དང་། སྤང་བྱ་མིན་པ་ནི། སྐྱེས་བདག་གཉིས་དང་རྒྱུ་མཐུན་ཏེ་གསུམ་དང་། བྲལ་འབྲས་མ་གཏོགས་པ་བཞི་དང་། བདག་འབྲས་གཅིག་ཡིན་ནོ། །སྒོམ་པས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་སྤང་དང་། སྒོམ་སྤང་དང་། སྤང་བྱ་མིན་པ་དེ་དག་ནི། སྐྱེས་བདག་གཉིས་དང་། བྲལ་འབྲས་མ་གཏོགས་པ་བཞི་དང་། བྲལ་འབྲས་སྐྱེས་བདག་གཉིས་ཏེ་གསུམ་དང་། སྤང་བྱ་མ་ཡིན་པའི་ལས་ཀྱི་འབྲས་བུ་མཐོང་སྤང་དང་། སྒོམ་སྤང་དང་། སྤང་བྱ་མིན་པ་དེ་དག་ནི་བདག་འབྲས་གཅིག་དང་། སྐྱེས་བདག་གཉིས་དང་། རྣམ་སྨིན་མ་གཏོགས་པ་


DLL1003_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་འབྲས་བུར་བཅས་པ་ཡིན་ནོ། །བརྒྱད་པ་རིགས་པ་དང་རིགས་པ་མིན་པས་བསྐྱེད་པའི་ལས་ཀྱི་དབྱེ་བ་ནི། བསྟན་བཅོས་ལས་རིགས་པ་མིན་པས་བསྐྱེད་པ་དང་། རིགས་པས་བསྐྱེད་པ་དང་། གཉིས་ཀས་བསྐྱེད་པ་མིན་པའི་ལས་གསུམ་གསུངས་པ་ལས། རིགས་པ་མིན་པས་བསྐྱེད་པ་ནི་ལས་ཉོན་མོངས་ཅན་རང་བཞིན་གྱི་ཁ་ན་མ་ཐོ་བ་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་ཏེ། ཚུལ་བཞིན་མིན་པའི་ཡིད་ལ་བྱེད་པས་བསྐྱེད་པའི་ཕྱིར། སྔོན་གྱི་སློབ་དཔོན་ཁ་ཅིག་ནི། དེ་ནི་ལས་ཉོན་མོངས་ཅན་ཁོ་ནར་མ་ཟད་ཀྱི། བཅས་པའི་ཁ་ན་མ་ཐོ་བ་འགྲོ་བ་དང་གནས་པ་དང་བཟའ་བ་དང་བགོ་བ་ལ་སོགས་པ་འཇིག་རྟེན་ན་གྲགས་པའི་ཆོ་ག་ལས་ཉམས་ནས། དེ་དང་མི་མཐུན་པར་བྱེད་པའང་རིགས་པ་མིན་པས་བསྐྱེད་པ་ཡིན་ནོ་ཞེའོ། །རིགས་པས་བསྐྱེད་པ་ནི་ལས་དག་པ་ཡིན་ནོ། །ཁ་ཅིག་ནི་དེར་མ་ཟད་ཆོ་ག་མ་ཉམས་པའང་ཡིན་ནོ་ཟེར་རོ། །དེ་གཉིས་ལས་གཞན་པ་ནི་གཉིས་ཀ་མིན་པའོ། །དགུ་པ་འཕེན་བྱེད་དང་རྫོགས་བྱེད་ཀྱི་དབྱེ་བ་ནི། ཅི་ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་ནམ། འོན་ཏེ་དུ་མ་འཕེན། དེ་བཞིན་དུ་ལས་དུ་མས་སྐྱེ་བ་དུ་མ་ཁོ་ན་འཕེན་ནམ། འོན་ཏེ་གཅིག་རྐྱང་པ་འཕེན་ཞེ་ན། །ལས་གཅིག་གིས་སྐྱེ་བ་གཅིག་འཕེན་གྱི་སྐྱེ་བ་དུ་མ་འཕེན་པ་མེད་ལ། རིས་མཐུན་དུམ་བུར་འཕེན་དུ་འོང་བས་ན། ལས་དུ་མས་སྐྱེ་བ་གཅིག་འཕེན་པའང་མེད་དོ་ཞེས་བྱ་བ་ནི་བྱེ་བྲག་སྨྲ་བའི་ལུགས་སོ། །འོ་ན་རྒྱལ་པོ་དང་ཡང་དག་པར་ལྡན་པའི་མདོ་ལས། གནས་བརྟན་མ་འགགས་པས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཝ་ར་ཎ་སིར་སྐྱེས་བུ་དབུལ་པོ་རྩྭ་འཐུ་བ་ཞིག་ཏུ་གྱུར་པ་ན། རང་སངས་


DLL1003_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྟོང་གནས་པས་ན་ཤེས་བྱ་བའམ། སྤྱི་གཙུག་མེ་ཏོག་ཏ་ཀ་ར་ལྟ་བུ་ཞེས་བྱ་བ་ལ་བསོད་སྙོམས་ཕུལ་ཏེ། བདག་གི་བསོད་སྙོམས་གཅིག་པོ་དེའི་རྣམ་པར་སྨིན་པས་ལན་བདུན་གྱི་བར་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཤིང་། ལན་བདུན་གྱི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ནས། ད་ལྟ་ཤཱཀྱ་ཕྱུག་པོའི་རིགས་སུ་སྐྱེས་པའི་བར་དུ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། བསོད་ནམས་དེས་བདེ་འགྲོའི་འབྱོར་པ་རྙེད་ནས་སྐྱེ་བ་དྲན་ཏེ་ཡང་བསོད་ནམས་བྱས་པས། དེ་དང་དེ་དག་ཏུ་སྐྱེས་པ་ལ་བསོད་སྙོམས་གཅིག་པོ་དེས་སྐྱེས་སོ་ཞེས་བཤད་དེ། གཅིག་པོ་དེ་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །དཔེར་ན། དོང་རྩེ་གཅིག་ལན་དུ་མར་བསྒྱུར་བས་ཕྱུག་པོར་གྱུར་པ་ལ། བདག་ནི་དོང་རྩེ་གཅིག་གིས་ཕྱུག་པོར་གྱུར་ཏོ་ཞེས་བརྗོད་པ་ལྟ་བུའོ། །ཡང་ན་བསོད་སྙོམས་གཅིག་ཕུལ་བ་དེ་ལ་བརྟེན་ནས་དགའ་བ་དང་ཡིད་རང་པ་ལ་སོགས་པའི་སེམས་པའི་ལས་དུ་མ་ཡོད་པའི་ཕྱིར་དེ་དག་གི་འབྲས་བུ་ཡིན་ནོ། །ལས་གཅིག་གིས་འཕངས་པའི་རིས་མཐུན་པའི་སྐྱེ་བ་དེའི་ཁྱད་པར་གྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་ལས་ནི་དུ་མ་ཡིན་ཏེ། དཔེར་ན། རི་མོ་མཁན་མཁས་པས་སྐྱ་རིས་རི་ལུ་གཅིག་གིས་བྱས་ནས། གཞན་རྣམས་ཀྱིས་ཚོན་སྣ་ཚོགས་ཀྱིས་རྫོགས་པར་བྱེད་པ་ལྟར། མིར་མཚུངས་ཀྱང་ཁ་ཅིག་ནི་རྫོགས་བྱེད་དགེ་བས་གཟུགས་བཟང་བ་དང་དབང་པོ་ཚང་བ་དང་ལོངས་སྤྱོད་ཆེ་བ་དང་ནད་མེད་པ་དང་དབང་ཐང་ཕུན་སུམ་ཚོགས་པ་ལ་སོགས་པ་ཡིན་ལ། ཁ་ཅིག་ནི་རྫོགས་བྱེད་མི་དགེ་བས་གཟུགས་ངན་པ་ལ་


DLL1003_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཡིན་ནོ། །དེས་ན་འཕེན་བྱེད་དགེ་བ་ལ་རྫོགས་བྱེད་མི་དགེ་བ་དང་། དེ་ལས་བཟློག་པ་དང་། གཉིས་ཀ་དགེ་བ་དང་། མི་དགེ་བ་སྟེ་མུ་བཞི་ལས། དང་པོ་ནི་འདོད་པའི་ལྷ་མི་སྡུག་བསྔལ་ཅན་ལྟ་བུ་དང་། གཉིས་པ་ནི་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་སོགས་པ་དང་། གསུམ་པ་ནི་བརྒྱ་བྱིན་ལ་སོགས་པ་དང་། བཞི་པ་ནི་མནར་མེད་པའི་སེམས་ཅན་ལྟ་བུའོ། །མདོ་སྡེ་པ་ལ་སོགས་པ་དག་ནི། ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་མདོ་དེ་དང་དེ་ལས་རྣམ་པ་དུ་མ་བཤད་པའི་ཕྱིར། ལས་གཅིག་གིས་སྐྱེ་བ་དུ་མ་དང་། དུ་མས་གཅིག་འཕེན་པའང་ཡོད་ཅེས་འདོད་དོ། །གལ་ཏེ་ལས་ཐམས་ཅད་སྐྱེ་བ་འཕེན་བྱེད་མ་ཡིན་ནམ་ཞེ་ན། རྣམ་སྨིན་དང་བཅས་ཀྱང་སེམས་མེད་པའི་སྙོམས་པར་འཇུག་པ་གཉིས་པོ་དག་ནི་འཕེན་བྱེད་མ་ཡིན་ཏེ། བསམ་གཏན་བཞི་པ་དང་སྲིད་རྩེས་འཕངས་ཟིན་པའི་ཕྱིར་དང་། དེ་དག་ལ་སེམས་མེད་པས་སེམས་པ་དང་ལྷན་ཅིག་མི་འབྱུང་བའི་ལས་ནི་སྟོབས་ཆུང་བའི་ཕྱིར། དེའི་ཕྱིར་སྙོམས་འཇུག་གཉིས་ཀྱི་རྣམ་སྨིན་ལྷ་ཚེ་རིང་པོ་དང་སྲིད་རྩེ་བ་ཡིན་ནོ་ཞེས་བྱ་བའང་རྫོགས་བྱེད་ཀྱི་དབང་དུ་བྱས་པ་ཡིན་གྱིས། འཕེན་བྱེད་ནི་བསམ་གཏན་བཞི་པ་དང་སྲིད་པའི་རྩེ་མོའི་སྙོམས་འཇུག་ཡིན་ནོ། །དགེ་མི་དགེའི་ཐོབ་པའང་ལས་དང་ལྷན་ཅིག་པ་ཡིན་ཡང་འཕེན་བྱེད་མ་ཡིན་ཏེ། ལས་དང་ཐོབ་པ་འབྲས་བུ་མི་གཅིག་པའི་ཕྱིར་དང་། ཐོབ་པ་ལ་སེམས་པ་མེད་པར་ཞར་ལས་འབྱུང་བས་སྟོབས་ཆུང་བའི་ཕྱིར་དང་། ཐོབ་པ་ནི་ཤིང་གི་ཤུན་པ་ལྟར་ལས་ལས་ཐ་དད་ཡིན་པའི་ཕྱིར། འོན་ཀྱང་དགེ་བ་ཟག་བཅས་དང་མི་དགེ་བའི་ཐོབ་པ་དེ་དག་རྫོགས་བྱེད་ནི་


DLL1003_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་བཞིན་དུ་འཕགས་པའི་རྒྱུད་ལ་ཡོད་པའི་ཟག་བཅས་ཀྱི་ལས་དང་། སྤྱོར་ལམ་ངེས་འབྱེད་ཆ་མཐུན་བཞི་ཡང་རྫོགས་བྱེད་ཁོ་ནའོ། །བཅུ་པ་སྒྲིབ་པ་གསུམ་བཤད་པ་ནི། མཚམས་མེད་པ་ལྔའི་ལས་རྣམས་ནི་ལས་སྒྲིབ་དང་། ཉོན་མོངས་པ་ལ་ཤས་ཆེ་བ་དང་རྣོ་བ་གཉིས་ལས་ཤས་ཆེན་པོ་ནི། རྒྱུན་ཆགས་སུ་འབྱུང་བ་སྟེ། དེ་ཉིད་ཆུང་ངུ་ལས་འབྲིང་། འབྲིང་ལས་ཆེན་པོ་རྒྱུན་མི་འཆད་པར་འབྱུང་བས། གཉེན་པོས་སྤོང་བའི་སྐབས་མ་རྙེད་པས་ཉོན་སྒྲིབ་ཡིན་ལ། གཉིས་པ་ནི་དྲག་ཏུ་འབྱུང་བ་གང་ཡིན་པ་སྟེ། དེ་ནི་སྤང་སླ་བའི་ཕྱིར་ཉོན་སྒྲིབ་མིན་ནོ། །ངན་འགྲོ་རྣམ་གསུམ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། བྱང་སྒྲ་མི་སྙན་དུ་སྐྱེས་པ་རྣམས་ནི། རྣམ་སྨིན་གྱི་སྒྲིབ་པ་ཡིན་ཏེ། སྔར་གྱི་ལས་ཀྱིས་རྒྱུད་ངན་པར་འཕངས་པའི་ཕྱིར། དེ་ལྟར་ན་སྒྲིབ་པ་ནི་རྣམ་པ་གསུམ་དུ་འདོད་དེ། འཕགས་པའི་ལམ་དང་། དྲོ་བར་བྱེད་པ་ལ་སོགས་པ་འཕགས་པའི་ལམ་ལ་སྦྱོར་བར་བྱེད་པའི་དགེ་བ་ལ་སྒྲིབ་པ་དང་གེགས་སུ་གྱུར་པའི་ཕྱིར། འོ་ན་ལམ་ཕྲན་པ་དང་། སོར་ཕྲེང་ཅན་དང་། དགའ་བོ་ལ་སོགས་པ་ཉོན་མོངས་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར། དེ་དག་ལ་འཕགས་ལམ་མི་སྐྱེ་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་དག་གིས་ཀྱང་ཇི་སྲིད་སྒྲིབ་པ་དེ་དག་མ་སྤངས་པ་དེ་སྲིད་དུ་ལམ་མི་སྐྱེ་ལ། ལམ་སྐྱེ་བ་ན་ཉོན་མོངས་ཤས་ཆེན་པོ་མེད་པའི་ཕྱིར། །སྒྲིབ་པ་གསུམ་པོ་དེ་དག་ལས་མཚམས་མེད་པ་ལྔ་ནི། གླིང་གསུམ་དག་ན་ཡོད་ཀྱི་བྱང་སྒྲ་མི་སྙན་དང་འགྲོ་བ་གཞན་དག་ན་མེད་དོ། །ངན་སོང་དག་ན་ཕ་མ་གསོད་པ་ལ་སོགས་པ་ཡོད་ཀྱང་མཚམས་མེད་དུ་མི་འགྱུར་ཏེ། སྡིག་


DLL1003_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་པ་མ་བརྟེན་པའི་ཕྱིར་དང་། ལས་འབྲས་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ལྷ་ལ་ནི་ཕ་མ་གསོད་པ་ལ་སོགས་པ་མེད་དེ། སྡིག་པའི་བསམ་པ་ཅན་མ་ཡིན་པའི་ཕྱིར་དང་། ལས་འབྲས་མངོན་སུམ་དུ་གྱུར་པའི་ཕྱིར། སྒྲ་མི་སྙན་པ་ལའང་མེད་དེ། དེ་དག་ནི་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པའམ། ངང་ཚུལ་བཟང་བའི་ཕྱིར་དང་། དེ་ན་བསྟན་པ་མེད་པའི་ཕྱིར། གླིང་གསུམ་གྱི་ཡང་ཟ་མ་དང་། སོགས་པའི་སྒྲས་བསྟན་པ་མ་ནིང་དང་མཚོན་གཉིས་པ་ལའང་མཚམས་མེད་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། དེ་དག་གི་ཕ་མའི་ངོས་ནས་ལུས་དབང་པོ་མ་ཚང་བ་བསྐྱེད་པ་དང་། བྱམས་པ་དང་ཕན་པ་ཆུང་བའི་ཕྱིར་དང་། བུ་ཚའི་ངོས་ནས་ཀྱང་ཕ་མ་ལ་ངོ་ཚ་དང་ཁྲེལ་ཡོད་ཤས་ཆུང་བའི་ཕྱིར་རོ། །ལས་སྒྲིབ་ཀྱི་ལྷག་མ་ཉོན་མོངས་པ་དང་རྣམ་སྨིན་གྱི་སྒྲིབ་པ་གཉིས་ནི། འདུ་ཤེས་མེད་པའི་སེམས་ཅན་དང་སྒྲ་མི་སྙན་པ་དང་ངན་སོང་བ་ཐམས་ཅད་རྣམ་སྨིན་གྱི་སྒྲིབ་པ་ཡིན་ལ། ཉོན་མོངས་ཤས་ཆེན་པོའང་ཐམས་ཅད་ན་ཡོད་པས་འགྲོ་བ་ལྔ་དག་ན་ཡོད་དོ། །བཅུ་གཅིག་པ་མཚམས་མེད་པ་ལྔ་བཤད་པ་ནི། མཚམས་མེད་པ་ལྔ་པོ་དེ་དག་ལས་དང་པོ་གསུམ་སྲོག་གཅོད་པ་དང་། ལྔ་པ་སྲོག་གཅོད་པའི་སྦྱོར་བ་ཡིན་པས་ལུས་ཀྱི་ལས་དང་། བཞི་པ་རྫུན་ཡིན་པས་ངག་གི་ལས་སོ། །དགེ་འདུན་འཁོར་ལོའི་དབྱེན་ནི། དགེ་འདུན་སྡེ་གཉིས་མི་འཕྲོད་པའི་རང་བཞིན་དུ་གྱུར་པ་ལྡན་པ་མ་ཡིན་པའི་ཆོས་འདུ་བྱེད་རྫས་སུ་གྲུབ་པ་ཞིག་ཡོད་དོ་ཞེས་བྱ་བ་ནི་བྱེ་བྲག་སྨྲ་བའི་ལུགས་སོ། །དེ་ཡང་ཉོན་མོངས་སྤངས་པ་དང་དགེ་རྩ་ཆད་པ་དག་ལའང་ལྡན་པས། ངོ་བོ་ཉོན་མོངས་ཅན་ཡང་མིན་ལ། དགེ་བར་ལུང་དུ་བསྟན་པ་


DLL1003_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མིན་པས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །དེ་ལྟ་བུའི་དབྱེན་དེ་དང་ནི་ཕྱོགས་གཉིས་ཀྱི་དགེ་འདུན་རྣམས་ཡང་དག་པར་ལྡན་ལ། མཚམས་མེད་པའི་ལས་ནི་མིན་ནོ། །དགེ་འདུན་གྱི་དབྱེན་དེའི་རྒྱུ་ཁ་ན་མ་ཐོ་བའི་ལས་ནི། དགེ་འདུན་འབྱེད་པར་བྱེད་པའི་རྫུན་ཏེ་དེ་ནི་མཚམས་མེད་ཡིན་ལ། དེ་ནི་དགེ་འདུན་འབྱེད་པར་བྱེད་པ་པོ་ལྷས་བྱིན་ལ་སོགས་པ་དང་ཡང་དག་པར་ལྡན་ནོ། །དགེ་འདུན་གྱི་དབྱེན་གྱི་མཚམས་མེད་པའི་ལས་དེའི་རྣམ་སྨིན་ནི། བྱེད་པ་པོ་དེ་ལ་བར་གྱི་བསྐལ་པར་མནར་མེད་པའི་དམྱལ་བར་སྡུག་བསྔལ་རྣམ་པར་སྨིན་པར་འགྱུར་རོ། །འོ་ན་མཚམས་མེད་ལྷག་མ་རྣམས་བྱས་པས་ཇི་ལྟར་ཞེ་ན། མཚམ་མེད་གཞན་དག་གིས་ནི་སྤྱིར་དམྱལ་བར་སྐྱེ་བར་ངེས་ཀྱང་མནར་མེད་ཁོ་ནར་སྐྱེ་བར་ནི་མ་ངེས་སོ། །འོ་ན་མཚམས་མེད་གཉིས་ལ་སོགས་པ་བྱས་པས་དམྱལ་བར་ཚེ་གཅིག་ཁོ་ནས་ལས་མི་སྐྱེ་ན། ལས་ཆེ་ཆུང་ལ་ཁྱད་པར་མེད་པར་འགྱུར་ལ། ཚེ་གཉིས་ལ་སོགས་པར་ཡང་སྐྱེ་ན། མཚམས་མེད་དང་སྐྱེས་ནས་མྱོང་འགྱུར་ཁོ་ན་མ་ཡིན་པར་འགྱུར་རོ་ཞེ་ན། །བྱེ་བྲག་སྨྲ་བ་ན་རེ། མཚམས་མེད་གཉིས་དང་གསུམ་ལ་སོགས་པ་ལྷག་པར་བྱས་པས་དམྱལ་བར་ཚེ་གཅིག་ལས་མི་སྐྱེ་ཡང་། ལས་ཀྱི་གྲངས་བཞིན་མནར་མེད་པ་དེར་ལུས་ཉིས་འགྱུར་ལ་སོགས་པས་ཆེ་བ་དང་གཞོན་ཤ་ཅན་དུ་གྱུར་ཏེ། གནོད་པའི་སྡུག་བསྔལ་ཡང་ཉིས་འགྱུར་ལ་སོགས་པས་ལྷག་པར་མྱང་བར་འགྱུར་བས། སྐྱོན་གཉིས་ཀ་ལས་གྲོལ་ཞིང་། དེ་དག་ཀྱང་སྔ་མ་འཕེན་བྱེད་དང་ཕྱི་མ་རྫོགས་བྱེད་ཡིན་ནོ་ཞེས་ཟེར་རོ། །མདོ་སྡེ་པ་ལ་སོགས་པ་ནི། མཚམས་མེད་མང་པོ་


DLL1003_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་མནར་མེད་པར་ཡང་དང་ཡང་དུ་སྐྱེ་ཡང་། ལས་བྱེད་པའི་ལུས་དེ་དང་དམྱལ་བའི་བར་དུ་སྐྱེ་བ་གཞན་གྱིས་མཚམས་མེད་པའི་ཕྱིར་དང་། དེ་སྐྱེས་ནས་མྱོང་འགྱུར་དུ་འདོད་པ་ལའང་བསལ་བ་མེད་པའི་ཕྱིར། གང་ཟག་ནི་དགེ་སློང་ཡིན་པ་དང་། ལྟ་བ་སྤྱད་པ་དང་ཚུལ་ཁྲིམས་དང་ལྡན་པས་འབྱེད་ཀྱི། ཁྱིམ་པ་དང་སྲེད་པ་སྤྱད་པ་དང་ཚུལ་ཁྲིམས་འཆལ་བས་ནི་མ་ཡིན་ཏེ། སངས་རྒྱས་ལ་འགྲན་བཙུགས་པའི་ཕྱིར་དང་། དབང་པོ་རྣོ་བའི་ཕྱིར་དང་། དེ་དག་ལ་དགེ་འདུན་རྣམས་ཡིད་མི་ཆེས་པས་སོ། །གང་དུ་ཞེ་ན། སངས་རྒྱས་བཞུགས་པའི་གནས་དེ་ལས་གཞན་དུ་ཡིན་གྱི། སྟོན་པའི་མངོན་སུམ་དུ་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་གཟི་བརྗིད་མི་བཟོད་པའི་ཕྱིར་རོ། །གང་འབྱེད་ན། བྱིས་པ་སོ་སོ་སྐྱེ་བོའི་དགེ་འདུན་རྣམས་འབྱེད་ཀྱི། འཕགས་པ་རྣམས་ནི་མ་ཡིན་ཏེ། ཆོས་ཉིད་མངོན་སུམ་དུ་གྱུར་པ་ལས་སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པའི་ཕྱིར། ཁ་ཅིག་བཟོད་པ་ཐོབ་པའི་སྐྱེ་བོ་རྣམས་ཀྱང་དབྱེ་བར་མི་ནུས་སོ་ཟེར། བྱེ་བའི་ཚད་ནི། གང་གི་ཚེ་སྟོན་པ་སངས་རྒྱས་ལས་སྟོན་པ་ལྷས་བྱིན་དང་། སངས་རྒྱས་ཀྱིས་བཅས་པའི་ལམ་ལས་གཞན་ལྷས་བྱིན་གྱིས་ངེས་པར་འབྱུང་བར་བྱ་བའི་ཕྱིར། ཞོ་མི་སྤྱད་པ་དང་། ཤ་སྤང་བ་དང་། ལན་ཚྭ་ལོངས་མི་སྤྱད་པ་དང་། གོས་མ་དྲས་པར་བགོ་བ་དང་། གྲོང་གི་ནང་གི་གཙུག་ལག་ཁང་དུ་འདུག་པ་ཞེས་བྱ་བའི་བསླབ་བའི་ཚིགས་ལྔ་བཅས་པ་ལ་སོགས་པ་ལ་བཟོད་ཅིང་དང་དུ་ལེན་པ་དེའི་ཚེ་དགེ་འདུན་བྱེ་བའོ། །དུས་ཇི་སྲིད་དུ་གནས་ཞེ་ན། བྱེ་བ་དེ་ནི་ཆོས་ཉིད་ཀྱིས་ཞག་གཅིག་ལས་རིང་དུ་མི་གནས་སོ། །དགེ་འདུན་གྱི་དབྱེན་


DLL1003_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཆོས་ཀྱི་འཁོར་ལོའི་དབྱེན་དུ་འདོད་དེ་ཇི་སྲིད་དུ་དགེ་འདུན་བྱེ་ནས་མ་དུམ་པ་དེ་སྲིད་དུ་སུའི་རྒྱུད་ལའང་ལམ་མི་སྐྱེ་བའི་ཕྱིར། དེ་ནི་མཚམས་མེད་ཡིན་གྱི་དབྱེན་གཞན་ནི་མཚམས་མེད་མིན་ནོ། །འཁོར་ལོའི་དབྱེན་དེ་ཡང་སངས་རྒྱས་བཞུགས་པས་འཛམ་བུའི་གླིང་ན་ཡོད་ཀྱི་གླིང་གཞན་ན་མེད་དོ། །གང་ཟག་ནི་དགེ་སློང་དགུ་ལ་སོགས་པ་ཡན་གྱིས་འགྲུབ་སྟེ། དགེ་འདུན་ནི་དགེ་སློང་བཞི་ཡན་ཆད་ཡིན་ལ། དེ་སྡེ་གཉིས་དང་འབྱེད་པ་པོ་ལ་ཡང་དགེ་སློང་ངེས་པར་དགོས་པའི་ཕྱིར། འདི་ནི་ཉུང་མཐའ་བཟུང་བ་ཡིན་གྱི་མང་བ་ལ་ངེས་པ་མེད་དོ། །ལས་ཀྱི་དབྱེན་ནི་བསྟན་པ་ཡོད་པ་སྒྲ་མི་སྙན་མ་གཏོགས་པའི་གླིང་གསུམ་ན་ཡོད་ལ། དེ་ཡང་མཚམས་ནང་གཅིག་ཏུ་གསོ་སྦྱོང་ལ་སོགས་པའི་ལས་བློ་མཐུན་པས་བྱེད་པའོ། །གང་ཟག་དུས་ཤེ་ན། ལས་ཀྱི་དབྱེན་དེ་ནི་འབྱེད་པ་པོ་གཞན་མི་དགོས་པས། དགེ་སློང་བརྒྱད་ཡན་ཆད་ཀྱིས་འགྲུབ་བོ། །འཁོར་ལོའི་དབྱེན་དེ་ནི་དང་པོ་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་རིང་པོ་མ་ལོན་པའི་ཚེ་མི་འབྱུང་སྟེ། ཐམས་ཅད་རབ་ཏུ་དགའ་བ་སྐྱེས་པར་བློ་མཐུན་པས་ཤ་གཅིག་པའི་ཕྱིར། སངས་རྒྱས་ཀྱིས་སྐུ་ཚེའི་མཐའ་མ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེའང་མིན་ཏེ། སངས་རྒྱས་ལ་དཀོན་པར་འཛིན་པ་དང་། མི་རྟག་པར་ཡིད་ལ་བྱེད་པས་སེམས་སྐྱོ་ཤས་ཆེ་བར་བློ་མཐུན་པའི་ཕྱིར། འདུལ་བ་ཚིག་ལེའུར་བྱས་པ་ལས། སྟོན་ཀའི་ཆུ་བཞིན་དྲི་མེད་པར། །སྟོན་པའི་བསྟན་པ་བཅུ་གཉིས་ལོར། །ལྟུང་བ་མེད་ལ་ལེགས་གནས་ཏེ། །ཉོན་མོངས་སྤོང་བར་བྱེད་པ་ཡིན། །ཞེས་འབྱུང་བས་ཇི་སྲིད་དུ་བསྟན་པ་ལ་ལྟ་བ་དང་ཚུལ་ཁྲིམས་ཀྱི་སྐྱོན་མ་


DLL1003_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གི་བར་དུ་མི་འབྱུང་སྟེ། བསྟན་པ་སྐྱོན་མེད་པར་གནས་པའི་ཕྱིར། མཆོག་ཟུང་གཅིག་གི་སྔ་རོལ་དུའང་མི་འབྱུང་སྟེ། ཕྱེ་བ་ཡུན་རིང་དུ་མི་གནས་ཤིང་། དེ་དག་གིས་བསྡུམ་དགོས་པ་ལ་སྡུམ་བྱེད་མེད་པའི་ཕྱིར། ཐུབ་པ་ནོངས་པ་སྟེ་མྱ་ངན་ལས་འདས་པའི་འོག་ཏུའང་མི་འབྱུང་སྟེ། གང་ལ་འགྲན་པའི་སངས་རྒྱས་མི་བཞུགས་པའི་ཕྱིར། མཚམས་ཆེ་ཆུང་མ་བཅད་པ་དག་ཏུའང་མི་འབྱུང་སྟེ། མཚམས་གཅིག་ཏུ་དགེ་འདུན་བྱེ་བ་ནི་དབྱེན་ཡིན་ལ་དེ་མེད་པའི་ཕྱིར། དེས་ན་འཁོར་ལོའི་དབྱེན་དེ་ནི་དུས་དྲུག་པོ་དེ་དག་ཏུ་མི་འབྱུང་ངོ་། །དབྱེན་འདི་ཡང་ཉན་ཐོས་པ་དག་སྔོན་གྱི་ལས་ལ་རག་ལས་པའི་ཕྱིར། སངས་རྒྱས་ཐམས་ཅད་ལ་འབྱུང་བ་ནི་མིན་ཏེ། སྟོན་པ་ཤཱཀྱ་ཐུབ་པས་ནི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན། དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་གི་འཁོར་ཕྱེ་བས། དེའི་རྣམ་པར་སྨིན་པ་ཕྱི་མ་ལིན་ནོ་ཞེས་འཆད་དོ། །འདི་ནི་དགོངས་པའི་དོན་དུ་ཐེག་པ་གོང་མ་པས་འཆད་དོ། །ཅིའི་ཕྱིར་ཕ་མ་བསད་པ་ལ་སོགས་པ་ཁོན་ལ་མཚམས་མེད་ཀྱི་འགྱུར་གྱི། གཞན་བསད་པ་ལ་སོགས་པས་མིན་ཞེ་ན། ཕ་མ་བསད་པ་ནི་མཚམས་མེད་པ་ཡིན་ཏེ། དེ་དག་གིས་རང་གི་ལུས་ཐར་པ་དང་མཐུན་པར་སྦྱད་པས། ཕན་འདོགས་པར་བྱེད་པའི་ཞིང་ཁྱད་པར་ཅན་ཡིན་ལ། དེ་བསམ་པས་སྤངས་པ་དང་། སྦྱོར་བས་མེད་པར་བྱས་པའི་ཕྱིར། དེ་བཞིན་དུ་དགྲ་བཅོམ་པ་དང་དགེ་འདུན་དང་སངས་རྒྱས་ནི་ཡོན་ཏན་གྱི་ཞིང་ཁྱད་པར་ཅན་ཡིན་ལ། དེ་དག་བསམ་པས་སྤངས། སྦྱོར་བས་སྲོག་གནས་པ་དང་མི་མཐུན་པར་བྱས་པའི་ཕྱིར་དང་། དེ་བཞིན་གཤེགས་པ་དགྲོང་བར་མི་ནུས་ཀྱང་བསམ་པས་སྤངས་པའི་ཕྱིར་རོ། །


DLL1003_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་དག་ལ་ནི་དེ་ལྟ་བུའི་ཉེས་པ་ཆེ་བ་མེད་པའི་ཕྱིར། མཚམས་མེད་དུ་མི་འགྱུར་རོ། །འོ་ན། ཕ་མ་མཚན་གྱུར་པ་བསད་ན་མཚམས་མེད་དུ་འགྱུར་རམ་མི་འགྱུར་ཞེ་ན། ཕ་མ་གཉིས་ནི་མཚན་གཞན་དུ་གྱུར་ཏེ་བུད་མེད་དང་སྐྱེས་པར་གྱུར་པ་བསད་ཀྱང་། ཕ་མ་བསད་པའི་མཚམས་མེད་དུ་འགྱུར་ཏེ། རང་གི་ལུས་ཁྱད་པར་ཅན་སྐྱེད་པའི་ཕ་མའི་བྱ་བ་བྱས་པ་དེ་བསད་པའི་ཕྱིར། གལ་ཏེ་བུད་མེད་གཞན་གྱི་ནུར་ནུར་པོ། གཞན་གྱི་མངལ་དུ་བླུག་ནས་དེའི་མངལ་དུ་བསྐྱེད་ན། བུད་མེད་གཉིས་པོ་དེ་ལས་གང་བསད་ན་མཚམས་མེད་དུ་འགྱུར་ཞེ་ན། གཉིས་པོ་དེ་ལས་བུད་མེད་དང་པོ་གང་གི་ཟླ་མཚན་ལས་བྱུང་བ་དེ་ཉིད་དེའི་མ་ཡིན་པས། བུད་མེད་དང་པོ་དེ་བསད་ན་འགྱུར་ཏེ། ཐར་པ་དང་མཐུན་པའི་ལུས་དེ་སྐྱེད་པའི་གཙོ་བོ་ཡིན་པའི་ཕྱིར། གཉིས་པ་མངལ་དུ་འཛིན་པའི་བུད་མེད་དེ་ནི་མ་ཡིན་ཏེ། དེ་ཙམ་དུ་གཙོ་བོ་མ་ཡིན་པའི་ཕྱིར། གཞན་ཡང་ཕ་མ་ལ་སྦྱོར་བ་བྱས་ནས་གཞན་བསད་པ་དང་། གཞན་ལ་སྤྱོར་བ་བྱས་ནས་ཕ་མ་བསད་པ་ལ་ནི་མཚམས་མེད་དུ་མི་འགྱུར་ཏེ། མཚམས་མེད་ནི་སྦྱོར་བ་གང་ལ་བྱས་པ་དེ་ལ་དངོས་གཞི་རྫོགས་དགོས་པ་ལས་དེ་མེད་པའི་ཕྱིར། དཔེར་ན། མ་ཁྲིའུའི་འོག་ན་འདུག་པ་བསད་པ་དང་། ཁྲུས་པའི་བུས་སྦྲང་བུ་བསད་པར་འདོད་པས་རྡོ་བས་ཕའི་ཀླད་པ་བཅོམ་པ་བཞིན་ནོ། །མཚོན་ཐེབས་གཅིག་གིས་མ་དང་སེམས་ཅན་གཞན་ཞིག་ཀྱང་བསད་ན། རིག་བྱེད་མ་ཡིན་པ་ནི་མཚམས་མེད་དང་སྲོག་གཅོད་འབའ་ཞིག་པ་གཉིས་ཡིན་ལ། རིག་བྱེད་ནི་མཚམས་མེད་ཀྱིས་


DLL1003_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ཁོ་ན་ཡིན་ཏེ། མཚམས་མེད་ཀྱི་ལས་དེ་ཉིད་སྟོབས་ཆེ་བའི་ཕྱིར། གལ་ཏེ་ཕ་ཡང་ཡིན་ལ། དགྲ་བཅོམ་པའང་ཡིན་པའམ། མ་ཡང་ཡིན། དགྲ་བཅོམ་མ་ཡང་ཡིན་པ་བསད་ན་ནི། དགྲ་བཅོམ་པ་བསད་པའི་མཚམས་མེད་ཀྱི་ལས་གཅིག་ཡིན་ཏེ། རྟེན་གཅིག་ལས་མེད་པའི་ཕྱིར། འོ་ན། ལུང་རྣམ་འབྱེད་ལས། སྔོན་གྲོང་ཁྱེར་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཏྲ་ལན་ཕ་ཡང་ཡིན་དགྲ་བཅོམ་པ་ཡང་ཡིན་པ་རང་གི་བུ་རྒྱལ་བུ་སྐྲ་ཅན་གྱིས་བསད་པ་ན། སོང་ལ་སྐྲ་ཅན་ལ་ཁྱོད་གྱིས་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསད་པ་གང་ཡིན་པ་དང་། གང་ཡང་དགྲ་བཅོམ་པ་བསད་པའོ་ཞེས་སྨོས་ཤིག །ཅེས་པས་སྤྲིངས་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་ཁྱོད་ཀྱིས་རྒྱུ་གཉིས་ཀྱིས་མཚམས་མེད་པ་བྱས་ཏེ་ཞེས་པའམ། ཡང་ན་སྒོ་གཉིས་ནས་སྤྱོས་པ་ཡིན་གྱིས། མཚམས་མེད་དེ་ནི་གཅིག་ལས་མེད་དོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའང་སངས་རྒྱས་དགྲོང་པར་འདོད་ནས་མཚོན་བསྣུན་ན་འགྱུར་གྱི། སངས་རྒྱས་ལ་མཚོན་བརྡེག་པར་སེམས་པ་ཙམ་གྱིས་བསྣུན་པ་ལ་ནི་མ་ཡིན་ཏེ། སྲོག་གཅོད་པའི་བསམ་པ་མེད་པའི་ཕྱིར། དེ་བཞིན་དུ་དགྲ་བཅོམ་པ་མ་ཐོབ་པ་ལ་མཚོན་བསྣུན་པའི་འོག་ཏུ་དགྲ་བཅོམ་པ་ཐོབ་པར་གྱུར་ནས། བསྣུན་པ་དེས་དགྲ་བཅོམ་པ་བཀྲོངས་པ་ལའང་མཚམས་མེད་པར་འགྱུར་བ་མིན་ཏེ། དེས་རྟེན་དེ་ལ་སྦྱོར་བ་མ་བྱས་པའི་ཕྱིར། ཡང་ཅི་མཚམས་མེད་ཀྱི་སྤྱོར་བ་བྱས་ནས། དེ་མ་སྤངས་པར་འདོད་ཆགས་དང་དང་བྲལ་བ་དང་། འབྲས་བུ་ཐོབ་པར་འགྱུར་རམ་ཞེ་ན། མཚམས་མེད་པའི་སྦྱོར་


DLL1003_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱས་པ་ལ་ནི། བསམ་པ་ཤིན་ཏུ་འགལ་པས་འདོད་ཆགས་དང་བྲལ་བ་དང་འབྲས་བུ་ཐོབ་པ་མི་སྲིད་དོ། །འོ་ན། མཚམས་མེད་དེ་དག་ལས་གང་ལྕི་ཞེ་ན། དགེ་འདུན་གཉིས་སུ་དབྱེ་བར་བྱ་བའི་ཕྱིར་རྫུན་སྨྲ་བ་དེ་ནི། མཚམས་མེད་པ་རྣམས་ཀྱི་ནང་ནས། ཁ་ན་མ་ཐོ་བ་རབ་ཏུ་ཆེ་བར་འདོད་དེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ལ་མཚོན་བསྣུན་པའི་ཕྱིར་དང་། དགེ་འདུན་བྱེ་བ་སླར་མ་དུམ་གྱི་བར་དུ། འཇིག་རྟེན་ན་ངེས་པ་ལ་འཇུག་པ་དང་། འབྲས་བུ་ཐོབ་པ་དང་། འདོད་ཆགས་དང་བྲལ་བ་དང་། ཟག་པ་ཟད་པར་བྱ་བ་རྣམས་ལ་གེགས་སུ་འགྱུར་ཞིང་། བསམ་གཏན་དང་ཀློག་པ་དང་ཁ་ཏོན་དང་སེམས་པའི་ལས་རྣམས་ཀྱང་མི་འཇུག་པས། མཐོ་རིས་དང་བྱང་གྲོལ་གྱི་བར་དུ་གཅོད་པའི་ཕྱིར་དང་། ལྷ་དང་བཅས་པའི་འཇིག་རྟེན་འཁྲུགས་ཤིང་ཡིད་མི་བདེ་བ་དང་། རང་དབང་མེད་པ་དང་། དྲན་པ་ཉམས་པར་བྱས་པའི་ཕྱིར་དང་། རྣམ་སྨིན་བར་བསྐལ་གཅིག་ཏུ་མནར་མེད་དུ་སྐྱེ་བའི་ཕྱིར་རོ། །དེའི་རྗེས་ལ་ལྔ་པ་དང་། དེའི་རྗེས་ལ་གསུམ་པ་དང་། དེའི་རྗེས་ལ་དང་པོ་དང་། དེ་ནས་གཉིས་པ་ལྕི་བས། ལྔ་པོ་དེའི་ནང་ནས་ཕ་གསོད་པ་ཡང་བར་བཤད་དོ། །འོ་ན་མདོ་ལས། ཉེས་པ་གསུམ་གྱི་ནང་ནས་ཡིད་ཀྱི་ལས་གསུམ་ལྕི་བ་དང་། དེའི་ནང་ནས་ལོག་ལྟ་ལྕི་བར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། མནར་མེད་དུ་བར་བསྐལ་དུ་སྨིན་པས། རྣམ་སྨིན་ཀྱི་འབྲས་བུ་རྒྱ་ཆེ་བའི་དབང་དུ་མཛད་ནས། མཚམས་མེད་པའི་ནང་ནས་དགེ་འདུན་གྱི་དབྱེན་ལྕི་བ་དང་། དྲང་སྲོང་གི་ཡིད་ཁྲོས་པས་དན་ཏ་ཀའི་དགོན་པ་ལ་སོགས་པའི་སྐྱེ་བོ་མང་པོ་འཆི་བའི་རྒྱུ་བྱས་


DLL1003_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས། བདག་འབྲས་སྐྱེ་བོ་ཕལ་པོ་ཆེ་འཆི་བའི་དབང་དུ་མཛད་ནས། སྒོ་གསུམ་གྱི་ལས་གསུམ་ལས་ཡིད་ཀྱི་ལས་ལྕི་བ་དང་། སྐྱེས་བུ་བྱེད་འབྲས་དགེ་རྩ་ཀུན་གཅོད་པའི་དབང་དུ་མཛད་ནས། གཞན་གྱིས་མི་གཅོད་པས་ཡིད་ལས་ཀྱི་ནང་ནས་ལོག་ལྷ་ལྕི་བའམ། ཡང་ན་མཚམས་མེད་ལྔ་དང་། སྒོ་གསུམ་གྱི་ལས་དང་། ལྟ་བ་ལྔ་གཞིར་བྱས་ནས། རིམ་པ་ལྟར་དགེ་འདུན་གྱི་དབྱེན་དང་། ཡིད་ཀྱི་ལས་དང་། ལོག་ལྟ་ལྕི་བར་གསུངས་པའི་ཕྱིར། འོ་ན། ལས་དགེ་བ་རྣམས་ཀྱི་འབྲས་བུ་གང་ཆེ་ཞེ་ན། །འཇིག་རྟེན་པ་ཡི་དགེ་བ་ལ། །སྲིད་རྩེའི་སེམས་པ་འབྲས་རབ་ཆེ། །འཇིག་རྟེན་པའི་དགེ་བ་ལ་ནི་སྲིད་རྩེའི་སེམས་པ་དགེ་བ་འབྲས་བུ་རབ་ཏུ་ཆེ་བར་འདོད་དེ། དེའི་རྣམ་སྨིན་བསྐལ་པ་ཆེན་པོ་བརྒྱད་ཁྲིར་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་ཐམས་ཅད་འཐོབ་པའི་ཕྱིར། དེ་ཡང་ཟག་བཅས་དགེ་བའི་རྣམ་སྨིན་གྱི་འབྲས་བུའི་དབང་དུ་བྱས་ཀྱི། སྐྱེས་བུའི་བྱེད་འབྲས་དང་བྲལ་འབྲས་ཀྱི་དབང་དུ་བྱས་ན། ཟག་བཅས་ལས་འཇིག་རྟེན་པའི་ཆོས་མཆོག་དང་། ཟག་མེད་ལས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འབྲས་བུ་ཆེ་སྟེ། སྐལ་མཉམ་གྱི་རྒྱུ་མེད་པར་མཐོང་ལམ་འདྲེན་པའི་ཕྱིར་དང་། ཁམས་གསུམ་གྱི་ཉོན་མོངས་པ་སྤངས་པའི་སྤངས་པ་འཐོབ་པའི་ཕྱིར། བཅུ་གཉིས་པ་ཉེ་བ་ལྔ་བཤད་པ་ནི། ཅི་མཚམས་མེད་ཁོ་ནས་དམྱལ་བར་ངེས་པར་སྐྱེའམ་ཞེ་ན། མཚམས་མེད་དང་ཆ་འདྲ་བ་རྣམས་ཀྱིས་ཀྱང་ངེས་པར་སྐྱེ་བར་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན། མ་ཡང་ཡིན་ལ་དགྲ་བཅོམ་པ་ཡང་ཡིན་པ་ཞིག་འདོད་ལོག་གིས་སུན་ཕྱུང་བར་བྱས་པ་དང་། བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་བསད་པ་དང་། འཕགས་པ་སློབ་པའི་གང་ཟག་བདུན་པོ་གང་


DLL1003_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རུང་བ་གསོད་པ་དང་། དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་སྟེ་བཞི་པོ་དེ་དག་ནི། རིམ་པ་ལྟར་མ་དང་ཕ་དང་དགྲ་བཅོམ་པ་གསོད་པ་དང་དགེ་འདུན་གྱི་དབྱེན་བྱེད་པའི་མཚམས་མེད་པ་རྣམས་དང་ཉེས་པ་ཆ་འདྲ་བ་ཡིན་པས། དེ་རྣམས་དང་ཉེ་བ་ཞེས་བྱ་སྟེ། འདི་རྣམས་ཀྱིས་ཀྱང་དམྱལ་བ་ཁོ་ནར་སྐྱེ་བའི་ཕྱིར། དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལྔ་པ་དང་ཉེ་བ་ནི། ཞེ་སྡང་ལ་སོགས་པས་ཀུན་ནས་བསླངས་ཏེ་མཆོད་རྟེན་དང་སྐུ་གསུང་ཐུགས་ཀྱི་རྟེན་འཇིག་པར་བྱེད་པ་ཡིན་ནོ། །དེ་ལ་དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་ནི། སློབ་དཔོན་དབྱིག་གཉེན་ནར་མར་འདུ་བ་འཕྲོག་པ་ལ་བཞེད་ལ། རྒྱལ་པོའི་སྲས་དང་གང་སྤེལ་ནི། གང་གིས་དགེ་འདུན་འཚོ་བར་བྱེད་པ་ཞལ་དུ་གསོལ་བ་གང་ཡིན་པ་དེ་འཕྲོག་པ་ལ་འདོད་དོ། །གཞན་ཡང་། གེགས་བྱེད་པའི་རྣམ་སྨིན་དང་བཅས་པའི་ལས་གསུམ་བཤད་དེ། དཔེར་ན། ཡུལ་འདོར་བ་ན་བུ་ལོན་པ་ལྡང་བ་ལྟར་སྦྱོར་ལམ་བཟོད་པ་དང་། འཕགས་པ་ཕྱིར་མི་འོང་དང་། དགྲ་བཅོམ་པ་འཐོབ་པ་རྣམས་ལ་ནི། རིམ་པ་ལྟར་ངན་སོང་དང་མཐོང་ཆོས་ལ་མྱོང་བ་མ་གཏོགས་པ་འདོད་པ་དང་ཁམས་གསུམ་པའི་ནང་དུ་ངེས་པར་སྐྱེ་བའི་ལས་རྣམ་པ་གསུམ་གེགས་ཤིན་ཏུ་བྱེད་དེ། རིམ་པ་བཞིན། བཟོད་ཐོབ་ངན་སོང་མི་འགྲོའོ། །ཞེས་འབྱུང་བས་བཟོད་པ་ཐོབ་ནས་ངན་འགྲོ་དང་། ཕྱིར་མི་འོང་ཐོབ་ནས་འདོད་པ་དང་། དགྲ་བཅོམ་པ་ཐོབ་ནས་ཁམས་གསུམ་དུ་མི་སྐྱེ་བའི་ཕྱིར། གལ་ཏེ་བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་བསད་ན་ཕ་གསད་པ་དང་ཉེ་བ་ཞེས་གང་


DLL1003_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དེའི་མཚམས་གང་ནས་བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་ཡིན་ཞེ་ན། གང་ནས་བཟུང་སྟེ་མཚན་སུམ་ཅུ་རྩ་གཉིས་རྣམ་པར་སྨིན་པ་ཅན་གྱི་ལས་སོག་པར་བྱེད་པ་དེ་ནས་ངེས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྟེ། བསྐལ་པ་བརྒྱ་ནས་སངས་རྒྱས་ཐོབ་པར་ངེས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་དེ་ནི་དེ་ཕན་ཆད་བདེ་འགྲོར་སྐྱེ་བ་དང་། དེའི་ནང་ནས་ཀྱང་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་ལ་སོགས་པ་རིགས་མཐོ་བར་སྐྱེ་བ་དང་། མིག་ལ་སོགས་པའི་དབང་པོ་ཚང་བ་དང་། ཕོར་འགྱུར་བ་དང་། སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པ་དང་། བསྐལ་པ་བརྒྱ་ལས་ཕྱིར་མི་ལྡོག་པར་སངས་རྒྱས་ཐོབ་པར་འགྱུར་བ་ཞེས་བྱ་བའི་ཁྱད་པར་དྲུག་དང་ལྡན་པའོ། །དེས་ཡོན་ཏན་དེ་ལྟ་བུ་འཐོབ་པའི་རྒྱུ་ནི། བདག་ཉིད་ཆེན་པོ་རྣམས་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས། སེམས་ཅན་གྱི་དོན་དུ་སྡུག་བསྔལ་དང་ལོག་སྒྲུབ་ཐམས་ཅད་ཀྱིས་མི་སྐྱོ་བར་སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པར་གཞན་དོན་ལྷུར་ལེན་པའོ། །མཚན་རྣམ་པར་སྨིན་པ་ཅན་གྱི་ལས་སུ་བཤད་པ་གང་ཡིན་པ་དེ་ནི་བློ་རྣོ་བའི་ཕྱིར། འཛམ་བུ་གླིང་གི་སྐྱེས་པ་ཕོའི་དབང་པོ་དང་ལྡན་པར་གྱུར་པ་ཉིད་ཀྱིས་སོག་པར་བྱེད་ཀྱི། འགྲོ་བ་གཞན་དང་གླིང་གཞན་དང་གང་ཟག་གཞན་གྱིས་ནི་མིན་ནོ་ཞེས་བྱ་བ་ནི་ལས་སོག་པའི་ཁྱད་པར་རོ། །དེ་ཡང་སྟོན་པ་མངོན་སུམ་དུ་བཞུགས་པ་ལ་ལས་སོག་པར་བྱེད་དོ་ཞེས་བྱ་བ་ནི་ཡུལ་གྱི་ཁྱད་པར་རོ། །དེ་ཡང་སངས་རྒྱས་ལ་དམིགས་པའི་སེམས་པ་དགེ་བ་ཡིན་གྱི། མཐོ་རིས་དང་


DLL1003_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་དང་ས་གཞན་ལ་དམིགས་པ་ནི་མིན་ནོ་ཞེས་བྱ་བ་དང་། དེ་ཡང་བསམ་པ་ལས་བྱུང་བའི་དགེ་བ་ཡིན་གྱི། ཐོས་པ་ལས་བྱུང་བ་ནི་མིན་ཏེ། དམན་པའི་ཕྱིར། སྒོམ་བྱུང་མ་ཡིན་ཏེ། ཟག་མེད་ནི་མ་ཐོབ་ཅིང་། ཟག་བཅས་ནི་ཁམས་གོང་མར་སྐྱེ་བའི་རྒྱུ་ཡིན་ན། བྱང་ཆུབ་སེམས་དཔའ་ནི་འདོད་པར་རིགས་མཐོ་བའི་མཐོ་རིས་སུ་སྐྱེ་བའི་ཕྱིར། འཚང་རྒྱ་བ་ལ་བསྐལ་པ་ཆེན་པོ་བརྒྱ་ལུས་པ་དག་ཏུ་སྟེ་ལུས་པ་ན་ལས་དེ་འཕེན་ཅིང་སོགས་པར་བྱེད་ཅེས་བྱ་བ་ནི་དུས་ཀྱི་ཁྱད་པར་རོ། །འདི་བསྐལ་པ་བརྒྱ་ལས་མང་དུ་ལུས་པ་ན་ནི་འཕེན་པ་མི་སྲིད་ལ། ཉུང་དུ་ལུས་པ་ན་འཕེན་པ་སྲིད་དེ། སངས་རྒྱས་ཤཱཀྱ་ཐུབ་པས་བསྐལ་པ་དགུ་བཅུ་རྩ་གཅིག་ལུས་པ་ན་ལས་དེ་འཕངས་པར་བཤད་དོ། །མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རེ་རེའང་བསོད་ནམས་བརྒྱ་བརྒྱ་ལས་སྐྱེས་སོ་ཞེས་བྱ་བ་ནི་ཚད་དེ། རེ་རེའི་ཚད་ཀྱང་ཁ་ཅིག་ནི། བྱང་ཆུབ་སེམས་དཔའ་ངེས་གནས་མ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་གྱི་བསོད་ནམས་གཅིག་ཏུ་བསྡུས་པ་དང་མཉམ་མོ་ཞེས་འདོད། ཁ་གཅིག་ནི། སེམས་ཅན་སྤྱིའི་ལས་ཀྱིས་སྟོང་གསུམ་འཆགས་པ་ཇི་སྙེད་པ་དེ་ཙམ་དང་མཉམ་ལ། དེ་དག་བརྒྱས་སྐྱེས་བུ་ཆེན་པོའི་མཚན་གཅིག་འགྲུབ་པ་ནས་སུམ་ཅུ་རྩ་གཉིས་ཀྱི་བར་དུའང་དེ་དང་འདྲའོ་ཞེས་ཟེར། ཁ་ཅིག་བསོད་ནམས་དེའི་ཚད་ནི་སངས་རྒྱས་མ་གཏོགས་པས་དཔག་པར་དཀའོ་ཟེར་རོ། །བརྒྱའི་གྲངས་ངེས་ལའང་ཁ་ཅིག་ན་རེ། སངས་རྒྱས་ཀྱི་སྐྱེ་བའི་སྐུ་མཚན་སུམ་ཅུ་རྩ་གཉིས་དང་། ཆོས་ཀྱི་སྐུ་མ་འདྲེས་པ་བཅོ་བརྒྱད་དེ་ལྔ་བཅུ་ལ་དམིགས་པའི་སེམས་པ་ལྔ་བཅུ་དང་། བདག་ཀྱང་


DLL1003_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བཅུ་པོ་འདི་འདྲ་བ་ཐོབ་པར་གྱུར་ཅིག་སྙམ་པའི་སེམས་པ་གཞན་ལྔ་བཅུ་སྟེ་བརྒྱ་ཡིན་ནོ་ཞེས་འདོད་དོ། །འོ་ན་སྟོན་པ་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔར་གྱུར་པ་ན། སངས་རྒྱས་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས་ནས་སངས་རྒྱས་ཞེ་ན། སྔོན་འདས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ཞེས་བྱ་བ་སྟོན་པ་འདི་བཞིན་དུ་རྩོད་པའི་དུས་སུ་བྱུང་ལ། དེའི་སྐུ་ཚེ་དང་འཁོར་འདུས་པ་ལ་སོགས་པའང་འདི་དང་འདྲ་ཞིང་། བསྟན་པ་ཡང་ལོ་སྟོང་གི་བར་དུ་གནས་པ་ཞིག་བྱོན་པ་ལ། སྟོན་པ་འདི་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པ་ན། འབྲས་ཕོར་པ་གང་དང་མཆིལ་ལྷམ་དང་རས་ཀྱི་ཁ་ཚར་དག་ཕུལ་ནས། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། ཞེས་སོགས་ཀྱི་སྨོན་ལམ་བཏབ་པ་ནས་བཟུང་སྟེ། བསྐལ་པ་གྲངས་མེད་པ་དང་པོ་ལ། སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མར་གཞུང་གི་གོ་རིམ་ལས་བཟློག་སྟེ། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་བསྐལ་པ་གྲངས་མེད་དང་པོ་རྫོགས། དེ་ནས་གྲངས་མེད་གཉིས་པ་ལ། སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མར་སངས་རྒྱས་མར་མེ་མཛད་བྱུང་། དེའི་ཚེ་གྲངས་མེད་པ་གཉིས་པ་རྫོགས། དེ་ནས་བཟུང་སྟེ་གྲངས་མེད་གསུམ་པ་ལ། སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མར་སངས་རྒྱས་རྣམ་གཟིགས་བྱུང་སྟེ། དེའི་ཚེ་གྲངས་མེད་གསུམ་པ་རྫོགས་སོ། །དེ་ལྟར་གྲངས་མེད་པ་གསུམ་གྱི་ཐ་མར་སངས་རྒྱས་དེ་དག་བྱུང་ལ། དེ་དག་ཐམས་ཅད་ཀྱི་དང་པོ་ནི་སྔོན་གྱི་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཡིན་ནོ། །ལུད་སྨན་གྱི་གཞི་


DLL1003_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི། སངས་རྒྱས་ཤཱཀྱ་ཐུབ་པ་ནས། འདྲིན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་དང་ནི་ལྔ་སྟོང་གི །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །ཐུབ་པ་ཆེན་པོ་རྒྱལ་མཚན་བར། །བདུན་ཁྲི་དང་ནི་དྲུག་སྟོང་གི །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་འོད་སྲུངས་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ང་ཡིས་མཆོད། །གྲངས་མེད་གསུམ་པོ་དེ་ལ་ནི། །རྒྱལ་བ་ངས་ནི་མཆོད་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སྤྱོད་པ་ན། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་པ་འདི་དང་ཅུང་ཟད་མི་འདྲ་བར་བཤད་དོ། །ཐེག་ཆེན་པས་ནི་གྲངས་མེད་པ་རེ་རེ་ལ་ཡང་། སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པར་བཞེད་དོ། །འོ་ན། བྱང་ཆུབ་སེམས་དཔའི་སྐབས་གང་དུ་ཕར་ཕྱིན་དྲུག་པོ་གང་རྫོགས་ཤེ་ན། གང་གི་ཚེ་སེམས་ཅན་ཀུན་ལ་དངོས་པོ་ལུས་དང་ལོངས་སྤྱོད་ཐམས་ཅད། ཀུན་སློང་མངོན་མཐོའི་ཁྱད་པར་ལ་མི་རེ་བར་སྙིང་རྗེ་ཡིས་སྦྱིན་པར་བྱེད་པ་དེའི་ཚེ་སྦྱིན་པའི་ཕར་ཕྱིན་རྫོགས་ཏེ། འདི་ནི་སྐྱེས་པའི་རབས་སུ་ལྟའོ། །གང་གིས་འདོད་པ་ལ་འདོད་ཆགས་དང་མ་བྲལ་བས་ཆགས་པ་དང་བཅས་བཞིན་དུ་ཡན་ལག་བཅད་ཀྱང་། སེམས་མི་འཁྲུག་པ་དེའི་ཚེ་གོ་རིམ་བཞིན་དུ་བཟོད་པ་དང་ཚུལ་ཁྲིམས་གྱི་ཕར་ཕྱིན་རྫོགས་ཏེ། དྲང་སྲོང་བཟོད་པ་སྨྲ་བའི་སྐྱེས་རབས་ལྟ་བུའོ། །སྟོན་པ་བྲམ་ཟའི་ཁྱེའུར་གྱུར་པ་ན། སངས་རྒྱས་སྐར་རྒྱལ་རིའི་ཕུག་ཅིག་ན་ཟད་པར་མེའི་ཁམས་ལ་སྙོམས་པར་ཞུགས་པ་མཐོང་ནས། དད་པས་རྐང་པ་ཡ་གཅིག་གིས་འགྲེང་སྟེ་ཞག་བདུན་གྱི་བར་དུ། སྐྱེས་བུ་ཁྱུ་


DLL1003_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ན་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་གནས་མཆོག་ཕོ་བྲང་དག་ནའང་ཡོད་མིན་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་ཡུལ་ཞིག་ག་ལ་ཡོད། །ཞེས་པའི་ཚིགས་བཅད་གཅིག་གིས་བསྟོད་པས་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་ཤིང་། བསྐལ་པ་དགུའི་ཚོགས་ཀྱང་འདུམ་སྟེ། བྲམ་ཟེ་དམ་པ་དེ་རིང་དུ། །དེ་བཞིན་གཤེགས་པ་ལེགས་བསྟོད་པའི། །སྟོབས་དང་བརྩོན་འགྲུས་འདི་ཡིས་ནི། །བསྐལ་པ་དགུ་ཞིག་འདུམ་པར་འགྱུར། །ཞེས་འབྱུང་ངོ་། །བྱང་ཆུབ་དེའི་སྔ་རོལ་དེ་མ་ཐག་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་ཏིང་ངེ་འཛིན་བསམ་གཏན་དང་། བློ་སྟེ་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་ཏེ། དེ་དག་ནི་རང་རང་གི་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །བཅུ་གསུམ་པ་བསོད་ནམས་བྱ་བའི་གཞི་གསུམ་བཤད་པ་ནི། མདོ་ལས། སྦྱིན་པ་དང་ཚུལ་ཁྲིམས་དང་སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་གསུམ་ཞེས་འབྱུང་བ་ཅིའི་ཕྱིར་ཞེ་ན། གསུམ་པོ་དེ་དག་ལས་ཅི་རིགས་པར་འབྲས་བུ་ཡིད་དུ་འོང་བ་འབྱུང་བས་ན་བསོད་ནམས་དང་། ལས་ཀྱི་ངོ་བོ་ཡིན་པས་ན་བྱ་བ་དང་། གསུམ་པོ་དེ་དག་ཀུན་སློང་གི་སེམས་པ་འཇུག་པའི་གཞི་ཡིན་པས་ན། བསོད་ནམས་བྱ་བ་དེའི་གཞི་སྟེ། དཔེར་ན། ལུས་ངག་གི་བདུན་ལས་དང་ལས་ཀྱི་ལམ་གཉིས་ཀ་ཡིན་ལ། ཡིད་ཀྱི་གསུམ་ལས་ཀྱི་ལམ་ཁོ་ན་ཡིན་པས། ཐམས་ཅད་ལ་ལས་ཀྱི་ལམ་ཞེས་བཤད་པ་བཞིན་ནོ། །དེ་ལྟར་


DLL1003_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་སྐྱེས་བུ་གང་གིས་བསམ་པ་དགེ་བས། བདོག་པའི་དངོས་པོ་གཞན་ལ་སྦྱིན་པར་བྱེད་པ་དེ་ནི་སྦྱིན་པ་ཡིན་ཏེ། དྲང་སྲོང་རྒྱས་པས་ཞུས་པ་ལས། དྲང་སྲོང་ཆེན་པོ་དད་པས་གང་ཅུང་ཟད་སྦྱིན་པ་དེ་དག་ཐམས་ཅད་ནི་སྦྱིན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཀུན་སློང་ནི་ཡུལ་བཟང་པོ་ལ་མཆོད་པ་དང་། དམན་པ་ལ་ཕན་གདགས་པའི་འདོད་པ་ཡིས་གཏོང་བ་སྦྱིན་པ་ཡིན་གྱི། འཇིགས་པ་དང་ལེན་ལ་རེ་བ་སོགས་ནི་མིན་ནོ། །ལས་དེ་ཡང་ལུས་དང་ངག་གི་ལས་ཀུན་ནས་སློང་བ་མཚུངས་ལྡན་དང་བཅས་པ་ཡིན་ནོ། །སྦྱིན་པ་དེའི་འབྲས་བུ་ནི་གནས་སྐབས་སུ་ལོངས་སྤྱོད་ཆེན་པོ་ཅན་ནོ། །དབྱེ་བ་ནི། བདག་གི་དོན་གྱི་ཕྱིར་སྦྱིན་པ་ན་འདོད་པ་ལ་འདོད་ཆགས་དང་མ་བྲལ་བའམ། སོ་སོ་སྐྱེ་བོ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བས་མཆོད་རྟེན་ལ་སྦྱིན་པའོ། །གཞན་གྱི་དོན་གྱི་ཕྱིར་སྦྱིན་པ་ནི་མཐོང་ཆོས་ལ་མྱོང་བ་མ་གཏོགས་པ་འཕགས་པ་འདོད་ཆགས་དང་བྲལ་བས་འདོད་ཆགས་དང་མ་བྲལ་བའི་སེམས་ཅན་གཞན་ལ་སྦྱིན་པའོ། །གཉིས་ཀའི་དོན་གྱི་ཕྱིར་སྦྱིན་པ་ནི་འཕགས་པ་འདོད་ཆགས་དང་མ་བྲལ་བའམ། སོ་སོ་སྐྱེ་བོ་འདོད་ཆགས་དང་མ་བྲལ་བས། འདོད་ཆགས་དང་མ་བྲལ་བའི་སེམས་ཅན་གཞན་ལ་སྦྱིན་པའོ། །གཉིས་ཀའི་དོན་དུ་མིན་པའི་ཕྱིར་སྦྱིན་པ་ནི། མཐོང་ཆོས་ལ་མྱོང་བ་མ་གཏོགས་པ་འཕགས་པ་འདོད་ཁམས་ལས་འདོད་ཆགས་དང་བྲལ་བས་མཆོད་རྟེན་ལ་ཕུལ་བ་ཡིན་ཏེ། དེ་ནི་བཀུར་སྟི་དང་བྱས་པ་གཟོ་བ་འབའ་ཞིག་གིས་འབུལ་བའི་ཕྱིར། སྦྱིན་པ་དེའི་ཁྱད་པར་དུ་འཕགས་པ་ནི་སྦྱིན་བདག་དང་དངོས་པོ་


DLL1003_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞིང་གི་ཁྱད་པར་གསུམ་ལས། སྦྱིན་བདག་ཁྱད་པར་དུ་འཕགས་པ་ནི་བསམ་པ་དད་པ་དང་སོགས་ཀྱིས་བཟུང་བའི་ཚུལ་ཁྲིམས་དང་གཏོང་བ་དང་ཐོས་པ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ཤེས་རབ་ཅེས་བྱ་བ་འཕགས་པའི་ནོར་བདུན་དང་། འདོད་ཞེན་ཆུང་བ་དང་ལྡན་པས་སོ། །སྦྱོར་བ་ནི་གུས་པ་དང་ལ་སོགས་པས་བསྡུས་པ་རང་གི་ལག་གིས་སྟེར་བ་དང་། ཉེ་བར་མཁོ་བའི་དུས་དང་། གཞི་དེས་གཞན་ལ་བརྐུས་པ་དང་། བཤན་པ་ལ་ལུགས་བྱིན་པ་ལྟ་བུའམ། སྦྱིན་བྱ་དུག་དང་མི་འཕྲོད་པའི་ཟས་ལྟ་བུ་ཞིང་ལ་གནོད་པ་མིན་པར་གཞན་ལ་མི་གནོད་པར་སྦྱིན་པར་བྱེད་པའོ། །འབྲས་བུ་ནི་གུས་པ་ལ་སོགས་པས་བྱིན་པ་དེའི་ཕྱིར། རིམ་པ་ལྟར་སྐྱེ་བ་ཕྱི་མ་ལ་རང་ལ་འཁོར་གྱིས་བཀུར་སྟི་བྱེད་པ་དང་། ལོངས་སྤྱོད་རྒྱ་ཆེན་པོ་ལ་དད་པས་ཏེ་རང་དབང་འབྱོར་པར་འགྱུར་བ་དང་། རང་ལ་དགོས་པའི་དུས་སུ་རྙེད་པར་འགྱུར་བ་དང་། རང་གི་ལོངས་སྤྱོད་ལ་དགྲ་དང་མེས་ཚིག་པ་ལ་སོགས་པའི་བར་ཆད་མེད་པར་རྙེད་པའོ། །ཁ་དོག་དང་སོགས་པས་བསྟན་པ་དྲི་དང་རོ་དང་རེག་བྱ་ཕུན་སུམ་ཚོགས་པ་ནི་དངོས་པོ་ཁྱད་པར་དུ་འཕགས་པའོ། །ཁ་དོག་ཕུན་སུམ་ཚོགས་པ་བྱིན་པ་དེ་ལས་ནི་གནས་སྐབས་སུ་གཟུགས་བཟང་བ་དང་། སྙན་པའི་གྲགས་པ་དང་ལྡན་པ་དང་། ཡིད་དགའ་བ་དང་། ལུས་ཤིན་ཏུ་གཞོན་ཤ་ཅན་དང་། བུད་མེད་རིན་པོ་ཆེ་ལྟར་གྲང་བའི་ཚེ་ན་ནི་དྲོ་ལ། དྲོ་བའི་ཚེ་ན་ནི་གྲང་ཞིང་། ཐ་མལ་པར་འདུག་པ་ན་དུས་སུ་རེག་ན་བདེ་བའི་ལུས་དང་ལྡན་པར་འགྱུར་ཏེ། རིམ་པ་བཞིན་དུ་སྦྱར་རོ། །ཞིང་ཁྱད་པར་དུ་འཕགས་པ་ནི། གོའུ་ཏ་མིའི་མདོ་ལས། ཀུན་དགའ་བོ་དུད་འགྲོའི་


DLL1003_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་གནས་སུ་སོང་བ་ལ་སྦྱིན་པ་བྱིན་ན་སླར་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་འཆལ་བར་གྱུར་པའི་མི་ལ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་སྟོང་འགྱུར་དུ་རེ་བར་བྱའོ། །ཞེས་གསུངས་པ་ལྟ་བུ་འགྲོ་བ་དང་། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའི་ནང་ནས། ནད་པ་དང་ནད་གཡོག་དང་གྲང་བ་ལ་སོགས་པའི་དུས་སུ་བྱིན་ན་བསོད་ནམས་ཚད་མེད་པར་གསུངས་པ་ལྟ་བུ་སྡུག་བསྔལ་བ་དང་། ཕ་མ་དང་ཕན་འདོགས་པ་གཞན་ཡང་རུང་སྟེ། དོམ་དང་རི་དྭགས་རུ་རུ་ལ་སོགས་པའི་སྐྱེས་རབས་ལྟ་བུ་རང་ལ་ཕན་འདོགས་པ་དང་། གོའུ་ཏ་མིའི་མདོ་ལས། ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་ན་རྣམ་པར་སྨིན་པ་འབུམ་འགྱུར་དུ་རེ་བར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་བྱིན་ན་རྣམ་པར་སྨིན་པ་ཚད་མེད་དོ། །དེ་བས་ཀྱང་རྒྱུན་དུ་ཞུགས་པ་ལ་བྱིན་ན་ཆེས་ཚད་མེད་དོ། །ཞེས་པ་ལྟ་བུ་ཡོན་ཏན་དང་ལྡན་པ་སྟེ། བཞི་པོ་དེ་རྣམས་ཀྱིས་ཞིང་ཁྱོད་པར་དུ་འཕགས་སོ། །སྦྱིན་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། གཉིས་ཀ་མཆོག་ཡིན་པས་ཁམས་གསུམ་ལས་གྲོལ་བས་གྲོལ་བ་ལ་བྱིན་པ་སྟེ། གོའུ་ཏ་མིའི་མདོ་ལས། གང་ཞིག་ལུས་ངག་བསྡམས་བདག་ཉིད། །ལག་བརྐྱང་བསོད་སྙོམས་སྤྱོད་པ་ཡི། །འདོད་ཆགས་བྲལ་ལ་ཆགས་བྲལ་བས། །བྱིན་ན་ཟང་ཟིང་སྦྱིན་པའི་མཆོག །ཅེས་གསུངས་སོ། །ཡང་སྦྱིན་བདག་བྱང་ཆུབ་སེམས་དཔའ་ཡིས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་གང་ཅི་སྦྱིན་པ་དེ་ནི། མ་གྲོལ་བས་མ་གྲོལ་བ་ལ་བྱིན་ཡང་རྫོགས་པའི་བྱང་ཆུབ་དང་སེམས་


DLL1003_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་དོན་དུ་བྱིན་པས་མཆོག་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་མགོན་དུ་འགྱུར་བའི་སྦྱིན་པ་ཡིན་པའི་ཕྱིར། ཡང་མདོ་ལས། ཉེ་བ་ལ་སྦྱིན་པ་དང་། འཇིགས་པས་སྦྱིན་པ་དང་། བདག་ལ་བྱིན་པས་སྦྱིན་པ་དང་། བདག་ལ་སྦྱིན་པར་འགྱུར་བས་སྦྱིན་པ་དང་། སྔོན་བདག་གི་ཕ་དང་མེས་པོ་དག་གིས་སྦྱིན་པ་དང་། མཐོ་རིས་ཀྱི་དོན་དུ་སྦྱིན་པ་དང་། གྲགས་པའི་དོན་དུ་སྦྱིན་པ་དང་། སེམས་ཀྱི་རྒྱུན་གྱི་དོན་དང་། སེམས་ཀྱི་ཡོ་བྱད་ཀྱི་དོན་དང་། རྣལ་འབྱོར་གྱི་ཚོགས་ཀྱི་དོན་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་བྱིན་པའོ། །ཞེས་སྦྱིན་པ་བརྒྱད་གསུངས་པའི་ནང་ནས་ནི་བརྒྱད་པ་སེམས་ཀྱི་རྒྱུན་ལ་སོགས་པའི་ཕྱིར་སྦྱིན་པ་མཆོག་གོ །དེ་ལ་ཉེ་བ་ལ་སྦྱིན་པ་ནི། སློབ་དཔོན་སྔ་མ་དག་ན་རེ། ནམ་ཉེ་བར་གྱུར་ཅིང་ཉེ་བར་ལྷགས་པ་དག་ལ་སྦྱིན་པའོ་ཞེས་ཟེར། འཇིགས་པས་སྦྱིན་པ་ནི་མེད་པར་བྱེད་པ་མངོན་སུམ་དུ་མཐོང་ནས་དམ་པ་སྦྱིན་ནོ་ཞེས་སྦྱིན་པའོ། །བདག་ལ་བྱིན་པས་སྦྱིན་པ་ནི། འདིས་སྔོན་བདག་ལ་བྱིན་ནོ་སྙམ་ནས་སྦྱིན་པའོ། །གཞན་ནི་གོ་སླ། སེམས་ཀྱི་རྒྱུན་ནི་རྫུ་འཕྲུལ་ལོ། །སེམས་ཀྱི་ཡོ་བྱད་ནི་འཕགས་ལམ་ཡན་ལག་བརྒྱད་དོ། །རྣལ་འབྱོར་གྱི་ཚོགས་ནི་ཞི་གནས་དང་ལྷག་མཐོང་ངོ་། །དོན་གྱི་མཆོག་ནི་དགྲ་བཅོམ་པའམ། མྱ་ངན་ལས་འདས་པ་ཐོབ་པའོ། །ཞེས་རྒྱལ་སྲས་གསུང་ངོ་། །གང་སྤེལ་ནི། སེམས་ཀྱི་རྒྱན་གྱི་དོན་ལ་སོགས་པ་བཞི་ནི་རིམ་པ་བཞིན། དད་པ་ལ་སོགས་པའི་ནོར་འདྲེན་པ་དང་། སེར་སྣའི་དྲི་མ་དང་འགལ་བ་དང་། སྙོམས་འཇུག་གི་བདེ་བ་སྐྱེད་པ་དང་། མྱ་ངན་ལས་འདས་པ་འདྲེན་པའི་ཕྱིར། ཞེས་སོ། །ཡང་ན་རིམ་པ་ལྟར་


DLL1003_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞིའམ། ཚོགས་སྦྱོར་དང་། མཐོང་ལམ་དང་། སྒོམ་ལམ་དང་། མྱང་འདས་སམ། ཡང་ན་ཚོགས་སྦྱོར་དང་། མ་དག་ས་བདུན་དང་། དག་པ་ས་གསུམ་དང་། སངས་རྒྱས་ཀྱི་ས་རྣམས་ལ་འདོད་དོ། །དེར་མ་ཟད་འཕགས་པ་མིན་ཡོང་ཕན་འདོགས་པའི་ཞིང་ཕ་མ་དང་། སྡུག་བསྔལ་གྱི་ཞིང་ནད་པ་དང་། ཆོས་སྨྲ་བ་དང་། སྐྱེ་མཐའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོན་ཕུལ་བའི་བསོད་ནམས་ནི་འབུམ་འགྱུར་ལ་སོགས་པས་ཚད་གཞལ་དུ་མེད་པ་ཡིན་ཏེ། ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པའི་མདོ་ལས། གཞན་ཡང་གང་ཟག་རྣམ་པ་གསུམ་ལ་སྦྱིན་པ་བཏང་ན་རྣམ་པར་སྨིན་པའི་འབྲས་བུ་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་དང་ཕ་མ་དང་ནད་པ་རྣམས་སོ་ཞེས་སངས་རྒྱས་དང་བསོད་ནམས་མཉམ་པར་གསུངས་པའི་ཕྱིར་རོ། །ཞར་ལ་ལྕི་ཡང་བཤད་པ་ནི། མཇུག་ཏུ་བྱེད་པས་ཆེ་བ་ནི་ལས་ཀྱི་ལམ་དངོས་ཀྱི་རྗེས་ལ་རྒྱུན་དུ་བྱེད་པ་དང་། ཞིང་གིས་ཆེ་བ་ནི་ཕན་འདོགས་པ་དང་། གཞིས་ཆེ་བ་ནི་ལུས་ཀྱི་ལས་ལ་སྲོག་གཅོད་པ་དང་། ངག་གི་ལས་ལ་རྫུན་དང་། ཡིད་ཀྱི་ལས་ལ་ལོག་ལྟ་ཆེ་བ་ལ་སོགས་པ་དང་། སྲོག་གཅོད་པའང་ཆེན་པོ་ནི་དགྲ་བཅོམ་པ་གསོད་པ་ལ་སོགས་པ་སྟེ། མནར་མེད་དུ་འགྲོ་བས་སོ། །འབྲིང་ནི་ལམ་ལ་གནས་པ་བསད་པའོ། །ཐ་མ་ནི་དུད་འགྲོ་དང་ཚུལ་ཁྲིམས་འཆལ་བ་བསད་པའོ། །ཞེས་དྲན་པ་ཉེར་གཞག་ལས་འབྱུང་ངོ་། །སྦྱོར་བས་ཆེ་བ་ནི་ལུས་ངག་གིས་དངོས་སུ་སྦྱོར་བ་དང་། སེམས་པས་ཆེ་བ་ནི་རྫོགས་པར་བྱེད་པའི་སེམས་པ་ཆེ་བ་


DLL1003_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བསམ་པས་ཆེ་བ་ནི་ཀུན་སློང་གི་བསམ་པ་ཆེ་བ་སྟེ། དེ་ལྟར་ན་མཇུག་ལ་སོགས་པ་དྲུག་པོ་དེ་དག་ཆུང་བ་དང་ཆེ་བ་ལས། ལས་ཀྱང་ཆུང་བ་དང་ཆེ་བར་འགྱུར་བ་ཉིད་དོ། །རྣམ་པ་དྲུག་ཀ་ཚང་ན་ཤིན་ཏུ་ལྕི་བའི་ལས་སུ་ཤེས་སོ། །ཡང་མདོ་ལས། ལས་བྱས་ལ་བསགས་བ་དང་། ལས་བྱས་ལ་བསགས་པ་མིན་པ་སོགས་གསུངས་ན། དེ་དག་ཇི་ལྟ་བུ་ཞེ་ན། བློ་སྔོན་དུ་མ་བཏང་བ་དང་བབ་ཅོལ་དུ་བྱས་པ་མིན་པར་འདི་ངེས་པར་བྱའོ་སྙམ་དུ་བསམས་བཞིན་དུ་བྱས་པ་དང་། ལས་ཀྱི་ཡན་ལག་རྫོགས་པར་བྱས་པ་དང་། བྱས་པ་ལ་ཕྱིས་མི་འགྱོད་པ་དང་། ལས་དེ་ལ་གནོད་བྱེད་ཀྱི་གཉེན་པོ་མེད་པ་དང་། འཁོར་དང་བཅས་པ་དང་། རྣམ་པར་སྨིན་པ་མྱོང་བར་ངེས་པ་ཞེས་བྱ་བ་དྲུག་ལས་ནི་བྱས་ལ་བསགས་པའི་ལས་ཞེས་བྱ་བ་ཡིན་ལ། ལས་གཞན་ནི་བྱས་ལ་བསགས་པ་མིན་པའི་ལས་ཞེས་བྱའོ། །དེ་བཞིན་དུ་བསགས་ལ་མ་བྱས་པ་དང་། གཉིས་ཀ་མིན་པའང་ཤེས་པར་བྱའོ། །དེ་ལ་རྫོགས་པ་ནི་ལས་ཁ་ཅིག་ནི་ཉེས་སྤྱད་དང་ལེགས་སྤྱད་གཅིག་གིས་ངན་འགྲོ་དང་བདེ་འགྲོར་འགྲོ་ལ། ཁ་ཅིག་ནི་སྒོ་གསུམ་གྱི་ལས་བཅུ་ཅར་གྱིས་ངན་འགྲོ་དང་བདེ་འགྲོར་འགྲོ་བ་ཡོད་དེ། དེ་ནི་ལས་དག་རྫོགས་པར་བྱས་པའོ། །གཉེན་པོ་མེད་པ་ནི་ལོག་ལྟ་དང་འགྱོད་པ་ལ་སོགས་པ་དང་། བཤགས་པ་དང་སྡོམ་པ་ལ་སོགས་པ་མེད་པའོ། །འཁོར་ནི་དགེ་མི་དགེའི་ལས་ལ་འཁོར་ཡང་དགེ་བ་དང་མི་དགེ་བ་སྟེ། གང་ཞིག་བྱས་ན་རྗེས་སུ་ཡི་རང་བར་བྱེད་པའོ་ཞེས་ཊཱི་ཀཱར་བཤད་མོད། འདིར་ནི་འཁོར་སྦྱོར་མཇུག་གཉིས་ཀ་ཡིན་ནོ། །ཕལ་ཆེན་སྡེ་པའི་བྱེ་བྲག་ཤར་ནུབ་ཀྱི་


DLL1003_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོའི་སྡེ་པ་ལ་སོགས་པ་དག་ན་རེ། འདོད་ཆགས་དང་བཅས་པས་མཆོད་རྟེན་ལ་ཕུལ་ན་བསོད་ནམས་མི་འབྱུང་སྟེ། ལེན་པ་དང་ལོངས་སྤྱོད་པ་མེད་པའི་ཕྱིར་རོ་ཞེས་ཟེར་པ་མི་རིགས་ཏེ། དེ་དག་ལ་ལེན་པ་དང་ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་མེད་ཀྱང་། མཆོད་རྟེན་ལ་བཏང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་འབྱུང་སྟེ། དཔེར་ན། སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་སྙམ་པའི་བྱམས་པ་ལ་སོགས་པ་ཚད་མེད་པ་དང་། སོགས་པ་ཡང་དག་པའི་ལྟ་བ་སྒོམ་པ་ལ་ལེན་པ་དང་གཞན་ལ་དངོས་སུ་ཕན་པ་མེད་ཀྱང་། རང་གི་སེམས་ཀྱི་མཐུས་བསོད་ནམས་ཚད་མེད་པ་འབྱུང་བ་བཞིན་ནོ། །གལ་ཏེ་ཕན་འདོགས་པ་ལ་སོགས་པའི་ཞིང་བཟང་པོ་ལ་བྱིན་པའི་འབྲས་བུ་ནི་རྣམ་སྨིན་ཡིད་དུ་འོང་བར་རིགས་ན། དུད་འགྲོ་ལ་སོགས་པའི་ཞིང་ངན་པ་ལ་བྱིན་པས་ནི་རྣམ་སྨིན་ཡིད་དུ་འོང་བར་མི་འགྱུར་རོ་ཞེ་ན། །རྒྱུ་ལས་འབྲས་བུ་མི་འཁྲུལ་ཕྱིར། །ངན་པའི་ཞིང་ལའང་འབྲས་ཡིད་འོང་། །རྒྱུ་དགེ་བ་ཟག་བཅས་ལས་འབྲས་བུ་རྣམ་སྨིན་ཡིད་དུ་འོང་བ་འབྱུང་བ་ནི་ཐམས་ཅད་དུ་མི་འཁྲུལ་བའི་ཕྱིར། ངན་པའི་ཞིང་ལ་བྱིན་པ་ལའང་རྣམ་སྨིན་གྱི་འབྲས་བུ་ནི་ཡིད་དུ་འོང་བ་ཁོ་ན་འབྱུང་བ་ཡིན་ནོ། །འོན་ཀྱང་ཞིང་ངན་པའི་སྟོབས་ཀྱིས་རྣམ་སྨིན་གྱིས་འབྲས་བུ་ཆུང་བའམ་མེད་པར་འགྱུར་ཏེ། ཞིང་ངན་པ་ལ་བཏབ་པའི་འབྲས་བུ་དུས་སུ་མི་སྨིན་པ་དང་ཆུང་པ་ལ་སོགས་པར་འགྱུར་བ་བཞིན་ནོ། །དེ་དག་གིས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བཤད་དོ། །ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བཤད་པ་ནི། སྤང་བྱ་འཆལ་བའི་ཚུལ་ཁྲིམས་ནི་མི་དགེ་བའི་རིག་བྱེད་དང་


DLL1003_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བྱེད་མིན་པའི་གཟུགས་ཏེ་སྡོམ་མིན་ཡིན་ལ། འཆལ་བའི་ཚུལ་ཁྲིམས་དེ་སྤོང་བར་བྱེད་པའི་གཉེན་པོ་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་ཡིན་ནོ། །ཚུལ་ཁྲིམས་དེ་ཡང་སྤང་བྱ་རིག་བྱེད་དང་རིག་བྱེད་མིན་པ་གཉིས་ཀྱི་གཉེན་པོ་ཡིན་པས། རིག་བྱེད་དང་རིག་བྱེད་མིན་པ་རྣམ་པ་གཉིས་སོ། །རང་བཞིན་གྱི་སྡིག་པ་མིན་ཡང་དུས་མིན་པའི་ཁ་ཟས་སྤོང་བ་ལ་སོགས་པ་སངས་རྒྱས་ཀྱིས་ནི་བཅས་པ་སྟེ་བཀག་པ་དེ་སྤོང་བའི་རིག་བྱེད་དང་རིག་བྱེད་མིན་པ་ཡང་ཚུལ་ཁྲིམས་ཡིན་ནོ། །ཚུལ་ཁྲིམས་དེ་ཡང་རྣམ་པར་དག་པའི་ཡོན་ཏན་བཞི་དང་ལྡན་པ་ཡིན་ནོ། །གཞི་གང་ཞེ་ན། འཆལ་བའི་ཚུལ་ཁྲིམས་ཀྱིས་འཕན་ཏེ་སྐྱོན་མ་བྱུང་བ་དང་། དེའི་རྒྱུ་རྩ་བ་དང་ཉེ་བའི་ཉོན་མོངས་པས་འཕན་མ་བྱུང་བ་དང་། འཆལ་བའི་ཚུལ་ཁྲིམས་དེའི་གཉེན་པོ་བྱེད་པའི་དྲན་པ་ཉེར་གཞག་ལ་བརྟེན་པ་དང་། ཐར་པར་བསྔོས་པ་ཡིན་པས་ཞི་བ་ལ་བརྟེན་པའོ། །སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བཤད་པ་ནི། མཉམ་པར་མ་བཞག་པ་དང་ཉོན་མོངས་སྒོམ་བྱུང་མིན་པའི་སེམས་དམིགས་པ་ལ་མཉམ་པར་གཞག་པ་ལས་བྱུང་བའི་དགེ་བ་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་ནི་སྒོམ་པ་ལས་བྱུང་བའོ། །ཅིའི་ཕྱིར་སྒོམ་པ་ཞེས་བྱ་ཞེ་ན། ཏིལ་ལ་མེ་ཏོག་གི་དྲི་ལྟར་སེམས་ལ་དགེ་བའི་བག་ཆགས་བསྒོ་ཞིང་གོམས་པ་དང་དབང་དུ་བྱེད་པའི་ཕྱིར། འོ་ན། ཚུལ་ཁྲིམས་དང་སྒོམ་པ་ལས་བྱུང་བ་དེ་དག་གང་གཙོ་ཞེ་ན། བཞི་བརྒྱ་པ་ལས། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྲོ། །ཞེས་འབྱུང་བ་ལྟར། མཐོ་རིས་ཐོབ་པའི་ཕྱིར་དུ་ཚུལ་ཁྲིམས་གཙོ་ཆེ་བའི་ཕྱིར་དང་། བར་


DLL1003_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་པའི་ལམ་གྱིས་སྤང་བྱ་དངོས་སུ་སྤོང་བའི་ཕྱིར་ན། ཉོན་མོངས་པ་དང་འབྲལ་བའི་དོན་དུ་སྒོམ་པ་གཙོ་ཆེ་བའི་ཕྱིར། དེ་དག་འདོད་པས་དེ་བཞིན་དུ་བསྟེན་པར་བྱའོ། །འོ་ན་མདོ་ལས། གང་ཟག་བཞི་ཚངས་པའི་བསོད་ནམས་སྐྱེད་དེ། སྔར་མ་བྱས་པའི་ས་ཕྱོགས་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བྱེད་པ་འདི་ནི་གང་ཟག་ཚངས་པའི་བསོད་ནམས་སྐྱེད་པ་དང་པོ་ཡིན་ནོ། །ཞེས་བྱ་བ་དང་། དེ་བཞིན་དུ་ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་ཞིང་། དེ་ཉིད་དུ་གཙུག་ལག་ཁང་རྩིག་པ་དང་། དེའི་ཉན་ཐོས་བྱེ་བ་འདུམ་པ་དང་། བྱམས་པ་ཚད་མེད་པ་སྒོམ་པ་ལ་ཡང་སྦྱར་ནས་གསུངས་ན་ཚངས་པའི་བསོད་ནམས་དེ་གང་ཞེ་ན། དེ་ལྟ་བུའི་ཚངས་པའི་བསོད་ནམས་ནི་ཚངས་པའི་མདུན་ན་འདོན་གྱི་ཚེ་དང་མཉམ་པར་བསྐལ་པར་མཐོ་རིས་སུ་དགའ་བར་གནས་པའི་ཕྱིར། སྔར་སྨོས་པའི་མ་བྱས་པའི་ས་ཕྱོགས་སུ་སྐུ་གདུང་གི་མཆོད་རྟེན་རྩིག་པ་ལ་སོགས་པ་བྱེད་པའི་གང་ཟག་བཞི་ཡིས་ཚངས་པའི་བསོད་ནམས་སྐྱེད་པ་ཡིན་ནོ་ཞེས་སོ། །འདིར་ཚངས་པ་ནི་ཚངས་པའི་མདུན་ན་འདོན་ཏེ། དེར་སྐྱེ་བའི་བསོད་ནམས་དང་འདྲ་བས་ཚངས་པའི་བསོད་ནམས་ཏེ་འདོད་པའི་མཐོ་རིས་སུ་ཚེ་འཐུད་ཅིང་བར་བསྐལ་བཞི་བཅུར་བདེ་བ་མྱོང་བ་ཡིན་ནོ། །ཞར་ལ་ཆོས་ཀྱི་སྦྱིན་པ་བཤད་པ་ལ། ཆོས་ཀྱི་སྦྱིན་པ་ནི་བསམ་པ་ཀུན་སློང་རྙེད་པ་དང་བཀུར་སྟི་ལ་སོགས་པ་ཉོན་མོངས་ཅན་མིན་པས། བསྟན་བྱ་མདོའི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་སམ་སྡེ་སྣོད་གསུམ་པོ་དག་སྦྱོར་བ་


DLL1003_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པ་ཇི་ལྟ་བ་བཞིན་མ་ནོར་བར་སྟོན་པ་ཡིན་ནོ། །བཅུ་བཞི་པ་ཆ་མཐུན་གསུམ་བཤད་པ་ནི། མདོ་ལས། བསོད་ནམས་དང་། ཐར་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བ་གསུམ་གསུངས་པ་ལས། འཁོར་བར་རྣམ་སྨིན་ཡིད་དུ་འོང་བ་ཅན་ནི་བསོད་ནམས་ཆ་མཐུན་ནོ། །ཚོགས་ལམ་དུ་མྱ་ངན་ལས་འདས་པར་བསྔོས་པའི་དགེ་བ་ནི་མྱ་ངན་ལས་འདས་པ་ཐར་པའི་ཆ་དང་མཐུན་པ་སྟེ། གང་སྐྱེས་ན་ངེས་བར་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་སུ་འགྱུར་བའོ། །དགེ་བ་དེ་ཡོད་པར་ནི་འཁོར་འདས་ཀྱི་ཉེས་དམིགས་དང་ཡོན་ཏན་བརྗོད་པ་ན། དད་པའི་ཤུགས་ཀྱིས་བ་སྤུ་ལྡང་བ་ལ་སོགས་པའི་རྟགས་ལས་ཤེས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བ་ནི་དྲོ་བ་ལ་སོགས་པ་བཞི་ཡིན་པས་ཆ་མཐུན་གྱི་དགེ་བ་རྣམ་པ་གསུམ་མོ། །བཅོ་ལྔ་པ་རིགས་པས་རབ་ཏུ་བཅུག་པའི་ལས་ནི། སློབ་པ་རིགས་པས་ཐབས་ཀྱིས་རབ་ཏུ་བཅུག་པའི་སྒོ་གསུམ་གྱི་ལས་རྣམ་པ་གསུམ་ཀུན་ནས་སློང་བ་མཚུངས་ལྡན་དང་བཅས་པ་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །དེ་ལ་ཀ་ལ་སོགས་པའི་ཡིག་འབྲུའི་གཟུགས་འདྲི་བ་དང་། ལྷ་ལ་སོགས་པའི་འབུར་གྱི་རྒྱ་རྐོ་པ་ནི་ལུས་ཀྱི་ལས་དང་། དངོས་པོ་གཅིག་ལ་སོགས་པ་བགྲང་བ་དང་བཅས་པའི་སྙན་ངག་ནི་ངག་གི་ལས་དང་། བཅུ་པ་བཅུ་ལ་བརྒྱའོ་ཞེས་བྱ་བ་ལ་སོགས་པའི་གྲངས་བསྡོམས་ནས་འཛིན་པ་ནི་ཡིད་ཀྱི་ལས་ཏེ་གོ་རིམ་བཞིན་ནོ། །གཞན་ཡང་ཡིག་འབྲུ་ལ་སོགས་པ་བསྟན་པའི་ཞར་ལས་བྱུང་བའམ། ཡང་ན་འདི་ཆོས་མངོན་པ་བསྡུས་པ་ཡིན་པས་ཆོས་ཀྱི་ཕུང་པོའི་རྣམ་པར་


DLL1003_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལས་འབྱུང་བའི་རྣམ་གྲངས་འགའ་ཞིག་བཤད་པར་བྱའོ། །དེ་ལ་ཉོན་མོངས་པ་ནི་འགེབས་པས་ན་སྒྲིབ་པ་དང་། ཉོན་མོངས་པ་དང་བཅས་པས་གནག་ཅིང་འཕགས་པ་རྣམས་ཀྱིས་བོར་བས་ན་ངན་པ་དང་། ཉོན་མོངས་པ་དང་ལྷན་ཅིག་འདུག་པས་ན་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བ་རྣམས་ནི། ཉོན་མོངས་པ་ཅན་གྱི་ཆོས་ཀྱི་མིང་གི་རྣམ་གྲངས་སོ། །དྲི་མ་མེད་པའི་དགེ་བ་ནི་དག་པ་རབ་ཀྱི་མཐར་ཕྱིན་པས་ན་གྱ་ནོམ་པ་སྟེ། དེས་ན་གྱ་ནོམ་པ་ཞེས་བྱ་བ་ནི་དགེ་བ་ཟག་མེད་ཀྱི་རྣམ་གྲངས་སོ། །ཉོན་མོངས་པ་ནི་ངན་པ་ཁོ་ན་དང་། དགེ་བ་ཟག་མེད་ནི་གྱ་ནོམ་པ་ཁོ་ན་ཡིན་པས། དེ་གཉིས་ལས་གཞན་པ་ནི་བར་མ་ཞེས་བྱའོ། །རྒྱུད་ལ་བསྐྱེད་པའི་སྒོ་ནས་གུས་པར་བསྟེན་པར་བྱ་བ་ནི། འདུས་བྱས་ཀྱི་ཆོས་དགེ་བ་ཟག་བཅས་དང་ཟག་མེད་ཐམས་ཅད་ཀྱི་རྣམ་གྲངས་སོ། །དེ་ལས་གཞན་པ་འདུས་མ་བྱས་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་མ་བསྟན་རྣམས་ནི་བསྟེན་པར་བྱ་བ་མིན་ཏེ། འདུས་མ་བྱས་ནི་བསྐྱེད་པ་དང་ཡང་དང་ཡང་དུ་རྒྱུད་ལ་གོམས་པར་བྱར་མི་རུང་བའི་ཕྱིར་དང་། འབྲས་བུའི་དོན་དུ་བསྟེན་པ་ཡིན་ན་དེ་ལ་འབྲས་བུའང་མེད་པའི་ཕྱིར། མི་དགེ་བ་དང་བསྒྲིབས་ལ་ལུང་ན་བསྟན་རྣམས་ནི་ཉོན་མོངས་པ་ཅན་ཡིན་པ་དང་། རྣམ་སྨིན་ཡིད་དུ་འོང་བ་མེད་པའི་ཕྱིར་རོ། །མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་དང་། འདུས་བྱས་མ་བསྒྲིབས་ལུང་མ་བསྟན་དང་། དགེ་བ་ཟག་བཅས་དང་། འདུས་བྱས་ཟག་མེད་དང་། འདུས་མ་བྱས་མ་བསྒྲིབས་ལུང་མ་བསྟན་ནམ་མཁའ་དང་བརྟགས་མིན་


DLL1003_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཐར་པ་སོ་སོར་བརྟགས་འགོག་རྣམས་ནི་སྔ་མ་སྔ་མ་ཕྱི་མ་ཕྱི་མས་བླ་མ་དང་བཅས་པ་ཡིན་ཏེ། རིམ་པ་ལྟར་རྣམ་སྨིན་ཡིད་དུ་འོང་བ་མེད་པའི་ཕྱིར་དང་། ཉོན་མོངས་ཅན་མ་ཡིན་པའི་ཕྱིར་དང་། རྣམ་སྨིན་གྱི་འབྲས་བུ་ཡིད་དུ་འོང་བ་ཅན་ཡིན་པའི་ཕྱིར་དང་། ཟག་བཅས་མ་ཡིན་པའི་ཕྱིར་དང་། རྟག་པའི་ཕྱིར་དང་། རྟག་ཅིང་དགེ་བ་ཡིན་པའི་ཕྱིར་རོ། །དེས་ན་ཆོས་གཞན་ཐམས་ཅད་ནི་བླ་མ་དང་བཅས་པ་ཡིན་ལ། །ཐར་པ་མྱང་འདས་སོ་སོར་བརྟགས་འགོག་ནི་དེ་ལས་ཕུལ་དུ་ཕྱིན་པ་དང་ཁྱད་པར་འཕགས་པ་གཞན་མེད་པས་བླ་ན་མེད་པ་ཡིན་ཏེ། མདོ་ལས། དགེ་སློང་དག་ཆོས་འདུས་བྱས་སམ། འདུས་མ་བྱས་གང་ཇི་སྙེད་པ་དེ་དག་གི་ནང་ནས་མཆོག་ནི་འདོད་ཆགས་དང་བྲལ་བ་ཡིན་པར་བརྗོད་དོ། །ཞེས་གསུང་པའི་ཕྱིར། འཇིག་རྟེན་འགྲུབ་བྱེད་སེམས་པ་བསམ་པའི་ལས། །རིག་བྱེད་རིག་མ་ཡིན་སྡོམ་པ་དང་། །སྡོམ་མིན་བར་མ་ལས་འབྲས་རྣམ་དབྱེ་སོགས། །རྟོགས་པར་འདོད་པས་གནས་འདི་མཉན་པར་གྱིས། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ལས་བསྟན་པ་ཞེས་བྱ་བ་སྟེ་གནས་བཞི་པའི་རྣམ་པར་བཤད་པའོ།། །།ལྔ་བ་ཕྲ་རྒྱས་བསྟན་པའི་གནས་འཆད་པ་ལ་བཞི། མཚམས་སྦྱར་བ། ཕྲ་རྒྱས་དངོས། དེ་སྤོང་བའི་ཚུལ། སྤངས་པའི་འབྲས་བུ་ཡོངས་ཤེས་བསྟན་པའོ། །དང་པོ་ནི། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་བཤད་ན། ལས་ཁོ་ན་ལས་སྣོད་བཅུད་ཀྱི་འཇིག་རྟེན་སྣ་ཚོགས་པ་འདི་སྐྱེ་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། །སྲིད་པའི་རྩ་བ་ཕྲ་རྒྱས་ཡིན་པའི་ཕྱིར་ཏེ། ལས་ཀྱིས་འཁོར་བར་


DLL1003_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ལ། དེ་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། ཉོན་མོངས་མེད་པར་ལས་རྐྱང་པས་འབྲས་བུ་མི་འབྱིན་པའི་ཕྱིར། དཔེར་ན། དགྲ་བཅོམ་པ་ལ་མ་ངེས་པའི་ལས་ཡོད་ཀྱང་ཉོན་མོངས་མེད་པས་འཁོར་བར་མི་སྐྱེ་བ་བཞིན་ནོ། །འོ་ན། འདོད་ཆགས་ཉིད་ཕྲ་རྒྱས་དང་གཞི་གཅིག་ཡིན་ནམ་ཐ་དད་ཡིན་ཞེ་ན། བྱེ་བྲག་སྨྲ་བ་ན་རེ། འདོད་ཆགས་ཀྱང་ཡིན་ཕྲ་རྒྱས་ཀྱང་ཕྲ་རྒྱས་ཀྱང་ཡིན་པས་གཞི་གཅིག་ཡིན་ཟེར། མདོ་སྡེ་པ་ན་རེ། འདོད་ཆགས་ཉལ་བ་ཕྲ་རྒྱས་དང་། མངོན་གྱུར་ཀུན་དཀྲིས་ཡིན་པས་གཞི་ཐ་དད་ཡིན་ཞེས་ཟེར་རོ། །གཉིས་པ་ལ་བདུན། ཕྲ་རྒྱས་ཀྱི་དབྱེ་བ། རྣམ་པའི་བྱེ་བྲག །སེམས་ཕྲ་རྒྱས་དང་བཅས་པའི་ཚུལ། ཉོན་མོངས་སྐྱེ་ཚུལ། རྣམ་གྲངས། གང་དང་མཚུངས་ལྡན། སྒྲིབ་པ་ལྔ་བཤད་པའོ། །དང་པོ་ལ་གཉིས། དངོས་དང་། ཞར་བྱུང་ངོ་། །དང་པོ་ལ། རྩ་བའི་དབྱེ་བ་དང་། ཁྱད་པར་གྱི་དབྱེ་བའོ། །དང་པོ་ནི། སྲིད་པའི་རྩ་བ་ཕྲ་རྒྱས། ཞེས་བཤད་ན། ཕྲ་རྒྱས་དེ་ལ་དུ་ཡོད་ཅེ་ན། འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ་དེ་དྲུག་ཀྱང་། །འདོད་ཆགས་དབྱེ་བས་བདུན་དུ་བཤད། །ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །ཁ་ནི་ནང་དུ་བལྟས་ཕྱིར་དེར། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །ཕྲ་རྒྱས་དྲུག་ཡོད་དེ། འདོད་ཆགས་ཀྱི་ཕྲ་རྒྱས། དེ་བཞིན་དུ་ཁོང་ཁྲོའི་ཕྲ་རྒྱས་དང་། ང་རྒྱལ་གྱི། མ་རིག་པའི། ལྟ་བའི་དང་། ཐེ་ཚོམ་གྱི་ཕྲ་རྒྱས་རྣམས་སུ་ཡོད་པའི་ཕྱིར། དེ་བཞིན་ཞེས་པ་གང་ལ་དམིགས་ནས་འདོད་ཆགས་རྒྱས་སུ་རུང་བ་དེ་ལ་ཁོང་ཁྲོ་སོགས་ཀྱང་རྒྱས་སུ་རུང་ཞེས་པའི་དོན་ནོ། །ཕྲ་རྒྱས་དེ་དྲུག་ཀྱང་འདོད་ཆགས་ལ་འདོད་པའི་འདོད་ཆགས་དང་སྲིད་པའི་འདོད་ཆགས་གཉིས་སུ་དབྱེ་བས་བདུན་དུ་ཡང་བཤད་དོ། །འདོད་པའི་འདོད་ཆགས་ནི་འདོད་པའི་ཡོན་ཏན་གཟུགས་དྲི་ལ་སོགས་པ་ལ་དམིགས་ནས་སྐྱེ་བས་


DLL1003_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཁམས་ན་ཡོད་ལ། ཁམས་གོང་མ་གཉིས་ལས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་སོ། །དེ་གཉིས་སྲིད་པའི་འདོད་ཆགས་ཞེས་གཅིག་ཏུ་སྡུད་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དེ་གཉིས་ཕལ་ཆེར་མཉམ་གཞག་ལ་འདོད་ཆགས་དང་ཁ་ནི་ནང་དུ་བལྟས་པར་མཚུངས་པའི་ཕྱིར། དེ་གཉིས་ལ་སྲིད་པའི་འདོད་ཆགས་སུ་བཤད་པའི་རྒྱུ་མཚན་ཡོད་དེ། ཁམས་གོང་མ་གཉིས་པོ་དེ་ལ་ཐར་པར་འཛིན་པའི་འདུ་ཤེས་བཟློག་པའི་ཆེད་ཡིན་པའི་ཕྱིར། ཡང་ཕྲ་རྒྱས་དེ་ལ་བཅུ་ཡོད་དེ། ལྟ་བ་ལྔ་དང་ལྟ་མིན་ལྔ་ཡོད་པའི་ཕྱིར། ལྟ་བ་དེ་ལ་ལྔ་ཡོད་དེ། འཇིག་ཚོགས་ལ་ལྟ་བ་དང་། ལོག་པར་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། ལྟ་བ་མཆོག་འཛིན་དང་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཡང་ཕྲ་རྒྱས་དེ་ལ་རྣམ་པ་དང་བྱེ་བྲག་དང་ཁམས་ཀྱི་སྒོ་ནས་དབྱེ་ན་དགུ་བཅུ་རྩ་བརྒྱད་དུ་ཡང་འདོད་དེ། ཕྲ་རྒྱས་བཅུ་པོ་དེ་དག་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ལ་ལྟ་བ་ལྔ་དང་ལྟ་མིན་ལྔ་སྟེ་བཅུ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་ལ་ལྟ་བ་དང་པོ་གཉིས་དང་ཐ་མ་ལྔ་པ་སྟེ་གསུམ་མ་གཏོགས་པ་བདུན་བདུན་དང་། ལམ་མཐོང་བས་སྤང་བར་བྱ་བ་དེ་ལ་ལྟ་བ་དང་པོ་གཉིས་མ་གཏོགས་པའི་བརྒྱད་འདོད་པས་ན་སྡུག་བསྔལ་ལ་སོགས་པ་བདེན་པ་མཐོང་བས་རིམ་བཞིན་སྤང་བར་བྱེད་ཅིང་། ལྟ་བ་དང་ཐེ་ཚོམ་མ་གཏོགས་པ་བཞི་ནི་སྒོམ་པས་སྤང་བྱ་ཡིན་ལ། ཁོང་ཁྲོ་མ་གཏོགས་པའི་ཕྲ་རྒྱས་དེ་དག་ཉིད་གཟུགས་


DLL1003_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་གཟུགས་མེད་འདོད་པ་དེ་དང་འདྲ་བ་དེ་ལྟར་ཡིན་པའི་ཕྱིར་རོ། །དེ་ཡང་། དེ་དག་དགུ་དང་དྲུག་དྲུག་བདུན། ཁོང་ཁྲོ་ལྟ་གསུམ་གཉིས་མ་གཏོགས། །གཟུགས་ན་ཞེས་འདོན་པ་བསྒྱུར་རོ། །གཉིས་པ་ལ་ལྔ། སྤང་བྱ་ངེས་པ། ལྟ་བ་སོ་སོའི་མཚན་ཉིད། ལྟ་བ་ཐ་མ་དང་འབྲེལ་བའི་རྩོད་སྤང་། ཕྱིན་ཅི་ལོག་གི་རབ་དབྱེ། ང་རྒྱལ་གྱི་དབྱེ་བ་སྤྲོས་པ་དང་བཅས་པའོ། །དང་པོ་ནི། འོ་ན་ཕྲ་རྒྱས་མཐོང་སྤང་རྣམས་མཐོང་ལམ་ཁོ་ན་དང་། སྒོམ་སྤང་རྣམས་སྒོམ་ལམ་ཁོ་ནས་སྤོང་བ་ཡིན་ནམ་ཞེ་ན། སྲིད་རྩེ་ལས་སྐྱེས་པ་བཟོད་པ་ཡིས་གཞོམ་བྱ་མཐོང་བས་སྤང་བར་བྱ་དེ་ཉིད་མཐོང་ལམ་ཁོ་ནས་སྤོང་སྟེ། འཇིག་རྟེན་པའི་ལམ་གྱིས་སྲིད་རྩེའི་ཉོན་མོངས་སྤོང་མི་ནུས་ལ། ཟག་མེད་སྒོམ་ལམ་གྱི་སྔར་མཐོང་ལམ་སྐྱེས་ཟིན་པའི་ཕྱིར། ས་ལྷག་མ་བརྒྱད་ལས་སྐྱེས་པ་བཟོད་པས་གཞོམ་བྱ་དེ་མཐོང་ལམ་དང་སྒོམ་ལམ་གཉིས་ཀྱིས་སྤང་སྟེ། འཆིང་བ་ཀུན་ལྡན་གྱི་འཕགས་པས་བདེན་པ་མངོན་སུམ་དུ་མཐོང་བའི་མཐོང་ལམ་གྱིས་སྤོང་། བྱིས་པས་མཐོང་སྤོང་དང་སྒོམ་སྤང་ཆ་གཅིག་ཏུ་བསྒྲིལ་ནས་སྤོང་བའི་ཚེ་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་བའི་ཕྱིར། མདོ་སྡེ་པ་ན་རེ། བྱིས་པས་མཐོང་སྤང་སྤོང་བ་མིན་ཏེ། འདོད་ཆགས་དང་བྲལ་བའི་བྱིས་པ་ལ་ཡང་འདོད་ཆགས་སྐྱེ་བ་ཡོད་པའི་ཕྱིར། བཟོད་པས་གཞོམ་བྱ་མིན་པ་ཤེས་པས་གཞོམ་བྱ་ནི་སྒོམ་ལམ་ཁོ་ནས་སྤོང་སྟེ། དེ་ཟག་བཅས་གང་ཞིག །མཐོང་སྤང་མ་ཡིན་པའི་ཕྱིར། གཉིས་པ་ནི། ལྟ་བ་ལྔ་སྟེ། ཞེས་བཤད་ན། ལྟ་བ་ལྔ་པོ་དེའི་ངོ་བོ་གང་ཞེ་ན། །ཉེར་ལེན་གྱི་ཕུང་པོ་ལ་བདག་


DLL1003_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདག་གིར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། ཉེར་ལེན་གྱི་ཕུང་པོ་ལ་རྟག་པ་དང་ཆད་པར་ལྟ་བ་ནི་མཐར་འཛིན་པའི་ལྟ་བ་དང་། ལས་རྒྱུ་འབྲས་མེད་པར་ལྟ་བ་ནི་ལོག་པའི་ལྟ་བ་དང་། ལྟ་བ་དམན་པ་ལ་སོགས་ལ་མཆོག་ཏུ་ལྟ་བའི་ལྟ་བ་མཆོག་འཛིན་དང་། རྒྱུ་མིན་པ་ལ་རྒྱུར་ལྟ་བ་དང་ལམ་མིན་པ་ལུས་ལ་མེ་ལྔ་བསྟེན་པ་དང་ཟས་གཅོད་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཡིན་ནོ། །འོ་ན་དང་པོ་ལ་ཅིའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་ཞེ་ན། ཉེར་ལེན་གྱི་ཕུང་པོ་འཇིག་ཚོགས་ཡིན་ལ། དེ་ལ་བདག་དང་བདག་གིར་ལྟ་བས་དེ་སྐད་ཅེས་བྱའོ། །འོ་ན་དེ་འཇིག་ཚོགས་ཇི་ལྟར་ཞེ་ན། སྐད་ཅིག་གིས་འཇིག་ཅིང་གཉེན་པོས་འཇིག་པ་དང་། སྐད་ཅིག་མ་དུ་མ་བསགས་པས་ན་དེ་འཇིག་ཚོགས་ཡིན་ནོ། །ཉེར་ལེན་གྱི་ཕུང་པོ་ལ་བདག་དང་བདག་གིར་ལྟ་བ་ལ་འཇིག་ཚོགས་ལ་ལྟ་བ་ཞེས་བརྗོད་པའི་དགོས་པ་དེ་གང་ཡིན་ཞེ་ན། དེ་ལྟར་བརྗོད་པ་ལ་གང་ཟག་གི་བདག་འཛིན་སྤངས་པའི་དགོས་པ་ཡོད་དེ། དེ་ལྟར་བརྗོད་པས་རྟག་པ་དང་རིལ་པོའི་བདག་ཏུ་འཛིན་པ་སྤོང་བར་འགྱུར་ལ། གང་ཟག་གི་བདག་འཛིན་དེ་ཡང་རྟག་པ་དང་རིལ་པོའི་བདག་ཏུ་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། འོ་ན་ཟག་བཅས་ལ་དམིགས་པ་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་མིན་ནམ། ཉེར་ལེན་གྱི་ཕུང་པོ་ཁོ་ན་བདག་དང་བདག་གིར་ལྟ་བ་ལ་འཇིགས་ཚོགས་ལ་ལྟ་བ་ཞེས་བརྗོད་པའི་དགོས་པ་དེ་གང་ཞེ་ན། དགོས་པ་ཡོད་དེ། འཇིག་ཚོགས་ལ་ལྟ་བ་ཡིན་གྱིས། བདག་དང་བདག་གི་བ་མེད་དོ་ཞེས་གོ་བར་འགྱུར་རོ། །


DLL1003_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། དབང་ཕྱུག་སོགས་རྒྱུ་མ་ཡིན་པ་ལ་རྒྱུར་མངོན་པར་ཞེན་པ་ཆོས་ཅན། ཀུན་འབྱུང་མཐོང་སྤང་དུ་ཐལ། སྡུག་བསྔལ་གྱི་རྒྱུ་ལ་ལོག་ཞུགས་ཡིན་པའི་ཕྱིར་ཞེ་ན། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ཏེ། རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་པ་ཡིས་རབ་ཏུ་འཇུག་པ་དེའི་ཕྱིར། བཞི་པ་ནི། རྟག་བདག་ཕྱིན་ཅི་ལོག་པ་ཡིས། །ཞེས་བཤད་ན། ཕྱིན་ཅི་ལོག་གཉིས་ཁོ་ནར་ངེས་སམ་ཞེ་ན། མ་ཡིན་ཏེ། ཕྱིན་ཅི་ལོག་བཞི་ཡོད་པའི་ཕྱིར་ཏེ། མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག །མི་གཙང་བ་ལ་གཙང་བར། སྡུག་བསྔལ་བ་ལ་བདེ་བར། བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་བཞི་ཡོད་པའི་ཕྱིར། འོ་ན་ལྟ་བ་གང་ལ་ཕྱིན་ཅི་ལོག་ཏུ་བཞག་ཅེ་ན། ལྟ་བ་གསུམ་ལས་ཕྱིན་ཅི་ལོག་བཞི་ཚན་དེ་བཞག་སྟེ། མཐར་འཛིན་པའི་རྟག་ལྟ་ལས་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་དེ་བཞག །ལྟ་བ་མཆོག་འཛིན་ལས་མི་གཙང་བ་ལ་གཙང་བར་དེ་དང་། སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་དེ་བཞག །འཇིག་ལྟ་བདག་ཏུ་ལྟ་བ་ལས་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པ་དེ་བཞག་པའི་ཕྱིར། ལྟ་བ་གཞན་རྣམས་ལ་ཕྱིན་ཅི་ལོག་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡུལ་ལ་མཐའ་གཅིག་ཏུ་ཕྱིན་ཅི་ལོག་པའི་ཕྱིར་དང་། ངེས་པར་རྟོག་པ་དང་ལྡན་པའི་ཕྱིར་དང་། སྒྲོ་འདོགས་པའི་ཕྱིར་ཞེས་པའི་རྒྱུ་མཚན་གསུམ་པོ་དེ་ཚང་བ་ལས་ཕྱིན་ཅི་ལོག་འཇོག་པ་ཡིན་པ་ལས། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་དེ་ཡུལ་ལ་ཕྱིན་ཅི་ལོག་མིན་པའི་ཕྱིར་དང་། མཐར་འཛིན་གྱི་ཆད་ལྟ་དང་ལོག་ལྟ་ནི་སྒྲོ་འདོགས་མིན་


DLL1003_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ན། དེ་དག་ལ་ཕྱིན་ཅི་ལོག་བཞག་པ་མ་ཡིན་ནོ། །འོ་ན་མདོ་ལས། མི་རྟག་པ་ལ་རྟག་གོ་སྙམ་དུ་སེམས་ཕྱིན་ཅི་ལོག་པ་དང་འདུ་ཤེས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པའོ་ཞེས་གསུངས་པའི་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་ཆོས་ཅན། ཕྱིན་ཅི་ལོག་མ་ཡིན་པར་ཐལ། ངེས་རྟོག་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རྩ་བའི་ཕྲ་རྒྱས་གཞིར་བཟུང་ནས། འདིར་ནི་རྒྱུ་མཚན་གཉིས་མ་ཚང་བས་ཕྱིན་ཅི་ལོག་ཏུ་མ་བཞག་ལ། མདོར་དེ་གཉིས་ལོག་པར་ལྟ་བ་དང་མཚུངས་ལྡན་གྱི་དབང་གིས་ཕྱིན་ཅི་ལོག་ཏུ་གསུངས་པའི་ཕྱིར། ལྔ་པ་ནི། ལྟ་བ་ཁོ་ན་ལ་དབྱེ་བ་ཡོད་དམ་ཞེ་ན། ང་རྒྱལ་ལ་ཡང་བདུན་ཡོད་དེ། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་དང་བདུན་ཡོད་པའི་ཕྱིར། དེ་ཡང་ངོས་འཛིན་རིམ་བཞིན་དུ་དམན་པ་ལས་བདག་ཁྱད་པར་དུ་འཕགས་སོ་སྙམ་དུ་སེམས་ཁེངས་པ་ནི་དང་པོ་ཡིན། བདག་རང་དང་མཉམ་པ་རྣམས་ལས་ཁྱད་པར་དུ་འཕགས་སོ་སྙམ་དུ་སེམས་ཁེངས་པ་ནི་གཉིས་པ་ཡིན། གཞན་ཁྱད་པར་དུ་འཕགས་པ་རྣམས་ལས་ཆེས་ཁྱད་པར་དུ་འཕགས་སོ་སྙམ་དུ་སེམས་ཁེངས་པ་ནི་གསུམ་པ་ཡིན། ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ངའོ་སྙམ་དུ་སེམས་ཁེངས་པ་ནི་བཞི་པ་ཡིན། ཡོན་ཏན་མ་ཐོབ་པ་ལ་ཐོབ་སྙམ་དུ་སེམས་ཁེངས་པ་ནི་ལྔ་པ་ཡིན། ཆེས་ཁྱད་པར་དུ་འཕགས་པ་ལས་བདག་ཅུང་ཟད་དམན་ནོ་སྙམ་དུ་སེམས་ཁེངས་པ་ནི་དྲུག་པ་ཡིན། ཡོན་ཏན་མ་ཡིན་པ་སྐྱོན་ཐོབ་པ་ལ་ཡོན་


DLL1003_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཐོབ་བོ་སྙམ་དུ་སེམས་ཁེངས་པ་ནི་བདུན་པ་ཡིན་ནོ། །བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས། གཞན་ལ་ལྟོས་ཏེ་བདག་ལ་སྒྲུབ་པ་གསུམ། བདག་ལ་ལྟོས་ཏེ་གཞན་ལ་སྒྲུབ་པ་གསུམ། བདག་ལ་ལྟོས་ཏེ་གཞན་ལ་འགོག་པ་གསུམ་གསུངས་པ་ལས། དང་པོ་གསུམ་ཡོད་དེ། བདག་གཞན་ལས་ཁྱད་པར་དུ་འཕགས་སོ། །གཞན་དང་མཉམ་མོ། །གཞན་ལས་དམན་ནོ་ཞེས་པ་གསུམ་མོ། །གཉིས་པ་གསུམ་ཡོད་དེ། གཞན་བདག་ལས་ཁྱད་པར་དུ་འཕགས་སོ། །བདག་དང་མཉམ་མོ། །བདག་ལས་དམན་ནོ་ཞེས་པ་གསུམ་མོ། །གསུམ་པ་གསུམ་ཡོད་དེ། བདག་ལས་ཁྱད་པར་དུ་འཕགས་པ་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་ལས་དམན་པ་མེད་དོ་ཞེས་པ་གསུམ་མོ། །འོ་ན་ང་རྒྱལ་དགུ་པོ་དེ་དག་ང་རྒྱལ་བདུན་པོ་གང་གི་ནང་དུ་འདུ་ཞེ་ན། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་གསུམ་དུ་འདུ་བ་ཡིན་ནོ། །འོ་ན་ང་རྒྱལ་དེ་དག་མཐོང་སྤང་དང་སྒོམ་སྤང་གང་ཡིན་ཞེ་ན། དེ་དག་ནི་མཐོང་ལམ་དང་སྒོམ་ལམ་གཉིས་ཀས་ཟད་པར་བྱེད་དགོས་པ་ཡིན་ནོ། །འོ་ན་སྒོམ་སྤང་མ་སྤངས་པའི་འཕགས་པ་ལ་མངོན་གྱུར་དུ་མི་འབྱུང་ངམ་ཞེ་ན། སྒོམ་པས་སྤང་བར་བྱ་བ་ནི་གསོད་སོགས་ཀུན་ནས་དཀྲིས་པ་དང་། དེ་བཞིན་དུ་བདག་གླང་པོ་ཆེས་སྲུངས་ཀྱི་བུར་གྱུར་ན་ཅི་མ་རུང་སྙམ་པ་ལྟ་བུ་སྐྱེ་བའི་སྲེད་པ་དང་། བདག་ཡུན་རིང་དུ་གནས་པས་ཅི་ཞིག་བྱ་མྱུར་དུ་ཤི་ན་སྙམ་པ་ལྟ་བུ་འཇིག་པའི་སྲེད་བ་དང་། ང་རྒྱལ་རྣམ་པ་བདུན་དང་། ངའོ་སྙམ་པ་འབྱུང་བའི་ང་རྒྱལ་དགུ་པོ་རྣམས་ནི་འཕགས་པ་ལ་མངོན་


DLL1003_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་དུ་མི་འབྱུང་སྟེ། དེ་དག་ལྟ་བས་རྒྱས་པར་འགྱུར་བ་ཡིན་ལ། འཕགས་པས་ལྟ་བ་སྤངས་པའི་ཕྱིར་རོ། །མི་དགེ་བ་ཡིན་པའི་འགྱོད་པའང་འཕགས་པ་ལ་མངོན་གྱུར་དུ་འབྱུང་བ་མ་ཡིན་ཏེ། དེ་ཐེ་ཚོམ་གྱིས་རྒྱས་པར་འགྱུར་བ་ལས་འཕགས་པས་ཐེ་ཚོམ་སྤངས་པའི་ཕྱིར། གཉིས་པ་རྣམ་པའི་བྱེ་བྲག་ལ། རྒྱུ་ལ་ལྟོས་པའི་རབ་དབྱེ། དམིགས་ཡུལ་ལ་ལྟོས་པའི་རབ་དབྱེ། ངོ་བོ་ལ་ལྟོས་པའི་རབ་དབྱེ། དུས་ལ་ལྟོས་པའི་ལྡན་ཚུལ། ཡུལ་ཡུལ་ཅན་གྱི་བྱེ་བྲག་གོ །དང་པོ་ནི། ཕྲ་རྒྱས་དེ་དག་ལས་ཁམས་ཀུན་ཏུ་འགྲོ་བ་ཡིན་པ་ནི་དུ་ཞེ་ན། སྡུག་བསྔལ་མཐོང་སྤང་དང་རྒྱུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལྟ་བ་དང་དེ་བཞིན་དུ་ཐེ་ཚོམ་དང་། གང་དེ་དག་དང་ལྷན་ཅིག་པའི་མ་རིག་པ་དང་། རྩ་ཉོན་གཞན་དང་མ་འདྲེས་པའི་མ་རིག་པ་གང་ཡིན་པ་དེ་ཆོས་ཅན། སྐལ་པ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་ཡིན་ཏེ། རང་རང་གི་སྤང་བྱ་རིས་ལྔ་པོ་ཐམས་ཅད་ལ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར། བཅུ་གཅིག་པོ་དེ་དག་ལས་དགུ་གང་དུ་དམིགས་སོ། །གང་མ་གཏོགས་ཤེ་ན། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པའི་ལྟ་བ་གཉིས་པོ་མ་གཏོགས་ཏེ། རང་སའི་ཕུང་པོ་ཁོ་ན་ལ་དམིགས་པའི་ཕྱིར། འོ་ན་ཕྲ་རྒྱས་ཁོ་ན་ཀུན་འགྲོ་ཡིན་ནམ་ཞེ་ན། དེ་དག་དང་ནི་ལྷན་ཅིག་ཏུ་འབྱུང་བ་གང་ཡིན་པ་དེའང་ཀུན་འགྲོ་ཡིན་ནོ། །ཐམས་ཅད་ཡིན་ནམ་ཞེ་ན། དེ་དག་གི་ཐོབ་པ་མ་གཏོགས་ཏེ། དེ་ཐོབ་བྱའི་ཆོས་དང་རྒྱུན་དང་རྣམ་སྨིན་གྱི་འབྲས་བུ་མི་གཅིག་པའི་ཕྱིར། གཉིས་པ་ནི། ཕྲ་རྒྱས་དེ་དག་གིས་ཟག་བཅས་ཟག་མེད་གང་ལ་དམིགས་ཤེ་ན། འགོག་པ་མཐོང་སྤང་དང་


DLL1003_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཐོང་བས་སྤང་བར་བྱ་བ་ལོག་ལྟ་གཉིས་དང་ཐེ་ཚོམ་དག་དང་། དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་དང་། འབའ་ཞིག་པའི་མ་རིག་པ་དང་དྲུག་ནི་ཟག་མེད་ཀྱི་སྤྱོད་ཡུལ་ཅན་ཡིན་ཏེ། འགོག་ལམ་ལ་དམིགས་པའི་ཕྱིར། ཡང་འགོག་པ་མཐོང་སྤང་རང་གི་ས་པའི་འགོག་པ་ལ་དམིགས་ཀྱི། གཞན་གྱི་ས་པའི་འགོག་པ་ལ་མ་དམིགས་ཏེ། འགོག་པ་གཉིས་པོ་དེ་རྫས་ཐ་དད་ཡིན་པའི་ཕྱིར། འོ་ན་ལམ་ལ་ཡང་དེར་ངེས་སམ་ཞེ་ན། །བསམ་གཏན་ས་དྲུག་གི་ཆོས་ཤེས་ཀྱི་ཕྱོགས་ཀྱི་ལམ་ནི། ལམ་དེའི་སྤྱོད་ཡུལ་ཅན་གྱི་འདོད་པའི་མཐོང་སྤང་གསུམ་གྱི་སྤྱོད་ཡུལ་ཡིན་ཏེ། བསམ་གཏན་ས་དྲུག་གི་ལམ་ནི་ཕན་ཚུན་མཉམ་པ་དང་ཁྱད་པར་ཅན་གྱི་རྒྱུ་གང་ཞིག །ཆོས་ཤེས་ཕྱོགས་འདོད་པའི་གཉེན་པོའི་རིས་ཡིན་པའི་ཕྱིར། ཟག་མེད་ས་དགུའི་ལམ་ནི། ལམ་དེའི་སྤྱོད་ཡུལ་ཅན་གྱི་གོང་མའི་ལམ་མཐོང་སྤང་གསུམ་པོ་དེའི་ཡུལ་ཡིན་ཏེ། ཟག་མེད་ས་དགུའི་ལམ་ནི་ཕན་ཚུན་མཉམ་པ་དང་ཁྱད་པར་ཅན་གྱི་རྒྱུ་ཡིན་པ་གང་ཞིག །རྗེས་ཤེས་གོང་མའི་གཉེན་པོ་ཡིན་པའི་ཕྱིར། འོ་ན་ཕྲ་རྒྱས་གཞན་གྱིས་འགོག་ལམ་ལ་མ་དམིགས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། །འདོད་ཆགས་ཀྱིས་འགོག་ལམ་ལ་དམིགས་པ་མིན་ཏེ། འདོད་ཆགས་ནི་དོན་གཉེར་གྱི་རྣམ་པ་ཅན་ཡིན་ལ། དེ་ཐོབ་པ་ཆད་པའི་ཚུལ་གྱིས་སྤང་བྱ་ཡིན་པའི་ཕྱིར། ཞེ་སྡང་གིས་དེ་ལ་དམིགས་པ་མིན་ཏེ། དེ་གཞན་ལ་གནོད་པ་མི་བྱེད་པའི་ཕྱིར། ང་རྒྱལ་གྱིས་དེ་ལ་དམིགས་པ་མ་ཡིན་ཏེ། དེ་ཞི་བའི་ཕྱིར། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་དེ་ལ་


DLL1003_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མིན་ཏེ། དེས་དག་པ་ལ་དག་པར་འཛིན་པ་གང་ཞིག །དེ་དག་པ་ཡིན་པའི་ཕྱིར། ལྟ་བ་མཆོག་འཛིན་གྱིས་དེ་ལ་དམིགས་པ་མིན་ཏེ། དེས་དམན་པ་ལ་མཆོག་ཏུ་འཛིན་པ་གང་ཞིག །འགོག་ལམ་དེ་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། འོ་ན་ཕྲ་རྒྱས་དེ་དག་ལས་དམིགས་པ་དང་མཚུངས་ལྡན་གྱིས་རྒྱས་པར་འགྱུར་བ་གང་ཡིན་ཞེ་ན། །ཕྲ་རྒྱས་ཀུན་ཏུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་དུ་ནི་རྒྱས་པར་འགྱུར། །ཀུན་འགྲོ་མ་ཡིན་རང་རིས་སུ། །ཕྲ་རྒྱས་ཀུན་ཏུ་འགྲོ་བ་རྣམས་ནི། དམིགས་པའི་སྒོ་ནས་རང་གི་ས་ཐམས་ཅད་དུ་ནི་རྒྱས་པར་འགྱུར་ཏེ། དཔེར་ན། འདོད་པའི་སྡུག་བསྔལ་མཐོང་སྤང་དེ་འདོད་པའི་སྤང་བྱ་རིས་ལྔ་པོ་ཐམས་ཅད་ལ་རྒྱས་པར་འགྱུར་བ་བཞིན་ནོ། །ཀུན་འགྲོ་མ་ཡིན་པའི་ཕྲ་རྒྱས་དེ་ཡང་དམིགས་པའི་སྒོ་ནས་རང་རིས་སུ་རྒྱས་པར་འགྱུར་རོ། །ཐམས་ཅད་དུ་ངེས་སམ་ཞེ་ན། ཟག་མེད་དང་གོང་མའི་ཡུལ་ཅན་གྱི་ཕྲ་རྒྱས་ནི་དམིགས་པའི་སྒོ་ནས་ཀྱང་རྒྱས་པ་མིན་ཏེ། ཡུལ་ལ་སྲེད་པས་བདག་གིར་མ་བྱས་ཤིང་། ཡུལ་དེ་ཁོ་ནའི་གཉེན་པོའི་རིས་ཡིན་པའི་ཕྱིར། ཕྲ་རྒྱས་གང་ཞིག་ཚོར་བ་སོགས་གང་དང་མཚུངས་པར་ལྡན་པ་དེ་ནི་དེར་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་རོ། །གསུམ་པ་ལ། དངོས་དང་། རྩ་བའི་བྱེ་བྲག །དྲི་བ་ལུང་མ་བསྟན་གྱི་ཞར་བྱུང་ངོ་། །དང་པོ་ནི། ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལ་ལུང་མ་བསྟན་ཡིན་པ་དུ། མི་དགེ་བ་ཡིན་པ་དུ་ཞེ་ན། གོང་མའི་ཕྲ་རྒྱས་ཐམས་ཅད་བསྒྲིབས་ལ་ལུང་མ་བསྟན་ཡིན་ཏེ། རྣམ་སྨིན་ཡིད་དུ་འོང་བ་མི་འབྱིན་པའི་ཉོན་མོངས་ཅན་ཡིན་པའི་ཕྱིར། འདོད་ཁམས་ན་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པའི་ལྟ་བ་དང་། དེ་དག་དང་ལྷན་ཅིག་མཚུངས་ལྡན་གྱི་མ་རིག་པ་ལུང་མ་བསྟན་ཡིན་གྱི་མི་དགེ་


DLL1003_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་ནི་བདག་བདེ་བའི་ཕྱིར་དུ་ཚུལ་ཁྲིམས་སྲུང་ཞིང་སྦྱིན་པ་གཏོང་བ་ལ་འཇུག་པའི་ཕྱིར་དང་། མཐར་འཛིན་པའི་ལྟ་བ་ནི་ཐར་པ་དང་མཐུན་པའི་ཕྱིར་ཏེ། ཐར་པ་ནི་ཕུང་པོ་ལས་ལོག་པ་ཡིན་ལ། མཐར་འཛིན་ལྟ་བ་ཡང་ཕུང་པོ་ལས་ལོག་པ་ལ་གཏན་དུ་བར་ལྟ་བའི་ཕྱིར། ཡང་ན་འཇིག་ལྟ་མི་དགེ་བ་མིན་ཏེ། བདག་དང་བདག་གི་བ་ལ་རྨོངས་པ་ཙམ་ཡིན་གྱི། སུ་ལ་ཡང་མི་གནོད་པའི་ཕྱིར། སློབ་དཔོན་ན་རེ། དེ་མི་འཐད་དེ། འདོད་ཆགས་ཆོས་ཅན། མི་དགེ་བ་མ་ཡིན་པར་ཐལ། བདག་བདེ་བའི་ཕྱིར་དུ་སྦྱིན་པ་གཏོང་བ་ལ་འཇུག་པའི་ཕྱིར། ང་རྒྱལ་ཡང་ཆོས་ཅན། མི་དགེ་བ་མ་ཡིན་པར་ཐལ། བདག་དང་བདག་གི་བ་ལ་རྨོངས་པ་ཙམ་ཡིན་གྱི། སུ་ལ་ཡང་མི་གནོད་པའི་ཕྱིར་ཞེས་ཟེར། སློབ་དཔོན་སྔ་མ་གཞན་དག་ན་རེ། འཇིག་ལྟ་ལྷན་སྐྱེས་ལུང་མ་བསྟན་ཡིན་ལ། འཇིག་ལྟ་ཀུན་བརྟགས་མི་དགེ་བ་ཡིན་གསུང་ངོ་། །ལྷག་མ་རྣམས་ནི་འདོད་པའི་ཁམས་འདིར་མི་དགེ་བ་ཡིན་ཏེ། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པའི་ཕྱིར། གཉིས་པ་ནི། ཕྲ་རྒྱས་འདི་དག་ལ་མི་དགེ་བའི་རྩ་བ་ཡིན་པ་དུ། ལུང་མ་བསྟན་གྱི་རྩ་བ་ཡིན་པ་དུ། མ་ཡིན་པ་དུ་ཞེ་ན། འདོད་ཁམས་ན་འདོད་ཆགས་དང་ཁོང་ཁྲོ་དང་རྨོངས་པ་རྣམས་མི་དགེ་བའི་རྩ་བ་ཡིན་ཏེ། རང་གི་ངོ་བོ་མི་དགེ་བ་ཡིན་ཞིང་། མི་དགེ་བ་གཞན་གྱི་རྩ་བ་ཡིན་པའི་ཕྱིར། གཞན་ནི་དེ་མིན་ནོ། །ལུང་དུ་མ་བསྟན་པའི་རྩ་བ་གསུམ་ཡོད་དེ། དེ་ནི་སྲིད་པ་དང་མ་རིག་པ་དང་བློ་ལྟ་བའོ། །དེ་ལས་གཞན་ཐེ་ཚོམ་དང་ང་རྒྱལ་ལུང་མ་བསྟན་གྱི་རྩ་བ་མིན་ཏེ། རྩ་བ་དང་ཆོས་མི་མཐུན་པའི་ཕྱིར་ཏེ། རྩ་བ་ནི་


DLL1003_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡིན་ལ། ཐེ་ཚོམ་རྣམ་པ་གཉིས་སུ་འཇུག་པས་གཡོ་བའི་ཕྱིར་དང་། རྩ་བ་དམའ་བ་ན་འདུག་ལ། ང་རྒྱལ་སེམས་ཁེངས་པའི་རྣམ་པས་འཇུག་པས་མཐོན་པོར་འཇུག་པའི་ཕྱིར་རོ། །ལུང་མ་བསྟན་གྱི་རྩ་བ་བཞི་ཞེས་ཉི་འོག་པ་ཟེར་ཏེ། དེ་དག་ནི་ལུང་མ་བསྟན་གྱི་སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་རྨོངས་པའོ། །དེ་དག་ལུང་མ་བསྟན་ཡིན་པའི་རྒྱུ་མཚན་ནི། བསམ་གཏན་པ་ལ་སྲེད་པ་ཤས་ཆེ་བ་དང་ལྟ་བ་ཤས་ཆེ་བ་དང་ང་རྒྱལ་ཤས་ཆེ་བ་གསུམ་དང་དེ་དག་ཀྱང་མ་རིག་པའི་དབང་ལས་བྱུང་ངོ་། །གསུམ་པ་ནི། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་གསུངས་ན། དགེ་བ་ཡང་མིན་མི་དགེ་བ་ཡང་མིན་པས་ལུང་མ་བསྟན་དུ་བཤད་པ་ཡིན་ནམ་ཞེ་ན། གཞག་པར་བྱ་བའི་དྲི་བ་ཡིན་པས་དེའི་ལན་དངོས་སུ་ལུང་མ་བསྟན་པ་ལ་ལུང་མ་བསྟན་དུ་གསུངས་སོ། །འོ་ན་དྲི་བ་དེ་ལ་དུ་ཡོད་ཅེ་ན། བཞི་ཡོད་དེ། མགོ་གཅིག་པ་དང་རྣམ་པར་ཕྱེ་བ་དང་དྲི་བ་དང་གཞག་པ་བཞི་ཡོད་པའི་ཕྱིར། མགོ་གཅིག་ཏུ་ལུང་བསྟན་པར་བྱ་བའི་དྲི་བ་ནི་སེམས་ཅན་སྐྱེས་པ་འཆིའམ་ཞེས་པ་ལྟ་བུ་ཡིན་ཏེ། སེམས་ཅན་སྐྱེས་པ་རྣམས་འཆི་བ་ལས་མ་འདས་པར་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་ཡིན་པའི་ཕྱིར། རྣམ་པར་ཕྱེ་ནས་ལུང་བསྟན་པར་བྱ་བ་ནི་སེམས་ཅན་ཤི་བ་སྐྱེ་འམ་མི་སྐྱེ་ཞེས་པ་ལྟ་བུ་ཡིན་ཏེ། སེམས་ཅན་ཉོན་མོངས་པ་དང་བཅས་པ་སྐྱེ་ལ། ཉོན་མོངས་པ་མེད་པ་མི་སྐྱེ་བའི་ཕྱིར། དྲིས་ནས་ལུང་བསྟན་པ་བྱ་བའི་དྲི་བ་ནི། མི་འདི་ཁྱད་པར་འཕགས་སམ་མི་འཕགས་ཞེས་པ་ལྟ་བུ་ཡིན་ཏེ། གང་ལ་ལྟོས་ནས་ཡིན་འདྲི། ལྷ་ལ་ལྟོས་ན་དམན་ལ། ངན་སོང་ལ་ལྟོས་ན་


DLL1003_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་འཕགས་པའི་ཕྱིར། གཞག་པར་ལུང་བསྟན་པར་བྱ་བའི་དྲི་བ་ནི། གང་ཟག་གི་བདག་ཕུང་པོ་དང་རྫས་གཅིག་གམ་རྫས་ཐ་དད་ཡིན་ཞེས་པ་ལྟ་བུ་ཡིན་ཏེ། དེ་གཉིས་གང་ཡང་མ་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་གཞི་མ་གྲུབ་པའི་ཕྱིར། དཔེར་ན། མོ་གཤམ་གྱི་བུ་གཞི་མ་གྲུབ་པས་དེ་དཀར་སོགས་གང་དུ་ཡང་ལུང་བསྟན་དུ་མེད་པ་བཞིན་ནོ། བཞི་པ་ལ། དངོས་དང་། ཞར་ལ་དུས་གསུམ་གྱི་རྣམ་གཞག་དཔྱད་པ། སྤངས་པ་དང་བྲལ་བའི་ཁྱད་པར་རོ། །དང་པོ་ནི། ཕྲ་རྒྱས་དེ་དག་གིས་རང་ཡུལ་གང་ལ་བྱས་པའི་ཡུལ་དེ་གང་ཟག་དེ་ལ་དུས་གསུམ་པོ་གང་དང་ལྡན་པར་བྱེད་ཅེ་ན། སྤྱིར་ཉོན་མོངས་པ་ལ་ཉོན་མོངས་རང་གི་མཚན་ཉིད་པ་དང་། ཉོན་མོངས་སྤྱི་པ་གཉིས་ཡོད་ལ། དེ་ཡང་འདོད་ཆགས་ཁོང་ཁྲོ་ང་རྒྱལ་ནི་རང་གི་མཚན་ཉིད་པའི་ཉོན་མོངས་པ་ཡིན་ཏེ། ཡུལ་སྡུག་མི་སྡུག་དང་མཐོ་དམའ་ལ་དམིགས་ནས་སྐྱེ་བ་ཡིན་གྱི། ཡུལ་ཐམས་ཅད་ལ་མིན། དུས་ཐམས་ཅད་དུའང་སྐྱེ་བ་མིན་པའི་ཕྱིར། མ་རིག་པ་ཐེ་ཚོམ་ལྟ་བ་ནི་ཉོན་མོངས་སྤྱི་པ་ཡིན་ཏེ། ཟག་བཅས་ཀྱི་ཕུང་པོ་ལ་དམིགས་ནས་དུས་ཐམས་ཅད་དུ་སྐྱེ་བའི་ཕྱིར། དེ་དག་གི་ནང་ནས་འདས་པ་དང་ད་ལྟར་བ་ཉེ་བར་གནས་པའི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དག་གིས་ནི། ཡུལ་གང་ལ་ཉོན་མོངས་གསུམ་པོ་དེ་སྐྱེས་ནས་མ་སྤངས་ཀྱི་བར་དུ་ཡུལ་དངོས་པོ་དེ་དང་གང་ཟག་དེ་ལྡན་པར་བྱེད་པ་ཡིན། ཡིད་ཀྱི་ཉོན་མོངས་གསུམ་པོ་དེ་དག་མ་འོངས་པས་ཡུལ་དུས་གསུམ་པོ་ཀུན་དང་གང་ཟག་དེ་ལྡན་པར་བྱེད་པ་ཡིན། གཞན་དབང་ཤེས་དང་མཚུངས་ལྡན་གྱི་འདོད་ཆགས་


DLL1003_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁོང་ཁྲོས་རང་དུས་པའི་ཡུལ་དེ་དང་གང་ཟག་དེ་ལྡན་པར་བྱེད་དོ། །དེ་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་ཡུལ་དུས་གསུམ་པོ་ཐམས་ཅད་དང་གང་ཟག་དེ་ལྡན་པར་བྱེད་པ་དང་། ལྷག་མ་མ་རིག་པ་ཐེ་ཚོམ་ལྟ་བ་ཀུན་གྱིས་ཡུལ་དུས་གསུམ་པོ་ཀུན་དང་གང་ཟག་དེ་ལྡན་པར་བྱེད་དེ། ཉོན་མོངས་སྤྱི་པ་ཡིན་པའི་ཕྱིར། གཉིས་པ་ལ། ཡུལ་དུས་གསུམ་རྫས་སུ་བསྒྲུབ་པ་དང་། དེ་ལ་རྩོད་པ་དགོད་པ་དང་། དེའི་ལན་གདབ་པའོ། །དང་པོ་ནི། དུས་གསུམ་རྫས་སུ་ད་ལྟ་ཡོད་དམ་མེད། ཡོང་ན་རྟག་པར་འགྱུར་ལ། མེད་ན་ལྡན་པར་འགལ་ལོ་ཞེ་ན། དུས་རྣམས་ཀུན་ཏུ་རྫས་སུ་ཡོད་ལ། འོན་ཀྱང་རྟག་པར་ཐལ་བའི་སྐྱོན་མེད་དེ། འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར། འོ་ན་འདས་མ་འོངས་ད་ལྟ་རྫས་སུ་ཡོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡོད་དེ། མདོ་ལས། གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བ་ཡིན་ནོ། །ཞེས་སོགས་དང་། གང་གི་ཕྱིར་མ་འོངས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་དགའ་བ་མེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང་། འདས་མ་འོངས་ལ་དམིགས་པའི་རྣམ་ཤེས་ད་ལྟ་བ་ལ་ཡུལ་ཡོད་པའི་ཕྱིར་དང་། རྣམ་པར་ཤེས་པ་ཡུལ་དང་དབང་པོ་གཉིས་ལ་བརྟེན་ནས་སྐྱེ་བར་བཤད་པའི་ཕྱིར་དང་། འདས་པའི་ལས་ཀྱི་འབྲས་བུ་ད་ལྟ་རྣམ་པར་སྨིན་པ་ཡོད་པའི་ཕྱིར། དེས་ན་དུས་གསུམ་པོ་ཐམས་ཅད་ད་ལྟ་རྫས་སུ་ཡོད་པར་སྨྲ་བའི་ཕྱིར་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཡིན་གྱི། ད་ལྟ་བ་འབྲས་བུ་ཕྱུང་མ་ཟིན་པ་ཙམ་ཞིག་རྫས་སུ་


DLL1003_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ལ། མ་འོངས་པ་དང་འབྲས་བུ་ཕྱུང་ཟིན་པ་རྫས་སུ་མེད་པར་སྨྲ་བ་ནི་ཕྱོགས་རེ་ཡོད་པར་སྨྲ་བ་ཡིན་གྱི་ཐམས་ཅད་ཡོད་པར་སྨྲ་བ་མ་ཡིན་ནོ། །འོ་ན་གཞི་ཐམས་ཅད་ཡོད་པར་སྨྲ་བ་དེ་ལ་དུ་ཡོད་པ་ཡིན་ཞེ་ན། དེ་དག་ལ་རྣམ་པ་བཞི་ཡོད་དེ། དངོས་པོ་གཞན་དུ་འགྱུར་བར་སྨྲ་བ་དང་། མཚན་ཉིད་གཞན་དུ་འགྱུར་བ་དང་། གནས་སྐབས་གཞན་དུ་འགྱུར་བ་དང་། གཞན་དང་གཞན་དུ་འགྱུར་བར་སྨྲ་བ་ཞེས་བྱ་བ་བཞི་ཡོད་པའི་ཕྱིར། དང་པོ་ནི། བཙུན་པ་ཆོས་སྐྱོབ་ཀྱི་ལུགས་ཡིན་ཏེ། དེའི་ལུགས་ལ་མྱུ་གུ་ལྟ་བུ་མ་འོངས་པ་ནས་ད་ལྟ་བ་དང་། ད་ལྟ་བ་ནས་འདས་པར་འཇུག་པའི་ཚེ་རྫས་གཞན་དུ་མི་འགྱུར་ཡང་དངོས་པོ་གཞན་དུ་འགྱུར་བའི་ཕྱིར། དཔེར་ན། གསེར་གྱི་སྣོད་བཅོམ་ནས་རྒྱན་བྱས་པའི་ཚེ་ཁ་དོག་གཞན་དུ་མི་འགྱུར་ཡང་དབྱིབས་གཞན་དུ་འགྱུར་བ་བཞིན་དང་། ཞོ་མར་དུ་གྱུར་པའི་ཚེ་རོ་ནུས་གཞན་དུ་འགྱུར་ཡང་ཁ་དོག་གཞན་དུ་མི་འགྱུར་བ་བཞིན་ནོ། །གཉིས་པ་ནི། བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ཡིན་ཏེ། དེའི་ལུགས་ལ་དེའི་ཚེ་ན་དུས་གསུམ་གའི་མཚན་ཉིད་དང་ལྡན་ཡང་། གང་གི་མཚན་ཉིད་ཤས་ཆེ་བའི་སྒོ་ནས་འདས་པ་ལ་སོགས་པར་འཇོག་པའི་ཕྱིར། དཔེར་ན། སྐྱེས་པ་གཅིག་བུད་མེད་ལ་ལྷག་པར་ཆགས་པའི་ཚེ་བུང་མེད་གཞན་ལ་ཆགས་བྲལ་མིན་ཡང་བུད་མེད་གཅིག་པོ་དེ་ལ་ལྷག་པར་ཆགས་པའི་དབང་གིས་བུད་མེད་གཅིག་པོ་དེ་ལ་ཆགས་ཞེས་བརྗོད་པ་བཞིན་ནོ། །གསུམ་པ་ནི། བཙུན་པ་དབྱིག་བཤེས་ཀྱི་ཡུགས་ཡིན་ཏེ། དེའི་ལུགས་ལ་དེའི་ཚེ་ན་བྱ་བ་མ་སྐྱེས་པ་དང་། བྱ་བ་སྐྱེས་ལ་མ་འགགས་པ་དང་། བྱ་བ་


DLL1003_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་པའི་སྒོ་ནས་འདས་པ་ལ་སོགས་པར་འཇོག་པའི་ཕྱིར། དཔེར་ན། རྩིས་པའི་རི་ལུ་གཅིག་ཉིད་གཅིག་དང་བརྒྱ་དང་སྟོང་གི་ཤོ་མིག་ཏུ་བཞག་པའི་ཚེ་གཅིག་དང་བརྒྱ་དང་སྟོང་ལ་སོགས་པར་འཇོག་པ་བཞིན་ནོ། །བཞི་པ་ནི། བཙུན་པ་སངས་རྒྱས་ལྷའི་ལུགས་ཡིན་ཏེ། དེའི་ལུགས་ལ་དེའི་ཚེ་ན་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་སྒོ་ནས་འདས་པ་ལ་སོགས་པར་འཇོག་པའི་ཕྱིར། དཔེར་ན། བུད་མེད་གཅིག་རང་གི་མ་ལ་ལྟོས་ནས་བུ་མོ་དང་། བུ་མོ་ལ་ལྟོས་ནས་མར་འཇོག་པ་བཞིན་ནོ། །གཉིས་པ་ནི། འོ་ན་དེ་དག་གི་ནང་ནས་གྲུབ་མཐའ་གང་བཟང་ཞེ་ན། དང་པོ་ནི་གྲངས་ཅན་གྱི་ཕྱོགས་སུ་བསླན་པར་བྱ་བ་ཡིན་ཏེ། དངོས་པོ་གཞན་དུ་འགྱུར་ལ་རྫས་གཞན་དུ་མི་འགྱུར་བར་ཁས་བླངས་ཤིང་། དངོས་པོ་རྣམས་ངོ་བོ་གཅིག་ཏུ་ཁས་བླངས་པའི་ཕྱིར། གཉིས་པ་ལ་དུས་གསུམ་འཆོལ་བར་ཐལ་བའི་སྐྱོན་ཡོད་དེ། འདས་པ་ལྟ་བུ་གཅིག་ཀྱང་དུས་གསུམ་གའི་མཚན་ཉིད་དང་ལྡན་པར་ཁས་བླངས་པའི་ཕྱིར། བཞི་པ་ལ་དུས་གཅིག་ཀྱང་གསུམ་གར་ཐལ་བའི་སྐྱོན་ཡོད་དེ། དེ་ལ་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་ཆ་ཡོད་པའི་ཕྱིར། དེ་དག་གི་ནང་ནས་གསུམ་པ་ཅུང་ཟད་བཟང་སྟེ། བྱ་བ་མ་སྐྱེས་པ་དང་སྐྱེས་ལ་མ་འགགས་པ་དང་བྱ་བ་འགགས་པའི་སྒོ་ནས་དུས་གསུམ་པོ་རྣམས་རྣམ་པར་བཞག་པའི་ཕྱིར། དེ་ལ་ཡང་སྐྱོན་ཡོད་དེ། ད་ལྟར་གྱི་མིག་གི་དབང་པོ་དེར་མཚུངས་ཆོས་ཅན། ད་ལྟ་བ་མ་ཡིན་པར་ཐལ། འབྲས་བུ་སྐྱེད་པའི་བྱ་བ་མི་བྱེད་པའི་ཕྱིར། ཁོ་ན་རེ། དེས་ད་ལྟ་གཟུགས་ལ་ལྟ་བའི་བྱ་བ་མི་བྱེད་ཀྱང་། འབྲས་བུ་འཛིན་འབྱིན་གྱི་བྱ་བ་བྱེད་པས་ད་ལྟར་བར་འཇོག་གོ་ཞེ་ན། འདས་པའི་


DLL1003_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་མཉམ་གྱི་རྒྱུ་དེ་ཡང་ཆོས་ཅན། ད་ལྟར་བར་ཐལ། ད་ལྟ་འབྲས་བུ་འབྱིན་པའི་བྱ་བ་བྱེད་པའི་ཕྱིར། དུས་གསུམ་ག་ཆོས་ཅན། ད་ལྟ་བྱ་བ་བྱེད་པ་ལ་གེགས་སུ་བྱེད་དེ་མི་བྱེད་པར་ཐལ། ད་ལྟ་རྫས་སུ་ཡོད་པའི་ཕྱིར། གཞན་ཡང་བྱ་བ་དེ་ཡང་ཇི་ལྟར་དུས་ལས་གཞན་ཡིན་ནམ་མིན། དང་པོ་ལྟར་ན། བྱ་བ་ཆོས་ཅན། འདུས་མ་བྱས་སུ་ཐལ། དེའི་ཕྱིར། འདོད་ན། རྟག་པར་ཐལ། གཉིས་པ་ལྟར་ན། འདས་མ་འོངས་ཆོས་ཅན། ད་ལྟ་འདས་མ་འོངས་ཀྱི་དུས་སུ་མི་རུང་བར་ཐལ། དུས་ལས་གཞན་མིན་པ་གང་ཞིག །ད་ལྟ་རྫས་སུ་ཡོད་པའི་ཕྱིར། སྐྱོན་མེད་དེ། བྱ་བ་མ་སྐྱེས་པ་དང་བྱ་བ་ཞིག་པའི་སྒོ་ནས་འདས་མ་འོངས་སུ་འཇོག་པའི་ཕྱིར་ཞེ་ན། ཅིའི་ཕྱིར་མ་འོངས་པ་མ་སྐྱེས་པ་དང་འདས་པ་ཞིག་པ་ཡིན་ཏེ་མ་ཡིན་པར་ཐལ། ད་ལྟར་བ་དེ་བཞིན་དུ་རྫས་སུ་ཡོད་པའི་ཕྱིར། གསུམ་པ་ནི། །ཆོས་ཉིད་དག་ནི་ཟབ་པ་ཡིན། །དེ་ལ་བྱེ་བྲག་སྨྲ་བ་ན་རེ། ཆོས་རྣམས་ཀྱི་ཆོས་ཉིད་དག་ནི་ཟབ་པ་ཡིན་པའི་ཕྱིར་རྟོག་གེའི་བློས་གཞན་དང་གཞན་དུ་བསྒྱུར་མི་ནུས་ཤིང་། ཡིད་ཆེས་པའི་ལུང་ལས་འབྱུང་བ་ཡིན་པས་ཁོ་བོ་ཅག་གི་གྲུབ་མཐའ་མི་འདོར་རོ་ཞེས་ཟེར། གསུམ་པ་ནི། སྤང་བྱ་སྤངས་པ་ལ་གྲོལ་བས་ཁྱབ་བམ། གྲོལ་བ་ལ་སྤངས་པས་ཁྱབ་པ་ཡིན་ཞེ་ན། གྲོལ་བ་ལ་སྤངས་བས་ཁྱབ་ཀྱང་། སྤངས་པ་ལ་གྲོལ་བས་མ་ཁྱབ་སྟེ། སྡུག་བསྔལ་ཤེས་པ་སྐྱེས་ཀུན་འབྱུང་ཤེས་པ་མ་སྐྱེས་པའི་ཚེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་སྤངས་ཀྱང་ཀུན་འབྱུང་མཐོང་སྤང་ཀུན་འགྲོ་ལྷག་མ་རྣམས་ཀྱིས་སྡུག་བསྔལ་མཐོང་སྤང་དེ་དང་ལྡན་པར་བྱེད་པའི་ཕྱིར་དང་། དང་


DLL1003_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདོད་པའི་སྒོམ་སྤང་གི་རྣམ་པ་སྤངས་ཀྱང་དེའི་ཡུལ་ཅན་གྱི་དྲི་མ་ལྷག་མ་རྣམས་ཀྱིས་དང་པོའི་སྒོམ་སྤང་དེ་དང་ལྡན་པར་བྱེད་པའི་ཕྱིར། ལྔ་པ་ཡུལ་ཡུལ་ཅན་གྱི་བྱེ་བྲག་ནི། འོ་ན་ཕྲ་རྒྱས་རྣམས་དངོས་པོ་གང་ལ་རྒྱས་པར་འགྱུར་ཞེ་ན། སྤྱིར་ཆོས་དེ་ལ་བཅུ་དྲུག་ཡོད་དེ། ཁམས་གསུམ་གྱི་སྤང་བྱ་རིས་ལྔ་ལྔ་སྟེ་བཅོ་ལྔ་དང་ཟག་མེད་རྣམས་སུ་ཡོད་པའི་ཕྱིར། དེ་དག་གི་ཡུལ་ཅན་ཡང་བཅུ་དྲུག་ཡོད་དེ། ཁམས་གསུམ་གྱི་སྤང་བྱ་རིས་ལྔ་ལྔ་ལ་དམིགས་པའི་སེམས་བཅོ་ལྔ་དང་ཟག་མེད་ཀྱི་སེམས་གཅིག་རྣམས་སུ་ཡོད་པའི་ཕྱིར། དེ་ལ་སྡུག་བསྔལ་མཐོང་སྤང་དང་རྒྱུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་། སྒོམ་པས་སྤང་བར་བྱ་བ་འདོད་ཁམས་ལས་སྐྱེས་པ་ནི་རྣམ་ཤེས་ལྔའི་སྤྱོད་ཡུལ་ཡིན་ཏེ། རང་གི་གསུམ་དང་གཟུགས་སུ་གཏོགས་པའི་སྒོམ་སྤང་གཅིག་དང་དྲི་མ་མེད་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། རང་གི་གསུམ་གྱི་སྤྱོད་ཡུལ་ཡིན་ཏེ། འདོད་པའི་སྡུག་བསྔལ་མཐོང་སྤང་ཀུན་འགྲོ་རྣམས་ཀྱིས་དམིགས་ཤིང་། འདོད་པའི་སྒོམ་སྤང་ལས་བྱུང་བའི་མི་དགེ་བས་དམིགས་པའི་ཕྱིར། གཟུགས་གཏོགས་གཅིག་གི་སྤྱོད་ཡུལ་ཡིན་ཏེ། གཟུགས་ཀྱི་སས་བསྡུས་ཀྱི་འཇིག་རྟེན་པའི་ལམ་གྱིས་བསྡུས་པ་གཅིག་གི་ཡུལ་ཡིན་པའི་ཕྱིར། གསུམ་པ་དེ་ཡིན་ཏེ། ཆོས་ཤེས་ཕྱོགས་ཀྱི་ཡུལ་ཡིན་པའི་ཕྱིར། དེ་དག་ལས་གཞན་པའི་དམིགས་པ་མ་ཡིན་ཏེ། འདོད་པའི་འགོག་ལམ་མཐོང་སྤང་དངོས་ལ་ལོག་ཞུགས་ཀྱིས་ཟག་མེད་ཁོ་ན་ལ་དམིགས། ལོག་པ་ལ་ལོག་ཞུགས་ཀྱིས་དངོས་ལ་ལོག་ཞུགས་འབའ་ཞིག་ལ་དམིགས་པའི་ཕྱིར། གོང་མའི་ཉོན་མོངས་ཀྱིས་


DLL1003_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཉོན་ལ་དམིགས་པ་མ་ཡིན་ཏེ། གོང་མ་དེ་འོག་མ་ལ་འདོད་ཆགས་དང་བྲལ་བའི་ཕྱིར། གཟུགས་མེད་ཀྱི་སྒོམ་སྤང་གིས་འདོད་པའི་སྒོམ་སྤང་ལ་དམིགས་པ་མ་ཡིན་ཏེ། འདོད་པ་དང་གཟུགས་མེད་གཉིས་རིང་བ་རྣམ་པ་བཞིས་རིང་བའི་ཕྱིར། སྡུག་བསྔལ་མཐོང་སྤང་དང་སྒོམ་སྤང་གཟུགས་ཁམས་ལས་སྐྱེས་པ་ནི་རྣམ་ཤེས་བརྒྱད་ཀྱི་སྤྱོད་ཡུལ་ཡིན་ཏེ། རང་གི་གསུམ་དང་འོག་མ་འདོད་པའི་གསུམ་དང་གོང་མ་གཟུགས་མེད་ཀྱི་གཅིག་དང་དྲི་མེད་རྗེས་ཤེས་ཕྱོགས་ཀྱིའང་ཡུལ་ཡིན་པའི་ཕྱིར། སྡུག་བསྔལ་མཐོང་སྤང་དང་སྒོམ་སྤང་གཟུགས་མེད་ལས་སྐྱེས་པ་ནི་རྣམ་ཤེས་བཅུའི་སྤྱོད་ཡུལ་ཡིན་ཏེ། ཁམས་གསུམ་དུ་གཏོགས་པའི་རྣམ་ཤེས་གསུམ་གསུམ་དང་ཟག་མེད་རྗེས་ཤེས་ཕྱོགས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཀུན་ནི་དེ་དག་གི་སྟེང་དུ་རང་རང་གི་གླགས་ཏེ་བསྣན་པའི་སྤྱོད་ཡུལ་ཡིན་ནོ། །ཟག་མེད་ནི་རྣམ་ཤེས་བཅུའི་སྤྱོད་ཡུལ་ཡིན་ཏེ། ཁམས་གསུམ་གྱི་སྤང་བྱ་ཐ་མ་གསུམ་གསུམ་དང་ཟག་པ་མེད་པའི་རྣམ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། གསུམ་པ་སེམས་ཕྲ་རྒྱས་དང་བཅས་ཚུལ་ནི། སེམས་ཕྲ་རྒྱས་དང་བཅས་པ་དེ་ལ་ཕྲ་རྒྱས་དེ་རྒྱས་པར་འགྱུར་བས་ཁྱབ་བམ་ཞེ་ན། །སེམས་ཉོན་མོངས་པ་ཅན་དང་དེ་མིན་པ་གཉིས་ལས་སེམས་ཉོན་མོངས་པ་ཅན་ལ་རྒྱས་པར་འགྱུར་བ་དང་། རྒྱས་པར་མི་འགྱུར་ཡང་ཕྲ་རྒྱས་དང་བཅས་པ་རྣམ་པ་གཉིས་ཡོད་ལ། ཉོན་མོངས་ཅན་མིན་པའི་སེམས་ལ་རྒྱས་པར་འགྱུར་བ་ལ་ཕྲ་རྒྱས་དང་བཅས་པ་ཡོད་ཀྱི། རྒྱས་པར་མི་འགྱུར་ཡང་ཕྲ་རྒྱས་དང་བཅས་


DLL1003_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་དེ། དེ་ཕྲ་རྒྱས་དང་ལྷན་ཅིག་མི་འབྱུང་བའི་ཕྱིར། བཞི་པ་ཉོན་མོངས་སྐྱེ་ཚུལ་ནི། ཕྲ་རྒྱས་རྣམས་སྐྱེ་བའི་རིམ་པ་ཇི་ལྟ་བུ་ཞེ་ན། དང་པོར་བདེན་པའི་དོན་ལ་རྨོངས་པ་ལས་སྡུག་བསྔལ་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་སྐྱེ། དེ་ནས་བཤེས་གཉེན་ངན་པ་ལ་བརྟེན་ནས་འཆད་ཉན་ལོག་པར་བྱས་པས། སྡུག་བསྔལ་མེད་སྙམ་པའི་ལོག་ལྟ་འབྱུང་། དེ་ནས་ཕུང་པོ་ལ་བདག་དང་བདག་གི་བར་འཛིན་པའི་འཇིག་ཚོགས་ལ་ལྟ་བ་འབྱུང་། དེ་ནས་ཕུང་པོ་རྟག་པ་དང་ཆད་པར་འཛིན་པའི་མཐར་འཛིན་པའི་ལྟ་བ་འབྱུང་། དེ་ནས་མཐར་བཟུང་བས་དག་པར་ཡིད་ཆེས་པར་འཛིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་འབྱུང་། དེ་ནས་གང་གིས་དག་པར་ཡིད་ཆེས་པར་བཟུང་བས་ལྟ་བ་མཆོག་འཛིན་འབྱུང་། དེ་ནས་རང་གི་ལྟ་བ་ལ་ཆགས་པའི་ང་རྒྱལ་དང་། གཞན་གྱི་ལྟ་བ་ལ་སྡང་བའི་ཞེ་སྡང་ནི་སྐྱེ་བར་འགྱུར་བ་དེ་ལྟར་ཕྲ་རྒྱས་ཀྱང་སྐྱེ་བའི་རིམ་པ་བཞིན་ནོ། །འོ་ན་ཉོན་མོངས་པ་སྐྱེ་བ་ལ་རྒྱུ་དུ་དགོས་ཞེ་ན། ཕྲ་རྒྱས་སྤངས་པ་མ་ཡིན་པ་དང་། ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་བའི་ཡུལ་ནི་ཉེ་བར་གནས་པ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ལས་ཉོན་མོངས་པ་སྐྱེ་བའི་རྒྱུ་ནི་ཚང་བ་ཡིན་ནོ། །བྱེ་བྲག་སྨྲ་བ་ན་རེ། ཉོན་མོངས་སྐྱེ་བ་ལ་རྒྱུ་དེ་དག་ངེས་པར་ཚང་དགོས་པ་མིན་ཏེ། དགྲ་བཅོམ་པས་ཕྲ་རྒྱས་དང་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་སྤངས་ཀྱང་། ཡུལ་ཉེ་བ་ལས་ཉོན་མོངས་པ་སྐྱེ་བ་ཡོད་པའི་ཕྱིར། མདོ་སྡེ་པ་ན་རེ། ཉོན་མོངས་པ་སྐྱེ་བ་ལ་རྒྱུ་གསུམ་པོ་དེ་དག་ཚང་དགོས་ཞེས་ཟེར་རོ། །ལྔ་པ་རྣམ་གྲངས་བཤད་པ་ལ། མདོ་ལས་འབྱུང་བའི་རྣམ་གྲངས།


DLL1003_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་ལས་འབྱུང་བའི་རྣམ་གྲངས་སོ། །དང་པོ་ལ། ཟག་པ། ཆུ་སྦྱོར། ཉེར་ལེན། དེ་དག་གི་ངེས་པ་བཤད་པའོ། །དང་པོ་ནི། ཆོས་མངོན་པ་བ་རྣམས་མདོ་འཆད་པར་སྤྲོ་ན། མདོ་ལས། ཟག་པ་དང་ཆུ་སྦྱོར་དང་ཉེར་ལེན་ཞེས་བཤད་ན། དེ་དག་གང་ཞེ་ན། ཟག་པ་ནི་གསུམ་སྟེ། འདོད་པའི་ཟག་པ། སྲིད་པའི་ཟག་པ། མ་རིག་པའི་ཟག་པ་དང་གསུམ་ཡོད་པའི་ཕྱིར། དེ་ཡང་འདོད་ཁམས་ནི་གཏི་མུག་མ་གཏོགས་བའི་ཉོན་མོངས་ཀུན་ནས་དཀྲིས་པ་དང་བཅས་པ་འདོད་པའི་ཟག་པ་ཡིན་ཏེ། ཕལ་ཆེ་བ་འདོད་པ་ལ་དམིགས་པའི་ཟག་པ་ཡིན་པའི་ཕྱིར། གཟུགས་དང་གཟུགས་ནི་མེད་པ་ན་གཏི་མུག་མ་གཏོགས་པའི་ཕྲ་རྒྱས་སྲིད་པའི་ཟག་པ་ཡིན་ཏེ། ཕལ་ཆེར་གོང་མའི་ཉོན་མོངས་ལ་དམིགས་པའི་ཕྱིར། གཟུགས་དང་གཟུགས་མེད་ལས་སྐྱེས་པའི་ཕྲ་རྒྱས་ཁོ་ན་ལ་སྲིད་པའི་ཟག་པ་ཞེས་གཅིག་ཏུ་བསྡུས་ནས་བསྟན་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། བསྒྲིབས་ལ་ལུང་མ་བསྟན་དུ་འདྲ་བ་དང་། ཁ་ནང་དུ་བལྟས་པར་འདྲ་བ་དང་། མཉམ་གཞག་གི་ས་པ་ཡིན་པར་འདྲ་བའི་ཕྱིར། གཅིག་ཏུ་བྱས་ནས་བསྟན་པ་ལ་དགོས་པ་ཡང་ཡོད་དེ། ཁམས་གོང་མ་གཉིས་པོ་དེ་སྲིད་པ་ཡིན་གྱི་ཐར་པ་མིན་པས། དེ་གཉིས་དོན་དུ་གཉེར་བ་ཡང་སྲིད་པ་དོན་དུ་གཉེར་བ་ཡིན་གྱི་ཐར་པ་དོན་གཉེར་མ་ཡིན་ནོ་ཞེས་རྟོགས་པའི་ཆེད་ཡིན་པའི་ཕྱིར། མ་རིག་པའི་ཟག་པ་གང་ཞེ་ན། ཁམས་གསུམ་གྱི་མ་རིག་པ་བཅོ་ལྔ་ནི་མ་རིག་པའི་ཟག་པ་ཡིན་ནོ། །སྤང་བྱ་རིས་ལྔའི་ནང་ནས་མ་རིག་པ་བཅོ་ལྔ་ལོགས་སུ་ཟག་པར་སྟོན་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་


DLL1003_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། འཁོར་བའི་རྩ་བ་མ་རིག་པ་ཡིན་པས་ན། མ་རིག་པ་སྤངས་ན་གཞན་རྣམས་ཀྱང་སྤངས་པར་འགྱུར་རོ་ཞེས་གོ་བའི་ཆེད་དུ་མ་རིག་པ་ལོགས་ཤིག་ཏུ་ཟག་པར་ནི་བསྟན་ཏོ། །གཉིས་པ་ནི། ཆུ་བོ་དང་སྦྱོར་བའང་ཟག་པ་དེ་བཞིན་དུ་བཤད་པར་བྱའོ། །འོ་ན་གསུམ་དུ་འགྱུར་ཞེ་ན། སྐྱོན་མེད་དེ། ལྟ་བ་རྣམས་གསལ་བ་དང་གཡོ་བའི་ཕྱིར་ན་ལོགས་ཤིག་ཏུ་ལྟ་བའི་ཆུ་སྦྱོར་དུ་བསྟན་པའི་ཕྱིར། ལྟ་བ་སྐབས་འདིར་ལོགས་སུ་བསྟན་ནས་ལྟ་བ་ཟག་པར་ལོགས་སུ་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་མི་སྟོན་ཏེ། ཟག་པའི་དོན་འཁོར་བར་འཇོག་པ་ཡིན་ལ། ལྟ་བ་གྲགས་མེད་རྐྱང་པ་རྣམས་འཁོར་བར་འཇོག་པ་དང་རྗེས་སུ་མི་མཐུན་པའི་ཕྱིར། གསུམ་པ་ནི། ཆུ་སྦྱོར་ཇི་སྐད་བཤད་པ་ཉིད་མ་རིག་པ་དང་བཅས་པ་ཉེར་ལེན་ཡིན་ནོ། །འོ་ན་གསུམ་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ལྟ་བ་ལ་ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཉེ་བར་ལེན་པ་དང་རྣམ་པ་གཉིས་སུ་ཕྱེ་བའི་ཕྱིར། འོ་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ལོགས་སུ་ཉེར་ལེན་དུ་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ཡོད་དེ། ཁོ་ལམ་མིན་པ་ལ་ལམ་དུ་ལྟ་བས་ལམ་གྱི་དགྲ་བོ་ཡིན་པའི་ཕྱིར་དང་། ཁོས་ཁྱིམ་པ་དང་རབ་ཏུ་བྱུང་བ་སླུ་བའི་ཕྱིར་ཏེ། མེ་ལྔ་སྟེན་པ་དང་ཆུར་འཇུག་པ་སོགས་ལམ་དུ་འཛིན་པས་ཕྱི་རོལ་པའི་ཁྱིམ་པ་སླུ། ཟས་རོ་བརྒྱ་པ་དང་གོས་སྟོང་ཕྲག་བརྒྱ་པ་དང་ཁང་པ་བརྩེགས་པ་ལྔ་བརྒྱ་པ་སྤངས་ནས། གཅེར་བུར་གནས་པ་ལ་ལམ་དུ་འཛིན་པས་ཕྱི་རོལ་པའི་རབ་བྱུང་སླུ་བའི་ཕྱིར། འོ་ན་མ་རིག་པ་ལོགས་སུ་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། མ་རིག་པ་ཉེར་ལེན་དུ་


DLL1003_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེས་ནས་བསྟན་གྱི་ལོགས་སུ་མ་བསྟན་ཏེ། ཉེར་ལེན་གྱི་དོན་ཡང་སྲིད་དུ་ཉེ་བར་འཛིན་པ་ཡིན་ན། མ་རིག་པ་གྲོགས་མེད་རྐྱང་པས་ཡང་སྲིད་དུ་ཉེ་བར་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར། བཞི་པ་ནི། ཅིའི་ཕྱིར་ཉོན་མོངས་དེ་དག་ལ་ཕྲ་རྒྱས་ལ་སོགས་པ་ཞེས་བྱ་ཞེ་ན། གང་གི་ཕྱིར་ཉོན་མོངས་པ་དེ་དག་རྟོགས་དཀའ་བས་ཕྲ་བ་དང་། ཐོག་མ་མེད་པ་ནས་ཐོབ་པ་དང་རྗེས་སུ་འབྲེལ་བ་དང་། དམིགས་པ་དང་མཚུངས་ལྡན་རྣམ་པ་གཉིས་ཀྱིས་རྒྱས་པར་འགྱུར་བ་དང་། སྤངས་པ་ཡང་བཟློག་སྟེ་རྗེས་སུ་འབྲང་བས་དེའི་ཕྱིར། ཕྲ་རྒྱས་དག་ཏུ་བཤད་པ་ཡིན་ནོ། །ཅིའི་ཕྱིར་ཉོན་མོངས་པ་དེ་དག་ལ་ཟག་པ་ལ་སོགས་པ་ཞེས་བྱ་ཞེ་ན། ཉོན་མོངས་པ་དེ་དག་གིས་འཁོར་བར་འཇོག་པར་བྱེད་པའམ། སྐྱེ་མཆེད་དྲུག་གི་རྨ་ནང་ནས་འཁོར་བར་ཟག་པར་བྱེད་པའི་དོན་གྱིས་ཟག་པ་དང་། ཡང་སྲིད་དུ་འཁྱེར་བར་བྱེད་པ་ཆུ་བོ་དང་། ཡང་སྲིད་དང་འབྱར་བར་བྱད་པས་སྦྱོར་བ་དང་། འཁོར་བར་ཉེ་བར་འཛིན་པར་བྱེད་པས། ཉེར་ལེན་དང་ཟག་པ་ལ་སོགས་ལ་དེ་དག་གི་ངེས་ཚིག་ཡིན་ནོ། །གཉིས་པ་བསྟན་བཅོས་ལས་འབྱུང་བའི་རྣམ་གྲངས་ལ། བསྟན། བཤད་དོ། །དང་པོ་ནི། །དེ་དག་ཀུན་ཏུ་སྦྱོར་སོགས་ཀྱི། །དབྱེ་བས་ཡང་རྣམ་ལྔར་བཤད་དོ། །ཡང་བསྟན་བཅོས་ལས་ཉོན་མོངས་པ་དེ་དག་རྣམ་པ་ལྔར་བཤད་དེ། ཀུན་ཏུ་སྦྱོར་བ་དང་སོགས་པ་འཆིང་བ་དང་ཕྲ་རྒྱས་དང་ཉེ་ཉོན་དང་ཀུན་དཀྲིས་ཀྱི་དབྱེ་བས་སོ། །གཉིས་པ་ལ། ཀུན་སྦྱོར། འཆིང་བ། ཉེ་ཉོན། ཀུན་དཀྲིས་སོ། །དང་པོ་ལ། ཀུན་སྦྱོར་དགུ། འོག་སའི་ཆ་མཐུན་ལྔ། གོང་མའི་ཆ་མཐུན་ལྔའོ། །དང་པོ་ནི། ཀུན་སྦྱོར་དགུ་ཡོད་དེ། རྩ་ཉོན་དྲུག །མཆོག་ཏུ་


DLL1003_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་ཀུན་སྦྱོར། ཕྲག་དོག་དང་སེར་སྣའི་ཀུན་སྦྱོར་རྣམས་སུ་ཡོད་པའི་ཕྱིར། འོ་ན་མཆོག་འཛིན་གཉིས་ལྟ་བའི་ཀུན་སྦྱོར་ལས་ལོགས་སུ་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་ལྟ་བ་མཆོག་འཛིན་གཉིས་ལྟ་བའི་ཀུན་སྦྱོར་ལས་གཞན་ལོགས་སུ་བསྟན་ཏེ། དང་པོ་གསུམ་དང་ཐ་མ་གཉིས་རྫས་བཅོ་བརྒྱད་བཅོ་བརྒྱད་ཡོད་པར་འདྲ་བ་དང་། དང་པོ་གསུམ་མཆོག་ཏུ་བཟུང་བྱ་དང་ཐ་མ་གཉིས་མཆོག་ཏུ་འཛིན་བྱེད་དུ་འདྲ་བའི་ཕྱིར། ཀུན་དཀྲིས་རྣམས་ཀྱི་ནང་ནས་ཕྲག་དོག་སེར་སྣ་གཉིས་ལོགས་སུ་ཀུན་སྦྱོར་དུ་བཤད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཕྲག་དོག་སེར་སྣ་ཀུན་དཀྲིས་བརྒྱད་པོ་དེ་དག་ལས་ལོགས་ཤིག་ཏུ་ཀུན་སྦྱོར་གཉིས་སུ་བཤད་དེ། གང་གི་ཕྱིར་ན་དེ་གཉིས་ཀའང་མཐའ་གཅིག་ཏུ་ནི་མི་དགེ་བ་དང་རང་དབང་ཅན་ཡིན་པའི་ཕྱིར། གཉིས་པ་ནི། ཀུན་སྦྱོར་ཐ་མའི་ཆ་མཐུན་རྣམ་པ་ལྔ་ཡོད་དེ། འཇིག་ཚོགས་ལ་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་འདོད་པ་ལ་འདུན་པ་དང་ཐེ་ཚོམ་དང་གནོད་སེམས་རྣམས་སུ་ཡོད་པའི་ཕྱིར། ཅིའི་ཕྱིར། དེ་དག་ལ་ཐ་མའི་ཆ་མཐུན་ཞེས་བྱ་ཞེ་ན། ཁམས་གསུམ་གྱི་ཐ་མ་འདོད་པའི་ཁམས་ཡིན་ལ། དེའི་ཆ་དང་མཐུན་པས་དེ་སྐད་ཅེས་བྱའོ། །དེ་དག་འདོད་པའི་ཁམས་དང་མཐུན་ཏེ། འདོད་པ་ལ་འདུན་པ་དང་གནོད་པའི་སེམས་གཉིས་ཀྱིས་འདོད་པ་ལས་མི་འདའ་ལ། འཇིག་ལྟ་ལ་སོགས་པ་གསུམ་པོ་ཡིས་ནི་ལན་གཅིག་གོང་དུ་སྐྱེས་ཀྱང་འདོད་པར་ཕྱིར་ཟློག་བར་བྱེད་པའི་ཕྱིར། འོ་ན་རྒྱུན་ཞུགས་དེས་ལྟ་བ་ལྔ་ཐེ་ཚོམ་དང་དྲུག་ཀ་སྤངས་པ་


DLL1003_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ནམ། ཅིའི་ཕྱིར་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བར་བསྟན་ཅེ་ན། བྱེ་བྲག་སྨྲ་བ་ན་རེ། གསུམ་པོ་དེས་མཐོང་སྤང་གི་སྒོ་དང་རྩ་བ་བསྡུས་པའི་ཕྱིར་གསུམ་ཁོ་ན་ཞེས་འཆད་དོ། །མདོ་སྡེ་པ་ན་རེ། ཡུལ་གཞན་དུ་འགྲོ་བའི་ཚེ་དང་པོར་འགྲོ་མི་འདོད་པ་དང་། བར་དུ་ལམ་ནོར་བ་དང་། མཐར་ལམ་ལ་ཐེ་ཚོམ་སྐྱེད་པར་བྱེད་པ་གསུམ་པོ་དེ། ཡུལ་དེར་འགྲོ་བའི་གེགས་ཀྱི་གཙོ་བོ་ཡིན་པ་བཞིན་དུ། ཐར་པའི་གྲོང་ཁྱེར་དུ་འགྲོ་བ་ལ་དང་པོར་འཇིག་ལྟས་འགྲོ་མི་འདོད་པ་དང་། བལ་དུ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལམ་ནོར་བར་བྱེད་པ་དང་། ཐེ་ཚོམ་གྱིས་ཐར་པའི་ལམ་ལ་ཐེ་ཚོམ་ཟ་བའི་གེགས་དེ་སྙེད་ཅིག་ཐར་པར་བགྲོད་པ་ལ་གེགས་བྱེད་པ་དེའི་ཕྱིར། ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བར་བསྟན་ཏོ། །གསུམ་བ་ནི། ཀུན་སྦྱོར་གོང་མའི་ཆ་དང་མཐུན་པ་ལྔ་ཉིད་ཡོད་དེ། གཟུགས་དང་གཟུགས་མེད་ལས་སྐྱེས་པའི་འདོད་ཆགས་གཉིས་དང་རྒོད་པ་དང་ང་རྒྱལ་དང་མ་རིག་པ་རྣམས་སུ་ཡོད་པའི་ཕྱིར། ཅིའི་ཕྱིར་དེ་དག་ལ་གོང་མའི་ཆ་དང་མཐུན་པ་ཞེས་བྱ་ཞེ་ན། ཁམས་གསུམ་གྱི་གོང་མ་གཟུགས་གཟུགས་མེད་ཀྱི་ཁམས་ཡིན་ལ། དེའི་ཆ་དང་མཐུན་པས་ན་དེ་སྐད་ཅེས་བྱའོ། །ལྔ་པོ་དེ་ཁམས་གོང་མའི་ཆ་དང་མཐུན་པའི་རྒྱུ་མཚན་ཅི་ཞེ་ན། དེ་དག་གོང་མའི་ཆ་དང་མཐུན་ཏེ། ལྔ་པོ་དེ་མ་སྤངས་པར་ཁམས་གོང་མ་ལས་འདའ་བར་མི་འགྱུར་བའི་ཕྱིར། གཉིས་པ་ནི། འཆིང་བ་དེ་ལ་གསུམ་ཡོད་དེ། འདོད་ཆགས་ཞེ་སྡང་གཏི་མུག་གི་འཆིང་བ་གསུམ་ཡོད་པའི་ཕྱིར། དེ་ཡང་གང་གི་


DLL1003_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་འཆིང་ཞེ་ན། ཚོར་བའི་དབང་གིས་འཆིང་བ་ཡིན་ལ། དེ་ལ་གསུམ་ཡོད་དེ། ཚོར་བ་བདེ་བ་ལས་འདོད་ཆགས། སྡུག་བསྔལ་ལས་ཞེ་སྡང་། བཏང་སྙོམས་ལས་གཏི་མུག་རྒྱས་པར་འགྱུར་བའི་ཕྱིར། གསུམ་པ་ནི། རྩ་བའི་ཉོན་མོངས་པ་དེ་ལས་གཞན་པའི་ཉོན་མོངས་པ་ཅན་སེམས་བྱུང་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་ཞེས་བྱ་བ་གང་ཡིན་པའི་སེམས་པ་སོགས་དེ་ཡང་ཆོས་ཅན། ཉེ་བའི་ཉོན་མོངས་པ་ཡིན་ཏེ། སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར། རྩ་བའི་ཉོན་མོངས་པ་དེ་ལས་གཞན་པའི་ཉོན་མོངས་ཅན་དེ་དག་ཆོས་ཅན། རྩ་བའི་ཉོན་མོངས་པ་ཞེས་མི་བྱ་སྟེ། དེ་དང་ཉེ་བ་ན་འདུག་པའི་ཕྱིར། བཞི་པ་ལ། དངོས་དང་། ཞར་བྱུང་ངོ་། །དང་པོ་ནི། ཀུན་དཀྲིས་རྣམ་པ་བརྒྱད་ཡོད་དེ། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། གཞན་ལ་ཕན་འདོགས་ཀྱི་མི་མཐུན་ཕྱོགས་ཕྲག་དོག་དང་། སེར་སྣ་དང་། ཤེས་རབ་ཀྱི་མི་མཐུན་ཕྱོགས་རྒོད་པ་དང་འགྱོད་པ་དང་། ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་གཉིད་དང་རྨུགས་པ་གཉིས་སུ་ཡོང་པའི་ཕྱིར། བྱེ་བྲག་སྨྲ་བ་ལྟར་ན། དེ་དག་གི་རྗེས་སུ་ཁྲོ་བ་དང་འཆབ་པ་བསྣན་པས་བཅུ་ཡོད་ཅེས་ཟེར། འོ་ན་བཅུ་པོ་དེ་དག་སེམས་བྱུང་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་ཞེས་བྱ་བའི་ཉོན་མོངས་པ་ཡིན་ན། དེ་དག་རྩ་ཉོན་གང་དང་ཉེ་བ་ཡིན་ཞེ་ན། ངོ་ཚ་མེད་པ་དང་། རྒོད་པ་དང་། སེར་སྣ་འདོད་ཆགས་དང་ཉེ་བ་ཡིན་ཏེ། དེས་ཀུན་ནས་བསླངས་པའི་ཕྱིར། འཆབ་པ་ལ་ཁ་ཅིག །འདོད་ཆགས་ཀྱིས་ཀུན་ནས་བསླངས་པས་འདོད་ཆགས་དང་ཉེ་ཞེས་ཟེར། ཁ་ཅིག་གཏི་མུག་གིས་ཀུན་


DLL1003_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསླངས་པས་གཏི་མུག་དང་ཉེ་ཞེས་ཟེར། ཁ་ཅིག །མ་རིག་པ་དང་འདོད་ཆགས་གཉིས་ཀས་ཀུན་ནས་བསླངས་པས་གཉིས་ཀ་དང་ཉེ་ཞེས་རྩོད་དོ། །རྨུགས་པ་དང་གཉིད་དང་ཁྲེལ་མེད་མ་རིག་པ་དང་ཉེ་བ་ཡིན་ཏེ། དེས་ཀུན་ནས་བསླངས་པ་ལས་བྱུང་བའི་ཕྱིར། འགྱོད་པ་ཐེ་ཚོམ་དང་ཉེ་བ་ཡིན་ཏེ། དེ་ལས་བྱུང་བའི་ཕྱིར། ཁྲོ་བ་དང་ཕྲག་དོག་ཁོང་ཁྲོ་དང་ཉེ་བ་ཡིན་ཏེ། དེའི་རྒྱུ་ལས་བྱུང་བའི་ཕྱིར། གཉིས་པ་ལ། དྲི་མ་དྲུག །ཆོས་ཀྱི་ཁྱད་པར་རོ། །དང་པོ་ནི། གཞན་ཡང་ཉོན་མོངས་དེ་ལ་དྲི་མ་དྲུག་ཡོད་དེ། སྒྱུ་དང་གཡོ་དང་རྒྱགས་པ་དང་དེ་བཞིན་དུ་འཚིག་པ་དང་ཁོན་འཛིན་དང་རྣམ་འཚེ་རྣམས་སུ་ཡོད་བའི་ཕྱིར། དྲི་མ་དྲུག་པོ་དེ་རྩ་ཉོན་གང་ལ་ཉེ་བ་ཡིན་ཞེ་ན། སྒྱུ་དང་རྒྱགས་པ་ནི་འདོད་ཆགས་ལ་ཉེ་སྟེ། དེ་ལས་སྐྱེས་པའི་ཕྱིར། ཁོན་འཛིན་དང་རྣམ་འཚེ་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་པ་ལྟ་བ་མཆོག་འཛིན་ལས་སྐྱེས་སོ། །གཡོ་ནི་ལྟ་བས་ཀུན་ནས་བསླངས་པ་ཡིན་ནོ། །གཉིས་པ་ནི། ཀུན་དཀྲིས་བཅུ་པོ་དེ་ལ་མཐོང་སྤང་ཡིན་པ་དུ། སྒོམ་སྤང་ཡིན་པ་དུ་ཞེ་ན། དེ་ལས་ངོ་ཚ་མེད་པ་དང་ཁྲེལ་མེད་རྨུགས་གཉིད་རྒོད་པ་རྣམས་ལ་མཐོང་སྤང་སྒོམ་སྤང་གཉིས་ཀ་ཡོད་དེ། དང་པོ་གཉིས་མི་དགེ་བའི་ས་མང་པོ་བ་དང་། རྨུགས་རྒོད་གཉིས་ཉོན་མོངས་པའི་ས་མང་པོ་བ་དང་གཉིད་གང་དང་ཡང་མི་འགལ་བའི་ཕྱིར་ཏེ། མཐོང་སྤང་དང་མཚུངས་ལྡན་དང་སྒོམ་སྤང་དང་མཚུངས་ལྡན་གཉིས་ཀ་ཡོད་པའི་ཕྱིར། དེ་ལས་གཞན་པ་ལྔ་ནི་སྒོམ་པས་སྤང་པར་བྱ་བ་ཡིན་ཏེ། ཤེས་བྱ་རང་གི་མཚན་ཉིད་ལ་ལོག་ཞུགས་ཡིན་པའི་ཕྱིར།


DLL1003_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རང་དབང་ཅན་གང་ཡིན་ཏེ། མ་རིག་པ་ཙམ་དང་མཚུངས་ལྡན་ཡིན་པའི་ཕྱིར། དེ་བཞིན་དུ་དྲི་མ་དྲུག་པོ་རྣམས་ཀྱང་སྒོམ་སྤང་རང་དབང་ཅན་ཡིན་ཏེ། རྟགས་འདྲ། འོ་ན་ཀུན་དཀྲིས་དེ་དག་དགེ་མི་དགེ་ལུང་མ་བསྟན་གང་ཡིན་ཞེ་ན། །འདོད་པ་ན་ཡོད་པའི་ཉོན་མོངས་པ་རྣམས་ནི་མི་དགེ་བ་ཡིན་ལ། འོན་ཀྱང་གཉིད་རྨུགས་རྒོད་པ་གསུམ་ལ་མི་དགེ་བ་དང་ལུང་མ་བསྟན་གཉིས་ཀ་ཡོད་ལ། འདོད་པ་དེ་ཡན་ཆད་གོང་མ་ན་ཡོད་པ་ནི་ལུང་མ་བསྟན་ཡིན་ནོ། །འོ་ན་དེ་དག་ཁམས་གང་ན་ཡོད་ཅེ་ན། འདོད་པ་དང་བསམ་གཏན་དང་པོ་ན་གཡོ་སྒྱུ་ཡོད་དོ། །བསམ་གཏན་དང་པོ་ན་གཡོ་སྒྱུ་ཡོད་པའི་རྒྱུ་མཚན་གང་ཞེ་ན། ཡོད་དེ། ཚེ་དང་ལྡན་པ་རྟ་ཐུལ་གྱིས་འབྱུང་བ་བཞི་པོ་གང་དུ་འགག་མ་ཤེས་པར་ཚངས་པ་ལ་ཞུས་པ་དང་། ཚངས་པས་ཁོ་བོ་ནི་ཚངས་པའོ་ཚངས་པ་ཆེན་པོའོ། །ཞེས་བདེན་གཏམ་རླུང་ལ་བསྐུར་ཏེ་རྟ་ཐུལ་འདྲིད་པ་ལ་ཞུགས་པའི་ཕྱིར། དེ་ཡང་འདྲིད་པ་ལ་ཞུགས་པར་གང་ལས་ཤེས་ཤེ་ན། ཚངས་པས་དུས་གཞན་ཞིག་ན་རྟ་ཐུལ་ལམ་ནས་འཇུག་པ་ན། བཅོམ་ལྡན་འདས་བཞུགས་བཞིན་དུ་བདག་ལ་འདྲིའམ་ཞེས་ཟེར་བ་ལས་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཞུས་པས། དང་པོར་གཟུགས་མེད་དུ་འགག་པར་འགྱུར་ལ། མཐར་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་འགག་པར་འགྱུར་རོ་ཞེས་གསུངས་སོ། །རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན་ཡོད་དེ། སྔ་མ་གཉིས་ཉོན་མོངས་པའི་ས་མང་པོ་པ་ཡིན་ལ། རྒྱགས་པ་རྣམ་པ་གང་དང་ཡང་མི་འགལ་བར་འཇུག་པའི་ཕྱིར། དེ་ལས་གཞན་བཅུ་གཅིག་པོ་དག་ནི་འདོད་ཁམས་ལས་སྐྱེས་པ་ཡིན་ཏེ། མི་དགེ་བ་ཡིན་པའི་ཕྱིར།


DLL1003_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་གང་དང་མཚུངས་པར་ལྡན་པ་ལ། རྣམ་ཤེས་གང་དང་མཚུངས་པར་ལྡན། ཚོར་བ་གང་དང་མཚུངས་པར་ལྡན་པའོ། །དང་པོ་ནི། འོ་ན་ཕྲ་རྒྱས་འདི་རྣམས་རྣམ་ཤེས་གང་དང་མཚུངས་པར་ལྡན་ཞེ་ན། མཐོང་བས་སྤང་བྱ་དང་སྒོམ་སྤང་གཉིད་དང་ང་རྒྱལ་དང་བཅས་པ་ནི་ཡིད་ཀྱི་རྣམ་ཤེས་ཀྱི་ས་པ་ཡིན་ཏེ། མི་གསལ་ཞིང་ཀུན་ཏུ་རྟོག་བཅས་ཡིན་པའི་ཕྱིར། ཉེ་བའི་ཉོན་མོངས་རང་དབང་ཅན་ཡང་དེ་ཡིན་ཏེ། རྟོག་བཅས་ཡིན་པའི་ཕྱིར། གཞན་དུག་གསུམ་ཀུན་དཀྲིས་བཞི་སྟེ་སྒོམ་སྤང་ནི་རྣམ་ཤེས་དྲུག་གི་རྟེན་ཅན་ཡིན་ནོ། །གཉིས་པ་ནི། ཚོར་བ་བདེ་བ་དག་དང་འདོད་ཆགས་མཚུངས་ལྡན། ཞེ་སྡང་ནི་བཟློག་པ་སྡུག་བསྔལ་དང་མཚུངས་ལྡན་ཡིན་ནོ། །མ་རིག་པ་དག་ཚོར་བ་ཐམས་ཅད་དང་མཚུངས་ལྡན་ཡིན་ཏེ། ཀུན་དང་མི་འགལ་བར་འཇུག་པའི་ཕྱིར། མེད་པར་ལྟ་བ་ཡིད་བདེ་དང་སྡུག་བསྔལ་དང་མཚུངས་ལྡན་ཡིན་ཏེ། མི་དགེ་བ་བྱས་པའི་འབྲས་བུ་མེད་པར་མཐོང་བ་ན་ཡིད་བདེ་དང་། དགེ་བ་བྱས་པའི་འབྲས་བུ་མེད་པར་མཐོང་བ་ན་སྡུག་བསྔལ་དང་མཚུངས་ལྡན་ཡིན་པའི་ཕྱིར། ཡིད་མི་བདེ་དང་ཐེ་ཚོམ་མཚུངས་པར་ལྡན་ཏེ། ངེས་པ་དོན་དུ་གཉེར་བ་ལ་ཐེ་ཚོམ་སྐྱེས་པའི་ཚེ་ན་ཡིད་མི་བདེ་སྐྱེ་བའི་ཕྱིར། གཞན་ལྟ་བ་བཞི་དང་ང་རྒྱལ་ནི་ཡིད་བདེ་དང་མཚུངས་ལྡན་ཡིན་ཏེ། ཡིད་ཀྱི་རྣམ་ཤེས་ཀྱི་ས་པ་གང་ཞིག །རང་དགའ་བའི་རྣམ་པས་འཇུག་པའི་ཕྱིར། དེ་ཡང་འདོད་པ་ལས་སྐྱེས་པའི་སེམས་གསལ་བའི་དབང་དུ་བྱས་ཀྱི། སེམས་མི་གསལ་བ་ནི་བཏང་སྙོམས་ཀུན་དང་མཚུངས་པར་ལྡན་ཏེ། བཏང་སྙོམས་


DLL1003_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཀུན་དང་ཡང་མི་འགལ་བར་འཇུག་པའི་ཕྱིར། ས་གོང་མའི་ཕྲ་རྒྱས་རྣམས་ས་གང་ན་ཚོར་བ་ཡོད་པ་ཇི་བཞིན་དུ། རང་རང་གི་ཚོར་བ་དང་མཚུངས་པར་ལྡན་པ་ཡིན་ནོ། །འགྱོད་པ་དང་ཕྲག་དོག་དང་ཁྲོ་བ་དང་རྣམ་འཚེ་དང་ཁོན་དུ་འཛིན་པ་དང་འཚིག་པ་རྣམས་ཡིད་མི་བདེ་བ་དང་མཚུངས་ལྡན་ཡིན་ཏེ། ཡིད་ཀྱི་རྣམ་ཤེས་ཀྱི་ས་པ་གང་ཞིག །སྐྱོ་བའི་རྣམ་པས་འཇུག་པའི་ཕྱིར། སེར་སྣ་དག་ནི་བཟློག་པ་ཡིད་བདེ་དང་མཚུངས་ལྡན་ཡིན་ནོ། །གཡོ་དང་སྒྱུ་དང་འཆབ་པ་དང་གཉིད་རྣམས་ཡིད་བདེ་ཡིད་མི་བདེ་གཉིས་ཀ་དང་མཚུངས་ལྡན་ཡིན་ཏེ། སྔ་མ་གསུམ་གང་ལ་དམིགས་པའི་དོན་དེ་མི་གྲུབ་ན་ཡིད་མི་བདེ་དང་མཚུངས་ལྡན་ཡིན་པའི་ཕྱིར་དང་། གཉིད་ནི་གང་དང་ཡང་མི་འགལ་བར་འཇུག་པའི་ཕྱིར། རྒྱགས་པ་བཏང་སྙོམས་ཀུན་ཏུ་འགྲོ་སྟེ། གོང་གི་དེའི་ཕྱིར། གཞན་ཡང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་རྨུགས་པ་དང་རྒོད་པ་བཞི་ནི་ཚོར་བ་ལྔ་དག་དང་མཚུངས་པར་ལྡན་པ་ཡིན་ཏེ། སྔ་མ་གཉིས་མི་དགེ་བའི་ས་མང་པོ་བ་དང་། ཕྱི་མ་གཉིས་ཉོན་མོངས་ཆེན་པོའི་ས་པ་ཡིན་པའི་ཕྱིར། བདུན་པ་སྒྲིབ་པ་ལྔ་བཤད་པ་ནི། མདོ་ལས་སྒྲིབ་པ་ལྔ་སྟེ། འདོད་པ་ལ་འདུན་པ་དང་གནོད་སེམས་དང་གཉིད་དང་རྨུགས་པ་དང་རྒོད་པ་དང་འགྱོད་པ་དང་ཐེ་ཚོམ་མོ། །ཞེས་བཤད་ན། ཕྱི་མ་གསུམ་ཁམས་གསུམ་ཅར་ན་ཡོད་པ་གཟུང་བར་བྱ་བའམ། འདོད་པ་ན་ཡོད་པ་ཁོ་ན་གཟུང་བར་བྱ་བ་ཡིན་ཞེ་ན། ཕྱི་མ་ཡིན་ཏེ། སྒྲིབ་པ་ལྔ་པོ་དེ་མི་དགེ་བ་ཡིན་པར་གསུངས་པའི་ཕྱིར་ཏེ། མདོ་ལས་འདི་ནི་མི་དགེ་བའི་ཕུང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ་སྒྲིབ་པ་ལྔའོ། །ཞེས་གསུངས


DLL1003_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཅིའི་ཕྱིར་སྒྲིབ་པ་ཞེས་བྱ་ཞེ་ན། །འདོད་ན་སྒྲིབ་རྣམས་མི་མཐུན་དང་། །ཟས་དང་བྱ་བ་གཅིག་པའི་ཕྱིར། །བསམ་གཏན་གྱི་སྙོམས་འཇུག་ལ་སྒྲིབ་པའི་དོན་གྱིས་ན་སྒྲིབ་པ་ཞེས་བྱའོ། །གཉིད་རྨུགས་གཉིས་སེམས་བྱུང་ཐ་དད་པ་མ་ཡིན་ནམ། ཅིའི་ཕྱིར་སྒྲིབ་པ་གཅིག་ཏུ་བཤད་ཅེ་ན། དེ་ལྟར་བཤད་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་མི་མཐུན་པ་གཉེན་པོ་གཅིག་པ་དང་། ཟས་རྒྱུ་གཅིག་པ་དང་བྱ་བ་གཅིག་པའི་ཕྱིར། དང་པོ་གྲུབ་སྟེ། སྣང་བའི་འདུ་ཤེས་ཀྱིས་སེལ་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། རོ་མྱང་དང་ཟས་ཚོད་མ་ཟིན་པ་དང་མི་དགའ་བ་དང་སེམས་ཞུམ་པ་སོགས་ལས་སྐྱེ་བར་གཅིག་པའི་ཕྱིར། གསུམ་པ་གྲུབ་སྟེ། སེམས་ཞུམ་པར་བྱེད་པར་གཅིག་པའི་ཕྱིར། འོ་ན་རྒོད་འགྱོད་གཉིས་སེམས་བྱུང་ཐ་དད་པ་མ་ཡིན་ནམ། ཅིའི་ཕྱིར་སྒྲིབ་པ་གཅིག་ཏུ་བཞག་ཅེ་ན། དེ་ལྟར་བཤད་པའི་རྒྱུ་མཚན་ཡོད་དེ། རྟགས་གསུམ་པོ་དེའི་ཕྱིར། དང་པོ་གྲུབ་སྟེ། ཞི་གནས་ཀྱིས་སེལ་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཡུལ་ཉེ་དུ་དང་སྔོན་རྒོད་པ་དང་རྩེ་བ་སོགས་དྲན་པའི་རྣམ་རྟོག་ལས་སྐྱེ་བར་གཅིག་པའི་ཕྱིར། གསུམ་པ་ཡིན་ཏེ། སེམས་མ་ཞི་བར་བྱེད་བའི་ཕྱིར། ཉོན་མོངས་པ་ཐམས་ཅད་སྒྲིབ་པ་མིན་ནམ། ཅིའི་ཕྱིར་སྒྲིབ་པ་ལྔར་བཤད་ཅེ་ན། འདི་ལ་བྱེ་བྲག་སྨྲ་བ་ན་རེ། སྒྲིབ་པ་ལྔ་ཉིད་དུ་ངེས་ཏེ། ཏིང་ངེ་འཛིན་གྱི་ཕུང་པོ་སོགས་གསུམ་ལ་གནོད་པར་བྱེད་པའི་ཕྱིར་ཏེ། འདོད་པ་ལ་འདུན་པ་དང་གནོད་སེམས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནོད། གཉིད་རྨུགས་གཉིས་ཀྱིས་ཤེས་རབ་གྱི་ཕུང་པོ་ལ་གནོད། རྒོད་འགྱོད་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གནོད་པར་བྱེད། ཐེ་ཚོམ་གྱིས་


DLL1003_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་ལ་ཐེ་ཚོམ་ཟ་བར་བྱེད་པའི་ཕྱིར། ཁ་ཅིག །དེ་མི་འཐད་དེ། དེ་ལྟར་ན་ཕུང་པོའི་རིམ་པ་ལྟར་རྒོད་འགྱོད་གཉིད་རྨུགས་ཀྱིས་སྔར་བསྟན་དགོས་པ་ལ་མ་བསྟན་པའི་ཕྱིར། དེས་ན་རྨུགས་གཉིད་ཀྱིས་ཏིང་ངེ་འཛིན་ལ་གནོད་པར་བྱེད། རྒོད་འགྱོད་ཀྱིས་ཤེས་རབ་ཀྱི་ཕུང་ཕོ་ལ་གནོད་པར་བྱེད་དེ། ཏིང་ངེ་འཛིན་དོན་དུ་གཉེར་བ་རྣམས་གཉིད་རྨུགས་ཀྱིས་འཇིགས་ཤིང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྩོན་པ་རྣམས་རྒོད་འགྱོད་གཉིས་ཀྱིས་འཇིགས་བའི་ཕྱིར། སེམས་ཙམ་པ་ན་རེ། ཏིང་ངེ་འཛིན་གྱི་སྦྱོར་དངོས་རྗེས་གསུམ་ལ་སྒྲིབ་པའི་ཕྱིར་སྒྲིབ་པ་ལྔར་ངེས་ཏེ། གྲོང་དུ་རྒྱུ་བ་ན་སྡུག་མི་སྡུག་གི་མཚན་མ་བཟུང་ནས། སྦྱོར་བའི་དུས་ཀྱི་ཚེ་འདོད་པ་ལ་འདུན་པ་དང་གནོད་སེམས་ཀྱིས་བར་ཆད་བྱེད་དེ། དངོས་གཞིའི་དུས་སུ་གཉིད་རྨུགས་ཀྱིས་ཞི་གནས་ལ་བར་ཆད་བྱེད། རྒོད་འགྱོད་ཀྱིས་ལྷག་མཐོང་ལ་བར་ཆད་བྱེད་ཅིང་། དེ་ལས་ལངས་ཏེ་ཆོས་ལ་ངེས་པར་རྟོག་པའི་ཚེ་ཐེ་ཚོམ་གྱིས་བར་ཆད་བྱེད་པའི་ཕྱིར་ཞེས་འཆད་དོ། །གསུམ་པ་ནི། མཐོང་སྤོང་གང་གི་ཚུལ་གྱིས་སྤང་ཞེ་ན། དེ་ལ་གསུམ་སྟེ། དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་དང་། དེ་ལ་དམིགས་པ་ཡང་དག་པར་ཟད་པས་སྤོང་བ་དང་། དམིགས་པ་སྤངས་པས་སྤོང་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ནི་རང་གི་སྐལ་པ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་མ་གཏོགས་པའི་འདོད་པའི་སྡུག་ཀུན་མཐོང་སྤང་དང་། གོང་མའི་སྡུག་ཀུན་མཐོང་སྤང་དང་། འགོག་ལམ་མཐོང་སྤང་དངོས་ལ་ལོག་ཞུགས་སོ། །གཉིས་པ་ནི་སྐལ་པ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བའི་འདོད་པའི་


DLL1003_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་ཀུན་མཐོང་སྤང་དང་། གསུམ་པ་ནི་འགོག་ལམ་མཐོང་སྤང་ལོག་པ་ལ་ལོག་པར་ཞུགས་པའོ། །གསུམ་པ་ནི། འོ་ན་སྒོམ་སྤང་དེ་དག་གང་གིས་སྤོང་ཞེ་ན། །གཉེན་པོ་སྐྱེས་པས་ཟད་པར་འགྱུར། །དམིགས་པ་ཤེས་པས་སྤོང་བ་མིན་གྱིས། གཉེན་པོ་ཆུང་འབྲིང་ཆེན་པོ་སྐྱེས་པས་ཟད་པར་འགྱུར་རོ། །འོ་ན་གཉེན་པོ་དུ་ཞེ་ན། གཉེན་པོ་རྣམ་པ་བཞི་ཡོད་དེ། སྤོང་བའི་གཉེན་པོ་བར་ཆད་མེད་ལམ་དང་། གཞིའི་གཉེན་པོ་རྣམ་གྲོལ་ལམ་དང་། ཐག་སྲིང་བ་ཉིད་ཀྱི་གཉེན་པོ་རྣམ་གྲོལ་ལམ་སྐད་ཅིག་གཉིས་པ་ཡན་ཆད་དང་། རྣམ་པར་སུན་འབྱིན་པའི་གཉེན་པོ་སྤང་བྱ་གང་གི་སྐྱོན་མཐོང་ནས་མི་རྟག་པ་ལ་སོགས་པའི་རྣམ་པས་སུན་འབྱིན་པ་ཞེས་བྱ་བ་བཞི་ཡོད་པའི་ཕྱིར། འོ་ན་ཉོན་མོངས་པ་སྤོང་བའི་ཚེ་ན་མཚུངས་ལྡན་ལས་སྤོང་ངམ་དམིགས་པ་ལས་སྤོང་ཞེ་ན། དང་པོ་མིན་ཏེ། དེ་ལས་དབྱེ་བར་མི་ནུས་པའི་ཕྱིར། དམིགས་པ་ལས་ཉོན་མོངས་པ་ནི་སྤང་བྱར་འདོད་དེ། ཉོན་མོངས་པ་སྤངས་ན་དེ་ལ་དམིགས་ནས་མི་སྐྱེ་བའི་ཕྱིར། འོ་ན་ཐག་སྲིང་བའི་ངོ་བོ་དེ་ལ་དུ་ཡོད་ཅེ་ན། མཚན་ཉིད་མི་མཐུན་པས་ཐག་སྲིང་བ་དང་། མི་མཐུན་ཕྱོགས་ཀྱིས་ཐག་སྲིང་བ་དང་། ཡུལ་རྣམ་པར་ཆད་པས་ཐག་སྲིང་བ་དང་། དུས་ཀྱིས་ཐག་སྲིང་བ་དང་བཞི་ཡོད་དེ། དང་པོ་ནི་ལྷན་ཅིག་འབྱུང་བའི་འབྱུང་བ་བཞི་ལྟ་བུའོ། །གཉིས་པ་ནི་ཚུལ་ཁྲིམས་དང་འཆལ་ཚུལ་ལྟ་བུའོ། །གསུམ་པ་ནི་ཤར་ཕྱོགས་ཀྱི་རྒྱ་མཚོ་དང་ནུབ་ཕྱོགས་ཀྱི་རྒྱ་མཚོ་ལྟ་བུའོ། །བཞི་པ་ན་འདས་མ་འོངས་ཀྱི་དུས་གཉིས་རིང་བ་ཉིད་ལྟ་བུའོ། །གཉེན་པོ་སྐྱེས་པས་ཟད་པར་འགྱུར་ཞེས་བཤད་ན། གཉེན་


DLL1003_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁྱད་པར་དུ་འགྱུར་བ་ལྟར་སྤངས་པ་ཡང་ཁྱད་པར་དུ་འགྱུར་རམ་ཞེ་ན། མ་ཡིན་ཏེ། ཉོན་མོངས་པ་ནི་གཉེན་པོས་ལན་གཅིག་ཏུ་ཟད་པར་བྱེད་པའི་ཕྱིར། འོན་ཀྱང་སྤངས་པ་དེ་དག་གི་བྲལ་བའི་ཁྱད་པར་ཡང་དང་ཡང་དུ་ཁྱད་པར་དུ་འགྱུར་ཏེ། གཉེན་པོ་རྣམ་གྲོལ་ལམ་སྐྱེས་པ་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞི་ཐོབ་པ་དང་། དབང་པོ་རྣམ་པར་འཕེལ་བ་རྣམས་སུ་ཁྱད་པར་དུ་འགྱུར་བའི་ཕྱིར། བཞི་པ་སྤངས་པའི་འབྲས་བུ་ཡོངས་ཤེས་བསྟན་པ་ལ། དབྱེ་བ། ལམ་གང་གི་འབྲས་བུ་གང་ཡིན་པ། གྲངས་ངེས། གང་ཟག་གང་ལ་ལྡན། འཐོབ་གཏོང་བཤད་པའོ། །དང་པོ་ནི། ཕྲ་རྒྱས་སྤངས་པའི་འབྲས་བུ་ཡོངས་ཤེས་དེ་ལ་དུ་ཡོད་ཅེ་ན། འབྲས་བུ་ཡོངས་སུ་ཤེས་པ་དགུ་ཡོད་དེ། འདོད་པ་ན་དང་པོ་སྡུག་ཀུན་མཐོང་སྤང་རྣམ་པ་གཉིས་ཟད་པ་ལ་ཡོངས་སུ་ཤེས་པ་གཅིག །འགོག་ལམ་མཐོང་སྤང་གཉིས་ཟད་པའི་ཡོངས་ཤེས་དེ་གཉིས་སོ། །དེ་བཞིན་དུ་གོང་མའི་སྡུག་ཀུན་མཐོང་སྤང་ཟད་པའི་ཡོངས་ཤེས་གཅིག །འགོག་ལམ་མཐོང་སྤང་ཟད་པའི་ཡོངས་ཤེས་གཉིས་ཏེ་གསུམ་ཉིད་དང་། གཞན་སྒོམ་སྤང་ཟད་པའི་ཡོངས་ཤེས་གསུམ་སྟེ། ཐ་མའི་ཆ་མཐུན་ཟད་པ་དང་། གཟུགས་ཀྱི་ཟག་པ་ཟད་པ་དང་། གཟུགས་མེད་ཀྱི་ཟག་པ་ཀུན་ཟད་པའི་ཡོངས་ཤེས་དང་གསུམ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཡོངས་ཤེས་འདི་དག་ལམ་གང་གི་འབྲས་བུ་ཡིན་ཞེ་ན། དང་པོ་དྲུག་བཟོད་པའི་འབྲས་བུ་ཡིན་ཏེ། མཐོང་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར། ཡོངས་ཤེས་ལྷག་མ་རྣམས་ནི་ཤེས་པའི་འབྲས་བུ་ཡིན་ཏེ། སྒོམ་ལམ་


DLL1003_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འབྲས་བུ་ཡིན་པའི་ཕྱིར། ས་གང་གི་འབྲས་བུ་ཡིན་ཞེ་ན། ཡོངས་ཤེས་ཐམས་ཅད་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ཀྱི་འབྲས་བུ་ཡིན་ཏེ། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ཆགས་འབྲལ། ཞེས་གསུངས་པའི་ཕྱིར། བསམ་གཏན་གྱི་དངོས་གཞི་རྣམས་ཀྱི་འབྲས་བུ་ལ་ཡོངས་ཤེས་ལྔ་ཡིན་གྱི། འདོད་པའི་མཐོང་སྤང་དང་སྒོམ་སྤང་སྤངས་པའི་འབྲས་བུ་ཡོངས་ཤེས་ནི་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་མ་ཡིན་ཏེ། བསམ་གཏན་གྱི་དངོས་གཞི་འདོད་པའི་གཉེན་པོ་མ་ཡིན་པའི་ཕྱིར། བཙུན་པ་དབྱངས་སྒྲོགས་ན་རེ། བསམ་གཏན་གྱི་དངོས་གཞིའི་འབྲས་བུ་ཐ་མའི་ཆ་མཐུན་མ་གཏོགས་པའི་བརྒྱད་ཡིན་ཞེས་ཟེར། གཅིག་གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས་གཟུགས་མེད་ནམ་མཁའི་ཉེར་བསྡོགས་ཀྱི་འབྲས་བུ་ཡིན་ཏེ། གཟུགས་མེད་ནམ་མཁའི་ཉེར་བསྡོགས་ཀྱིས་གཟུགས་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ཕྱིར། གཟུགས་མེད་ཀྱི་དངོས་གཞི་གསུམ་གྱི་ཡང་འབྲས་བུ་ཡོངས་ཤེས་གཅིག་ཡིན་ཏེ། དེས་སྲིད་རྩེ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ཕྱིར། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གང་གི་འབྲས་བུ་ཡིན་ཞེ་ན། ཡོངས་ཤེས་ཐམས་ཅད་འཕགས་པའི་ལམ་གྱི་འབྲས་བུ་ཡིན་ཏེ། འོག་མ་གཉིས་ཀྱི་སྒོམ་སྤང་སྤངས་པའི་འབྲས་བུ་ཡོངས་ཤེས་གཉིས་འཕགས་པའི་ལམ་གྱི་འབྲས་བུ་ཡིན་དུ་རུང་ཞིང་། ཡོངས་ཤེས་གཞན་བདུན་འཕགས་ལམ་གྱིས་འཐོབ་དགོས་པའི་ཕྱིར། འོག་མ་གཉིས་ཀྱི་སྒོམ་སྤང་སྤངས་པའི་ཡོངས་ཤེས་


DLL1003_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འཇིག་རྟེན་པའི་ལམ་གྱི་འབྲས་བུ་ཡིན་ཏེ། འོག་མ་གཉིས་ཀྱི་སྒོམ་སྤང་འཇིག་རྟེན་པའི་ལམ་གྱིས་ཀྱང་སྤོང་བའི་ཕྱིར། ཡོངས་ཤེས་ཐ་མ་གཉིས་རྗེས་ཤེས་ཀྱི་འབྲས་བུ་ཡིན་ཏེ། རྗེས་ཤེས་ཁམས་གོང་མ་གཉིས་ཀྱི་གཉེན་པོ་ཡིན་པའི་ཕྱིར། ཡོངས་ཤེས་ཐ་མ་གསུམ་ཆོས་ཤེས་ཀྱི་འབྲས་བུ་ཡིན་ཏེ། ཆོས་ཤེས་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་པའི་ཕྱིར། ཆོས་ཤེས་དེའི་ཕྱོགས་མཐུན་དང་བཅས་པའི་འབྲས་བུ་ཡོངས་ཤེས་དྲུག་ཡིན་ཏེ། ཡོངས་ཤེས་དང་པོ་གསུམ་དང་ཐ་མ་གསུམ་ཡིན་པའི་ཕྱིར། རྗེས་ཤེས་དེའི་ཕྱོགས་མཐུན་དང་བཅས་པའི་འབྲས་བུ་ཡོངས་ཤེས་ལྔ་ཡིན་ཏེ། བར་པ་གསུམ་དང་ཐ་མ་གཉིས་ཡིན་པའི་ཕྱིར། གསུམ་པ་ནི། འབྲས་བུ་ཡོངས་ཤེས་དགུར་འཇོག་པའི་རྒྱུ་མཚན་གང་ཡིན་ཞེ་ན། བྲལ་བའི་ཐོབ་པ་ཟག་མེད་གསར་དུ་སྐྱེས་པ་དང་། སྲིད་རྩེ་ཉམས་པར་བྱས་པ་དང་། ཀུན་འགྲོའི་རྒྱུ་གཉིས་ཀུན་ཏུ་བཅོམ་པའི་ཕྱིར། མཐོང་སྤང་སྤངས་པའི་ཡོངས་ཤེས་དེ་འཇོག་ལ། ཁམས་རིལ་པོ་ལས་འདས་པ་ལས་སྒོམ་སྤང་སྤངས་པའི་ཡོངས་ཤེས་དེ་བཞག་བའི་ཕྱིར། བཞི་པ་ནི། ཡོངས་ཤེས་དེ་དག་གང་ལ་ལྡན་ཞེ་ན། གཅིག་སོ་སོ་སྐྱེ་བོ་ནི་ཡོངས་ཤེས་དེ་དང་ལྡན་པ་མིན་ལ། འཕགས་པ་མཐོང་ལམ་ལ་གནས་པ་ནི་ཡོངས་ཤེས་གཅིག་ནས་ལྔའི་བར་དང་ཡང་དག་པར་ལྡན་ལ། སྒོམ་ལམ་ལ་གནས་པ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ཡོངས་ཤེས་དྲུག་དང་ལྡན། དེ་ལ་གནས་པ་འདོད་པ་ལ་འདོད་ཆགས་དང་བྲལ་བ་ནི་ཡོངས་ཤེས་གཅིག་དང་། དགྲ་བཅོམ་པ་གཅིག་དང་ལྡན། ཡང་ན་ཕྱིར་


DLL1003_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མི་འོང་གཟུགས་ལ་ཆགས་བྲལ་འབྲས་བུ་གཉིས་དང་ལྡན། གཟུགས་ལ་ཆགས་པ་དང་མ་བྲལ་བའི་ཕྱིར་མི་འོང་དང་དགྲ་བཅོམ་པ་ལ་འབྲས་བུ་རེ་རེ་ལས་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ཡོད་དེ། ཁམས་རིལ་པོ་ལས་འདོད་ཆགས་དང་བྲལ་བ་དང་། འབྲས་བུ་ཐོབ་པའི་ཕྱིར་དེ་དག་བསྡོམས་ནས་རེ་རེ་བཞག་པའི་ཕྱིར། ལྔ་པ་ནི། ཡོངས་ཤེས་དུ་ཅིག་ཅར་གཏོང་ཞེ་ན། གང་ཟག་ལ་ལ་ཡོངས་ཤེས་གཅིག་གཏོང་སྟེ། དཔེར་ན། དགྲ་བཅོམ་གྱི་འབྲས་བུ་ལས་ཉམས་པ་བཞིན་ནོ། །གཉིས་ཅིག་ཅར་གཏོང་བ་ཡོད་དེ། དགྲ་བཅོམ་གྱི་འབྲས་བུ་ཐོབ་པ་བཞིན་ནོ། །ལྔ་ཅིག་ཅར་གཏོང་བ་ཡོད་དེ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་བཞིན་ནོ། །དྲུག་ཅིག་ཅར་གཏོང་བ་ཡོད་དེ། མཐར་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་བཞིན་ནོ། འོ་ན་ཡོངས་ཤེས་དུ་ཅིག་ཅར་འཐོབ་ཅེ་ན། ཡོངས་ཤེས་གཅིག་འཐོབ་པ་ཡོད་དེ། དགྲ་བཅོམ་གྱི་འབྲས་བུ་ཐོབ་པ་བཞིན། གཉིས་ཅིག་ཅར་འཐོབ་པ་ཡོད་དེ། དགྲ་བཅོམ་གྱི་འབྲས་བུ་ལས་ཉམས་པ་བཞིན། དྲུག་ཅིག་ཅར་འཐོབ་པ་ཡོད་དེ། མཐར་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་ལས་ཉམས་པ་བཞིན་ནོ། །ཡོངས་ཤེས་ལྔ་ཅིག་ཅར་འཐོབ་པ་མེད་དེ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་ལས་ཉམས་པ་མི་སྲིད་པའི་ཕྱིར་ཏེ། དེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་བརྟན་པར་བྱས་པའི་ཕྱིར། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ཕྲ་རྒྱས་བསྟན་པ་ཞེས་བྱ་བ་སྟེ་གནས་ལྔ་པའི་རྣམ་པར་


DLL1003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའོ།། །།ལམ་དང་གང་ཟག་བསྟན་པ། རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དྲུག་པ་ལམ་དང་གང་ཟག་བསྟན་པའི་གནས་བཤད་པ་ལ་བཞི། དམིགས་ཡུལ་འཕགས་པའི་བདེན་པ། བདེན་པ་མངོན་པར་རྟོགས་པའི་རིམ་པ། བདེན་པ་མངོན་རྟོགས་ལ་གནས་པའི་གང་ཟག །མངོན་རྟོགས་ཀྱི་ལམ་བསྟན་པའོ། །དང་པོ་ལ་ལྔ། མཚམས་སྦྱར། ལམ་རང་གི་ངོ་བོ། བདེན་བཞི་དངོས། འདུ་བྱེད་ཐམས་ཅད་སྡུག་བསྔལ་དུ་སྒྲུབ་པ། ཞར་ལ་བདེན་གཉིས་བཤད་པའོ། །དང་པོ་ནི། སྤངས་པ་ནི་ཡོངས་སུ་ཤེས་པའི་མིང་འཐོབ་བོ་ཞེས་བཤད་ན། གཉེན་པོ་གང་གིས་སྤང་བྱ་གང་སྤངས་པ་ལས་ཡོངས་ཤེས་ཀྱི་མིང་འཐོབ་ཅེ་ན། །བདེན་པ་མཐོང་དང་བསྒོམས་པ་ལས། །ཉོན་མོངས་སྤངས་པ་ཞེས་བཤད་པ། །བདེན་པ་མཐོང་བ་དང་བསྒོམས་པ་ལས། ཉོན་མོངས་སྤངས་པའི་སྟོབས་ཀྱིས་ཡོངས་ཤེས་ཀྱི་མིང་འཐོབ་བོ་ཞེས་བཤད་པ་ཡིན་ནོ། །གཉིས་པ་ནི། བདེན་པ་མཐོང་དང་བསྒོམས་པ་ལས། ཞེས་བཤད་ན། ལམ་དེའི་ངོ་བོ་ཟག་བཅས་དང་ཟག་མེད་གང་ཡིན་ཞེ་ན། སྒོམ་པའི་ལམ་ནི་ཟག་བཅས་དང་ཟག་མེད་གཉིས་ཀ་ཡོད་པ་ཡིན་ཏེ། ཟག་པ་རྒྱས་སུ་རུང་བ་དང་མི་རུང་བ་གཉིས་ཀ་ཡོད་པའི་ཕྱིར། མཐོང་བ་ཞེས་བྱ་བའི་ལམ་ཟག་པ་མེད་པ་ཡིན་ཏེ། སྲིད་རྩེའི་གཉེན་པོ་ཡིན་པ་དང་། མཐོང་སྤངས་དགུ་ཅིག་ཅར་སྤོང་བའི་ཕྱིར། གསུམ་པ་ནི། བདེན་པ་ཞེས་བཤད་ན། དེ་ལ་དབྱེ་ན་དུ་ཡོད་ཅེ་ན། བདེན་པ་དག་ནི་བཞིར་བཤད་དོ། །གང་དུ་ན། ཟག་མེད་ལམ་གྱི་བདེན་པ་དང་། ཞེས་དང་། སོ་སོར་བརྟགས་པས་འགོག་པ་གང་། །ཞེས་པ་དང་། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ཞེས་པའི་སྐབས་


DLL1003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཤད་དོ། །འོ་ན་རིམ་པའང་དེ་ལྟར་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྡུག་བསྔལ་དང་ཀུན་འབྱུང་དང་དེ་བཞིན་དུ་འགོག་པ་དང་ལམ་གྱི་བདེན་པ་སྟེ་དེ་ལྟར་ན་རིམ་པ་འདི་ལྟར་ཡིན་ནོ། །ཀུན་འབྱུང་རྒྱུ་ཡིན་པས་སྔར་བསྟན་རིགས་སོ་ཞེ་ན། སྐྱོན་མེད་དེ། བདེན་བཞི་དེ་དག་ཇི་ལྟར་མངོན་པར་རྟོགས་པའི་རིམ་པ་དང་མཐུན་པར་བསྟན་པའི་ཕྱིར། བཞི་པ་ནི། སྡུག་བསྔལ་དེ་ཚོར་བའི་ཕོགས་གཅིག་མིན་ནམ། ཅིའི་ཕྱིར་ཟག་བཅས་ཐམས་ཅད་སྡུག་བསྔལ་ཡིན་ཞེ་ན། །ཡིད་འོང་ཡིད་དུ་མི་འོང་དང་། །དེ་ལས་གཞན་ཟག་བཅས་རྣམས་ཉིད། །སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །ཚོར་བ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་དེ་ལས་གཞན་ཟག་བཅས་རྣམས་ཉིད་ཆོས་ཅན། ཁྱོད་ཅི་རིགས་པ་མ་ལུས་པ་སྡུག་བསྔལ་བ་ཡིན་ཏེ། ཁྱོད་སྡུག་བསྔལ་ཉིད་གསུམ་ཅི་རིག་པ་དང་ལྡན་པའི་ཕྱིར། ལྔ་པ་ནི། བདེན་པ་བཞི་ཞེས་ཀྱང་བཤད། བདེན་པ་གཉིས་ཞེས་ཀྱང་བཤད་ན། བདེན་གཉིས་དེ་དག་གང་ཡིན་ཞེ་ན། གང་ལ་བཅོམ་པ་དང་བློས་ཆོས་གཞན་སོ་སོར་བསལ་བ་ན། དེ་འཛིན་གྱི་བློ་མི་འཇུག་པ་ནི་བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ་ཡོད་དོ། །དེ་ཡང་བཅོམ་པས་དེར་འཛིན་གྱི་བློ་མི་འཇུག་པ་ནི་བུམ་པ་ལྟ་བུ་ཡིན་ཏེ། དེ་ཐོ་བས་བཅོམ་པ་ན་བུམ་འཛིན་གྱི་བློ་འདོར་བའི་ཕྱིར། བློས་ཆོས་གཞན་སོ་སོར་བསལ་བ་ན་དེར་འཛིན་གྱི་བློ་མི་འཇུག་པ་ནི་ཆུ་ལྟ་བུ་ཡིན་ཏེ། ཆུ་དེའི་སྟེང་དུ་བློས་གཟུགས་དྲི་ལ་སོགས་པའི་ཆོས་གཞན་སོ་སོར་བསལ་བ་ན་ཆུར་འཛིན་གྱི་བློ་འདོར་བའི་ཕྱིར། གང་ལ་བཅོམ་པ་དང་བློས་ཆོས་གཞན་སོ་སོར་བསལ་བ་ན་དེར་འཛིན་གྱི་བློ་མི་འཇུག་པ་ལས་གཞན་ནི་དོན་དམ་པར་ཡོད་པ་ཡིན་ཏེ། དཔེར་ན། གཟུགས་ཀྱི་རྡུལ་ཕྲ་རབ་དང་


DLL1003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས་ལྟ་བུའོ། གཉིས་པ་བདེན་པ་མངོན་པར་རྟོགས་པའི་རིམ་པ་ལ། བསྟན། བཤད་དོ། །དང་པོ་ནི། ཐབས་གང་གིས་བདེན་པ་མངོན་སུམ་དུ་མཐོང་བར་འགྱུར་ཞེ་ན། དང་པོར་རྣམ་པར་མི་གཡེང་བའི་རྒྱུར་སོ་སོར་ཐར་པ་རིས་བདུན་གང་རུང་གི་ཚུལ་ཁྲིམས་ལ་གནས་ཏེ། དེ་ནས་མི་རྨོངས་པའི་རྒྱུར་བདེན་པ་མངོན་སུམ་དུ་མཐོང་བ་དང་མཐུན་པའི་ཆོས་ཉན་ནས་ཐོས་བྱུང་གི་ཤེས་རབ་བསྐྱེད། དེ་ནས་གཏན་ལ་འབེབས་པའི་རྒྱུ་བསམ་བྱུང་གི་ཤེས་རབ་དང་ལྡན་པས། ཉོན་མོངས་པ་དང་འབྲལ་བའི་རྒྱུར་སྒོམ་པ་ལ་ནི་རབ་ཏུ་སྦྱོར་བ་ལས་བདེན་པ་མངོན་སུམ་དུ་མཐོང་བར་འགྱུར་རོ། །གཉིས་པ་ལ་གསུམ། ཤེས་རབ་ཀྱི་རང་བཞིན། རྟེན་སྣོད་དུ་རུང་བའི་ཆོས་ཀྱི་ཁྱད་པར་སྒོམ་པ་ལ་འཇུག་པའི་ཚུལ་དངོས་སོ། །དང་པོ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བཤད་ན། ཤེས་རབ་གསུམ་གྱི་རང་བཞིན་དེ་གང་ཞེ་ན། ཐོས་པ་དང་ལ་སོགས་པ་བསམ་བྱུང་དང་སྒོམ་པ་ལས་བྱུང་བའི་བློ་རྣམས་ནི། མིང་དང་མིང་དོན་གཉིས་ཀ་དང་དོན་གྱི་ཡུལ་ཅན་ཡིན་ཞེས་ཟེར། སློབ་དཔོན་དབྱིག་གཉེན་ན་རེ། ཡིད་ཆེས་ཀྱི་ལུང་ཚད་མ་ལས་སྐྱེས་པ་དང་། རིགས་པས་བརྟགས་པ་ལས་སྐྱེས་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས་རབ་གསུམ་ནི། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཡིན་གསུང་། གཉིས་པ་ནི། གང་ཟག་གང་གིས་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། ལུས་འདུ་འཛི་དང་སེམས་རྣམ་རྟོག་ལས་བསྲིངས་པའི་བསྲིངས་པ་གཉིས་ལྡན་གྱི་གང་ཟག་གིས་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་གང་


DLL1003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སླ་བ་ཡིན་ཞེ་ན། འདོད་ཆུང་ཆོག་ཤེས་པ་སླའི། ཆོག་མི་ཤེས་པ་དང་འདོད་ཆེན་ཅན་ལ་སླ་བ་མ་ཡིན་ནོ། །འོ་ན་དེའི་ངོ་བོ་གང་ཞེ་ན། ཆོས་གོས་སོགས་རྙེད་པ་ལ་ཡང་སྲེད་པ་ནི་ཆོག་མི་ཤེས་པ་ཡིན་ལ། མ་རྙེད་པ་ལ་འདོད་པ་ནི་འདོད་ཆེན་ཅན་ཡིན་ནོ། །དེ་ལས་བཟློག་པ་ནི་དེའི་གཉེན་པོ་འདོད་ཆུང་ཆོག་ཤེས་དག་ཡིན་ནོ། །འདོད་ཆུང་ཆོག་ཤེས་དེ་གཉིས་ལ་ཁམས་གསུམ་དུ་གཏོགས་པ་དང་དྲི་མ་མེད་པ་གཉིས་ཡོད་དོ། །འོ་ན་དེའི་ངོ་བོ་གང་ཞེ་ན། འདོད་ཆུང་ཆོག་ཤེས་ནི་ཆོས་ཅན། མ་ཆགས་པ་ཡིན་ཏེ། ཆགས་པའི་གཉེན་པོ་ཡིན་པའི་ཕྱིར། འཕགས་པའི་རིགས་ཡིན་ཏེ། ཁྱོད་ལ་བརྟེན་ནས་ཟག་མེད་ཀྱི་ལམ་སྐྱེ་བའི་ཕྱིར། དེ་ལ་དགོངས་ནས་ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས། བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས། སྤོང་བ་དང་སྒོམ་པ་ལ་དགའ་བ་འཕགས་པའི་རིགས་ཞེས་རིགས་བཞི་དཀའ་སྩལ་ཏོ། །དེ་དག་གི་ནང་ནས་དང་པོ་གསུམ་མ་ཆགས་པ་ཡིན་ཏེ། འདོད་ཆུང་ཆོག་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར། ཕྱི་མ་ཡང་དེ་ཡིན་ཏེ། སྤོང་བ་ནི་འགོག་བདེན་དང་སྒོམ་པ་ནི་ལམ་བདེན་ཡིན་ལ། དེ་ལ་དགའ་བ་ནི་སྲིད་པའི་འདོད་ཆགས་དང་འདོད་པའི་འདོད་ཆགས་ལས་རྒྱབ་ཀྱིས་ཕྱོགས་པ་ཡིན་པའི་ཕྱིར། རིགས་བཞིས་གང་བསྟན་ཅེ་ན། དང་པོ་གསུམ་གྱིས་ཚུལ་བསྟན། ཐ་མས་ལས་བསྟན་པ་ཡིན་ཏེ། ཚུལ་འདི་ལྟ་བུ་ལ་གནས་ནས་ལས་འདི་ལྟ་བུ་བྱས་ན་མྱུར་དུ་ཐར་པ་ཐོབ་པར་


DLL1003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་བསྟན་པའི་ཕྱིར། དགོས་པ་གང་གི་ཕྱིར་དུ་རིགས་བཞི་བསྟན་ཅེ་ན། སྲེད་པ་སྐྱེ་བའི་གཞིའི་གཉེན་པོའི་ཕྱིར་དུ་རིགས་བཞི་བསྟན་ཏེ། བདག་གིར་འཛིན་པ་ཆོས་གོས་སོགས་ཀྱི་དངོས་པོ་འདོད་པ་དེའི་དུས་རེ་ཞིག་ཞི་བར་བྱ་བའི་ཕྱིར་དུ་རིགས་དང་པོ་གསུམ་བསྟན། བདག་ཏུ་འཛིན་པའི་དངོས་པོ་འདོད་པ་དེའི་དུས་གཏན་དུ་ཞི་བའི་ཕྱིར་དུ་རིགས་ཕྱི་མ་བསྟན་པའི་ཕྱིར། གསུམ་པ་སྒོམ་པ་ལ་འཇུག་པའི་ཚུལ་དངོས་ལ། ཞི་གནས་དང་། ལྷག་མཐོང་གཉིས། དང་པོ་ལ། བསྟན། བཤད་དོ། །དང་པོ་ནི། དེ་ལྟར་གྱུར་པའི་རྟེན་གྱི་གང་ཟག་དེ་ཇི་ལྟར་སྒོམ་པ་ལ་འཇུག་ཅེ་ན། མི་སྡུག་པ་བསྒོམ་པ་དང་དབུགས་འབྱུང་བ་དང་རྔུབ་པ་དྲིན་པ་ཡིས་སེམས་ལེགས་པར་བཏུལ་ཏེ་སྒོམ་པ་དེ་ལ་འཇུག་པ་ཡིན། གང་ཟག་གང་གིས་སྒོམ་ན། འདོད་ཆགས་ལྷག་པས་མི་སྡུག་པ་སྒོམ། རྣམ་རྟོག་ལྷག་པས་དབུགས་འབྱུང་རྔུབ་སྒོམ་པར་འགྱུར་རོ། །གཉིས་པ་ལ། མི་སྡུག་པ་བསྒོམ་པ་དང་། དབུགས་འབྱུང་རྔུབ་བསྒོམ་པའོ། །དང་པོ་ནི། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་ཇི་ལྟར་བསྒོམ་ཞེ་ན། ཁ་དོག་དང་དབྱིབས་དང་རེག་བྱ་དང་རྙེད་བཀུར་ལ་སོགས་པའི་འདོད་ཆགས་ཀྱི་གཉེན་པོར་འདུ་ཤེས་དགུ་སྒོམ་པར་བྱེད་ལ། ཀེང་རུས་སྒོམ་པ་ཆགས་བཅས་ཐམས་ཅན་ལ་ཤིས་པ་ཡིན་ཏེ། དེ་ལ་ཆགས་པའི་གནས་བཞི་པོ་མི་འབྱུང་བའི་ཕྱིར། འོ་ན་ཀེང་རུས་ཇི་ལྟར་བསྒོམ་ཞེ་ན། དང་པོར་དཔྲལ་བའི་དབྱེས་ལྟ་བུར་སེམས་གཏད་དེ། རུས་པར་མོས་ཤིང་དེ་ནས་རིམ་གྱིས་རྒྱ་མཚོའི་མཐའ་ཀླས་པའི་བར་དུ་ནི་རུས་པར་སྤྲོ་ཞིང་། སྡུད་པའི་ཚེ་རང་གི་ལུས་མ་གཏོགས་པ་བསྡུས་པས། ཡིད་ལ་བྱེད་པ་ལས་


DLL1003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་བ་ཞེས་བྱའོ། །དེ་ནས་སྤྲོ་བའི་ཚེ་སྔར་དང་འདྲ་ཞིང་། སྡུད་པའི་ཚེ་ཀེང་རུས་ནས་ནི་ཐོད་ཕྱེད་ཀྱི་བར་དུ་བཏང་བས། ཡིད་ལ་བྱེད་པ་སྦྱང་བ་བྱས་པར་བཤད་དོ། །དེ་ནས་སྤྲོ་བའི་ཚེ་སྔར་དང་འདྲ་ལ། སྡུད་པའི་ཚེ་སྨིན་མ་གཉིས་ཀྱི་བར་དུ་རུས་པ་མཐེབ་གང་ཙམ་ལ་སེམས་འཛིན་པས། ཡིད་ལ་བྱེད་པ་རྫོགས་པ་ཞེས་བྱ་བ་ཡིན་ནོ། །མི་སྡུག་པ་བསྒོམ་པའི་ངོ་བོ་གང་ཞེ་ན། མ་ཆགས་པ་ཡིན་ཏེ། ཆགས་པའི་གཉེན་པོ་ཡིན་པའི་ཕྱིར། དེ་ས་བཅུས་བསྡུས་ཏེ། འདོད་པ་དང་བསམ་གཏན་ས་དགུས་བསྡུས་པའི་ཕྱིར། དམིགས་པ་འདོད་པའི་སྣང་བ་ཡིན་ཏེ། འདོད་པའི་ཁ་དོག་དང་དབྱིབས་ལ་དམིགས་པའི་ཕྱིར། རྟེན་གང་གིས་སྐྱེད་ཅེ་ན། གླིང་གསུམ་གྱི་མིས་སྐྱེད་པ་ཡིན་ནོ། །གཉིས་པ་ནི། དབུགས་འབྱུང་རྔུབ་དྲན་པའི་ངོ་བོ་གང་ཞེ་ན། དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བ་དྲན་པ་ནི་དབུགས་འབྱུང་རྔུབ་དྲན་པ་སྟེ་ཤེས་རབ་ཡིན་ནོ། །ཅིའི་ཕྱིར་དྲན་པ་ཞེས་བྱ་ཞེ་ན། ཡོད་དེ། འདི་དྲན་པའི་སྟོབས་བསྐྱེད་ནས་ཡུལ་ལ་འཇུག་པའི་ཕྱིར། བསམ་གཏན་དང་པོ་གསུམ་གྱི་ཉེར་བསྡོགས་གསུམ་དང་། བསམ་གཏན་ཁྱད་པར་ཅན་དང་། འདོད་པ་དང་ལྔས་བསྡུས་ཏེ། རང་གི་ས་པའི་དབུགས་འབྱུང་རྔུབ་ལ་དམིགས་པའི་བློ་གང་ཞིག །ངེས་པར་བཏང་སྙོམས་དང་མཚུངས་ལྡན་ཡིན་པའི་ཕྱིར། སྤྱོད་ཡུལ་གང་ཞེ་ན། སྤྱོད་ཡུལ་རླུང་ཡིན་ནོ། །འདོད་པའི་ལྷ་དང་མིའི་རྟེན་ཅན་ཡིན་ཏེ། དེ་གཉིས་རྣམ་རྟོག་མང་བའི་ཕྱིར། འདི་ནང་པ་སངས་རྒྱས་པའི་ཡིན་གྱི་ཕྱི་པ་མུ་སྟེགས་པའི་མ་ཡིན་ཏེ། ཕྱི་པ་ལ་ཆོས་ཟབ་མོ་འདིའི་ལུང་མེད་པའི་ཕྱིར་དང་། ལུང་མེད་


DLL1003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆོས་ཟབ་མོ་འདི་རྟོགས་མི་ནུས་པའི་ཕྱིར། ཟབ་པའི་ཁྱད་པར་དུ་ཞེ་ན། བགྲང་བ་དང་། ལ་སོགས་པ་རྗེས་སུ་འགྲོ་བ་དང་། འཇོག་པ་དང་། རྟོག་པ་དང་། སྒྱུར་བ་དང་། ཡོངས་སུ་དག་པ་སྟེ་རྣམ་པ་དྲུག་ཡོད་དོ། །དབུངས་འབྱུང་རྔུབ་ཀྱི་ངོ་བོ་དེ་ས་གང་གིས་བསྡུས་ཤེ་ན། དབུགས་རྔུབ་པ་དང་དབུགས་འབྱུང་བ་ནི་ལུས་གང་ལས་བྱུང་བའི་སས་བསྡུས་ཏེ། ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། སེམས་ཅན་དུ་སྟོན་པ་ཞེས་བྱ་བ་ཡིན་ཏེ། རྒྱུད་ཀྱིས་བསྡུས་པའི་ཕྱིར། མ་ཟིན་པ་ཡིན་ཏེ། དབང་པོ་གཟུགས་ཅན་གྱི་ཚོགས་པ་ན་མེད་པའི་རླུང་ཡིན་པའི་ཕྱིར། རྒྱུ་མཐུན་ལས་བྱུང་སྟེ། སྐལ་མཉམ་གྱི་རྒྱུ་ལས་བྱུང་བའི་ཕྱིར། འོག་མའི་ཡིད་ཀྱིས་གོང་མའི་དབུགས་འབྱུང་རྔུབ་དེ་གཉིས་མི་རྟོགས་སོ། །གཉིས་པ་ལ། ཚོགས་ལམ། སྦྱོར་ལམ། བདེན་པ་མངོན་པར་རྟོགས་པའི་ལམ་མོ། །དང་པོ་ནི། ཞི་གནས་གྲུབ་པར་གྱུར་པའི་རྗེས་སུ་ལྷག་མཐོང་གི་ངོ་བོར་གྱུར་པའི་དྲན་པ་ཉེར་གཞག་བསྒོམ་པར་བྱ་སྟེ། ཞི་གནས་གྲུབ་ཀྱང་ལྷག་མཐོང་མ་གྲུབ་ན་ཉོན་མོངས་པ་སྤོང་མི་ནུས་པའི་ཕྱིར་ཏེ། མདོ་ལས་ཉོན་མོངས་པ་ནི་ཡེ་ཤེས་ཀྱིས་གཞོམ་པར་བྱ་ཞེས་གསུངས་པའི་ཕྱིར། འོ་ན་དྲན་པ་ཉེར་གཞག་ཇི་ལྟར་བསྒོམ་ཞེ་ན། ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་རང་སྦྱིའི་མཚན་ཉིད་གཉིས་གཉིས་སུ་ཡོངས་སུ་བརྟགས་ནས་བསྒོམ་མོ། །དྲན་པ་ཉེར་གཞག་ལ་གསུམ་ཡོད་དེ། རང་བཞིན་དྲན་པ་ཉེར་གཞག །འབྲེལ་པ་དྲན་པ་ཉེར་བཞག །དམིགས་པ་དྲན་པ་ཉེར་གཞག་རྣམས་སུ་ཡོད་པའི་ཕྱིར། དང་པོ་ནི་ཤེས་རབ་ཡིན་ལ། དེ་ལ་ཐོས་པ་དང་སོགས་པ་བསམ་པ་


DLL1003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒོམ་པ་ལས་བྱུང་བའི་ཤེས་རབ་གསུམ། འདི་སྐྱེས་ཐོབ་མིན་ཏེ། སྦྱོར་བྱུང་ཡིན་པའི་ཕྱིར། གཞན་འབྲེལ་བ་དྲན་པ་ཉེར་གཞག་ནི། ཤེས་རབ་དང་མཚུངས་ལྡན་དང་འབྲེལ་བ་ལ་གཞག །གསུམ་པ་ནི་དེ་གཉིས་ཀྱི་དམིགས་པ་ལ་བཞག་གོ །དྲན་པ་ཉེར་བཞག་གི་རིམ་པ་ཇི་ལྟར་ཡིན་ཞེ་ན། རིམ་པ་ནི་ཇི་ལྟར་སྐྱེ་བའི་རིམ་པ་དང་མཐུན་པ་བཞིན་དུ་བཞག་སྟེ། སྔ་མ་སྔ་མ་རགས་པས་རྟོགས་སླ་བའི་ཕྱིར། དྲན་པ་ཉེར་གཞག་ལ་བཞིར་ངེས་པའི་རྒྱུ་མཚན་ཡོད་དེ། ལུས་གཙང་བ་དང་། ཚོར་བ་བདེ་བ་དང་། སེམས་རྟག་པ་དང་། ཆོས་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོར་བཞི་བཞག་པའི་ཕྱིར། དེ་ལྟར་གོམས་པའི་རྣལ་འབྱོར་པ་དེ་ནི་ཆོས་དྲན་པ་ཉེ་བར་གཞག་པ་སྤྱི་ལ་དམིགས་པ་ལ་གནས་ཏེ། ལུས་ལ་སོགས་པ་དེ་དག་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ལྟའོ། །གཉིས་པ་ལ། སྦྱོར་ལམ་གྱི་རང་བཞིན། ཆོས་ཀྱི་ཁྱད་པར། དོགས་གཅོད་གཞན་བསྟན་པའོ། །དང་པོ་ནི། ཚོགས་ལམ་གྱི་སྐབས་སུ་ཆོས་དྲན་པ་ཉེར་གཞག་སྤྱི་ལ་དམིགས་པ་གོམས་པར་བྱས་པ་དེ་ལས་དྲོ་བར་གྱུར་པ་འབྱུང་ངོ་། །ཅིའི་ཕྱིར་དྲོ་བར་གྱུར་པ་ཞེས་བྱ་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་སུ་གྱུར་པའི་ཕྱིར། དྲོ་བར་གྱུར་པ་དེ་ནི་བདེན་པ་བཞིའི་སྤྱོད་ཡུལ་ཅན་དང་། རྣམ་པ་མི་རྟག་པ་སོགས་བཅུ་དྲུག་ཚང་བར་སྒོམ་པ་ཡིན། དྲོ་བ་ཆུང་ངུ་འབྲིང་ཆེན་པོ་གསུམ་འཕེལ་བ་ལས་རྩེ་མོར་གྱུར་པ་འབྱུང་།ཅིའི་ཕྱིར་རྩེ་མོར་གྱུར་པ་ཞེས་བྱ་ཞེ་ན། དགེ་བའི་རྩ་བ་གཡོ་བའི་


DLL1003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོ་ཡིན་པའི་ཕྱིར། རྩེ་མོ་དེ་ཡང་དྲོ་བ་དེ་དང་འདྲ་བར་བདེན་བཞིའི་སྤྱོད་ཡུལ་ཅན་དང་། རྣམ་པ་མི་རྟག་པ་སོགས་བཅུ་དྲུག་ཚང་བར་སྒོམ་པ་ཡིན། དྲོད་རྩེ་གཉིས་ཀ་དང་པོར་བདེན་པ་ལ་ཆོས་དྲན་པ་ཉེར་བཞག་ཉིད་ཀྱིས་རྣམ་པ་གཏོད་ཅིང་། དྲན་པ་ཉེ་བར་གཞག་པ་གཞན་དག་གིས་ཀྱང་འཕེལ་བར་བྱེད་དོ། །རྩེ་མོ་ཆུང་ངུ་འབྲིང་ཆེན་པོ་གསུམ་འཕེལ་བ་དེ་ལས་བཟོད་པ་ཡང་སྐྱེའོ། །ཅིའི་ཕྱིར་བཟོད་པ་ཞེས་བྱ་ཞེ་ན། བདེན་པ་ལ་ཆེར་བཟོད་པའི་དོན་གྱིས་ནིའོ། །དེ་ལས་བཟོད་པ་ཆུང་འབྲིང་གཉིས་པདེན་པ་ལ་རྣམ་པ་གཏོད་ཚུལ་རྩེ་མོ་ལ་སྦྱར་བ་དེ་བཞིན་དུ་ཤེས་པར་བྱའོ། །བཟོད་པ་ཆུང་ངུ་འབྲིང་ཆེན་པོ་ཐམས་ཅད་ཆོས་དྲན་པ་ཉེར་གཞག་གིས་འཕེལ་བར་བྱེད་དེ། བཟོད་པ་ཆེན་པོ་དེ་འདོད་པར་གཏོགས་པའི་སྡུག་བསྔལ་གྱི་ཡུལ་ཅན་ཡིན་ཏེ། ཆོས་མཆོག་ལ་ཉེ་བའི་ཕྱིར། བཟོད་པ་ཆེན་པོ་དེ་ནི་སྐད་ཅིག་མ་གཅིག་ཡིན་ལ། དེ་བཞིན་དུ་ཆོས་མཆོག་ཀྱང་སྐད་ཅིག་མ་གཅིག་ཡིན་ནོ། །ངེས་འབྱེད་ཆ་མཐུན་ཐམས་ཅད་གཙོ་བོ་ཤས་རབ། འཁོར་དང་བཅས་ན་ཕུང་པོ་ལྔ་ཡོད་དེ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པའི་ཕྱིར། འོན་ཀྱང་དེ་དག་གི་ཐོབ་པ་ནི་དྲོ་བ་ལ་སོགས་པའི་སྦྱོར་ལམ་དུ་མ་གཏོགས་ཏེ། དེ་དག་གི་ཐོབ་པ་འཕགས་པ་ལའང་མངོན་གྱུར་དུ་འབྱུང་བས། དྲོ་བ་སོགས་ཀྱང་མངོན་གྱུར་དུ་འབྱུང་བར་ཐལ་བའི་ཕྱིར། དེ་ལྟར་ན་ངེས་འབྱེད་ཆ་མཐུན་རྣམ་པ་བཞིའོ། །གཉིས་པ་ནི། སྦྱོར་ལམ་བཞི་པོ་ཐམས་ཅད་སྒོམ་བྱུང་གཙོ་བོར་གྱུར་པ་ཡིན་ཏེ། མཉམ་གཞག་གཙོ་བོར་གྱུར་པ་ལ་བཞག་པའི་ཕྱིར། ས་གང་ལ་རྟེན་ཞེ་ན།


DLL1003_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་གྱི་དངོས་གཞིའི་ས་པ་ཡིན་ཏེ། དེས་བསྡུས་པའི་མཉམ་གཞག་ཡིན་པའི་ཕྱིར། བཙུན་པ་དབྱངས་སྒྲོགས་ལྟར་ན། དྲོད་རྩེ་གཉིས་ནི་འོག་འདོད་པ་ནའང་ཡོད་པ་ཡིན་ཞེས་ཟེར། གང་གི་རྟེན་ཅན་ཡིན་ཞེ་ན། སྦྱོར་ལམ་བཞི་པོ་ཐམས་ཅད་འདོད་པའི་ལྷ་དང་གླིང་གསུམ་གྱི་མིའི་རྟེན་ཅན་ཡིན་ནོ། །ཆོས་མཆོག་བུད་མེད་ཀྱིས་འཐོབ་ན་སྐྱེས་བ་དང་བུད་མེད་གཉིས་ཀའི་རྟེན་ཅན་འཐོབ་པར་འགྱུར་ཏེ། ཚེ་དེ་ཉིད་ལ་མཚན་གྱུར་བའམ། ཡང་ན་འདོད་པར་སྐྱེས་ན་སྐྱེས་པར་འགྱུར་བའི་ཕྱིར། སྐྱེས་པས་ནི་སྐྱེས་པའི་རྟེན་ཅན་ཁོ་ན་འཐོབ་ཀྱི། བུད་མེད་ཀྱི་རྟེན་ཅན་མི་འཐོབ་བོ། །འོ་ན་སྦྱོར་ལམ་དེ་དག་གང་གིས་གཏོང་ཞེ་ན། འཕགས་པས་སྦྱོར་ལམ་དེ་དག་ས་བོར་ནས་གཏོང་ལ། འཕགས་པ་མིན་པས་འཆི་བས་གཏོང་ངོ་། །དང་པོ་དྲོད་རྩེ་གཉིས་མི་མཐུན་པའི་ཕྱོགས་ལས་ཡོངས་སུ་ཉམས་པས་ཀྱང་གཏོང་ངོ་། །བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ཐོབ་པ་ཡིན་ན། ཚེ་དེ་ཉིད་ལ་བདེན་པ་མངོན་སུམ་དུ་མཐོང་བར་འགྱུར་ཏེ། ཡིད་སྐྱོ་བ་ཤས་ཆེ་བའི་ཕྱིར། རྣམ་པར་ཉམས་ཚེ་སྔོན་མེད་པ་འཐོབ་ཀྱི་སྔར་བཏང་བ་མི་འཐོབ་སྟེ། འཁོར་བར་མ་འདྲིས་ཤིང་འབད་པས་བསྒྲུབ་དགོས་པའི་ཕྱིར། ཡོངས་ཉམས་དང་རྣམ་ཉམས་གཉིས་ཀྱི་ངོ་བོ་གང་ཞེ་ན། ཡོངས་ཉམས་ནི་ཉེས་པས་བྱས་པ་ཡིན་ཏེ། དཔེར་ན། ལོག་ལྟས་དགེ་རྩ་ཉམས་


DLL1003_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའོ། །རྣམ་ཉམས་ཡོན་ཏན་གྱིས་ཀྱང་བྱས་པ་ཡོད་དེ། མཐོང་ལམ་གྱིས་སོ་སྐྱེ་ལས་ཉམས་པ་ལྟ་བུའོ། །འོ་ན་སྦྱོར་ལམ་དེ་དག་ཡོན་ཏན་གང་དང་ལྡན་ཞེ་ན། དྲོད་ཐོབ་ནས་ཡོངས་སུ་ཉམས་ཀྱང་ངེས་པར་མྱང་འདས་ཐོབ་པར་འགྱུར། རྩེ་མོ་ཐོབ་ནས་མཚམས་མེད་བྱེད་པ་དང་ངན་སོང་དུ་སྐྱེ་བ་སྲིད་ཀྱང་། དགེ་བའི་རྩ་བ་རྒྱུན་མི་འཆད། བཟོད་པ་ཐོབ་ནས་ངན་སོང་དུ་མི་འགྲོ་སྟེ། ངན་སོང་དུ་སྐྱེ་བའི་ལས་དང་ཉོན་མོངས་པ་ཐག་རིང་དུ་བསྲིངས་པའི་ཕྱིར། གསུམ་པ་ནི། དྲོད་རྩེ་གཉིས་སློབ་མ་ཉན་ཐོས་ཀྱི་རིགས་ལས་ལོག་ནས་ནི་སངས་རྒྱས་སུ་འགྱུར་གྱི། བཟོད་པ་ཐོབ་ནས་སངས་རྒྱས་སུ་འགྱུར་བ་མེད་དེ། བཟོད་པ་ཐོབ་ནས་ངན་སོང་དུ་མི་སྐྱེ་བ་གང་ཞིག་བྱང་སེམས་གཞན་དོན་དུ་ངན་སོང་དུ་སྐྱེ་བའི་ཕྱིར། གཞན་རང་སངས་རྒྱས་སུ་ཡང་གསུམ་པ་བཟོད་པ་འབྲིང་མན་ཆད་ཐོབ་ན་ཡང་འགྱུར་དུ་རུང་སྟེ། རང་སངས་རྒྱས་སུ་འགྱུར་བ་ལ། ངན་སོང་དུ་སྐྱེ་མི་དགོས་པའི་ཕྱིར། །སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །སྟོན་པ་སངས་རྒྱས་དང་བསེ་རུ་ལྟ་བུའི་རང་སངས་རྒྱས་དྲོད་ལ་སོགས་པ་ལ་གནས་པ་རིགས་གཞན་དུ་བསྒྱུར་དུ་མི་རུང་སྟེ། དེས་དྲོད་ནས་བྱང་ཆུབ་ཟད་མི་སྐྱེ་ཤེས་ཀྱི་བར། བསམ་གཏན་གྱི་མཐའ་བཞི་པ་ལ་བརྟེན་ཏེ་སྟན་ཐོག་གཅིག་ལ་ལམ་ཀུན་སྐྱེ་བའི་ཕྱིར། འོ་ན་ངེས་འབྱེད་ཆ་མཐུན་དང་པོ་ནས་སྐྱེའམ། དེའི་སྔོན་དུ་ལམ་གཞན་འགྲོ་དགོས་ཤེ་ན། ངེས་འབྱེད་ཆ་མཐུན་གྱི་སྔོན་དུ་ཐར་པ་ཆ་མཐུན་གྱི་དགེ་རྩ་འགྲོ་བ་ཡིན་ནོ། །ཐར་པ་ཆ་མཐུན་ཐོབ་ནས་ཅི་ཙམ་ན་ཐར་པར་འགྱུར་ཞེ་ན། མྱུར་བ་སྲིད་པ་གསུམ་གྱིས་ཐར་པར་འགྱུར་ཏེ། སྲིད་པ་དང་པོ་ལ་ཐར་པ་ཆ་མཐུན་བསྐྱེད།


DLL1003_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་ངས་འབྱེད་ཆ་མཐུན་བསྐྱེད། གསུམ་པ་ལ་འཕགས་ལམ་ཐོབ་པར་འགྱུར་བའི་ཕྱིར། ཤིན་ཏུ་མྱུར་ན་སྲིད་པ་གཉིས་ཀྱི་མཐར་ཐར་བར་འགྱུར་ཏེ། དང་པོ་ལ་ཐར་པ་ཆ་མཐུན་བསྐྱེད། གཉིས་པ་ལ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ངེས་འབྱེད་ཆ་མཐུན་བསྐྱེད་དེ། ཚེ་དེ་ཉིད་ལ་བདེན་པ་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར། འོ་ན་ཐར་པ་ཆ་མཐུན་གྱི་དགེ་རྩ་དེ་གང་གི་ནང་ནས་འཕེན་ཞེ་ན། གླིང་གསུམ་གྱི་མི་ཡི་ནང་ནས་འཕེན་པར་བྱེད་དེ། མི་ཤེས་རབ་དང་སྐྱེ་བ་ཤས་ཆེ་བའི་ཕྱིར། ངོ་བོ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ། ལས་གསུམ་གྱི་ནང་ནས་ཡིད་ཀྱི་ལས་གཙོ་ཆེའོ། །གསུམ་པ་ནི། འཇིག་རྟེན་པའི་ཆོས་མཆོག་ལས་གང་སྐྱེ་ཞེ་ན། འཇིག་རྟེན་པའི་ཆོས་མཆོག་ལས་ཆོས་ཀྱི་བཟོད་པ་ཟག་པ་མེད་པ་སྐྱེའོ། །དེས་གང་ལ་དམིགས་ན། དེས་ནི་འདོད་པའི་སྡུག་བསྔལ་ལ་དམིགས་པ་ཡིན། དེ་ནས་དེའི་རྗེས་སུ་འདོད་པའི་སྡུག་བསྔལ་དེ་ཉིད་ལ་དམིགས་པའི་ཆོས་ཤེས་འབྱུང་། འདོད་པའི་སྡུག་བསྔལ་ལ་དམིགས་ནས་ཆོས་བཟོད་དང་ཆོས་ཤེས་སྐྱེ་བ་དེ་བཞིན་དུ། འདོད་པའི་སྡུག་བསྔལ་གྱི་ལྷག་མ་གོང་མའི་སྡུག་བསྔལ་ལ་དམིགས་པའི་རྗེས་བཟོད་དང་རྗེས་ཤེས་སྐྱེ་ལ། བདེན་པ་གཞན་གསུམ་ལའང་དམིགས་པའི་ཤེས་བཟོད་སྐད་ཅིག་མ་བཞི་བཞི་སྐྱེ་བ་དེ་བཞིན་ནོ། །དེ་ལྟར་ན་བདེན་པ་མངོན་པར་རྟོགས་པ་འདི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གོ །དེ་དག་བསྡུ་ན་རྣམ་པ་གསུམ་སྟེ། མཐོང་བ་མངོན་རྟོགས། དམིགས་པ་མངོན་རྟོགས། བྱ་བ་མངོན་རྟོགས་


DLL1003_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་གསུམ་ཡོད་པའི་ཕྱིར། བདེན་པ་མངོན་པར་རྟོགས་པའི་ལམ་དེ་ས་གང་ལ་བརྟེན་ཞེ་ན། དེ་ནི་བསམ་གཏན་ས་དྲུག་ལ་བརྟེན་པ་ཡིན་ཏེ། ཆོས་མཆོག་དང་ས་གཅིག་པའི་ཕྱིར། ཤེས་བཟོང་དེ་གཉིས་ལས་གཉེན་པོ་གང་ཞེ་ན། བཟོད་པ་བརྒྱད་ནི་གཉེན་པོ་ཡིན་ཏེ། བར་ཆད་མེད་ལམ་ཡིན་པའི་ཕྱིར། རྐུན་པོ་ཕྱིར་ཕྱུང་བ་བཞིན། ཤེས་པ་བརྒྱད་ནི་གཉེན་པོ་མ་ཡིན་ཏེ། རྣམ་གྲོལ་ལམ་ཡིན་པའི་ཕྱིར། དཔེར་ན། སྒོ་འཕར་བཅད་པ་བཞིན་ནོ། །དེ་གཉིས་མཐོང་ལམ་དང་སྒོམ་ལམ་གང་ཡིན་ཞེ་ན། དེ་ལ་སྐད་ཅིག་མ་དང་པོ་བཅོ་ལྔ་ནི་མཐོང་བའི་ལམ་ཡིན་ཏེ། བདེན་པ་སྔར་མ་མཐོང་བ་གསར་དུ་མཐོང་བའི་ལམ་ཡིན་པའི་ཕྱིར། སྐད་ཅིག་མ་བཅུ་དྲུག་པ་ནི་སྒོམ་པའི་ལམ་ཡིན་ཏེ། བདེན་པ་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ལམ་ཡིན་པའི་ཕྱིར། །གསུམ་པ་བདེན་བ་མངོན་རྟོགས་ལ་གནས་པའི་གང་ཟག་ལ། དབྱེ་བ་བསྡུས་ཏེ་བསྟན། མཇུག་བསྡུ་བའོ། །དང་པོ་ལ་ཆགས་བྲལ་སྔོན་སོང་། མཐར་གྱིས་པའོ། །དང་པོ་ལ་ཞུགས་གནས་གཉིས། དང་པོ་ནི། མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་དེ་དག་ཏུ་གནས་པའི་དབང་པོ་རྟུལ་པོ་ཆོས་ཅན། དད་པའི་རྗེས་སུ་འབྲང་བ་ཡིན་ཏེ། གཞན་ལ་དད་པའི་ཚིག་གི་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྟོགས་པ་ཡིན་པའི་ཕྱིར། དེ་ལ་གནས་པའི་དབང་པོ་རྣོན་པོ་ཆོས་ཅན། ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། གཞན་གྱི་དྲིང་མི་འཇོག་པར་ཆོས་གསུང་རབ་ཀྱི་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྟོགས་པ་ཡིན་པའི་ཕྱིར། སྒོམ་པས་སྤང་བར་བྱ་བམ་སྤངས་པའམ། འདོད་ཉོན་དང་པོ་ནས་


DLL1003_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ལྔའི་བར་བཅོམ་པ་ནི་འབྲས་བུ་དང་པོ་ལ་ཞུགས་པ་ཡིན་ནོ། །འདོད་ཉོན་དྲུག་པ་ནས་དགུ་པ་ཚུན་ཆད་ཏེ་བརྒྱད་པ་ཟད་པ་དེ་འབྲས་བུ་གཉིས་པ་ལ་ཞུགས་པ་ཡིན། འདོད་པ་ལ་འདོད་ཆགས་དང་བྲལ་བའམ། ཡང་ན་གོང་མ་ཅི་ཡང་མེད་མན་ཆད་ལ་འདོང་ཆགས་དང་བྲལ་བ་ནི་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ནོ། །གཉིས་པ་ནི། དད་པ་དང་ཆོས་ཀྱི་རྗེས་འབྲང་གང་ཞིག་འབྲས་བུ་གང་ལ་ཞུགས་པ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ལ་གནས་པ་ནི་དེའི་འབྲས་བུ་ལ་གནས་པ་ཡིན། སྐད་ཅིག་མ་བཅུ་དྲུག་པ་ལ་གནས་པ་དེའི་ཚེ་དབང་པོ་རྟུལ་པོ་དེ་དད་པས་མོས་པ་ཡིན་ཏེ། དད་པས་ལྷག་པར་མོས་པའི་ཕྱིར། དབང་པོ་རྣོན་པོ་དེ་མཐོང་བས་ཐོབ་པ་ཡིན་ཏེ། ཤེས་རབ་ལྷག་པས་འབྲས་བུ་ཐོབ་པའི་ཕྱིར། འདོད་པའི་སྒོམ་སྤང་རྣམ་པ་ལྔའི་བར་སྤངས་པ་སྐད་ཅིག་མ་བཅུ་དྲུག་པ་ལ་གནས་པ་དེ། ཕྱིར་འོང་ཞུགས་པ་མ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། སྐད་ཅིག་མ་བཅུ་དྲུག་པ་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ། འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱ་བའི་ཕྱིར་དུ་མི་བརྩོན་པ་ནི་ཆོས་ཅན། ཕྱིར་འོང་ཞུགས་པ་མ་ཡིན་ཏེ། རྒྱུན་ཞུགས་འབྲས་གནས་ཙམ་པོ་ཐོབ་པ་གང་ཞིག །རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གྱི་ལམ་ཐོབ་པ་མེད་པས་དེའི་ཕྱིར། ཁྱབ་སྟེ། འབྲས་གནས་ཙམ་པོ་ཐོབ་པར་འབྲས་གནས་ཁྱད་པར་ཅན་ཐོབ་པ་མེད་ཅིང་དེ་གཉིས་ཅིག་ཅར་དུ་ཡང་ཐོབ་པ་མེད་པའི་ཕྱིར། གཉིས་པ་མཐར་གྱིས་པ་ལ། རྒྱུ་མཚན་དང་། རྒྱུ་མཚན་ཅན་གྱི་གང་ཟག་གོ །དང་པོ་ནི། །ས་དང་ས་ན་ཉེས་རྣམ་དགུ། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ཆུང་དང་འབྲིང་དང་ཆེ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །འདོད་པ་ནས་སྲིད་རྩེའི་བར་


DLL1003_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ས་དང་ས་ནི་ཉེས་པ་རྣམས་དགུ་དགུ་པོ་ཡོད་པ་དེ་བཞིན་དུ། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གྱི་ཡོན་ཏན་རྣམས་ཀྱང་དགུ་དགུ་ཡོད་དེ། དེ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་རེ་རེ་ཞིང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་ཐ་དད་པའི་ཕྱིར། གཉིས་པ་ལ། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་མོ། །དང་པོ་ནི། རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་དེ་གང་ཞེ་ན། རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ་སྒོམ་པས་སྤང་བར་བྱ་བ་ཅུང་ཟད་ཀྱང་མ་སྤངས་པ། རེ་ལྟར་ཏེ་མཆོག་ཏུ་ཐོགས་ན་སྲིད་པ་ལན་བདུན་ལེན་པ་ནི་དེ་ཡིན་ནོ། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་གང་ཞེ་ན། སྤངས་པའི་ཁྱད་པར་འདོད་ཉོན་རྣམ་པ་གསུམ་མམ་རྣམ་པ་བཞི་ལས་གྲོལ་བ། དབང་པོའི་ཁྱད་པར་ཉོན་མོངས་གང་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ། སྐྱེ་བའི་ཁྱད་པར་རིགས་མཐུན་གྱི་ཚེ་གཉིས་སམ་གསུམ་ལེན་པ་ནི་དེ་ཡིན་ལ། དེ་ལ་དབྱེ་ན་ལྷའི་རིགས་ནས་རིགས་སྐྱེ་དང་མིའི་རིགས་ནས་རིགས་སྐྱེ་གཉིས། འདོད་ཉོན་གཅིག་ནས་རྣམ་པ་ལྔའི་བར་བཅོམ་པ་ནི་རྒྱུན་ཞུགས་འབྲས་གནས་གཞན་ཞིག་ཡིན་ནོ། །གཉིས་པ་ལ། ཞུགས་གནས་གཉིས། དང་པོ་ནི། །གཉིས་པ་ལ་ནི་ཞུགས་པའང་ཡིན། །རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དེ་འབྲས་བུ་གཉིས་པ་ཕྱིར་འོང་ལ་ནི་ཞུགས་པའང་ཡིན་ནོ། །གཉིས་པ་ནི། འདོད་ཉོན་རྣམ་པ་དྲུག་པ་ཟད་པར་གྱུར་པ་ནི་ལན་ཅིག་ཕྱིར་འོང་བ་ཡིན། ཅིའི་ཕྱིར་ལན་ཅིག་ཕྱིར་འོང་བ་ཞེས་བྱ་ཞེ་ན། ལྷའི་ནང་དུ་ལན་ཅིག་ཕྱིར་འོང་བའི་དོན་གྱིས་ན་དེ་སྐད་ཅེས་བྱའོ། །ཕྱིར་འོང་ཚེ་གཅིག་བར་


DLL1003_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་གཅིག་པ་དེ་གང་ཞེ་ན། སྤངས་པའི་ཁྱད་པར་ཉེས་པའི་ཆ་བདུན་དང་བརྒྱད་ཟད་པ། དབང་པོའི་ཁྱད་པར་ཉོན་མོངས་པ་གང་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ། སྐྱེ་བའི་ཁྱད་པར་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལ་ཚེ་གཅིག་དང་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་འདོད་ཉོན་གཅིག་གིས་བར་ཆོད་པ་ནི་ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ་ཡིན་ནོ། །གསུམ་པ་ལ། ཞུགས་གནས་གཉིས། དང་པོ་ནི། །གསུམ་པ་ལ་ནི་ཞུགས་པའང་ཡིན། །ཕྱིར་འོང་འབྲས་གནས་ཁྱད་པར་ཅན་དེ་འབྲས་བུ་གསུམ་པ་ཕྱིར་མི་འོང་ལ་ནི་ཞུགས་པ་ཡིན་ནོ། །གཉིས་པ་ལ། སྦྱིར་བསྟན། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཕྱིར་མི་འོང་ཞུགས་པ་དེ་འདོད་ཉོན་དགུ་པ་ཟད་པས་ཕྱིར་མི་འོང་འབྲས་གནས་ཡིན་ནོ། །གཉིས་པ་ལ། དབྱེ་བ། སྤེལ་མ་སྒོམ་པ། ལུས་མངོན་བྱེད་བཤད་པའོ། །དང་པོ་ལ། དངོས་དང་། དོན་གྱི་ཁྱད་པར་རོ། །དང་པོ་ནི། ཕྱིར་མི་འོང་ལ་གཟུགས་སུ་ཉེར་འགྲོ་དང་། གཟུགས་མེད་ཉེར་འགྲོ་གཉིས་ལས། ཕྱིར་མི་འོང་གཟུགས་སུ་ཉེར་འགྲོ་དེ་ནི་ཆོས་ཅན། ལྔ་ཡོད་དེ། བར་དོར་འདའ་བ། སྐྱེས་ནས་འདའ་བ། མངོན་པང་འདུ་བྱེད་དང་བཅས་ཏེ་འདའ་བ། མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་རྣམས་སུ་ཡོད་པའི་ཕྱིར། གོང་དུ་འཕོ་བ་ལ་དུ་ཡོད་ཅེ་ན། དེ་ནི་ཆོས་ཅན། གཉིས་ཡོད་དེ། བསམ་གཏན་སྤེལ་ན་འོག་མིན་འགྲོ་དང་། བསམ་གཏན་སྤེལ་བ་ལས་གཞན་དུ་ན་སྲིད་པའི་རྩེ་མོར་འགྲོ་བ་སྟེ་གཉིས་ཡོད་པའི་ཕྱིར། འོག་མིན་འགྲོ་དེ་ཆོས་ཅན། གསུམ་ཡོད་དེ།


DLL1003_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བ་རྣམས་སུ་ཡོད་བའི་ཕྱིར། གཞན་ཕྱིར་མི་འོང་གཟུགས་མེད་ཉེར་འགྲོ་ནི་ཆོས་ཅན། རྣམ་པ་བཞི་ཡོད་དེ། སྐྱེས་ནས་འདའ་བ་ནས་གོང་དུ་འཕོ་བའི་བར་རྣམས་སུ་ཡོད་བའི་ཕྱིར། མཐོང་ལམ་ཐོབ་པའི་ཚེ་འདི་ལ་མྱ་ངན་ལས་འདའ་བའི་ཕྱིར་མི་འོང་གཞན་ནི་ཕྱིར་མི་འོང་མཐོང་ཆོས་ཞི་ཡིན་ནོ། །གཉིས་པ་ནི། བར་འདའ་བ་དང་། སྐྱེས་ནས་འདའ་བ་དང་། གོང་དུ་འཕོ་བ་གསུམ་ལ་ཡང་རྣམ་པ་གསུམ་གསུམ་དུ་ཕྱེ་ནས་གཟུགས་སུ་ཉེར་འགྲོ་དགུར་བཤད་དེ། དང་པོ་ལ་མྱུར་བར། མྱུར་བ་མ་ཡིན་པར། དུས་རིང་མོ་ཞིག་ནས་འདའ་བ་དང་གསུམ། གཉིས་པ་ལ་སྐྱེས་མ་ཐག་ནས། འདུ་བྱེད་དང་བཅས་ཏེ། འདུ་བྱེད་མེད་པར་འདའ་བ་དང་གསུམ། གསུམ་པ་ལ་འཕར་བ། ཕྱེད་དུ་འཕར་བ། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ་དུ་ཕྱེ་བས་སོ། །དེ་དག་གི་ཁྱད་པར་གང་ལས་བཞག་ཅེ་ན། ཕྱིར་མི་འོང་དགུ་པོ་དེ་དག་གི་ཁྱད་པར་རྣམས། ལས་དང་དབང་པོ་དང་ཉོན་མོངས་པའི་བྱེ་བྲག་ལས་བཞག་སྟེ། དང་པོ་གསུམ་མངོན་པར་འགྲུབ་པའི་ལས་དང་། བར་པ་གསུམ་སྐྱེས་ནས་མྱོང་འགྱུར་གྱི་ལས་དང་། ཕྱི་མ་གསུམ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་། དང་པོ་གསུམ་དབང་པོ་རྣོ་བ་དང་། བར་པ་གསུམ་དབང་པོ་འབྲིང་དང་། ཐ་མ་གསུམ་དབང་པོ་རྟུལ་བ་དང་། དང་པོ་གསུམ་ཉོན་མོངས་ཆུང་བ་དང་། པར་པ་གསུམ་ཉོན་མོངས་འབྲིང་དང་། ཕྱི་མ་གསུམ་ཉོན་མོངས་ཆེན་པོའི་བྱེ་བྲག་ལས་བཞག་པའི་ཕྱིར། འོ་ན་ལུང་བར་མ་ལས། སྐྱེས་བུ་དམ་


DLL1003_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྲོ་བ་བདུན་དུ་བཤད་ན། དེ་དག་གང་ཡིན་ཞེ་ན། དགུ་པོ་དེ་དག་ལས་གོང་དུ་འཕོ་བ་གསུམ་དུ་མ་ཕྱེ་བར་དམ་པའི་འགྲོ་བ་བདུན་དུ་འདོད་པ་ཡིན་ནོ། །སློབ་པ་ཆགས་བཅས་དམ་པའི་འགྲོ་བ་མིན་པའི་རྒྱུ་མཚན་ཅི་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དམ་པ་དགེ་བ་ལ་འཇུག །དམ་མིན་མི་དགེ་བ་ལ་མི་འཇུག །ཁམས་གོང་དུ་སོན་པ་ཕྱིར་མི་འོང་བའི་རྒྱུ་མཚན་གསུམ་ཚང་བའི་ཕྱིར་དམ་པའི་འགྲོ་བར་བཤད་ན། སློབ་པ་ཆགས་བཅས་ལ་རྒྱུ་མཚན་གསུམ་པོ་དེ་མེད་པའི་ཕྱིར། འོ་ན་མདོ་ལས། སྐྱེས་བུ་དམ་བའི་འགྲོ་བ་གང་ཞེ་ན། སློབ་པའི་ཡང་དག་པའི་ལྟ་བ་དང་ལྡན་པའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་རྣམ་གྲངས་པའི་སྐྱེས་བུ་དམ་པ་ལ་དགོངས་པ་ཡིན་ལ། འདིར་རྣམ་གྲངས་པ་མ་ཡིན་པའི་སྐྱེས་བུ་དམ་པའི་དབང་དུ་བྱས་པའི་ཕྱིར། འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ཕྱིར་མི་འོང་ཁམས་གཞན་དུ་ནི་འགྲོ་བ་མེད་དེ། འདིར་མྱ་ངན་ལས་འདའ་བར་ངེས་པའི་ཕྱིར་ཏེ། ཡིད་འབྱུང་ཤས་ཆེ་བའི་ཕྱིར། འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ཁམས་གཞན་དུ་འགྲོ་བ་མེད་ན། བརྒྱ་བྱིན་གྱིས། བདག་ནི་ཐ་མར་ཉམས་ན་ལྷ་གང་འོག་མིན་ཞེས། །རྣམ་པར་གྲགས་པ་དེར་ནི་སྐྱེ་བར་འགྱུར་བར་ཤོག །ཅེས་སྨྲས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། བརྒྱ་བྱིན་གྱིས་མངོན་པ་མི་ཤེས་པའི་ཕྱིར། འོ་ན་བཅོམ་ལྡན་འདས་ཀྱིས་དེ་མི་དགག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། བརྒྱ་བྱིན་དགའ་བར་བྱ་བའི་ཕྱིར།


DLL1003_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་གང་མར་སྐྱེས་པའི་འཕགས་པ་ནི་ཡོངས་སུ་ཉམས་པ་དང་དབང་པོ་འཕོ་བ་མི་སྟེན་ཏེ། མི་ཉམས་པའི་རྟེན་ཁྱད་པར་ཅན་ཐོབ་ཅིང་། ཚེ་རབ་གཞན་དུ་འཕགས་པའི་ལམ་ལ་འདྲིས་པས་དབང་པོ་རྣམས་ཆེས་སྨིན་པ་ཡིན་པའི་ཕྱིར། གཉིས་པ་ནི། བསམ་གཏན་སྤེལ་ན་འོག་མིན་འགྲོ། ཞེས་བཤད་ན། དང་པོར་བསམ་གཏན་གང་སྤེལ་ཞེ་ན། དང་པོར་བསམ་གཏན་བཞི་པ་སྤེལ་བར་བྱེད་དེ། དེ་ལམ་སླ་བ་རྣམས་ཀྱི་ནང་ནས་མཆོག་ཡིན་པའི་ཕྱིར། ཇི་ལྟར་སྤེལ་ན་དང་པོར་རྒྱུན་དང་ལྡན་པའི་བསམ་གཏན་བཞི་པ་ཟག་མེད། དེ་ནས་ཟག་བཅས། དེ་ནས་སྐད་ཅིག་གཉིས་ཟག་མེད། དེ་ནས་ཟག་བཅས། དེ་ནས་ཟག་མེད་ལ་སྙོམས་པར་འཇུག །དེ་ནས་སྐད་ཅིག་མ་ནི་རེ་རེར་ཟག་བཅས་ཟག་མེད་སྤེལ་བར་ནུས་པ་ནི་སྤེལ་སྒོམ་གྲུབ་པའི་ཚད་ཡིན་ཞེས་ཟེར། སློབ་དཔོན་ན་རེ། སྐད་ཅིག་རེ་རེར་སྤེལ་ནུས་པ་སངས་རྒྱས་མ་གཏོག་གཞན་ལ་མེད་པས། རྒྱུན་ཆགས་གསུམ་ལ་ཇི་ལྟར་འདོད་འདོད་དུ་སྙོམས་པར་འཇུག་ནུས་པ་སྤེལ་སྒོམ་གྲུབ་པའི་ཚད་ཡིན་ཞེས་གསུང་། དགོས་པ་གང་གི་ཕྱིར་སྤེལ་ན། གནས་གཙང་མ་ལྔར་སྐྱེ་བ་དང་། མཐོང་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དང་། ཉོན་མོངས་པས་ནི་འཇིགས་པ་ཐག་བསྲིང་བའི་ཕྱིར་ཡང་ཡིན་ནོ། །འོ་ན་གནས་གཙང་མ་ལྔར་ངེས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། གནས་གཙང་མར་སྐྱེ་བ་ལྔ་ཁོ་ནར་ངེས་ཏེ། བསམ་གཏན་སྤེལ་བ་དེ་ནི་ཆུང་ངུ་གསུམ་སྤེལ། འབྲིང་དྲུག་སྤེལ། ཆེན་པོ་དགུ་སྤེལ། ཤིན་ཏུ་ཆེན་པོ་བཅུ་གཉིས་སྤེལ། ཆེས་ཤིན་ཏུ་ཆེན་པོ་བཅོ་ལྔ་སྤེལ་ཏེ་རྣམ་པ་ལྔར་ངེས་པའི་ཕྱིར།


DLL1003_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། ཕྱིར་མི་འོང་ལུས་མངོན་བྱེད་གང་ཞེ་ན། འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་ནི་དེ་ཡིན་ནོ། །ཅིའི་ཕྱིར་ལུས་མངོན་བྱེད་ཅེས་བྱ་ཞེ་ན་སེམས་མེད་པའི་ལུས་ཀྱིས་མྱ་ངན་ལས་འདས་པ་དང་འདྲ་བའི་འགོག་པ་མངོན་སུམ་དུ་བྱེད་པས་ན་དེར་འདོད་དོ། །སེམས་མེད་པའི་ལུས་ཀྱིས་འགོག་པའི་སྙོམས་འཇུག་མངོན་དུ་བྱེད་དེ། སེམས་མེད་པའི་ལུས་ལ་བརྟེན་ནས་འགོག་པའི་སྙོམས་འཇུག་སྐྱེ་བའི་ཕྱིར། བཞི་པ་ལ། ཞུགས་པ་དང་། གནས་པ་གཉིས། དང་པོ་ནི། ཕྱིར་མི་འོང་དེ་བསམ་གཏན་དང་པོའི་སྒོམ་སྤང་ཆེན་པོའི་ཆེན་པོ་ནས་སྲིད་རྩེའི་བར་གྱི་ཉེས་པའི་ཆ་བརྒྱད་ཟད་པའམ། སྲིད་རྩེའི་ཉོན་མོངས་དགུ་པ་སྤང་བའི་བར་ཆད་མེད་ལམ་ལ་གནས་བ་ནི་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཡིན། སྲིད་རྩེའི་ཉོན་མོངས་དགུ་པ་སྤོང་བའི་བར་ཆད་མེད་ལམ་དེ་ནི་རྡོ་རྗེ་ལྟ་བུ་ཡིན་ཏེ། ཁམས་གསུམ་གྱི་ཉོན་མོངས་པ་སྤང་ནུས་པའི་ཕྱིར། དེ་ཡང་སྤངས་ནུས་པ་ཡིན་ཀྱི་དངོས་སུ་སྤོང་བ་ནི་མ་ཡིན་ཏེ། སྲིད་རྩེའི་ཉོན་མོངས་བརྒྱད་པ་མན་ཆད་སྤངས་ཟིན་པའི་ཕྱིར། གཉིས་པ་ལ། དངོས་དང་། ཞར་ལ་སྤང་བྱ་སྤོང་ཚུལ། ཤེས་པའི་འབྱུང་ཚུལ། དགེ་སྦྱོང་ཚུལ་གྱི་བསྡུ་བ། ཚངས་པའི་འཁོར་ལོ། །དགེ་སྦྱོང་ཚུལ་གྱི་འབྲས་བུ་འཐོབ་ཚུལ། དགྲ་བཅོམ་གྱི་དབྱེ་བའོ། །དང་པོ་ནི། དགྲ་བཅོམ་ཞུགས་པ་དེས་ཟད་པ་ཐོབ་པ་དང་ཟད་པ་ཤེས་པ་ཐོབ་པ་ཡིན་པ་དེའི་ཚེ གང་ཟག་དེ་ལ་མི་སློབ་པ་ཞེས་བྱ་སྟེ། འབྲས་བུ་གཞན་ཐོབ་ཕྱིར་དུ་ལམ་ལ་སློབ་མི་དགོས་པའི་ཕྱིར། དེ་དགྲ་བཅོམ་པ་


DLL1003_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། རང་དོན་མཐར་ཐུགས་ནས་གཞན་དོན་བྱེད་པར་འོས་པ་དང་། ཆགས་བཅས་རྣམས་ཀྱིས་མཆོད་པར་འོས་པའི་ཕྱིར། གང་ཟག་བདུན་ནི་སློབ་པ་ཡིན་ཏེ། ཟག་པ་ཟད་པའི་ཕྱིར་དུ་བསླབ་པ་གསུམ་ལ་རྟག་ཏུ་སློབ་བཞིན་པ་ཡིན་པའི་ཕྱིར། སོ་སྐྱེ་ནི་སློབ་པ་མ་ཡིན་ཏེ། བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་། བསླབ་པ་གསུམ་ལ་སློབ་པ་གཏོང་བའི་ཕྱིར། གཉིས་པ་ལ། ལམ་གང་གིས་ས་གང་གི་སྤང་བྱ་སྤོང་། ས་གང་གིས་ས་གང་གི་སྤང་བྱ་སྤོང་། ཞར་ལ་འཇིག་རྟེན་པའི་ལམ་གྱི་དམིགས་རྣམ་མོ། །དང་པོ་ནི། མི་སློབ་པ་དེ་ཡང་གང་གིས་ས་གང་ལས་འདོད་ཆགས་དང་བྲལ་བ་ལས་ཐོབ་པར་འགྱུར་ཞེ་ན། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བ་ལས་ཐོབ་པ་ཡིན་གྱི། འཇིག་རྟེན་པའི་ལམ་གྱིས་དེ་ལས་ཆགས་པ་དང་འབྲལ་བ་མ་ཡིན་ཏེ། སྲིད་རྩེ་ལ་གོང་ས་མེད། རང་ས་སྲེད་པ་རྒྱས། འོག་ས་དམན་པའི་ཕྱིར། གཞན་འོག་ས་བརྒྱད་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་རྣམ་པ་གཉིས་ཀྱིས་ཆགས་པ་དང་འབྲལ་ལོ། །འོ་ན་འཕགས་པ་དང་སོ་སྐྱེ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡོད་དེ། འཇིག་རྟེན་པའི་ལམ་གྱིས་ཆགས་པ་དང་བྲལ་བའི་འཕགས་པ་ལ་བྲལ་བའི་ཐོབ་པ་ཟག་བཅས་དང་ཟག་མེད་རྣམ་པ་གཉིས་ཡོད། སོ་སྐྱེ་ལ་བྲལ་ཐོབ་ཟག་མེད་མེད་པའི་ཕྱིར། ཁ་ཅིག་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་ཀྱང་བྲལ་ཐོབ་གཉིས་ཡོད་དེ། ཟག་མེད་ཀྱི་ལམ་གྱིས་ཅི་ཡང་མེད་ལ་


DLL1003_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་དབང་པོ་འཕོས་པའི་ཚེ། ཅི་ཡང་མེད་ལ་འདོད་ཆགས་དང་བྲལ་བའི་བྲལ་ཐོབ་ཟག་མེད་པཏང་ལ། ཅི་ཡང་མེད་ཀྱི་ཉོན་མོངས་པ་དང་མི་ལྡན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། སྲིད་རྩེའི་ཕྱེད་ལས་རྣམ་པར་གྲོལ་བའི་ཕྱིར་མི་འོང་དབང་པོ་འཕོས་པའི་ཚེ། སྲིད་རྩིའི་ཕྱེད་ལས་འདོད་ཆགས་དང་བྲལ་བའི་བྲལ་ཐོབ་ཟག་མེད་པཏང་། ཟག་བཅས་དང་མི་ལྡན་ཡང་གང་སྤངས་པ་དེའི་ཉོན་མོངས་དང་མི་ལྡན་པ་དང་། བྱིས་པ་གོང་བསམ་གཏན་དང་པོ་ཡན་ཆད་དུ་སྐྱེས་བ་འདོད་པ་ལས་འདོད་ཆགས་དང་བྲལ་བའི་བྲལ་ཐོབ་ཟག་བཅས་བཏང་། ཟག་མེད་དང་མི་ལྡན་ཡང་འདོད་པའི་ཉོན་མོངས་དང་མི་ལྡན་པ་བཞིན་ཡིན་བའི་ཕྱིར། གཉིས་པ་ནི། ས་གང་གིས་ས་གང་ལས་འདོད་ཆགས་དང་བྲལ་བར་འགྱུར་ཞེ་ན། ཉེར་བསྡོགས་ཟག་མེད་མི་ལྕོགས་མེད་པ་ཡིས་ས་ཐམས་ཅད་ལས་འདོད་ཆགས་དང་བྲལ་བར་འགྱུར་ཏེ། ཉེར་བསྡོགས་ཡིན་པས་འོག་ས་ལས་འདོད་ཆགས་དང་བྲལ། ཟག་མེད་པར་ཆད་མེད་ལམ་ཡིན་པས་རང་ས་དང་གོང་ས་ལས་འདོད་ཆགས་དང་འབྲལ་བའི་ཕྱིར། འོ་ན་ཉེར་བསྡོགས་ཀྱིས་ས་འོག་མ་ལས་རྒྱལ་བའི་རྣམ་གྲོལ་ལམ་ཐ་མ་དེ་ས་གང་གི་ངོ་བོར་སྐྱེ་ཞེ་ན། འདོད་པ་དང་བསམ་གཏན་དང་པོ་གཉིས་ཏེ་ས་དང་པོ་གསུམ་ལས་རྒྱལ་བའི་རྣམ་གྲོལ་ལམ་ཐ་མ་དབང་པོ་རྣོ་ན་ཚོར་བ་སྤོ་ནུས་པས་བསམ་གཏན་གྱི་དངོས་གཞིའི་ངོ་བོར་སྐྱེ། དབང་པོ་རྟུལ་ན་ཆོར་བ་སྤོ་མི་ནུས་པས་ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ་ནི་ཉེར་བསྡོགས་ཀྱི་ངོ་བོར་སྐྱེ་ལ། གོང་མ་བསམ་


DLL1003_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གསུམ་པ་ཡན་ཆད་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་ཐ་མ་ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ་གྱི་ངོ་བོར་སྐྱེ་བ་མིན་གྱི་དངོས་གཞིར་སྐྱེ་བ་ཡིན་ཏེ། བསམ་གཏན་གསུམ་པ་ཡན་ཆད་ཀྱི་ཉེར་བསྡོགས་དང་དངོས་གཞི་ཚོར་བ་མཐུན་ཞིང་། དངོས་གཞི་མཐོང་བ་ལ་གུས་པའི་ཕྱིར། འཕགས་པ་ཟག་པ་མེད་པའི་ལམ་གཞན་བརྒྱད་ཀྱིས་རང་ས་དང་གོང་ས་ལས་རྒྱལ་བ་ཡིན་གྱི་འོག་ས་ལས་རྒྱལ་བ་མིན་ཏེ། དེ་ལས་འདོད་ཆགས་དང་བྲལ་བར་བྱས་ཟིན་པའི་ཕྱིར། གསུམ་པ་ནི། འཇིག་རྟེན་ལས་འདས་པའི་ལམ་དེ་བདེན་པའི་དམིགས་རྣམ་ཅན་ཡིན་ན། འཇིག་རྟེན་པའི་ལམ་གྱི་དམིགས་རྣམ་ཇི་ལྟ་བུ་ཞེ་ན། འཇིག་རྟེན་པའི་རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་གོ་རིམ་བཞིན་དུ། ཞི་སོགས་རགས་སོགས་ཀྱི་རྣམ་པ་ཅན་དང་། གང་ས་དང་འོག་སའི་སྤྱོད་ཡུལ་ཅན་ཡིན་ནོ། །གསུམ་པ་ནི། དེ་ཟད་ཐོབ་དང་ཟད་པ་ཤེས། །ཞེས་བཤད་ན། ཟད་ཤེས་ལས་གང་སྐྱེ་ཞེ་ན། །གལ་ཏེ་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཡིན་ན། ཟད་པ་ཤེས་པ་ལས་མི་སྐྱེ་བའི་བློ་གྲོས་ཤེས་པ་སྐྱེ། གལ་ཏེ་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་མ་ཡིན་ན། དེ་ལས་ཟད་པ་ཤེས་པའི་རྒྱུན་ནམ། མི་སློབ་པའི་ཡང་དག་པའི་ལྟ་བ་དེ་སྐྱེའོ། །འོ་ན་མི་སློབ་པའི་ཡང་དག་པའི་ལྟ་བ་དེ་མི་གཡོ་བའི་ཆོས་ཅན་ལ་མེད་དམ་ཞེ་ན། དེ་ནི་དགྲ་བཅོམ་པ་ཐམས་ཅད་ལ་ཡོད་པ་ཡིན་ནོ། །བཞི་པ་ནི། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞི་བསྟན་ན། དགེ་སྦྱོང་གི་ཚུལ་དེ་གང་ཞེ་ན། དྲི་མེད་པར་ཆར་མེད་ལམ་


DLL1003_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། དགེ་སྦྱོང་གི་ཚུལ་ཡིན་ཏེ། དོན་དམ་པའི་དགེ་སྦྱོང་དུ་བྱེད་བའི་ཐབས་ཀྱི་ཚུལ་ཡིན་པའི་ཕྱིར། དེའི་འབྲས་བུ་ཡིན་པས་ན་དགེ་སྦྱོང་ཚུལ་གྱི་འབྲས་བུའོ། །དེ་ལ་འདུས་བྱས་དང་འདུས་མ་བྱས་གཉིས། དེ་དག་རྒྱས་པར་ཕྱེ་ན་བརྒྱད་ཅུ་རྩ་དགུའོ། །དེ་ཡང་འདུས་བྱས་ནི་རྣམ་གྲོལ་ལམ་དང་འདུས་མ་བྱས་ནི་ཟད་པ་སྟེ་སྤངས་པ་རྣམས་དང་བཅས་པའོ། །འོ་ན་འབྲས་བུ་གཞིར་བཞག་པ་གྲངས་ཉུངས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། འབྲས་བུ་བཞིར་རྣམ་པར་བཞག་པ་ནི་གནས་སྐབས་གང་ལ་རྒྱུ་མཚན་ལྔ་དག་ནི་སྲིད་པ་ལ་དགོངས་པའི་ཕྱིར། རྒྱུ་མཚན་ལྔ་གང་ཞེ་ན། འབྲས་བུའི་སྔོན་དུ་ཞུགས་པའི་ལམ་བཏང་བ་དང་། གཞན་འབྲས་བུ་ལ་གནས་པ་ཐོབ་པ་དང་། ཟད་པ་སྟེ་སྤངས་པ་རྣམས་བསྡོམས་པ་དང་། ཤེས་པ་བརྒྱད་ཚན་ཐོབ་པ་དང་། རྣམ་པ་མི་རྟག་པ་ལ་སོགས་པ་བཅུ་དྲུག་མངོན་སུམ་དུ་རྟོགས་པ་ཐོབ་པའོ། །ཟག་མེད་པར་ཆད་མེད་ལམ་ཁོ་ན་དགེ་སྦྱོང་གི་ཚུལ་ཡིན་ན། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་དེ་དགེ་སྦྱོང་ཚུལ་གྱི་འབྲས་བུ་མ་ཡིན་པར་འགྱུར་ཞེ་ན། སྐྱོད་མེད་དེ། འཇིག་རྟེན་པ་ཡིས་ཐོབ་པའི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ནི་ཟག་མེད་ཀྱི་སྤངས་པ་དང་བསྲེས་པས་ཏེ་བསྡོམས་པ་དང་། ཟག་མེད་ཀྱི་ལམ་གྱིས་དེ་འདྲའི་བྲལ་ཐོབ་འཛིན་པའི་ཕྱིར། ལྔ་པ་ནི། ཟག་མེད་པར་ཆད་མེད་ལམ་དེ་ལ་ཚངས་པའི་ཚུལ་ཞེས་བྱ་སྟེ། ཚངས་པ་ནི་མྱང་འདས་ཡིན་ལ། དེ་ཐོབ་པར་བྱེད་པའི་ཚུལ་ཡིན་


DLL1003_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཡང་དེ་ཉིད་ལ་ཚངས་པའི་འཁོར་ལོ་ཞེས་ཀྱང་བྱ་སྟེ། བཅོམ་ལྡན་འདས་ནི་ཚངས་པ་ཡིན་ལ། དེས་གདུལ་བྱའི་རྒྱུད་ལ་བསྐོར་བའི་ཕྱིར། དེའི་ནང་ནས་མཐོང་ལམ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །ཅིའི་ཕྱིར་དེ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་ཞེ་ན། འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པའི་ཕྱིར་ཏེ། འཁོར་ལོ་རིན་པོ་ཆེ་དེ་མྱུར་བར་འགྲོ་བ་དང་། སོགས་པ་ཡུལ་གཞན་དོར་ནས་གཞན་ལ་འཇུག་པ་དང་། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་། རྒྱལ་བ་རྣམས་རྣལ་དུ་འགོད་པར་བྱེད་པ། མཐོ་བ་ལ་འཕར། དམའ་བ་ལ་འབབ་པར་བྱེད་དེ་བཞིན་དུ། མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་མྱུར་བར་འགྲོ་བ་དང་། བདེན་པའི་དམིགས་པ་གཞན་དོར་ནས་གཞན་ལ་འཇུག་པ་དང་། བར་ཆད་མེད་ལམ་གྱིས་ཉོན་མོངས་པའི་ཐོབ་པ་གཅོད་པས་མ་རྒྱལ་བ་ལས་རྒྱས་བ་དང་། རྣམ་གྲོལ་ལམ་གྱིས་བྲལ་ཐབ་འཛིན་པས་རྒྱལ་བ་རྣལ་དུ་འགོད། ཁམས་གོང་མའི་བདེན་པ་ལ་འཕར། འོག་མའི་བདེན་པ་ལ་འབབ་པར་བྱེད་པའི་ཕྱིར། བཙུན་པ་དབྱངས་སྒྲོགས་ན་རེ། མཐོང་ལམ་གྱི་ངོ་བོ་འཕགས་ལམ་ཡན་ལག་བརྒྱད་ཡིན་ལ། དེ་དག་འཁོར་ལོ་རིན་པོ་ཆེའི་རྩིབས་སོགས་དང་ཆོས་མཐུན་པའི་ཕྱིར། མཐོང་ལམ་ཆོས་འཁོར་ཡིན་ཞེས་ཟེར། ཆོས་མཚུངས་ཏེ། འཁོར་ལོ་རིན་པོ་ཆེ་ལ་འཛིན་པའི་ལྟེ་བ། སྡུད་པའི་མུ་ཁྱུད་ཕན་ཚུན་འཇུག་པའི་རྩིབས་གསུམ་ཡོད་ལ། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ཚུལ་ཁྲིམས་ཡིན་པས། ལྟེ་བ་དང་འདྲ་བར་ཡང་དག་པའི་ལྟ་བ་སོགས་དེ་དག་ལ་རག་ལས་ནས་འཇུག་


DLL1003_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཏིང་ངེ་འཛིན་ནི་མུ་ཁྱུད་དང་འདྲ་བར་དམིགས་པ་ལ་སེམས་འཛིན་པར་བྱེད་པའི་ཕྱིར། ཡང་དག་པའི་ལྟ་བ་སོགས་བཞི་ནི་རྩིབ་ས་དང་འདྲ་བར་ཕན་ཚུན་འཇུག་པར་བྱེད་པའི་ཕྱིར། དྲུག་པ་ནི། དགེ་སྦྱོང་ཚུལ་གྱི་འབྲས་བུ་གང་གི་རྟེན་ལ་འཐོབ་ཅེ་ན། འདོད་པར་འབྲས་བུ་དང་པོ་གསུམ་འཐོབ་ལ། ཐ་མ་དགྲ་བཅོམ་པའི་འབྲས་བུ་ནི་ཁམས་གསུམ་ཅར་དུ་འཐོབ། འོ་ན་རྒྱུན་ཞུགས་ཀྱི་འབྲས་བུ་དང་ཕྱིར་འོང་གི་འབྲས་བུ་དང་མཐར་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་འདོད་པའི་རྟེན་ལ་འཐོབ་མོད། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་ཁམས་གོང་མའི་རྟེན་ལ་མི་འཐོབ་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། གོང་མའི་རྟེན་ལ་མཐོང་ལམ་སྐྱེ་བ་མེད་པའི་ཕྱིར་ཏེ། མཐོང་ལམ་སྐྱེ་བ་ལ་འཁོར་བ་ལ་སྐྱོ་བ་ཤས་ཆེན་པོ་དགོས་ལ། གང་གིས་སོ་སྐྱེ་འཁོར་བ་ལ་མི་སྐྱོ་བའི་ཕྱིར་དང་། བཅུ་ཚན་བཅུ་པའི་ལུང་ལས། ཕྱིར་མི་འོང་ལྔ་པོ་དེ་འདིར་རྩོམ་ཞིང་དེར་མཐར་ཕྱིན་པར་བྱེད་ཅེས་འབྱུང་བའི་ཕྱིར། བདུན་པ་ལ། དངོས་དང་། ཆོས་ཀྱི་ཁྱད་པར། ཉམས་པའི་དབྱེ་བ། དབང་པོ་འཕོ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གལ་ཏེ་མི་གཡོའི་ཟད་ཤེས་ལས། ཞེས་བཤད་ན། དགྲ་བཅོམ་པ་ལ་དབྱེ་བ་ཡོད་དམ་མེད་ཅེ་ན། ཉན་ཐོས་དགྲ་བཅོམ་པ་དྲུག་ཏུ་འདོད་དེ། ཡོངས་སུ་ཉམས་པའི་ཆོས་ཅན། འཆི་བར་སེམས་པའི། རྗེས་སུ་སྲུང་བའི། གནས་པ་ལས་མི་བསྐྱོད་པའི། རྟོགས་པའི་སྐལ་བ་ཅན། མི་གཡོ་བའི་ཆོས་ཅན་རྣམས་སུ་ཡོད་པའི་ཕྱིར། དེ་དག་ལས་


DLL1003_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལྔ་ནི་དད་པས་མོས་པ་ལས་སྐྱེས་པ་ཡིན་ཏེ། དང་མོས་སྔོན་དུ་འགྲོ་བའི་ཕྱིར། དེ་དག་དུས་དང་སྦྱོར་བ་ཡིན་ཏེ། རྣམ་གྲོལ་དང་ཏིང་ངེ་འཛིན་མངོན་དུ་འགྱུར་བ་ཡོ་བྱད་ཚང་བ་དང་། ནད་མེད་པའི་དུས་ལ་ལྟོས་པའི་ཕྱིར། མི་གཡོ་བའི་ཆོས་ཅན་དེ་ནི་དུས་དང་མི་སྦྱོར་བའི་རྣམ་གྲོལ་བ་ཡིན་ཏེ། ཉོན་མོངས་པས་མི་གཡོ་བ་དེའི་ཕྱིར་དང་། ཏིང་ངེ་འཛིན་མངོན་དུ་འགྱུར་བ་དུས་ལ་མི་ལྟོས་པར་འདོད་དགུར་འབྱུང་བའི་ཕྱིར། དེ་ནི་མཐོང་ཐོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་ཏེ། མཐོང་ཐོབ་སྔོན་དུ་འགྲོ་བའི་ཕྱིར། གཉིས་པ་ནི། དགྲ་བཅོམ་པ་དེ་དག་དང་པོ་ནས་དེའི་རིགས་ཅན་ཡིན་ནམ། ཕྱིས་དགྲ་བཅོམ་པ་ཐོབ་པའི་ཚེ་ན་དེའི་རིགས་སུ་འགྱུར་བ་ཡིན་ཞེ་ན། ཁ་ཅིག་དང་པོ་ནས་དེའི་རིགས་ཅན་དང་། ཁ་ཅིག་དབང་པོ་རྟུལ་པོ་དབང་པོ་རྣམ་པར་ཡོངས་སུ་སྦྱངས་པ་ལས་གྱུར་ཏེ། དགྲ་བཅོམ་པ་ཉམས་པའི་ཆོས་ཅན་དེ་དག་རིགས་དང་འབྲས་བུ་གང་ལས་ཉམས་ཞེ་ན། བར་པ་བཞིན་རིགས་ལས་ཉམས་ཏེ། དམའ་བར་ལྟུང་བའི་ཕྱིར། ཡོངས་སུ་ཉམས་པའི་ཆོས་ཅན་ནི་རིགས་ལས་ཉམས་པ་མི་སྲིད་དེ། དེ་ལས་དམན་པའི་རིགས་མེད་པའི་ཕྱིར། མི་གཡོ་བའི་ཆོས་ཅན་དེ་རིགས་ལས་ཉམས་པ་མི་སྲིད་དེ། དབང་པོ་རྣོ་བས་ཉོན་མོངས་མི་སྐྱེ་བའི་ཕྱིར། དང་པོ་ལྔ་འབྲས་བུ་ལས་ཉམས་པར་འགྱུར་ཏེ། དབང་པོ་རྟུལ་བས་ཉོན་མོངས་སླར་ཡང་སྐྱེ་བའི་ཕྱིར། མི་གཡོ་བའི་ཆོས་ཅན་ནི་དེ་མ་ཡིན་ཏེ། དབང་པོ་རྣོ་བས་ཉོན་མོངས་མི་སྐྱེ་བའི་ཕྱིར། འོན་ཀྱང་དད་པའི་རིགས་ལས་ཉམས་པ་མེད་དེ། མི་སློབ་པའི་ཚེ་དང་པོ་ནས་དེའི་རིགས་སུ་ཡོད་པ་ནི་སློབ་པ་


DLL1003_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་སློབ་ལམ་གཉིས་ཀྱིས་བརྟན་པར་བྱས་པའི་ཕྱིར་དང་། སློབ་པའི་ཚེ་དེའི་རིགས་སུ་ཡོད་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་བརྟན་པར་བྱས་པའི་ཕྱིར། འབྲས་བུ་དང་པོ་རྒྱུན་ཞུགས་ལས་ཉམས་པ་མི་སྲིད་དེ། དེ་མཐོང་སྤང་སྤངས་པའི་འབྲས་བུ་ཡིན་ལ། མཐོང་སྤང་སྤངས་པ་ཕྱིར་མི་ལྡོག་པའི་ཕྱིར། འབྲས་བུ་དང་པོ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ལས་ཉམས་པ་མི་སྲིད་དེ། དེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་བརྟན་པར་བྱས་པའི་ཕྱིར། འོ་ན་རིགས་དྲུག་པོ་དེ་དགྲ་བཅོམ་པ་ཁོ་ན་ལ་ལྡན་ནམ་ཞེ་ན། སློབ་པ་དང་འཕགས་པ་མིན་པའི་སོ་སྐྱེ་ཡང་རིགས་དྲུག་དང་ལྡན་ཏེ། དགྲ་བཅོམ་གྱི་སྔོན་དུ་རིགས་དྲུག་འགྲོ་བའི་ཕྱིར། ལམ་གང་ལ་གནས་པའི་ཚེ་དབང་པོ་འཕོ་ཞེ་ན། མཐོང་ལམ་ལ་གནས་བའི་ཚེ་དེ་ནི་དབང་པོ་འཕོ་བ་མེད་དེ། དེ་མྱུར་བས་སྦྱོར་བ་བྱ་བའི་སྐབས་མེད་པའི་ཕྱིར། དེ་ནས་ལམ་གཞན་ལ་གནས་ནས་དབང་པོ་འཕོ་བ་ཡིན་ནོ། །གསུམ་པ་ནི། ཉམས་པ་དེ་ལ་དུ་ཡོད་ཅེ་ན། ཡོངས་སུ་ཉམས་པ་རྣམ་པ་གསུམ་དུ་ཤེས་བར་བྱ་སྟེ། ཡོན་ཏན་ཐོབ་པ་ཤོར་བ་ཐོབ་པ་ལས་ཉམས་པ་དང་། ཐོབ་པར་བྱ་བ་མ་ཐོབ་པ་མ་ཐོབ་པ་ལས་ཉམས་པ་དང་། ཐོབ་པ་མངོན་དུ་མ་བྱས་པ་ཐོབ་པ་ཉེར་སྤྱད་ལས་ཉམས་པ་གསུམ་ཡོད་པའི་ཕྱིར། འོ་ན་དེ་དག་གང་ལ་མངའ་ཞེ་ན། སྟོན་པ་ལ་ཐ་མ་ཉེར་སྤྱད་ལས་ཉམས་པ་མངའ་སྟེ། ཡོན་ཏན་ཐམས་ཅད་ལ་མངའ་བརྙེས་ཀྱང་


DLL1003_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་མངོན་དུ་མ་མཛད་པ་སྲིད་པའི་ཕྱིར། མི་གཡོ་བའི་ཆོས་ཅན་ལ་བར་མ་མ་ཐོབ་པ་ལས་ཉམས་པའང་མངའ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མ་ཐོབ་པའི་ཕྱིར། གཞན་ལ་ནི་ཡོངས་ཉམས་རྣམ་པ་གསུམ་ག་ཡོད་དོ། །དགྲ་བཅོམ་དབང་བརྟུལ་འབྲས་བུ་ལས་ཉམས་ན་སྲེད་པ་དང་ལྡན་པས་སྲིད་པར་སྐྱེ་བར་འགྱུར་ཞེ་ན། སྐྱོན་མེད་དེ། དེ་འབྲས་བུ་ལས་ཉམས་པ་ཡིན་ལ། འབྲས་བུ་ལས་ཉམས་པ་སོར་མ་ཆུད་ཀྱི་བར་དུ་འཆི་བ་མེད། འབྲས་བུ་མ་ཐོབ་ཀྱི་བར་དུ་དེ་དང་འགལ་བའི་བྱ་བ་མ་ཡིན་པ་མི་བྱེད་ཅིང་། ལམ་སྒྲུབ་པ་ལ་བརྩོན་བའི་ཕྱིར། བཞི་པ་ནི། དབང་པོ་འཕོ་བ་ལ་ལམ་དུ་དགོས་ཤེ་ན། རྟོགས་པའི་སྐལ་བ་ཅན་མི་གཡོ་བར་དབང་པོ་འཕོ་བའི་ཚེ་རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་དགུ་དགོས་ཏེ། དབང་པོ་རྟུལ་བའི་རིགས་ཡུན་རིང་དུ་ཤིན་ཏུ་བསྟེན་ཅིང་། དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་བརྟན་པར་བྱས་པའི་ཕྱིར། དད་མོས་པ་མཐོང་ཐོབ་པར་དབང་པོ་འཕོ་བ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་རེ་རེས་ཆོག་སྟེ། དབང་པོ་འཕོ་སླ་བའི་ཕྱིར། དབང་པོ་འཕོ་བའི་ལམ་དེ་ཟག་བཅས་དང་ཟག་མེད་གང་ཡིན་ཞེ་ན། འཕགས་པ་དབང་པོ་འཕོ་བའི་རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་ནི་ཟག་མེད་ཡིན་ནོ། །གང་གི་རྟེན་ལ་དབང་པོ་འཕོ་ཞེ་ན། མིའི་ནང་དུ་དབང་པོ་འཕོ་སྟེ། འབད་པས་བསྒྲུབ་དགོས་པའི་ཕྱིར། ས་གང་ལ་བརྟེན་ནས་དབང་པོ་འཕོ་ཞེ་ན། མི་སློབ་པ་ཟག་མེད་ས་དགུ་ལ་བརྟེན་ཏེ་འཕོ། སློབ་པ་བསམ་གཏན་ས་དྲུག་ལ་བརྟེན་ཏེ་འཕོའི། གཟུགས་མེད་ལ་བརྟེན་ནས་མི་འཕོ་སྟེ།


DLL1003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཕྱིར་ན་ཕྱིར་མི་འཕོ་བ་དབང་པོ་འཕེལ་བ་དབང་པོ་རྟུལ་པོས་བསྡུས་པའི་འབྲས་བུ་ཁྱད་པར་ཅན་བཏང་སྟེ་དབང་པོ་རྣོན་པོས་བསྡུས་པའི་འབྲས་བུ་ཙམ་པོ་ཐོབ་པར་འགྱུར་པ་གང་ཞིག །ཕྱིར་མི་འོང་གི་འབྲས་བུ་ཙམ་པོ་གཟུགས་མེད་ཀྱིས་བསྡུས་པ་མེད་པའི་ཕྱིར། གཉིས་པ་མཇུག་བསྡུ་བ་ནི། དགྲ་བཅོམ་པ་དེ་ལ་དགུ་ཡོད་དེ། སངས་རྒྱས་ལ་རྫོགས་པའི་སངས་རྒྱས་དང་རང་སངས་རྒྱས་གཉིས། མི་གཡོ་བའི་ཆོས་ཅན་ལ་རང་བཞིན་དུ་གནས་པ་དང་དབང་པོ་སྦྱངས་བ་གཉིས་སུ་ཕྱེ་བས་ཉན་ཐོས་དགྲ་བཅོས་པ་ལ་བདུན་དུ་ཡོད་པའི་ཕྱིར། དགྲ་བཅོམ་པ་དགུར་ངེས་ཏེ། དབང་པོ་རྣམ་པ་དགུ་པ་ཅན་དུ་ངེས་བའི་ཕྱིར། འཕགས་པའི་གང་ཟག་བདུན་ཡོད་དེ། དད་པ་དང་ཆོས་ཀྱི་རྗེས་འབྲང་གཉིས། དད་མོས་པ་དང་མཐོང་ཐོབ་པ་གཉིས། ལུས་མངོན་བྱེད་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་རྣམས་སུ་ཡོད་པའི་ཕྱིར། འོ་ན་གང་ཟག་བདུན་པོ་དེ་གང་གི་སྒོ་ནས་བཞག་ཅེ་ན། སྔ་མ་གཉིས་སྦྱོར་བའི་སྒོ་ནས་བཞག་སྟེ། གཞན་ལ་དད་པའི་ཚིག་གི་རྗེས་སུ་འབྲངས་ནས་བདེན་པ་མངོན་རྟོགས་ལ་སྦྱོར་བ་དང་། ཆོས་གསུང་རབ་ཀྱི་རྗེས་སུ་འབྲངས་ནས་བདེན་པ་མངོན་རྟོགས་ལ་སྦྱོར་བའི་ཕྱིར། བར་པ་གཉིས་པོ་དབང་པོའི་སྒོ་ནས་བཞག་སྟེ། དད་པ་ལྷག་པ་དང་ཤེས་རབ་ལྷག་པས་རབ་ཏུ་ཕྱེ་བའི་ཕྱིར། ལུས་མངོན་བྱེད་སྙོམས་འཇུག་གི་སྒོ་ནས་བཞག་སྟེ། འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར། ཤེས་རབ་ཀྱིས་


DLL1003_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲོལ་རྣམ་གྲོལ་གྱི་སྒོ་ནས་བཞག་སྟེ། ཤེས་རབ་ཀྱིས་ཉོན་མོངས་ལས་གྲོལ་བའི་ཕྱིར། གཉིས་ཀའི་ཆ་ལས་རྣམ་གྲོལ་སྙོམས་འཇུག་དང་རྣམ་གྲོལ་གཉིས་ཀས་བྱས་པ་ཡིན་ཏེ། སྙོམས་འཇུག་གིས་རྣམ་ཐར་གྱི་སྒྲིབ་པ་ལས་གྲོལ། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བར་བྱས་པའི་ཕྱིར། བདུན་པོ་དེ་དག་རྫས་སུ་བསྡུ་ན་དྲུག་ཡིན་ཏེ། འདི་ལྟར་མཐོང་ལམ་ལ་དད་པ་དང་ཆོས་ཀྱི་རྗེས་འབྲང་གཉིས། སྒོམ་ལམ་ལ་དད་མོས་དང་མཐོང་ཐོབ་གཉིས། མི་སློབ་ལམ་ན་དུས་དང་སྦྱོར་བ་དང་མི་སྦྱོར་བའི་རྣམ་གྲོལ་གཉིས་བཞག་པའི་ཕྱིར། འོ་ན་གཉིས་ཀའི་ཆ་ལས་རྣམ་གྲོལ་དང་ཤེས་རབ་ཀྱིས་རྣམ་གྲོལ་གཉིས་གང་ཞེ་ན། འགོག་སྙོམས་ཐོབ་པའི་དགྲ་བཅོམ་དེ་གཉིས་ཀའི་ཆ་ལས་རྣམ་གྲོལ་ཡིན་ཏེ། སྙོམས་འཇུག་གིས་རྣམ་ཐར་གྱི་སྒྲིབ་པ་ལས་གྲོལ། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བར་བྱས་པའི་ཕྱིར། ཅིག་ཤོས་འགོག་སྙོམས་མ་ཐོབ་པའི་དགྲ་བཅོམ་དེ་ཤེས་རབ་ཀྱིས་རྣམ་གྲོལ་ཡིན་ཏེ། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་འབའ་ཞིག་ལས་གྲོལ་པའི་ཕྱིར། སློབ་པ་དང་མི་སློབ་པ་གང་གིས་ཡོངས་སུ་རྫོགས་པ་ཡིན་ཞེ་ན། སྙོམས་འཇུག་དང་དབང་པོ་དང་འབྲས་བུ་རྣམས་ཀྱིས་སློབ་པ་ཡོངས་སུ་རྫོགས་པ་ཞེས་བྱའོ། །སྙོམས་འཇུག་དང་དབང་པོ་གཉིས་ཀྱིས་མི་སློབ་པ་ཡོངས་སུ་རྫོགས་པ་ཡིན་ནོ། །བཞི་པ་མངོན་རྟོགས་ཀྱི་ལམ་བསྟན་པ་ལ། སྦྱོར་སོགས་བཞི་བཤད་པ། གནས་དང་དབང་པོ་ཐམས་ཅད་པའི་ལམ་བཤད་པ་བྱང་ཆུབ་ཕྱོགས་མཐུན་གྱི་ལམ་བཤད་པའོ། །དང་པོ་ནི། ཐར་ལམ་ལ་དུ་མ་བཤད་


DLL1003_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ན། བསྡུ་ན་དུ་ཞེ་ན། །མདོར་ན་ལམ་ནི་རྣམ་བཞི་སྟེ། །ཁྱད་པར་ཅན་དང་རྣམ་གྲོལ་དང་། །བར་ཆད་མེད་དང་སྦྱོར་ཞེས་བྱ། །མདོར་ན་ཐར་པའི་ལམ་ལ་བཞི་སྟེ། གང་གི་མཇུག་ཐོགས་སུ་བར་ཆད་མེད་ལམ་སྐྱེ་བའི་སྦྱོར་བའི་ལམ་དང་། སྤང་བྱ་དངོས་སུ་སྤོང་བའི་བར་ཆད་མེད་ལམ་དང་། སྤང་བྱ་ལས་དང་པོར་གྲོལ་བའི་རྣམ་གྲོལ་ལམ་དང་། དེ་ཡན་ཆད་ཀྱི་ཁྱད་པར་ཅན་གྱི་ལམ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ལམ་སླ་ལ་མངོན་ཤེས་མྱུར་བ་སོགས་བཞི་བཤད་ན། དེ་གང་ཞེ་ན། བསམ་གཏན་གྱི་དངོས་གཞི་དག་གི་ལམ་རྣམས་སླ་སྟེ། ཡན་ལག་གིས་ཟིན་པ་དང་། ཞི་ལྷག་ཆ་མཉམ་པས་རང་གི་ངང་གིས་འབྱུང་བའི་ཕྱིར། ས་གཞན་དག་གི་ལམ་ནི་དཀའ་བ་ཡིན་ཏེ། ཡན་ལག་གིས་མ་ཟིན་པ་དང་། ཞི་ལྷག་ཆ་མི་མཉམ་པས་འབད་པས་བསྒྲུབ་དགོས་པའི་ཕྱིར། དེ་ཡང་ཉེར་བསྡོགས་དང་བསམ་གཏན་ཁྱད་པར་ཅན་ཞི་གནས་ཤས་ཆུང་ཞིང་། གཟུགས་མེད་རྣམས་ལྷག་མཐོང་ཤས་ཆུང་བའི་ཕྱིར། དབང་པོ་རྟུལ་བའི་ལམ་ནི་མངོན་ཤེས་བུལ་བ་ཡིན་ཏེ། ཡུལ་ལ་མངོན་དུ་ཕྱོགས་ནས་ཤེས་པ་བུལ་བའི་ཕྱིར། ཅིག་ཤོས་དབང་པོ་རྣོན་པོའི་ལམ་ནི་མངོན་ཤེས་མྱུར་བ་ཡིན་ཏེ། ཡུལ་ལ་མངོན་དུ་ཕྱོགས་ནས་ཤེས་པ་མྱུར་བའི་ཕྱིར། གསུམ་པ་ལ། མིར་གི་སྒོ་ནས་དབྱེ་བ། རྫས་ཀྱི་སྒོ་ནས་དབྱེ་བ། སྡེ་ཚན་གྱི་གོ་རིམ། ངོ་བོའི་ཁྱད་པར། ས་གང་གིས་བསྡུས། ཞར་ལ་ཤེས་ནས་དད་པ་ཐོབ་ཚུལ། མི་སློབ་པའི་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དྲན་པ་ཉེར་གཞག་སོགས་སུམ་ཅུ་རྩ་བདུན་པོ་བྱང་ཆུབ་དེའི་ཕྱོགས་དང་མཐུན་པའི་ལམ་ཡིན་ཏེ། ཟད་པ་དང་


DLL1003_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྐྱེ་བ་ཤེས་པ་ནི་བྱང་ཆུབ་ཡིན་ལ་དེ་དང་མཐུན་པ་ཉིད་ཀྱི་ལམ་ཡིན་པའི་ཕྱིར། དེ་དག་མིང་གི་སྒོ་ནས་དབྱེ་བ་ཡིན་ནོ། །གཉིས་པ་ནི། དེ་དག་རྫས་སུ་བསྡུ་ན་བཅུར་འདུས་ཏེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཤེས་རབ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་དང་། དགའ་བ་དང་། རྟོག་པ་དང་། ཚུལ་ཁྲིམས་དང་། ཤིན་ཏུ་སྦྱངས་པ་དང་བཅུར་འདུས་པའི་ཕྱིར་ཏེ། དྲན་པ་ཉེར་གཞག་བཞི་ཤེས་རབ་ཏུ་འདུས། ཡང་དག་པར་འཇོག་པ་ཞེས་བྱ་བ་བརྩོན་འགྲུས་སུ་འདུས། རྫུ་འཕྲུལ་གྱི་རྐང་པ་ཏིང་ངེ་འཛིན་དུ་འདུས་པའི་ཕྱིར། དེ་དག་ནི་གཙོ་བོ་སྨོས་པ་ཡིན་གྱི་སྐྱོར་བ་ལས་བྱུང་བའི་ཡོན་ཏན་གཞན་ཀུན་ཀྱང་ཡོད་པ་ཡིན་ནོ། །གསུམ་པ་ནི། འོ་ན་སྡེ་ཚན་བདུན་པོ་དེ་གནས་སྐབས་གང་ལ་བཞག་ཅེ་ན། སྡེ་ཚན་བདུན་ནི་གོ་རིམ་བཞིན་དུ། ལས་ནི་དང་པོ་བདག་དང་ངེས་འབྱེད་ཆ་མཐུན་རྣམས་དང་ནི་སྒོམ་ལམ་དང་མཐོང་ལམ་ལ་རབ་ཏུ་ཕྱེ་ནས་བཞག་གོ ། བཞི་པ་ནི། སྡེ་ཚན་བདུན་པོ་དེ་ལ་ཟག་བཅས་གང་ཟག་མེད་གང་ཞེ་ན། བྱང་ཆུབ་ཡན་ལག་དང་འཕགས་ལམ་ཡན་ལག་བརྒྱད་ནི་ཟག་པ་མེད་པ་ཡིན་ཏེ། མཐོང་ལམ་དང་སྒོམ་ལམ་ཡིན་པའི་ཕྱིར། གཞན་རྣམས་ལ་ཟག་བཅས་དང་ཟག་མེད་རྣམ་པ་གཉིས་ཡོད་དེ། འཇིག་རྟེན་ལས་འདས་པ་ན་ཡོད། དེ་ལས་གཞན་ན་ཡང་ཡོད་པའི་ཕྱིར། ལྔ་པ་ནི། ས་གང་ན་དེ་དག་ཡོད་ཅེ་ན། བསམ་གཏན་དང་པོ་ན་སྡེ་ཚན་བདུན་པོ་ཐམས་ཅད་ཡོད། ཉེར་བསྡོགས་མི་ལྕོགས་མེད་ན་དགའ་བ་མ་གཏོགས་གཞན་རྣམས་ཡོད། དགའ་བ་མ་གཏོགས་ཏེ། ས་འོག་མས་ཉམས་ཀྱིས་དོགས་


DLL1003_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། བསམ་གཏན་གཉིས་པ་ན་ནི་རྟོག་པ་མ་གཏོགས་ཏེ། རྟོག་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར། བསམ་གཏན་གསམ་པ་དང་བཞི་པ་གཉིས་ན་རྟོག་པ་དང་དགའ་བ་དེ་གཉིས་མ་གཏོགས་ཏེ། དེ་གཉིས་མེད་པའི་ཕྱིར། བསམ་གཏན་ཁྱད་པར་ཅན་ནའང་དེ་གཉིས་མ་གཏོགས། གཟུགས་མེད་དང་པོ་གསུམ་ནའང་དེ་གཉིས་དང་ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་མ་གཏོགས། བྱང་ཆུབ་ཡན་ལག་དང་ནི་འཕགས་ལམ་ཡན་ལག་མ་གཏོགས་པ་འདོད་ཁམས་དང་སྲིད་རྩེ་ནའོ། །དེ་གཉིས་མེད་དེ། དེ་གཉིས་ན་ཟག་མེད་ཀྱི་ལམ་མེད་པའི་ཕྱིར། དྲུག་པ་ནི། མདོ་ལས། ཤེས་ནས་དད་པ་ཐོབ་པ་བཞི་སྟེ། སངས་རྒྱས་ལ་ཤེས་ནས་དད་པ་དང་། ཆོས་ལ་ཤེས་ནས་དད་པ་དང་། དགེ་འདུན་ལ་ཤེས་ནས་དད་པ་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ཞེས་གསུངས་ན། དེ་གང་ཞེ་ན། བདེན་པ་དང་པོ་གསུམ་མངོན་སུམ་དུ་མཐོང་བ་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་ཐོབ། ལམ་མངོན་པར་རྟོགས་ན་སངས་རྒྱས་དང་སངས་རྒྱས་དེའི་དགེ་འདུན་དག་ལ་ཡང་ཤེས་ནས་དད་པ་ཐོབ། ཡང་ཞེས་པས་སྔམ་གཉིས་ལའང་ཤེས་ནས་དང་པ་ཐོབ་པར་བསྟན་ཏོ། །ཆོས་ལ་ཤེས་ནས་དད་པ་ཐོབ་པའི་ཆོས་དེ་གང་ཞེ་ན། ཆོས་ནི་བདེན་པ་དང་པོ་གསུམ་དང་། རང་སངས་རྒྱས་ཀྱི་ལམ་དང་བྱང་ཆུབ་སེམས་དཔའི་ལམ་རྣམས་ཡིན་ནོ། །བཞི་པོ་དེ་དག་རྫས་སུ་གཉིས་ཡིན་ཏེ། སྔ་མ་གསུམ་དད་པ་དང་ཕྱི་མ་ཚུལ་ཁྲིམས་དྲི་མ་མེད་པ་ཡིན་པའི་ཕྱིར།


DLL1003_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིན་མོད་ཤེས་ནས་དད་པ་ཐོབ་པ་གང་ཞེ་ན། དེ་ཡང་དྲི་མ་མེད་པ་ཡིན་ནོ། །བདུན་པ་ལ། དངོས་དང་། ཞར་ལ་སྤང་བྱ་སྤོང་ཚུལ་གཉིས། དང་པོ་ནི། མི་སློབ་པ་ཡན་ལག་བཅུ་ལྡན་དང་། སློབ་པ་ཡན་ལག་བརྒྱད་ལྡན་དུ་བཤད་ན། མི་སློབ་པའི་ཡང་དག་པའི་རྣམ་གྲོལ་དང་ཡང་དག་པའི་ཤེས་པ། སློབ་པའི་ཡན་ལག་ཏུ་མི་འཆད་པའི་རྒྱུ་མཚན་གང་ཞེ་ན། སློབ་པའི་ཡན་ལག་ཏུ་ཡང་དག་པའི་རྣམ་གྲོལ་མ་བཤད་དེ། སློབ་པ་དེ་ཉོན་མོངས་པས་བཅིངས་པའི་ཕྱིར། དེའི་ཡན་ལག་ཏུ་ཡང་དག་པའི་ཤེས་པ་མ་བཤད་དེ། ཡང་དག་པའི་ཤེས་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཡིན་པའི་ཕྱིར། རྣམ་གྲོལ་དེ་ལ་རྣམ་པ་གཉིས་ཡོད་དེ། ཉོན་མོངས་བཅོམ་པ་འདུས་མ་བྱས་རྣམ་གྲོལ་དང་། མོས་པ་འདུས་བྱས་རྣམ་གྲོལ་གཉིས་ཡོད་པའི་ཕྱིར། མི་སློབ་པའི་ཡན་ལག་ནི་འདུས་བྱས་རྣམ་གྲོལ་དེ་ཡིན་ལ། དེ་ཉིད་ལ་རྣམ་གྲོལ་གཉིས་ཏེ། སེམས་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང་། ཤེས་རབ་གཏི་མུག་ལས་རྣམ་པར་གྲོལ་བ་གཉིས་ཡོད་པའི་ཕྱིར། ཡང་དག་པའི་ཤེས་པ་དེ་གང་ཞེ་ན། དེ་ནི་བྱང་ཆུབ་སྔར་ཇི་སྐད་བཤད་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཡིན་ནོ། །གཉིས་པ་ནི། མི་སློབ་པའི་སེམས་དུས་གསུམ་པོ་གང་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་ཞེ་ན། མི་སློབ་པའི་སེམས་ནི་སྐྱེ་བར་འགྱུར་བ་མཐོངས་པ་སྒྲིབ་པ་ལས་ནི་རྣམ་པར་གྲོལ་བར་འགྱུར་རོ། །ལམ་དུས་གསུམ་པོ་གང་གིས་སྒྲིབ་པ་སྤོང་ཞེ་ན། འགག་པར་འགྱུར་བའི་ལམ་གྱིས་ནི་དེའི་སྒྲིབ་པ་རབ་ཏུ་སྤོང་ངོ་། །འོ་ན་འདུས་མ་བྱས་རྣམ་གྲོལ་དང་འདོད་ཆགས་དང་བྲལ་


DLL1003_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁམས་ལ་སོགས་པ་གསུམ་བཤད་ན། དེ་ལ་ཁྱད་པར་གང་ཡོད་ཅེ་ན། འདུས་མ་བྱས་རྣམ་གྲོལ་དེ་ཉིད་ལ་ཁམས་གསུམ་དུ་ཤེས་པར་བྱའོ། །འོ་ན་ཁམས་གསུམ་ལ་ཁྱད་པར་ཅི་ཡོད་ཅེ་ན། འདོད་ཆགས་ཀུན་ཟད་པ་ནི་འདོད་ཆགས་དང་བྲལ་བའི་ཁམས་དང་སྤངས་པའི་ཁམས་ནི་འདོད་ཆགས་ལས་གཞན་པའི་ཉོན་མོངས་པ་སྤངས་པ་དག་གོ །འགོག་པའི་ཁམས་ཞེས་བྱ་བ་ནི་ཉོན་མོངས་སྐྱེ་བའི་གཞི་ཟག་པ་ཟད་པ་ཡིན་ནོ། །གང་ལ་ཡིད་འབྱུང་བའི་ལམ་དེས་འདོད་ཆགས་དང་འབྲལ་བས་ཁྱབ་བམ་ཞེ་ན། སྡུག་བསྔལ་དང་རྒྱུ་ཀུན་འབྱུང་ལ་དམིགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ཡིད་འབྱུང་བ་ཡིན་ཏེ། དམན་པ་ཟག་བཅས་ལ་དམིགས་པའི་བློ་མཆོག་ཏུ་གྱུར་པའི་ཕྱིར། འགོག་ལམ་ལ་དམིགས་པའི་བཟོད་ཤེས་ནི་ཡིད་འབྱུང་མིན་ཏེ། དམན་པ་ལ་དམིགས་པ་མ་ཡིན་པའི་ཕྱིར། གང་གིས་སྤང་བྱ་དངོས་སུ་སྤོང་བའི་ལམ་ཀུན་གྱིས་འདོད་ཆགས་དང་བྲལ་བར་འགྱུར་ཏེ། སྤང་བྱའི་དངོས་གཉེན་བར་ཆད་མེད་ལམ་ཡིན་པའི་ཕྱིར། དེ་ལྟར་ན་ཡིད་འབྱུང་བ་དང་འདོད་ཆགས་དང་བྲལ་བར་འགྱུར་བའི་ལམ་ལ་མུ་བཞི་སྲིད་དེ། སྡུག་ཀུན་ལ་དམིགས་པའི་སྦྱོར་བ་དང་ཁྱད་པར་དང་རྣམ་གྲོལ་ལམ་ནི་ཡིད་འབྱུང་ཡིན་གྱི། འདོད་ཆགས་དང་འབྲལ་བ་མིན། དེ་ལ་དམིགས་པའི་བར་ཆད་མེད་ལམ་ནི་གཉིས་ཀ་ཡིན། འགོག་ལམ་ལ་དམིགས་པའི་བར་ཆད་མེད་ལམ་ནི་འདོད་ཆགས་དང་འབྲལ་བ་ཡིན་གྱི། ཡིད་འབྱུང་བ་མ་ཡིན། འགོག་ལམ་ལ་དམིགས་པའི་སྦྱོར་བ་


DLL1003_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྱད་པར་དང་རྣམ་གྲོལ་ལམ་ནི་གཉིས་ཀ་མ་ཡིན་ནོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ལམ་དང་གང་ཟག་བསྟན་པ་ཞེས་བྱ་བ་སྟེ་གནས་དྲུག་པའི་རྣམ་པར་བཤད་པའོ།། །།ཡེ་ཤེས་བསྟན་པ། བདུན་པ་ཡེ་ཤེས་བསྟན་པའི་གནས་ལ་ལྔ་སྟེ། ཤེས་པའི་གཞི། ཤེས་པའི་རང་བཞིན། ཤེས་པའི་ལྡན་པ། ཤེས་པའི་ཐོབ་པ། ཤེས་པས་བསྡུས་པའི་ཡོན་ཏན་ནོ། །དང་པོ་ནི། གོང་དུ་བཟོད་པ་ཞེས་ཀྱང་བཤད། ཤེས་པ་ཞེས་ཀྱང་བཤད། ཡང་དག་པའི་ཤེས་པ་ཞེས་ཀྱང་བཤད། ཡང་དག་པའི་ལྟ་བ་ཞེས་ཀྱང་བཤད་ན། བཟོད་པ་ཡིན་ལ་ཤེས་པ་མིན་པ་དང་། ཡང་དག་པའི་ཤེས་པ་ཡིན་ལ་ཡང་དག་པའི་ལྟ་བ་མ་ཡིན་པ་ཡོད་དམ་ཞེ་ན། དྲི་མ་མེད་པའི་བཟོད་པ་རྣམས་ཆོས་ཅན། རང་ཡུལ་ངེས་པའི་ཤེས་པ་མིན་ཏེ། རང་ཡུལ་ལ་འཇུག་པའི་ཐེ་ཚོམ་མ་སྤངས་པའི་ཕྱིར་ཏེ། རང་ཡུལ་ལ་འཇུག་པའི་ཐེ་ཚོམ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཟད་པ་དང་མི་སྐྱེ་བའི་བློ་ཆོས་ཅན། ཡང་དག་པའི་ལྟ་བ་མིན་ཏེ། ཡུལ་ལ་ཡང་དག་པར་ངེས་པར་རྟོག་པ་མ་ཡིན་པའི་ཕྱིར། དེ་གཉིས་ལས་གཞན་པའི་འཕགས་པ་ཟག་མེད་ཀྱི་བློ་ཆོས་ཅན། ཤེས་པ་དང་ཡང་དག་པའི་ལྟ་བ་གཉིས་ཀ་ཡིན་ཏེ། ཡང་དག་པའི་ཡུལ་ལ་ངེས་པར་རྟོག་པའི་བློ་ཡིན་པའི་ཕྱིར། འཕགས་པའི་བློ་དེ་ལས་གཞན་པའི་སོ་སྐྱེའི་བློ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཆོས་ཅན། ཤེས་པ་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། འཇིག་ཚོགས་ལ་ལྟ་བ་སོགས་ལྔ་དང་འཇིག་རྟེན་


DLL1003_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡང་དག་པའི་ལྟ་བ་སྟེ་དྲུག་ནི་ཤེས་པ་ཡིན་པར་མ་ཟད་ལྟ་བའང་ཡིན་ནོ། །གཉིས་པ་ལ་ལྔ། བསྡུ་བ་ཡུལ་དང་བཅས། དབྱེ་བ་ཁྱད་པར་དང་བཅས། གྲངས་ངེས་གཉེན་པོའི་བྱེ་བྲག་དང་བཅས། རྣམ་པའི་བྱེ་བྲག །ཆོས་ཀྱི་ཁྱད་པར་རོ། །དང་པོ་ནི། ཤེས་པ་ཆོས་ཅན། བསྡུ་ན་གཉིས་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་གཉིས་ཡོད་པའི་ཕྱིར། དང་པོ་ནི་ཀུན་རྫོབ་ཤེས་པ་ཞེས་བྱ་སྟེ། ཕལ་ཆེར་བུམ་སྣང་ལ་སོགས་པ་ཡུལ་ཀུན་རྫོབ་པ་ལ་དམིགས་པའི་ཤེས་པ་ཡིན་པའི་ཕྱིར། ཟག་པ་མེད་པ་རྣམ་པ་གཉིས་ཏེ། ཆོས་ཤེས་དང་རྗེས་སུ་ཤེས་པ་ཁོ་ན་ཡིན་པའི་ཕྱིར། ཀུན་རྫོབ་ཤེས་པའི་ཡུལ་ནི་ཐམས་ཅད་ཡིན་ཏེ། དེ་སྐད་ཅིག་དང་པོས་རང་དང་རང་གི་ཚོགས་པ་ན་ཡོད་པ་ལས་གཞན་པ་ཐམས་ཅད་རིག །སྐད་ཅིག་གཉིས་པས་དེ་ཡང་རིག་པའི་ཕྱིར། ཆོས་ཤེས་ཞེས་བྱ་བའི་སྤྱོད་ཡུལ་ནི་འདོད་པའི་སྡུག་བསྔལ་ལ་སོགས་པ་ཡིན་ཏེ། འདོད་པའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པའི་སྒོ་ནས་ཆོས་ཤེས་བཞག་པའི་ཕྱིར། རྗེས་སུ་ཤེས་པའི་སྤྱོད་ཡུལ་ནི་གོང་མའི་སྡུག་བསྔལ་ལ་སོགས་པ་ཡིན་ཏེ། དེ་གོང་མའི་གཉེན་པོ་ཡིན་པའི་ཕྱིར། གཉིས་པ་ནི། ཆོས་ཤེས་དང་རྗེས་ཤེས་དེ་དག་ཉིད་ལ་རྣམ་པ་བཞི་བཞི་ཡོད་དེ། བདེན་པ་བཞི་ཤེས་པའི་བྱེ་བྲག་གིས་བཞི་བཞི་ཡོད་པའི་ཕྱིར། བདེན་པ་རྣམ་པ་བཞི་ཤེས་པ་དེ་དག་ལས་ནི་མི་སྐྱེ་བ་དང་ཟད་པ་ཤེས་པ་བཞག་སྟེ། ཟད་པ་ཤེས་པ་སྡུག་བསྔལ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་དང་། མི་སྐྱེ་བ་ཤེས་པ་ནི་སྡུག་བསྔལ་ཤེས་ཏེ་སླར་ཤེས་


DLL1003_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱར་མེད་ཅེས་བྱ་བ་ལ་སོགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་གཉིས་དང་པོ་སྐྱེས་པ་ནི་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་ལ་དམིགས་པ་ནི་རྗེས་ཤེས་ཡིན་ཏེ། སྲིད་རྩེའི་སྒོམ་སྤང་དགུ་པ་ལ་དམིགས་ནས་མི་རྟག་པ་ལ་སོགས་པའི་སྡུག་བསྔལ་གྱི་རྣམ་པ་དང་རྒྱུ་ལ་སོགས་པ་ཀུན་འབྱུང་གི་རྣམ་པ་ཅན་ཡིན་པའི་ཕྱིར། ཆོས་ཤེས་རྗེས་ཤེས་ལམ་ཤེས་ཀུན་རྫོབ་ཤེས་པ་བཞི་ལས་ཕ་རོལ་སེམས་རིག་པ་བཞག་སྟེ། དེ་བཞི་པོའི་བདག་ཉིད་ཅན་ཡིན་པའི་ཕྱིར། སེམས་ཤེས་དེས་གང་ཡུལ་དུ་བྱེད་ཅེ་ན། དེས་ནི་ས་འདས་པས་འོག་མའི་ཕ་རོལ་སེམས་ཤེས་ཀྱིས་གོང་མའི་སེམས་མི་རིག །དབང་པོ་འདས་པ་དབང་རྟུལ་དད་མོས་པ་ལྟ་བུའི་ཕ་རོལ་སེམས་ཤེས་ཀྱིས་དབང་རྣོན་མཐོང་ཐོབ་ལྟ་བུའི་སེམས་མི་རིག །གང་ཟག་འདས་པ་ཕྱིར་མི་འོང་གི་ཕ་རོལ་སེམས་ཤེས་ཀྱིས་དགྲ་བཅོམ་པའི་སེམས་མི་རིག་སྟེ། དེ་དག་གི་ཡུལ་ལས་འདས་པ་ཡིན་པའི་ཕྱིར། ཞིག་པ་དང་མ་སྐྱེས་པ་མི་རིག་སྟེ། ད་ལྟར་བའི་ཡུལ་ཅན་ཡིན་པའི་ཕྱིར། ཕ་རོལ་སེམས་ཤེས་ཆོས་ཤེས་དང་རྗེས་ཤེས་ཀྱི་བློའི་ཕྱོགས་ཕན་ཚུན་རིག་པ་མིན་ཏེ། འདོད་པ་དང་གོང་མའི་གཉེན་པོའི་རིས་སུ་གྱུར་པའི་ཟག་མེད་ཀྱི་ལམ་ཡིན་པའི་ཕྱིར། འོ་ན་གོང་མའི་ཕ་རོལ་སེམས་ཤེས་ཀྱིས་འོག་མའི་སེམས་རིག་ན། ཕ་རོལ་སེམས་ཤེས་ཀྱིས་མཐོང་ལམ་སྐད་ཅིག་མ་དུ་རིག་ཅེ་ན། ཉན་ཐོས་ཀྱི་ཕ་རོལ་སེམས་ཤེས་ཀྱིས། མཐོང་བའི་ལམ་སྡུག་བསྔལ་ཆོས་བཟོད་དང་ཆོས་ཤེས་སྐད་ཅིག་མ་དང་པོ་གཉིས་རིག་གི །དེ་ལས་གཞན་མི་རིག་


DLL1003_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། གཞན་དང་དམིགས་རྣམ་མི་མཐུན་པས་དེ་ཤེས་པའི་ཕྱིར་དུ་སྦྱོར་བ་བྱས་ན་མྱུར་དུ་འགག་ལ། འཕགས་པ་ཡུལ་དུ་མི་བྱེད་པར་བཤད་ཟིན་པའི་ཕྱིར། བསེ་རུ་ལྟ་བུའི་རང་སངས་རྒྱས་ཀྱི་ཕ་རོལ་སེམས་ཤེས་ཀྱིས་སྐད་ཅིག་མ་དང་པོ་གཉིས་དང་བརྒྱད་པ་སྟེ་གསུམ་རིག་གི་གཞན་མི་རིག་གོ །སངས་རྒྱས་ཀྱི་ཕ་རོལ་སེམས་ཤེས་ཀྱིས་སྦྱོར་བ་མེད་པར་སྐད་ཅིག་མ་བཅོ་ལྔ་ཀུན་རིག་སྟེ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར། ཟད་པ་ཤེས་པ་བདེན་པ་བཞི་རྣམས་ལ་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་བྱ་བ་ལ་སོགས་པར་ངེས་པའི་བློའོ། །སྡུག་བསྔལ་ཡོངས་སུ་ཤེས་ཏེ་སླར་ཤེས་པར་བྱར་མེད་ཅེས་བྱ་བ་ལ་སོགས་པར་ངེས་པའི་བློ་ནི་མི་སྐྱེ་བའི་བློར་འདོད་དོ། །གསུམ་པ་ནི། ཤེས་པ་བཅུར་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། ཡོད་དེ། ཡུལ་གྱི་རང་བཞིན་ལས་ཀུན་རྫོབ་ཤེས་པ་བཞག །གཉེན་པོ་ལས་ཆོས་ཤེས་དང་རྗེས་ཤེས་བཞག །རྣམ་པ་ལས་སྡུག་ཀུན་ཤེས་པ་བཞག །རྣམ་པ་དང་སྤྱོད་ཡུལ་གཉིས་ཀ་ལས་འགོག་ལམ་ཤེས་པ་བཞག །སྦྱོར་བ་བྱས་པ་ལས་ཕ་རོལ་སེམས་ཤེས་བཞག །བྱ་བ་བྱས་པ་ལས་ཟད་པ་ཤེས་པ་བཞག །རྒྱུ་རྒྱས་པ་ལས་མི་སྐྱེ་བ་ཤེས་པ་བཞག་པའི་ཕྱིར་ཏེ། ཀུན་རྫོབ་པའི་ཤེས་པ་ཕལ་ཆེར་ཀུན་རྫོབ་པ་ལ་དམིགས་པའི་ཤེས་པ་དང་། ཆོས་ཤེས་འདོད་པའི་གཉེན་པོ་དང་། རྗེས་ཤེས་གོང་མའི་གཉེན་པོ་དང་། སྡུག་ཀུན་གཉིས་རྣམ་པ་མི་རྟག་པ་


DLL1003_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྣམ་པ་ཐ་དད་ཀྱི་དམིགས་པ་སྡུག་ཀུན་གཉིས་ངོ་བོ་གཅིག་པ་དང་། འགོག་ལམ་གཉིས་དམིགས་པ་དང་རྣམ་པ་ཐ་དད་པ་དང་། ཕ་རོལ་སེམས་ཤེས་ཕ་རོལ་གྱི་སེམས་ཤེས་པའི་ཕྱིར་དུ་སྦྱོར་བ་བྱས་པ་ལས་བྱུང་བ་དང་། ཟད་ཤེས་བྱ་བ་བྱས་པའི་རྒྱུད་ལ་དང་པོར་སྐྱེས་པ་དང་། མི་སྐྱེ་བ་ཤེས་པ་སྔར་ཟག་མེད་སྐལ་མཉམ་གྱི་རྒྱུ་རྒྱས་པ་ལས་བྱུང་བའི་ཕྱིར། འོ་ན་ཆོས་ཤེས་འདོད་པའི་གཉེན་པོ་དང་། རྗེས་ཤེས་གོང་མའི་གཉེན་པོ་ཡིན་ན། དེ་ཁོ་ནར་ངེས་སམ་ཞེ་ན། མཐོང་ལམ་ལ་ངེས་ཀྱི་སྒོམ་ལམ་ལ་མ་ངེས་ཏེ། སྒོམ་པའི་ལམ་ལ་འགོག་པའམ། ལམ་ལ་ཆོས་ཤེས་གང་ཡིན་པ་དེ་ཁམས་གསུམ་གྱི་གཉེན་པོ་ཡིན་སྲིད་པའི་ཕྱིར་ཏེ། གོང་མའི་འགོག་ལམ་ལས་མི་དམན་པའི་འགོག་ལམ་ལ་དམིགས་པའི་ཟག་མེད་ཀྱི་ལམ་ཡིན་པའི་ཕྱིར། སྡུག་ཀུན་ལ་ཆོས་ཤེས་ཁམས་གསུམ་གྱི་གཉེན་པོ་མ་ཡིན་ཏེ། གོང་མའི་སྡུག་ཀུན་ལས་དམན་པའི་སྡུག་ཀུན་ལ་དམིགས་པའི་ལམ་ཡིན་པའི་ཕྱིར། འོ་ན་རྗེས་ཤེས་ཀྱང་ཁམས་གསུམ་གྱི་གཉེན་པོ་ཡིན་པར་འགྱུར་ཏེ། རྟགས་རིས་འདྲ་ཚང་བའི་ཕྱིར་ཞེ་ན། འདོད་པའི་ཁམས་ཀྱི་གཉེན་པོ་རྗེས་ཤེས་མ་ཡིན་ཏེ། ཆོས་ཤེས་མ་སྐྱེས་པར་རྗེས་ཤེས་མི་སྐྱེ། ཆོས་ཤེས་སྐྱེས་པའི་ཚེ་ཆོས་ཤེས་ཀྱིས་འདོད་པ་ལས་རྒྱལ་བར་བྱས་ཟིན་པའི་ཕྱིར། བཞི་པ་ནི། འོ་ན། ཤེས་པ་བཅུ་པོ་ཡུལ་གང་གི་རྣམ་པ་ཅན་ཡིན་ཞེ་ན། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་བདེན་པའི་རྣམ་པ་བཅུ་དྲུག་ཅན་ཡིན་ནོ། །ཀུན་རྫོབ་ཤེས་པ་ནི་དེ་བཞིན་དུ་རྣམ་པ་བཅུ་དྲུག་ཡིན་ལ། གཞན་དུའང་


DLL1003_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཡིན་ནོ། །བདེན་པ་བཞི་ཤེས་པ་ནི་རང་རང་གི་བདེན་པའི་རྣམ་པ་བཞི་བཞི་ཡིན་ནོ། །ཕ་རོལ་ཡིད་ཤེས་དྲི་མེད་ཀྱང་དེ་བཞིན་དུ་རྣམ་པ་བཞི་པ་ཅན་ཡིན་ནོ། །ཕ་རོལ་སེམས་ཤེས་དྲི་མ་དང་བཅས་པ་ནི་ཤེས་བྱ་སེམས་དང་སེམས་ལས་བྱུང་བའི་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ནོ། །དེ་གཉིས་ཀྱང་སེམས་དང་སེམས་ལས་བྱུང་བའི་རྫས་རེ་རེ་ཞིག་གི་སྤྱོད་ཡུལ་ཡིན་གྱི། གཉིས་ཀ་ཅིག་ཅར་དུ་མི་འཛིན་ཏེ། སེམས་སོ་སྙམ་དུ་འཛིན་པའི་ཚེ་སེམས་བྱུང་མི་འཛིན། སེམས་བྱུང་ངོ་སྙམ་དུ་འཛིན་པའི་ཚེ་སེམས་མི་འཛིན་པའི་ཕྱིར། དཔེར་ན། དྲི་མའོ་སྙམ་དུ་འཛིན་པའི་ཚེ་གོས་མི་འཛིན། གོས་སོ་སྙམ་དུ་འཛིན་པའི་ཚེ་དྲི་མ་མི་འཛིན་པ་བཞིན་ནོ། །ལྷག་མ་ཟད་པ་དང་མི་སྐྱེ་བའི་ཤེས་པ་ནི་རྣམ་པ་བཅུ་བཞི་པ་ཅན་ནོ། །སྟོང་པ་དང་བདག་མེད་མ་གཏོགས་ཏེ། དེའི་རྗེས་ཐོབ་ཀྱི་སྐབས་སུ་བདག་གིས་བྱ་བ་བྱས་སོ། །སྡུག་བསྔལ་ཤེས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་སོགས་འབྱུང་བའི་ཕྱིར། དྲི་མེད་ཀྱི་ལམ་ལ་རྣམ་པ་བཅུ་དྲུག་ལས་གཞན་རང་གི་མཚན་ཉིད་ཀྱི་རྣམ་པ་ཡོད་དམ་ཞེ་ན། མེད་དེ། དྲི་མེད་པཅུ་དྲུག་ལས་གཞན་རྣམ་པ་མེད་པའི་ཕྱིར། ཉི་འོག་པ་ན་རེ། གཞན་ཡོད་ཅེས་ཟེར་ཏེ། བསྟན་བཅོས་རྣམ་ཤེས་ཀྱི་ཚོགས་ལས། གནས་ཡོད་དང་གཞི་ཡོད་ཀྱི་རྣམ་པ་གསུངས་པའི་ཕྱིར། འོ་ན་བཅུ་དྲུག་པོ་རྫས་སུ་དུ་ཞེ་ན། རྫས་སུ་རྣམ་པ་བཅུ་དྲུག་སྟེ། བཅུ་དྲུག་པོ་སོ་སོར་མངོན་སུམ་དུ་བྱེད་དགོས་པའི་ཕྱིར། སྡེ་པ་གཞན་ན་རེ། རྫས་བདུན་ཡིན་ཏེ།


DLL1003_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གྱི་བཞི་རྫས་རེ་རེ་དང་། བདེན་པ་ཕྱི་མ་གསུམ་གྱི་རྫས་རེ་རེ་ཡིན་པའི་ཕྱིར་ཏེ། རྒྱུའི་རྣམ་པ་ཀུན་འབྱུང་སོགས་དང་། འགོག་པའི་རྣམ་པ་ཞི་བ་སོགས་དང་། ལམ་གྱི་རྣམ་པ་ངེས་འབྱིན་སོགས་རྫས་རེ་རེ་ཡིན་པའི་ཕྱིར་ཟེར། འོ་ན་རྣམ་པའི་ངོ་བོ་གང་ཞེ་ན། བྱེ་བྲག་སྨྲ་བ་ན་རེ། རྣམ་པ་ཤེས་རབ་ཡིན་ནོ། །འོ་ན་ཤེས་རབ་ཁོ་ནས་དམིགས་པ་འཛིན་པར་བྱེད་དམ་ཞེ་ན། ཤེས་རབ་དང་དམིགས་པ་དང་བཅས་པའི་སེམས་སེམས་བྱུང་གིས་དམིགས་པ་འཛིན་པར་བྱེད། ཡོད་པ་ཐམས་ཅད་གཟུང་བྱ་ཡིན་ནོ། །མདོ་སྡེ་པ་ན་རེ། ཤེས་རབ་རྣམ་པ་དང་བཅས་པ་མ་ཡིན་པར་ཐལ། ཤེས་རབ་ཤེས་རབ་དང་བཅས་པ་མ་ཡིན་པའི་ཕྱིར། ཞེས་ཟེར། དེས་ན་སེམས་སེམས་བྱུང་གིས་དམིགས་པ་འཛིན་པའི་ཕྱིར། བྱེད་པའི་འཛིན་སྟངས་ཀྱི་བྱེ་བྲག་རྣམ་པ་ཡིན་ནོ་ཞེས་ཟེར་རོ། །ལྔ་པ་ནི། ཤེས་པ་བཅུ་པོ་དགེ་མི་དགེ་ལུང་མ་བསྟན་གང་ཞེ་ན། དང་པོ་ཀུན་རྫོབ་ཤེས་པ་ལ་རྣམ་པ་གསུམ་ག་ཡོད་དེ། ཁམས་གསུམ་གྱི་ཤེས་པ་ཟག་བཅས་ཐམས་ཅད་ཀུན་རྫོབ་ཤེས་པ་ཡིན་པའི་ཕྱིར། གཞན་རྣམས་དགེ་བ་ཡིན་ཏེ། སེམས་ཤེས་སྒོམ་བྱུང་ཡིན་ལ། གཞན་རྣམས་ཟག་མེད་ཀྱི་ལམ་ཡིན་པའི་ཕྱིར། འོ་ན། སེམས་ཤེས་དེ་ནི་རྣམ་གསུམ་གང་། །རྟོག་དང་རིག་སྔགས་ཀྱིས་བྱས་པའང་། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེར་བཤད་པའི་སེམས་ཤེས་དེ་འདིར་བཤད་པའི་སེམས་ཤེས་སུ་མི་འདུ་བའི་ཕྱིར། འོ་ན་ཤེས་པ་བཅུའི་ནང་དུ་མ་འདུས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཀུན་རྫོབ་ཤེས་པའི་ནང་དུ་


DLL1003_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ཕྱིར། འོ་ན་ཤེས་པ་བཅུ་པོ་དེ་ས་གང་ན་ཡོད་ཅེ་ན། དང་པོ་ཀུན་རྫོབ་ཤེས་པ་ཁམས་གསུམ་ས་དགུ་པོ་ཐམས་ཅད་ན་ཡོད་དེ། ཁམས་གསུམ་གྱི་ཤེས་པ་ཟག་བཅས་ཐམས་ཅད་ཀུན་རྫོབ་ཤེས་པ་ཡིན་པའི་ཕྱིར། བསམ་གཏན་ས་དྲུག་ན་ཆོས་ཤེས་ཞེས་བྱ་བ་ཡོད་དེ། འདོད་པ་ལ་དམིགས་པའི་ཟག་མེད་ཀྱི་ལམ་ཡིན་པའི་ཕྱིར། ཟག་མེད་ས་དགུ་ན་རྗེས་ཤེས་ཞེས་བྱ་བ་ཡོད་དེ། མཐོང་ལམ་གྱིས་བསྡུས་པ་བསམ་གཏན་ས་དྲུག་ན་ཡོད། སྒོམ་ལམ་གྱིས་བསྡུས་པ་གཟུགས་མེད་དང་པོ་གསུམ་ན་ཡོད་པའི་ཕྱིར། རྗེས་ཤེས་དེ་བཞིན་དུ་བདེན་པ་བཞི་ཤེས་པ་དང་ཟད་མི་སྐྱེ་ཤེས་པ་སྟེ་དྲུག་ནི་ཟག་མེད་ས་དགུ་ན་ཡོད། གཞན་ཕ་རོལ་གྱི་ཡིད་ཤེས་པ་བསམ་གཏན་གྱི་དངོས་གཞི་བཞི་ན་ཡོད་དེ། ལམ་སླ་བ་ལ་རྟེན་དགོས་པའི་ཕྱིར། འོ་ན་དེ་དག་ཁམས་གང་གི་རྟེན་ལ་ཡོད་ཅེ་ན། ཕ་རོལ་སེམས་ཤེས་དེ་ནི་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་གྱི། གཟུགས་མེད་ལ་མི་རྟེན་ཏེ། བསམ་གཏན་གྱི་དངོས་གཞི་ལ་རྟེན་པའི་ཕྱིར། ཆོས་ཤེས་ཞེས་བྱ་བ་འདོད་པའི་རྟེན་ཅན་ཡིན་གྱི། གོང་མ་ལ་མི་རྟེན་ཏེ། འདོད་པའི་གཉེན་པོར་གྱུར་པའི་ཟག་མེད་ཀྱི་ལམ་ཡིན་པའི་ཕྱིར། དེ་ལས་གཞན་པའི་ཤེས་པ་བརྒྱད་ནི་ཁམས་གསུམ་པའི་རྟེན་ཅན་ཡིན་ཏེ། རྗེས་ཤེས་ཁམས་གསུམ་པའི་རྟེན་ཅན་ཡིན་པའི་ཕྱིར། འོ་ན་ཤེས་པ་བཅུ་པོ་དེ་ལ་དྲན་པ་ཉེར་གཞག་དུ་ཡིན་ཞེ་ན། འགོག་པ་ཤེས་པའི་བློ་ཆོས་དྲན་པ་ཉེར་གཞག་གཅིག་ཡིན། ཕ་རོལ་སེམས་བློ་ནི་ལུས་མ་གཏོགས་པའི་


DLL1003_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མོ། །ལྷག་མ་ལ་བཞི་ཡོད་པ་ཡིན་ནོ། །འོ་ན་ཤེས་པ་གང་གི་ཡུལ་དུ་ཤེས་པ་དུ་འགྱུར་ཞེ་ན། ཆོས་བློའི་སྤྱོད་ཡུལ་ནི་རྗེས་ཤེས་མ་གཏོགས་པའི་དགུ་ཡིན་ནོ། །ལམ་ཤེས་པ་ནི་ཀུན་རྫོབ་ཤེས་པ་མ་གཏོགས་པའི་དགུ་ཡིན་ནོ། །རྗེས་བློའི་ནི་ཆོས་ཤེས་མ་གཏོགས་པ་དགུ་ཡིན་ནོ། །སྡུག་བསྔལ་དང་རྒྱུ་ཀུན་འབྱུང་ལ་དམིགས་པའི་བློའི་སྤྱོད་ཡུལ་ནི་ཀུན་རྫོབ་ཤེས་པ་དང་ཕ་རོལ་སེམས་ཤེས་གཉིས་ཡིན་ནོ། །ཀུན་རྫོབ་ཤེས་པ་ཕ་རོལ་སེམས་ཤེས་ཟད་མི་སྐྱེ་ཤེས་པ་བཞི་ཡི་ནི་བཅུ་ཡིན་ནོ། །གཅིག་འགོག་པའི་ཤེས་པའི་ནི་ཤེས་པ་བཅུ་མིན་ཏེ། འདུས་མ་བྱས་ཁོ་ན་ལ་དམིགས་པའི་ཕྱིར། འོ་ན་ཤེས་བྱ་གང་ཤེས་པ་དུ་ཞིག་གི་ཡུལ་དུ་འགྱུར་ཞེ་ན། ཤེས་བྱ་ལ་ཆོས་བཅུ་དག་ཏུ་ནི་ཕྱེ་ནས། ཤེས་པ་གང་གི་ཡུལ་དུ་འགྱུར་བ་སྦྱར་བར་བྱ་སྟེ། ཁམས་གསུམ་པ་དང་དྲི་མ་མེད་པའི་ལམ་གྱི་ཆོས་ལ་མཚུངས་ལྡན་དང་མཚུངས་ལྡན་མ་ཡིན་པ་དང་། འདུས་མ་བྱས་ལ་དགེ་བ་དང་ལུང་མ་བསྟན་གཉིས་གཉིས་སུ་ཕྱེ་བས་སོ། །འོ་ན་ཤེས་པ་སྐད་ཅིག་མ་གཅིག་གིས་ཆོས་ཐམས་ཅད་ཅིག་ཅར་དུ་རིག་པ་ཡོད་དམ་མེད་ཅེ་ན། མེད་དོ། །འོན་ཀྱང་ཀུན་རྫོབ་པའི་ཤེས་པ་གཅིག་པུས་ཆོས་ཐམས་ཅད་རིག་སྟེ། ཀུན་རྫོབ་ཤེས་པ་སྐད་ཅིག་མ་གཅིག་གིས་རང་དང་རང་གི་ཚོགས་པ་ཡོད་པ་ལས་གཞན་པའི་ཆོས་ཐམས་ཅད་ནི་བདག་མེད་པ་ནི་ཉིད་དུ་རིག་པར་འགྱུར་ལ། སྐད་ཅིག་མ་གཉིས་པས་དེ་ཡང་རིག་པའི་ཕྱིར། སྐད་ཅིག་མ་དང་པོས་རང་དང་རང་གི་ཚོགས་པ་ན་ཡོད་པ་མི་རིག་སྟེ། རང་ཉིད་རང་ལ་བྱེད་པ་འགལ་ཞིང་། རང་


DLL1003_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚོགས་པ་ན་ཡོད་པ་ཧ་ཅང་ཉེ་བའི་ཕྱིར། གསུམ་པ་ཤེས་པའི་ལྡན་པ་ནི། འོ་ན་ཤེས་པ་དུ་གང་ཟག་གང་ལ་ལྡན་ཞེ་ན། སོ་སྐྱེ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན། འདོད་ཆགས་དང་བྲལ་བ་དེ་དང་ཕ་རོལ་སེམས་ཤེས་ཏེ་གཉིས་དང་ལྡན། འཕགས་པ་ཟག་མེད་སྐད་ཅིག་དང་པོ་ལ་གནས་པ་ཆགས་ཅན་ཀུན་རྫོབ་ཤེས་པ་གཅིག་དང་ལྡན། ཟག་མེད་སྐད་ཅིག་གཉིས་པ་ལ་གནས་པ་ཀུན་རྫོབ་ཤེས་པ་ཆོས་ཤེས་སྡུག་བསྔལ་ཤེས་པ་སྟེ་གསུམ་དང་ལྡན། དེ་ཡན་ཆད་ནི་སྐད་ཅིག་མ་བཞི་པ་དྲུག་པ་བཅུ་པའི་ཤེས་པ་རེ་རེ་འཕེལ་བ་དང་ལྡན་པས་བདུན་གྱི་བར་དུ་ལྡན་ནོ། །ཟག་མེད་སྐད་ཅིག་དང་པོ་ལ་གནས་པ་ཆགས་ཅན་མིན་ན། ཀུན་རྫོབ་ཤེས་པ་ཕ་རོལ་སེམས་ཤེས་ཏེ་གཉིས་དང་ལྡན། དེས་འགྲེའོ། །བཞི་པ་ཤེས་པའི་འཐོབ་པ་ལ། ལམ་གང་དུ་ཤེས་པ་དུ་འཐོབ། ས་གང་དུ་ཤེས་པ་དུ་འཐོབ། འཐོབ་པའི་དབྱེ་བའོ། །དང་པོ་ལ། མཐོང་ལམ་དུ་དུ་འཐོབ། སྒོམ་ལམ་དུ་དུ་འཐོབ། བཤད་པའི་ལྷག་མ་ལ་དུ་འཐོབ་པའོ། །དང་པོ་ནི། འོ་ན་ལམ་གང་དུ་ཤེས་པ་དུ་འཐོབ་ཅེ་ན། མཐོང་བའི་ལམ་ལ་བཟོད་པ་དང་ཤེས་པ་ཇི་ལྟར་སྐྱེས་པ་རྣམས་ལ་རིགས་འདྲ་མ་འོངས་པ་འཐོབ་ཀྱི། དེ་དག་མངོན་གྱུར་མི་འཐོབ་སྟེ། མཐོང་ལམ་ལན་གཉིས་མི་སྐྱེ་བའི་ཕྱིར། མཐོང་ལམ་དེ་ཉིད་ལ་རྗེས་ཤེས་དང་པོ་གསུམ་ལ་ཀུན་རྫོབ་ཤེས་པ་ཡང་འཐོབ་སྟེ། བདེན་པ་ཟད་པར་རྟོགས་པའི་ཕྱིར། ཆོས་ཤེས་ཚེའང་འཐོབ་པམ་ཞེ་ན། མི་འཐོབ་སྟེ། བདེན་པ་ཟད་པར་


DLL1003_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་པའི་ཕྱིར། རྗེས་ཤེས་གསུམ་གྱི་སྐབས་ཀྱི་ཀུན་རྫོབ་ཤེས་པ་ཆོས་ཅན། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་ཞེས་བྱ་སྟེ། བདེན་པ་ཟད་པར་རྟོགས་པ་དེའི་ཆ་ནས་ཀུན་རྫོབ་ཤེས་པ་དེའི་ཕྱིར། ལམ་ལ་རྗེས་ཤེས་ཀྱི་ཚེ་ཀུན་རྫོབ་ཤེས་པ་མི་འཐོབ་སྟེ། ལམ་མངོན་པར་རྟོགས་པའི་མཐའ་མེད་པའི་ཕྱིར་ཏེ། ལམ་མཐའ་དག་སྒོམ་པར་མི་ནུས་པའི་ཕྱིར། སྡུག་བསྔལ་དང་ཀུན་འབྱུང་གི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་མེད་པར་ཐལ། སྡུག་བསྔལ་མཐའ་དག་ཤེས་པར་མི་ནུས། ཀུན་འབྱུང་མཐའ་དག་སྤོང་བར་མི་ནུས་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། རང་རྒྱུད་ཀྱི་ཀུན་འབྱུང་མཐའ་དག་སྤོང་བར་ནུས། རང་རྒྱུད་ཀྱི་ལམ་མཐའ་དག་སྒོམ་པར་མི་ནུས་པའི་ཕྱིར། དེ་ལྟ་བུའི་ཀུན་རྫོབ་ཤེས་པ་དེ་ནི་མི་སྐྱེ་བའི་ཆོས་ཅན་ཡིན་ནོ། །འོ་ན་དེ་ས་གང་ལ་བརྟེན་ནས་འཐོབ་ཅེ་ན། མཐོང་ལམ་ས་གང་ལ་བརྟེན་པའི་རང་ས་དང་འོག་ས་ལ་བརྟེན་ནས་འཐོབ་བོ། །འོ་ན་དེ་དྲན་པ་ཉེར་གཞག་གང་ཡིན་ཞེ་ན། འགོག་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་དེ། མཐའ་ཆོས་དྲན་པ་ཉེར་གཞག་གཅིག་ཡིན་ལ། གཞན་གཉིས་ལ་བཞི་ག་ཡོད་དོ། །དེ་དག་ནི་རང་རང་གི་བདེན་པའི་རྣམ་པ་ཅན་དང་འབད་པ་ལས་བྱུང་བ་ཡིན་ཏེ། མཐོང་ལམ་གྱི་སྟོབས་ཀྱིས་སྐྱེ་དགོས་པའི་ཕྱིར། གཉིས་པ་ནི། ཆགས་བཅས་བཅུ་དྲུག་པ་ལམ་རྗེས་ཤེས་ལ་གནས་པས་ཤེས་པ་དྲུག་འཐོབ་སྟེ། བདེན་པ་བཞི་ཤེས་པ་ཆོས་ཤེས་རྗེས་ཤེས་ཏེ་དྲུག་འཐོབ་པའི་ཕྱིར། སྦྱོར་བ་འདི་བཞིན་ཕྱི་མ་རྣམས་ལའང་འགྲེ། ཀུན་རྫོབ་ཤེས་པ་མི་འཐོབ་སྟེ། ལམ་མངོན་


DLL1003_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་མི་འཐོབ། དེ་ལས་གཞན་པའི་ཀུན་རྫོབ་ཤེས་པ་འཐོབ་པའི་རྒྱུ་མཚན་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ལམ་མངོན་པར་རྟོགས་པའི་མཐའ་མེད་པའི་ཕྱིར། ཕ་རོལ་སེམས་ཤེས་མི་འཐོབ་སྟེ། ཆགས་བཅས་ཡིན་པའི་ཕྱིར། ཟད་མི་སྐྱེ་ཤེས་པ་མི་འཐོབ་སྟེ། སློབ་ལམ་པ་ཡིན་པའི་ཕྱིར། བཅུ་དྲུག་པ་འདོད་པ་ལས་འདོད་ཆགས་དང་བྲལ་བས་དེའི་སྟེང་དུ་ཕ་རོལ་སེམས་ཤེས་པ་སྟེ་བདུན་འཐོབ་བོ། །ཀུན་རྫོབ་ཤེས་པ་དང་ཟད་པ་དང་མི་སྐྱེ་ཤེས་པ་མི་འཐོབ་པ་སྔར་དང་འདྲ། དེའི་གོང་མ་ཆགས་བཅས་ཀྱི་སྒོམ་པའི་ལམ་ལ་དེའི་སྟེང་དུ་ཀུན་རྫོབ་ཤེས་པ་བསྣན་པས་བདུན་འཐོབ་བོ། །ས་བར་པ་བདུན་ལས་རྒྱལ་བའི་བར་ཆད་མེད་ལམ་དང་། སློབ་པའི་མངོན་ཤེས་དང་པོ་ལྔ་འཐོབ་པའི་བར་ཆད་མེད་ལམ་དང་། སློབ་པའི་སྤེལ་མ་སྒོམ་པའི་བར་ཆད་མེད་པའི་ལམ་དག་དང་། གོང་མ་སྲིད་རྩེ་ལས་གྲོལ་བའི་ལམ་དང་པོ་བརྒྱད་ལའང་སྔར་གྱི་བདུན་པོ་འཐོབ། རྟོགས་པའི་སྐལ་པ་ཅན་མི་གཡོ་བར་དབང་པོ་འཕོ་བའི་བར་ཆད་མེད་ལམ་ལ་ཡང་སྔར་གྱི་དྲུག་གི་སྟེང་དུ་ཟད་པ་ཤེས་པ་བསྣན་པས་བདུན་འཐོབ་བོ། །སློབ་པ་དབང་པོ་སྦྱངས་པའི་གྲོལ་བ་ལ་ཆགས་བཅས་ཡིན་ན། སྔར་གྱི་ཤེས་པ་དྲུག་དང་། ཆགས་བྲལ་ཡིན་ན་དེའི་སྟེང་དུ་ཕ་རོལ་སེམས་ཤེས་བསྣན་པས་བདུན་འཐོབ། བམ་ཞེས་པས་ཁ་ཅིག་ཀུན་རྫོབ་ཤེས་པ་འཐོབ་ཟེར། སློབ་པ་དབང་པོ་སྦྱངས་པའི་བར་ཆད་མེད་པའི་ལམ་ལ་སྔར་གྱི་དྲུག་འཐོབ། དེ་བཞིན་


DLL1003_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྲིད་རྩེའི་ཉོན་མོངས་པ་ལས་རྣམ་པར་རྒྱལ་བའི་བར་ཆད་མེད་ལམ་ཐ་མ་ལའང་སྔར་གྱི་དྲུག་འཐོབ། ཟད་པ་ཤེས་པ་ལ་དབང་རྟུལ་གྱིས་མི་སྐྱེ་བ་ཤེས་པ་མ་གཏོགས་པ་དགུ་འཐོབ་བོ། །དབང་རྣོན་མི་གཡེ་བས་ནི་བཅུ་འཐོབ་བོ། །རྟོགས་པའི་སྐལ་བ་ཅན་མི་གཡོ་བ་དེར་དབང་པོ་འཕོ་བའི་གྲོལ་བའི་ལམ་ཐ་མ་ལའང་བཅུ་འཐོབ་བོ། །གསུམ་པ་ནི། སྔར་བཤད་པའི་ལྷག་མ་འདོད་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་ཐ་མ་དང་། མདོན་ཤེས་དང་པོ་ལྔ་འཐོབ་པའི་རྣམ་གྲོལ་ལམ་དང་། སྤེལ་མ་སྒོམ་པའི་རྣམ་གྲོལ་ལམ་ལ་ཟད་མི་སྐྱེ་ཤེས་པ་མ་གཏོགས་པའི་བརྒྱད་འཐོབ་བོ། །གཉིས་པ་ནི། འོ་ན་ལམ་གང་དུ་ས་དུའི་ཤེས་པ་འཐོབ་ཅེ་ན། ས་འོག་མ་གང་ལས་ཆགས་པ་དང་བྲལ་བར་བྱ་བའི་ཕྱིར་སྦྱོར་ལམ་ལ་སོགས་པ་བཞི་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བས་གོང་མས་བསྡུས་པའི་ལམ་གང་ཐོབ་པ་དེར་ཡང་རང་ས་དང་འོག་མས་བསྡུས་པའི་ཟག་མེད་ཀྱི་ལམ་འཐོབ། ཟད་པ་ཤེས་པ་ལ་ཟག་མེད་དུ་མ་ཟད་ཟག་བཅས་ཀྱི་ཡོན་ཏན་མི་སྡུག་པ་སྒོམ་པ་དང་། དབུགས་འབྱུང་རྔུབ་དང་། དྲན་པ་ཉེར་གཞག་སོགས་ཀྱིས་འཐོབ། དེ་ཡང་བསམ་གཏན་ས་དྲུག །གཟུགས་མེད་བཞི། འདོད་པ་སྟེ་ས་བཅུ་གཅིག་པོ་ཀུན་གྱིས་བསྡུས་པ་འཐོབ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་ཐོབ་པ་བཅོམ་ནས། ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ཐོབ་པ་ཡིན་པས། དགེ་བ་རྣམས་སྐྱེས་ཀྱི་ཚུལ་དུ་བསུ་བའི་ཕྱིར། དཔེར་ན། རྒྱལ་སྲིད་ཆེན་པོ་ཐོབ་པས་ཡུལ་མི་རྣམས་སྐྱེས་ཀྱི་ཚུལ་དུ་བསུ་བ་བཞིན་ནོ། །


DLL1003_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་རྙེད་པ་ལ་ཐོབ་པས་ཁྱབ་བམ་ཞེ་ན། སྔོན་འཁོར་བར་འདྲིས་པ་ལས་ཉམས་ནས་ཡང་རྙེད་པ་མ་འོངས་པ་མི་འཐོབ་སྟེ། དེའི་ཐོབ་པ་བཏང་བའི་ཕྱིར། འོན་ཀྱང་ཟག་མེད་ཀྱི་མ་འོངས་པ་འཐོབ་བོ། །གསུང་པ་ནི། འོ་ན་ཐོབ་པ་ལ་དུ་ཡོད་ཅེ་ན། བཞི་ཡོད་དེ། རྙེད་པའི་ཐོབ་པ་དང་། བསྟན་པའི་ཐོབ་པ་དང་། གཉེན་པོའི་ཐོབ་པ་དང་། ཐག་སྲིང་བའི་ཐོབ་པ་རྣམས་སུ་ཡོད་པའི་ཕྱིར། དེ་དག་གང་ཞེ་ན། གསར་དུ་རྙེད་པ་དང༌། རྒྱུན་དུ་བསྟེན་པ་ཞེས་བྱ་བའི་ཐོབ་པ་ནི་དགེ་བ་འདུས་བྱས་ལ་ལྟོས་པའི་ཐོབ་པའོ། །གཉེན་པོ་དང་ཐག་སྲིང་བའི་ཐོབ་པ་ནི་ཟག་པ་དང་བཅས་པ་ལ་ལྟོས་པའི་ཐོབ་པ་ཡིན་ནོ། །ཟག་བཅས་དགེ་བ་ལ་ཐོབ་པ་བཞི་ག་ཡོད་དེ། དགེ་བ་འདུས་བྱས་ཡིན་པས་རྙེད་པ་དང་བསྟན་པའི་ཐོབ་པ་ཡོད། ཟག་བཅས་ཡིན་པས་གཉེན་པོ་དང་ཐག་སྲིང་བའི་ཐོབ་པ་ཡོད་པའི་ཕྱིར། ལྔ་པ་ཤེས་པས་བསྡུས་པའི་ཡོན་ཏན་ལ། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་། ཐུན་མོང་གི་ཡོན་ཏན་ནོ། །དང་པོ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ཟད་པ་ཤེས་ལ་ཟག་བཅས་ཀྱང་། ཞེས་ཟད་པ་ཤེས་པའི་ཚེ་དགྲ་བཅོམ་པའི་ཡོན་ཏན་འཐོབ་ཚུལ་སྤྱིར་བསྟན་མོད། དེའི་ཚེ་སངས་རྒྱས་ཁོ་ནས་འཐོབ་པའི་ཡོན་ཏན་དེ་གང་ཞེ་ན། །སངས་རྒྱས་ཆོས་ནི་མ་འདྲེས་པ། །སྟོབས་ལ་སོགས་པ་བཅོ་བརྒྱད་དོ། །སངས་རྒྱས་ཆོས་ནི་མ་འདྲེས་པ་བཅོ་བརྒྱད་ཡོད་དེ། སྟོབས་བཅུ་དང་ལ་སོགས་པ་མི་འཇིགས་པ་བཞི་དང་། དྲན་པ་ཉེར་གཞག་གསུམ་དང་། ཐུགས་རྗེ་ཆེན་པོ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། སྟོབས་བཤད། མི་འཇིགས་པ་བཤད།


DLL1003_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཉེར་གཞག་བཤད། ཐུགས་རྗེ་ཆེན་པོ་སྤྲོས་པ་དང་བཅས་པ་བཤད་པའོ། །དང་པོ་ལ། ཐུགས་ཀྱི་སྟོབས། སྐུའི་སྟོབས་སོ། །དང་པོ་ནི། འོ་ན་སྟོབས་བཅུ་པོ་དེ་ཤེས་པ་གང་གིས་བསྡུས་ཤེ་ན། གནས་དང་གནས་མིན་མཁྱེན་པ་ཤེས་པ་བཅུས་བསྡུས་ཏེ། གནས་དང་གནས་མ་ཡིན་པ་མཁྱེན་པ་དེས་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་ཤེས་པའི་ཕྱིར། ལས་དང་དེའི་འབྲས་བུ་རྣམ་སྨིན་མཁྱེན་པ་ལ་འགོག་ལམ་ཤེས་པ་མ་གཏོགས་པའི་བརྒྱད་ཡོད། བསམ་གཏན་དང་རྣམ་ཐར་སོགས་མཁྱེན་པ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་། མོས་པ་སྣ་ཚོགས་མཁྱེན་པ་དང་། ཁམས་སྣ་ཚོགས་མཁྱེན་པ་ལ་ནི་འགོག་པ་ཤེས་པ་མིན་པའི་དགུའོ། །དམྱལ་བ་ནས་སངས་རྒྱས་ཀྱི་བར་དུ་འགྲོ་བའི་ལམ་མཁྱེན་པ་དག་ལ། ལམ་རང་གི་ངོ་བོ་མཁྱེན་པ་ལ་བྱས་ན་འགོག་པ་ཤེས་པ་མ་གཏོགས་པ་དགུ །ལམ་འབྲས་བུ་དང་བཅས་པ་མཁྱེན་པ་ལ་བྱས་ན་བཅུའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་གཉིས་ནི་ཀུན་རྫོབ་ཤེས་པས་བསྡུས་པ་ཡིན་ཏེ། བདེན་པའི་རྣམ་པ་ཅན་མ་ཡིན་པར་ཤེས་བྱ་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། ཟག་པ་ཟད་པ་མཁྱེན་པའི་སྟོབས་ལ། ཟག་པ་ཟད་པ་རང་གི་ངོ་བོ་མཁྱེན་པ་ལ་བྱས་ན་ཆོས་ཤེས་རྗེས་ཤེས་འགོག་ཤེས་ཀུན་རྫོབ་ཤེས་པ་ཟད་པ་དང་མི་སྐྱེ་བ་ཤེས་པ་སྟེ་དྲུག་གམ། ཟག་པ་ཟད་པའི་རྒྱུད་ལ་ཡོད་པའི་མཁྱེན་པ་ལ་བྱས་ན་བཅུ་ཡིན་ནོ། །འོ་ན་དེ་དག་ས་གང་ན་ཡོད་ཅེ་ན། །སྔོན་གནས་འཆི་འཕོ་སྐྱེ་བའི་སྟོབས། །བསམ་གཏན་དག་ན་ལྷག་མ་ནི། །ས་རྣམས་ཀུན་ན་ཅི་ཡི་ཕྱིར། །འདིའི་སྟོབས་གང་ཕྱིར་ཐོགས་མི་མངའ། །སྔོན་གྱི་གནས་རྗེས་སུ་དྲན་


DLL1003_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་བསམ་གཏན་གྱི་དངོས་གཞི་བཞི་པོ་གང་རུང་དག་ན་ཡོད། ལྷག་མ་བརྒྱད་ནི་ཟག་མེད་ས་རྣམས་ཀུན་ན་ཅི་རིགས་པ་ཡོད། ཟག་བཅས་ས་དགུ་པོ་རྣམས་ཀུན་ན་ཡོད་པས་ཁྱབ་བོ། །ཁམས་གསུམ་གང་གི་རྟེན་ལ་ཡོད་ཅེ་ན། ཐམས་ཅད་འདོད་པའི་རྟེན་ལ་ཡོད་དུ་རུང་། གཟུགས་ཀྱི་སས་བསྡུས་པ་རྣམས་གཟུགས་ཀྱི་རྟེན་ལ་ཡོད། གཟུགས་མེད་ཀྱི་སས་བསྡུས་པ་རྣམས་གཟུགས་མེད་ཀྱི་རྟེན་ལ་ཡོད། འོ་ན་འདི་དག་གང་ཟག་གཞན་ཉིད་རང་གི་རྒྱུད་ལ་ཡང་ཟག་པ་ཟད་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་སོགས་ཡོད་ན་སངས་རྒྱས་ཁོ་ནའི་རྒྱུད་ལ་ཡོད་པ་དེ་ལ། ཅིའི་ཕྱིར་སྟོབས་ཞེས་བྱ་ཞེ་ན། སངས་རྒྱས་འདིའི་རྒྱུད་ལ་ཡོད་པ་དེ་ལ་སྟོབས་ཞེས་བྱ་སྟེ། གང་གི་ཕྱིར་ན་སངས་རྒྱས་ཤེས་བྱ་ལ་ཐོགས་པ་མི་མངའ་བའི་ཕྱིར། གཉིས་པ་ནི། འོ་ན་ཐུགས་ཀྱི་སྟོབས་ཚད་མེད་ན། སྐུའི་སྟོབས་གང་ཞེ་ན། སྐུ་ལ་སྲེད་མེད་བུའི་སྟོབས་མངའོ། །གཞན་དག་ན་རེ། ཚིགས་གསུམ་བརྒྱ་དྲུག་ཅུ་རྩ་གཉིས་པོ་རེ་རེ་ན་སྲེད་མེད་བུའི་སྟོབས་ཡོད་ཅེས་ཟེར། འོ་ན་སྲེད་མེད་བུ་ལ་སྟོབས་ཅི་ཙམ་ཡོད་ཅེ་ན། གླང་ཆེན་ཕལ་པ་དང་། ལ་སོགས་པ་སྤོས་ཀྱི་གླང་པོ་ཆེ་དང་། ཚན་པོ་ཆེ་དང་། རབ་གནོད་དང་། ཡན་ལག་མཆོག་དང་། སྟོབས་མཆོག་དང་། སྲེད་མེད་གྱི་བུ་སྟེ་བདུན་པོ་གོང་ནས་གོང་དུ་བཅུ་འགྱུར་དུ་གླགས་པའི་སྟོབས་ཡིན་ནོ། །འོ་ན་སྐུའི་སྟོབས་ཀྱི་ངོ་བོ་གང་ཞེ་ན། དེ་ནི་རེག་བྱའི་སྐྱེ་མཆེད་དོ། །གཉིས་པ་ནི། འོ་ན་མི་འཇིགས་པ་དེ་ལ་དུ་ཡོད་


DLL1003_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཅེ་ན། མི་འཇིགས་པ་ནི་རྣམ་པ་བཞི་སྟེ། རང་དོན་རྟོགས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་མི་འཇིགས་པ། རང་དོན་སྤངས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་མི་འཇིགས་པ། གཞན་དོན་བར་ཆད་ཀྱི་ཆོས་དམ་བཅས་པ་ལ་མི་འཇིགས་པ། གཞན་དོན་ངེས་འབྱུང་གི་ལམ་དམ་བཅས་པ་ལ་མི་འཇིགས་པ་རྣམས་སུ་ཡོད་པའི་ཕྱིར། འོ་ན་དེ་དག་ཤེས་པ་གང་གིས་བསྡུས་ཤེ་ན། མི་འཇིགས་པ་དང་པོ་ཇི་ལྟར་སྟོབས་ནི་དང་པོ་བཞིན་དུ་ཤེས་པ་བཅུས་བསྡུས། མི་འཇིགས་པ་གཉིས་པ་སྟོབས་བཅུ་པ་བཞིན་དུ་དྲུག་གམ་བཅུས་བསྡུས། གསུམ་པ་ནི་སྟོབས་གཉིས་པ་བཞིན་དུ་བརྒྱད་ཀྱིས་བསྡུས། བཞི་པ་ནི་སྟོབས་བདུན་པ་བཞིན་དུ་ཤེས་པ་དགུའམ་བཅུས་བསྡུས་སོ། །གསུམ་པ་ནི། འོ་ན་དྲན་པ་ཉེར་གཞག་གི་ངོ་བོ་གང་ཞེ་ན། །དྲན་དང་ཤེས་བཞིན་བདག་ཉིད་གསུམ། །དེ་ནི་དྲན་པ་དང་ཤེས་བཞིན་གྱི་བདག་ཉིད་ཡིན། དབྱེ་བ་ན་གསུམ་ཡོད་དོ། །དྲན་པ་ཉེར་གཞག་གསུམ་པོ་དེ་སངས་རྒྱས་ཀྱི་མ་འདྲེས་པའི་ཆོས་མ་ཡིན་པར་ཐལ། དེ་ཉན་རང་གི་རྒྱུད་ལ་ཡང་ཡོད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སངས་རྒྱས་ཀྱི་དེས་ཆགས་སྡང་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར། བཞི་པ་ནི། ཐུགས་རྗེ་ཆེན་པོ་ཀུན་རྫོབ་པའི་བློ་ཡིན་ཏེ། འཇིག་རྟེན་ལ་ཉིན་མཚན་དུས་དྲུག་རྩུ་སུ་ནི་དར་སུ་ནི་རྒུད་སུ་ནི་མ་སྨིན་པ་སྨིན་པར་བྱ་སུ་ནི་སྨིན་པ་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ་སྙམ་དུ་དགོངས་པའི་ཕྱིར། ཅིའི་ཕྱིར་ཐུགས་རྗེ་ཆེན་པོ་ཞེས་བྱ་ཞེ་ན། དེ་སྐད་བྱ་སྟེ། བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གྲུབ་པ་དང་། སེམས་ཅན་སྡུག་བསྔལ་གསུམ་ག་དང་བྲལ་བར་


DLL1003_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་རྣམ་པ་ཅན་དང་། སྤྱོད་ཡུལ་ཁམས་གསུམ་གའི་སེམས་ཅན་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་བྲལ་བར་མཉམ་པར་དགོངས་པའི་ཕྱིར་དང་། ཤེས་རབ་ཀྱི་རང་བཞིན་ཡིན་པས་ཆེས་ཆེ་བའི་ཕྱིར། འོ་ན་ཐུགས་རྗེ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཐ་དད་བྱ་བ་རྣམ་པ་བརྒྱད་ཡོད་དེ། སྙིང་རྗེ་ནི་ཞེ་སྡང་མེད་པ་དང་། ཐུགས་རྗེ་ཆེན་པོ་ནི་གཏི་མུག་མེད་པ་ཡིན། དམིགས་པའི་ཁྱད་པར་སྙིང་རྗེ་ནི་འདོད་པའི་སེམས་ཅན་ལ་དམིགས། ཐུགས་རྗེ་ཆེན་པོ་ནི་ཁམས་གསུམ་གྱི་སེམས་ཅན་ལ་དམིགས། རྣམ་པའི་ཁྱད་པར་སྙིང་རྗེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ཡིན། ཐུགས་རྗེ་ཆེན་པོ་ནི་སྡུག་བསྔལ་གསུམ་ག་དང་བྲལ་བར་འདོད་པའི་རྣམ་པ་ཅན་ཡིན། རྟེན་གྱི་ཁྱད་པར་སྙིང་རྗེ་བསམ་གཏན་བཞི་ལ་བརྟེན། ཐུགས་རྗེ་ཆེན་པོ་ནི་བསམ་གཏན་བཞི་པ་ལ་བརྟེན་པའི་ཕྱིར། རྒྱུད་ཀྱི་ཁྱད་པར་སྙིང་རྗེ་ཉན་རང་གི་རྒྱུད་ལ་ཡང་ཡོད། ཐུགས་རྗེ་ཆེན་པོ་སངས་རྒྱས་ཉིད་ཀྱི་རྒྱུད་ལ་ཡོད། ཐོབ་པའི་ཁྱད་པར། སྙིང་རྗེ་འདོད་པ་ལ་འདོད་ཆགས་དང་བྲལ་བས་ཐོབ། ཐུགས་རྗེ་ཆེན་པོ་སྲིད་རྩེ་ལ་འདོད་ཆགས་དང་བྲལ་བས་ཐོབ་དགོས་པའི་ཕྱིར། སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་ལ་དོན་ཡོངས་སུ་སྐྱོབ་མི་སྐྱོབ་དང་། སྙིང་རྗེ་མི་འདྲ་བར་འཇུག་ཐུགས་རྗེ་ཆེན་པོ་འདྲ་བར་འཇུག་པའི་ཁྱད་པར་ཡོད་པའི་ཕྱིར། འོ་ན་སངས་རྒྱས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཉམ་མམ་ཞེ་ན། མཉམ་པ་ཉིད་གསུམ་གྱིས་མཉམ་པ་ཉིད་དེ།


DLL1003_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་རྒྱུ་ཚོགས་གཉིས་བསགས་པར་མཉམ་པ་ཉིད་དང་། འབྲས་བུ་ཆོས་སྐུ་ཐོབ་པར་མཉམ་པ་དང་། འཕྲིན་ལས་འགྲོ་བའི་དོན་སྤྱོད་པས་མཉམ་པ་ཉིད་ཡིན་པའི་ཕྱིར། འོན་ཀྱང་སྐུ་ཚེ་དང་རིགས་དང་སྐུ་བོང་ཚད་མཉམ་པ་མིན་ཏེ། དེ་དག་གདུལ་བྱའི་བསམ་པ་དང་མཐུན་པར་སྟོན་པའི་ཕྱིར། གཉིས་པ་ཐུན་མོང་གི་ཡོན་ཏན་ལ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། འོ་ན་ཐུན་མོང་བའི་ཡོན་ཏན་དེ་གང་ཞེ་ན། སངས་རྒྱས་ཀྱི་ཆོས་གཞན་ནི་སློབ་མ་ཉན་ཐོས་དང་རང་རྒྱལ་དང་ཐུན་མོང་བ་ཡིན་ལ། ཁ་ཅིག་སོ་སོ་སྐྱེ་བོ་དང་ཐུན་མོང་ཡིན་ཏེ། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་ཡོད་པ་རིས་འདྲ་བ་དེ་དག་གི་རྒྱུད་ལ་ཡོད་པའི་ཕྱིར། འོ་ན་དེ་དག་གང་ཞེ་ན། ཉོན་མོངས་མེད་པ་དང་སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་རིག་པ་དང་། མངོན་ཤེས་དྲུག་པོ་ནི་འཕགས་པ་དང་ཐུན་མོང་བ་ཡིན་ལ། སོགས་ཁོངས་ནས་མངོན་ཤེས་དང་པོ་ལྔ་དང་བསམ་གཏན་ཚད་མེད་གཟུགས་མེད་རྣམ་ཐར་ཟིལ་གནོན་ཟད་པར་རྣམས་ནི་སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་བ་ཡིན་ནོ། །གཉིས་པ་ལ། འཕགས་པ་དང་ཐུན་མོང་བ་དང་། སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་བའོ། །དང་པོ་ལ། ཉོན་མོངས་མེད་པ། སྨོན་ནས་ཤེས་པ། སོ་སོ་ཡང་དག་པར་རིག་པ་བཞི་བཤད་པ། འཐོབ་ཚུལ་ལོ། །དང་པོ་ནི་ཉོན་མོངས་མེད་དང་། ཞེས་བཤད་ན། དེ་གང་ཞེ་ན། ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི་ཀུན་རྗོབ་ཤེས་པ་ཡིན་ནོ། །ས་གང་ན་ཡོད་ན། བསམ་གཏན་གྱི་མཐའ་བཞི་པ་ན་ཡོད་དེ། ལམ་སླ་བ་རྣམས་ཀྱི་ནང་ནས་མཆོག་ལ་བརྟེན་པའི་ཕྱིར།


DLL1003_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གང་གིས་མངོན་དུ་བྱེད་ན། དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་གྱི་རྒྱུད་ལ་ཡོད་ཀྱི་གཞན་ལ་མེད་དེ། ཉོན་མོངས་པ་སྐྱེ་བའི་ཕྱིར། ཁམས་གསུམ་གང་གི་རྟེན་ལ་སྐྱེད་ཅེ་ན། མིས་སྐྱེད་དེ། མིའི་རྟེན་ལ་དགྲ་བཅོམ་པ་ཐོབ་པ་ཞིག་གིས་སྔོན་གཞན་གྱི་ཉོན་མོངས་པའི་དམིགས་རྐྱེན་བྱས་པ་དྲན་ནས། དེ་འགོག་པར་བྱེད་བའི་ཐབས་ཡིན་པའི་ཕྱིར། དམིགས་པ་ཉོན་མོངས་པ་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར། དེ་ཡང་འདོད་པར་རྟོགས་པ་དང་། སྐྱེས་པ་སྤོང་མི་ནུས་པས་མ་སྐྱེས་པ་དང་། སྒོམ་པས་སྤང་བ་གཞིར་བྱས་ཀྱི་སྤྱོད་ཡུལ་ཅན་ཡིན་ནོ། །གཉིས་པ་ནི། སྨོན་ནས་ཤེས་པའང་ངོ་བོ་དང་ས་དང་གང་ཟག་དང་རྟེན་ཉོན་མོངས་མེད་པ་དེ་བཞིན་ནོ། །དེའི་དམིགས་པ་ཆོས་ཐམས་ཅད་དོ། །གསུམ་པ་ནི། ཆོས་དང་དོན་དང་ངེས་ཚིག་དང་སྤོབས་པ་སོ་སོ་ཡང་དག་རིག་པ་བཞི་ནི་གང་ཟག་དང་རྟེན་ཉོན་མོངས་མེད་པ་དེ་བཞིན་ནོ། །དང་པོ་གསུམ་ནི་གོ་རིམས་བཞིན་དུ། མིང་དང་དོན་དང་ངག་ལ་ཐོགས་མེད་དུ་ཤེས་པ་ཡིན། བཞི་པ་རིག་པ་ལ་ཐགས་ཐོགས་མེད་པར་ཤེས་སོ། །དེའི་དམིགས་པ་ངག་དང་ལམ་ཡིན་ཏེ། མངོན་བརྗོད་ལ་དབང་བ་དང་། ལམ་ཏིང་ངེ་འཛིན་ལ་དབང་བ་ཉིད་ལ་ཐོགས་མེད་དུ་འཇུག་པའི་ཕྱིར། དོན་ནི་འགོག་ཤེས་མ་གཏོགས་པའི་ཤེས་པ་དགུས་བསྡུས། ས་ཐམས་ཅད་ན་ཡོད་དོ། །དོན་སོ་སོ་ཡང་དག་པར་རིག་པ། དོན་ཤེས་བྱ་ཐམས་ཅད་ལ་བྱས་ན་བཅུའམ། དོན་གྱི་མཆོག་མྱ་ངན་ལས་འདས་པ་ལ་བྱས་ན་འགོག་ཤེས་ཆོས་ཤེས་རྗེས་ཤེས་ཀུན་རྫོབ་ཤེས་པ་ཟད་པ་


DLL1003_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་སྐྱེ་བ་ཤེས་པ་སྟེ་དྲུག་གོ །དེ་ནི་འདོད་པ་ནས་སྲིད་རྩའི་པར་གྱི་ས་ཀུན་ན་ཡོད། གཞན་ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཀུན་རྫོབ་ཤེས་པའོ། །ཆོས་རིག་འདོད་པ་དང་བསམ་གཏན་བཞི་ན་ཡོད་ཀྱི་གཟུགས་མེད་ན་མེད་དེ། དེ་ན་མིང་གི་ཚོགས་མེད་པའི་ཕྱིར། ངག་རིག་པ་ནི་འདོད་པ་དང་བསམ་གཏན་དང་པོ་ན་ཡོད་ཀྱི་དེ་ཡན་ཆད་ན་མེད་དེ། ངག་ཀུན་ནས་སློང་བྱེད་ཀྱི་རྟོག་པ་མེད་པའི་ཕྱིར། བཞི་པ་ནི། འོ་ན་དེ་དག་གཅིག་ཐོབ་པ་ལ་ཐམས་ཅད་ཐོབ་པས་ཁྱབ་བམ་ཞེ་ན། ཁྱབ་སྟེ། བཞི་པོ་དེ་དག་མ་ཚང་བར་ནི་དེ་གང་རུང་གཅིག་ཐོབ་པ་མེད་པའི་ཕྱིར། འོ་ན་ཉོན་མོངས་མེད་པ་ལ་སོགས་པའི་ཡོན་ཏན་དྲུག་པོ་དེས་གང་གིས་འཐོབ་ཅེ་ན། དྲུག་པོ་དེ་དག་བསམ་གཏན་གྱི་རབ་མཐའ་བས་འཐོབ་པོ། །དེ་ལ་དུ་ཡོད་ཅེ་ན། རབ་མཐའ་དེ་ནི་རྣམ་པ་དྲུག་ཡོད་དེ། ངེས་ཚིག་མ་གཏོགས་པའི་ལྔ་དང་། བསམ་གཏན་གྱི་རབ་མཐའ་ཙམ་པོ་རྣམས་སུ་ཡོད་པའི་ཕྱིར། ངེས་ཚིག་སོ་སོ་ཡང་དག་རིག་པ་མ་གཏོགས་ཏེ། དེ་འདོད་པ་དང་བསམ་གཏན་དང་པོའི་སས་བསྡུས་ཡིན་པའི་ཕྱིར་ཏེ། ངག་ནི་འདོད་དང་དང་པོ་ན། ཞེས་གསུངས་པའི་ཕྱིར། ཡོན་ཏན་དྲུག་པོ་དེ་ལ་ར་བ་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ཅི་ཞེ་ན། ཡོད་དེ། བསམ་གཏན་བཞི་པའི་རབ་མཐའ་དེ་ནི་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱི་ལུགས་འབྱུང་དང་ལུགས་བཟློག་གིས་ཀུན་གྱིས་མཐུན་པར་བྱས་ནས། ཆུང་ངུ་ལས་འབྲིང་འབྲིང་ལས་ཆེན་པོ་འཕེལ་བའི་རབ་ཏུ་ཕྱིན་པ་ཡིན་པའི་ཕྱིར། སངས་རྒྱས་ལས་གཞན་པའི་རྒྱུད་ལ་ཡོད་པའི་ཡོན་ཏན་ནི་སྦྱོར་བ་འབད་རྩོལ་ལས་སྐྱེས་པ་ཡིན་ལ། སངས་


DLL1003_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་ནི་སྦྱོར་བ་མེད་དེ། ཡོན་ཏན་གྱི་དབང་ཕྱུག་ཡིན་པའི་ཕྱིར། གཉིས་པ་སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་བ་ལ་ལྔ། དབྱེ་བ། ངོ་བོ། ཆོས་ཀྱི་ཁྱད་པར། མངོན་ཤེས་ཀྱིས་བསྡུས་པའི་ཡོན་ཏན། མངོན་ཤེས་དང་པོ་རྒྱས་པར་བཤད་པའོ། །དང་པོ་ནི། སོ་སོ་ཡང་དག་རིག་མངོན་སོགས། ཞེས་བཤད་ན། མངོན་ཤེས་དེ་ལ་དུ་ཡོད་ཅེ་ན། མངོན་ཤེས་རྣམ་པ་དྲུག་ཡོད་དེ། རྫུ་འཕྲུལ་དང་ལྷའི་རྣ་བ་དང་གཞན་གྱི་ཡིད་དང་ནི་སྔོན་གྱི་ཚེ་དང་འཆི་འཕོ་བ་དང་། སྐྱེ་བ་དང་ཟག་པ་ཟད་པའི་ཤེས་པ་མངོན་དུ་བྱ་བའི་མངོན་ཤེས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། མངོན་ཤེས་རྣམ་པ་དྲུག་རྣམ་པར་གྲོལ་བའི་བློ་ཡིན་ནོ། །འོ་ན་དེ་དག་ཤེས་པ་གང་གིས་བསྡུས་ཤེ་ན། བཞི་ནི་ཀུན་རྫོབ་ཤེས་པ་ཡིན་ཏེ། ཤེས་བྱ་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། ཕ་རོལ་གྱི་སེམས་ཤེས་པའི་མངོན་ཤེས་ལ་ཤེས་པ་ལྔ་ཡིན་ཏེ། སེམས་ཤེས་ཟག་བཅས་ལ་ཀུན་རྫོབ་ཤེས་པ་དང་ཕ་རོལ་སེམས་ཤེས་གཉིས་ཡིན་ལ། ཟག་མེད་ལ་ལམ་ཤེས་ཆོས་ཤེས་རྗེས་ཤེས་རྣམས་སུ་ཡོད་པའི་ཕྱིར། ཟག་པ་ཟད་པའི་མངོན་ཤེས་སྟོབས་བཅུ་བཞིན་དུ་དྲུག་གམ་བཅུས་བསྡུས་སོ། །གསུམ་པ་ནི། འོ་ན་དེ་དག་ས་གང་ན་ཡོད་ཅེ་ན། ལྔ་ནི་བསམ་གཏན་བཞི་དག་ན་ཡོད་དེ། ལམ་སླ་བ་ལ་རྟེན་པའི་ཕྱིར། དྲུག་པ་ཟག་མེད་ནི་ས་དགུ་ན་ཡོད་དོ། །དེ་དག་ཀྱང་རང་གང་ལ་རྟེན་པའི་རང་ས་དང་འོག་སའི་སྤྱོད་ཡུལ་ཅན་ཡིན་ནོ། །དེ་དག་གང་གིས་འཐོབ་ཅེ་ན། ཐོབ་པར་བྱ་བ་སྔར་འཁོར་


DLL1003_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདྲིས་པ་འདོད་པ་ལ་འདོད་ཆགས་དང་བྲལ་བས་འཐོབ། མ་འདྲིས་པ་སྦྱོར་བས་འཐོབ་བོ། །འོ་ན་དེ་དག་དྲན་པ་ཉེར་གཞག་གང་ཡིན་ཞེ་ན། གསུམ་པ་གཞན་སེམས་ཤེས་པའི་མངོན་ཤེས་ནི། ལུས་མ་གཏོགས་པའི་དྲན་པ་ཉེར་གཞག་གསུམ་ཡོད། རྫུ་འཕྲུལ་དང་ལྷའི་རྣ་བ་དང་མིག་གི་མངོན་ཤེས་ནི། དང་པོ་ལུས་དྲན་པ་ཉེར་གཞག་གཅིག་པུ་ཡིན་ནོ། །འོ་ན་དེ་དག་དགེ་མི་དགེ་ལུང་མ་བསྟན་གསུམ་པོ་གང་ཞེ་ན། མིག་དང་རྣ་བའི་མངོན་ཤེས་ནི། མ་བསྒྲིབས་ལུང་དུ་མ་བསྟན་པ་ཡིན། ལྷག་མ་རྣམས་དགེ་བ་ཡིན་ནོ། །བཞི་པ་ལ། རིག་པ་གསུམ་བཤད། ཆོ་འཕྲུལ་གསུམ་བཤད་པའོ། །དང་པོ་ནི། དགྲ་བཅོམ་པའི་རྒྱུད་ཀྱི་མངོན་ཤེས་ཐ་མ་གསུམ་ནི་རིག་པ་ཡིན་ཏེ། སྔོན་གྱི་མཐའ་ལ་སོགས་པ་ལ་རྨོངས་པ་མ་རིག་པ་ནི་བཟློག་པའི་ཕྱིར་དུ་བཤད་པའི་ཕྱིར། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ནི། སྔོན་གྱི་མཐའ་ལ་མ་རིག་པ་ཟློག་བྱེད་ཡིན་ཏེ། སྔོན་གྱི་རང་གཞན་གྱི་རྒུད་པ་དྲན་པ་དེས་སྐྱོ་བའི་ཕྱིར། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་ཤེས་ནི་ཕྱི་མའི་མཐའ་ལ་རྨོངས་པ་ཟློག་བྱེད་ཡིན་ཏེ། གདུལ་བྱ་གཞན་གྱི་མ་འོངས་པའི་རྒུད་པ་རྗེས་སུ་དྲན་པ་དེས་སྐྱོ་བའི་ཕྱིར། ཟག་པ་ཟད་པའི་མངོན་ཤེས་ནི་ད་ལྟར་བའི་མཐའ་ལ་རྨོངས་པ་སེལ་བྱེད་ཡིན་ཏེ། ད་ལྟར་བའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཕྱིར། ཅིའི་ཕྱིར་མི་སློབ་པའི་རིག་པ་ཞེས་བྱ་ཞེ་ན། ཐ་མ་ནི་མི་སློབ་པ་ཡིན་ལ། རིག་པ་ཡང་ཡིན་པས་མི་སློབ་པའི་རིག་པ་ཞེས་བྱའོ། །གཉིས་ནི་མི་སློབ་པའི་རྒྱུད་ལ་སྐྱེས་པའི་ཕྱིར་མི་སློབ་པའི་རིག་པ་ཞེས་བྱའོ། །འོ་ན་


DLL1003_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པའི་རྒྱུད་ཀྱི་མངོན་ཤེས་བཞི་པ་དང་ལྔ་པ་ལ་སོགས་པ་ཅིའི་ཕྱིར་རིག་པར་མ་བཤད་ཅེ་ན། སློབ་པ་ལ་དེ་གཉིས་ཡོད་པར་འདོད་དེ་འོན་ཀྱང་རིག་པར་མ་བཤད་པའི་རྒྱུ་མཚན་ཡོད་དེ། མ་རིག་པ་དང་བཅས་པས་རྒྱུད་ཟིལ་གྱིས་མནན་པའི་ཕྱིར། གཉིས་པ་ནི། མངོན་ཤེས་དང་པོ་དང་གསུམ་པ་དང་དྲུག་བ་ནི། རྫུ་འཕྲུལ་དང་ཀུན་རྫོབ་པ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམས་ཡིན་ནོ། །འོ་ན་གསུམ་པོ་དེ་ལས་གང་མཆོག་ཡིན་ཞེ་ན། རྗེས་སུ་བསྟན་པ་མཆོག་ཡིན་ཏེ། ཟག་པ་ཟད་པ་ལ་མི་འཁྲུལ་བའི་ཕྱིར་དང་། ཕན་པ་དང་ཡིད་འོང་གི་འབྲས་བུ་ལ་སྦྱོར་བར་བྱེད་པའི་ཕྱིར། ལྔ་པ་ལ། རྫུ་འཕྲུལ་གྱི་མངོན་ཤེས་བཤད་པ་དང་། ལྷའི་མིག་རྣ་བཤད་པ། དོགས་གཅོད་ལྷག་མ་བཤད་པའོ། །དང་པོ་ལ། ངོ་བོ་ཡུལ་དང་བཅས་པ། སྤྲུལ་སེམས་བཤད་པ། རྫུ་འཕྲུལ་གྱི་དབྱེ་བའོ། །དང་པོ་ནི། འོ་ན་རྫུ་འཕྲུལ་གྱི་མངོན་ཤེས་ཞེས་བཤད་ན། རྫུ་འཕྲུལ་དེ་གང་ཞེ་ན། རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཡིན་ནོ། །དེ་ལ་ཅིའི་ཕྱིར་རྫུ་འཕྲུལ་ཞེས་བྱ་ཞེ་ན། དེ་ལས་ནི་ཡོན་ཏན་རྣམས་འབྱུང་ཞིང་འགྲུབ་པའི་ཕྱིར། དེའི་ཡུལ་གང་ཞེ་ན། སྤྲུལ་པ་དང་འགྲོ་བ་ཡིན་ནོ། །འོ་ན་འགྲོ་བ་དེ་ལ་དུ་ཡོད་ཅེ་ན། ཡིད་ལྟར་མགྱོགས་པར་འགྲོ་བ་དང་། མྱུར་དུ་འདབ་ཆགས་ལྟར་ལུས་ཕྱིན་པར་བྱེད་པས་འགྲོ་བ་དང་། ཐག་རིང་པོ་ཡང་ཐུང་ངུར་མོས་པ་ལས་བྱུང་བའི་འགྲོ་བ་དང་གསུམ་མོ། །དེ་དག་གང་ཟག་གང་ལ་ཡོད་ཅེ་ན། སྟོན་པ་ལ་ཡིད་མགྱོགས་ཀྱི་འགྲོ་བ་ཡོད། གཞན་ཉན་ཐོས་ལ་སོགས་པ་དེ་དག་ལ་ཕྱིན་བྱེད་ཀྱི་


DLL1003_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་དང་། མོས་པ་ལས་བྱུང་བའི་འགྲོ་བ་ཡོད། སྤྲུལ་པ་ལ་གཉིས་ཡོད་དེ། འདོད་པར་གཏོགས་པའི་སྤྲུལ་པ་དང་གཟུགས་སུ་གཏོགས་པའི་སྤྲུལ་པ་གཉིས་ཡོད་པའི་ཕྱིར། འདོད་པར་གཏོགས་པའི་སྤྲུལ་པ་ནི་ཕྱིའི་སྐྱེ་མཆེད་གཟུགས་དྲི་རོ་རེག་བཞི་སྤྲུལ་པ་ཡིན་གྱི། མིག་ལ་སོགས་པ་སྤྲུལ་པ་མ་ཡིན་ཏེ། སེམས་ཅན་གྱི་རིགས་ལ་སྔར་མེད་གསར་སྐྱེ་མེད་པའི་ཕྱིར། སྒྲ་སྤྲུལ་པ་མ་ཡིན་ཏེ། རིགས་འདྲའི་རྒྱུན་མེད་པའི་ཕྱིར། ཆོས་ཀྱི་སྐྱེ་མཆེད་དང་ཡིད་ཀྱི་སྐྱེ་མཆེད་སྤྲུལ་པ་མ་ཡིན་ཏེ། སྤྲུལ་སེམས་མེད་པའི་ཕྱིར། དེ་ལ་རྣམ་པ་གཉིས་ཡོད་དེ། རང་ཉིད་སེང་གེ་ལ་སོགས་པར་བསྒྱུར་བ་རང་ལུས་དང་འབྲེལ་བ་དང་། ཕྱི་རོལ་ཏུ་སེང་གེ་ལ་སོགས་པར་བསྒྱུར་བ་གཞན་ལུས་དང་འབྲེལ་བ་གཉིས་ཡོད་པའི་ཕྱིར། གཟུགས་སུ་གཏོགས་པའི་སྤྲུལ་པས་གཟུགས་དང་རེག་བྱ་སྤྲུལ་པ་ཡིན་གྱི། དྲི་རོ་མི་སྤྲུལ་ཏེ། གཟུགས་ན་དྲི་རོ་མེད་པའི་ཕྱིར། དེ་ཡང་རང་ལུས་དང་འབྲེལ་བ་དང་གཞན་ལུས་དང་འབྲེལ་བ་གཉིས་སོ། །གཉིས་པ་ནི། མངོན་ཤེས་ཁོ་ནས་སྤྲུལ་པ་སྤྲུལ་པར་བྱེད་དམ་ཞེ་ན། མ་ཡིན་ཏེ། སྤྲུལ་སེམས་དག་གིས་སྤྲུལ་པ་སྤྲུལ་པར་བྱེད་པའི་ཕྱིར། སྤྲུལ་སེམས་དེ་དག་ཀྱང་ནི་བཅུ་བཞི་ཡོད་དེ། བསམ་གཏན་དང་པོའི་འབྲས་བུ་སྤྲུལ་སེམས་གཉིས་ནས། བསམ་གཏན་བཞི་པའི་འབྲས་བུ་སྤྲུལ་སེམས་ལྔའི་བར་རིམ་པ་བཞིན་ཡོད་པའི་ཕྱིར། འོག་མའི་འབྲས་བུ་སྤྲུལ་སེམས་གོང་མ་ལས་སྐྱེས་པ་མིན་ཏེ། གོང་མ་མངོན་དུ་བྱེད་མི་ནུས་པའི་ཕྱིར། འོ་ན་དེ་གང་གིས་རྙེད་ཅེ་ན། སྤྲུལ་སེམས་དེ་རྙེད་པ་བསམ་གཏན་གྱི་


DLL1003_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་བཞིན་དུ་འདོད་ཆགས་དང་བྲལ་བས་འཐོབ་བོ། །སྤྲུལ་སེམས་དེ་ནི་སྤྲུལ་པ་ལ་འཇུག་པའི་ཚེ། བསམ་གཏན་དག་པ་བ་དང་རང་གི་རིགས་འདྲ་སྔ་མ་ལས་སྐྱེ། དེ་ལས་སྤྲུལ་པ་ལས་ལྡང་བའི་ཚེ་བསམ་གཏན་དག་པ་བ་དང་རང་གི་རིགས་འདྲ་ཕྱི་མ་གཉིས་སྐྱེའོ། །སྤྲུལ་པ་དེ་ཡང་རང་གི་ས་པས་སྤྲུལ་པར་བྱེད་དོ། །སྤྲུལ་པ་སྨྲ་རུ་འཇུག་པ་ནི་འོག་མའི་སེམས་ཀྱིས་ཀྱང་རུང་ངོ་། །སྤྲུལ་པ་དུ་མ་ཅིག་ཅར་སྨྲ་པར་བྱེད་པའི་ཚེ། སྟོན་པ་མིན་པ་ནི་སྤྲུལ་པ་པོ་དང་བཅས་ཏེ་སྨྲ་བར་བྱེད་དགོས། སྟོན་པ་ནི་ཇི་ལྟར་བཞེད་པ་བཞིན་དུ་སྨྲ་བ་ལ་འཇུག་གོ །འོ་ན་འོག་སའི་སེམས་ཀྱིས་ཀྱང་སྤྲུལ་པ་སྨྲ་རུ་འཇུག་ན། སྤྲུལ་པ་ངག་སྨྲ་བ་མི་འཐད་པར་ཐལ། སྤྲུལ་སེམས་ཡོད་པའི་ཚེ་ངག་སྨྲ་བའི་སེམས་མེད། ངག་སྨྲ་བའི་སེམས་ཡོད་པའི་ཚེ་སྤྲུལ་སེམས་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྤྲུལ་སེམས་ཀྱིས་སྤྲུལ་པ་གནས་པར་བྱིན་གྱིས་བརླབས་ནས། སེམས་གཞན་གྱིས་ངག་སྨྲ་བ་ལ་འཇུག་པའི་ཕྱིར། འོ་ན་སྤྲུལ་པ་པོ་གསོན་པ་ཁོ་ན་ལ་བྱིན་གྱིས་བརླབས་པ་ཡོད་དམ་ཞེ་ན། སྤྲུལ་པ་པོ་ཤི་བ་ལ་ཡང་བྱིན་གྱིས་བརླབས་པ་ཡོད་དེ། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་མྱ་ངན་ལས་འདས་པའི་རུས་པ་གསུམ་རྒྱལ་བ་བྱམས་པ་མ་བྱོན་གྱི་བར་དུ་གནས་པར་གསུངས་པའི་ཕྱིར། དེ་ཡང་བརྟེན་པ་རུས་པ་ལྟ་བུ་ལ་བྱིན་བརླབས་ཡོད་ཀྱི། མི་བརྟེན་པ་ཤ་ལྟ་བུ་ལ་མེད་དེ། ཤ་ལ་སོགས་པ་གནས་པར་བྱིན་གྱིས་མ་བརླབས་པའི་ཕྱིར། གཞན་དག་ན་རེ། ཤི་བ་ལ་ཡོད་པ་མིན་ཏེ། ཚེ་དང་ལྡན་པ་འོད་སྲུང་གི་རུས་


DLL1003_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པ་གནས་པ་ནི་གནས་གཙང་མའི་ལྷའི་མཐུ་ཡིན་ཟེར་རོ། །འོ་ན་སྤྲུལ་སེམས་ཀྱིས་སྤྲུལ་པ་སྤྲུལ་པར་བྱེད་ན། སྤྲུལ་སེམས་དུ་མས་སྤྲུལ་པ་གཅིག་སྤྲུལ་པར་བྱེད་དམ། སྤྲུལ་སེམས་གཅིག་གིས་སྤྲུལ་པ་དུ་མ་སྤྲུལ་པར་བྱེད་ཅེ་ན། དང་པོ་མ་བྱང་བའི་ཚེ་དུ་མས་གཅིག་སྤྲུལ་པ་ཡིན་ལ། ཕྱིས་བྱང་བར་གྱུར་ནས་བཟློག་པ་གཅིག་གིས་དུ་མ་སྤྲུལ་པར་བྱེད་པའོ། །འོ་ན་གནས་གཉིས་པར་སྤྲུལ་སེམས་ལུང་མ་བསྟན་དུ་བཤད་ན། དེ་ལ་དེ་ཡིན་པས་ཁྱབ་བམ་ཞེ་ན། མ་ཁྱབ་སྟེ། བསྒོམས་པ་ལས་སྐྱེས་པའི་སྤྲུལ་སེམས་ལུང་མ་བསྟན་ཡིན་ཞིང་། གནས་གཉིས་པར་བཤད་པ་དེ་ལ་དགོངས་ལ། སྐྱེ་བ་ལས་སྐྱེས་པའི་སྤྲུལ་སེམས་ལ་ཀུན་སློང་གི་དབང་གིས་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཡོད་པའི་ཕྱིར། གསུམ་པ་ནི། རྫུ་འཕྲུལ་དེ་སྒོམ་བྱུང་དང་སྐྱེས་ཐོབ་གཉིས་པོ་ཁོ་ནར་ངེས་སམ་ཞེ་ན། རྫུ་འཕྲུལ་ལྔ་ཡོད་དེ། སྒོམ་བྱུང་དང་སྐྱེས་ཐོབ་དང་གྷ་ན་དྷ་རི་ལ་སོགས་པའི་གསང་སྔགས་དང་། རྨ་བྱའི་མདོངས་དང་རུས་སྦལ་གྱི་ཟེ་བ་ལ་སོགས་པའི་སྨན་དག་དང་། སྲིད་པ་བར་མ་ལྟ་བུ་ལས་ལས་སྐྱེས་པ་དང་རྣམ་པ་ལྔ་ཡོད་པའི་ཕྱིར། གཉིས་པ་ནི། ལྷའི་མིག་དང་རྣ་བའི་མངོན་ཤེས་ཀྱི་བདག་རྐྱེན་དུ་གྱུར་པའི་མིག་དང་རྣ་བ་དེ། ལྷའི་མིག་དང་རྣ་བ་དང་འདྲ་བས་ལྷའི་མིག་དང་རྣ་བར་བཞག་པ་ཡིན་ནམ། དེ་དངོས་ཡིན་ཞེ་ན། ལྷའི་མིག་དང་རྣ་བ་དངོས་ཡིན་ཏེ། བསམ་གཏན་བསྒོམས་པ་ལ་བརྟེན་ནས་རང་གི་མིག་གི་ཐན་ཀོར་དུ་བསམ་གཏན་ས་པའི་གཟུགས་དང་བ་སྐྱེས་པ་ཡིན་པའི་ཕྱིར། དེ་ཡང་རྣམ་ཤེས་དང་བཅས་པས་ཡུལ་འཛིན་པས་རྟག་ཏུ་བརྟེན་


DLL1003_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པ་དང་། མིག་རྣའི་དབང་པོ་གཉིས་ལོང་བ་དང་འོན་པ་ལྟ་བུའི་མ་ཚང་བ་མེད་པ་དང་། ཞར་བ་ལྟ་བུའི་ནོངས་པ་མེད་པ་ཡིན་ནོ། །གང་གི་ཡུལ་ཅན་ཡིན་ཞེ་ན། ཐག་རིང་བ་དང་ཕྲ་བ་དང་སོགས་པ་བར་དུ་ཆོད་པའི་གཟུགས་སྒྲའི་སྤྱོད་ཡུལ་ཅན་ཡིན་ནོ། །འོ་ན་ལྷའི་མིག་གི་མངོན་ཤེས་ཀྱིས་ཐག་རིང་པོ་ཇི་ཙམ་མཐོང་ཞེ་ན། ཉན་ཐོས་དགྲ་བཅོམ་པ་དང་བསེ་རུ་རང་སངས་རྒྱས་དང་སྟོན་པ་རྣམས་ཀྱིས་མངོན་པར་འདུ་མཛད་ན་རིམ་པ་བཞིན་དུ། སྟོང་གཉིས་དང་སྟོང་གསུམ་དང་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་མཐོང་། མ་མཛད་ན་རིམ་པ་བཞིན་དུ་སྟོང་གཅིག་དང་སྟོང་གཉིས་དང་སྟོང་གསུམ་མཐོང་ངོ་། །གསུམ་པ་ནི། འོ་ན་རྫུ་འཕྲུལ་ཁོ་ན་ལ་སྐྱེས་ཐོབ་ཡོད་དམ་ཞེ་ན། གཞན་ལྷའི་མིག་རྣ་ལ་སོགས་པ་ལ་ཡང་སྐྱེས་ཐོབ་ཡོད་དོ། །སྐྱེས་ཐོབ་ཀྱི་ལྷའི་མིག་དེས་ནི་སྲིད་པ་བར་མ་མི་མཐོང་ངོ་། །སྐྱེས་ཐོབ་ཀྱི་སེམས་ཤེས་དེ་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཡོད། གང་རྟོག་གེ་དང་རིག་སྔགས་ཀྱིས་བྱས་པའང་དེ་གསུམ་ཡོད། དམྱལ་བ་པས་ནི་དང་པོ་སྐྱེས་མ་ཐག་ཕ་རོལ་གྱི་སེམས་ཤེས་ཀྱི་ཕྱིས་མི་ཤེས་ཏེ། སྡུག་བསྔལ་གྱི་ཡིད་དཀྲུགས་པའི་ཕྱིར། མི་ལ་ལྷའི་མིག་གི་མངོན་ཤེས་སོགས་ལ་སྐྱེ་བས་ཐོབ་པ་མེད་དེ། སྐྱེས་ཙམ་ནས་དེ་དག་གི་ཐོབ་པ་མེད་པའི་ཕྱིར། འོ་ན་མི་རང་བཞིན་གྱིས་སྐྱེ་བ་དྲན་པ་ཅི་ཡིན་ཞེ་ན། དེ་ནི་ལས་ལས་སྐྱེས་པ་ཡིན་ནོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ཡེ་ཤེས་བསྟན་པ་ཞེས་བྱ་བ་སྟེ་གནས་བདུན་པའི་རྣམ་པར་བཤད་པའོ།། །།


DLL1003_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་སྙོམས་འཇུག་བསྟན་པའི་གནས་ལ། སྙོམས་འཇུག་དངོས། དེས་བསྡུས་པའི་ཡོན་ཏན་ནོ། །དང་པོ་ལ་དངོས་གཞི། ཉེར་བསྡོགས། ཁྱད་པར་ཅན། ཏིང་ངེ་འཛིན་གྱི་དབྱེ་བ་དང་བཞིའོ། །དང་པོ་ལ། དབྱེ་བ། བསམ་གཏན་གྱི་ཡན་ལག །ཇི་ལྟར་འཐོབ་ཚུལ། གང་ལས་གང་འབྱུང་། ཆོས་ཀྱི་ཁྱད་པར་རོ། །དང་པོ་ལ། རྒྱས་པར་དབྱེ་བ། བསྡུ་བ་བསྟན་པའོ། །དང་པོ་ལ། བསམ་གཏན་གྱི་དབྱེ་བ། གཟུགས་མེད་ཀྱི་དབྱེ་བའོ། །དང་པོ་ནི། གོང་དུ་ཐུན་མོང་བའི་ཡོན་ཏན་ཤེས་པས་བསྡུས་པ་བཤད་ནས། འདིར་ཐུན་མོང་བའི་ཡོན་ཏན་བསམ་གཏན་དང་གཟུགས་མེད་འཆད་པ་སྐབས་སུ་བབས་པས་བཤད་པར་བྱའོ། །།བསམ་གཏན་དག་ནི་རྣམ་གཉིས་བཞི། །དེར་སྐྱེ་བ་དག་རབ་ཏུ་བཤད། །བསམ་གཏན་དག་ནི་རྣམ་པ་གཉིས་ཡོད་དོ། །རྒྱུ་སྙོམས་འཇུག་གི་བསམ་གཏན་དང་། འབྲས་བུ་སྐྱེ་བའི་བསམ་གཏན་གཉིས་ཡོད་པའི་ཕྱིར། དེ་རེ་རེ་ལའང་བསམ་གཏན་དང་པོ་གཉིས་པ་གསུམ་པ་བཞི་པ་སྟེ་བཞི་བཞི་ཡོད། གཟུགས་དེར་སྐྱེ་བའི་བསམ་གཏན་དག་རབ་ཏུ་སྟེ་དང་པོར་བཤད་དོ། །རྒྱུ་སྙོམས་འཇུག་གི་བསམ་གཏན་ནི་དགེ་བའི་སེམས་རྩེ་གཅིག་པ་ཡིན་ནོ། །རྩེ་གཅིག་པའི་དོན་གང་ཞེ་ན། རྩེ་དང་དམིགས་པ་དོན་གཅིག་པས་དམིགས་པ་གཅིག་ལ་སེམས་རྒྱུན་ཆགས་སུ་འཇུག་པ་ཡིན་ནོ། །འོ་ན་སེམས་ཐམས་ཅད་རྩེ་གཅིག་པར་ཐལ། ཏིང་ངེ་འཛིན་གྱི་རྩེ་གཅིག་ཏུ་བྱེད་པའི་རྒྱུ་དེས་སེམས་རྩེ་གཅིག་ཏུ་བྱེད་པའི་ཕྱིར། ཁྱབ་སྟེ། ཏིང་ངེ་འཛིན་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཏིང་ངེ་འཛིན་ཁྱད་པར་ཅན་གྱི་དབང་དུ་བྱས་པའི་ཕྱིར། རྗེས་འབྲང་དང་བཅས་ན་བསམ་


DLL1003_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་སྡོམ་པས་བསྡུས་པ་ཡོད་པས་ཕུང་པོ་ལྔ་པ་ཅན་ནོ། །ངོ་བོ་གང་ཞེ་ན། །དཔྱོད་དང་དགའ་དང་བདེ་དང་ལྡན། །ཡན་ལག་སྔ་སྔ་སྤངས་པ་ཡི། །རྒྱུ་སྙོམས་འཇུག་གི་བསམ་གཏན་དང་པོ། རྒྱུ་སྙོམས་འཇུག་གི་བསམ་གཏན་གང་ཞིག་དཔྱད་པ་དང་ལྡན་པ། གཉིས་པ་ནི། གང་ཞིག་ཡན་ལག་སྔ་མ་དཔྱོད་པ་སྤངས་པའི་དགའ་བ་དང་ལྡན་པ། གསུམ་པ་ནི། གང་ཞིག་ཡན་ལག་སྔ་མ་དགའ་བ་སྤངས་བའི་བདེ་བ་དང་ལྡན་པ། བཞི་པ་ནི། གང་ཞིག་བདེ་བ་སྤངས་པའོ། །གཉིས་པ་ནི། དེ་བཞིན་དུ། གཟུགས་མེད་དག་ནི་རྣམ་གཉིས་བཞི། །དེར་སྐྱེ་བ་དག་རབ་ཏུ་བཤད། །སྙོམས་འཇུག་དགེ་བ་རྩེ་གཅིག་པ། །རྗེས་འབྲང་བཅས་ན་ཕུང་པོ་བཞི། །ཞེས་སྦྱར་རོ། །ངོ་བོ་ནི་འོག་མའི་ས་ལས་དབེན་པ་ཉེར་བསྡོགས་ལས་སྐྱེས་པའོ། །གཟུགས་མེད་ཀྱི་དངོས་གཞི་བཞི་ནི་ནམ་མཁའ་ཉེར་བསྡོགས་ཀྱི་ཕྱི་མ་ཉེར་བསྡོགས་གསུམ་དང་བཅས་པར་ནི་གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ་སྟེ། ཐོགས་པའི་གཟུགས་ལ་མ་དམིགས་པའི་ཕྱིར། འོ་ན་ཅིའི་ཕྱིར་གཟུགས་མེད་ཅེས་བྱ་ཞེ་ན། ཁ་ཅིག་ན་རེ། གཟུགས་དང་བ་དང་བོང་ཚོད་ཆུང་བས་གཟུགས་མེད་ཅེས་བརྗོད་ཀྱི་གཟུགས་གཏན་ནས་མེད་པ་མ་ཡིན་ཏེ། ཚེ་དང་དྲོད་འདྲེས་པར་གསུང་ཤིང་། གཟུགས་མེད་ན་ཚེ་ཡོད་པའི་ཕྱིར་དང་། མིང་གཟུགས་ཕན་ཚུན་རྟེན་པར་གསུངས་ཤིང་། གཟུགས་མེད་ན་མིང་ཡོད་པའི་ཕྱིར་དང་། མིང་དང་གཟུགས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བར་གསུངས་ཤིང་། དེ་ན་རྣམ་པར་ཤེས་པ་ཡོད་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། དང་པོ་ནི་འདོད་པ་ལ་དགོངས་པ་ཡིན་ལ། དེ་མིན་ན་ས་དྲོད་ལ་ཚེ་ཡོད་


DLL1003_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །གཉིས་པ་ནི། ཁམས་གོང་མ་གཉིས་ལ་དགོངས། གསུམ་པ་ནི་མིང་གཟུགས་ལ་བརྟེན་ནས་རྣམ་ཤེས་སྐྱེ་བར་གསུངས་ཀྱི། རྣམ་ཤེས་ཐམས་ཅད་སྐྱེ་བར་མ་གསུངས་པའི་ཕྱིར། བོང་ཚོད་ཆུང་བ་དང་དང་བས་དེར་བརྗོད་ན། ཆུ་ལ་གནས་པའི་སྲོག་ཆགས་ཕྲ་མོ་ཡང་དེར་ཐལ་ལོ། གཟུགས་ཁམས་པ་ཡང་དེར་ཐལ་ལོ། །ཆེས་དང་བས་ཟེར་ན། བསམ་གཏན་བཞི་པ་བ་དེར་ཐལ་ལོ། །ལུང་གིས་ཀྱང་གནོད་དེ། གཟུགས་མེད་པ་ནི་གཟུགས་ཐམས་ཅད་ལས་ངེས་པར་འབྱུང་ངོ་། །གཟུགས་ཀྱི་འདུ་ཤེས་ལས་འདས་པ་ཡིན་ནོ། །ཞེས་གསུངས། རང་ལུགས་ལ། གཟུགས་གཏན་མེད་པས་ན་གཟུགས་མེད་དེ། འོ་ན་གཟུགས་མེད་ནས་ཁམས་འོག་མ་གཉིས་སུ་སྐྱེས་པའི་ཚེ་གཟུགས་དེ་གང་ལས་སྐྱེ་ཞེ་ན། གཟུགས་ནི་སེམས་ལས་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་ནམ་མཁའ་མཐའ་ཡས་ལ་སོགས་པར་བརྗོད་ཅེ་ན། རྣམ་ཤེས་མཐའ་ཡས། ནམ་མཁའ་མཐའ་ཡས། གཟུང་བྱ་ཅི་ཡང་མེད་དོ་ཞེས་བྱ་བར་ཡིད་ལ་བྱེད་ཅིང་དེ་ལྟར་སྦྱོར་བ་ལས་གྲུབ་པའི་ཕྱིར། ནམ་མཁའ་མཐའ་ཡས་ལ་སོགས་པར་བརྗོད་དོ། །འདུ་ཤེས་དམན་པའི་ཕྱིར་ན་འདུ་ཤེས་མེད། འདུ་ཤེས་གཏན་མེད་པའང་མིན་པས་ན་འདུ་ཤེས་མེད་མིན་ནོ། །འདི་ནི་འདུ་ཤེས་ནི་ནད་དང་འབྲས་དང་ཟུག་རྔུ་དང་འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ། །འདུ་ཤེས་མེད་འདུ་ཤེས་མིན་ནི་ཞི་བ་ལ་སོགས་པའོ་ཞེས་དེ་ལྟར་སྦྱར་བ་ལས་གྲུབ་པའི་ཕྱིར། དེ་ལྟར་བརྗོད་དོ། །གཉིས་པ་ནི། དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས་རྣམ་པ་བརྒྱད་ཡོད་དེ། བསམ་གཏན་བཞི་


DLL1003_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟུགས་མེད་བཞི་ཡོད་པའི་ཕྱིར། དང་པོ་བདུན་ལ་རྣམ་པ་གསུམ་ཡོད་དེ། རོ་མྱང་མཚུངས་ལྡན་དང་། དག་པ་བ་དང་། ཟག་མེད་གསུམ་ཡོད་པའི་ཕྱིར། བརྒྱད་པ་སྲིད་རྩེ་ལ་རྣམ་པ་གཉིས་ཡོད་ཀྱི་ཟག་མེད་མེད་དེ། སེམས་མི་གསལ་བའི་ཕྱིར། གསུམ་པོའི་ངོ་བོ་གང་ཞེ་ན། རོ་མྱང་མཚུངས་ལྡན་ནི་སྲེད་པ་བཅས་སོ། །འཇིག་རྟེན་པའི་དགེ་བ་ནི་དག་པ་བ་ཡིན་ལ། དེ་ནི་རོ་མྱང་མཚུངས་ལྡན་དེས་མྱང་བར་བྱ་བ་ཡིན་ནོ། ཟག་མེད་ནི་འཇིག་རྟེན་ལས་འདས་པའི་སྙོམས་འཇུག་གོ ། གཉིས་པ་ལ། རྒྱུ་སྙོམས་འཇུག་གི་ཡན་ལག་དང་། འབྲས་བུ་སྐྱེ་བ་ན་ཚོར་བ་དུ་ཡོད་དཔྱད་པའོ། དང་པོ་ལ། དགེ་བའི་ཡན་ལག་དང་། ཉོན་མོངས་ཅན་གྱི་ཡན་ལག་དང་། བཞི་པ་མི་གཡོ་བར་བཞག་པའི་རྒྱུ་མཚན་ནོ། །དང་པོ་ལ། མིང་གི་སྒོ་ནས་དབྱེ་བ། རྫས་ཀྱི་སྒོ་ནས་བསྡུ་བའོ། །དང་པོ་ནི། ཡན་ལག་སྔ་སྔ་སྤངས་པ་ཡི། ཞེས་བཤད་ན། བསམ་གཏན་རྣམས་ཡན་ལག་དུ་དང་ལྡན་ཞེ་ན། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་པོ་ལ་ཡན་ལག་ལྔ་ལྡན་ཏེ། རྟོག་དཔྱོད་གཉེན་པོའི་ཡན་ལག །དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་རྣམས་དང་ལྡན་པའི་ཕྱིར། དང་པོ་ཡིན་ཏེ། རྟོག་དཔྱོད་གཉིས་པོ་དེས་འདོད་པའི་གནོད་སེམས་དང་རྣམ་འཚེ་སྤོང་བའི་ཕྱིར། གཉིས་པ་ཡིན་ཏེ། རྟོག་དཔྱོད་ཀྱིས་གནོད་སེམས་དང་རྣམ་འཚེ་སྤངས་པ་ལས་དེས་དབེན་པའི་དགའ་བདེ་སྐྱེས་པའི་ཕྱིར། གསུམ་པ་ཡིན་ཏེ། རྟོག་དཔྱོད་ལ་སོགས་པ་ཏིང་ངེ་འཛིན་ལ་བརྟེན་ནས་


DLL1003_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་ཕྱིར། བསམ་གཏན་གཉིས་པ་ལ་ནི་ཡན་ལག་བཞི་ལྡན་ཏེ། ནང་རབ་ཏུ་དང་བ་གཉེན་པོའི་ཡན་ལག །དགའ་བདེ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་དང་ལྡན་པའི་ཕྱིར། དང་པོ་ཡིན་ཏེ། ནང་རབ་ཏུ་དང་བ་དེས་བསམ་གཏན་དང་པོའི་རྟོག་དཔྱོད་སྤོང་བའི་ཕྱིར། གསུམ་པ་ལ་ཡན་ལག་ལྔ་ལྡན་ཏེ། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་གཉེན་པོའི་ཡན་ལག །བདེ་བ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་དང་ལྡན་པའི་ཕྱིར། དང་པོ་དེ་ཡིན་ཏེ། གསུམ་པོ་དེས་བསམ་གཏན་གཉིས་པའི་དགའ་བ་སྤོང་བའི་ཕྱིར། མཐའ་བསམ་གཏན་བཞི་པ་ཡན་ལག་བཞི་དང་ལྡན་ཏེ། དྲན་པ་དང་བཏང་སྙོམས་དག་པ་གཉེན་པོའི་ཡན་ལག །བདེ་མིན་སྡུག་མིན་གྱི་ཚོར་བ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་རྣམས་དང་ལྡན་པའི་ཕྱིར། དང་པོ་དེ་ཡིན་ཏེ། དྲན་པ་དང་བཏང་སྙོམས་དག་པ་དེས་བསམ་གཏན་གསུམ་པའི་བདེ་བ་སྤོང་བའི་ཕྱིར། གཉིས་པ་ནི། བསམ་གཏན་གྱི་ཡན་ལག་རྣམས་མིང་གི་སྒོ་ནས་བཅོ་བརྒྱད་ཡོད་ཀྱང་རྫས་སུ་བཅུ་གཅིག་ཡིན་ཏེ། བསམ་གཏན་དང་པོའི་ཡན་ལག་ལྔ་དང་། གཉིས་པའི་ནང་རབ་ཏུ་དང་བ་དང་། གསུམ་པའི་དང་པོ་བཞི་དང་། བཞི་པའི་བཏང་སྙོམས་རྣམས་སུ་ཡོད་པའི་ཕྱིར། བསམ་གཏན་དང་པོ་གཉིས་ཀྱི་བདེ་བ་བསམ་གཏན་གསུམ་པའི་བདེ་བ་ལས་རྫས་ཐ་དད་ཡིན་ཏེ། བསམ་གཏན་དང་པོ་གཉིས་ན་ཤིན་ཏུ་སྦྱངས་པ་བདེ་བ་ཡིན་ལ། བསམ་གཏན་གསུམ་པའི་བདེ་བ་ཚོར་བ་བདེ་བ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ།


DLL1003_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་ནི་ཡིད་བདེ་ཡིན་ལ། སེམས་ཚོར་མ་ཐོབ་པའི་ཕྱིར། ནང་རབ་ཏུ་དང་བ་ནི་བསམ་གཏན་གཉིས་པ་ལ་ཡིད་ཆེས་པའི་དད་པ་ཡིན་ནོ། །ཁ་ཅིག །བསམ་གཏན་གསུམ་པའི་བདེ་བ་ནི་ཡིད་བདེ་ཡིན་ལ། དགའ་བ་ནི་ཚོར་བ་གཞན་ཡིན་ཟེར་བ་མི་འཐད་དེ། ཡོངས་སུ་བསྒྱུར་བ་དང་བསམ་གཏན་གྱི་ཡན་ལག་སྟོན་པའི་ལུང་རྣམ་པ་གཉིས་དང་འགལ་བའི་ཕྱིར་ཏེ། དེར་བསམ་གཏན་གསུམ་པར་ཡིད་བདེ་མ་ལུས་པ་འགག་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་དགའ་བ་ཡིད་བདེ་ཡིན་ནོ། །གཉིས་པ་ནི། དགེ་བའི་ཡན་ལག་དེ་དག་ཉོན་མོངས་ཅན་ལ་ཡང་ཡོད་པ་ཡིན་ནམ་ཞེ་ན། ཉོན་མོངས་ཅན་གྱི་བསམ་གཏན་དང་པོ་ལ་དགའ་བདེ་མེད་དེ། ཉོན་མོངས་པས་མ་དབེན་པའི་ཕྱིར། ཉོན་མོངས་ཅན་གྱི་བསམ་གཏན་གཉིས་པ་ལ་ནང་རབ་ཏུ་དང་བ་མེད་དེ། ཉོན་མོངས་པས་སེམས་རྙོག་མར་བྱས་པའི་ཕྱིར། ཉོན་མོངས་པ་ཅན་གྱི་བསམ་གཏན་གསུམ་པ་ལ་ཤེས་བཞིན་དང་དྲན་པ་མེད་དེ། ཉོན་མོངས་པས་སེམས་རྙོག་པར་བྱས་པའི་ཕྱིར། ཉོན་མོངས་པ་ཅན་གྱི་བསམ་གཏན་བཞི་པ་ལ་བཏང་སྙོམས་དང་དྲན་པ་དག་པ་མེད་དེ། ཉོན་མོངས་པས་སེམས་དྲི་མ་ཅན་དུ་བྱས་པའི་ཕྱིར། ཁ་ཅིག་ཉོན་མོངས་ཅན་གྱི་བསམ་གཏན་དང་པོ་གཉིས་ལ་ཤིན་ཏུ་སྦྱངས་པ་མེད་ལ། ཉོན་མོངས་ཅན་གྱི་བསམ་གཏན་གོང་མ་གཉིས་ལ་བཏང་སྙོམས་མེད་དེ། དེ་གཉིས་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་ཞེས་ཟེར། གསུམ་པ་ནི། བསམ་གཏན་གསུམ་པ་མན་ཆད་གཡོ་བ་དང་བཞི་པ་མི་གཡོ་བར་བརྗོད་


DLL1003_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མཚན་ཅི་ཞེ་ན། བཞི་པ་གཡོ་བ་མེད་པ་ཡིན་ཏེ། སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར། སྐྱོན་བརྒྱད་གང་ཞེ་ན། རྟོག་པ་དང་། དཔྱོད་པ་དང་། དབུགས་འབྱུང་བ་དང་། རྔུབ་པ་དང་། བཏང་སྙོམས་མ་གཏོགས་པའི་ཚོར་བ་བདེ་བ་ལ་སོགས་པ་བཞི་ཡིན་ནོ། །གསུམ་པ་མན་ཆད་གཡོ་བ་ཡིན་ཏེ། སྐྱོན་བརྒྱད་ཅི་རིགས་པས་གཡོ་བའི་ཕྱིར། གཉིས་པ་ནི། རྒྱུ་སྙོམས་འཇུག་གི་ཡན་ལག་གང་ཡིན་པ་དེ་ཁོ་ན་ལྟར། འབྲས་བུ་སྐྱེ་བའི་བསམ་གཏན་ལ་ཡང་ཡོད་དམ་ཞེ་ན། འབྲས་བུ་སྐྱེ་བའི་བསམ་གཏན་དང་པོ་དག་ན་ཡིད་བདེ་དང་ཚོར་བ་བདེ་བ་དང་། ཡིད་དང་དབང་ཤེས་གཉིས་ཀའི་འཁོར་དུ་བྱུང་བའི་བཏང་སྙོམས་དང་། འབྲས་བུ་སྐྱེ་བའི་བསམ་གཏན་གཉིས་པ་དག་ན་ནི་ཡིད་ཤེས་འཁོར་དུ་བྱུང་བའི་བཏང་སྙོམས་དང་། ཡིད་བདེ་ཡོད། འབྲས་བུ་སྐྱེ་བའི་བསམ་གཏན་གསུམ་པ་དག་ན་ནི་ཚོར་བ་བདེ་བ་དང་བཏང་སྙོམས་ཡོད། འབྲས་བུ་སྐྱེ་བའི་བསམ་གཏན་བཞི་པ་དག་ན་ནི་བཏང་སྙོམས་ཚོར་བ་འབའ་ཞིག་ཡོད་དོ། །འོ་ན་བསམ་གཏན་གཉིས་པ་ཡན་ཆད་ན་གཟུགས་མཐོང་བ་དང་སྒྲ་ཐོས་པ་དང་རེག་བྱ་རེག་པ་མེད་ཅིང་ངག་སྨྲ་བ་མེད་པར་ཐལ། དབང་ཤེས་མེད་ཅིང་ངག་ཀུན་ནས་སློང་བྱེད་ཀྱི་རྟོག་པ་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། བསམ་གཏན་གཉིས་པ་སོགས་ན་ལུས་དང་མིག་དང་རྣ་བའི་རྣམ་ཤེས་དང་། ངག་གི་རྣམ་པར་རིག་བྱེད་ཀུན་ནས་སློང་བ་གང་ཡིན་པ་དེ་ནི་བསམ་གཏན་དང་པོར་གཏོགས་པའི་ཕྱིར། བསམ་གཉིས་པ་སོགས་སུ་མངོན་དུ་བྱེད་པའི་རྟོག་པ་ལ་སོགས་པ་དེ་མ་བསྒྲིབས་ལུང་མ་བསྟན་ཡིན་གྱི་ཉོན་


DLL1003_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་མིན་ཏེ། འོག་མའི་ཉོན་མོངས་སྤངས་པའི་ཕྱིར། དགེ་བ་མ་ཡིན་ཏེ། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང་། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། འོ་ན་སྙོམས་འཇུག་གསུམ་པོ་ཇི་ལྟར་འཐོབ་ཅེ་ན། དག་པ་བ་ནི་སྔར་དག་པ་དེ་དང་མི་ལྡན་ན་འདོད་ཆགས་དང་བྲལ་བ་དང་སྲིད་རྩེ་མ་གཏོགས་པ་གོང་མ་ནས་འོག་མར་སྐྱེ་བ་ལས་ནི་འཐོབ། ཟག་མེད་འདོད་ཆགས་བྲལ་བ་ཡིས་ཐོབ་ཀྱི་སྐྱེ་བས་ཐོབ་པ་མེད་དོ། །ཉོན་མོངས་ཅན་འདོད་ཆགས་དང་བྲལ་བ་ལས་ཉམས་པ་དང་འོག་མར་སྐྱེ་བ་ཡིས་འཐོབ་བོ། །བཞི་པ་གང་ལས་གང་འབྱུང་བ་ལ། གསུམ་པོ་གང་ལས་གང་འབྱུང་བ། དག་པ་བ་བྱེ་བྲག་ཏུ་བཤད། ཐོད་རྒལ་གྱི་སྙོམས་འཇུག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། སྙོམས་འཇུག་གི་དབང་དུ་བྱས་པ་དང་། དེ་ལས་གཞན་པའི་དབང་དུ་བྱས་པའོ། །དང་པོ་ནི། འོ་ན་གསུམ་པོ་གང་གི་མཇུག་ཐོགས་སུ་གང་སྐྱེ་ཞེ་ན། བསམ་གཏན་གསུམ་པ་ཟག་པ་མེད་པའི་མཇུག་ཐོགས་སུ་རང་ས་ནས་བགྲངས་པའི་ལྟག་དང་འོག་གསུམ་པའི་བར་གྱི་དགེ་བ་ཟག་བཅས་དང་ཟག་མེད་སྐྱེའོ། །དག་པ་བ་ལས་དེ་བཞིན་དུ་ལྟག་འོག་གསུམ་པའི་བར་གྱི་དགེ་བ་དང་། དེར་མ་ཟད་རང་གི་ས་པའི་ཉོན་མོངས་ཀྱང་སྐྱེའོ། །ཉོན་མོངས་ཅན་ལ་ཉོན་མོངས་ཅན་དུ་ཤེས་པའི་ཚེ་རང་སའི་དག་པ་བ་དང་། རྒྱུན་གྱི་ཚེ་ཉོན་མོངས་ཅན་དང་། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་འོག་མའི་དག་པ་བ་གཅིག་སྐྱེའོ། །གཉིས་པ་ནི།འཆི་འཕོ་བའི་དགེ་བ་དག་པ་བ་ལས་རང་ས་དང་འོག་ས་དང་གོང་སའི་ཉོན་


DLL1003_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་སྐྱེ་སྟེ། དག་པ་བས་འཆི་སེམས་བྱས་པ་ལས་རང་ས་འོག་ས་གོང་ས་ཀུན་ཏུ་སྐྱེ་བའི་ཕྱིར། ཉོན་མོངས་ཅན་གྱིས་འཆི་སེམས་བྱས་པ་ལས་རང་ས་དང་འོག་སར་སྐྱེའི་གོང་མར་སྐྱེ་བ་མིན་ཏེ། འོག་མའི་ཉོན་མོངས་མ་སྤངས་པར་གོང་མར་མི་སྐྱེ་བའི་ཕྱིར། གཉིས་པ་ནི། འོ་ན། དག་པ་ལས་དེ་བཞིན། ཞེས་བཤད་ན། དག་པ་བ་ལས་ལྟག་འོག་གསུམ་པའི་བར་གྱི་དགེ་བ་ཐམས་ཅད་སྐྱེ་བས་ཁྱབ་བམ་ཞེ་ན། སྤྱིར་དག་པ་བ་དེ་ནི་རྣམ་པ་བཞི་ཡོད་དེ། ཉམས་པ་ཆ་མཐུན་དང་། སོགས་པ་གནས་པ་ཆ་མཐུན་དང་། ཁྱད་པར་ཆ་མཐུན་དང་། ངེས་འབྱེད་ཆ་མཐུན་རྣམས་སུ་ཡོད་པའི་ཕྱིར། དེ་དག་གི་ངོ་བོ་གང་ཞེ་ན། བཞི་པོ་དེ་དག་ནི་གོ་རིམ་བཞིན་དུ། རང་སའི་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པ་དང་། རང་སའི་དག་པ་སྐྱེ་བ་དང་རྗེས་སུ་མཐུན་པ་དང་། གོང་སའི་དག་པ་སྐྱེ་བ་དང་རྗེས་སུ་མཐུན་པ་དང་། ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའོ། །འོ་ན་ཉམས་པ་ཆ་མཐུན་སོགས་བཞི་པོ་དེ་གང་གི་མཇུག་ཐོགས་སུ་གང་སྐྱེ་བ་ཡིན་ཞེ་ན། ཉམས་པ་ཆ་མཐུན་སོགས་ཀྱི་མཇུག་ཐོགས་སུ་དང་པོ་གཉིས་དང་། དང་པོ་གསུམ་དང་། ཐ་མ་གསུམ་དང་། ཐ་མ་གཅིག་སྐྱེའོ། །གསུམ་པ་ནི། ཟག་པ་མེད་པའི་མཇུག་ཐོགས་སུ། ལྟག་འོག་གསུམ་པའི་བར་དགེ་བ། །ཞེས་བཤད་ན། ཐོད་རྒལ་སྙོམས་འཇུག་གི་ངོ་བོ་གང་ཞེ་ན། སྙོམས་འཇུག་གི་ས་བརྒྱད་ལ་ཟག་བཅས་ཟག་མེད་རྣམ་པ་གཉིས་འབྲེལ་བ་སྟེ་གོ་རིམ་བཞིན་དུ། ལུགས་མཐུན་དང་ལུགས་མི་མཐུན་དུ་སྙོམས་པར་འཇུག་པ་ཐོད་རྒལ་སྙོམས་འཇུག་གི་རིང་བའི་སྦྱོར་


DLL1003_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། བསམ་གཏན་དང་པོ་ཟག་མེད་ལ་སྙོམས་པར་ཞུགས། གཅིག་བསམ་གཏན་གཉིས་པ་རྒལ། བསམ་གཏན་གསུམ་པ་ཟག་མེད་སོགས་ལ། ལུགས་མཐུན་དུ་ཡར་སོང་ཞིང་ལུགས་མི་མཐུན་དུ་མར་འོངས་ནས་ནི་སྙོམས་པར་འཇུག་པ་དང་། དེ་ལྟར་ཟག་བཅས་ལ་ཡང་སྦྱོར་བ་ནི་ཉེ་བའི་སྦྱོར་བ་དང་། ཡང་བསམ་གཏན་དང་པོ་ཟག་མེད་ལ་སྙོམས་པར་ཞུགས། བསམ་གཏན་གཉིས་པ་པོར། བསམ་གཏན་གསུམ་པ་ཟག་བཅས་ལྟ་བུ་ལ་སྙོམས་པར་འཇུག་པ་ལྟ་བུ་རིས་མི་མཐུན་གསུམ་པར་འགྲོ་བའི་སྒོ་ནས་སྙོམས་པར་འཇུག་པ་དང་། དེ་ལྟར་ཟག་བཅས་ལ་ཡང་སྦྱར་བ་ནི་ཐོད་རྒལ་སྙོམས་འཇུག་གི་དངོས་གཞིའི་སྙོམས་འཇུག་ཡིན་ནོ། །དེ་གང་གི་རྟེན་ལ་སྐྱེད་ཅེ་ན། མིའི་རྟེན་ལ་སྐྱེད་དེ། བློ་གསལ་བའི་ཕྱིར། གང་ཟག་གང་གིས་འཇུག་ན། མི་གཡོ་བའི་ཆོས་ཅན་གྱིས་འཇུག་སྟེ། ཉོན་མོངས་མེད་པ་དང་། ཏིང་ངེ་འཛིན་ལ་དབང་ཐོབ་པའི་ཕྱིར། ལྔ་པ་ནི། བསམ་གཏན་གཟུགས་མེད་དེ་དག་གང་གི་རྟེན་ལ་མངོན་དུ་བྱེད་ཅེ་ན། བསམ་གཏན་གཟུགས་མེད་རང་ས་དང་འོག་སའི་རྟེན་ལ་མངོན་དུ་བྱེད་པ་ཅན་ཡིན་གྱི། གོང་སའི་རྟེན་ལ་འོག་མ་མངོན་དུ་བྱེད་པ་མེད་དེ། གོང་སའོ་རྟེན་ལ་འོག་མ་མངོན་དུ་བྱེས་པ་ལ་དགོས་པ་མེད་པའི་ཕྱིར། སྲིད་རྩེར་སྐྱེས་པའི་འཕགས་པ་ཕྱིར་མི་འོང་ནི་ཅི་ཡང་མེད་ཀྱི་ཟག་མེད་ཀྱི་ལམ་མངོན་སུམ་དུ་བྱས་ནས་ཟག་པ་ཟད་པར་འགྱུར་ཏེ། དགྲ་བཅོམ་ཐོབ་པ་ལ་ཟག་མེད་ཀྱི་ལམ་ལ་རྟེན་དགོས། སྲིད་རྩེའི་གོང་ན་ས་མེད། རང་ས་ལ་ཟག་མེད་མེད་པས་འོག་སའི་ཟག་མེད་ཀྱི་


DLL1003_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་རྟེན་དགོས་ལ། དེའི་ནང་ནས་ཅི་ཡང་མེད་ཀྱི་ཟག་མེད་ཀྱི་ལམ་ཉེ་བའི་ཕྱིར། འོ་ན་སྙོམས་འཇུག་གསུམ་པོ་དེས་གང་ལ་དམིགས་ཤེ་ན། སྲེད་བཅས་རང་གི་སྲིད་པ་ལ་དམིགས་ཀྱི་འོག་ས་ལ་མི་དམིགས་ཏེ། འོག་མའི་ཉོན་མོངས་སྤངས་པའི་ཉོན་མོངས་ཅན་ཡིན་པའི་ཕྱིར། གོང་ས་ལ་མི་དམིགས་ཏེ། སྲེད་པ་ཐ་དད་ཀྱིས་ས་མཚམས་བཅས་པའི་ཕྱིར། བསམ་གཏན་གྱི་དངོས་གཞི་དགེ་བ་ཟག་བཅས་དང་ཟག་མེད་ཀྱི་ཡུལ་ཡོད་དགུ་ཅོག་ཡིན་ནོ། །གཟུགས་མེད་ཀྱི་དངོས་གཞི་དགེ་བ་རྣམས་ཀྱི་སྤྱོད་ཡུལ་ཟག་བཅས་འོག་མ་ལ་དམིགས་པ་མིན། ཟག་མེད་འོག་མ་ལའང་མི་དམིགས་སོ། །དེས་ན་རང་སའི་ཕུང་པོ་བཞི་ལ་དམིགས་སོ། །འོ་ན་སྙོམས་འཇུག་གསུམ་པོ་གང་གིས་ཉོན་མོངས་སྤོང་ཞེ་ན། དངོས་གཞི་ཟག་པ་མེད་པས་ཉོན་མོངས་པ་རྣམས་སྤོང་གི །དངོས་གཞི་དག་པ་བས་མི་སྤོང་སྟེ། འོག་ས་ལས་འདོད་ཆགས་དང་བྲལ་ཟིན། རང་སའི་སྲེད་པ་རྒྱས། གོང་ས་དེ་ལས་ཁྱད་པར་དུ་འཕགས་པའི་ཕྱིར། དེས་ན་ཉོན་མོངས་ཅན་གྱིས་ལྟ་ཅི་སྨོས། ཉེར་བསྡོགས་དག་པ་བས་ཀྱང་ཉོན་མོངས་སྤོང་སྟེ། འོག་ས་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་པའི་ཕྱིར། ཀྱང་ཞེས་པ་ནི་ཉེར་བསྡོགས་སུ་མ་ཟད་ཅེས་པའོ། །གཉིས་པ་ནི། ཉེར་བསྡོགས་དག་པས་ཀྱང་། ཞེས་བཤད་ན། ཉེར་བསྡོགས་དེ་ལ་དུ་ཡོད་ཅེ་ན། །དེ་དག་ལ་ནི་ཉེར་བསྡོགས་བརྒྱད། །དག་པ་བདེ་མིན་སྡུག་བསྔལ་མིན། །དང་པོ་འཕགས་པའང་ཁ་ཅིག་གསུམ། །དངོས་གཞི་དེ་དག་ལ་ནི་འཇུག་པའི་ཉེར་བསྡོགས་བརྒྱད་ཡོད་དོ། །དེའི་ངོ་བོ་གང་ཞེ་ན། དག་པ་བ་ཡིན་གྱི་ཉོན་མོངས་ཅན་མ་ཡིན་ཏེ། འོག་ས་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་ཡིན་པའི་ཕྱིར། ཚོར་བ་གང་ཡིན་ཞེ་ན། བདེ་མིན་སྡུག་བསྔལ་མིན་པའི་བཏང་སྙོམས་


DLL1003_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚུངས་ལྡན་ཡིན་ཏེ། འབད་པས་དྲང་བར་བྱ་ཞིང་། འོག་ས་ལས་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར། བསམ་གཏན་དང་པོའི་ཉེར་བསྡོགས་ལ་འཕགས་པ་ཟག་པ་མེད་པའང་ཡོད་དེ། ཉེར་བསྡོགས་གཞན་ལས་སེམས་གསལ་བའི་ཕྱིར། ཁ་ཅིག་ཉོན་མོངས་ཅན་ཡང་ཡོད་དེ། དངོས་གཞི་ལ་འགྲན་སྡོ་བའི་ཕྱིར། དེས་ན་གསུམ་ཡོད་ཟེར། གསུམ་པ་ཁྱད་པར་ཅན་ནི། འོ་ན་བསམ་གཏན་དང་པོའི་ཉེར་བསྡོགས་ཞེས་ཀྱང་བཤད། དངོས་གཞི་ཁྱད་པར་ཅན་ཞེས་ཀྱང་བཤད་ན། དངོས་གཞི་ཁྱད་པར་ཅན་དེ་གང་ཞེ་ན། རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་བསམ་གཏན་གྱི་དངོས་གཞི་ནི་བསམ་གཏན་ཁྱད་པར་ཅན་ཡིན་ནོ། །དེ་ལ་ཟག་མེད་དང་དགེ་བ་དང་ཉོན་མོངས་ཅན་གསུམ་ཡོད། བདེ་བ་ཡང་མིན་སྡུག་བསྔལ་ཡང་མིན་པའི་ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་ཏེ། འབད་པས་བསྒྲུབ་པར་བྱ་བའི་ལམ་ཡིན་པའི་ཕྱིར། བསམ་གཏན་ཁྱད་པར་ཅན་དེ་ནི་ཚངས་ཆེན་གྱི་འབྲས་བུ་ཅན་ཡིན་ཏེ། དེ་བསྒོམ་པ་ལ་བརྟེན་ནས་ཚངས་ཆེན་དུ་སྐྱེ་བའི་ཕྱིར། བཞི་པ་ཏིང་ངེ་འཛིན་གྱི་དབྱེ་བ་ལ། ཁམས་ཀྱི་སྒོ་ནས་དབྱེ་བ། ལམ་གྱི་སྒོ་ནས་དབྱེ་བ། ལམ་སུན་འབྱིན་པའི་སྒོ་ནས་དབྱེ་བ། བྱེད་པའི་སྒོ་ནས་དབྱེ་བའོ། །དང་པོ་ནི། མདོ་ལས། རྟོག་པ་དང་བཅས་ལ་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་ཞེས་གསུངས་ན། དེ་གང་ཡིན་ཞེ་ན། །མན་ཆད་རྟོག་དཔྱོད་པཅས་པ་ཡི། །ཏིང་འཛིན་ཡན་ཆད་གཉིས་ཀ་མེད། །བསམ་གཏན་ཁྱད་པར་ཅན་མན་ཆད་བསམ་གཏན་དང་པོའི་ཉེར་བསྡོགས་དང་དངོས་གཞི་ཙམ་


DLL1003_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བ་ནི། རྟོག་པ་དང་བཅས་ལ་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན། བསམ་གཏན་ཁྱད་པར་ཅན་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་འཛིན། ཁྱད་པར་ཅན་ཡན་ཆད་ལྔ་རྟོག་དཔྱོད་གཉིས་ཀ་མེད་པའི་ཏིང་ངེ་འཛིན་ཡིན་ནོ། །གཉིས་པ་ནི། མདོ་ལས། སྟོང་ཉིད། མཚན་མེད་སྨོན་མེད་ཀྱི་ཏིང་ངེ་འཛིན་གསུངས་ན་དེ་གང་ཡིན་ཞེ་ན། མཚན་མ་མེད་པའི་ཏིང་ངེ་འཛིན་ནི་ཞི་བ་འགོག་བདེན་གྱི་རྣམ་པ་བཞི་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་མི་རྟག་པ་དང་སྡུག་བསྔལ་ལ་དམིགས་ནས་བདག་མེད་པ་དང་སྟོང་ཉིད་ཀྱི་རྣམ་པར་འཇུག་པའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་གོང་དུ་བཤད་པ་དེ་ལས་གཞན་པའི་བདེན་པའི་རྣམ་པ་བཅུ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཡིན་ནོ། །གསུམ་པོ་དེ་དག་ལ་དག་པ་བ་དང་དྲི་མ་མེད་པ་གཉིས་གཉིས་ཡོད་ལ། གསུམ་པོ་དེ་དག་དྲི་མ་མེད་པ་ནི་རྣམ་ཐར་སྒོ་གསུམ་ཡིན་ཏེ། མྱང་འདས་ཐོབ་པར་བྱེད་བའི་ཐབས་སམ་སྒོ་ཡིན་པའི་ཕྱིར། གསུམ་པ་ནི། གཞན་ཡང་ཏིང་ངེ་འཛིན་གསུམ་ཡོད་དེ། སྟོང་ཉིད་སྟོང་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ལ་སོགས་པ་སྨོན་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། མཚན་མ་མཚན་མ་མེད་པའི་ཏིང་ངེ་འཛིན་རྣམས་སུ་ཡོད་པའི་ཕྱིར། དེ་དག་གི་ངོ་བོ་གང་ཞེ་ན། དང་པོ་གཉིས་ནི་རིམ་པ་བཞིན་དུ་མི་སློབ་པའི་རྒྱུད་ཀྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་དམིགས་ནས་སྟོང་པ་དང་མི་རྟག་པའི་རྣམ་པར་འཇུག་པ་ཡིན་ནོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མ་བརྟགས་ཟད་པ་སྟེ། སོ་སོར་བརྟགས་མིན་གྱི་འགོག་པ་ལ་


DLL1003_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ནས་ཞི་བའི་རྣམ་པར་འཇུག་པ་ཡིན་ནོ། །གསུམ་པོའི་ངོ་བོ་གང་ཡིན་ཞེ་ན། ཟག་བཅས་ཡིན་ཏེ། ཐར་ལམ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་པའི་ཕྱིར། ཁམས་གསུམ་པོ་གང་གི་རྟེན་ལ་མངོན་དུ་བྱེད་ཅེ་ན། མིའི་ནང་དུ་བྱེད་དེ། བློ་གསལ་བའི་ཕྱིར། གང་ཟག་གང་གིས་མངོན་དུ་བྱེད་ཅེ་ན། མི་གཡོ་བའི་ཆོས་ཅན་གྱིས་མངོན་དུ་བྱེད་དེ། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་ཕྱིར། ས་གང་གིས་བསྡུས་ཤེ་ན། ཉེར་བསྡོགས་ཐ་མ་བདུན་མ་གཏོགས་པའི་ས་བཅུ་གཅིག་གིས་བསྡུས་སོ། །བཞི་པ་ནི། མདོ་ལས། མཐོང་བའི་ཆོས་ལ་བདེ་བར་འགྱུར་བའི་ཏིང་ངེ་འཛིན་དང་། ཤེས་པ་མཐོར་བར་འགྱུར་བའི་ཏིང་ངེ་འཛིན་དང་། རབ་ཏུ་དབྱེ་བར་འགྱུར་བའི་ཏིང་ངེ་འཛིན་དང་། ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་ཞེས་བཤད་ན། དེ་དག་གང་ཡིན་ཞེ་ན། དགེ་བའི་བསམ་གཏན་དང་པོ་ནི་མཐོང་བའི་ཆོས་ལ་བདེ་བར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ཡིན་ནོ། །དེ་ཡང་མཐོང་བའི་ཆོས་ལ་བདེ་བར་འགྱུར་བ་ཞེས་བྱའོ། །ཕྱི་མ་ལ་བདེ་བར་འགྱུར་བ་ཞེས་ནི་མི་བྱ་སྟེ། ཕྱི་མ་ལ་བདེ་བར་འགྱུར་བའི་ངེས་པ་མེད་པའི་ཕྱིར་ཏེ། ཉམས་པ་དང་དེ་ལས་གོང་མར་སྐྱེ་བ་དང་མྱང་ནང་ལས་འདའ་བ་སྲིད་པའི་ཕྱིར། མིག་གི་མངོན་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་ནི་མཐོང་བར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་དང་། མིག་གི་མངོན་ཤེས་ཀྱི་རྗེས་སུ་སྐྱེ་བའི་ཡིད་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་ནི་ཤེས་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ཞེས་བྱ་ལ། དེ་གཉིས་གཅིག་ཏུ་བསྡུས་ནས་


DLL1003_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་མཐོང་བར་འགྱུར་བར་འདོད་དོ། །སྦྱོར་བ་ལས་བྱུང་བའི་ཟག་བཅས་དང་ཟག་མེད་ཀྱི་ཡོན་ཏན་ཀུན་བློ་ཤེས་རབ་ཏུ་དབྱེ་བར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ཞེས་བྱའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་བསམ་གཏན་གྱི་མཐའ་བཞི་པ་ལ་བརྟེན་པ་གང་ཡིན་པ་དེ་ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ཞེས་བྱའོ། །གཉིས་པ་སྙོམས་འཇུག་གིས་བསྡུས་པའི་ཡོན་ཏན་ལ། ཚད་མེད། རྣམ་ཐར། ཟིལ་གནོན། ཟད་པར། དེ་དག་གི་སྤྲོས་པ་བཤད་པའོ། །དང་པོ་ནི། དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་པ་དང་། བསོད་ནམས་ཚད་མེད་པ་དང་ལྡན་པའི་ཚད་མེད་པ་ནི་བཞི་ཡོད་པ་ཡིན་ཏེ། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་ཚད་མེད་པ་རྣམས་སུ་ཡོད་པའི་ཕྱིར། འོ་ན་བཞིར་གྲངས་ངེས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡོད་དེ། གནོད་སེམས་དང་ལ་སོགས་པ་རྣམ་འཚེ་དང་གཞན་བདེ་བ་ལ་མི་དགའ་བ་དང་གནོད་སེམས་དང་ཆགས་པ་མང་བའི་གཉེན་པོར་བཞིར་ངེས་པའི་ཕྱིར། མི་སྡུག་པ་དང་བཏང་སྙོམས་ཀྱིས་ཆགས་པའི་གཉེན་པོ་བྱེད་ཚུལ་ཇི་ལྟར་ཡིན་ཞེ་ན། བྱེ་བྲག་སྨྲ་བ་ན་རེ། མི་སྡུག་པ་ཁ་དོག་ལ་ཆགས་པའི་གཉེན་པོ་དང་། བཏང་སྙོམས་འཁྲིག་པ་ལ་ཆགས་པའི་གཉེན་པོ་ཡིན་ཟེར། སློབ་དཔོན་ན་རེ། མི་སྡུག་པ་འཁྲིག་པ་དང་། བཏང་སྙོམས་ཉེ་དུ་ལ་འདོད་ཆགས་ཀྱི་གཉེན་པོ་ཡིན་གསུང་། བཞི་པོ་སོ་སོའི་ངོ་བོ་གང་ཞེ་ན། བྱམས་པ་དང་སྙིང་རྗེའི་ངོ་བོ་ཞེ་སྡང་མེད་པ་ཡིན། དགའ་བ་ནི་ཡིད་བདེ་བ་ཡིན། བཏང་སྙོམས་མ་ཆགས་པ་ཡིན་ནོ། །མ་ཆགས་པ་ཡིན་པས་ཆགས་པའི་གཉེན་པོ་ཡིན་མོད།


DLL1003_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སེམས་ཀྱི་གཉེན་པོ་ཇི་ལྟར་ཡིན་ཞེ་ན། ཡིན་ཏེ། ཆགས་པས་ཀུན་ནས་བསླངས་པའི་གནོད་སེམས་ཀྱི་གཉེན་པོ་ཡིན་པའི་ཕྱིར། འོ་ན་རྣམ་པ་གང་ཡིན་ཞེ་ན། རྣམ་པ་ནི་ཀྱེ་མ་སེམས་ཅན་རྣམས་བདེ་བ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་བྲལ་བར་གྱུར་ཅིག །དགའ་བར་གྱུར་ཅིག །སེམས་ཅན་རྣམས་མཉམ་སྙོམས་པར་གྱུར་ཅིག་སྙམ་པའོ། །འོ་ན་དེ་དག་གང་ལ་དམིགས་པ་ཡིན་ཞེ་ན། ཚད་མེད་བཞི་པོའི་སྤྱོད་ཡུལ་འདོད་པའི་སེམས་ཅན་རྣམས་ཡིན་ཏེ། འདོད་པའི་སེམས་ཅན་ལ་དམིགས་པའི་གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར། འོ་ན་དེ་དག་ས་གང་གིས་བསྡུས་ཤེ་ན། དགའ་བ་བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞི་ན་ཡོད་ཀྱི་གཞན་ན་མེད་དེ། སྒོམ་པ་ལས་བྱུང་བའི་ཡིད་བདེ་ཡིན་པའི་ཕྱིར། གཞན་གསུམ་ནི་བསམ་གཏན་ས་དྲུག་ན་ཡོད། ཁ་ཅིག་དངོས་གཞིའི་ས་པ་ཡིན་པས་ལྔ་ན་ཡོད་ཟེར། གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། ཞེས་བཤད་ན། བཞི་པོ་དེས་ཉོན་མོངས་པ་དངོས་སུ་སྤོང་བ་ཡིན་ནམ་ཞེ་ན། བཞི་པོ་དེ་ཡིས་ཉོན་མོངས་པ་དངོས་སུ་མི་སྤོང་སྟེ། དངོས་གཞིས་བསྡུས་པ་ལྟར་ན་ཉེར་བསྡོགས་ཀྱིས་འོག་ས་ལས་འདོད་ཆགས་དང་བྲལ་བར་བྱས་པའི་ཕྱིར་དང་། ཉེར་བསྡོགས་ཀྱིས་བསྡུས་པ་ལྟར་ན་ཞི་རགས་དང་བདེན་པའི་རྣམ་པ་ཅན་གང་ཡང་མ་ཡིན་པའི་ཕྱིར། འོ་ན་གཉེན་པོར་གཞག་པ་ཅི་ཞེ་ན། ཉེར་བསྡོགས་ཀྱིས་མགོ་གནོན་པར་བྱེད། དངོས་གཞིས་ཐག་སྲིང་བར་བྱེད་པ་ལ་དགོངས་པ་ཡིན་ནོ། །རྟེན་གང་ལ་སྐྱེད་ན། མི་


DLL1003_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་ནང་དུ་སྐྱེད་དེ། བློ་གསལ་བ་དང་ཉོན་མོངས་མེད་པའི་ཕྱིར། འོ་ན་བཞི་པོ་དེ་གང་རུང་ཐོབ་པ་ལ་ཐམས་ཅད་ཐོབ་པས་ཁྱབ་བམ་ཞེ་ན། དགའ་བ་མ་གཏོགས་པའི་གསུམ་པོ་ངེས་པར་ལྡན་ཏེ། གསུམ་པོ་གཅིག་ཐོབ་པ་ན་གཞན་གྱི་ཐོབ་པ་འབྱུང་བའི་ཕྱིར། དགའ་བ་ལྡན་པའི་ངེས་པ་མེད་དེ། བསམ་གཏན་གསུམ་པ་དང་བཞི་པར་སྐྱེས་པའི་གང་ཟག་ཡོད་པའི་ཕྱིར། གཉིས་པ་ནི། རྣམ་ཐར་བརྒྱད་ཡོད་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར། གཟུགས་མེད་ཀྱི་རྣམ་ཐར་བཞི། འགོག་པའི་རྣམ་ཐར་གཅིག་རྣམས་སུ་ཡོད་པའི་ཕྱིར། རྣམ་ཐར་བརྒྱད་ཡོད་མི་སྡུག་པ་ཡིན་ཏེ། རྣམ་པར་སྔོས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། མ་ཆགས་པ་ཡིན་ཏེ། དང་པོ་གཉིས་རིམ་པ་བཞིན་དུ་འདོད་པ་དང་བསམ་གཏན་དང་པོའི་ཁ་དོག་ལ་ཆགས་པའི་གཉེན་པོ་ཡིན་པའི་ཕྱིར། དེ་བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞི་ན་ཡོད། བསམ་གཏན་གསུམ་པ་ན་མེད་དེ། འདི་ཁ་དོག་ལ་འདོད་ཆགས་ཀྱི་གཉེན་པོ་གང་ཞིག །བསམ་གཏན་གཉིས་པའི་ཁ་དོག་ལ་འདོད་ཆགས་ཀྱི་གཉེན་པོ་མེད་པའི་ཕྱིར། གསུམ་པ་སྡུག་པའི་རྣམ་ཐར་ནི་མི་སྡུག་པ་མིན་ཏེ། ཡུལ་ཡིད་དུ་འོང་བ་ལ་དམིགས་ནས་སྡུག་པར་ལྟ་བའི་ཕྱིར། མཐའ་བསམ་གཏན་བཞི་པ་ན་ཡོད། ངོ་བོ་མ་ཆགས་པ་ཡིན་ནོ། །བསམ་གཏན་གསུམ་པ་ལ་རྣམ་ཐར་མི་འཇོག་པའི་རྒྱུ་མཚན་ཡོད་དེ། བསམ་གཏན་གཉིས་པའི་ཁ་དོག་ལ་འདོད་ཆགས་ཀྱི་གཉེན་པོ་མེད་པའི་ཕྱིར། འོ་ན་


DLL1003_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་བཞི་པ་ལ་རྣམ་ཐར་མི་འཇོག་པར་ཐལ། བསམ་གཏན་གསུམ་པའི་ཁ་དོག་ལ་འདོད་ཆགས་ཀྱི་གཉེན་པོ་མེད་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། སྡུག་པའི་རྣམ་ཐར་དེ་འདོད་ཆགས་ཀྱི་གཉེན་པོར་སྒོམ་པ་མ་ཡིན་གྱི། བསམ་གཏན་དང་པོ་གཉིས་ཀྱི་སྐབས་སུ་མི་སྡུག་པ་བསྒོམས་པས་ཡིད་ཞུམས་པ་དེ་གཟེང་བསྟོད་པར་བྱ་བའི་ཕྱིར་དང་། རྣམ་ཐར་དང་པོ་གཉིས་གྲུབ་མ་གྲུབ་བརྟག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཟུགས་མེད་ཀྱི་རྣམ་ཐར་ནི་གཟུགས་མེད་ཀྱི་མཉམ་གཞག་དགེ་བ་དག་པ་བ་དང་ཟག་མེད་རྣམས་སོ། །འགོག་པའི་རྣམ་ཐར་ནི་འགོག་པའི་སྙོམས་པར་འཇུག་པའོ། །འོ་ན་སེམས་གང་ལ་བརྟེན་ནས་འཇུག་ཅེ་ན། ཁམས་གསུམ་གྱི་སེམས་ཕྲ་བ་སྲིད་རྩེ་ཡིན་ལ། དེ་ལས་ཆེས་ཕྲ་བའི་མཇུག་ཐོགས་སུ་འཇུག་གོ །སེམས་གང་ལས་ལྡང་ཞེ་ན། སྲིད་རྩེ་དང་རང་གི་དག་པ་བ་དང་འོག་མ་ཅི་ཡང་མེད་ཀྱི་འཕགས་པ་ཟག་མེད་ཀྱི་སེམས་ཀྱིས་དེ་ལས་ལྡང་ངོ་། །འོ་ན་དེ་དག་གི་དམིགས་པ་གང་ཡིན་ཞེ་ན། རྣམ་ཐར་དང་པོ་གཉིས་ནི་འདོད་པར་གཏོགས་པའི་སྣང་བ་སྟེ་གཟུགས་ཀྱི་ཡུལ་ཅན་ནོ། །གཉིས་པ་ནི་བསམ་གཏན་དང་པོའི་གཟུགས་ལ་དམིགས། གསུམ་པ་ནི་གཟུགས་ཀྱི་སྣང་བ་ལ་དམིགས་པ་ཡིན་ནོ། །གང་དག་གཟུགས་ཅན་མིན་པའི་རྣམ་ཐར་དེ་དག་སྤྱོད་ཡུལ་གོང་དང་རང་གི་སའི་སྡུག་བསྔལ་ལ་སོགས་པའི་བདེན་པ་དང་པོ་གསུམ་དང་། རྗེས་ཤེས་ཕྱོགས་རང་ས་དང་གོང་འོག་ཐམས་ཅད་ཡིན་ནོ། །གསུམ་པ་ནི། དམིགས་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་


DLL1003_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཡོད་དེ། དབྱིབས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི། ཁ་དོག་ཟིབ་གྱིས་གནོན་པའི་སྐྱེ་མཆེད་བཞི་ཡོད་པའི་ཕྱིར། དང་པོ་བཞི་ཡོད་དེ། མདོ་ལས་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་ཞེས་བྱ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་ལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་ཞེས་བྱ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང་གཟུགས་ཅན་དུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་ལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་ཞེས་བྱ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ། །ཞེས་གསུངས་པའི་ཕྱིར། དེའི་དོན་ནི་རྣལ་འབྱོར་པ་ཡིན་ལ་གཟུགས་དང་གཟུགས་མེད་པར་འདུ་ཤེས་པ་འདི་ནི་གཟུགས་ཀྱི་འདུ་ཤེས་མ་བཤིག་པ་དང་བཤིག་པ་ཡིན། ཕྱི་རོལ་གྱི་གཟུགས་ཆེ་ཆུང་ནི་སྣོད་དང་སེམས་ཅན་གྱི་གཟུགས་ཡིན། ཁ་དོག་བཟང་པོ་དང་ངན་པ་ནི་ཡིད་


DLL1003_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོང་བ་དང་མི་འོང་བ་ཡིན། ཤེས་པ་དང་མཐོང་བ་ནི་ཞི་གནས་ཀྱིས་ཤེས་པ་དང་ལྷག་མཐོང་གིས་མཐོང་བ་ཡིན་ནོ། །ཁ་དོག་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་ཡོད་དེ། མདོ་ལས། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ། དཔེར་ན། ཟར་མའི་མེ་ཏོག་གམ། ཡུལ་ཝཱ་རཱ་ཎ་སིའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་ཞེས་བྱ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ཞེས་བྱ་བ་དང་། དེ་བཞིན་དུ་སེར་པོ་ལ་དོང་ཀའི་མེ་ཏོག་དང་། དམར་པོ་ལ་མན་དྷུ་ཛི་བ་ཀའི་མེ་ཏོག་དང་། དཀར་པོ་ལ་སྐར་མ་པ་ཝ་སངས་དང་སྦྱར་ནས་གསུངས་པའི་ཕྱིར། དེའི་དོན་ནི་སྔོན་པོ་ལ་སོགས་པ་བཞི་བསྟན་པའི་དོན་དང་དཔེ་ལ་ཆོས་གཉིས་ཡོད་པར་བསྟན་ཏོ། །དེ་ཡང་སྔོན་པོ་མདོར་བསྟན། ཁ་དོག་སྔོན་པོས་ལྷན་སྐྱེས་ཀྱི་སྔོན་པོ་བསྟན། སྔོན་པོ་ལྟ་བུར་སྟོན་པས་སྦྱར་བྱུང་གི་སྔོན་པོ་བསྟན། འོད་སྔོན་པོ་འབྱུང་བས་དེ་གཉིས་ལ་སྔོན་པོའི་མདངས་ཡོད་པར་བསྟན། མེ་ཏོག་ནི་ལྷན་སྐྱེས་གྱི་དཔེ་དང་། རས་ནི་སྦྱར་བྱུང་གི་དཔེ་ཡིན་ནོ། །འོ་ན་བརྒྱད་པོ་དེ་དག་གི་ངོ་བོ་དང་དམིགས་པ་ལ་སོགས་པ་གང་ཞེ་ན། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོ་གཉིས་ནི་རྣམ་ཐར་དང་པོ་བཞིན་དུ་ངོ་བོ་མ་ཆགས་པ་དང་། འདོད་པའི་གཟུགས་ལ་དམིགས་པ་དང་། འདོད་པའི་ཁ་དོག་ལ་ཆགས་


DLL1003_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཉེན་པོར་བསམ་གཏན་དང་པོའི་སས་བསྡུས་པ་ཡིན་ནོ། །གསུམ་པ་དང་བཞི་པ་གཉིས་ནི་རྣམ་ཐར་གཉིས་པ་བཞིན་དུ་ངོ་བོ་མ་ཆགས་པ་དང་། བསམ་གཏན་དང་པོའི་གཟུགས་ལ་དམིགས་པ་དང་། བསམ་གཏན་དང་པོའི་ཁ་དོག་ལ་འདོད་ཆགས་ཀྱི་གཉེན་པོར་བསམ་གཏན་གཉིས་པའི་སས་བསྡུས་པ་ཡིན་ནོ། །དེ་ལས་གཞན་བཞི་ནི་སྡུག་པའི་རྣམ་པར་ཐར་པ་བཞིན་དུ་ངོ་བོ་མ་ཆགས་པ་དང་། གཟུགས་ཡིད་འོང་ལ་དམིགས་པ་དང་། བསམ་གཏན་བཞི་པའི་སས་བསྡུས་པ་ཡིན་ནོ། །བཞི་པ་ནི། ཟད་པར་གྱི་ཏིང་ངེ་འཛིན་བཅུ་ཡོད་དེ། ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་རྣམས་སུ་ཡོད་པའི་ཕྱིར། དེ་དག་གི་ངོ་བོ་གང་ཞེ་ན། བརྒྱད་ནི་མ་ཆགས་པ་དང་། བསམ་གཏན་གྱི་མཐའ་བཞི་པ་ན་ཡོད། སྤྱོད་ཡུལ་འདོད་པའི་གཟུགས་ལ་དམིགས་ཏེ། འཇིག་རྟེན་གྱི་ཐ་སྙད་དུ་ཞེས་སོགས་གསུངས་པའི་ཕྱིར། ཕྱི་མ་གཉིས་ནི་གཟུགས་མེད་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་དག་པ་བ་ཡིན་ཏེ། སྤྱོད་ཡུལ་རང་སའི་ཕུང་པོ་བཞི་ལ་དམིགས་པ་ཡིན་ནོ། །ཅིའི་ཕྱིར་ཟད་པར་ཞེས་བྱ་ཞེ་ན། མ་ལུས་པར་ཁྱབ་པར་བྱེད་པས་ན་ཟད་པར་ཞེས་བྱའོ། །སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་བའི་རྒྱུ་མཚན་ཅི་ཞེ་ན། མིག་གི་དབང་པོ་སོགས་ལ་མི་འཇོག་སྟེ། ཕྱི་རོལ་གྱི་གཟུགས་ལ་ཁྱབ་པར་མི་ནུས་པའི་ཕྱིར། སྒྲ་ལ་མི་འཇོག་སྟེ། དེ་ལ་རྒྱུན་མེད་པའི་ཕྱིར། དྲི་རོ་གཉིས་ལ་མི་འཇོག་སྟེ། གཟུགས་ཁམས་


DLL1003_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱབ་པར་མི་ནུས་པའི་ཕྱིར། ལྔ་པ་ནི། ཉི་ཤུ་རྩ་དྲུག་པོ་དེ་དག་ཅི་ལྟར་འཐོབ་ཅེ་ན། འགོག་པའི་རྣམ་པར་ཐར་པ་བཤད་ཟིན་ལ། ལྷག་མ་རྩ་ལྔ་ནི་སྔར་འདྲིས་ན་འདོད་ཆགས་དང་བྲལ་བ་དང་། མ་འདྲིས་ན་སྦྱོར་བས་འཐོབ་བོ། །ཁམས་གསུམ་གང་གི་རྟེན་ཅན་ཡིན་ཞེ་ན། གཟུགས་མེད་ཅེས་བྱ་བའི་རྣམ་ཐར་བཞི་དང་། ཟད་པར་གཉིས་ཏེ་དྲུག་ནི་ཁམས་གསུམ་གྱི་རྟེན་ཅན་ཡིན། ལྷག་མ་བཅུ་དགུ་པོ་དེ་ནི་མི་ལས་སྐྱེ་སྟེ། ངེས་པར་ལུང་ལ་བརྟེན་ནས་སྐྱེ་དགོས་པའི་ཕྱིར། འོ་ན་གཟུགས་མེད་ཀྱི་སྙོམས་འཇུག་མི་ལ་སྐྱེ་བར་ཐལ། ལུང་ལ་བརྟེན་ནས་སྐྱེ་བའི་ཕྱིར་ཞེ་ན། གཏན་ཚིགས་མ་གྲུབ་བོ། །འོ་ན་གང་ལས་སྐྱེ་ཞེ་ན། ཁམས་གོང་མ་གཉིས་དག་ཏུ་གཟུགས་མེད་པ་རྒྱུ་དང་ལས་ཀྱི་སྟོབས་ཀྱིས་སྐྱེ། གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས་རྒྱུ་དང་ལས་ཀྱི་སྟོབས་དེ་དག་དང་། ཆོས་ཉིད་ཀྱི་སྟོབས་ཀྱིས་ཀྱང་སྐྱེའོ། །དེའི་ཤུགས་ལ་འདོད་པའི་ཁམས་སུ་བསམ་གཏན་རྒྱུ་དང་ལས་དང་ཆོས་ཉིད་དང་ལུང་ལ་བརྟེན་ནས་སྐྱེའོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་སྟེ་གནས་བརྒྱད་པའི་རྣམ་པར་བཤད་པའོ།། །།མཇུག་གི་དོན་བཤད་པ། བཞི་པ་མཇུག་གི་དོན་ལ། བསྟན་པ་གནས་པའི་ཚད། རང་དགའ་སྤངས་ཤིང་ཁེར་ས་སྐྱུང་བ། ཕྱི་རབས་ལ་བག་ཡོད་བྱ་བར་གདམས་པའོ། །དང་པོ་ནི། གང་དུ་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་སྟོན་པར་བྱེད་པའི་མངོན་པའི་ཆོས་ཅི་ཙམ་དུ་གནས་ཤེ་ན། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་དམ་པའི་ཆོས་


DLL1003_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་པ་གཉིས་ཏེ། ལུང་སྡེ་སྣོད་གསུམ་དང་། རྟོགས་པར་བྱ་བ་བྱང་ཕྱོགས་སོ་བདུན་གྱི་བདག་ཉིད་དོ། །ལུང་གི་བསྟན་པ་དེ་འཛིན་པར་བྱེད་པ་ནི། ལུང་ཕྱིན་ཅི་མ་ལོག་པར་སྨྲ་བར་བྱེད་པ་ཁོ་ན་ཡིན། རྟོགས་པའི་བསྟན་པ་དེ་འཛིན་པར་བྱེད་པ་ནི། རྟོགས་པའི་ཆོས་ཕྱིན་ཅི་མ་ལོག་པར་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ནོ། །ཁོ་ན་ཞེས་པས་དེ་ལས་གཞན་མེད་པར་བསྟན་ཏོ། །དེ་དག་ཇི་སྲིད་དུ་གནས་པ་དེ་སྲིད་དུ་མངོན་པའི་ཆོས་ཀྱང་གནས་སོ། །འོ་ན་ལུང་དང་རྟོགས་པ་དེ་དག་ཇི་སྲིད་དུ་གནས་ཤེ་ན། ཁ་ཅིག་ལོ་སྟོང་དུ་གནས་སོ་ཞེས་ཟེར། ཁ་ཅིག་རྟོགས་པའི་བསྟན་པ་དེ་ལྟར་ཡིན་གྱི། ལུང་ནི་ཆེས་རིང་དུ་གནས་སོ་ཞེས་ཟེར། ཤེར་ཕྱིན་གྱི་འགྲེལ་པ་གནོད་འཇོམས་ལས་དམ་པའི་ཆོས་ལྔ་བརྒྱ་པ་ཕྲག་བཅུའི་བར་དུ་གནས་པར་གསུངས་སོ། །བཅུ་པོ་དེ་གང་ཞེ་ན། ཁོང་དུ་ཆུད་པའི་ལེའུ། སྒྲུབ་པའི་ལེའུ། ལུང་གི་ལེའུ། རྟགས་ཙམ་འཛིན་པའི་ལེའུ་དང་བཞི། དང་པོ་ལ། དགྲ་བཅོམ་པའི་ལེའུ། ཕྱིར་མི་འོང་གི་ལེའུ། རྒྱུན་ཞུགས་ཀྱི་ལེའུ་དང་གསུམ། གཉིས་པ་ལ། ཤེར་རབ་ཀྱི་ལེའུ། ཏིང་ངེ་འཛིན་གྱི་ལེའུ། ཚུལ་ཁྲིམས་ཀྱི་ལེའུ་དང་གསུམ། གསུམ་པ་ལ། མངོན་པའི་ལེའུ། མདོ་སྡེའི་ལེའུ། འདུལ་བའི་ལེའུ་དང་གསུམ་མོ། །གཉིས་པ་ནི། འོ་ན་མངོན་པའི་བསྟན་བཅོས་འདི། ཡེ་ཤེས་ལ་འཇུག་པ་ལ་སོགས་པ་ནས་ཇི་ལྟར་གསུངས་པ་བཞིན་དུ་བཤད་པ་ཡིན་ནམ་ཞེ་ན། དབྱིག་གཉེན་བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི་ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་ལུགས་དང་མཐུན་པར་གྲུབ་པར་བཤད་པ་ཡིན་ནོ། །ཕལ་ཆེར་ཞེས་པས་ཉི་འོག་པའི་ལུགས་ཀྱང་ཡོད་པར་


DLL1003_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །ཉེས་པར་ཟིན་པ་གང་ཡིན་པ་དེ་འདིར་བདག་གིས་ཉེས་ཏེ། དམ་པའི་ཆོས་ཀྱི་ཚུལ་ལ་ཐུབ་པ་སྲས་དང་བཅས་པ་རྣམས་ཚད་མ་ཡིན་པའི་ཕྱིར། གསུམ་པ་ནི། སྟོན་པ་འཇིག་རྟེན་གྱི་མིག་ནི་ཟུམ་པ་སྟེ་མྱ་ངན་ལས་འདས་པར་གྱུར་ཅིང་། ཆོས་ཀྱི་དཔང་དུ་གྱུར་པའི་སྐྱེ་བོ་ཕལ་ཆེར་ཟད་པ་ན། དེ་ཉིད་མ་མཐོང་རང་དགར་གྱུར་པའི་ངན་རྟོག་རྣམས་ཀྱིས་བསྟན་པ་འདི་ཚིག་དང་དོན་གྱི་སྒོ་ནས་དཀྲུགས་སོ། །དེའི་རྒྱུ་མཚན་ནི་རང་བྱུང་སངས་རྒྱས་དང་། རང་བྱུང་སངས་རྒྱས་ཀྱིས་བསྟན་པ་ལ་གཅེས་པར་འཛིན་པ་རྣམས་མཆོག་ཏུ་ཞི་བར་གཤེགས་ཤིང་། འགྲོ་བ་མགོན་མེད་པ་ན་གདམ་ངག་འདོམས་པ་མེད་ཅིང་། བསླབ་པ་གསུམ་གྱི་ཡོན་ཏན་འཇོམས་པར་བྱེད་པའི་དྲི་མས་དགའ་མགུར་དེང་སང་འཇིག་རྟེན་འདི་ན་སྤྱོད་པའི་ཕྱིར། དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི་འཆི་བའི་ཚེ་ལྐོག་མར་སྲོག་ཕྱིན་པ་དང་འདྲ་བར་དྲི་མ་རྣམས་སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི་ཐར་པ་འདོད་པ་དག་གིས་བག་ཡོད་ཀྱིས་ཅེས་གདམས་སོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་སློབ་དཔོན་ཤཱཀྱའི་དགེ་སློང་དབྱིག་གཉེན་གྱིས་མཛོད་པའི་རྣམ་པར་བཤད་པ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་གསུང་རྒྱུན་ཟིན་བྲིས་སུ་བཀོད་པ་རྫོགས་སོ།། །།གསུང་རབ་རྒྱ་མཚོ་ལྟ་བའི་སྒོ་གཅིག་པོ། །ཆོས་མངོན་མཛོད་ཀྱི་རྣམ་པར་བཤད་པ་འདི། །རྗེ་བཙུན་དམ་པ་ཐམས་ཅད་མཁྱེན་པ་ཡིས། །ཇི་ལྟར་གསུངས་པའི་གསུང་དག་ཇི་བཞིན་བཀོད། །འདི་བྲིས་དགེ་བས་ཚེ་རབས་ཀུན་ཏུ་བདག །མཚུངས་མེད་བློ་


DLL1003_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གྲགས་པའི་ཞབས་དྲུང་དུ། །ས་དང་ལམ་གྱི་ཡོན་ཏན་མཐར་སོན་ཏེ། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་པར་ཤོག། །། ཨོཾ་སྭསྟི། ཤེས་བྱ་ཀུན་གཟིགས་ཡེ་ཤེས་སྣང་བ་ཡིས། །སྲིད་པའི་མུན་པ་མཐའ་དག་འཕྲོག་བྱེད་པ། །འཇིག་རྟེན་ཡོངས་ཀྱི་བླ་ན་འཕགས་པའི་ཏོག །ཐུབ་དབང་སྨྲ་བའི་ཉི་མ་ལ་ཕྱག་འཚལ། །མཁའ་ཁྱབ་གསེར་གྱི་པདྨ་བཞད་པ་ལས། །ཆོས་ཀུན་ཚངས་པའི་དབྱངས་སུ་རྟག་སྒྲོག་ན། །མགོན་ཁྱོད་དཔེར་འོས་འཇམ་དབྱངས་གཞོན་ནུའི་ལྷ། །བྱང་ཆུབ་བར་དུ་ཡིད་ཀྱི་རྒྱན་དུ་བཞུགས། །གང་ཐུགས་བཻཌཱུར་གཙང་མའི་མེ་ལོང་དུ། །གསུང་རབ་ཀུན་གྱི་རང་གཟུགས་སྒེག་མོའི་གར། །ཉམས་འགྱུར་མ་འདྲེས་འཆར་བའི་ངོ་མཚར་ལ། །དགྱེས་རྩེན་མཁས་མཆོག་དབྱིག་གཉེན་ཞབས་ལ་འདུད། །ཤེས་བྱ་གཞི་ལྔའི་གནས་ལུགས་མཐའ་དག་ལ། །དྲང་པོར་འཇུག་པའི་ཤེས་རབ་ཡིད་བཞིན་ནོར། །མ་ལུས་འབྱུང་གནས་གཅིག་གྱུར་ལེགས་བཤད་མཛོད། །འདི་ཀོ་འཇིག་རྟེན་གསུམ་གྱི་ཕན་བདེའི་གཞི། །དེ་ཡི་རྣམ་བཤད་མཁས་གྲུབ་བྱེ་བའི་མགོན། །པད་དཀར་འཆང་དབང་ཞལ་ལས་འཕོས་པའི་ལུང་། །ཐར་འདོད་རྣམས་ལ་སྲིད་དང་ཞི་བའི་ཕྱོགས། །བརྗེན་པར་མཐོང་བའི་མིག་འབྱེད་ཆོ་ག་བཞིན། །རིས་མེད་འགྲོ་ལ་ཆོས་སྦྱིན་སྤེལ་བའི་སླད། །གང་འདི་པར་དུ་བསྐྲུན་པའི་དགེ་བ་ཡིས། །ཐུབ་བསྟན་སྙིང་པོ་འཇམ་མགོན་ཙོང་ཁ་པའི། །ལུགས་བཟང་མཐའ་དབུས་ཀུན་ཏུ་འབར་གྱུར་ཅིག །རྒྱལ་བས་ལེགས་


DLL1003_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སྡེ་སྣོད་རྒྱ་མཚོ་ཆེར། །དད་སོགས་དབང་པོའི་གྲུ་རྫིངས་བརྟན་བཅས་ནས། །ལྷག་པའི་བསླབ་གསུམ་ཡིད་བཞིན་ནོར་བུ་ལ། །དབང་བའི་དམ་པས་ས་སྟེང་ཁྱབ་གྱུར་ཅིག །ལས་དང་ཕྲ་རྒྱས་དམ་པོའི་འཆིང་བ་ཡིས། །སྲིད་གནས་ཉམ་ངར་བཅིངས་པའི་ལུས་ཅན་ཚོགས། །རིང་མིན་ཟག་མེད་ལམ་གྱི་བགྲོད་པ་ལ། །བརྟེན་ནས་ཀུན་མཁྱེན་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་འདི་ནི་ཤིང་ཕག་ལོ་དམ་པའི་ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཐར་ལམ་གསལ་བར་བྱེད་པའི་བསྟན་བཅོས་ཆེན་པོ་ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་སླད་པར་དུ་བསྐྲུན་པའི་སྨོན་ཚིག་ཏུ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།


DLL1003_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


no previousདམ་པའི་ཆོས་མངོན་པའི་བཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད།next