Nitartha Digital Library
Tibetan
 
previousདབུ་མ་ལ་འཇུག་པའི་བསྟན་བཅོས་ཀྱི་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་།no next

དབུ་མ་ལ་འཇུག་པའི་བསྟན་བཅོས་ཀྱི་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་།


DLL1003_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་ལ་འཇུག་པའི་བསྟན་བཅོས་ཀྱི་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །


DLL1003_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་ལ་འཇུག་པའི་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་ཞེས་བྱ་བ། རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལྷ་དབང་དབང་ཕྱུག་འཕྲོག་བྱེད་གསེར་གྱི་མངལ། །ཀླུ་དབང་དབང་བསྒྱུར་མཁའ་ལྡིང་གྲུབ་པའི་གཙོ། །ཉེ་དབང་དབང་པོའི་དགྲ་སོགས་ལུས་ཅན་གྱིས། །ཐུབ་དབང་དབང་ཕྱུག་བརྒྱད་ལྡན་གུས་པས་མཆོད། །རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་པའི་གཏེར། །ལི་ཁྲིའི་མདོག་ཅན་ཉི་འོད་འཁྱུག་པའི་སྐུ། །མཚན་དཔེའི་དཔལ་ལྡན་རིན་ཆེན་རྒྱན་གྱིས་མཛེས། །ཞི་ཞིང་འཛུམ་ལྡན་འཇམ་པའི་དབྱངས་ལ་འདུད། །རྒྱལ་བའི་གསུང་རབ་གཏིང་ཟབ་ཡངས་པའི་མཚོར། །རྟེན་འབྱུང་ཟབ་མོའི་ཕུད་སྒྲ་སྒྲོགས་མཛད་ཅིང་། །སེམས་ཀྱི་གདེངས་ཀ་མཁྱེན་བརྩེའི་ནོར་བུས་སྤྲས། །ཀླུ་སྒྲུབ་ཀླུ་ཡི་དབང་པོའི་ཞབས་ལ་འདུད། །ཤེས་བྱའི་མཁའ་ལ་རིགས་པའི་འོད་དཀར་ཅན། །མཁས་མང་རྒྱུ་སྐར་དབུས་ན་རབ་མཛེས་ཤིང་། །ཀླུ་སྒྲུབ་གསུང་རབ་ཀུན་དའི་གཉེན་གཅིག་


DLL1003_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པུ། །དཔལ་ལྡན་ཟླ་བ་གྲགས་པའི་ཞབས་ལ་འདུད། །འཇམ་དབྱངས་གསུང་གི་ཉི་འོད་དང་འགྲོགས་པས། །བློ་གྲོས་འདབ་བཟང་གྲགས་པའི་དྲི་བསུང་ཅན། །གསུང་གི་སྦྲང་རྩིས་བློ་གསལ་བུང་བའི་ཚོགས། །ཚིམ་མཛད་འཇམ་དཔལ་སྙིང་པོའི་ཞབས་ལ་འདུད། །རྒྱལ་བས་གསུངས་པའི་ཆོས་ཚུལ་ཇི་སྙེད་ཀུན། །རྒྱལ་སྲས་ཀུན་གྱི་དབུས་ན་འདོམས་མཛད་པས། །རྒྱལ་བ་ཀུན་གྱི་རྒྱལ་ཚབ་བརྙེས་གྱུར་པ། །རྒྱལ་ཚབ་དམ་པ་དར་མའི་ཞབས་ལ་འདུད། །ཟབ་རྒྱས་རྟོགས་པའི་ལུས་སྟོབས་མི་དམན་ཞིང་། །རིགས་པའི་ང་རོ་ས་གསུམ་རབ་སྒྲགས་པས། །ཕྱིར་རྒོལ་གླང་པོའི་སྤོབས་པ་འཕྲོག་བྱེད་པ། །འཇིགས་མེད་ཤེས་རབ་སེང་གེའི་ཞབས་ལ་འདུད། །མཐའ་བྲལ་དབུ་མ་ཆེན་པོའི་བསྟན་བཅོས་ལ། །འཇུག་པའི་དགོངས་པ་རབ་ཏུ་གསལ་བའི་དོན། །འབད་པ་ཆུང་ངུས་བདེ་བླག་རྟོགས་པའི་ཕྱིར། །རབ་གསལ་མེ་ལོང་བདག་གིས་བརྩམ་པར་བྱ། དབུ་མ་ལ་འཇུག་པའི་བསྟན་བཅོས་འཆད་པ་ལ་བཞི། མཚན་


DLL1003_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་གྱི་སྐད་དུ། བསྟན་བཅོས་འདིའི་མཚན། མ་དྷྱཱ་མ་ཀ་ཨ་བ་ཏཱ་ར་ནཱ་མའོ། །དེ་བོད་ཀྱི་སྐད་དུ་བསྒྱུར་ན། དབུ་མ་ལ་འཇུག་པ་ཞེས་བྱའོ། །བསྟན་བཅོས་འདི་ཆོས་ཅན། དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་ཡིན་ཏེ། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྟོང་ཉིད་དང་། དེ་ཉིད་རྒྱ་ཆེ་བའི་ལམ་ཀླུ་སྒྲུབ་ཀྱི་མན་ངག་གིས་ཁ་བསྐང་སྟེ་རྩ་བ་ཤེས་རབ་ཀྱི་དགོངས་པ་འགྲེལ་བའི་ཕྱིར། །གཉིས་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པའོ། །གསུམ་པ་ལ་བཞི། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཐབས་མཆོད་བརྗོད། བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། བརྩམས་པའི་དགེ་བ་བསྔོ་བའོ། །དང་པོ་ལ་གཉིས། སྙིང་རྗེ་ཆེན་པོ་ལ་སོ་སོར་མ་ཕྱེ་བར་བསྟོད་པ། སོ་སོར་ཕྱེ་ནས་ཕྱག་འཚལ་བའོ། །དང་པོ་ལ་གཉིས། སྙིང་རྗེ་བྱང་སེམས་ཀྱི་རྒྱུའི་གཙོ་བོར་བསྟན་པ། བྱང་སེམས་ཀྱི་རྒྱུ་གཞན་གཉིས་ཀྱི་ཡང་རྩ་བར་བསྟན་པའོ། །དང་པོ་ལ་གསུམ། ཉན་རང་ཐུབ་དབང་ལས་སྐྱེས་ཚུལ། སངས་རྒྱས་བྱང་སེམས་ལས་འཁྲུངས་ཚུལ། བྱང་སེམས་ཀྱི་རྒྱུའི་གཙོ་བོ་གསུམ་བསྟན་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ཉན་ཐོས་དང་སངས་རྒྱས་འབྲིང་པོ་རང་སངས་རྒྱས་རྣམས་ཐུབ་དབང་ལས་སྐྱེས་ཏེ། སངས་རྒྱས་ཀྱི་རྟེན་འབྲེལ་ཟབ་མོའི་ཆོས་བསྟན་པ་ཉན་རང་གི་རིགས་ཅན་གྱིས་ཉམས་སུ་བླངས་པ་ལས་རང་རང་གི་འདོད་པ་རྫོགས་པར་འགྱུར་བའི་ཕྱིར། གཉིས་པ་ནི། འོ་ན་སངས་རྒྱས་གང་ལས་འཁྲུངས་ཞེ་ན། སངས་རྒྱས་ཆོས་ཅན། བྱང་ཆུབ་


DLL1003_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ལས་འཁྲུངས་ཏེ། བྱང་སེམས་ཁ་ཅིག་གིས་ཡོངས་འཛིན་བྱས་ནས། རང་དང་རྒྱུད་གཅིག་པའི་བྱང་སེམས་ཀྱིས་ལམ་ཉམས་སུ་བླངས་པ་ལས་འཁྲུངས་པའི་ཕྱིར། གསུམ་པ་ནི། འོ་ན་བྱང་སེམས་ཀྱི་རྒྱུ་གང་ཡིན་ཞེ་ན། སྙིང་རྗེའི་སེམས་དང་མཐའ་གཉིས་སུ་མེད་པར་རྟོགས་པའི་བློ་དང་། བྱང་ཆུབ་ཀྱི་སེམས་ནི་ཆོས་ཅན། རྒྱལ་སྲས་རྣམས་ཀྱི་རྒྱུ་ཡིན་ཏེ། དེ་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དཔལ་ལྡན་ཟླ་བ་གྲགས་པ་བདག་གིས་ཆོས་ཅན། ཐོག་མར་སྙིང་རྗེ་ལ་བསྟོད་པར་བགྱི་འོས་ཏེ། གང་གི་ཕྱིར་བརྩེ་བ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདི་བསྐྱེད་པ་ལ་ཐོག་མར་གལ་ཆེ་བ་ས་བོན་དང་ནི་བར་དུ་སྤེལ་བ་ལ་གལ་ཆེ་བ་ཆུ་དང་འདྲ་ལ་མཐར་གདུལ་བྱས་ཡུན་རིང་དུ་ལོངས་སྤྱོད་པའི་གནས་ལ་འབྲུའི་སྨིན་པ་ལྟ་བུར་འདོད་པར་གྱུར་པ་དེའི་ཕྱིར། གཉིས་པ་ལ་གཉིས། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་དང་། ཆོས་དང་དམིགས་པ་མེདཔ་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བའོ། །དང་པོ་ནི། ཆོས་ཅན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ཡིན་ཏེ། དང་པོར་ང་ཞེས་བདག་ལ་བདེན་པར་ཞེན་པར་གྱུར་ཅིང་དེ་ནས་ང་ཡིར་འཛིན་པའི་འཇིག་ལྟས་བདག་གི་འདིའོ་ཞེས་མིག་སོགས་ཀྱི་དངོས་པོ་ལ་བདེན་པར་ཆགས་པ་བསྐྱེད་པས་ཟོ་ཆུན་འཕྱན་པ་ལྟར་རང་དབང་མེད་པར་འཁོར་བའི་འགྲོ་བ་ལ་དམིགས་ནས་སྙིང་རྗེར་གྱུར་པ་གང་ཡིན་པ་དེ་ལ་འདུད་པའི་ཕྱིར། གཉིས་པ་ནི། ཆོས་ཅན། ཆོས་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ཡིན་ཏེ། རླུང་གིས་གཡོ་བའི་ཆུའི་ནང་གི་ཟླ་བ་ལྟར་གཡོ་ཞིང་འཇིག་པར་མཐོང་བའི་འགྲོ་བ་ལ་དམིགས་ནས་


DLL1003_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ལ་འདུད་པའི་ཕྱིར། ཆོས་ཅན་དམིགས་པ་མེད་པ་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ཡིན་ཏེ། རླུང་གིས་གཡོ་བའི་ཆུའི་ནང་གི་ཟླ་བ་ལྟར་རང་བཞིན་གྱིས་གྲུབ་པར་སྣང་ཡང་། རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བའི་འགྲོ་བ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ལ་འདུད་པའི་ཕྱིར། གཉིས་པ་ལ་གཉིས། རྒྱུའི་ས་དང་། འབྲས་བུའི་སའོ། །དང་པོ་ལ་གཉིས། ས་སོ་སོའི་རྣམ་གཞག་དང་། ས་བཅུའི་ཡོན་ཏན་བསྟན་པའོ། །དང་པོ་ལ། བཅུ་ཡོད་པའི་དང་པོ་ས་རབ་ཏུ་དགའ་བ་བཤད་པ་ལ་གསུམ། ཁྱད་གཞི་སའི་ངོ་བོ་མདོར་བསྟན། ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད། སའི་ཡོན་ཏན་བཤད་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། འགྲོ་བ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་དུ་སྙིང་རྗེའི་དབང་དུ་གྱུར་ཅིང་། ཀུན་ཏུ་བཟང་པོའི་སྨོན་པས་རབ་ཏུ་བསྔོས་པའི་ས་རབ་ཏུ་དགའ་བ་ལ་གནས་པའི་རྒྱལ་བའི་སྲས་པོ་འདིའི་མཉམ་པར་བཞག་པའི་སེམས་གང་ཡིན་པ་དེ་ནི་ཆོས་ཅན། འཇིག་རྟེན་ལས་འདས་པའི་སེམས་དང་པོ་ཞེས་བྱ་སྟེ། བདེན་སྟོང་ལ་གཉིས་སྣང་ནུབ་པའི་སེམས་དང་པོ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། རང་རྒྱུད་མཛེས་པའི་ཡོན་ཏན། གཞན་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན། ས་དང་པོར་ལྷག་པའི་སྦྱིན་པའི་ཡོན་ཏན་བསྟན་པའོ། །དང་པོ་ལ་གཉིས། ཡོན་ཏན་སོ་སོར་ཕྱེ་སྟེ་བཤད་པ་དང་། ཡོན་ཏན་མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ། དོན་ལྡན་གྱི་མཚན་ཐོབ་པའི་ཡོན་ཏན། རིགས་སུ་སྐྱེ་བ་སོགས་བཞིའི་ཡོན་ཏན། ས་གོང་མ་གནོན་པ་སོགས་གསུམ་གྱི་ཡོན་ཏན་ནོ། །དང་པོ་ནི། ས་དང་པོ་ཐོབ་པ་དེ་ནས་བཟུང་སྟེ་བྱང་སེམས་དེ་ནི་ཆོས་


DLL1003_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྒྲ་ཉིད་ཀྱིས་བསྙད་པ་ཡིན་ཏེ། དོན་དམ་སེམས་བསྐྱེད་དེ་ཐོབ་པར་གྱུར་པ་ཡི་བྱང་སེམས་ཡིན་པའི་ཕྱིར། གཉིས་པ་ནི། ས་དང་པོ་ལ་གནས་པའི་བྱང་སེམས་འདི་ནི་ཆོས་ཅན། དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་ཡིན་ཏེ། ཉན་རང་གི་ས་ལས་འདས་ཤིང་སངས་རྒྱས་ཀྱི་སར་བགྲོད་པར་ངེས་པའི་ལམ་རྒྱུད་ལ་སྐྱེས་པའི་བྱང་སེམས་ཡིན་པའི་ཕྱིར། ཆོས་ཅན། མཐོང་སྤངས་ཀྱིས་བསྡུས་པའི་ཀུན་ཏུ་སྦྱོར་བ་གསུམ་པོ་ཐམས་ཅད་སྤངས་པ་ཡིན་ཏེ། དེ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཆོས་ཅན། དགའ་བ་མཆོག་ཏུ་གྱུར་པ་འཆང་བ་ཡིན་ཏེ། ས་དང་པོའི་སྤང་བྱ་དང་བྲལ་བས་ཐུན་མོང་མ་ཡིན་པའི་དགའ་བ་མང་པོ་སྐྱེས་པའི་ཕྱིར། ཆོས་ཅན། ནུས་མཐུ་ཁྱད་པར་ཅན་དང་ལྡན་པ་ཡིན་ཏེ། འཇིག་རྟེན་གྱི་ཁམས་བརྒྱ་ཀུན་ནས་གཡོ་བར་ནུས་པར་གྱུར་པའང་ཡིན་པའི་ཕྱིར། གསུམ་པ་ནི། ཆོས་ཅན། ས་གོང་མ་གནོན་པའི་ཡོན་ཏན་དང་ལྡན་ཏེ། ས་དང་པོ་ནས་ས་གཉིས་པར་གནོན་པར་བྱེད་ཅིང་ས་གོང་མར་རབ་ཏུ་འགྲོ་བར་འགྱུར་བའི་ཕྱིར། ས་དང་པོ་ཐོབ་པ་དེའི་ཚེ། བྱང་སེམས་འདིའི་ངན་འགྲོའི་ལམ་རྣམས་མཐའ་དག་འགག་པར་འགྱུར་ཏེ། ངན་འགྲོར་སྐྱེ་བའི་ས་བོན་སྤངས་པའི་ཕྱིར། དེའི་ཚེ་བྱང་སེམས་འདི་ཡི་སོ་སོ་སྐྱེ་བོའི་ས་རྣམས་ཐམས་ཅད་ཟད་དེ། བྱང་སེམས་འཕགས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འདི་ནི་ཆོས་ཅན། འཕགས་པ་བརྒྱད་པ་ཇི་ལྟ་བ་དེ་ལྟར་ཉེ་བར་བསྟན་པའི་རྒྱུ་


DLL1003_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཡོད་དེ། ས་དང་པོ་ཐོབ་པ་ལས་དེའི་སྐྱོན་ཟད་ཅིང་ཡོན་ཏན་འབྱུང་བའི་ཕྱིར། གཉིས་པ་ལ་གཉིས། ས་འདིར་ཉན་རང་རིགས་ཀྱིས་སྒོ་ནས་ཟིལ་གྱིས་གནོན་པ། ས་བདུན་པར་ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པར་བསྟན་པའོ། །དང་པོ་ནི། རྫོགས་པའི་བྱང་ཆུབ་སེམས་ལྟ་དང་པོ་རབ་ཏུ་དགའ་བ་ལ་གནས་པས་ཀྱང་ཆོས་ཅན། ཉན་རང་རྣམས་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པ་ཡིན་ཏེ། ཐུབ་དབང་གི་གསུང་ལས་སྐྱེས་པའི་ཉན་ཐོས་དང་བཅས་པའི་རང་སངས་རྒྱས་རྣམས་ནི་སྙིང་རྗེ་དང་སེམས་བསྐྱེད་སོགས་བསོད་ནམས་དག་གི་དབང་གིས་ཕམ་པར་བྱས་ཤིང་ཟིལ་གྱིས་གནོན་ནས་བསོད་ནམས་རྣམ་པར་འཕེལ་བའི་ཕྱིར། གཉིས་པ་ནི། འོ་ན། གང་ནས་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ཞེ་ན། དེ་ནི་ཆོས་ཅན། ས་བདུན་པ་རིང་དུ་སོང་བར་སོན་པའི་ཚེ་སྟོང་ཉིད་རྟོགས་པའི་བློ་ཡང་ཉན་རང་ལས་ལྷག་པར་འགྱུར་ཏེ། དེའི་ཚེ་འགོག་པ་ཡང་དག་པའི་མཐའ་ལ་སྐད་ཅིག་རེ་རེ་ལ་འཇུག་ལྡང་བྱེད་ནུས་པའི་ཕྱིར། གསུམ་པ་ལ་བཞི། ས་དང་པོ་ལ་གནས་པའི་སྦྱིན་པ་བཤད་པ། རྟེན་དམན་པ་རྣམས་ཀྱི་སྦྱིན་པ། བྱང་སེམས་ཀྱི་སྦྱིན་པ། སྦྱིན་པའི་ཕར་ཕྱིན་གྱི་དབྱེ་བ་བསྟན་པའོ། །དང་པོ་ནི། ས་དང་པོ་ཐོབ་པ་དེའི་ཚེ་བྱང་སེམས་དེ་ཆོས་ཅན། ཁྱོད་ལ་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྒྱུ་དང་པོ་སྦྱིན་པའི་ཕ་རོལ་ཉིད་ནི་ལྷག་པར་འགྱུར་ཏེ། ལུས་ལོངས་སྤྱོད་གཏོང་བ་ལ་སེར་སྣའི་ཀུན་འཛིན་གྱི་དྲི་མ་མེད་པའི་བྱང་སེམས་ཡིན་པའི་ཕྱིར། རང་གི་ཤ་སྟེར་བ་ལའང་ཆེས་གུས་པར་བྱས་པ་ཡིས་ཆོས་ཅན། ས་དང་པོ་ལ་གནས་པའི་བྱང་སེམས་ལ་གང་ཟག་ཕལ་ཆེ་བ་ལ་སྣང་དུ་མི་རུང་བའི་ཡོན་ཏན་ཁྱད་པར་ཅན་དཔོག་པའི་རྒྱུར་ཡང་འགྱུར་ཏེ།


DLL1003_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། སྦྱིན་པས་འཁོར་བའི་བདེ་བ་འཐོབ་པ། མྱང་འདས་ཀྱི་བདེ་བ་འཐོབ་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། གདུལ་བྱ་ལ་ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་པའི་རྒྱུ་མཚན་ཡོད་དེ་སྐྱེ་བོ་འདི་ཀུན་བདེ་བ་མངོན་པར་འདོད་ཅིང་མི་རྣམས་ཀྱི་བདེ་བའང་ལོངས་སྤྱོད་མེད་པར་འབྱུང་བ་མིན་ལ། ལོངས་སྤྱོད་ཀྱང་ནི་སྦྱིན་པ་བཏང་བ་ལས་འབྱུང་བར་མཁྱེན་ཅིང་། ཐབས་དེ་སྒྲུབ་པར་ཡང་ཆེས་སླ་བའི་ཕྱིར། འོ་ན་སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བ་ལ་གཏོང་བ་པོ་ཚུལ་དང་ལྡན་པ་ཁོ་ན་དགོས་སམ་ཞེ་ན། མི་དགོས་ཏེ། སྙིང་རྗེ་དམན་ཞིང་ཤིན་ཏུ་རྩུབ་པའི་སེམས་ཅན་རང་དོན་ལྷུར་ལེན་པ་ཉིད་དུ་གྱུར་པ་ལ་གང་ཡིན་པ་དེ་དག་གི་ཡང་འདོད་པའི་ལོངས་སྤྱོད་རྣམས་སྡུག་བསྔལ་ཉེ་བར་ཞི་བའི་རྒྱུར་གྱུར་པའི་སྦྱིན་པ་ལས་འབྱུང་བའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྦྱིན་པས་མྱང་འདས་ཀྱི་བདེ་བ་བསྒྲུབ་སྟེ། རྟེན་དམན་པས་སྦྱིན་པས་གཏོང་བ་འདི་ཡང་སྦྱིན་པའི་སྐབས་ཀྱི་ནམ་ཞིག་གི་ཚེ་འཕགས་པའི་སྐྱེ་བོ་དང་ཕྲད་པར་མྱུར་ཏུ་ཐོབ་པ་དེ་ནས་འཕགས་པའི་སྐྱེ་བོས་ཆོས་བསྟན་པ་ཉམས་སུ་བླངས་པས་སྲིད་པའི་རྒྱུན་ཡང་དག་པར་བཅད་པར་བྱས་ཏེ་འཕགས་པ་དང་ཕྲད་པ་དེའི་རྒྱུ་ཅན་གྱི་ཞི་བ་མྱང་འདས་སུ་འགྲོ་བར་འགྱུར་བའི་ཕྱིར། གསུམ་པ་ལ་བཞི། བྱང་སེམས་ཀྱི་སྦྱིན་པའི་ཕན་ཡོན་ཐུན་མོང་མ་ཡིན་པར་བསྟན་པ། རྟེན་གཉིས་ཀ་ལ་སྦྱིན་པའི་གཏམ་གཙོ་བོར་བསྟན་པ། བྱང་སེམས་ཀྱིས་སྦྱིན་པའི་ཚེ་དགའ་བ་ཇི་ལྟ་བུ་འཐོབ་པ་བསྟན་པ། བྱང་སེམས་ཀྱིས་ལུས་སྦྱིན་པ་ལ་སྡུག་བསྔལ་ཡོད་མེད་དཔྱད་པའོ། །དང་པོ་ནི། འགྲོ་བ་ལ་ཕན་པར་དམ་བཅས་པའི་ཡིད་ཅན་གྱི་


DLL1003_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་རྣམས་ཆོས་ཅན། སྦྱིན་པ་གཏོང་བ་ལ་གུས་པའི་རྒྱུ་མཚན་ཡོད་དེ། སྦྱིན་པ་བཏང་བས་རིང་པོར་མི་ཐོགས་པར་ཕ་རོལ་པོ་ཚིམ་པ་མཐོང་བ་ན་སྦྱིན་འབྲས་དགའ་བ་མཆོག་ཏུ་གྱུར་པ་འཐོབ་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། རྟེན་གཉིས་ཀ་ལ་སྦྱིན་པའི་གཏམ་ཉིད་གཙོ་བོ་སྟེ་གལ་ཆེ་བ་ཡིན་ཏེ། གང་གི་ཕྱིར་བརྩེ་བའི་གཏམ་ཉིད་བྱང་སེམས་དང་། བརྩེ་བའི་བདག་ཉིད་བྱང་སེམས་མ་ཡིན་པ་གཉིས་ཀའི་མངོན་མཐོ་དང་ངེས་ལེགས་སྦྱིན་པས་འདྲེན་པ་དེའི་ཕྱིར། གསུམ་པ་ནི། འོ་ན་བྱང་སེམས་ཀྱིས་སྦྱིན་པ་གཏོང་བའི་ཚེ་དགའ་བའི་ཁྱད་པར་ཇི་ལྟ་བུ་འབྱུང་ཞེ་ན། ཆོས་ཅན། ལུས་ལོངས་སྤྱོད་ཐམས་ཅད་བཏང་བས་བྱང་སེམས་ལ་བདེ་བ་ཉན་རང་ཞི་བའི་དབྱིངས་སུ་ཞུགས་པ་ལས་ལྷག་པ་འབྱུང་བ་ལྟ་ཞིག་སྨོས་ཅི་དགོས་ཏེ་མི་དགོས་ཏེ། ཇི་ལྟར་བྱིན་ཅིག་ཅེས་པའི་སྒྲ་ཐོས་པ་བསམ་པ་ལས་རྒྱལ་སྲས་ལ་བདེ་བ་འབྱུང་བ་དེ་ལྟར་ཐུབ་པ་ཉན་རང་དགྲ་བཅོམ་པ་རྣམས་ལ་ཞི་བར་ཞུགས་པས་བདེ་བ་བྱེད་པ་མིན་པའི་ཕྱིར། བཞི་པ་ནི། འོ་ན་བྱང་སེམས་ཀྱིས་ལུས་གཏོང་བ་ལ་སྡུག་བསྔལ་ཡོད་དམ་མེད་ཅེ་ན། བྱང་སེམས་འཕགས་པ་རྣམས་ལ་ནི་མེད་ལ། བྱང་སེམས་སོ་སྐྱེ་རྣམས་ཆོས་ཅན། སྡུག་བསྔལ་འབྱུང་ཡང་ལུས་གཏོང་བ་ལ་འཇུག་སྟེ། ལུས་བཅད་ནས་སྟེར་བའི་བདག་གིས་སྡུག་བསྔལ་རང་གིས་རིག་པ་ཉིད་དུ་མཐོང་བ་དེ་རྒྱུ་མཚན་དུ་བྱས་ནས་གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དེ་བཅད་པར་བྱ་བའི་ཕྱིར་མྱུར་དུ་བརྩོན་འགྲུས་རྩོམ་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། སྦྱིན་པའི་ཕར་ཕྱིན་ལ་དབྱེ་ན། གཉིས་སུ་ཡོད་དེ། སྦྱིན་པ་དེ་སྦྱིན་བྱ་དང་ལེན་པ་པོ་དང་གཏོང་བ་པོ་


DLL1003_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་གྲུབ་པས་སྟོང་པར་མངོན་སུམ་དུ་རྟོགས་པས་ཟིན་པ་དེ་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ལ་སྦྱིན་པའི་འཁོར་གསུམ་པོ་དག་ལ་བདེན་པར་ཆགས་པ་སྐྱེས་པར་གྱུར་པས་བཅིངས་པའི་སྦྱིན་པ་དེ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བསྟན་པའི་ཕྱིར། གསུམ་པ་ནི། ས་དང་པོ་རབ་ཏུ་དགའ་བ་འདི་ནི་ཆོས་ཅན། ནོར་བུ་ཆུ་ཤེལ་ཟླ་བ་ཇི་བཞིན་དུ་གནས་ཏེ། ཟླ་བ་དེ་ནམ་མཁའ་མཐོན་པོ་ལ་གནས་ཤིང་རང་གང་ལ་གནས་པའི་ནམ་མཁའ་འོད་དཀར་པོས་མཛེས་པར་བྱེད་པ་དང་མུན་པ་སྟུག་པོ་ཐམས་ཅད་རྣམ་པར་བསལ་ནས་གནས་པ་དེ་བཞིན་དུ། སྔར་བཤད་པ་དེ་ལྟར་ས་དང་པོ་ལ་གནས་པའི་རྒྱལ་བའི་སྲས་ཀྱི་ཡིད་ལ་རབ་ཏུ་གནས་ཤིང་རང་གི་དམ་པའི་རྟེན་ས་དང་པོ་བའི་ཡིད་ལ་ཡེ་ཤེས་ཀྱི་འོད་ཆགས་པ་མཛེས་པ་རྙེད་པར་གྱུར་པ་དང་མཐོང་སྤངས་ལས་རྒྱལ་བ་ཡིན་པའི་ཕྱིར་རོ། །དབུ་མ་ལ་འཇུག་པའི་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་ལས་དོན་དམ་པའི་སེམས་བསྐྱེད་པ་དང་པོའི་བཤད་པའོ།། །།གཉིས་པ་ས་གཉིས་པ་དྲི་མ་མེད་པ་བཤད་པ་ལ་ལྔ། ས་འདིར་ཚུལ་ཁྲིམས་ཡོངས་སུ་དག་པར་བསྟན་པ། ཚུལ་ཁྲིམས་ཀྱི་བསྔགས་པ་བསྟན་པ། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་དང་མ་འདྲེས་པའི་དཔེ་བསྟན་པ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་དབྱེ་བ། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ་བཞི། ས་འདིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བསྟན་པ། དེ་ལ་བརྟེན་ནས་ཡོན་ཏན་ཡོངས་སུ་དག་པར་བསྟན་པ། ས་དང་པོ་ལས་ཚུལ་ཁྲིམས་ལྷག་པར་བསྟན་པ། ཚུལ་ཁྲིམས་དག་པའི་རྒྱུ་གཞན་


DLL1003_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའོ། །དང་པོ་ནི། ས་གཉིས་པ་ལ་གནས་པའི་བྱང་སེམས་དེ་ཆོས་ཅན། རྨི་ལམ་དུ་ཡང་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སྤངས་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པས། ཡོན་ཏན་དག་པ་དང་ལྡན་པའི་ཕྱིར། གཉིས་པ་ནི། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ཡོན་ཏན་དག་པ་དང་ཇི་ལྟར་ལྡན་ཞེ་ན། ཆོས་ཅན། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ཡོན་ཏན་དག་པ་དང་ལྡན་ཏེ། ལུས་ངག་ཡིད་ཀྱི་རྒྱུ་བ་དག་པར་གྱུར་པས་དམ་པའི་ལས་ལམ་བཅུ་ཆར་གསོག་པར་བྱེད་པའི་ཕྱིར། གསུམ་པ་ནི། དགེ་བའི་ལམ་བཅུ་ཆར་གསོག་པ་ས་དང་པོ་ནའང་ཡོད་པ་མིན་ནམ་ཞེ་ན། ཡོད་མོད། དེ་ཆོས་ཅན། ས་དང་པོ་ལས་ཚུལ་ཁྲིམས་ལྷག་པ་ཡིན་ཏེ། དགེ་བའི་ལམ་འདི་ལྟ་ཞིག་བཅུ་ཆར་ཡང་ཁྱོད་ལ་ཀླགས་ཏེ་ཤིན་ཏུ་ཕུལ་དུ་བྱུང་བར་དག་པར་འགྱུར་བའི་ཕྱིར། རྟག་ཏུ་ཚུལ་ཁྲིམས་རྣམ་པར་དག་པའི་ས་གཉིས་པ་ལ་གནས་པའི་བྱང་སེམས་དེ་ཆོས་ཅན། སྟོན་ཀའི་ཟླ་བ་ལྟར་གྱུར་པ་ཡིན་ཏེ། དབང་པོའི་སྒོ་སྡོམ་པའི་ཞི་བ་དང་ལམ་མེར་གསལ་བའི་འོད་ཆགས་པར་དེ་དག་གིས་རྣམ་པར་མཛེས་པའི་ཕྱིར། བཞི་པ་ནི། དེ་ནི་ཆོས་ཅན། རྟག་ཏུ་ཚུལ་ཁྲིམས་ཀྱི་འཁོར་གསུམ་ལའང་མཐའ་གཉིས་སུ་འཛིན་པའི་བློའི་རྒྱུ་བ་ཡང་དག་པར་བྲལ་བར་འགྱུར་ཏེ། ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར། ཁྱབ་སྟེ། གལ་ཏེ་གང་ཟག་དེ་ནི་སོ་ཐར་གྱི་ཚུལ་ཁྲིམས་དག་ཀྱང་རང་བཞིན་གྱིས་གྲུབ་པར་ལྟ་བ་མི་སྤོང་ན་དེའི་རྒྱུ་མཚན་གྱིས་དེ་ནི་ཚུལ་ཁྲིམས་དག་པར་མི་འགྱུར་བ་དེའི་ཕྱིར། གཉིས་པ་ལ་ལྔ། སྦྱིན་འབྲས་བདེ་འགྲོའི་རྟེན་ལ་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་པ། སྦྱིན་འབྲས་བར་མ་ཆད་དུ་སྤྱོད་པ་ཚུལ་


DLL1003_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ལ་རག་ལས་པ། ཚུལ་ཁྲིམས་ཉམས་ན་ངན་སོང་ལས་ཐར་པ་རྙེད་དཀའ་བ། སྦྱིན་པའི་རྗེས་སུ་ཚུལ་ཁྲིམས་ཀྱི་གཏམ་མཛད་པའི་རྒྱུ་མཚན། མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུར་ཚུལ་ཁྲིམས་བསྔགས་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། སྦྱིན་འབྲས་བདེ་འགྲོའི་རྟེན་ལ་སྤྱོད་འདོད་པས་ཚུལ་ཁྲིམས་བསྲུང་དགོས་ཏེ། སྐྱེ་བོ་ཚུལ་ཁྲིམས་ཀྱི་རྐང་པ་ཉམས་པར་གྱུར་ན་སྦྱིན་པས་ལོངས་སྤྱོད་དག་ནི་འགྲོ་བ་ངན་པའི་རྟེན་ལ་འབྱུང་བའི་ཕྱིར། གཉིས་པ་ནི། ཆོས་ཅན། སྦྱིན་འབྲས་བར་མ་ཆད་དུ་ལོངས་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་ཏེ། ཚུལ་ཁྲིམས་ཉམས་པའི་དབང་གིས་སྦྱིན་འབྲས་ངན་འགྲོའི་རྟེན་ལ་སྨིན་ན་སྦྱིན་པ་བཏང་བའི་སྐྱེད་དང་བཅས་པའི་དངོས་པོའི་འདུ་བ་ཡོངས་སུ་ཟད་པས་ན་ཕྱིན་ཆད་གང་ཟག་དེ་ལ་ལོངས་སྤྱོད་རེ་ཤིག་འབྱུང་བར་མི་འགྱུར་བའི་ཕྱིར། གསུམ་པ་ནི། ཆོས་ཅན། ཚུལ་ཁྲིམས་ཉམས་ན་ངན་སོང་ལས་ཐར་པ་རྙེད་དཀའ་སྟེ། གང་གི་ཚེ་རང་དབང་དུ་འཇུག་ཅིང་མཐུན་པའི་ཡུལ་ལྷ་མི་ན་གནས་པ་འདི་གལ་ཏེ་བདག་ངན་སོང་ལས་འཛིན་པར་མི་བྱེད་ན། ངན་འགྲོའི་གཡང་སར་ལྷུང་བས་གཞན་དབང་དུ་འཇུག་པར་འགྱུར་བ་དེ་ལས་ཕྱི་ནས་ཐབས་གང་གིས་སློང་བར་འགྱུར་བ་དཀའ་བའི་ཕྱིར། བཞི་པ་ནི། ཆོས་ཅན། རྒྱལ་བས་སྦྱིན་པའི་གཏམ་མཛད་ནས་ཚུལ་ཁྲིམས་སྦྱིན་སོགས་ཀྱི་རྗེས་སུ་འགྲོ་བའི་གཏམ་ཉིད་མཛད་པའི་རྒྱུ་མཚན་ཡོད་པ་ཡིན་ཏེ། སྦྱིན་སོགས་ཀྱི་ཡོན་ཏན་ཚུལ་ཁྲིམས་ཀྱི་ཞིང་དུ་རྣམ་པར་འཕེལ་ན་འབྲས་བུ་ཉེ་བར་སྤྱོད་པ་ཆད་པ་མེད་པར་འབྱུང་བར་འགྱུར་ལ་ཚུལ་ཁྲིམས་ཉམས་ན་ཉེས་པ་དུ་མའི་འབྱུང་གནས་ཡིན་པ་དེའི་ཕྱིར། ལྔ་པ་ནི། ཆོས་ཅན། སོ་སོ་སྐྱེ་


DLL1003_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྣམས་ཀྱི་མངོན་མཐོ་དང་། གསུང་སྐྱེས་ཉན་ཐོས་དང་། རང་བྱང་ཆུབ་ལ་བདག་ཉིད་ངེས་པ་རང་རྒྱལ་རྣམས་དང་། རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པའི་རྒྱུ་ནི་ཚུལ་ཁྲིམས་དང་འབྲེལ་བ་ལས་གཞན་མེད་དེ། ཚུལ་ཁྲིམས་དེ་སྦྱིན་འབྲས་བདེ་འགྲོའི་རྟེན་ལ་བར་ཆད་དུ་སྤྱོད་པ་དང་། ངེས་ལེགས་ཀྱི་རྒྱུར་མེད་མི་རུང་ཡིན་པའི་ཕྱིར། གསུམ་པ་ནི། དེ་ལྟར་ས་གཉིས་པ་ལ་གནས་པའི་བྱང་སེམས་བདག་ཉིད་ཆེན་པོ་ཆོས་ཅན། ཚུལ་ཁྲིམས་དེ་འཆལ་བ་དང་རྒྱུད་ལྷན་ཅིག་གནས་པར་མི་འདོད་དེ། ཚུལ་ཁྲིམས་རྣམ་པར་དག་པའི་དབང་དུ་བྱས་པའི་ཕྱིར། ཇི་ལྟར་ཏེ་དཔེར་ན་རྒྱ་མཚོ་ཆེན་པོ་རོ་དང་ལྷན་ཅིག་མི་གནས་པ་དང་། བཀྲ་ཤིས་པ་བཀྲ་མི་ཤིས་པའི་རྣ་ནག་མ་དང་ལྷན་ཅིག་མི་གནས་པ་བཞིན་ནོ། །བཞི་པ་ནི། ཤེས་བྱ་ཆོས་ཅན། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གཉིས་སུ་དབྱེར་ཡོད་དེ། གང་ཟག་གང་གིས་སྤང་བྱ་གང་ཞིག །སེམས་ཅན་གང་ལ་སྤོང་བར་བྱེད་པའི་འཁོར་གསུམ་དུ་བདེན་པར་དམིགས་པས་བཅིངས་པ་ཡོད་ན་ཚུལ་ཁྲིམས་དེ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་ལ་འཁོར་གསུམ་ལ་བདེན་པར་ཆགས་པས་སྟོང་པའི་ཚུལ་ཁྲིམས་དེ་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་ཡིན་པའི་ཕྱིར། ལྔ་པ་ནི། ས་གཉིས་པ་དྲི་མ་མེད་པ་འདི་ཡང་ཆོས་ཅན། སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ནི་ཇི་བཞིན་དུ་གྱུར་པ་ཡིན་ཏེ། ས་གཉིས་པའི་རྒྱལ་སྲས་ཀྱི་ཟླ་བ་ལས་བྱུང་ཞིང་འཆལ་ཚུལ་གྱི་དྲི་མ་དང་བྲལ་བའི་ཚུལ་ཁྲིམས་ཀྱི་འོད་དང་ལྡན་པས་འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བར་བྱེད་པ་ཡིན་པའི་ཕྱིར། ས་གཉིས་པ་བ་ཆོས་ཅན། སྲིད་པ་འཁོར་བ་པ་མིན་ཡང་སྲིད་པའི་དཔལ་དུ་གྱུར་པ་ཡིན་ཏེ། གཞན་དོན་དུ་གླིང་བཞི་ལ་དབང་བའི་


DLL1003_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་བསྒྱུར་རྒྱལ་དུ་སྐྱེ་བ་འཛིན་པའི་ཕྱིར་དབུ་མ་ལ་འཇུག་པའི་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་ལས་དོན་དམ་པའི་སེམས་བསྐྱེད་པ་གཉིས་པའི་བཤད་པའོ།། །།གསུམ་པ་ས་གསུམ་པ་འོད་བྱེད་པ་བཤད་པ་ལ་གཉིས། ཁྱད་གཞི་སའི་ངེས་ཚིག །ཁྱད་ཆོས་སའི་ཡོན་ཏན། ཕར་ཕྱིན་དང་པོ་གསུམ་གྱི་ཁྱད་ཆོས། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། ས་ནི་གསུམ་པ་འདི་ཆོས་ཅན། འོད་བྱེད་པ་ཞེས་བྱ་སྟེ། གཉིས་སྣང་གི་ཤེས་བྱའི་བུད་ཤིང་མ་ལུས་པ་སྲེག་པའི་ཡེ་ཤེས་ཀྱི་མེའི་འོད་འབྱུང་བའི་ཕྱིར། ས་གསུམ་པ་ཐོབ་པ་དེའི་ཚེ་བདེ་བར་གཤེགས་པའི་སྲས་པོ་ཆོས་ཅན། རྗེས་ཐོབ་ཏུ་ཡེ་ཤེས་ཀྱི་སྣང་བ་ཁྱད་པར་ཅན་འབྱུང་སྟེ། ཉི་མ་འཆར་ཁའི་དུས་ལྟར་ཟངས་འོད་འདྲ་བའི་ཡེ་ཤེས་ཀྱི་སྣང་བ་འབྱུང་བའི་ཕྱིར། གཉིས་པ་ལ་བཞི། ས་འདིར་བཟོད་པ་ལྷག་པར་བསྟན་པ། བཟོད་པ་གཞན་ཇི་ལྟར་བསྟེན་པའི་ཚུལ། བཟོད་པའི་ཕར་ཕྱིན་གྱི་དབྱེ་བ། ས་འདིར་འབྱུང་བའི་དག་པའི་ཡོན་ཏན་གཞན་བསྟན་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ས་གསུམ་པར་བཟོད་པའི་ཕར་ཕྱིན་ལྷག་པ་ཡིན་ཏེ། གལ་ཏེ་ཁོང་ཁྲོ་བའི་གནས་མིན་ཀྱང་རྒྱུད་འཁྲུག་པ་འགའ་ཡིས་བྱང་སེམས་དེའི་ལུས་ལས་ཤ་ནི་རུས་པ་དང་བཅས་པའི་ཡུན་རིང་དུ་སྲང་རེ་རེ་ནས་བཅད་པར་གྱུར་ཀྱང་། བྱང་སེམས་དེའི་བཟོད་པ་གཅོད་པར་བྱེད་པ་དེ་ལ་དམིགས་གནས་ལྷག་པར་སྐྱེ་བའི་ཕྱིར་དང་། གང་གི་ཕྱིར་བདག་མེད་མངོན་སུམ་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་ལ་གང་ཞིག་གང་གིས་དུས་གང་གི་ཚེ་ཚུལ་ཇི་ལྟར་གཅོད་པའི་ཆོས་ཀུན་བྱང་སེམས་དེ་ཡིས་གཟུགས་བརྙན་ལྟར་མངོན་སུམ་དུ་མཐོང་བ་དེས་


DLL1003_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱང་སེམས་དེ་ཡིས་བཟོད་པར་འགྱུར་བའི་ཕྱིར། གཉིས་པ་ལ་གཉིས། ཁོང་ཁྲོ་བྱ་བར་མི་རིགས་པ། བཟོད་པ་བསྟེན་རིགས་པའོ། །དང་པོ་ལ་བཞི། དགོས་པ་མེད་ཅིང་ཉེས་དམིགས་ཆེ་བས་ཁོང་ཁྲོ་མི་རིགས་པ། ཕྱིས་སྡུག་བསྔལ་མི་འདོད་པ་དང་གནོད་ལན་བྱེད་པ་འགལ་བར་བསྟན་པ། སྔར་ཡུན་རིང་བསགས་པའི་དགེ་བ་འཇོམས་པས་ཁོང་ཁྲོ་བ་མི་རིགས་པ། མི་བཟོད་པའི་སྐྱོན་མང་པོ་བསམས་ནས་ཁོང་ཁྲོ་དགག་པའོ། །དང་པོ་ནི། ཆོས་ཅན་དགྲ་བོ་དེ་ལ་བཀོན་པ་ངེས་པར་འདིར་དོན་མེད་ཅིང་འཇིག་རྟེན་ཕ་རོལ་གྱི་དོན་དང་ཡང་ནི་འགལ་བར་འགྱུར་ཏེ། གལ་ཏེ་གནོད་པ་བྱས་པས་དེའི་ལན་དུ་དགྲ་བོ་དེར་བཀོན་ན་དེ་ལ་བཀོན་པས་གནོད་པ་བྱས་ཟིན་ལྡོག་གམ་ཅི་སྟེ་མི་ལྡོག་ཅིང་། ཁོང་ཁྲོས་རྣམ་སྨིན་ཡིད་དུ་མི་འོང་བ་འཕེན་པ་དེའི་ཕྱིར། གཉིས་པ་ནི། ཆོས་ཅན། གཞན་ལ་གནོན་ལན་བྱེད་པ་དང་ནི་ཁྲོ་བས་སྡུག་བསྔལ་འདིར་མྱོང་བ་ལས་ལྷག་པ་ཕྱིར་ཡང་སྡུག་བསྔལ་གྱི་ས་བོན་ཉིད་དུ་ཇི་ལྟ་བུར་ན་འཁྲིད་པར་བྱེད་པ་མི་རིགས་པར་ཐལ། དགྲས་གནོད་པ་དེ་སྔོན་བྱས་པའི་མི་དགེ་བའི་ལས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་ཟད་པར་བྱེད་པར་བརྗོད་པར་འདོད་པ་དེ་ཉིད་ནི་ཡིན་པའི་ཕྱིར། གསུམ་པ་ནི། ཆོས་ཅན། དགེ་རྩ་འཇོམས་པ་ལ་མི་བཟོད་པ་ལས་གཞན་པའི་སྡིག་པ་སྟོབས་ཆེན་པོ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་བྱང་སེམས་བདག་ཉིད་ཆེན་པོས་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས་སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་བསྐལ་པ་བརྒྱར་བསགས་པ་སྐད་ཅིག་གིས་འཇོམས་པ་དེའི་ཕྱིར། བཞི་པ་ནི། ཆོས་ཅན། ཁོང་ཁྲོ་དགག་རིགས་ཏེ། མི་བཟོད་པ་ཡིས་མི་སྡུག་པའི་གཟུགས་སུ་བྱེད་ཅིང་དམ་པ་


DLL1003_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པར་བཀྲི་བ་དང་། ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་པར་བྱེད་ཅིང་། མྱུར་དུ་ངན་འགྲོར་སྐྱུར་བར་བྱེད་པའི་ཕྱིར། གཉིས་པ་ནི། ཁྲོ་བ་ལ་ཉེས་པ་དེ་ལྟ་བུ་ཡོད་ན། བཟོད་པའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། ཆོས་ཅན། བཟོད་པས་ཁོང་ཁྲོ་ལ་ཉེས་པ་བཤད་ཟིན་པ་དང་འགལ་བའི་ཡོན་ཏན་རྣམས་བྱེད་དེ། བཟོད་པས་གཟུགས་མཛེས་ཤིང་སྐྱེ་བོ་དམ་པ་ལ་ཕངས་པ་དང་། ལུགས་དང་ལུགས་མིན་ཤེས་པ་ལ་མཁས་པར་འགྱུར་བའི་ཕྱིར། ཆོས་ཅན། སོ་སོའི་སྐྱེ་བོས་ཁྲོ་བའི་སྐྱོན་དང་། རྒྱལ་སྲས་ཀྱིས་བཟོད་པའི་ཡོན་ཏན་རིག་པར་བྱས་ཏེ། མི་བཟོད་པ་སྤངས་ནས་འཕགས་པའི་སྐྱེ་བོ་ཡིས་བསྔགས་པའི་བཟོད་པ་རྟག་ཏུ་མྱུར་དུ་བསྟེན་པར་བྱ་སྟེ། ཁོང་ཁྲོ་དེ་ཉེས་པ་དུ་མའི་འབྱུང་གནས་དང་། བཟོད་པ་དེ་ཡོན་ཏན་དུ་མའི་འབྱུང་གནས་ཡིན་པའི་ཕྱིར། གསུམ་པ་ནི། ཆོས་ཅན། བཟོད་པའི་ཕར་ཕྱིན་ལ་གཉིས་སུ་དབྱེར་ཡོད་དེ། རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཕྱིར་བསྔོས་ཀྱང་བཟོད་པའི་འཁོར་གསུམ་དུ་བདེན་པར་དམིགས་པས་བཅིངས་པ་ཡོད་ན་བཟོད་པ་དེ་ནི་འཇིག་རྟེན་པ་ཡིན་ལ། འཁོར་གསུམ་དུ་བདེན་པར་དམིགས་པ་མེད་ན་བཟོད་པ་དེ་ཉིད་སངས་རྒྱས་ཀྱིས་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བསྟན་པའི་ཕྱིར། བཞི་པ་ནི། ས་གསུམ་པ་དེར་གནས་པའི་རྒྱལ་སྲས་ཆོས་ཅན། ཡོངས་སུ་དག་པའི་ཡོན་ཏན་གཞན་ཡང་འབྱུང་སྟེ། བསམ་གཏན་གཟུགས་མེད་དང་མངོན་ཤེས་དག་པ་དང་འདོད་ཆགས་ཞེ་སྡང་གཏི་མུག་ཡོངས་སུ་སྲབས་ཤིང་ཟད་པར་འགྱུར་བའི་ཕྱིར། དེས་


DLL1003_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆོས་ཅན། རྟག་ཏུ་འཇིག་རྟེན་པ་ཡི་ནི་འདོད་པའི་འདོད་ཆགས་འཇོམས་པར་ནུས་པར་འགྱུར་ཏེ། བརྒྱ་བྱིན་དུ་སྐྱེས་ནས་སེམས་ཅན་རྣམས་འདོད་པའི་འདམ་ནས་འདོན་པ་ལ་མཁས་པའི་ཕྱིར། གསུམ་པ་ནི། སྦྱིན་སོགས་ཀྱི་ཆོས་ཕར་ཕྱིན་དང་པོ་གསུམ་པོ་དེ་དག་ཆོས་ཅན། ཕལ་མོ་ཆེར་བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས་ཏེ། ཁྱིམ་པས་བསྒྲུབ་སླ་བའི་ཕར་ཕྱིན་ཡིན་པའི་ཕྱིར། དེ་དག་ཉིད་ཆོས་ཅན། བསོད་ནམས་ཞེས་བྱ་བའི་ཚོགས་ཀྱང་ཡིན་ལ། སངས་རྒྱས་ཀྱི་གཟུགས་ཀྱི་བདག་ཉིད་ཀྱི་སྐུའི་རྒྱུའི་གཙོ་བོ་ཡིན་ཏེ་སངས་རྒྱས་ཀྱི་གཟུགས་སྐུའི་ཉེར་ལེན་ཡིན་པའི་ཕྱིར། བཞི་པ་ནི། རྒྱལ་བའི་སྲས་པོ་ཉི་མ་ལ་གནས་པའི་ས་གསུམ་པ་འོད་བྱེད་པ་འདི་ཆོས་ཅན། རང་གཞན་གྱི་མུན་པ་སེལ་བ་ཡིན་ཏེ། རང་རྒྱུད་དུ་གཏོགས་པའི་མུན་པ་རྣམས་དང་པོར་ཡང་དག་པར་བསལ་བར་བྱས་ནས་འགྲོ་བའི་མི་ཤེས་པའི་མུན་པ་རྣམ་པར་འཇོམས་པར་མངོན་པར་འདོད་པའི་ཕྱིར། ས་གསུམ་པ་འདིར་གནས་པའི་བྱང་སེམས་ཆོས་ཅན། གཞན་གྱི་ཉོན་མོངས་འཇོམས་པ་ལ་ཤིན་ཏུ་རྣོ་བར་གྱུར་ཀྱང་སྐྱོན་ལྡན་ལ་ཁྲོ་བར་མི་འགྱུར་ཏེ། བཟོད་པ་ལྷག་པར་གོམས་ཤིང་སྙིང་རྗེས་རྒྱུད་སྣུམ་པའི་ཕྱིར། དབུ་མ་ལ་འཇུག་པའི་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་ལས་དོན་དམ་པའི་སེམས་བསྐྱེད་པ་གསུམ་པའི་བཤད་པའོ།། །།ས་བཞི་པ་འོད་འཕྲོ་བ་བཤད་པ་ལ་གསུམ། ས་འདིར་བརྩོན་འགྲུས་ལྷག་པར་བསྟན་པ། སའི་ངེས་ཚིག །སྤངས་པའི་ཁྱད་པར་རོ། །དང་པོ་ནི། བརྩོན་འགྲུས་ཆོས་ཅན། བསོད་ནམས་དང་བློ་གྲོས་ཀྱི་ཚོགས་ནི་གཉིས་ཀྱི་རྒྱུ་ཡིན་ཏེ། ཡོན་ཏན་མ་ལུས་པ་ཁྱོད་


DLL1003_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེས་སུ་འགྲོ་བའི་ཕྱིར་ཏེ། ཁྱོད་ལ་བརྟེན་ནས་ཡོན་ཏན་མ་ཐོབ་པ་ཐོབ་ཅིང་། ཐོབ་ཟིན་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཕྱིར། ས་དེ་བཞི་པ་འོད་ནི་འཕྲོ་བ་ཆོས་ཅན། བརྩོན་འགྲུས་ལྷག་པར་གྱུར་པ་ཡིན་ཏེ། ཚོགས་གཉིས་ཀྱི་རྒྱུར་གྱུར་པའི་བརྩོན་འགྲུས་གང་དུ་ཆེས་འབར་བར་གྱུར་པའི་ས་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ས་བཞི་པ་དེ་ལ་འོད་འཕྲོ་བ་ཞེས་བྱ་སྟེ། ས་བཞི་པ་དེར་ནི་བདེ་གཤེགས་སྲས་པོ་ལ་རྫོགས་པའི་བྱང་ཆུབ་ཀྱི་ཕྱོགས་སོ་བདུན་ལྷག་པར་བསྒོམ་པ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ས་གསུམ་པར་ཐོབ་པའི་ཟངས་འོད་ལྟ་བུ་ལས་ལྷག་པར་འབྱུང་བའི་ཕྱིར། གསུམ་པ་ནི། ས་བཞི་པ་ཆོས་ཅན། སྤངས་པ་ཁྱད་པར་ཅན་དང་ལྡན་ཏེ། ས་བཞི་པའི་ངོས་སྐལ་གྱི་རང་སྟེ་བདག་ཏུ་ལྟ་བ་དང་འབྲེལ་བའི་ཉོན་མོངས་ཀྱི་ས་བོན་ཡོསང་སུ་ཟད་པའི་ཕྱིར། དབུ་མ་ལ་འཇུག་པ་ལས་དོན་དམ་པའི་སེམས་བསྐྱེད་པ་བཞི་པའི་བཤད་པའོ།། །།ས་ལྔ་པ་སྦྱང་དཀའ་བ་བཤད་པ་ལ་གཉིས། སའི་ངེས་ཚིག །བསམ་གཏན་ལྷག་ཅིང་བདེན་པ་ལ་མཁས་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ས་ལྔ་པ་དེ་ལ་སྦྱང་དཀའ་བ་ཞེས་བྱ་སྟེ། ས་ལྔ་པ་ལ་གནས་པའི་བྱང་སེམས་བདག་ཉིད་ཆེན་པོ་དེ་ལྷའི་བུའི་བདུད་རྣམས་ཀུན་གྱིས་ཀྱང་སྦྱང་དཀའི་ས་ལས་ཕམ་པར་ནུས་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། ས་ལྔ་པ་བ་ཆོས་ཅན། བསམ་གཏན་ལྷག་པར་གྱུར་པ་ཡིན་ཏེ། རྣམ་གཡེང་གིས་གཏན་ནས་མི་རྫི་བའི་བསམ་གཏན་ཐོབ་པའི་ཕྱིར། ཆོས་ཅན། བདེན་བཞི་ཕྲ་རགས་ལ་མཁས་པའི་ཤེས་རབ་དང་ལྡན་ཏེ།


DLL1003_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བཟང་འཕགས་པའི་བདེན་པ་བཞིའི་རང་བཞིན་བློ་ཞིབ་མོས་རྟོགས་དགོས་པ་ལའང་ཤིན་ཏུ་མཁས་པ་ཐོབ་པའི་ཕྱིར། དབུ་མ་ལ་འཇུག་པ་ལས་དོན་དམ་པའི་སེམས་བསྐྱེད་པ་ལྔ་པའི་བཤད་པའོ།། །།ས་དྲུག་པ་མངོན་དུ་གྱུར་པ་བཤད་པ་ལ་བཞི། སའི་ངེས་ཚིག་དང་ཤེར་ཕྱིན་ལྷག་པར་བསྟན་པ། ཤེར་ཕྱིན་གྱི་བསྔགས་པ། རྟེན་འབྱུང་གཟིགས་པའི་དེ་ཉིད་བཤད་པ། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། ས་དྲུག་པ་མངོན་དུ་ཕྱོགས་པར་མཉམ་བཞག་གི་སེམས་ལ་གནས་ཏེ་དེ་ལ་བརྟེན་ནས་རྟེན་ཅིང་འབྱུང་བའི་དེ་ཉིད་མངོན་སུམ་དུ་མཐོང་བའི་བྱང་སེམས་དེ་ཆོས་ཅན། འགོག་པའི་སྙོམས་འཇུག་ཐུན་མོང་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཤེས་རབ་ཀྱི་ཕར་ཕྱིན་ལྷག་པ་ལ་གནས་པས་སོ། །ས་དྲུག་པ་ཆོས་ཅན། མངོན་དུ་གྱུར་པ་ཞེས་བྱ་སྟེ། ཤེས་རབ་ལྷག་པའི་སྒོ་ནས་གཟུགས་བརྙན་དང་འདྲ་བའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་ཞིང་བདེན་བཞི་ལ་མཁས་པའི་ཤེས་རབ་རྫོགས་པར་ཐོབ་པ་གང་ཞིག །རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མངོན་དུ་ཕྱོགས་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཕར་ཕྱིན་གཞན་གྱིས་སངས་རྒྱས་སུ་བགྲོད་པ་ཤེར་ཕྱིན་ལ་རག་ལས་ཏེ། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ་མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པའི་ཡུལ་དུ་འཁྲིད་པ་དེ་བཞིན་དུ། ལམ་གྱི་སྐབས་འདིར་ཡང་བློ་ཤེར་ཕྱིན་གྱིས་དེ་ཉིད་ལྟ་བའི་མིག་ཉམས་པའི་སྦྱིན་སོགས་ཀྱི་ཡོན་ཏན་བླངས་ཏེ་རྒྱལ་བ་སངས་རྒྱས་ཉིད་དུ་འགྲོ་བའི་ཕྱིར། གསུམ་པ་ལ་ལྔ། ཟབ་དོན་བཤད་པར་དམ་བཅའ་བ། ཟབ་དོན་


DLL1003_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་སྣོད་ངོས་བཟུང་བ། དེ་ལ་བཤད་ན་ཡོན་ཏན་འབྱུང་བའི་ཚུལ། སྣོད་ལྡན་ལ་མཉན་པར་བསྐུལ་བ། དེ་ཉིད་ཇི་ལྟར་བཤད་པའི་ཚུལ་ལོ། །དང་པོ་ནི། ས་དྲུག་པ་ལ་གནས་པའི་བྱང་སེམས་ཀྱིས་གཟིགས་པའི་དེ་ཁོ་ན་ཉིད་དེ་ཇི་ལྟར་ཡིན་ཞེ་ན། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་ལ་འདྲི་ན། སངས་རྒྱས་དང་བྱང་སེམས་གོང་མ་རྣམས་ལ་དྲི་བར་བྱ་བ་ཡིན་ལ། ལུང་ལ་བརྟེན་ནས་ཀྱང་རང་དགར་འཆད་པར་མི་ནུས་མོད། འོན་ཀྱང་དཔལ་ལྡན་ཟླ་བ་གྲགས་པ་ཆོས་ཅན། འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ལས་དེ་ཁོ་ན་ཉིད་ཇི་ལྟར་བསྟན་པ་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ་སྟེ། ས་དྲུག་པ་བ་དེ་ཡིས་ཆེས་ཟབ་པའི་ཆོས་ཇི་ལྟར་རྟོགས་པ་དེ་ལྟར་ཀླུ་སྒྲུབ་ཀྱིས་ཐུགས་སུ་ཆུད་ནས་ལུང་དང་གཞན་ཡང་རིགས་པས་གཏན་ལ་ཕབ་པ་ཡིན་པས་ནའོ། །གཉིས་པ་ནི། དེ་ཁོ་ན་ཉིད་བཤད་པའི་སྣོད་དེ་ཇི་ལྟ་བུ་ཞེ་ན། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་པ་གོ་ནས་ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་ལ། རབ་ཏུ་དགའ་བ་ལས་བྱུང་བའི་མཆི་མས་མིག་བརླན་ཞིང་ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པའི་གང་ཟག་དེ་ཆོས་ཅན། ཁྱོད་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ་སྟེ། དེ་ཁོ་ན་ཉིད་བསྟན་པའི་སྣོད་ནི་ཁྱོད་ཡིན་པར་ཕྱིར་ཏེ། ཁྱོད་ལ་རྫོགས་པའི་སངས་རྒྱས་ཀྱི་བློ་རྣམ་པར་མི་རྟོག་པའི་ས་བོན་ཡོད་པའི་གང་ཟག་ཡིན་པའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན། ཁྱོད་ལ་དེ་ཁོ་ན་ཉིད་བསྟན་པ་དེའི་རྗེས་སུ་འགྲོ་བའི་ཡོན་ཏན་


DLL1003_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སྟེ་སྟོང་ཉིད་ཀྱི་ལྟ་བ་སྐྱེ་བ་གཞན་དུ་མི་ཉམས་པར་བྱ་བའི་ཕྱིར་དུ་རྟག་ཏུ་ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་འགྱུར་ལ། སྟོང་ཉིད་བསྒོམ་པ་ལ་མི་ཕོངས་པར་བྱ་བའི་ཕྱིར་དུ་སྦྱིན་པ་གཏོང་བར་འགྱུར་ཞིང་། སྟོང་ཉིད་ཀྱི་ལྟ་བ་སྙིང་རྗེས་ཟིན་པ་ལ་སངས་རྒྱས་ཐོབ་པར་ཤེས་ནས། སྙིང་རྗེ་བསྟེན་པར་བྱེད་ལ་འཕགས་པ་རྣམས་དགྱེས་པའི་ཕྱིར་དུ་བཟོད་པ་བསྒོམ་པར་བྱེད་པ་དང་། ཚུལ་ཁྲིམས་སོགས་དེའི་དགེ་བ་བྱང་ཆུབ་ཏུ་འགྲོ་བ་དགྲོལ་བར་བྱ་བའི་ཕྱིར་དུ་ཡོངས་སུ་བསྔོ་བར་བྱེད་ཅིང་། སྟོང་ཉིད་སྟོན་པའི་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། ས་རབ་དགའ་དེ་ནི་དོན་དུ་གཉེར་བས་ཟབ་མོའི་ལམ་འདི་མཉན་པར་གྱིས་ཞེས་བསྐུལ་རིགས་ཏེ། ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི་རིམ་གྱིས་རབ་ཏུ་དགའ་བའི་ས་ནི་འཐོབ་པར་འགྱུར་བས་སོ། །ལྔ་པ་ལ་གཉིས། སྟོང་ཉིད་རིགས་པས་བསྒྲུབ་པ། སྟོང་ཉིད་ཀྱི་རབ་དབྱེ་བཤད་པའོ། །དང་པོ་ལ། ཆོས་ཀྱི་བདག་མེད་རིགས་པས་བསྒྲུབ་པ། གང་ཟག་གི་བདག་མེད་རིགས་པས་བསྒྲུབ་པའོ།། །།དང་པོ་ལ་བཞི། མཐའ་བཞིའི་སྐྱེ་བ་དགག་པ། བཀག་པ་ལ་རྩོད་པ་སྤང་བ། རྟེན་འབྱུང་གི་སྐྱེ་བས་མཐར་འཛིན་འགོག་ཚུལ། རིགས་པས་དཔྱད་པ་བྱས་པའི་འབྲས་བུ་ངོས་བཟུང་བའོ། །དང་པོ་ལ་གསུམ། དམ་བཅའ་བཞག་པ། སྒྲུབ་བྱེད་བསྟན་པ། བཀག་པས་གྲུབ་པའི་དོན་ནོ། །དང་པོ་ནི། མྱུ་གུ་དེ་ཉིད་ཆོས་ཅན། བདག་དེ་ལས་འབྱུང་བ་མིན་ཞིང་རང་བཞིན་གྱིས་


DLL1003_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་གཞན་དག་ལས་ལྟ་ག་ལ་ཞིག་འབྱུང་ལ། བདག་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མ་ཡིན་ཞིང་། རྒྱུ་མེད་པར་ནི་སྐྱེ་བ་ག་ལ་ཡོད་དེ་མེད་དེ། དེ་དག་ལ་འོག་ནས་འབྱུང་བའི་རིགས་པས་གནོད་པའི་ཕྱིར་རོ། །གཉིས་པ་ལ་བཞི། བདག་སྐྱེ། གཞན་སྐྱེ། གཉིས་ཀ་ལས་སྐྱེ་བ། རྒྱུ་མེད་ལས་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས། འགྲེལ་པ་མཛད་པའི་རིགས་པས་དགག་པ། རྩ་ཤེའི་རིགས་པས་དགག་པའོ། །དང་པོ་ལ་གསུམ། གྲངས་ཅན་གྱི་ལུགས་དགག །འཇིག་རྟེན་གྱི་ཐ་སྙད་དུ་ཡང་མེད་པ། དེ་ལྟར་བཀག་པའི་དོན་བསྡུ་བའོ། །དང་པོ་ལ་གཉིས། རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་དགག་པ། རྒྱུ་འབྲས་ངོ་བོ་གཅིག་པ་དགག་པའོ། །དང་པོ་ལ་གསུམ། ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་ན་དོན་མེད་དུ་ཐལ་བ། དེ་ལས་སྐྱེ་ན་རིགས་པ་དང་འགལ་བ། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་མྱུ་གུ་བདག་ལས་མི་སྐྱེ་བའི་རྒྱུ་མཚན་ཅི་ཞེ་ན། མྱུ་གུ་དེ་ནི་ཆོས་ཅན། ས་བོན་དེ་ལས་བྱུང་ན་ཡོན་ཏན་འགའ་ཡང་ཡོད་པ་མིན་པར་ཐལ། ས་བྱོན་གྱི་དུས་ན་ཁྱོད་ཀྱི་ངོ་བོ་རྫོགས་པར་གྲུབ་ཟིན་པའི་ཕྱིར། གཉིས་པ་ནི། ཆོས་ཅན། ས་བོན་ལས་སླར་ཡང་སྐྱེ་བ་རིགས་པའང་མ་ཡིན་པ་ཉིད་དེ། ས་བོན་གྱི་དུས་ན་སྐྱེས་ཟིན་པར་གྱུར་པའི་ཕྱིར། ས་བོན་ལས་སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོགས་པར་རིགས་པར་འགྱུར་ན་ནི། ཤེས་བྱ་ཆོས་ཅན། མྱུ་གུ་ལ་སོགས་རྣམས་ཀྱི་སྐྱེ་བ་འཇིག་རྟེན་འདིར་རྙེད་པར་མི་འགྱུར་ཞིང་། ས་བོན་འདབས་ནས་སྲིད་པའི་མཐར་ཐུག་པར་རབ་ཏུ་


DLL1003_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཉིད་དུ་འགྱུར་བར་ཐལ། ཕྱོགས་སྔ་དེའི་ཕྱིར། གསུམ་པ་ནི། སྐྱོན་མེད་དེ། ཆུ་ལུད་སོགས་ཀྱིས་ས་བོན་སྦང་རོ་ལྟ་བུར་བྱེད་ཅིང་མྱུ་གུ་སྐྱེད་ལ། མྱུ་གུ་དེ་ཡང་ས་བོན་འཇིག་པར་བྱེད་ཅིང་སྐྱེའོ་ཞེ་ན། མྱུ་གུ་དེ་ཉིད་ཆོས་ཅན། ཁྱོད་ཀྱི་ས་བོན་དེ་རྣམ་པར་འཇིག་པར་བྱེད་པར་ཇི་ལྟར་འགྱུར་ཏེ། མི་འགྱུར་བར་ཐལ། ས་བོན་དང་རང་བཞིན་གཅིག་ཡིན་པའི་ཕྱིར། གཉིས་པ་ནི། གྲངས་ཅན་ཆོས་ཅན། མྱུ་གུ་སྐྱེད་བྱེད་ཀྱི་རྒྱུ་ས་བོན་གྱི་ཁ་དོག་དབྱིབས་སོགས་ལས་ཐ་དད་པའི་མྱུ་གུའི་དབྱིབས་དང་ནི་ཁ་དོག་དང་རོ་དང་ནུས་པ་དང་སྨིན་པའི་ཐ་དད་ཁྱོད་ལ་མེད་པར་འགྱུར་བར་ཐལ། ས་མྱུག་གཅིག་ཡིན་པའི་ཕྱིར། གལ་ཏེ་སྔར་གྱི་ས་བོན་བདག་གི་དངོས་པོ་བསལ་ནས་དེ་ལས་གཞན་མྱུ་གུའི་ངོ་བོར་འཕོ་བར་འགྱུར་རོ་ཞེ་ན། དེའི་ཚེ་མྱུ་གུ་དེ་ཉིད་ས་བོན་དེའི་ངོ་བོར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ་ལོ། །གྲངས་ཅན་ཆོས་ཅན། ས་མྱུག་རང་བཞིན་གཅིག་པ་འདི་ནི་ཁས་མི་བླང་སྟེ། གལ་ཏེ་ཁྱོད་ཀྱི་ས་བོན་དང་མྱུ་གུ་འདིར་གཞན་མ་ཡིན་པར་གཅིག་ཡིན་ན། ས་མྱུག་དེ་དག་གཅིག་པས་མྱུ་གུའི་དུས་ན་ས་བོན་བཞིན་དུ་མྱུ་གུ་ཞེས་བྱ་བ་དེ་གཟུང་དུ་མེད་པའམ། ཡང་ན་ཇི་ལྟར་མྱུ་གུ་འདི་བཞིན་དུ་ས་བོན་དེ་ཡང་གཟུང་དུ་ཡོད་པར་འགྱུར་བའི་སྐྱོན་ཡོད་པ་དེའི་ཕྱིར། གཉིས་པ་ནི། ས་མྱུག་དེ་དག་གཅིག་པ་ཡིན་ཞེས་འཇིག་རྟེན་གྱིས་ཀྱང་ཁས་མི་ལེན་ཏེ། གང་གི་ཕྱིར་རྒྱུ་ས་བོན་ཞིག་ན་ཡང་དེའི་འབྲས་བུ་མྱུ་གུ་འཇིག་རྟེན་པས་མཐོང་བའི་ཕྱིར། གསུམ་པ་ནི། དངོས་པོ་བདག་ལས་འབྱུང་ཞེས་རབ་ཏུ་བརྟགས་པ་འདི་ཉིད་དང་ནི་


DLL1003_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་ཡང་རིགས་པ་མ་ཡིན་ཏེ། དེ་ལ་གནོད་བྱེད་བསྟན་ཟིན་པ་དེའི་ཕྱིར། གཉིས་པ་ནི། མྱུ་གུ་ཆོས་ཅན། བདག་ལས་སྐྱེ་བར་ཁས་བླང་བར་བྱ་བ་མིན་ཏེ། བདག་ལས་སྐྱེ་བར་འདོད་ན་བསྐྱེད་པར་བྱ་བ་དང་སྐྱེད་བྱེད་དང་། ལས་དང་བྱེད་པ་པོ་ཡང་གཅིག་ཉིད་དུ་འགྱུར་ན་དེ་དག་ནི་གཅིག་ཉིད་མ་ཡིན་པའི་ཕྱིར་དང་། དེ་ལ་རྩ་ཤེ་ནས། རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས། གཞན་སྐྱེ་འདོད་པའི་ཕྱོགས་སྤྱིར་དགག །སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པའོ། །དང་པོ་ལ་ལྔ། གཞན་སྐྱེ་དགག་པ་དངོས། བཀག་པ་ལ་འཇིག་རྟེན་གྱིས་གནོད་པ་སྤང་བ། དེ་ལྟར་བཀག་པའི་ཡོན་ཏན། རང་བཞིན་གྱིས་སྐྱེ་བ་འགར་ཡང་མེད་པར་བསྟན་པ། བདེན་པ་གཉིས་ཆར་དུ་རང་བཞིན་གྱིས་སྐྱེ་བ་བཀག་པའི་ཡོན་ཏན་བསྟན་པའོ། །དང་པོ་ལ་གསུམ། སྤྱིར་དགག །བྱེ་བྲག་ཏུ་དགག །འབྲས་བུ་ལ་མུ་བཞིར་དཔྱད་ནས་དགག་པའོ། །དང་པོ་ལ་གཉིས། ཧ་ཅང་ཐལ་བས་དགག །དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། བདག་སྐྱེ་ཁེགས་པས་གཉིས་ཀ་ལས་སྐྱེ་བའང་མི་རིགས་ལ། རྒྱུ་མེད་ལས་སྐྱེ་བར་འདོད་པ་ནི་ཤིན་ཏུ་ཐ་ཆད་པས་མི་རིགས་མོད། གཞན་དག་ལས་ལྟ་ག་ལ་ཞིག་ཅེས་གཞན་སྐྱེ་བཀག་པ་ནི་མི་ལེགས་ཏེ། དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པའི་རྐྱེན་བཞི་ལ་སྐྱེ་བར་གསུངས་པའི་ཕྱིར་རོ། །ཞེ་ན། འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་བར་འགྱུར་ཞིང་། རྒྱུ་ཡིན་མིན་ཐམས་ཅད་ལས་


DLL1003_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་བར་འགྱུར་བར་ཐལ་ཏེ། གལ་ཏེ་རང་བཞིན་གྱིས་གྲུབ་པའི་རྒྱུ་གཞན་ལ་བརྟེན་ནས་འབྲས་བུ་གཞན་ཞིག་འབྱུང་བར་འགྱུར་བའི་ཕྱིར། ཁྱབ་སྟེ། གང་གི་ཕྱིར་སྐྱེད་པར་བྱེད་པ་མ་ཡིན་པ་མ་ལུས་པ་ལ་ཡང་རྒྱུ་འབྲས་སུ་འདོད་པ་དེ་དང་རང་བཞིན་གྱིས་གཞན་ཉིད་མཚུངས་པའི་ཕྱིར། གཉིས་པ་ལ་གཉིས། ཉེས་སྤོང་། དེ་དགག་པའོ། །དང་པོ་ནི། རྒྱུས་རབ་ཏུ་བྱ་བར་ནུས་པ་དེའི་ཕྱིར་འབྲས་བུར་ངེས་པར་བརྗོད་ཅིང་། གང་ཞིག་འབྲས་བུ་དེ་བསྐྱེད་ནུས་པ་དེ་ནི་རང་བཞིན་གྱིས་གཞན་ཡིན་ནའང་འབྲས་བུའི་རྒྱུ་ཡིན་ལ། ས་ལུའི་མྱུ་གུ་ནས་ལ་སོགས་ལས་འབྱུང་བ་དེ་ལྟ་མིན་ཏེ། ས་ལུའི་མྱུ་གུ་དེ་རང་དང་རྒྱུད་གཅིག་ཏུ་གཏོགས་པ་དང་སྐྱེད་པར་བྱེད་པ་རིགས་འདྲ་སྔ་མ་ལས་སྐྱེ་བ་དེའི་ཕྱིར་ཞེ་ན། གཉིས་པ་ནི། ཇི་ལྟར་ནས་དང་གེ་སར་དང་ནི་ཀེང་ཤུ་ཀ་ལ་སོགས་པ་ས་ལུའི་མྱུ་གུ་སྐྱེད་པར་བྱེད་པ་འདོད་པ་མིན། དེ་སྐྱེད་པའི་ནུས་ལྡན་མིན། དེ་དང་རྒྱུད་གཅིག་གིས་ཁོངས་སུ་གཏོགས་པ་མིན། དེའི་རིགས་འདྲ་བ་སྔ་མ་མ་ཡིན་པ་ཉིད་དེ། དེ་དང་རང་བཞིན་གྱིས་གཞན་མིན་པའི་ཕྱིར། ཞེས་འདོད་པ་དེ་བཞིན་དུ་ས་ལུའི་ས་བོན་ཡང་ནི་ཆོས་ཅན། ས་ལུའི་མྱུ་གུ་དེའི་སྐྱེད་བྱེད་སོགས་མིན་པར་ཐལ་ཏེ། ས་ལུའི་མྱུ་གུ་དང་རང་བཞིན་གྱིས་གཞན་ཉིད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། རྒྱུ་འབྲས་སྔ་ཕྱི་བ་ལ་གཞན་སྐྱེ་དགག །དུས་མཉམ་པ་ལ་གཞན་སྐྱེ་དགག་པའོ། །དང་པོ་ལ་དངོས་དང་། རྩོད་སྤོང་གཉིས། དང་པོ་ནི། མྱུ་གུ་གཞན་ལས་སྐྱེ་བ་ཡིན་ཞེས་བྱ་བའི་


DLL1003_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འདི་བཏང་བར་བྱོས་ཤིག་སྟེ། མྱུ་གུ་ས་བོན་ལས་རང་བཞིན་གྱིས་སྐྱེ་བ་འགྲུབ་པར་འགྱུར་བ་མིན་པའི་ཕྱིར་ཏེ། མྱུ་གུ་ས་བོན་ལས་རང་བཞིན་གྱིས་གཞན་པ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་བའི་ཕྱིར་ཏེ། མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ས་བོན་གྱི་དུས་ན་གཞན་མྱུ་གུ་ཉིད་མེད་པར་གྱུར་པ་དེས་ན་སྟེ་དེའི་ཕྱིར། གཉིས་པ་ནི། ཇི་ལྟར་སྲང་གི་མདའ་གཉིས་མཐོ་བ་དང་ནི་དམའ་བ་དག་དུས་མཉམ་མ་ཡིན་པར་ནི་མིན་པར་མཐོང་བ་དེ་བཞིན་དུ་བསྐྱེད་པར་བྱ་བ་མྱུ་གུ་དང་སྐྱེད་པར་བྱེད་པ་ས་བོན་དག་གིས་སྐྱེ་འགག་གི་བྱ་བ་དུས་མཉམ་པས་ས་མྱུག་དུས་མཉམ་པར་འགྱུར་རོ་ཞེ་ན། ས་མྱུག་འདི་ནི་ཇི་ལྟར་བུར་ན་སྲང་དང་མཚུངས་པ་ཡིན་ཏེ་མ་ཡིན་པར་ཐལ། གལ་ཏེ་སྲང་གི་མདའ་གཉིས་དུས་གཅིག་གི་ཚེ་ཡོད་པ་ཡིན་ན། ས་མྱུག་འདིར་དུས་གཅིག་ཏུ་མེད་པས་དུས་མཉམ་པ་དེ་ཡོད་པ་མིན་པའི་ཕྱིར་ཏེ། གལ་ཏེ་ས་བོན་གྱི་དུས་སུ་མྱུ་གུ་སྐྱེ་བཞིན་པ་སྐྱེ་བ་ལ་ཕྱོགས་པས་ད་ལྟར་ཡོད་པ་མིན་ཞིང་ས་བོན་འགག་བཞིན་པ་ནི་ཡོད་ཀྱང་འཇིག་པ་ལ་ཕྱོགས་པར་འདོད་པར་འགྱུར་བ་ཡིན་པའི་ཕྱིར། ས་བོན་གྱི་དུས་ན་མྱུ་གུ་སྐྱེ་བའི་བྱ་བ་འདི་ནི་བདེན་པར་གྲུབ་པ་རིགས་པའི་ངོ་བོའང་མིན་ཏེ། དེའི་དུས་ན་བྱེད་པ་པོ་མྱུ་གུ་མེད་པའི་ཕྱིར། གཉིས་པ་ནི། རྒྱུ་འབྲས་དུས་མི་མཉམ་པ་ལ་བརྗོད་པའི་སྐྱོན་དེ་མེད་དེ། གལ་ཏེ་མིག་གི་བློ་ལ་རང་གི་སྐྱེད་བྱེད་རང་དང་དུས་གཅིག་པ་མིག་ལ་སོགས་པ་དང་ལྷན་ཅིག་འབྱུང་བ་འདུ་ཤེས་ལ་སོགས་ལས་མིག་བློ་རང་བཞིན་


DLL1003_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གཞན་ཉིད་དུ་ཡོད་པའི་ཕྱིར་ཞེ་ན། མིག་བློ་ཆོས་ཅན། མིག་སོགས་ལས་འབྱུང་བའི་དགོས་པ་ཅི་ཞིག་ཡོད་དེ་མེད་པར་ཐལ། མིག་སོགས་ཀྱི་དུས་ན་ཡོད་པའི་ཕྱིར། ཅི་སྟེ་དེའི་དུས་ན་མེད་ཅེ་ན། སྔ་ཕྱི་བ་འདི་ལ་རང་བཞིན་གྱིས་གཞན་མེད་པའི་ཉེས་པ་བཤད་ཟིན་ཏོ། །གསུམ་པ་ནི། སྐྱེད་པར་བྱེད་པ་བསྐྱེད་བྱ་རང་ལས་ངོ་བོ་ཉིད་ཀྱིས་གཞན་སྐྱེད་པ་དེ་རྒྱུ་ཡིན་ན་རང་བཞིན་གྱིས་ཡོད་པའམ་འོན་ཏེ་མེད་པ་དང་ཡོད་མེད་གཉིས་ཀ་དང་གཉིས་དང་བྲལ་བ་ཞིག་སྐྱེད་གྲང་། དང་པོ་ལྟར་ན། མྱུ་གུ་ཆོས་ཅན། སྐྱེད་བྱེད་ཅི་དགོས་ཏེ་མི་དགོས་པར་ཐལ། རང་བཞིན་གྱིས་ཡོད་པའི་ཕྱིར། མེད་པ་ལའང་རྒྱུ་དེས་ནི་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། མེད་པ་རྒྱུས་སྐྱེད་མི་ནུས་པའི་ཕྱིར། ཡོད་མེད་གཉིས་ཀ་ཉིད་ལ་རྒྱུ་དེས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། ཡོད་མེད་གཉིས་ཀ་ཡིན་པ་མི་སྲིད་པའི་ཕྱིར། ཡོད་མེད་གཉིས་ཀ་དང་བྲལ་བ་ལའང་རྒྱུ་དེས་ཅི་བྱ་སྟེ། དོན་མེད་པར་ཐལ། ཡོད་པའང་མ་ཡིན་མེད་པའང་མ་ཡིན་པ་མི་སྲིད་པའི་ཕྱིར། གཉིས་པ་ལ་གཉིས། འཇིག་རྟེན་གྱི་གྲགས་པས་གཞནས་སྐྱེ་ཁས་བླངས་ནས་གནོད་པ་སྤང་བ། ཐ་སྙད་དུ་གཞན་སྐྱེ་མེད་པས་གནོད་པ་སྤང་བའོ། །དང་པོ་ལ། རྩོད་ལན་གཉིས། དང་པོ་ནི། གཞན་སྐྱེ་དགག་པ་འདིར་ནི་རིགས་པ་སྨྲས་པ་ཉིད་ཀྱིས་ལྟ་ཀོ་ཅི་ཞིག་བྱ་སྟེ། འཇིག་རྟེན་པ་གང་གིས་རང་གི་ལྟ་བ་ལ་གནས་ནས་འཇིག་རྟེན་གྱི་མཐོང་བ་ཚད་མར་འདོད་པས་ན་དེ་འཇིག་རྟེན་གྱི་མཐོང་བས་གནོད་པའི་ཕྱིར། གཞན་


DLL1003_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེ་བ་ཡོད་པ་འདིར་ནི་རིགས་པ་ཅི་ཞིག་དགོས་ཏེ། གཞན་ལས་གཞན་འབྱུང་བ་ཡང་འཇིག་རྟེན་པ་ཡིས་མངོན་སུམ་དུ་རྟོགས་པར་འགྱུར་སྟེ་དེས་ནའོ་ཞེ་ན། གཉིས་པ་ལ་ལྔ། བདེན་གཉིས་སྤྱིའི་རྣམ་བཞག །སྐབས་དོན་ལ་སྦྱར་བ། བདེན་གཉིས་སོ་སོའི་ངོ་བོ་བཤད་པ། བཀག་པ་ལ་འཇིག་རྟེན་གྱི་གནོད་པ་དགག་པ། འཇིག་རྟེན་གྱི་གནོད་ཚུལ་བསྟན་པའོ། །དང་པོ་ལ་གསུམ། བདེན་པ་གཉིས་སུ་དབྱེ་བ། འཇིག་རྟེན་ལ་ལྟོས་ཏེ་ཀུན་རྫོབ་ཀྱི་དབྱེ་བ། ཞེན་ཡུལ་ལ་འཁྲུལ་བའི་ཞེན་ཡུལ་ཐ་སྙད་དུ་ཡང་མེད་པར་བསྟན་པའོ། །དང་པོ་ནི། དངོས་པོ་ཀུན་ཆོས་ཅན། ངོ་བོ་གཉིས་གཉིས་ནི་འཛིན་པར་འགྱུར་ཏེ། ཡུལ་ཡང་དག་པར་མཐོང་བས་རྙེད་པ་དང་། རྫུན་པ་མཐོང་བ་ཡིས་རྙེད་དོན་གཉིས་ཡོད་པའི་ཕྱིར། བུམ་པ་བདེན་སྟོང་གང་ཡིན་པ་དེ་ཆོས་ཅན། དེ་ཉིད་དོན་དམ་བདེན་པ་ཡིན་ཏེ། ཡང་དག་པ་མཐོང་བའི་རིགས་ཤེས་ཀྱི་ཡུལ་གང་ཞིག །རིགས་ཤེས་དེ་ཁྱོད་ལ་རིགས་ཤེས་སུ་སོང་བའི་ཕྱིར། བུམ་པ་ཆོས་ཅན། ཀུན་རྫོབ་བདེན་པར་གསུངས་ཏེ། མཐོང་བ་རྫུན་པ་ཐ་སྙད་པའི་ཚད་མས་རྙེད་དོན་གང་ཞིག་ཐ་སྙད་པའི་ཚད་མ་དེ་ཁྱོད་ལ་ཐ་སྙད་པའི་ཚད་མར་སོང་བའི་ཕྱིར། གཉིས་པ་ནི། མཐོང་བ་རྫུན་པའང་ཆོས་ཅན། འཇིག་རྟེན་ཉིད་ལ་ལྟོས་ནས་ཡང་ལོག་རྣམ་པ་


DLL1003_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་འདོད་དེ། འཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་དབང་པོ་གསལ་བ་དང་། འཕྲལ་གྱིས་འཁྲུལ་རྒྱུས་སླད་པའི་དབང་པོ་སྐྱོན་ལྡན་གྱི་ཤེས་པ་གཉིས་ཡོད་པའི་ཕྱིར། འཕྲལ་གྱིས་འཁྲུལ་རྒྱུས་སླད་པའི་སྐྱོན་དང་ལྡན་པའི་དབང་པོ་ཅན་རྣམས་ཀྱི་ཤེས་པ་ནི་ཆོས་ཅན། འཇིག་རྟེན་ཉིད་ཀྱིས་ཤེས་ངོར་འཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་དབང་པོ་ལེགས་པར་གྱུར་པའི་ཤེས་པ་ལ་ལྟོས་ནས་ལོག་པར་འདོད་དེ། འཕྲལ་གྱི་འཁྲུལ་རྒྱུས་སླད་པའི་ཤེས་པ་ཡིན་པའི་ཕྱིར། འཕྲལ་གྱིས་འཁྲུལ་རྒྱུས་གནོད་པ་མེད་པའི་དབང་པོ་དྲུག་པོ་རྣམས་ཀྱིས་གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་པའི་གཟུགས་དེ་ཆོས་ཅན། འཇིག་རྟེན་ཉིད་ལ་ལྟོས་ནས་བདེན་པ་ཡིན་ཏེ། དེ་ཁོ་ན་ཉིད་མ་རྟོགས་པའི་སྔ་རོལ་དུ་ཁྱོད་ཀྱིས་དེར་སྣང་དང་དེར་སྟོང་གི་ཚོགས་པ་དེ་རྟོགས་མི་ནུས་པའི་ཕྱིར། ལྷག་མ་མེ་ལོང་གི་གཟུགས་བརྙན་ནི་ཆོས་ཅན། འཇིག་རྟེན་ཉིད་ལ་ལྟོས་ནས་ལོག་པར་རྣམ་པར་བཞག་སྟེ། དེ་ཁོ་ན་ཉིད་མ་རྟོགས་པའི་སྔ་རོལ་དུ་ཁྱོད་ཀྱིས་དེར་སྣང་དེར་སྟོང་གི་ཚོགས་པ་དེ་རྟོགས་ནུས་པའི་ཕྱིར། གསུམ་པ་ནི། མི་ཤེས་པའི་གཉིད་ཀྱིས་རབ་ཏུ་བསྐྱོད་པའི་མུ་སྟེགས་ཅན་རྣམས་ཀྱིས་བདག་ཉིད་ཇི་བཞིན་དུ་བརྟགས་པའི་གཙོ་བོ་སོགས་དང་། སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟགས་པའི་རྟ་གླང་སོགས་དེ་དག་ཆོས་ཅན། འཇིག་རྟེན་གྱི་


DLL1003_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་ལས་ཀྱང་ཡོད་པ་མིན་པ་ཉིད་དེ། ཐ་སྙད་དུ་ཚད་མས་མ་གྲུབ་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། འཕགས་པའི་མཉམ་བཞག་གི་གཟིགས་ངོ་ལ་ལྟོས་ཏེ་གཞན་སྐྱེ་བཀག་པ་ལ་འཇིག་རྟེན་གྱི་གྲགས་པས་མི་གནོད་དེ། དྲི་མེད་ཡེ་ཤེས་སྤངས་པའི་བློས་དྲི་མེད་བློ་ལ་གནོད་པ་ཡོད་པ་མ་ཡིན་པའི་ཕྱིར། ཇི་ལྟར་མིག་ནི་རབ་རིབ་ཅན་གྱིས་སྐྲ་ཤད་དམིགས་པ་ཡིས་རབ་རིབ་མེད་པའི་ཤེས་པ་ལ་གནོད་པ་མིན་པ་དེ་བཞིན་ནོ། །གསུམ་པ་ལ་གཉིས། ཀུན་རྫོབ་བདེན་པ་བཤད་པ། དོན་དམ་བདེན་པ་བཤད་པའོ། །དང་པོ་ནི། བདེན་པར་འཛིན་པའི་གཏི་མུག་ཆོས་ཅན། ཀུན་རྫོབ་པ་ཡིན་ཏེ། རང་བཞིན་མངོན་སུམ་དུ་མཐོང་བ་ལ་སྒྲིབ་པའི་ཕྱིར། བདེན་འཛིན་དེས་བཅོས་མ་བདེན་པར་མེད་བཞིན་དུ་བདེན་པར་སྣང་བའི་གཟུགས་གང་ཡིན་པ་དེ་ནི་ཆོས་ཅན། ཀུན་རྫོབ་པའི་བདེན་པ་ཞེས་ཐུབ་པ་དེས་གསུངས་པའི་རྒྱུ་མཚན་ཡོད་དེ། ཀུན་རྫོབ་པ་བདེན་འཛིན་གྱི་ངོར་བདེན་པའི་ཕྱིར། འོ་ན་བློ་ཀུན་རྫོབ་པ་ཐམས་ཅད་ཀྱི་ངོར་བདེན་པའི་ཕྱིར། འོ་ན་བློ་ཀུན་རྫོབ་པ་ཐམས་ཅད་ཀྱི་ངོར་བདེན་གྲུབ་ཡིན་ནམ་ཞེ་ན། གཟུགས་ཆོས་ཅན། ཉན་རང་དགྲ་བཅོམ་དང་དག་ས་ལ་གནས་པའི་བྱང་སེམས་ཀྱི་རྗེས་ཐོབ་ལ་ལྟོས་ནས་ཀུན་རྫོབ་ཙམ་དུ་གྲུབ་ཀྱི་བདེན་གྲུབ་མ་ཡིན་ཏེ། དེས་བཅོས་མར་གྱུར་པའི་དངོས་པོར་གཟིགས་ཀྱི་བདེན་པར་ཞེན་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་


DLL1003_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ལོག་པ་གང་ཞིག་རྣམ་པར་བརྟགས་པ་དེ་ཉིད་ཀྱི་བདག་ཉིད་གཞི་གང་དུ་མིག་དག་པས་སྐྲ་ཤད་མེད་པར་མཐོང་བ་དེ་སྐྲ་ཤད་ཀྱི་དེ་ཉིད་ཡིན་པ་དེ་བཞིན་དུ་དོན་གྱིས་སྐབས་འདིར་ཤེས་པར་གྱིས་ཤིག །བུམ་པ་བདེན་སྟོང་ཆོས་ཅན། དོན་དམ་བདེན་པ་ཡིན་ཏེ། རང་ཉིད་དངོས་སུ་འཇལ་བའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རིག་བྱ་ཡིན་པའི་ཕྱིར་རོ། །བཞི་པ་ནི། གལ་ཏེ་འཇིག་རྟེན་གྱིས་མཐོང་བ་དེ་ཁོ་ན་ཉིད་ལ་ཚད་མ་ཡིན་ན་ནི། ཤེས་བྱ་ཆོས་ཅན། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་ལ་འཕགས་པ་གཞན་གྱིས་ཅི་དགོས་འཕགས་པའི་ལམ་ཚོལ་བས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། འཇིག་རྟེན་གྱིས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བས་སོ། །དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་འཇིག་རྟེན་གྱི་གནོད་པ་མེད་དེ། དེ་ཁོ་ན་ཉིད་ལ་རྣམ་པ་ཀུན་ཏུ་འཇིག་རྟེན་གྱི་མཐོང་བ་ཚད་མ་མིན་པ་དེའི་ཕྱིར་ཏེ། བླུན་པོ་དེ་ཁོ་ན་ཉིད་ལ་ཚད་མར་རིགས་པའང་མ་ཡིན་པའི་ཕྱིར། ལྔ་པ་ནི། འཇིག་རྟེན་ན་གྲགས་པའི་དོན་བུམ་པ་རྫས་ཡིན་པ་ནི་ཆོས་ཅན། ཁྱོད་གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་པར་འགྱུར་ཏེ། འཇིག་རྟེན་གྱི་གྲགས་པ་ཉིད་ཀྱིས་གྲུབ་པའི་ཕྱིར། གཉིས་པ་ནི། གཞན་ལས་སྐྱེ་བ་འཇིག་རྟེན་གྱི་ཐ་སྙད་ལས་ཀྱང་མེད་དེ། གང་གི་ཕྱིར་འཇིག་རྟེན་ན་བུ་དང་ཤིང་གི་ས་བོན་ཙམ་བཏབ་ནས་བདག་གིས་བུ་འདི་སྐྱེད་ཅེས་སྨྲ་བར་བྱེད་ཅིང་། ཤིང་ཡང་བཙུགས་སོ་སྙམ་དུ་རྟོགས་པ་དེས་ནའོ། །གསུམ་པ་ནི། ཤེས་བྱ་ཆོས་ཅན།


DLL1003_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མྱུ་གུ་སྐྱེས་པའི་ཚེ་ས་བོན་ཞིག་པ་སྟེ་རྒྱུན་ཆད་པ་མེད་དེ། གང་གི་ཕྱིར་མྱུ་གུ་ས་བོན་ལས་རང་བཞིན་གྱིས་གཞན་མིན་པས་ས་མྱུག་རྒྱུ་འབྲས་སུ་གྲུབ་པ་དེའི་ཕྱིར། ཡང་མྱུ་གུའི་ཚེ་ས་བོན་ཡོད་ཅེས་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་ས་མྱུག་གཅིག་ཉིད་ཡོད་པ་མིན་པས་ས་མྱུག་རྒྱུ་འབྲས་བུ་གྲུབ་པ་དེའི་ཕྱིར། བཞི་པ་ལ་གཉིས། རང་གི་མཚན་ཉིད་ཀྱིས་ཡོད་པར་འདོད་པ་དགག །དེ་ལྟར་བཀག་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བའོ། །དང་པོ་ནི། སྟོང་ཉིད་རྟོགས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཆོས་ཅན། དངོས་པོའི་རང་བཞིན་དེ་ལ་སྐུར་བ་བཏབ་པའི་ཚུལ་གྱིས་སྟོང་ཉིད་རྟོགས་པ་དང་། དངོས་པོ་འཇིག་པའི་རྒྱུར་ཐལ། གལ་ཏེ་སྔར་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་བརྟེན་པར་འགྱུར་བ་གང་ཞིག །དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པར་རྟོགས་པའི་ཕྱིར། ཤེས་བྱ་ཆོས་ཅན། དངོས་པོ་རང་བཞིན་གྱིས་ཡོད་པ་མིན་ཏེ། དངོས་པོ་རང་བཞིན་གྱིས་ཡོད་ན་སྟོང་ཉིད་རྟོགས་པའི་མཉམ་བཞག་དངོས་པོ་འཇིག་པའི་རྒྱུར་གྱུར་ན་དེ་ནི་རིགས་པ་མིན་པ་དེའི་ཕྱིར། གཉིས་པ་ནི། འཇིག་རྟེན་གྱི་ཐ་སྙད་བདེན་པ་ལ་རིགས་པས་རྣམ་པར་དཔྱད་པར་མི་བྱ་སྟེ། གང་གི་ཕྱིར་དངོས་པོ་འདི་དག་རྣམ་པར་དཔྱད་ན་དེ་ཁོ་ན་ཉིད་ཀྱིས་བདག་ཉིད་ཅན་གྱི་དངོས་པོ་ལས་ཚུ་རོལ་དུ་རང་བཞིན་གྱིས་གྲུབ་པའི་གནས་རྙེད་པ་མ་ཡིན་པ་དེའི་ཕྱིར། གསུམ་པ་ནི། གཟུགས་ཆོས་ཅན། ཁྱོད་ཀྱིས་རང་བཞིན་གྱིས་སྐྱེ་བ་གང་གིས་གྲུབ་པ་ཡིན་པར་འགྱུར་ཏེ་


DLL1003_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བ་ཐལ། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་རིགས་པ་གང་ཞིག་གིས་བདག་དང་། གཞན་ལས་སྐྱེ་བ་རིགས་པ་མ་ཡིན་པའི་རིགས་པ་དེས་ཐ་སྙད་དུ་ཡང་རང་བཞིན་གྱིས་སྐྱེ་བ་རིགས་པ་མིན་པས་སོ། །གཉིས་པ་ནི། གཟུགས་ཐ་སྙད་དུ་ཡང་རང་བཞིན་གྱིས་སྐྱེ་བ་མེད་ན། སྐྱེ་བར་དམིགས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་ན་ཡང་སྟོང་ཉིད་ཀྱི་རྒྱུ་དག་ལས་འབྲས་བུ་རབ་ཏུ་སྐྱེ་བར་འགྱུར་བའི་ཕྱིར། དངོས་པོ་སྟོང་པ་སྟེ་རྫུན་པ་གཟུགས་བརྙན་ལ་སོགས་པ་རྒྱུ་རྐྱེན་ཚོགས་པ་ལ་ལྟོས་པ་རྣམས་མ་གྲགས་པ་ཡང་མིན་ལ་ཇི་ལྟར་གྲགས་པ་དེར་ནི་གཟུགས་བརྙན་སོགས་སྟོང་ཞིང་རྫུན་པ་ལས་མིག་གི་ཤེས་པ་གཟུགས་བརྙན་དེའི་རྣམ་པ་ཅན་སྐྱེ་བར་འགྱུར་བ་ལྟར་དཔེ་དེ་བཞིན་ནོ། །ལྔ་པ་ལ་གཉིས། རྟག་ཆད་ཀྱི་ལྟ་བ་སྤང་སླ་བའི་ཡོན་ཏན། ལས་འབྲས་ཀྱི་འབྲེལ་བ་ཆེས་འཐད་པའི་ཡོན་ཏན་ནོ། །དང་པོ་ནི། གཟུགས་སོགས་དེ་དག་ཆོས་ཅན། རང་བཞིན་གྱིས་གྲུབ་པའི་རྟག་པ་མ་ཡིན་ལ། སྔར་རང་བཞིན་གྱིས་གྲུབ་པ་ཕྱིས་མེད་པའི་ཆད་པའང་མིན་ཏེ། བདེན་པ་གཉིས་སུའང་རང་བཞིན་གྱིས་མེད་པའི་ཕྱིར། གཉིས་པ་ལ་གསུམ། རང་བཞིན་གྱིས་མེད་པར་འདོད་པ་ལ་ཀུན་གཞི་སོགས་ཁས་བླངས་མི་དགོས་ལ། ལས་འགགས་པ་ལས་འབྲས་བུ་འབྱུང་བའི་དཔེ། རྩོད་པ་སྤང་བའོ། །དང་པོ་ནི། ལས་རང་བཞིན་གྱིས་མེད་པར་འདོད་པའི་ལུགས་ལ་ཆོས་ཅན། ཀུན་གཞི་སོགས་ཁས་བླངས་པ་མེད་ཀྱང་རྒྱུད་ལ་ལར་ལས་འགགས་ནས་ཡུན་རིང་དུ་ལོན་པ་ལས་ཀྱང་འབྲས་བུ་ཡང་དག་པར་འབྱུང་བར་རིག་པར་བྱ་སྟེ། དེ་མེད་ཀྱང་། ལས་ལས་འབྲས་བུ་འདི་འབྱུང་


DLL1003_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བར་ནུས་པའི་ཕྱིར་ཏེ། གང་གི་ཕྱིར་རང་བཞིན་གྱིས་ལས་དེ་མི་འགག་པ་ལ་ཞིག་པ་དངོས་པོར་མི་འགལ་བ་དེའི་ཕྱིར། གཉིས་པ་ནི། འགགས་ཤིང་རང་བཞིན་གྱིས་ཡོད་པ་མིན་པའི་ལས་ལས་ཀྱང་ནི་འབྲས་བུ་འབྱུང་བ་ཡོད་པ་ཡིན་ཏེ། རྨི་ལམ་ན་བུད་མེད་དམིགས་པའི་ཡུལ་དག་མཐོང་ནས་ནི་གཉིད་སད་ཀྱང་བླུན་པོ་ལ་འགགས་པའི་བུད་མེད་ལ་དམིགས་པའི་ཆགས་པ་སྐྱེ་བར་འགྱུར་བ་དེ་བཞིན་ཡིན་པའི་ཕྱིར། གསུམ་པ་ལ་གཉིས། རྣམ་སྨིན་ཐུག་མེད་དུ་འབྱིན་པའི་རྩོད་པ་སྤོང་བ། ཀུན་གཞི་གསུངས་པའི་ལུང་དང་འགལ་བའི་རྩོད་པ་སྤང་བའོ། །དང་པོ་ནི། རང་བཞིན་གྱིས་མེད་བཞིན་དུ་ཞིག་པ་ལས་འབྲས་བུ་འབྱུང་ན། རྣམ་སྨིན་ཕྱུང་ཟིན་པ་ལས་སླར་ཡང་འབྱིན་དགོས་པར་འགྱུར་རོ་ཞེ་ན། ཤེས་བྱ་ཆོས་ཅན། རང་བཞིན་གྱིས་མེད་པར་མཚུངས་ན་རྣམ་སྨིན་སྨིན་ཟིན་པ་ལས་སླར་རྣམ་སྨིན་འབྱིན་དགོས་པ་མིན་པར་ཤེས་ཏེ། ཇི་ལྟར་ཡུལ་ནི་ཡོད་པ་ཉིད་མིན་པར་མཚུངས་ཀྱང་རབ་རིབ་ཅན་གྱི་སྐྲ་ཤད་ཀྱི་རྣམ་པར་ནི་མཐོང་གི་དངོས་པོ་གཞན་གྱིས་རྣམ་པར་མཐོང་བ་མ་ཡིན་པ་ལྟར་དེ་བཞིན་དུ་རྒྱུ་འབྲས་སོ་སོར་ངེས་པ་མཐོང་བའི་ཕྱིར། རྣམ་སྨིན་མི་དགེ་བ་སྟེ་ཡིད་དུ་མི་འོང་བ་ནི་ནག་པོའི་ལས་ལས་འབྱུང་ལ། རྣམ་སྨིན་དགེ་བ་ཡིད་དུ་འོང་བ་ཉིད་དགེ་བ་ལས་འབྱུང་བ་ཡིན་པར་མཐོང་སྟེ། རྒྱུ་འབྲས་སོ་སོར་ངེས་པ་དེའི་ཕྱིར། དགེ་མི་དགེ་རང་བཞིན་གྱིས་མེད་པར་རྟོགས་པའི་བློ་ཅན་གྱི་གང་ཟག་ཆོས་ཅན། འཁོར་བ་ལས་ཐར་བར་འགྱུར་ཏེ། རྒྱུ་འབྲས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར། ལས་རྣམས་ཀྱི་འབྲས་བུ་རྣམ་པར་


DLL1003_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་ལུང་ལ་མ་བརྟེན་པར་ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད་པའི་རྒྱུ་མཚན་ཡོད་དེ། སོ་སྐྱེས་ལས་འབྲས་ལ་སྐུར་བ་བཏབ་ནས་ལས་འབྲས་འཇིག་པར་འགྱུར་དུ་དོགས་པའི་ཕྱིར། གཉིས་པ་ལ་གཉིས། དངོས་དང་། དགོངས་ཏེ་གསུངས་པའི་དཔེ་བསྟན་པའོ། །དང་པོ་ནི། ཀུན་གཞི་མེད་པར་ལས་འབྲས་འཇོག་ནུས་ན། ཀུན་གཞི་ལས་འབྲས་ཀྱི་རྟེན་དུ་གསུངས་པ་དང་། འགལ་ལོ་ཞེ་ན། མི་འགལ་ཏེ། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་ཡོད་ཅིང་གང་ཟག་རྫས་ཡོད་ཉིད་ཡོད་ལ་ཕུང་པོ་འདི་དག་འབའ་ཞིག་ཉིད་རང་བཞིན་གྱིས་ཡོད་ཅེས་བསྟན་པ་འདི་ནི་དེ་ལྟར་ཆེས་ཟབ་པའི་དོན་རིག་པར་མི་འགྱུར་བའི་གང་ཟག་གང་ཡིན་པ་དེ་ལ་དགོངས་ནས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དངོས་པོ་རྣམས་རང་བཞིན་གྱིས་མེད་མོད་རང་བཞིན་གྱིས་ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། གདུལ་བྱས་དེ་ཁོ་ན་ཉིད་རྟོགས་པའི་ཐབས་ཡིན་པའི་ཕྱིར་རོ། །ཇི་ལྟར་སངས་རྒྱས་ཀྱིས་འཇིག་ཚོགས་ལ་ལྟ་བ་དང་བྲལ་ཡང་ང་དང་ངའི་ཞེས་བསྟན་པ་དེ་བཞིན་ནོ། །གཉིས་པ་སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པ་ལ་གསུམ། ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་ཡོད་པ་དགག །གཞན་དབང་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག །སེམས་ཙམ་དུ་གསུངས་པའི་ཙམ་སྒྲས་ཕྱི་དོན་མི་འགོག་པར་བསྟན་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཤེས་རབ་ལྷག་པ་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཆོས་ཅན། རྣམ་ཤེས་


DLL1003_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་དེ་ཉིད་རྟོགས་པར་འགྱུར་ཏེ། ཕྱི་རོལ་གྱི་གཟུང་བ་མེད་པར་འཛིན་པ་རྫས་གཞན་མ་མཐོང་ཞིང་སྲིད་གསུམ་རྣམ་ཤེས་ཙམ་དུ་རབ་ཏུ་རྟོགས་པས་གཉིས་སྟོང་གི་དེ་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར། ཕྱི་རོལ་མེད་ན་ཕྱི་རོལ་དོན་དུ་སྣང་བའི་བློའི་རྒྱུ་གང་ཞེ་ན། གཞན་གྱིས་དབང་གི་ངོ་བོ་གང་ཡིན་པ་དེ་ཕྱི་རོལ་གྱི་དངོས་པོ་བཏགས་པར་ཡོད་པར་སྣང་བའི་རྒྱུར་འགྱུར་ཏེ། ཇི་ལྟར་རླུང་གིས་བསྐུལ་བས་རྒྱ་མཚོ་ནི་ཆེ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ་དངོས་པོ་ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་བ་ལས་རྣམ་ཤེས་རང་གི་བག་ཆགས་བཞག་པའི་ནུས་པ་སྨིན་པ་ལས་དོན་གྱིས་སྟོང་པའི་རྣམ་ཤེས་ཙམ་ཞིག་འབྱུང་བ་དེའི་ཕྱིར། གཞན་དབང་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། ཕྱི་རོལ་གཟུང་བ་མེད་པར་འབྱུང་བར་འགྱུར་ལ། རང་བཞིན་གྱིས་ཡོད་པ་དང་། དོན་དམ་པར་སྒྲ་རྟོག་གི་སྤྲོས་པ་ཀུན་གྱི་ཡུལ་མིན་པའི་རང་བཞིན་དུ་ཡོད་པའི་ཕྱིར། ཞེས་སེམས་ཙམ་པ་ཟེར་རོ། །གཉིས་པ་ལ་གཉིས། རྒྱས་པར་དགག །མཇུག་བསྡུ་བའོ། །དང་པོ་ལ་གསུམ། དཔེ་དགག །དོན་དགག །དེ་ལྟར་བཀག་པ་དང་མི་སྡུག་པ་སྒོམ་པ་མི་འགལ་བར་བསྟན་པའོ། །དང་པོ་ལ་གཉིས། རྨི་ལམ་གྱི་དཔེ་དགག །སྐྲ་ཤད་མཐོང་བའི་དཔེ་དགག་པའོ། །དང་པོ་ལ་གསུམ། རྨི་ལམ་གྱི་དཔེས་ཤེས་པ་རང་བཞིན་གྱིས་ཡོད་པར་མི་འགྲུབ། དེས་ཕྱི་རོལ་མེད་པར་མི་འགྲུབ། དེས་དངོས་པོ་ཐམས་ཅད་རྫུན་པར་འགྲུབ་པར་བསྟན་པའོ། །དང་པོ་ནི། ཕྱི་རོལ་མེད་པར་སེམས་རང་བཞིན་གྱིས་ཡོད་པའི་དཔེ་ནི་གང་དུ་ཡོད་ཅེས་དྲིས་པས། རྨི་ལམ་ཇི་བཞིན་ནོ་ཞེ་ན། དེ་ཡང་བསམ་


DLL1003_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། ཁྱོད་ཀྱི་རྨི་ལམ་དེ་ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་ཡོད་པའི་དཔེར་ཡོད་པ་མིན་པར་ཐལ། གང་གི་ཚེ་ང་ལ་རྨི་ལམ་ན་ཡང་སེམས་རང་བཞིན་གྱིས་ཡོད་པ་མིན་པའི་ཕྱིར། གལ་ཏེ་རྨི་ལམ་ན་ཡིད་རང་བཞིན་གྱིས་ཡོད་དེ། སད་པའི་ཚེ་རྨི་ལམ་གྱི་ཡིད་དྲན་པའི་ཕྱིར་རོ་ཞེ་ན། ཕྱི་རོལ་ཡུལ་ཡང་ཡིད་དེ་བཞིན་དུ་རང་བཞིན་གྱིས་ཡོད་པར་འགྱུར་བར་ཐལ། ཇི་ལྟར་ཁྱོད་ཀྱི་ངས་མཐོང་སྙམ་དུ་ཡིད་དྲན་པ་དེ་འདྲ་བ་ཕྱི་རོལ་ལ་ཡང་འདི་མཐོང་ངོ་སྙམ་དུ་དྲན་པ་ཡོད་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་གཉིད་ལོག་པ་ན་མིག་བློ་མི་སྲིད་པས་ཕྱི་རོལ་ཡོད་པ་མིན་པར་ཡིད་ཀྱི་ཤེས་པ་ཁོ་ན་ཡོད་ཅིང་། ཕྱི་རོལ་དེའི་རྣམ་པ་སྣང་བ་ལ་ཕྱི་རོལ་ཉིད་དུ་ཞེན་པ་འབྱུང་བས་རྨི་ལམ་ན་ཕྱི་རོལ་མེད་པར་ཤེས་པ་ཡོད་པ་ཇི་ལྟར་བ་དེ་བཞིན་དུ་སད་པའི་སྐབས་འདིར་ཡང་འདོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། ཇི་ལྟར་ཁྱོད་ཀྱི་ཕྱི་རོལ་རྨི་ལམ་དུ་མ་སྐྱེས་པ་དེ་བཞིན་དུ་ཡིད་ཀྱང་རང་བཞིན་གྱིས་སྐྱེས་པ་མ་ཡིན་པར་ཐལ། རྨི་ལམ་དུ་མིག་དང་མིག་གི་ཡུལ་དང་དེས་སྐྱེས་པའི་སེམས་གསུམ་པོ་ཐམས་ཅད་ཀྱང་ནི་རྫུན་པ་ཡིན་ལ། རྣ་བ་སོགས་ལྷག་མའི་ཡུལ་དབང་རྣམ་ཤེས་གསུམ་པོའང་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར་རོ། །གསུམ་པ་ནི། ཤེས་བྱ་ཆོས་ཅན། སེམས་དེ་རང་བཞིན་གྱིས་ཡོད་པ་མ་ཡིན་ལ། སྤྱོད་ཡུལ་རང་བཞིན་གྱིས་མེད་ཅིང་དབང་པོ་རྣམས་ཀྱང་རང་བཞིན་གྱིས་མེད་དེ། རྨི་ལམ་ཇི་ལྟ་བ་དེ་བཞིན་དུ་སད་པའི་སྐབས་འདིར་ཡང་དངོས་པོ་རྣམས་རྫུན་པ་ཡིན་པའི་ཕྱིར། ཆོས་ཅན། ཕྱི་རོལ་མེད་པར་ཤེས་པ་ཡོད་པ་མི་འཐད་དེ། འཇིག་རྟེན་འདི་ན་ཇི་ལྟར་ཐ་མལ་པའི་


DLL1003_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་མ་སད་པ་ལ་གསུམ་ཆར་ཡོད་པ་བཞིན་དུ་ཇི་སྲིད་དུ་ཐ་མལ་པའི་གཉིད་མ་སད་པ་དེ་སྲིད་དུ་གང་ཟག་དེའི་ཤེས་ངོ་དེ་ལ་གསུམ་པོ་ཡོད་ལ། སད་པར་གྱུར་ན་གསུམ་ཆར་ཡོད་པ་མིན་པ་ལྟར། དེ་བཞིན་དུ་གཏི་མུག་གི་གཉིད་སད་པ་ལས་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ངོར་དོན་ཤེས་དེ་གཉིས་ཆར་མེད་པའི་ཕྱིར། གཉིས་པ་ནི། སྐྲ་ཤད་འཛག་སྣང་གི་བློ་དེ་ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་ཡོད་པའི་དཔེ་ཡིན་ནོ་ཞེ་ན། དེ་མ་ཡིན་པར་ཐལ། དབང་པོ་རབ་རིབ་བཅས་པའི་བློ་གང་གིས་རབ་རིབ་མཐུ་ལས་སྐྲ་ཤད་རྣམས་གང་མཐོང་བ་དེའི་བློ་ལ་ལྟོས་ན། མིག་ཤེས་དང་སྐྲ་ཤད་བདེན་པ་སྟེ་རབ་རིབ་མེད་པར་དོན་གསལ་མཐོང་བ་ལ་ལྟོས་ན་དེ་གཉིས་ཀའང་རྫུན་པ་ཡིན་པའི་ཕྱིར། སྐྲ་ཤད་མེད་པར་སྐྲ་ཤད་འཛག་སྣང་གི་བློ་དེ་རང་བཞིན་གྱིས་ཡོད་པ་མིན་པར་ཐལ། གལ་ཏེ་ཤེས་བྱ་སྐྲ་ཤད་མེད་པར་སྐྲ་ཤད་འཛག་སྣང་གི་བློ་རང་བཞིན་གྱིས་ཡོད་ན། སྐྲ་ཤད་མཐོང་བ་དེའི་ཡུལ་དང་མིག་ནི་རྗེས་སུ་འབྲེལ་བའི་རབ་རིབ་མེད་པ་ལའང་སྐྲ་ཤད་འཛག་སྣང་གི་བློ་སྐྱེ་བར་འགྱུར་ན་དེ་ལྟར་མ་ཡིན་པ་དེའི་ཕྱིར། གཉིས་པ་ལ་གསུམ། བག་ཆགས་སྨིན་མ་སྨིན་ལས་དོན་སྣང་དབང་ཤེས་སྐྱེ་མི་སྐྱེ་དགག །སླར་ཡང་ཕྱི་རོལ་མེད་པར་རྣམ་ཤེས་ཡོད་པ་དགག །སེམས་ཙམ་པའི་ལུགས་བཀག་པ་ལ་ལུང་གིས་མི་གནོད་པར་བསྟན་པའོ། །དང་པོ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ་ནི། རབ་རིབ་མེད་པ་ལ་སྐྲ་ཤད་སྣང་བའི་བློ་སྐྱེ་བའི་སྐྱོན་མེད་དེ། གང་གི་ཕྱིར་རབ་རིབ་མེད་པར་མཐོང་བ་དག་པ་ལ་སྐྲ་ཤད་སྣང་པའི་བློའི་ནུས་པ་ནི་


DLL1003_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་མེད་པ་དེའི་ཕྱིར། རབ་རིབ་མེད་པ་དེ་ལ་སྐྲ་ཤད་སྣང་བའི་བློ་སྐྱེ་བར་མི་འགྱུར་གྱི། ཤེས་བྱ་སྐྲ་ཤད་ཡོད་པའི་དངོས་པོ་དང་བྲལ་བས་མི་སྐྱེ་བ་མིན་པའི་ཕྱིར་ཞེ་ན། གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། ཆོས་ཅན་ནུས་པ་རང་བཞིན་གྱིས་ཡོད་པ་ལས་སྐྲ་ཤད་སྣང་བའི་བློ་སྐྱེ་བ་འདི་ནི་འགྲུབ་པ་མ་ཡིན་པར་ཐལ། ནུས་པ་དེ་རང་བཞིན་གྱིས་མེད་པས་སོ། །གཉིས་པ་ལ་གསུམ། ད་ལྟར་བ་ལ་ནུས་པ་རང་བཞིན་གྱིས་གྲུབ་པ་དགག །མ་འོངས་པ་ལ་དེ་དགག །འདས་པ་ལ་དེ་དགག་པའོ། །དང་པོ་ནི། ཆོས་ཅན། རྣམ་ཤེས་སྐྱེས་པ་ད་ལྟར་བ་ལ་ནུས་པ་རང་བཞིན་གྱིས་གྲུབ་པ་སྲིད་པ་ཡོད་པ་མ་ཡིན་པར་ཐལ། དེ་ལྟར་ན་རྣམ་ཤེས་ལ་རང་ལས་གཞན་པའི་རྒྱུ་མེད་པ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ནི། རྣམ་ཤེས་མ་སྐྱེས་པའི་ངོ་བོ་ལ་ཡང་ནུས་པ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། རྣམ་ཤེས་མ་འོངས་པ་ད་ལྟ་མེད་པའི་ཕྱིར། ཁྱབ་སྟེ། ཁྱད་པར་མེད་པར་ཁྱད་པར་ཅན་ཡོད་པ་མིན་པའི་ཕྱིར། མ་གྲུབ་ན། མོ་གཤམ་བུ་ལའང་ནུས་པ་དེ་ནི་ཡོད་པར་ཐལ་ལོ། །གལ་ཏེ་འབྱུང་བར་འགྱུར་བའི་རྣམ་ཤེས་ལ་བསམས་ནས་རྣམ་ཤེས་ཀྱི་ནུས་པ་ཞེས་བསྙད་པར་འདོད་དོ་ཞེ་ན། རྣམ་ཤེས་འདིའི་འབྱུང་འགྱུར་རང་བཞིན་གྱིས་མེད་དེ། རྣམ་ཤེས་སྐྱེད་པའི་ནུས་པ་རང་བཞིན་གྱིས་མེད་པའི་ཕྱིར། གལ་ཏེ་རྣམ་ཤེས་དང་ནུས་པ་ཕན་ཚུན་ལྟོས་ནས་འཇོག་གོ་ཞེ་ན། འོ་ན་རྣམ་ཤེས་དང་ནུས་པ་རང་བཞིན་གྱིས་མ་གྲུབ་པར་ཐལ། དེའི་ཕྱིར། ཁྱབ་སྟེ། ཕན་ཚུན་དོན་ལ་བརྟེན་པའི་འགྲུབ་པ་ནི་རང་བཞིན་གྱིས་གྲུབ་པ་མིན་པ་ཉིད་ཅེས་དམ་པ་རྣམས་ཀྱིས་གསུངས་


DLL1003_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། གསུམ་པ་ནི། གལ་ཏེ་རྣམ་ཤེས་འགག་པའི་ནུས་པ་སྨིན་པ་ལས་རྣམ་ཤེས་ཕྱི་མ་སྐྱེ་བར་འགྱུར་རོ་ཞེ་ན། རང་བཞིན་གྱིས་ཡོད་པ་གཞན་གྱི་ནུས་པ་ལས་འབྲས་བུ་གཞན་འབྱུང་བར་འགྱུར་བར་ཐལ། རྒྱུན་ཅན་རྣམས་རིམ་གྱིས་འབྱུང་བ་དེར་སྔ་ཕྱི་རང་བཞིན་གྱིས་ཕན་ཚུན་ཐ་དད་པར་ཡོད་པའི་ཕྱིར། འདོད་ན། དངོས་པོ་ཐམས་ཅད་རྒྱུ་ཡིན་མིན་ཀུན་ལས་འབྱུང་བར་འགྱུར་ཏེ། འདོད་པ་དེའི་ཕྱིར། གལ་ཏེ་སྔ་ཕྱི་རིམ་གྱིས་འབྱུང་བ་དེར་ནི་རྒྱུན་ཅན་རྣམས་ངོ་བོ་ཉིད་ཀྱིས་ཐ་དད་ཀྱི་དེ་དག་ལ་རང་བཞིན་གྱིས་གྲུབ་པའི་རྒྱུན་ཐ་དད་མེད་པ་གཅིག་ཡོད་པ་དེའི་ཕྱིར་ཐམས་ཅད་ལས་ཐམས་ཅད་སྐྱེ་བའི་ཉེས་པ་མེད་ཅེ་ན། ངོ་བོ་ཉིད་ཀྱིས་ཐ་དད་པ་ལ་རྒྱུན་གཅིག་པ་འདི་ནི་བསྒྲུབ་བྱ་ཞིག་སྟེ་མ་གྲུབ་པར་ཐལ། ངོ་བོ་ཉིད་ཀྱིས་ཐ་དད་པ་ལ་ཐ་མི་དད་པའི་རྒྱུན་ཡོད་པའི་སྐབས་མི་རིགས་པའི་ཕྱིར་ཏེ། གང་དག་རང་གི་མཚན་ཉིད་ཀྱིས་སོ་སོ་བ་དེ་དག་རྒྱུ་གཅིག་ཏུ་གཏོགས་པ་རིགས་པ་མ་ཡིན་པའི་ཕྱིར། དཔེར་ན་བྱམས་པ་དང་། ཉེར་སྦས་ལ་བརྟེན་པའི་ཆོས་རྣམས་ནི་གང་ཟག་སོ་སོ་བའི་གཞན་ཉིད་ཡིན་པའི་ཕྱིར་ན་རྒྱུད་གཅིག་ཏུ་གཏོགས་པ་མིན་པ་བཞིན་ནོ། །གཉིས་པ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ་ནི། རྣམ་ཤེས་ལས་རྫས་ཐ་དད་པའི་ཕྱི་རོལ་མེད་དེ། མིག་བློ་སྐྱེ་བ་རང་གི་ནུས་པ་གང་ཞིག་ཀུན་གཞི་ལ་བཞག་པ་སྨིན་པ་ལས་དེ་མ་ཐག་ཏུ་རྣམ་ཤེས་ཀུན་ནས་སྐྱེ་བར་འགྱུར་ཞིང་། མིག་རང་གི་རྣམ་ཤེས་ཀྱི་རྟེན་གྱི་ནུས་པ་དེ་ལ་དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོགས་ཀྱི། ཤེས་པ་ལས་རྫས་ཐ་དད་པའི་མིག་མེད་པའི་ཕྱིར་དང་། འཇིག་རྟེན་འདི་


DLL1003_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ན་དབང་པོ་ལས་བྱུང་བའི་རྣམ་པར་རིག་པ་ཕྱི་རོལ་གཟུང་བ་མེད་པར་རང་གིས་ས་བོན་སྨིན་པ་ལས་སྔོ་སོགས་སྣང་བ་ཉིད་འབྱུང་བར་མ་རྟོགས་ནས། སྐྱེ་བོས་སེམས་ལ་སྔོ་སོགས་སྣང་བ་དེ་ཕྱི་རོལ་གྱི་གཟུང་བར་ཁས་ལེན་པ་ཙམ་ཡིན་པའི་ཕྱིར། རྣམ་པ་གཅིག་ཏུ་ན་རྨི་ལམ་ན་ནི་གཟུགས་དོན་གཞན་མེད་པར་རང་གི་ནུས་པ་སྨིན་པ་ལས་གཟུགས་དེའི་རྣམ་པ་ཅན་གྱི་སེམས་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ་སད་པའང་འདིར་ཕྱི་རོལ་མེད་པར་ཡིད་ནི་ཡོད་དོ་ཞེ་ན། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཇི་ལྟར་མིག་མེད་པར་ནི་རྨི་ལམ་དུ་སྔོ་སོགས་སྣང་བའི་ཡིད་སེམས་རང་བཞིན་གྱིས་འབྱུང་ན། དེ་ལྟར་མིག་དབང་མེད་པར་རང་གི་ས་བོན་ནི་སྨིན་པ་ལས་ལོང་བ་ལ་སད་དུས་འདིར་སྔོན་པོ་གསལ་སྣང་གི་ཤེས་པ་ཅིས་མི་སྐྱེ་སྟེ་སྐྱེ་རིགས་པ་ཐལ། ལོང་བ་ལ་སད་རྨི་གཉིས་ཀར་མིག་མེད་པར་མཚུངས་པའི་ཕྱིར། གལ་ཏེ་ཁྱོད་ལྟར་ན་རྨི་ལམ་ན་དྲུག་པ་ཡིད་ཀྱི་ནུས་པ་སྨིན་པ་ཡོད་ལ་སད་པར་མེད་པར་གྱུར་པས་མི་མཚུངས་པར་འདོད་ན། དྲུག་པའི་ནུས་པ་སྨིན་པ་ཇི་ལྟར་སད་དུས་འདིར་མེད་ན་དེ་ལྟར་རྨི་བའི་ཚེ་མེད་ཅེས་ཅིས་མི་རིགས་ཏེ་རིགས་པར་ཐལ། ཇི་ལྟར་མིག་མེད་པ་དེ་སད་དུས་སུ་དོན་སྣང་ཤེས་པ་སྐྱེ་བ་འདིའི་རྒྱུ་མིན་པ་ལྟར་རྨི་ལམ་དུ་ཡང་གཉིད་ནི་དོན་སྣང་གི་ཤེས་པ་རང་བཞིན་གྱིས་གྲུབ་པའི་རྒྱུ་མ་ཡིན་པའི་ཕྱིར། རྨི་ལམ་དུ་ཡང་གཟུགས་དེའི་དངོས་པོ་དང་མིག་ནི་རྫུན་པའི་ཡུལ་ཅན་རྟོགས་པའི་རྒྱུར་ཁས་བླང་སྟེ། བག་ཆགས་རྫུན་པ་ལས་ཤེས་པ་རྫུན་པ་སྐྱེ་བ་དེའི་ཕྱིར། ཤེས་བྱ་ཆོས་ཅན། སེམས་ཙམ་པའི་རྩོད་པ་འདི་སེལ་བར་བྱེད་ནུས་ཏེ། གཞན་


DLL1003_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རང་བཞིན་གྱིས་གྲུབ་པ་བཀག་པ་ལ་སེམས་ཙམ་པ་འདི་ཡིས་ལན་ནི་གང་དང་གང་བཏབ་པ་དེ་དང་དེ་ནི་དམ་བཅའ་དང་མཚུངས་པར་མཐོང་བས་སོ། །གསུམ་པ་ནི། སེམས་ཙམ་པའི་ལུགས་བཀག་པ་ལ་ལུང་གིས་ཀྱང་མི་གནོད་དེ། སངས་རྒྱས་རྣམས་ཀྱིས་ནི་རང་ལུགས་ལ་འགར་ཡང་དངོས་པོ་རང་བཞིན་གྱིས་ཡོད་ཅེས་མ་བསྟན་པའི་ཕྱིར། གསུམ་པ་ནི། ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་གྲུབ་པ་མེད་ན། རྣལ་འབྱོར་པས་བླ་མའི་མན་ངག་ལས་ཀེང་རུས་ཀྱིས་གང་བའི་ས་གཞི་མཐོང་བ་བཤད་པ་འགལ་ལོ་ཞེ་ན། མི་འགལ་ཏེ། རྣལ་འབྱོར་པ་ཡི་བླ་མའི་མན་ངག་ལས་ཀེང་རུས་ཀྱིས་གང་བའི་ས་གཞི་མཐོང་བ་གང་ཡིན་པ་དེར་ཡང་ཡུལ་དབང་ཤེས་པ་གསུམ་ཆར་རང་བཞིན་གྱིས་སྐྱེ་བ་མེད་པར་མཐོང་བའི་ཕྱིར་ཏེ། ཏིང་ངེ་འཛིན་དེ་ལོག་པ་སྟེ་མོས་པ་ཡིད་ལ་བྱེད་པར་བསྟན་པའི་ཕྱིར་རོ། །སེམས་ཙམ་པ་ཆོས་ཅན། ཁྱོད་ཀྱི་དབང་བློའི་ཡུལ་རྣམས་གཅིག་གིས་མཐོང་བར་གཞན་གྱིས་མཐོང་བ་ཇི་ལྟ་བ་དེ་ལྟར་མི་སྡུག་པའི་ཡིད་ཅན་གྱི་ཡང་རྣལ་འབྱོར་པས་ཀེང་རུས་མཐོང་བར་གྱུར་པ་ན། དེ་བཞིན་དུ་ཡུལ་དེར་བློ་གཏད་པ་ན་གཅིག་ཤོས་རྣལ་འབྱོར་པ་མ་ཡིན་པ་ཀེང་རུས་རྟོགས་པར་འགྱུར་ལ། ཏིང་ངེ་འཛིན་དེ་ནི་རྫུན་པ་སྟེ། མོས་པ་ཡིད་བྱེད་དུ་ཡང་མི་འགྱུར་བར་ཐལ། ཀེང་རུས་གསལ་སྣང་གི་ཏིང་ངེ་འཛིན་རང་བཞིན་གྱིས་གྲུབ་པའི་ཕྱིར། ཆུ་འབབ་པའི་ཀླུང་ལ་ཡི་དྭགས་ཀྱིས་རྣག་ཁྲག་མཐོང་བའི་བློ་ཡང་ཆོས་ཅན། ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་ཡོད་པའི་དཔེར་མི་འགྱུར་བར་ཐལ། རབ་རིབ་དང་ལྡན་


DLL1003_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་པོ་ཅན་གྱི་སྐྲ་ཤད་མཐོང་བ་དང་རྫུན་པར་མཚུངས་པའི་ཕྱིར། གཉིས་པ་ནི། མདོར་ན་ཇི་ལྟར་ཤེས་བྱ་རང་བཞིན་གྱིས་མེད་པ་དེ་བཞིན་དུ་བློ་ཡང་རང་བཞིན་གྱིས་མེད་ཅེས་དོན་འདི་ཤེས་པར་བྱ་སྟེ། ཤེས་བྱ་མེད་པར་ཤེས་པ་ཡོད་པ་མི་འཐད་པའི་ཕྱིར། གཉིས་པ་ལ་བཞི། གཞན་དབང་གི་སྒྲུབ་བྱེད་རང་རིག་དགག །སེམས་ཙམ་པའི་ལུགས་བདེན་གཉིས་ལས་ཉམས་པར་བསྟན། དེས་ན་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བར་རིགས་པ། གཞན་དབང་དང་འཇིག་རྟེན་གྱི་ཐ་སྙད་འགོག་པ་མི་མཚུངས་པར་བསྟན་པའོ། །དང་པོ་ལ་བཞི། གཞན་དབང་གི་སྒྲུབ་བྱེད་དྲིས་ནས་དགག །དེའི་ལན་དགག །རིགས་པ་གཞན་གྱི་རང་རིག་དགག །གཞན་དབང་རང་བཞིན་གྱིས་གྲུབ་པ་མོ་གཤམ་བུ་དང་མཚུངས་པའོ། །དང་པོ་ནི། གལ་ཏེ་ཕྱི་རོལ་གྱི་གཟུང་བ་མེད་པར་འཛིན་པ་རྫས་གཞན་ཉིད་དང་བྲལ་ཞིང་གཟུང་འཛིན་རྫས་ཐ་དད་པ་གཉིས་ཀྱིས་སྟོང་པའི་གཞན་དབང་གི་དངོས་པོ་ཡོད་ན་གཞན་དབང་འདིའི་ཡོད་པ་གང་གིས་ཤེས་པར་འགྱུར་བའི་སྒྲུབ་བྱེད་བརྗོད་རིགས་ཏེ། ཚད་མས་མ་བཟུང་བར་ཡོད་ཅེས་བྱར་མི་རུང་བའི་ཕྱིར། རང་རིག་གིས་གྲུབ་བོ་ཞེ་ན། རང་རིག་དེ་ཉིད་ཀྱིས་ཤེས་པ་དེ་མྱོང་བར་གྲུབ་པ་མ་ཡིན་པར་ཐལ། རང་རིག་མ་གྲུབ་པའི་ཕྱིར། གཉིས་པ་ལ་གཉིས། དངོས་དང་། རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་ལོ། །དང་པོ་ནི། གལ་ཏེ་དུས་ཕྱིས་དྲན་པ་རང་བཞིན་གྱིས་གྲུབ་པ་ལས་རང་རིག་གྲུབ་བོ་ཞེ་ན། རང་རིག་མ་གྲུབ་པ་བསྒྲུབ་པར་བྱ་བའི་ཕྱིར་དུ་བརྗོད་པའི་དྲན་པ་རང་བཞིན་གྱིས་གྲུབ་པ་འདི་ནི་ཆོས་ཅན། རང་རིག་གི་བསྒྲུབ་པར་བྱེད་པ་མིན་ཏེ། མ་གྲུབ་པའི་


DLL1003_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། རང་རིག་པ་ནི་གྲུབ་པ་རག་མོད་ཀྱི། དེ་ལྟ་ནའང་དྲན་པའི་ཤེས་པས་ཡུལ་མྱོང་དྲན་པ་རིག་པ་མིན་པར་ཐལ་ཏེ། མྱོང་དྲན་རང་བཞིན་གྱིས་གཞན་ཡིན་པའི་ཕྱིར། དཔེར་ན་ཉེར་སྦས་ཀྱིས་མ་ཤེས་པའི་མྱོང་བ་ཉེར་སྦས་ཀྱི་རྒྱུད་ལ་སྐྱེས་པའི་དྲན་ཤེས་ཀྱིས་མ་དྲན་པ་བཞིན། མི་མཚུངས་ཏེ། རང་བཞིན་གྱིས་གྲུབ་པའི་སྔ་ཕྱི་བ་ལ་རྒྱུ་འབྲས་གྲུབ་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། རང་བཞིན་གྱིས་གཞན་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་འདིས་ནི་རྒྱུ་འབྲས་སོགས་ཁྱད་པར་དག་ཀྱང་འཇོམས་པའི་ཕྱིར། གཉིས་པ་ནི་རང་རིག་མེད་ན་དྲན་པ་སྐྱེ་ཚུལ་ཇི་ལྟར་ཡིན་ཞེ་ན། ཡུལ་འདི་དེ་ཡིས་མཐོང་སྙམ་དུ་དྲན་པར་འགྱུར་ཏེ། གང་གི་ཕྱིར་གང་གིས་ཡུལ་མྱོང་བར་གྱུར་པ་དེ་ལས་དྲན་པ་འདི་རང་བཞིན་གྱིས་གཞན་དབུ་མ་པ་ང་ལ་ཡོད་པ་མིན་པས། མྱོང་བས་ཡུལ་དུ་བྱས་པ་དེ་དྲན་པས་མ་དཔྱད་པ་མ་ཡིན་པ་དེའི་ཕྱིར། དྲན་ཚུལ་འདི་ཡང་ཆོས་ཅན། འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་ལུགས་ཡིན་གྱི་བཏགས་དོན་བཙལ་ནས་བཞག་བྱ་མ་ཡིན་ཏེ། བཏགས་དོན་བཙལ་ན་མི་རྙེད་པའི་འཇིག་རྟེན་གྱི་ཐ་སྙད་ཡིན་པའི་ཕྱིར། གསུམ་པ་ནི། སེམས་ཙམ་པ་ཁྱོད་ཀྱི་གཞན་དབང་གང་གིས་འཛིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་གྲུབ་ན་རང་རིག་གིས་འཛིན་དགོས་པ་གང་ཞིག །རང་རིག་ཡོད་པ་མ་ཡིན་པ་དེའི་ཕྱིར། རང་རིག་དེ་ཉིད་ཀྱིས་ཤེས་པ་དེ་འཛིན་པར་རིགས་པ་མ་ཡིན་པར་ཐལ། བྱེད་པ་པོ་དང་ལས་དང་བྱ་བ་གཅིག་མིན་པས་སོ། །བཞི་པ་ནི། སེམས་ཙམ་པ་གཞན་ལ་གང་གིས་ནི་འདི་ཡོད་པ་མི་རིགས་པ་མོ་


DLL1003_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གཤམ་བུས་གནོད་པ་ཅི་ཞིག་བསྐྱལ་ཏེ། དེ་ཡང་འདོད་རིགས་པར་ཐལ། གལ་ཏེ་སྐྱེ་བ་མེད་ཅིང་མ་ཤེས་པའི་བདག་ཉིད་ཅན་གྱི་གཞན་དབང་རང་གི་ངོ་བོས་གྲུབ་པའི་དངོས་པོ་ཡོད་པའི་ཕྱིར། གཉིས་པ་ནི། གང་གི་ཚེ་གཞན་དབང་རང་བཞིན་གྱིས་གྲུབ་པ་ཆོས་ཅན། ཀུན་རྫུབ་པའི་རྒྱུར་ནི་གང་ཞིག་འགྱུར་ཏེ་མ་འགྱུར་བར་ཐལ། ཅུང་ཟད་ཡོད་པ་མིན་པའི་ཕྱིར། སེམས་ཙམ་པ་གཞན་གྱི་ལྟར་ན་འཇིག་རྟེན་ན་གྲགས་པའི་རྣམ་བཞག་ཀུན་ཀྱང་བརླག་པར་ཐལ། གཞན་དབང་གི་རྫས་ལ་བདེན་པར་ཆགས་པ་ཡིས་སོ། །གསུམ་པ་ནི། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ཀྱི་ཕྱི་རོལ་ཏུ་གྱུར་པ་དེ་དག་ཆོས་ཅན། ཁྱོད་ལ་ཞི་བ་མྱང་འདས་ཐོབ་པའི་ཐབས་ཀྱི་གཙོ་བོ་དེ་མེད་དེ། ཀུན་རྫོབ་དང་དེ་ཉིད་དོན་དམ་བདེན་པ་ལས་ཉམས་ཤིང་བདེན་གཉིས་དེ་ལས་ཉམས་པས་དེ་མ་བཏང་གི་བར་དུ་ཐར་པ་གྲུབ་པ་ཡོད་པ་མིན་པའི་ཕྱིར་ཏེ། ཐ་སྙད་བདེན་པ་རྟོགས་པ་ཐབས་སུ་གྱུར་པ་དང་། དོན་དམ་བདེན་པ་རྟོགས་པ་ཐབས་བྱུང་གྱུར་པ་སྟེ། བདེན་པ་དེ་གཉིས་ཀྱི་རྣམ་དབྱེ་གང་གིས་མི་ཤེས་པ་དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས་པའི་ཕྱིར། བཞི་པ་ནི། གཞན་དབང་རང་བཞིན་གྱིས་གྲུབ་པ་འགོག་ན་འཇིག་རྟེན་གྱི་ཐ་སྙད་འགོག་པར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། ཇི་ལྟར་སེམས་ཙམ་པ་ཁྱོད་ཀྱིས་གཞན་དབང་གི་དངོས་པོ་རང་བཞིན་གྱིས་གྲུབ་པ་འདོད་པ་ལྟར། ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་འབྲས་བུ་གྲུབ་པའི་ཕྱིར་དུ་གཟུགས་སོགས་འདི་དག་རང་བཞིན་གྱིས་མེད་ཀྱང་ཡོད་དོ་ཞེས་འཇིག་རྟེན་གྱི་ངོར་བྱས་ནས་བདག་ནི་སྨྲ་བར་


DLL1003_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཕྱིར། འཇིག་རྟེན་ལ་མ་ལྟོས་པར་ཀུན་རྫོབ་ཁས་མ་བླངས་ཏེ། ཇི་ལྟར་ཕུང་པོ་སྤངས་ནས་ཞི་བའི་དབྱིངས་སུ་ཞུགས་པའི་དགྲ་བཅོམ་རྣམས་ཀྱིས་གཟིགས་ངོ་ལ་གཟུགས་སོགས་ཡོད་པ་མིན་པ་དེ་ལྟར་འཇིག་རྟེན་ལ་ཡང་མེད་ན། ལྷག་མེད་པ་དེ་བཞིན་དུ་འཇིག་རྟེན་ལས་ཀྱང་ཡོད་ཅེས་བདག་མི་སྨྲ་བའི་ཕྱིར། སེམས་ཙམ་པ་ཆོས་ཅན། འཇིག་རྟེན་ན་གྲགས་པའི་ཕྱི་རོལ་འགོག་མི་རིགས་པར་ཐལ། གལ་ཏེ་ཁྱོད་ལ་འཇིག་རྟེན་གྱིས་མི་གནོད་ན་འཇིག་རྟེན་ཉིད་ལ་ལྟོས་ནས་ཕྱི་རོལ་འདི་ནི་དགག་པར་གྱིས་ལ། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་པར་གྱིས་དང་། ཕྱིས་ནས་གང་སྟོབས་དང་ལྡན་པ་དེ་བདག་གིས་བསྟན་པར་བྱ་བ་ལས་འཇིག་རྟེན་ཆེས་སྟོབས་དང་ལྡན་པའི་ཕྱིར། གསུམ་པ་ལ་གསུམ། ས་བཅུ་པའི་མདོ་ལས་སེམས་ཙམ་དུ་གསུངས་པའི་དགོངས་པ། དོན་སེམས་གཉིས་ཡོད་མེད་མཚུངས་པ། ལང་ཀར་གཤེགས་པ་ལས་སེམས་ཙམ་དུ་གསུངས་པའི་དགོངས་པ་བཤད་པའོ། །དང་པོ་ལ་གསུམ། ཙམ་སྒྲས་ཕྱི་དོན་མི་འགོག་པར་ས་བཅུ་པའི་ལུང་གིས་བསྒྲུབ། དོན་དེ་ཉིད་མདོ་གཞན་གྱིས་བསྒྲུབ། ཙམ་སྒྲས་སེམས་གཙོ་བོར་བསྒྲུབ་པའོ། །དང་པོ་ནི། གལ་ཏེ་འཇིག་རྟེན་གྱིས་གནོད་དོགས་ནས་ཕྱི་རོལ་ཁས་ལེན་ན། ལུང་གིས་གནོད་པས་འཇིགས་ནས་ཕྱི་རོལ་མེད་པར་ཡང་ཁས་ལེན་དགོས་ཏེ། ས་བཅུ་པའི་མདོ་ལས། ཁམས་གསུམ་པོ་འདི་ནི་སེམས་ཙམ་སྟེ་ཞེས་གསུངས་པས་སོ་ཞེ་ན། ཤེས་བྱ་ཆོས་ཅན། ཁམས་གསུམ་པོ་འདི་ནི་སེམས་ཙམ་ཞེས་པའི་ཙམ་


DLL1003_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས་ཕྱི་དོན་མི་འགོག་པར་ཐལ། ས་དྲུག་པ་མངོན་དུ་གྱུར་པ་མངོན་དུ་ཕྱོགས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡི་སྲིད་གསུམ་རྣམ་ཤེས་ཙམ་དུ་གང་རྟོགས་པར་གསུངས་པ་དེས། རྟག་པའི་བདག་བྱེད་པ་པོ་ཡིན་པ་བཀག་པ་རྟོགས་པའི་ཕྱིར་དང་། བྱེད་པ་པོ་ནི་སེམས་ཙམ་ཡིན་པར་རྟོགས་པར་གསུངས་པའི་ཕྱིར། གཉིས་པ་ནི། ཇི་ལྟར་རང་གི་བསྟན་བཅོས་དེ་དང་དེ་ལས་མུ་སྟེགས་རྣམས་ཀྱིས་གང་ཟག་སོགས་དེ་དག་སྨྲས་པ་དེ་དག་བྱེད་པ་པོར་མ་གཟིགས་ནས་རྒྱལ་བས་སེམས་ཙམ་འཇིག་རྟེན་གྱི་བྱེད་པོར་གསུངས་ཏེ། བློ་ལྡན་གྱི་བློ་ནི་འཕེལ་བར་བྱ་བའི་ཕྱིར་དང་ལང་ཀར་གཤེགས་པའི་མདོ་དེ་ལས་ཀུན་མཁྱེན་གྱིས་མུ་སྟེགས་ཀྱི་ལྟ་བ་ངན་པའི་རི་སྤོ་མཐོན་པོ་འཇོམས་པའི་ངག་གི་རང་བཞིན་གྱི་རྡོ་རྗེ། གང་ཟག་རྒྱུད་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དག་དང་། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་པ་འདི་ནི་ས་བཅུ་པའི་མདོ་ལས་སེམས་ཙམ་དུ་གསུངས་པའི་དགོངས་པ་གཅད་པའི་ཕྱིར་དུ་གསུངས་པའི་ཕྱིར། གསུམ་པ་ནི། མདོ་ལས་སེམས་ཙམ་ཞེས་གསུངས་པ་འདིར་ཕྱི་རོལ་གྱི་གཟུགས་ནི་འགོག་པ་དེ་ལྟར་མདོའི་དོན་མ་ཡིན་ཏེ། དེ་ཁོ་ན་ཉིད་ལ་བློ་རྒྱས་པ་ལ་སངས་རྒྱས་ཞེས་ཚིག་སྔ་མ་མི་མངོན་པར་བྱས་ནས་བསྙད་པ་ཇི་ལྟ་བ་དེ་བཞིན་དུ། གཟུགས་སེམས་གཉིས་ཀྱི་ནང་ནས་སེམས་ཙམ་གཙོ་བོར་གྱུར་པ་ལ་ཚིག་ཕྱི་མ་གཙོ་བོ་ཞེས་པ་མི་མངོན་པར་བྱས་ནས་མདོ་ལས་འཇིག་རྟེན་ལ་སེམས་ཙམ་ཞེས་གསུངས་པའི་ཕྱིར། གལ་ཏེ་ཁམས་གསུམ་


DLL1003_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་དག་རང་བཞིན་གྱིས་གྲུབ་པའི་སེམས་ཙམ་ཞེས་མཁྱེན་ནས་ས་བཅུ་པའི་མདོ་དེ་ལས་ཕྱི་རོལ་གྱི་གཟུགས་ཉིད་དགག་པར་མཛད་ན་ནི། སླར་ཡང་ས་བཅུ་པའི་མདོ་དེ་ལས་བདག་ཉིད་ཆེན་པོ་སངས་རྒྱས་ཀྱིས་སེམས་དེ་གཏི་མུག་དང་ལས་ལས་སྐྱེས་པར་ཅིའི་ཕྱིར་གསུངས་ཏེ་གསུང་མི་རིགས་ཏེ། རང་བཞིན་གྱིས་གྲུབ་ན་རྒྱུ་ལས་སྐྱེས་པའི་འགལ་བའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། འཇིག་རྟེན་གྱི་བྱེད་པ་པོ་ལ་སེམས་གཙོ་བོ་ཡིན་ཏེ། སེམས་ཉིད་ཀྱིས་ནི་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་པ་འགོག་ཅིང་སྐྱེད་ལ་འགྲོ་བ་མ་ལུས་པ་ལས་ལས་སྐྱེས་པར་གསུངས་ཤིང་། སེམས་སྤངས་ནས་ནི་ལས་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། ཁམས་གསུམ་པོ་འདི་ནི་སེམས་ཙམ་ཞེས་གསུངས་པས་སེམས་ལས་གཞན་པའི་བྱེད་པ་པོ་བཟློག་གི་ཕྱི་རོལ་གྱི་གཟུགས་ནི་བཀག་པ་མ་ཡིན་ཏེ། གལ་ཏེ་གཟུགས་ཡོད་མོད་ཀྱི་དེ་ལ་ནི་སེམས་བཞིན་བྱེད་པ་པོ་ཉིད་ཡོད་པ་མིན་པ་དེས་ནའོ། །གཉིས་པ་ནི། ཤེས་བྱ་ཆོས་ཅན། ཕྱི་གཟུགས་མེད་ན་ནི་སེམས་ཡོད་པར་མ་འཛིན་ཅིག་སེམས་ཡོད་པ་ཉིད་ནའང་ཕྱི་གཟུགས་མེད་པར་མ་འཛིན་ཅིག །ཅེས་ཤེས་པར་བྱ་སྟེ། འཇིག་རྟེན་པའི་རྣམ་གཞག་དེ་ཉིད་ལ་གནས་པ་ལ་ཕུང་པོ་འཇིག་རྟེན་ན་གྲགས་པ་དེ་ལྔ་ཆར་ཡོད་ལ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མངོན་སུམ་དུ་འཆར་བར་འདོད་པ་ན་རྣལ་འབྱོར་པ་ལ་དེ་ལྔ་འབྱུང་བར་མི་འགྱུར་བའི་ཕྱིར། ཕུང་པོ་ལྔ་པོ་དེ་དག་ཆོས་ཅན། ཡོད་མེད་མཚུངས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DLL1003_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་གྱི་མདོར་སངས་རྒྱས་ཀྱིས་རང་བཞིན་གྱིས་གྲུབ་པ་མཚུངས་པར་སྤངས་ཤིང་། མངོན་པའི་ཆོས་ལས་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་གསུངས་པའི་ཕྱིར། དོན་དམ་པར་མེད་ཅིང་ཀུན་རྫོབ་ཏུ་ཡོད་པའི་བདེན་གཉིས་ཀྱི་རིམ་པ་འདི་དག་བཤིག་ནས་ཀྱང་། སེམས་ཙམ་པ་ཁྱོད་ཀྱིས་གཞན་དབང་རང་བཞིན་གྱིས་གྲུབ་པའི་རྫས་ནི་ཆོས་ཅན། འགྲུབ་པར་མི་འགྱུར་བར་ཐལ། ཚད་མས་བཀག་པས་སོ། །སྔར་བཤད་པ་དེ་ལྟ་བུའི་རིམ་པས་དངོས་པོ་རྣམས་གདོད་ནས་དེ་ཁོ་ན་ཉིད་དུ་མ་སྐྱེས་ཤིང་འཇིག་རྟེན་གྱི་ཐ་སྙད་དུ་སྐྱེས་པར་རིག་པར་བྱ་སྟེ། བདེན་གཉིས་མི་མཉམ་པ་ལ་དོན་དམ་པར་མེད་ཅིང་ཐ་སྙད་དུ་ཡོད་པར་ཁས་བླངས་དགོས་པ་དེའི་ཕྱིར། གསུམ་པ་ལ་གཉིས། ཕྱི་རོལ་མེད་པར་སེམས་ཙམ་གསུངས་པ་དྲང་དོན་དུ་བསྟན་པ། མདོའི་དྲང་ངེས་ཀྱི་དོན་རྟོགས་པའི་ཐབས་བསྟན་པའོ། །དང་པོ་ལ་གཉིས། དྲང་དོན་དུ་ལུང་གིས་བསྟན་པ། རིགས་པས་བསྟན་པའོ། །དང་པོ་ལ་གཉིས། དངོས་དང་། དེ་དང་འདྲ་བའི་མདོ་གཞན་ཡང་དྲང་དོན་དུ་བསྟན་པའོ། །དང་པོ་ནི། ས་བཅུ་པའི་མདོ་ལས་ཕྱི་རོལ་མེད་པར་མི་འགྲུབ་མོད། ལང་ཀར་གཤེགས་པ་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་པས་ཕྱི་རོལ་མེད་དོ་ཞེ་ན། ལང་ཀར་གཤེགས་པའི་མདོ་སྡེ་གང་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ཞེས་གསུངས་པ་ཆོས་ཅན། ཁྱོད་ལ་བརྟེན་ནས་ཕྱི་རོལ་མེད་པར་མི་འགྲུབ་པ་ཐལ། གཟུགས་


DLL1003_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤིན་ཏུ་ཆགས་པ་གང་ཡིན་པ་དེ་དག་ལ། གཟུགས་ལ་དམིགས་པའི་ཉོན་མོངས་པ་བཟློག་པ་སྟེ་དེ་ཡང་དྲང་དོན་ཉིད་ཡིན་པའི་ཕྱིར་ཏེ། འདི་ནི་སྟོན་པས་དྲང་དོན་ཉིད་དུ་གསུངས་ཤིང་། འདི་ནི་དྲང་དོན་ཉིད་དུ་རིགས་པས་ཀྱང་འཐད་པའི་ཕྱིར། གཉིས་པ་ནི། སྔར་བཤད་པའི་རྣམ་པ་དེ་ལྟ་བུའི་མདོ་སྡེ་སེམས་ཙམ་པས་ངེས་དོན་དུ་འདོད་པ་གཞན་ཡང་ནི་ཆོས་ཅན། དྲང་དོན་ཡིན་ཏེ། དྲང་དོན་ཉིད་དུ། ཇི་ལྟར་ནད་པ་ནད་པ་ལ། །སྨན་པ་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་པའི་ལུང་འདིས་གསལ་བར་བྱེད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སངས་རྒྱས་ཀྱི་དང་པོར་ཤེས་བྱ་ཕྱི་རོལ་དགག་པར་མཛད་པའི་རྒྱུ་མཚན་ཡོད་པ་ཡིན་ཏེ། ཤེས་བྱ་ཕྱི་རོལ་མེད་ན་ཤེས་པ་དོན་དམ་པར་བཀག་པ་བདེ་བླག་ཏུ་འགྲུབ་པའི་ཕྱིར་ཏེ། ཤེས་བྱ་ཕྱི་རོལ་མེད་ན་ཤེས་པ་བདེན་གྲུབ་གསལ་བ་ནི་བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས་པའི་ཕྱིར། གཉིས་པ་ནི། དེ་ལྟར་ལུང་གིས་ལོ་རྒྱུས་ཤེས་པར་བྱས་ནས་དྲང་ངེས་རིག་པར་བྱ་སྟེ། མདོ་སྡེ་གང་དེ་ཁོ་ན་ཉིད་མིན་པ་ཀུན་རྫོབ་གཙོ་བོར་བཤད་པའི་དོན་ཅན་དེ་དྲང་དོན་དུ་གསུངས་པའང་རྟོགས་ནས་དྲང་བར་བྱ་ཞིང་། སྟོང་ཉིད་དོན་ཅན་ངེས་དོན་དུ་ཡང་ཤེས་པར་བྱ་བའི་ཕྱིར་རོ། །གསུམ་པ་ནི། གཅེར་བུ་པ་ན་རེ། བུམ་པ་དེ་འཇིམ་པ་ལས་སྐྱེ་བས་བདག་ལས་སྐྱེ་ཞིང་། དབྱུག་གུ་དང་སྐུད་པ་སོགས་ལས་སྐྱེ་བས་གཞན་ལས་སྐྱེ་བའི་ཕྱིར། བདག་གཞན་རེ་


DLL1003_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་སྐྱེ་བ་ལ་བརྗོད་པའི་ཉེས་པ་མེད་དོ་ཞེ་ན། བུམ་པ་ཆོས་ཅན། བདག་གཞན་གཉིས་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་ཏེ། གང་གི་ཕྱིར་དེ་ལ་སྔར་བཤད་ཟིན་པའི་ཉེས་པ་འདི་ཐོག་ཏུ་བབ་པ་ཡིན་པའི་ཕྱིར་རོ། །ཆོས་ཅན། གཉིས་ཀ་ལས་སྐྱེ་བ་འདི་ནི་འཇིག་རྟེན་ལས་ཡོད་པ་མིན་ལ་དེ་ཉིད་དུ་ཡང་འདོད་པ་མ་ཡིན་ཏེ། གང་གི་ཕྱིར་བདག་གཞན་རེ་རེ་ལས་ནི་སྐྱེ་བ་འགྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། བཞི་པ་ནི། རྒྱང་འཕེན་ན་རེ། དངོས་པོ་རྣམས་རྒྱུ་མེད་ལས་སྐྱེ་བས་གོང་གི་སྐྱོན་རྣམས་མེད་དོ་ཞེ་ན། ཤེས་བྱ་ཆོས་ཅན། དངོས་པོ་མཐའ་དག་རྟག་ཏུ་རྒྱུ་ཡིན་མིན་ཐམས་ཅད་ལས་ཀྱང་སྐྱེ་བར་འགྱུར་ཞིང་། འབྲས་བུ་ལོ་ཏོག་འབྱུང་བའི་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི་དཀའ་བ་བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར་བར་ཐལ། གལ་ཏེ་དངོས་པོ་རྣམས་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་བའི་ཕྱིར་རོ། །རྒྱང་འཕེན་ཆོས་ཅན། སྔོན་པོ་འཛིན་པའི་རང་གི་བློ་སྔོན་པོ་ལས་སྐྱེ་བ་དེ་བཞིན་དུ་འཇིག་རྟེན་མཐའ་དག་རྒྱུ་ལས་སྐྱེ་བ་ཡིན་པར་ཤེས་པར་བྱ་སྟེ། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་འགྱུར་ན་ནམ་མཁའི་ཨུཏྤ་ལའི་དྲི་མདོག་ཇི་བཞིན་བཟུང་དུ་མེད་པ་ཉིད་དུ་འགྱུར་ན། ཤིན་ཏུ་ཆེས་བཀྲ་བའི་འཇིག་རྟེན་འཛིན་པའང་ཡིན་པ་དེའི་ཕྱིར། རྒྱང་འཕེན་དེ་ནི་ཆོས་ཅན། ཇི་ལྟར་འཇིག་རྟེན་ཕ་རོལ་ཡང་དག་པར་རྟོགས་པར་འགྱུར་སྟེ་མི་འགྱུར་བར་ཐལ། ཁྱོད་ཀྱིས་བཤད་པའི་འབྱུང་བ་དེ་དག་བདག་ཉིད་གང་ཞིག་གིས་ནི་ཁྱོད་ཀྱི་བློའི་ཡུལ་དུ་འགྱུར་བ་དེའི་བདག་ཉིད་ཅན་མིན་པས་ན་རགས་པའི་དོན་གང་ལ་


DLL1003_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་མུན་པ་འཐུག་པོ་འདི་ཉིད་དུ་ཡོད་པའི་ཕྱིར། ཆོས་ཅན། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི་ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་པར་བྱ་སྟེ། འཇིག་རྟེན་ཕ་རོལ་ལ། སྐུར་བ་འདེབས་པ་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་ཡིན་པའི་ཕྱིར། གང་གི་ཚེ་འབྱུང་བའི་བདག་ཉིད་བདེན་པར་ཡོད་པ་ཉིད་ཁས་ལེན་པ་དེའི་ཚེ་བཞིན་ནོ། །སྔར་མ་བཤད་པའི་འབྱུང་བ་འདི་དག་ལྟ་ཞིག་བདེན་པར་ཡོད་པ་མ་ཡིན་ཏེ། འབྱུང་བ་དེ་དག་ཇི་ལྟར་བདེན་པར་ཡོད་པ་མིན་པ་དེ་ལྟར་བཤད་ཟིན་པའི་ཕྱིར་ཏེ། གང་གི་ཕྱིར་ན་གོང་དུ་རང་གཞན་ལས་དང་། གཉིས་ཀ་ལས་སྐྱེ་བ་དང་རྒྱུ་མེད་ཐུན་མོང་དུ་ནི་བཀག་ཟིན་པ་དེའི་ཕྱིར། གསུམ་པ་ནི། དངོས་པོ་རྣམས་མཐའ་བཞི་ལས་མི་སྐྱེ་ན། ཇི་ལྟར་སྐྱེ་ཞེ་ན། དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་གྲུབ་པ་དང་བྲལ་ཏེ། གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་དང་རྒྱུ་ལ་མ་ལྟོས་པར་ཡོད་པ་མིན་པས་སོ། །གཉིས་པ་ལ་གཉིས། དངོས་དང་། དོན་བསྡུ་བའོ། །དང་པོ་ནི། དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བ་མེད་ན། སྔོན་པོ་ལ་སོགས་པ་ཇི་ལྟར་གཟུང་ཞེ་ན། ཤེས་བྱ་ཆོས་ཅན། གཏི་མུག་གི་སྐྱོན་གྱི་དབང་གིས་མི་མཁས་པས་འདུས་བྱས་ལྟ་ཞིག་སྣ་ཚོགས་པ་བློ་གྲོས་ཀྱིས་ནི་རྟོགས་པར་འགྱུར་ཏེ། གང་གིས་སྤྲིན་ཚོགས་དང་མཚུངས་པའི་གཏི་མུག་འཐུག་པོ་འཇིག་རྟེན་ལ་ཡོད་པ་དེས་ན་ཡུལ་རྣམས་ལོག་པ་དག་ཏུ་སྣང་བར་འགྱུར་བའི་ཕྱིར། ཇི་ལྟར་རབ་རིབ་ཀྱིས་མཐུ་ཡིས་འགའ་ཞིག་ལ་སྐྲ་ཤད་དང་ཟླ་གཉིས་དང་རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་


DLL1003_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལོག་པར་འཛིན་པར་བྱེད་པ་དེ་བཞིན་དུའོ། །ཆོས་ཅན། གལ་ཏེ་གཏི་མུག་ལ་བརྟེན་ནས་ལས་འབྱུང་གི །གཏི་མུག་མེད་པར་ལས་དེ་མི་འབྱུང་ཞེས་བྱ་བར་མི་མཁས་པ་ཁོ་ནས་རྟོགས་པ་སྟེ་དེའི་དབང་དུ་བྱས་པར་གོར་མ་ཆག་སྟེ། དེ་ཁོ་ན་ཉིད་རྟོགས་པའི་བློ་གྲོས་བཟང་པོའི་ཉི་མས་མུན་པ་སྟུག་པོ་རྣམ་པར་བསལ་བའི་མཁས་པ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང་གྲོལ་བར་འགྱུར་བའི་ཕྱིར། གལ་ཏེ་དངོས་པོ་རྣམས་དེ་ཉིད་དུ་མེད་ན། ཐ་སྙད་དུ་ཡང་མོ་ཤམ་བུ་ཇི་བཞིན་དུ་དེ་དག་མེད་པ་ཉིད་དུ་འགྱུར་བ་དེའི་ཕྱིར། དེ་དག་རང་བཞིན་གྱིས་ནི་ཡོད་པ་ཉིད་དོ་ཞེ་ན། ཆོས་ཅན། སྐྲ་ཤད་མཐོང་ལ་མོ་ཤམ་གྱི་བུ་མི་མཐོང་བ་ཇི་ལྟར་ཡིན་ཞེས་རེ་ཞིག་རབ་རིབ་ཅན་དེ་དག་ཉིད་ལ་བརྩད་པར་བྱ་སྟེ། ཕྱི་ནས་མ་རིག་པའི་རབ་རིབ་དང་རྗེས་སུ་འབྲེལ་བ་ལ་བརྩད་རིགས་པར་ཐལ། གང་དག་རབ་རིབ་ཅན་སོགས་ཀྱི་ཡུལ་དུ་འགྱུར་བའི་སྐྲ་ཤད་ལ་སོགས་པ་དེ་དག་མ་སྐྱེས་པས་སོ། །གལ་ཏེ་རྨི་ལམ་གྱི་ཁང་ཁྱིམ་དང་། དྲི་ཟའི་གྲོང་ཁྱེར་དང་བཅས་པ་དང་། སྨིག་རྒྱུའི་ཆུ་དང་། མིག་འཕྲུལ་གྱི་སྐྱེས་པ་བུད་མེད་དང་། གཟུགས་བརྙན་གྱི་བྱད་བཞིན་སོགས་ལ་སྐྱེ་མེད་མཐོང་བ་ན་ཁྱོད་ལ་ཇི་ལྟར་རྨི་ལམ་གྱི་ཁང་ཁྱིམ་ལ་སོགས་མཐོང་བ་དེར་འགྱུར་ལ། མོ་ཤམ་གྱི་བུ་མི་མཐོང་བ་དེ་མི་རིགས་སོ་ཞེས་བརྩད་རིགས་པར་ཐལ། དེ་དག་དང་མོ་ཤམ་གྱི་བུ་ཡོད་པ་ཉིད་མིན་པར་མཚུངས་པའི་ཕྱིར། གཟུགས་སོགས་འདི་ཆོས་ཅན། དོན་དམ་པར་མེད་ན་ཐ་སྙད་དུ་ཡང་མེད་དོ་ཞེས་སྨྲ་བ་འདི་མ་ངེས་པ་ཡིན་ཏེ། གང་གི་ཕྱིར་དེ་ཉིད་དུ་ན་ཇི་ལྟར་སྐྱེ་བ་མེད་ཀྱང་མོ་ཤམ་བུ་ལྟར་འཇིག་རྟེན་གྱི་མཐོང་བའི་ཡུལ་དུ་མི་འགྱུར་བ་མིན་པ་དེའི་ཕྱིར། གཉིས་པ་ནི། རྟག་ཏུ་རང་བཞིན་གྱིས་སྐྱེ་


DLL1003_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡོད་པ་མ་ཡིན་ཏེ། འདི་ལྟར་སྟོན་པས་ཆོས་རྣམས་ཀུན་གདོད་ནས་ཞི་ཞིང་སྐྱེ་བ་དང་བྲལ་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གསུངས་པར་གྱུར་པ་འཐད་པ་དེའི་ཕྱིར་ཏེ། མོ་ཤམ་བུ་ལ་རང་གི་བདག་ཉིད་ཀྱིས་སྐྱེ་བ་དེ་ཉིད་དུ་མེད་ཅིང་། འཇིག་རྟེན་དུ་ཡང་ཡོད་པ་མིན་པ་དེ་བཞིན་དུ་དངོས་པོ་འདི་ཀུན་ངོ་བོ་ཉིད་ཀྱིས་འཇིག་རྟེན་དང་དེ་ཉིད་དུ་མ་སྐྱེས་པ་དེའི་ཕྱིར། དོན་དམ་པར་མེད་ན་མོ་ཤམ་བུ་དང་མཚུངས་པར་ཐལ་བར་མི་འགྱུར་ཏེ། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་འཇིག་རྟེན་གྱི་རབ་ཏུ་གྲགས་པར་ཡོད་པ་ཇི་བཞིན་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་འགྱུར་བས་ནའོ། །གསུམ་པ་ནི། དངོས་པོ་རྣམས་ཆོས་ཅན། རྒྱུ་རྐྱེན་ལ་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར་ཏེ། སྐྱེ་བ་གང་ཞིག །གང་གི་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི་རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས་སྐྱེ་བར་འགྱུར་བ་མ་ཡིན་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། རྟེན་འབྱུང་གི་རིགས་པ་འདི་ཡིས་ནི་ལྟ་བ་ངན་པའི་དྲ་བ་མཐའ་དག་གཅོད་པར་བྱེད་དེ། གང་གི་ཕྱིར་དངོས་པོ་རྟེན་ནས་རབ་ཏུ་འབྱུང་བར་རྟོགས་པས་མཐའ་འཛིན་གྱི་རྟོག་པ་འདི་དག་གིས་བརྟག་པར་མི་ནུས་པ་དེའི་ཕྱིར། ཆོས་ཅན། དངོས་པོ་བདེན་འཛིན་མེད་པར་མཐར་འཛིན་གྱི་རྟོག་པ་འདི་རྣམས་མི་འབྱུང་སྟེ། མཐར་འཛིན་གྱི་རྟོག་པ་རྣམས་དངོས་པོ་བདེན་འཛིན་ཡོད་ན། འབྱུང་བར་འགྱུར་བ་སྟེ་དངོས་པོ་ཇི་ལྟར་བདེན་པར་མེད་པར་ཡོངས་སུ་དཔྱད་ཟིན་པའི་ཕྱིར། དཔེར་ན་བུད་ཤིང་མེད་པར་མེ་ཡོད་པ་མིན་པ་དེ་བཞིན་ནོ། །བཞི་པ་ནི། ཆོས་ཅན། བསྟན་བཅོས་ལས་དེ་ཁོ་ན་ཉིད་ལ་དཔྱད་


DLL1003_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱས་པ་དེ་རྩོད་པ་ལ་ཆགས་པའི་ཕྱིར་དུ་མ་མཛད་ཀྱི་རྣམ་པར་གྲོལ་བའི་ཕྱིར་ན་དེ་ཁོ་ན་ཉིད་བསྟན་ཏེ། སོ་སོའི་སྐྱེ་བོ་རྣམས་ནི་མཐར་འཛིན་གྱི་རྟོག་པས་བཅིངས་ལ། ཕྱིན་ཅི་ལོག་ཏུ་རྣམ་པར་མི་རྟོག་པའི་རྣལ་འབྱོར་པ་ནི་གྲོལ་བར་འགྱུར་བས། མཐར་འཛིན་གྱི་རྟོག་པ་རྣམས་ལོག་པར་གྱུར་པ་གང་ཡིན་པ་དེ་བསྟན་བཅོས་ལས་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པའི་འབྲས་བུར་མཁས་པ་རྣམས་གསུངས་པའི་ཕྱིར། གལ་ཏེ་དེ་ཁོ་ན་ཉིད་རྣམ་པར་བཤད་པ་ན། གཞན་གྱི་གཞུང་གིས་བརྟགས་པ་རྣམས་འཇིག་པར་གྱུར་ན་དབུ་མ་པ་ལ་ཉེས་པ་མེད་དེ། དེའི་ཚེ་གཞན་ཕྱོགས་སྟོབས་ཆུང་བས་རང་ཉིད་འཇིག་པའི་ཕྱིར། ཤེས་བྱ་ཆོས་ཅན། འདོད་ཆགས་དང་ཁོང་ཁྲོ་རྣམ་པར་བསལ་ཏེ་རིགས་པས་རྣམ་པར་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར་ཏེ། རང་གི་ལྟ་བ་ལ་ཆགས་པ་དང་དེ་བཞིན་དུ་གཞན་གྱི་ལྟ་བ་ལ་རྒྱུད་འཁྲུགས་པ་གང་ཡིན་པ་དེ་འཆིང་བྱེད་ཀྱི་རྟོག་པ་ཉིད་ཡིན་པ་དེའི་ཕྱིར་རོ། །གཉིས་པ་གང་ཟག་གི་བདག་མེད་རིགས་པས་བསྒྲུབ་པ་ལ་གསུམ། ཐར་འདོད་ཀྱི་ཐོག་མར་བདག་རང་བཞིན་གྱིས་གྲུབ་པ་དགག་དགོས་པར་བསྟན། བདག་དང་བདག་གི་བ་གཉིས་བར་བཞིན་གྱིས་གྲུབ་པ་འགོག་པའི་ཚུལ། བདག་དང་ཤིང་རྟའི་དཔྱད་པ་དངོས་པོ་གཞན་ལ་ཡང་བསྒྲེ་བར་བསྟན་པའོ། །དང་པོ་ནི། ཐར་པ་དོན་གཉེར་གྱི་རྣལ་འབྱོར་པ་ཆོས་ཅན། བདག་ནི་རང་བཞིན་གྱིས་གྲུབ་པ་འགོག་པར་བྱེད་པའི་རྒྱུ་མཚན་ཡོད་དེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། སྐྱེ་རྒ་ན་འཆི་ལ་སོགས་པའི་སྐྱོན་རྣམས་མ་ལུས་པ་འཇིག་ཚོགས་ལ་ལྟ་བ་ལས་བྱུང་བར་བློ་ཡིས་མཐོང་བར་གྱུར་ཅིང་བདག་ནི་འཇིག་ལྟ་འདིའི་དམིགས་ཡུལ་དུ་རྟོགས་


DLL1003_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས་འཇིག་ལྟ་སྤོང་བར་འདོད་པའི་ཕྱིར། གཉིས་པ་ལ་གཉིས། བདག་རང་བཞིན་གྱིས་གྲུབ་པ་དགག །བདག་གི་བ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ་དྲུག །གཞན་སྡེས་བཏགས་པའི་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་དགག །རང་སྡེས་བཏགས་པའི་ཕུང་པོ་ཉིད་བདག་ཏུ་འདོད་པ་དགག །དེ་གཉིས་ཀྱི་ལྷག་མའི་ཕྱོགས་རྟེན་དང་བརྟེན་པ་སོགས་གསུམ་དགག །དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་གང་ཟག་རྫས་ཡོད་དགག །བདག་བརྟེན་ནས་བཏགས་པ་ཙམ་དུ་བཞག་པ་དཔེ་དང་བཅས་པ། དེ་ལྟར་བཞག་པ་ལ་མཐར་འཛིན་གྱི་རྟོག་པ་སྤང་སླ་བའི་ཡོན་ཏན་ནོ། །དང་པོ་ལ་གཉིས། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། འཇིག་ལྟའི་དམིགས་པ་བདག་དེ་གང་ཞེ་ན། འདི་ལ་གྲངས་ཅན་གྱི་འདོད་པ་བརྗོད་པ་དང་། བྱེ་བྲག་པའི་ལུགས་བརྗོད་པའོ། །དང་པོ་ནི། བདག་དེ་ཟ་བ་པོ་ཡིན་པ་དང་། རྟག་དངོས་དང་རྣམ་འགྱུར་གྱི་བྱེད་པ་པོ་མིན་པ་དང་། ཡོན་ཏན་མེད་པ་དང་བྱ་བ་མེད་པར་མུ་སྟེགས་གྲངས་ཅན་རྣམས་ཀྱིས་བཏགས་སོ། །གཉིས་པ་ནི། བདག་དེའི་དབྱེ་བ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་དུ་གྱུར་ཏེ། བྱེ་བྲག་པ་ན་རེ། བདག་དེ་ཟ་བ་པོ་ཡིན་པ། རྟག་དངོས་ཡིན་པ། བྱེད་པ་པོ་ཡིན་པ། ཡོན་ཏན་དང་ལྡན་པ། བྱ་བ་མེད་པ་ཡོན་ནོ་ཞེས་ཟེར་རོ། །གཉིས་པ་ནི། མུ་སྟེགས་པས་ཇི་ལྟར་བཏགས་པ་དེ་ལྟར་གྱུར་པའི་བདག་ནི་ཆོས་ཅན། དེ་ཁོ་ན་ཉིད་དུ་ཡོད་པ་མིན་ཏེ། སྐྱེ་བ་དང་བྲལ་བའི་ཕྱིར། དཔེར་ན། མོ་ཤམ་གྱི་བུ་ལྟར་རོ། །དེ་ལྟར་


DLL1003_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་བདག་འདི་ནི་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་རྣམ་གཉིས་ཀྱི་ནང་ནས་རྟེན་དམིགས་པར་ཡང་མི་རིགས་ཏེ། མ་སྐྱེས་པའི་ཕྱིར་རོ། །ཆོས་ཅན། ཀུན་རྫོབ་ཏུ་ཡང་ཡོད་པར་མི་འདོད་དེ། ཐ་སྙད་དུ་ཡང་ཚད་མས་མ་གྲུབ་པའི་ཕྱིར། མུ་སྟེགས་པའི་འདོད་པའི་བདག་དེའི་ཁྱད་པར་ཀུན་ཀྱང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གྲངས་ཅན་གྱི་བསྟན་བཅོས་དང་། བྱེ་བྲག་པ་སོགས་ཀྱི་བསྟན་བཅོས་ལས། བདག་དེའི་ཁྱད་པར་མུ་སྟེགས་རྣམས་ཀྱིས་གང་བསྟན་པ་དེ་ཀུན་ལ་མུ་སྟེགས་རང་ལ་གྲགས་པའི་མ་སྐྱེས་པའི་གཏན་ཚིགས་ཀྱི་གནོད་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། ཕུང་པོ་ལས་ངོ་བོ་གཞན་པའི་བདག་མེད་དེ། ཕུང་པོ་གཟུང་བ་མ་གཏོགས་བདག་དེ་ཡན་གར་དུ་འཛིན་པ་མ་གྲུབ་པའི་ཕྱིར། ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་འཛིན་འཇིག་རྟེན་གྱི་ངར་འཛིན་ལྷན་སྐྱེས་ཀྱི་བློའི་དམིགས་རྟེན་དུ་ཡང་མི་འདོད་དེ། དེ་འདྲའི་བདག་དེ་རིག་པ་མིན་པའང་བདག་ཏུ་ལྟ་བའི་ཕྱིར། ཆོས་ཅན། ཕུང་པོ་ལས་ངོ་བོ་གཞན་པའི་བདག་མེད་དེ། སེམས་ཅན་གང་དག་དུད་འགྲོར་བསྐལ་པ་མང་པོར་ཚེ་བརྐྱལ་བར་གྱུར་པ་དེས་ཀྱང་མ་སྐྱེས་རྟག་པའི་བདག་འདི་མ་མཐོང་ལ་ངར་འཛིན་དེ་དག་ལ་ཡང་འཇུག་པར་མཐོང་བ་དེས་ནའོ། །གཉིས་པ་ལ་ལྔ། ཕུང་པོ་བདག་ཏུ་འདོད་པ་ལ་གནོད་བྱེད་བསྟན་པ། དེ་ལྟར་འདོད་མི་རིགས་པའི་སྒྲུབ་བྱེད་བསྟན་པ། ཕུང་པོ་བདག་ཏུ་འདོད་པ་ལ་གནོད་བྱེད་གཞན་བསྟན་པ། ཕུང་པོ་བདག་ཏུ་གསུངས་པ་སོགས་ཀྱི་དགོངས་པ་བཤད་པ། གཞན་གྱི་ལུགས་འབྲེལ་མེད་དུ་བསྟན་པའོ། །དང་པོ་ལ་གཉིས། དངོས་དང་། སྐྱོན་སྤོང་དགག་པའོ། །


DLL1003_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རང་གི་སྡེ་པ་དག་ན་རེ། བདག་ལྟའི་དམིགས་པ་ཕུང་པོ་ཁོ་ན་ཡིན་ཏེ། ཕུང་པོ་ལས་ངོ་བོ་གཞན་པའི་གང་ཟག་གྲུབ་པ་མེད་པའི་ཕྱིར་རོ། །དེའི་ནང་ནས་མང་བཀུར་བ་ཁ་ཅིག་བདག་ལྟའི་རྟེན་དུ་ཕུང་པོ་ནི་ལྔ་ཆར་ཡང་འདོད་དེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དགེ་སློང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་གསུངས་པས་སོ། །མང་བཀུར་བ་ཁ་ཅིག །སེམས་གཅིག་པུ་བདག་ཏུ་འདོད་དེ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་ཐོར་པར་འགྱུར། །ཞེས་པ་དང་། སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་འདུལ་བ་ནི་བདེ་བ་འདྲེན། །ཞེས་རེས་འགའ་བདག་འདུལ་བར་གསུངས། རེས་འགའ་སེམས་འདུལ་བར་གསུངས་པས་སོ། །ཞེས་ཟེར་རོ། །གཉིས་པ་ནི། གལ་ཏེ་ཕུང་པོ་བདག་ཡིན་ན་དེའི་ཕྱིར། བདག་དེ་དག་ཀྱང་མང་པོར་འགྱུར་བར་ཐལ། བདག་ཕུང་གཅིག་གང་ཞིག་ཕུང་པོ་དེ་མང་བས་སོ། །ཤེས་བྱ་ཆོས་ཅན། བདག་ནི་རྫས་སུ་ཡོད་པར་འགྱུར་བར་ཐལ། ཕུང་པོ་བདག་ཡིན་པའི་ཕྱིར། ཕུང་པོ་དེར་ལྟ་བ་ཆོས་ཅན། ཕྱིན་ཅི་ལོག་ཏུ་མི་འགྱུར་བར་ཐལ། རྫས་ལ་འཇུག་པའི་ཡུལ་ཅན་ཡིན་པའི་ཕྱིར། ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་ཚེ་ངེས་པར་བདག་ཆད་པར་འགྱུར་བར་ཐལ། དེའི་ཚེ་ཕུང་པོ་ལྔ་ཆད་པའི་ཕྱིར། རྟགས་ཁས། མྱ་ངན་ལས་འདས་པའི་སྔོན་གྱི་སྐད་ཅིག་དག་ལ་ནི། བདག་ངོ་བོ་ཉིད་ཀྱིས་


DLL1003_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འཇིག་བྱེད་པར་ཐལ། བདག་ཕུང་གཅིག་གང་ཞིག །ཕུང་པོ་ངོ་བོ་ཉིད་ཀྱིས་སྐྱེ་འཇིག་བྱེད་པའི་ཕྱིར། ལས་དེའི་འབྲས་བུ་དང་འབྲེལ་བ་མེད་པར་ཐལ། བྱེད་པ་པོའི་བདག་མེད་པས་སོ། །སྐད་ཅིག་སྔ་མས་བྱས་པའི་ལས་ཀྱི་འབྲས་བུ་སྐད་ཅིག་ཕྱི་མ་རྣམས་སུ་ལོངས་སྤྱོད་པའི་སྐྱོན་མེད་དོ་ཞེ་ན། རྒྱུད་གཞན་གྱིས་བསགས་པའི་འབྲས་བུ་ལ་གཞན་གྱིས་ཟ་བར་འགྱུར་ཏེ། གཞན་གྱིས་བྱས་པའི་ལས་ཀྱི་རྣམ་སྨིན་གཞན་གྱིས་ལོངས་སྤྱོད་པའི་ཕྱིར། འདོད་ན། ལས་བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་འཕྲད་པར་འགྱུར་རོ། །གཉིས་པ་ནི། སྐད་ཅིག་སྔ་ཕྱི་རྣམས་ངོ་བོ་ཉིད་ཀྱིས་གཞན་ཡིན་ཡང་དེ་ཁོ་ན་ཉིད་དུ་རྒྱུད་གཅིག་ཡོད་པས་སྐྱོན་མེད་དོ་ཞེ་ན། དེ་ཡང་མི་འཐད་དེ། ངོ་བོ་ཉིད་ཀྱིས་ཐ་དད་པ་རྣམས་རྒྱུད་གཅིག་ཡིན་པ་ལ་སྔར་རྣམ་པར་དཔྱད་པའི་ཚེ་ཉེས་པ་བཤད་ཟིན་པའི་ཕྱིར། ཕུང་པོ་དང་སེམས་བདག་ཏུ་མི་རིགས་པར་ཐལ། དེ་ལྟ་ན་ལས་མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་ཟོས་པའི་ཉེས་པ་ཡོད་པ་དེའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཕུང་པོ་བདག་མ་ཡིན་པར་ཐལ། ཕུང་པོ་བདག་ཡིན་ན་བདག་དང་འཇིག་རྟེན་མཐའ་དང་ལྡན་པ་ལ་སོགས་པ་ཡིན་དགོས་པ་གང་ཞིག །བདག་དང་འཇིག་རྟེན་མཐའ་དང་ལྡན་པ་ལ་སོགས་མེད་པའི་ཕྱིར་རོ། །གསུམ་པ་ནི། མང་བཀུར་བ་ཁྱོད་ཀྱི་ལྟར་ན་རྣལ་འབྱོར་པས་བདག་མེད་མངོན་སུམ་དུ་མཐོང་བ་ལ་དེའི་ཚེ་ངེས་པར་ཕུང་པོའི་དངོས་པོ་རྣམས་མེད་པར་རྟོགས་པར་འགྱུར་བར་ཐལ། ཕུང་པོ་བདག་ཡིན་པའི་ཕྱིར། དེ་བདག་མེད་མངོན་སུམ་སུ་མཐོང་བའི་ཚེ་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་རྟོགས་པས་སྐྱོན་མེད་


DLL1003_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེ་ན། ཁྱོད་ཀྱི་ཕུང་པོ་དང་སེམས་བདག་ཏུ་མི་འགྱུར་བར་ཐལ། བདག་མེད་མངོན་སུམ་དུ་མཐོང་བ་དེའི་ཚེ་རྟག་པའི་བདག་སྤོང་བ་སྟེ་མེད་པར་མཐོང་བའི་ཕྱིར། ཁྱོད་ཀྱི་ལྟར་ན་རྣལ་འབྱོར་པ་བདག་མེད་མངོན་སུམ་དུ་མཐོང་བ་ཡིས་གཟུགས་སོགས་ཀྱི་དེ་ཉིད་རྟོགས་པར་མི་འགྱུར་བར་ཐལ། དེའི་ཚེ་རྟག་གཅིག་རང་དབང་ཅན་གྱི་བདག་ཙམ་མེད་པར་མཐོང་བའི་ཕྱིར། བདག་མེད་རྟོགས་པ་མཐར་ཕྱིན་པ་འདོད་པའི་སྐྱེས་བུ་ཆོས་ཅན། ད་དུང་འདོད་ཆགས་སོགས་སྐྱེ་བར་འགྱུར་བར་ཐལ། གཟུགས་ལ་བདེན་པར་དམིགས་ནས་འཇུག་པའི་ཕྱིར་དང་། གཟུགས་དེའི་ངོ་བོ་ཡིན་ལུགས་རྟོགས་པ་མེད་པའི་ཕྱིར། བཞི་པ་ལ་ལྔ། བདག་ཏུ་ལྟ་བ་ཐམས་ཅད་ཕུང་པོ་ཁོ་ན་ལ་ལྟ་བར་གསུངས་པའི་དོན་བཤད་པ། མདོ་གཞན་ལ་བརྟེན་ནས་ཕུང་པོ་ཚོགས་ཙམ་བདག་མ་ཡིན་པར་བཤད་པ། ཕུང་པོ་ཚོགས་པའི་དབྱིབས་ཀྱི་བཀོད་པ་བདག་མ་ཡིན་པ། ཕུང་པོ་ཚོགས་ཙམ་བདག་ཏུ་འདོད་པ་ལ་གནོད་བྱེད་གཞན་བསྟན་པ། ཐུབ་པས་བདག་དེ་ཁམས་དྲུག་ལ་སོགས་པ་ལ་བརྟེན་ནས་བཏགས་པར་གསུངས་པའོ། །དང་པོ་ལ་གསུམ། ལུང་གི་དགོངས་པ་དགག་ཕྱོགས་ནས་ཡིན་པ་བསྟན་པ། སྒྲུབ་ཕྱོགས་ནས་ཡིན་དུ་ཆུག་ཀྱང་ཕུང་པོ་བདག་ཏུ་སྟོན་པ་མ་ཡིན་པ། དེ་དག་ལ་གཞན་གྱི་རྩོད་པ་སྤང་པའོ། །དང་པོ་ནི། ཕུང་བདག་ཏུ་འདོད་དེ། གང་གི་ཕྱིར་སྟོན་པས་ཕུང་པོ་བདག་གོ་ཞེས་གསུངས་པ་དེའི་ཕྱིར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་


DLL1003_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་གསུངས་པས་སོ་ཞེ་ན། མདོ་དེས་ནི་ཕུང་པོ་ལས་ངོ་བོ་གཞན་པའི་བདག་འགོག་པ་ཡིན་གྱི། ཕུང་པོ་བདག་ཏུ་སྟོན་པ་མ་ཡིན་ཏེ། མདོ་གཞན་ལས་གཟུགས་བདག་མིན་ཞེས་སོགས་གསུངས་པའི་ཕྱིར་རོ། །དགེ་སློང་ངམ་བྲམ་ཟེ་གང་སུ་དག་ཅིག་ཞེས་སོགས་མདོར་བསྟན་པ་འདིས་ཕུང་པོ་བདག་གོ་ཞེས་བཞེད་པ་མ་ཡིན་ཏེ། གང་གི་ཕྱིར་མདོ་གཞན་ལས་གཟུགས་ཚོར་བདག་མིན་འདུ་ཤེས་ཀྱང་མིན་འདུ་བྱེད་རྣམས་མིན་རྣམ་ཤེས་ཀྱང་བདག་མིན་པར་གསུངས་པ་དེའི་ཕྱིར། གཉིས་པ་ནི། དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཞེས་སོགས་ཀྱི་མདོ་འདིས་ཕུང་པོ་བདག་ཏུ་སྟོན་པ་ཡིན་ཀྱང་། ཕུང་པོའི་ངོ་བོ་རེ་རེ་ནས་བདག་ཏུ་སྟོན་པ་མིན་ཏེ། ཕུང་པོ་བདག་གོ་ཞེས་བརྗོད་པའི་ཚེ་ཕུང་པོ་རྣམས་ཀྱི་ཚོགས་པ་བདག་ཏུ་སྟོན་པ་ཡིན་པའི་ཕྱིར། དཔེར་ན་ཤིང་རྣམས་ནི་ནགས་ཚལ་ལོ་ཞེས་བརྗོད་པའི་ཚེ་ན་ཤིང་གི་ཚོགས་པ་ནགས་ཚལ་ཡིན་གྱི། ཤིང་རེ་རེ་བ་ནགས་སུ་བརྗོད་པ་མ་ཡིན་ཞེས་གཞན་ལ་གྲུབ་པ་དཔེར་བརྗོད་པའོ། །ཕུང་པོ་ཚོགས་པ་བདག་ཡིན་པར་འདོད་དོ་ཞེ་ན། ཕུང་པོ་ཚོགས་པ་ཙམ་ཆོས་ཅན། བདག་དེ་མ་ཡིན་ཏེ། མགོན་མིན་ཞིང་འདུལ་བའམ་དཔང་པོ་ཉིད་ཀྱང་མིན་པའི་ཕྱིར་ཏེ། རྫས་སུ་མེད་པའི་ཕྱིར། གསུམ་པ་ནི། མགོན་དང་འདུལ་བ་དང་དཔང་པོར་མི་འགལ་ཏེ། མགོན་བྱེད་པ་ནི་ཚོགས་པ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། ཚོགས་པ་དང་ཚོགས་པ་ཅན་ངོ་བོ་གཅིག་པའི་ཕྱིར་ན། དེ་ཡང་མི་འཐད་དེ། བདག་གི་སྒྲ་རེས་འགའ་ཕུང་པོ་ཚོགས་པ་ལ་སྦྱོར་ལ་རེས་འགའ་ཚོགས་པ་ཅན་ལ་སྦྱོར་བ་ལ་རིགས་པ་མེད་པའི་ཕྱིར། གཞན་ཡང་། ཤེས་བྱ་ཆོས་ཅན། ཕུང་པོའི་ཚོགས་པ་བདག་ཏུ་འདོད་པ་དེའི་ཚེ་ཤིང་རྟ་དེའི་ཡན་ལག་ཚོགས་པ་ཕྱོགས་


DLL1003_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གནས་པ་རྣམས་ཤིང་རྟ་ཉིད་དུ་འགྱུར་བར་ཐལ། ཤིང་རྟ་དང་བདག་གཉིས་རང་གི་ཡན་ལག་ཚོགས་པ་ལ་འཇོག་མི་འཇོག་མཚུངས་པའི་ཕྱིར། དེ་ཡང་མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་པས་སོ། །གཉིས་པ་ནི་ཕུང་པོ་ལྔ་འདུས་པ་ཙམ་བདག་མ་ཡིན་ཏེ། མདོ་ལས་ཕུང་པོ་ཚོགས་པ་ལ་བརྟེན་ནས་སེམས་ཅན་དུ་འདོགས་པ་ཡིན་པར་གསུངས་པ་དེའི་ཕྱིར། གསུམ་པ་ནི། གལ་ཏེ་ཕུང་པོ་ཚོགས་པའི་དབྱིབས་ཀྱི་བཀོད་པ་དེ་བདག་ཡིན་ནོ་ཞེ་ན། ཁྱོད་ལ་གཟུགས་ཅན་དེ་དག་ཉིད་བདག་ཅེས་བྱ་བར་འགྱུར་གྱི། སེམས་སོགས་ཚོགས་ནི་བདག་ཉིད་དུ་འགྱུར་བ་མིན་པར་ཐལ་ཏེ། གང་གི་ཕྱིར་དབྱིབས་དེ་གཟུགས་ཅན་ལ་ཡོད་པའི་ཕྱིར་དང་། སེམས་སོགས་དེ་དག་ལ་དབྱིབས་ཡོད་པ་མིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ལེན་པ་པོ་བདག་དེ་རང་གི་ཉེ་བར་ལེན་པ་ཕུང་པོ་དང་གཅིག་པའི་དངོས་པོར་རིགས་པ་མ་ཡིན་ཏེ། བདག་ཕུང་གཅིག་ཡིན་པ་དེ་ལྟ་ན་ལས་དང་བྱེད་པོ་གཅིག་ཉིད་དུ་འགྱུར་བའི་ཕྱིར། བཞི་པ་ནི། གལ་ཏེ་བྱེད་པ་པོ་བདག་མེད་ཀྱང་ལས་སུ་བྱ་བ་ཕུང་པོ་འདུས་པ་ཙམ་རང་བཞིན་གྱིས་ཡོད་སྙམ་དུ་བློ་ལ་སེམས་པ་ཡིན་ན། དེ་ཡང་འཐད་པ་མ་ཡིན་ཏེ། གང་གི་ཕྱིར་བྱེད་པ་པོ་མེད་པར་ལས་མེད་པའི་ཕྱིར། ལྔ་པ་ནི། ཤེས་བྱ་ཆོས་ཅན། ངར་འཛིན་ལྷན་སྐྱེས་ཀྱི་བློས་ཕུང་པོ་རེ་རེ་བ་དང་ཚོགས་པ་དེ་རྣམས་ལ་དམིགས་པ་མ་ཡིན་པར་ཐལ། བདག་དེ་ནི་ཕུང་པོ་རེ་རེ་བ་དེ་རྣམས་དང་དེ་ཉིད་མ་ཡིན་ཕུང་པོ་ཚོགས་ཙམ་ཉིད་མིན་པ་དེའི་ཕྱིར་ཏེ། གང་གི་ཕྱིར་ཐུབ་པས་བདག་


DLL1003_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ས་ཆུ་མེ་རླུང་དང་རྣམ་ཤེས་དང་། ནམ་མཁའ་ཞེས་བྱ་བ་ཁམས་དྲུག་དང་ནི་མིག་སོགས་རེག་པ་ཡི་རྟེན་དྲུག་དག་ལ་བརྟེན་ནས་ཉེ་བར་བསྟན་ཞིང་། སེམས་དང་སེམས་བྱུང་གི་ཆོས་རྣམས་གདགས་གཞིར་ཉེ་བར་བཟུང་ནས་ངེས་པར་གསུངས་པ་དེའི་ཕྱིར། ལྔ་པ་ནི། ཤེས་བྱ་ཆོས་ཅན། རྟག་གཅིག་རང་དབང་ཅན་གྱི་བདག་མེད་ཙམ་ཤེས་པས་ཐོག་མ་མེད་པ་ནས་ཞུགས་པའི་བདག་ཏུ་ལྟ་བ་དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར་ཏེ། བདག་མེད་རྟོགས་པའི་ཚེ་རྟག་པའི་བདག་ཙམ་སྤོང་ཞིང་རྟག་པའི་བདག་འདི་ནི་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་རྣམ་གང་གི་རྟེན་ཡུལ་དུའང་མི་འདོད་པ་དེའི་ཕྱིར། དཔེར་ན་རང་གི་ཁྱིམ་གྱི་རྩིག་ཕུག་ན་སྦྲུལ་གནས་པ་མཐོང་ནས་འཇིགས་བཞིན་དུ་གནས་པ་ལ། འདི་ན་གླང་ཆེན་མེད་ཅེས་དོགས་པ་བསལ་ནས་དེས་སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། ཀྱེ་མ་མཁས་པ་གཞན་གྱིས་གནམ་བོར་ཏེ་བཞད་གད་དུ་འགྱུར་བ་ཉིད་བཞིན་ནོ། །གསུམ་པ་ལ་གཉིས། རྟེན་དང་བརྟེན་པ་དང་ལྡན་པའི་ཕྱོགས་དགག་པ། བཀག་པ་རྣམས་ཀྱི་དོན་སྡོམས་ཏེ་བསྟན་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། བདག་ཕུང་ངོ་བོ་ཉིད་ཀྱིས་གྲུབ་པའི་རྟེན་དང་བརྟེན་པར་འདོད་པ་འདི་ཕྱིན་ཅི་ལོག་གི་རྟོག་པས་བཞག་པ་ཡིན་ཏེ། ཕུང་པོ་ལ་བདག་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཞིང་། བདག་ལ་ཡང་ཕུང་པོ་དེ་རྣམས་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་བདག་ཕུང་འདིར་ངོ་བོ་ཉིད་ཀྱིས་གཞན་ཉིད་ཡོད་ན། རྟེན་དང་བརྟེན་པར་ངོ་བོ་ཉིད་ཀྱིས་གྲུབ་པའི་རྟོག་པ་འདིར་འགྱུར་ན་ཡང་བདག་ཕུང་ངོ་བོ་ཉིད་ཀྱིས་གཞན་ཉིད་དེ་མེད་པའི་ཕྱིར། བདག་ནི་གཟུགས་དང་ལྡན་པར་ངོ་བོ་ཉིད་ཀྱིས་མི་འདོད་དེ། གང་གི་ཕྱིར་བདག་ངོ་བོ་ཉིད་ཀྱིས་ཡོད་པ་མིན་པ་དེའི་ཕྱིར།


DLL1003_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཕུང་པོ་དང་ལྡན་པའི་དོན་དུ་སྦྱོར་བ་ངོ་བོ་ཉིད་ཀྱིས་མེད་དེ། གཞན་དང་ལྡན་པ་ནི་ལྷས་བྱིན་གནག་དང་ལྡན་པ་ལྟ་བུ་དང་། གཞན་མིན་པ་དང་ལྡན་པ་ནི་ལྷས་བྱིན་གཟུགས་དང་ལྡན་པ་ལྟ་བུ་ཡིན་ན། བདག་ནི། གཟུགས་ལས་དེ་ཉིད་དང་གཞན་ཉིད་དུ་མེད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཕུང་པོ་དེ་དག་ལ་བདག་ཏུ་ལྟ་བའི་ཆ་ཉི་ཤུར་འདོད་དེ། གཟུགས་བདག་མིན་པ་ལ་བདག་ཏུ་ལྟ་བ་དང་། བདག་ནི་གཟུགས་དང་ངོ་བོ་ཉིད་ཀྱིས་ལྡན་པ་མིན་པ་ལ་དེ་ལྟར་ལྟ་བ་དང་། གཟུགས་ལ་བདག་མེད་བདག་ལའང་གཟུགས་ངོ་བོ་ཉིད་ཀྱིས་ཡོད་པ་མིན་པ་ལ། དེར་ལྟ་བ་སྟེ་དེ་ལྟར་རྣམ་པ་བཞིར་ཕུང་པོ་ཀུན་ལ་ལྟ་བར་ཤེས་པར་བྱ་བའི་ཕྱིར་རོ། །ཀུན་བཏགས་ཀྱིས་བསྡུས་པའི་འཇིག་ཚོགས་ལ་ལྟ་བའི་རི་ལྷུན་སྟུག་པོ་ལ་གནས་པའི་རྩེ་མོ་མཐོ་བར་གྱུར་པ་ཉི་ཤུ་པོ་འདི་དག་ཆོས་ཅན། ཁྱོད་སྤངས་ན་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱེད་དེ། འཇིག་ཚོགས་ལ་ལྟ་བའི་རི་བོ་བདག་མེད་མངོན་སུམ་དུ་གསར་དུ་རྟོགས་པའི་ཡེ་ཤེས་རྡོ་རྗེ་ཡིས་བཅོམ་པ་ན་བཅོམ་པའི་བདག་ཏུ་ལྟ་བ་གང་དང་ལྷན་ཅིག་ཏུ་ཁྱོད་འཇིག་ཅིང་སྤོང་བར་འགྱུར་བའི་ཕྱིར། བཞི་པ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། མང་བཀུར་བ་ཁ་ཅིག་དེ་ཉིད་དང་གཞན་ཉིད་དང་རྟག་མི་རྟག་ལ་སོགས་པར་བརྗོད་དུ་མེད་པའི་གང་ཟག་རྫས་ཡོད་འདོད་ལ། རྣམ་ཤེས་དྲུག་གི་ཤེས་བྱར་ཡང་གང་ཟག་དེ་འདོད་ཅིང་གང་ཟག་དེ་ནི་ངར་འཛིན་ལྷན་སྐྱེས་ཀྱི་གཞི་དམིགས་པར་ཡང་འདོད་པ་ཡིན་ནོ། །གཉིས་པ་ནི། ཤེས་བྱ་ཆོས་ཅན། གལ་ཏེ་བདག་འགའ་དངོས་པོར་གྲུབ་པར་གྱུར་ན། སེམས་ལྟར་གྲུབ་པའི་དངོས་པོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་མི་འགྱུར་བར་ཐལ། གང་གི་ཕྱིར་གཟུགས་ལས་སེམས་དེ་ཉིད་


DLL1003_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞན་དུ་བརྗོད་དུ་མེད་པར་མི་རྟོགས་པ་ལྟར། དངོས་པོར་ཡོད་པ་རྣམས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་རྟོགས་པ་མིན་པ་ཉིད་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འགྱུར་བའི་བདག་གང་ཡིན་པ་དེ་རང་གི་ངོ་བོས་ཡོད་པར་གྲུབ་པར་རྟོགས་པར་མི་བྱ་སྟེ། གང་གི་ཕྱིར་ཁྱོད་ཀྱི་བུམ་པ་རྫས་ཡོད་ཀྱི་དངོས་པོར་མ་གྲུབ་པའི་ངོ་བོ་གཟུགས་སོགས་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འགྱུར་བས་སོ། །བདག་དེ་ཆོས་ཅན། རྫས་ཡོད་ཀྱི་དངོས་མེད་ཡིན་པར་ཐལ། དངོས་པོའི་ཆོས་དེ་ཉིད་དང་གཞན་ཉིད་དང་བྲལ་བའི་ཕྱིར། ཁྱབ་སྟེ། ཁྱོད་ཀྱི་རྣམ་ཤེས་རང་གི་བདག་ཉིད་ལས་གཞན་ཏུ་མི་འདོད་ལ། གཟུགས་སོགས་ལས་གཞན་པའི་དངོས་པོར་འདོད་ཅིང་དངོས་པོ་ལ་གཅིག་དང་ཐ་དད་ཀྱི་རྣམ་པ་དེ་གཉིས་མཐོང་བར་འགྱུར་བ་དེའི་ཕྱིར། ལྔ་པ་ལ་བཞི། བདག་མཐའ་བདུན་དུ་མེད་ཀྱང་བརྟེན་ནས་བཏགས་པ་ཤིང་རྟ་དང་འདྲ་བར་བསྟན། སྔར་མ་བཤད་པའི་ཕྱོགས་ལྷག་མ་གཉིས་རྒྱས་པར་བཤད། དེ་ལྟར་བཤད་པ་ལ་གཞན་གྱིས་རྩོད་པ་སྤང་བ། མིང་གི་ཐ་སྙད་ཀྱི་དོན་གཞན་ཡང་གྲུབ་པར་བསྟན་པའོ། །དང་པོ་ནི། ངར་འཛིན་གྱི་རྟེན་བདག་ནི་ཆོས་ཅན། རང་བཞིན་གྱིས་གྲུབ་པའི་དངོས་པོ་མ་ཡིན་ཏེ། རིགས་པས་དཔྱད་ན་རྫས་སུ་མེད་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། བདག་འདི་ནི་ཕུང་པོ་རྣམས་ལ་བརྟེན་ནས་གྲུབ་པར་འགྱུར་ཏེ། བདག་འདི་ནི་ཕུང་པོ་ལས་དོན་གཞན་མིན། ཕུང་པོའི་ངོ་བོའང་བདག་མིན། ཕུང་པོ་དང་ངོ་བོ་ཉིད་ཀྱིས་རྟེན་དང་བརྟེན་པ་མིན། ཕུང་པོ་དེ་དང་ངོ་བོ་ཉིད་ཀྱིས་ལྡན་པ་མིན་པ་གང་ཞིག །བདག་གི་ཐ་སྙད་བསྙོན་མི་ནུས་པར་མཐོང་བའི་ཕྱིར། དཔེར་ན། ཤིང་རྟ་རང་གི་ཡན་ལག་ལས་དོན་གཞན་


DLL1003_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདོད་པ་མིན། གཞན་མིན་པའི་གཅིག་པ་མིན། ཡན་ལག་དེ་དང་ལྡན་པའང་མིན་ཞིང་ཡན་ལག་ལ་བརྟེན་པ་དང་། ཡན་ལག་དེ་དག་ཤིང་རྟ་དེར་ངོ་བོ་ཉིད་ཀྱིས་བརྟེན་པ་མ་ཡིན། ཡན་ལག་འདུས་པ་ཙམ་ཤིང་རྟ་མིན། ཡན་ལག་གི་དབྱིབས་ཤིང་རྟ་མིན་ཀྱང་ཡན་ལག་ལ་བརྟེན་ནས་ཤིང་རྟར་འདོགས་པ་ཇི་བཞིན་ནོ། །གཉིས་པ་ལ་གཉིས། དངོས་དང་། རིགས་པ་དེ་གཞན་ལ་ཁ་སྤོ་བའོ། །དང་པོ་ལ་གཉིས། ཚོགས་པ་ཤིང་རྟར་འདོད་པ་དགག །དབྱིབས་ཤིང་རྟར་འདོད་པ་དགག་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ཤིང་རྟ་བཤིག་པའི་ཡན་ལག་སིལ་བུར་གནས་པ་ལ་ཤིང་རྟ་ཉིད་ཡོད་པར་འགྱུར་ཏེ། གལ་ཏེ་ཤིང་རྟའི་ཡན་ལག་ཚོགས་ཙམ་ཤིང་རྟར་འགྱུར་བའི་ཕྱིར། ཤིང་རྟའི་ཡན་ལག་ཚོགས་པ་དང་ཡན་ལག་གི་དབྱིབས་ཙམ་ཤིང་རྟར་རིགས་པའང་མ་ཡིན་ཏེ། ཤིང་རྟའི་ཡན་ལག་དག་མེད་པའི་ཕྱིར་ཏེ། གང་གི་ཕྱིར་ཡན་ལག་ཅན་ཤིང་རྟ་མེད་པའི་ཕྱིར་ཏེ། ཤིང་རྟའི་ཡན་ལག་རེ་རེ་བ་དང་ཚོགས་པ་གང་ཡང་ཤིང་རྟ་མ་ཡིན། དེ་མ་ཡིན་པའི་ཤིང་རྟ་མེད་པའི་ཕྱིར། ཕྱི་མ་ཁས། གཉིས་པ་ནི། ཁྱོད་ཀྱི་ཡན་ལག་གི་དབྱིབས་ཤིང་རྟ་ཡིན་ན། ཡན་ལག་རེ་རེ་དབྱིབས་ཤིང་རྟ་ཡིན་ནམ། ཡན་ལག་ཚོགས་པའི་དབྱིབས་ཤིང་རྟ་ཡིན། དང་པོ་ལྟར་ན། ཡན་ལག་མ་བསྒྲིགས་པའི་དུས་ཀྱི་དབྱིབས་དང་ཁྱད་པར་མེད་པའི་དབྱིབས་ཤིང་རྟ་ཡིན་ནམ། དེའི་དུས་ཀྱི་དབྱིབས་དང་མི་འདྲ་པའི་དབྱིབས་ཤིང་རྟ་ཡིན། དང་པོ་ལྟར་ན་ཡན་ལག་བྱེ་བར་


DLL1003_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དེ་དག་ལ་ཇི་ལྟར་ཤིང་རྟ་ཡོད་པ་མ་ཡིན་པ་ལྟར། དེ་ལྟར་ཡན་ལག་མ་བསྒྲིགས་པའི་ཚེ་ཡང་ནི་ཤིང་རྟ་ཡོད་པ་མིན་པར་ཐལ། སྔར་ཡན་ལག་མ་བསྒྲིགས་པའི་ཚེ་དབྱིབས་ཡོད་པར་གྱུར་པ་ཇི་བཞིན་དུ་ཤིང་རྟར་གཏོགས་པ་ལའང་དབྱིབས་དེ་བཞིན་དུ་ཡོད་པ་གང་ཞིག །ཡན་ལག་རེ་རེ་བའི་དབྱིབས་ཙམ་ཤིང་རྟར་འཇོག་པའི་ཕྱིར། གལ་ཏེ་གཉིས་པ་ལྟར་ད་ལྟ་ཉིད་དུ་གྲུབ་པའི་དུས་འདིར་འཕང་ལོ་སོགས་ལ་སྔར་གྱི་ལས་དབྱིབས་མི་མཐུན་པ་ཐ་དད་ཡོད་དོ་ཞེ་ན། ཡན་ལག་སོ་སོ་བའི་དབྱིབས་ཙམ་ཤིང་རྟར་ཡོད་པ་མ་ཡིན་ཏེ། དེ་ལྟ་བུའི་དབྱིབས་འདི་ཡོད་ན་གཟུང་དུ་ཡོད་པར་འགྱུར་ན། དེ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར། ཡན་ལག་ཚོགས་པའི་དབྱིབས་ཤིང་རྟ་ཡིན་ནོ་ཞེ་ན། ཡན་ལག་ཚོགས་པ་གང་ཞིག་རྫས་སུ་ཡོད་པ་ཅི་ཡང་མིན་པ་དེ་ལ་བརྟེན་ནས་སྐབས་འདིར་ནི་དབྱིབས་སུ་ལྟ་ཞིག་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། དབྱིབས་དེ་ཡན་ལག་ཚོགས་ཙམ་གྱིས་བཏགས་ཆོས་མ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་ཁྱོད་ཀྱི་ཚོགས་པ་རྫས་ཡོད་ཅང་མེད་པས་སོ། །ཁྱབ་པ་ཁས། གཉིས་པ་ནི། གལ་ཏེ་ཚོགས་པ་བཏགས་ཡོད་ལ་བརྟེན་ནས་དབྱིབས་བཏགས་ཡོད་འདོགས་པ་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། མི་བདེན་པའི་རྒྱུ་ལ་བརྟེན་པར་བྱས་ནས་འབྲས་བུའི་རྣམ་པ་མི་བདེན་པའི་རང་བཞིན་ཅན་ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་བྱ་སྟེ། ཁྱོད་ཀྱི་ཚོགས་པ་བཏགས་ཡོད་ལ་བརྟེན་ནས་དབྱིབས་བཏགས་ཡོད་འདོགས་པ་འདི་ནི་ལྟར་འདོད་པ་དེ་ལྟར་འཐད་པའི་ཕྱིར། ཤིང་རྟའི་ཡན་ལག་ཚོགས་པ་ཤིང་རྟ་མ་ཡིན་པར་བསྟན་པ་འདིས་ནི་ཆོས་ཅན།


DLL1003_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་གཞན་ཡང་ཡོད་དེ། བུམ་པའི་གཟུགས་སོགས་རྡུལ་བརྒྱད་ཚོགས་པ་དེ་ལྟར་གནས་པ་རྣམས་ལ་བུམ་པའི་བློར་འགྱུར་རོ་ཞེས་བྱ་བའང་རིགས་པ་མིན་པ་ཉིད་དུ་བསྟན་པའི་ཕྱིར་རོ། །བུམ་པའི་གཟུགས་སོགས་ཆོས་ཅན། བུམ་པ་སོགས་དེ་དག་ཁྱོད་ཀྱི་དབྱིབས་སུ་མི་རིགས་ཏེ། ཁྱོད་ཀྱང་རང་བཞིན་གྱིས་ཡོད་པ་མིན་པ་དེའི་ཕྱིར་ཏེ། རང་བཞིན་གྱིས་སྐྱེ་བ་མེད་པས་སོ། །གསུམ་པ་ནི། ཤིང་རྟ་དེ་ནི་ཆོས་ཅན། རྣམ་པ་བདུན་གྱིས་བཙལ་བས་མ་རྙེད་ཀྱང་མེད་མི་དགོས་པར་ཐལ། དེ་ཁོ་ན་ཉིད་དུའང་འཇིག་རྟེན་དུ་རྣམ་པ་བདུན་གྱིས་བཙལ་བའི་འགྲུབ་པ་འགྱུར་བ་མིན་མོད་ཀྱི་རྟགས་དོན་བཙལ་བའི་རྣམ་དཔྱད་མེད་པར་འཇིག་རྟེན་གྱི་ཐ་སྙད་ཉིད་ལས་འདིར་རང་གི་ཡན་ལག་ལ་བརྟེན་ནས་འདོགས་པ་ཡིན་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། ཤིང་རྟ་ལ་མིང་གི་ཐ་སྙད་ཀྱིས་དོན་གཞན་ཡང་གྲུབ་སྟེ། ཤིང་རྟ་དེ་ཉིད་རང་གི་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་དང་ཆ་ཤས་ལ་ལྟོས་ནས་ཆ་ཤས་ཅན་དང་། ཉེ་བར་བླང་བྱ་ལ་བརྟེན་ནས་ཤིང་རྟ་དེ་ཉིད་བྱེད་པ་པོ་ཞེས་འགྲོ་བར་བསྙད་ལ། ཉེ་བར་ལེན་པ་ལ་ལྟོས་ནས་སྐྱེ་བོ་རྣམས་ལ་ལེན་པ་པོ་ཉིད་དུ་འགྲུབ་པའི་ཕྱིར། འཇིག་རྟེན་ན་གྲགས་པའི་ཀུན་རྫོབ་ཤིང་རྟ་ལ་སོགས་པ་མ་བརླག་ཅིག་ཅེས་དངོས་སྨྲ་བ་ལ་བཟློག་པར་བྱ་བ་ཡིན་ཏེ། ཤིང་རྟའི་ཡན་ལག་རེ་རེ་བ་དང་ཚོགས་པ་ཤིང་རྟ་མ་ཡིན། དེ་མ་ཡིན་པའི་ཤིང་རྟ་མེད་པར་ཁས་བླངས་པའི་ཕྱིར། དྲུག་པ་ལ་ལྔ། དངོས་དང་། དེ་ལ་རྩོད་པ་སྤང་བ། ཤིང་རྟ་དང་བདག་གི་ཐ་སྙད་


DLL1003_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དོན་སྦྱར་བ། བརྟེན་ནས་བཏགས་པའི་བདག་ཁས་ལེན་པའི་ཡོན་ཏན་གཞན་བསྟན་པ། འཆིང་གྲོལ་གྱི་གཞིའི་བདག་ངོས་བཟུང་བའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། དབུ་མ་པའི་སྐབས་འདིར་ཤིང་རྟ་དེའི་གྲུབ་པའི་ཚུལ་མ་བརྟགས་པར་གྲུབ་པ་དེ་བཞིན་དུ་འདོད་པར་བྱ་སྟེ། གྲུབ་ཚུལ་དེས་ཀུན་རྫོབ་འཐད་པར་མ་ཟད། དེ་ཁོ་ན་ཉིད་ལའང་བདེ་བླག་ཏུ་འཇུག་པར་འགྱུར་བའི་ཕྱིར་ཏེ། རང་བཞིན་གྱིས་ཡོད་ན་བཏགས་དོན་བཙལ་བའི་ཚེ་རྙེད་དགོས་པ་ལས། བཏགས་དོན་རྣམ་པར་བདུན་གྱིས་བཙལ་བའི་ཚེ་མེད་པའི་ཤིང་རྟ་གང་ཡིན་པ་དེ་ཇི་ལྟ་བུར་ཡོད་ཅེས་རྣལ་འབྱོར་པས་ཤིང་རྟ་འདིའི་ཡོད་པ་མི་རྙེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཤིང་རྟ་མེད་མོད་ཤིང་རྟའི་ཡན་ལག་ཚོགས་ཙམ་རང་བཞིན་གྱིས་ཡོད་དོ་ཞེ་ན། དེའང་མི་འཐད་དེ། ཤིང་རྟ་ཡོད་པ་ཉིན་མིན་ན་དེའི་ཚེ་ཡན་ལག་ཅན་མེད་ཅིང་དེའི་ཡན་ལག་ཀྱང་མེད་པའི་ཕྱིར། སྟོང་ཉིད་རྟོགས་པའི་བློའི་མེས་ཡན་ལག་ཅན་རང་བཞིན་གྱིས་གྲུབ་པ་བསྲེགས་པ་ན་ཡན་ལག་རང་བཞིན་གྱིས་གྲུབ་པ་མེད་པར་རྟོགས་པའི་ཕྱིར། ཤིང་རྟ་ཚིག་ན་ཡན་ལག་མེད་པ་དཔེ་དེ་བཞིན་ནོ། །གསུམ་པ་ནི། ཤེས་བྱ་ཆོས་ཅན། བདག་ཤིང་རྟ་དེ་བཞིན་དུ་ཤེས་པར་བྱ་སྟེ། འཇིག་རྟེན་གྱི་གྲགས་པས་ཕུང་པོ་དང་། ཁམས་དང་དེ་བཞིན་དུ་སྐྱེ་མཆེད་དྲུག་ལ་བརྟེན་ནས་བདག་ཀྱང་ཉེ་བར་ལེན་པ་པོ་ཉིད་དུ་འདོད་ཅིང་། ཉེར་ལེན་ཕུང་པོ་དེ་ལས་ཡིན་ལ་བདག་འདི་ནི་བྱེད་པ་པོའང་ཡིན་པའི་ཕྱིར། བཞི་པ་ནི། བདག་འདི་ནི་ཆོས་ཅན། བརྟེན་


DLL1003_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་ཞིང་མི་བརྟེན་པ་ཉིད་དུ་རང་བཞིན་གྱིས་ཡོད་པ་མིན་ཞིང་། རང་བཞིན་གྱིས་སྐྱེ་འཇིག་མིན་ལ། རྟག་པ་ཉིད་ལ་སོགས་པའང་རང་བཞིན་གྱིས་ཡོད་པ་མིན། དེ་ཉིད་དང་ནི་གཞན་ཉིད་དུའང་རང་བཞིན་གྱིས་མེད་དེ། རང་བཞིན་གྱིས་དངོས་པོར་ཡོད་པ་མིན་པའི་ཕྱིར། ལྔ་པ་ནི། འོ་ན་འཆིང་གྲོལ་གྱི་གཞིར་གྱུར་པའི་བདག་དེ་གང་ཞེ་ན། བདག་བཏགས་དོན་བདུན་གྱིས་བཙལ་བའི་ཚེ་མ་རྙེད་ཀྱང་མ་གྲུབ་པའི་ཉེས་པ་མེད་དེ། གང་ལ་དམིགས་ནས་འགྲོ་བ་རྣམས་ལ་ངར་འཛིན་པའི་བློ་རབ་ཏུ་འབྱུང་ཞིང་། དེའི་བདག་གི་བ་གང་ཡིན་པ་དེར་ང་ཡིར་འཛིན་པའི་བློ་འབྱུང་བའི་བདག་དེ་ནི་མ་བཏགས་པ་གྲགས་པའི་ངོར་གཏི་མུག་ལས་གྲུབ་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བདག་རང་བཞིན་གྱིས་མེད་པར་བདག་གི་བ་རང་བཞིན་གྱིས་ཡོད་པ་མིན་ཏེ། གང་གི་ཕྱིར་བྱེད་པ་པོ་མེད་པ་ཅན་གྱི་ལས་མེད་པ་དེའི་ཕྱིར། བདག་དང་བདག་གི་བ་རང་བཞིན་གྱིས་གྲུབ་པས་སྟོང་པར་ལྟ་ཞིང་། གོམས་པར་བྱེད་པའི་རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར་ཏེ། བདག་དང་བདག་གི་བ་རང་བཞིན་གྱིས་གྲུབ་པ་མེད་པ་དེའི་ཕྱིར། གསུམ་པ་ལ་གསུམ། བུམ་སྣམ་སོགས་ཀྱི་དངོས་པོ་ལ་བསྒྲེ་བ། རྒྱུ་འབྲས་ཀྱི་དངོས་པོ་ལ་བསྒྲེ་བ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། བུམ་པ་དང་། སྣམ་བུ་དང་། རེ་ལྡེ་དང་། དམག་དང་། ནགས་ཚལ་དང་། ཕྲེང་བ་དང་། ལྗོན་ཤིང་དང་། ཁང་ཁྱིམ་དང་། ཤིང་རྟ་ཕྲན་དང་། མགྲོན་གནས་ལ་སོགས་དངོས་པོ་རྣམས་གང་དག་དང་། དེ་བཞིན་གང་དག་གི་སྒོ་ནས་སྐྱེ་བོ་འདིས་


DLL1003_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བསྙད་པ་དེ་རྣམས་མ་བརྟགས་པར་གྲུབ་པ་རྟོགས་པར་བྱ་སྟེ། གང་གི་ཕྱིར་ཐུབ་དབང་དེ་ནི་འཇིག་རྟེན་དང་ལྷན་ཅིག་རྩོད་པ་མི་མཛད་པར་འཇིག་རྟེན་ན་གང་ཡོད་པ་དེ་ཞལ་གྱིས་བཞེས་པའི་ཕྱིར། དངོས་པོ་གང་དག་གི་སྒོ་ནས་ཇི་ལྟར་བསྙད་ཅེ་ན། བུམ་པ་ཡན་ལག་ཅན་དང་གྱོ་མོ་དེའི་ཡན་ལག་དང་། བུམ་པ་ཡོན་ཏན་ཅན་དང་། མེ་རིས་སྔོ་སངས་སོགས་ཡོན་ཏན་དང་། ཡུལ་ལ་ཆགས་པའི་སེམས་ཅན་ཆགས་པ་དང་། ཡུལ་ཡིད་དུ་འོང་བ་ལ་སྲེག་པ་འདོད་ཆགས་དང་། བུམ་པ་མཚན་གཞི་དང་། ལྟོ་ལྡིར་བ་མཚན་ཉིད་དང་ནི། མེ་སྲེག་པར་བྱེད་པ་ལ་སོགས་པ་དང་། བུད་ཤིང་བསྲེག་པར་བྱ་བ་ལ་སོགས་པ་དེ་རྣམས་ཆོས་ཅན། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་པར་མི་བྱ་སྟེ། ཤིང་རྟའི་ཐ་སྙད་ལྟར་བཏགས་དོན་རྣམ་པ་བདུན་གྱིས་རྣམ་དཔྱད་བྱས་པས་ཡོད་པ་མིན་ཞིང་། དེ་ལས་གཞན་དུ་གྱུར་པར་འཇིག་རྟེན་གྱི་གྲགས་པའི་སྒོ་ནས་ཡོད་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། རྒྱུ་འབྲས་གཉིས་ཕན་ཚུན་ལྟོས་གྲུབ་ཡིན་ཏེ། གལ་ཏེ་རྒྱུ་ཡིས་བསྐྱེད་པར་བྱ་བ་སྐྱེད་པ་དེ་ལྟ་ན་དེ་རྒྱུ་ཡིན་ཞིང་། གལ་ཏེ་འབྲས་བུ་མི་སྐྱེད་ན་ནི་སྐྱེད་པ་དེ་མེད་པས་འབྲས་བུ་དེ་རྒྱུ་མེད་ཅན་དུ་འགྱུར་ལ། འབྲས་བུ་ཡང་ནི་རྒྱུ་ཡོད་པར་གྱུར་ན་སྐྱེ་བར་འགྱུར་བ་དེའི་ཕྱིར། གལ་ཏེ་རྒྱུ་འབྲས་རང་བཞིན་གྱིས་གྲུབ་ན་རྒྱུ་གང་ལས་འབྲས་བུ་གང་ཞིག་སྐྱེ་བར་འགྱུར་བ་རྒྱུ་འབྲས་དེ་གཉིས་གང་ཞིག་ལས་སྔར་གང་ཞིག་གྲུབ་པར་འགྱུར་བ་སྨྲོས་ཤིག །རང་བཞིན་གྱིས་གྲུབ་པ་ལ་རྒྱུ་སྔ་བ་མི་རིགས་ཏེ། རྒྱུའི་དུས་སུ་འབྲས་བུ་གྲུབ་དགོས་པའི་ཕྱིར། འབྲས་བུ་


DLL1003_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་བ་མི་རིགས་ཏེ་འབྲས་བུ་རྒྱུ་མེད་དུ་འགྱུར་བའི་ཕྱིར། གལ་ཏེ་ཁྱོད་ཀྱི་རྒྱུ་འབྲས་རང་བཞིན་གྱིས་གྲུབ་ན་རྒྱུ་ཡིས་ཕྲད་ནས་འབྲས་བུ་སྐྱེད་པར་བྱེད་དམ་མ་ཕྲད་པར་སྐྱེད། དང་པོ་ཡིན་པ་དེའི་ཚེ་སྐྱེད་བྱེད་དང་འབྲས་བུ་ངོ་བོ་ཐ་དད་མེད་པར་འགྱུར་བར་ཐལ། རྒྱུ་འབྲས་དེ་དག་ནུས་པ་གཅིག་པས་སོ། །གཉིས་པ་ལྟར་ན་རྒྱུ་འདི་ཆོས་ཅན། རྒྱུ་མིན་རྣམས་དང་ཁྱད་མེད་དུ་འགྱུར་བར་ཐལ། འབྲས་བུ་དང་རང་བཞིན་གྱིས་སོ་སོ་བ་ཡིན་པའི་ཕྱིར། རྒྱུ་ཆོས་ཅན། འབྲས་བུ་རང་བཞིན་གྱིས་མི་སྐྱེད་པར་ཐལ། འབྲས་བུ་དང་ཕྲད་མ་ཕྲད་ཀྱི་སྒོ་ནས་མི་སྐྱེད། ཕྲད་མ་ཕྲད་གཉིས་པོ་འདི་དག་སྤངས་ནས་རྟོག་པ་གསུམ་པ་གཞན་ཡང་ཡོད་པར་འགྱུར་བ་མ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། འབྲས་བུ་ཞེས་བྱ་བ་རང་བཞིན་གྱིས་ཡོད་པ་མིན་ཏེ། ཅི་སྟེ་ཁྱོད་ཀྱི་རྒྱུ་ཡིས་འབྲས་བུ་རང་བཞིན་གྱིས་སྐྱེད་པར་མི་བྱེད་པ་དེའི་ཕྱིར། རྒྱུ་ནི་ཆོས་ཅན། རྒྱུར་འཇོག་པའི་རྒྱུ་མཚན་མེད་པ་ཅན་དུ་འགྱུར་བར་ཐལ། འབྲས་བུ་སྐྱེད་པ་དང་བྲལ་བའི་ཕྱིར། འདོད་ན། དེའང་ཡོད་པ་མིན་ཏེ། རྒྱུ་ཡིན་པར་གྲུབ་པའི་ཕྱིར་རོ། །དབུ་མ་པ་ཆོས་ཅན། བདག་ལ་རྒྱུ་འབྲས་ཕྲད་མ་ཕྲད་བརྟགས་པའི་སྐྱོན་དུ་མི་འགྱུར་ཞིང་འཇིག་རྟེན་པའི་དངོས་པོ་རྣམས་ཀྱང་ཡོད་དེ། གང་གི་ཕྱིར་རྒྱུ་འབྲས་འདི་དག་གཉིས་ཆར་སྒྱུ་མ་དང་འདྲ་བར་རང་བཞིན་གྱིས་མ་གྲུབ་ལ་ཐ་སྙད་དུ་ཡོད་པ་དེའི་ཕྱིར། གསུམ་པ་ལ། རྩོད་པ་དང་། ལན་ནོ། །དང་པོ་ནི་རྒྱུ་འབྲས་ཕྲད་མ་ཕྲད་བརྟགས་པའི་ཉེས་པ་ཁྱོད་རང་ལའང་


DLL1003_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ཏེ། སུན་འབྱིན་འདིས་སུན་དབྱུང་བྱ་ཕྲད་ནས་སུན་འབྱིན་ནམ། མ་ཕྲད་པར་སུན་འབྱིན་པ་ཡིན་ཞེས་པའི་ཉེས་པ་འདིར་ནི་ཁྱོད་ལ་འགྱུར་བ་མིན་ནམ་སྟེ་ཡིན་ཏེ། ཕྲད་ནས་སུན་འབྱིན་ན་ནུས་པ་གཅིག་པས་གང་གིས་སུན་འབྱིན། མ་ཕྲད་པར་སུན་འབྱིན་ན། མ་ཕྲད་པར་མཚུངས་པ་ཐམས་ཅད་ཀྱིས་སུན་འབྱིན་ལ། གཉིས་པོ་འདི་དག་སྤངས་ནས་རྟོག་པ་གསུམ་པ་གཞན་ཡང་ཡོད་པར་འགྱུར་བ་མིན་པའི་ཕྱིར། གང་གི་ཚེ་སུན་འབྱིན་ལྟར་སྣང་དེ་སྐད་སྨྲ་ཞིང་རང་ཕྱོགས་ཁོ་ན་རྣམ་པར་འཇོམས་པ་དེའི་ཚེ། ཁྱོད་ཀྱིས་སུན་དབྱུང་བྱ་སུན་ནི་འབྱིན་པར་ནུས་པ་མིན་ནོ། །གཞན་ཡང་དབུ་མ་པ་ཆོས་ཅན། ཁྱོད་ནི་སྐྱེ་བོ་དམ་པས་བཞེད་པར་མི་འགྱུར་ཏེ། གང་གི་ཕྱིར་རང་གི་ཚིག་ལའང་ཕ་རོལ་པོ་ལ་འཕངས་པའི་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱི་རིགས་པ་མེད་པར་དངོས་པོ་མཐའ་དག་ལ་སྐུར་བ་འདེབས་པ་དེའི་ཕྱིར། ཁྱོད་སུན་ཅི་ཕྱིན་དུ་རྒོལ་བ་པོའང་ཡིན་ཏེ། གང་གི་ཕྱིར་ཁྱོད་ལ་རང་ཕྱོགས་བཞག་ཏུ་མེད་ཅིང་གཞན་ཕྱོགས་སུན་འབྱིན་པ་ཙམ་ལ་ཞུགས་པའི་ཕྱིར་ཞེ་ན། གཉིས་པ་ལ་བཞི། རང་ལ་སུན་འབྱིན་དང་སྒྲུབ་པ་འཐད་ཚུལ། གཞན་གྱི་ཐལ་བ་མི་མཚུངས་པའི་རྒྱུ་མཚན། རང་བཞིན་མེད་པ་སྒྲུབ་ནུས་པ་བཞིན་དུ་བཟློག་སྟེ་སྒྲུབ་མི་ནུས་པ། འདིར་མ་བཤད་པར་སུན་འབྱིན་ལྷག་མ་མ་ཤེས་པར་བྱེད་ཚུལ་ལོ། །དང་པོ་ལ་གཉིས། གཞན་ཕྱོགས་སུན་འབྱིན་ཚུལ། རང་ཕྱོགས་སྒྲུབ་ཚུལ་ལོ། །དང་པོ་ནི། དབུ་མ་པ་ཆོས་ཅན། སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་པར་སུན་ནི་འབྱིན་པར་བྱེད་དམ། འོན་ཏེ་


DLL1003_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲད་ནས་སུན་འབྱིན་པ་ཡིན་ཞེས་སྨྲས་ཟིན་པའི་ཐལ་བར་འགྱུར་བ་འདི་ནི་ཁྱོད་ལ་སྲིད་པ་མིན་ཏེ། དེ་ལྟ་བུའི་ཉེས་པ་འདི་དག་གང་ལ་ངེས་པར་རང་བཞིན་གྱིས་གྲུབ་པ་དམ་བཅའ་བའི་ཕྱོགས་དེ་ལ་སྐྱོན་དུ་འགྱུར་གྱི། བདག་ལ་རང་བཞིན་གྱིས་གྲུབ་པའི་དམ་འཆའ་བའི་ཕྱོགས་འདི་ནི་ཡོད་པ་མིན་པས་སོ། །གཉིས་པ་ནི། ཇི་ལྟར་ཁྱོད་ཀྱིས་ཉི་མའི་དཀྱིལ་འཁོར་ལ་ཡོད་པའི་ཁྱད་པར་རྣམས་གཟུགས་བརྙན་ལའང་བརྟེན་ནས་གཟས་བཟུང་བ་ལ་སོགས་པ་རྣམས་ཀྱི་ཚེ་མཐོང་བར་འགྱུར་ལ། ཉི་མ་དང་ནི་གཟུགས་བརྙན་རྣམ་པར་ཕྲད་པ་དང་མ་ཕྲད་པར་སྐྱེ་ཞེས་བཏགས་དོན་བཙལ་ན་སྐྱེ་བ་མི་རིགས་མོད་ཀྱི་ཉི་མ་ལ་བརྟེན་ནས་གཟུགས་བརྙན་ཐ་སྙད་པ་ཙམ་ཞིག་འབྱུང་བར་འགྱུར་ཞིང་། གཟུགས་བརྙན་མི་བདེན་བཞིན་དུའང་རང་གི་བྱད་བཞིན་མཛེས་པར་བསྒྲུབ་པར་བྱ་བའི་ཕྱིར། གཟུགས་བརྙན་དེ་ལ་ནི་ནུས་པ་ཡོད་པ་ཇི་ལྟར་དེ་བཞིན་དུ་དོན་གྱི་སྐབས་འདིར་ཡང་ཆོས་ཅན། རང་བཞིན་གྱིས་མ་གྲུབ་ཀྱང་རང་ལུགས་བསྒྲུབ་པ་འཐད་དེ། ཤེས་རབ་ཀྱི་གདོད་སྦྱང་བར་བྱ་བ་ལ་ནུས་པ་མཐོང་བར་འགྱུར་བའི་གཏན་ཚིགས་ནི་རང་བཞིན་གྱིས་གྲུབ་པའི་འཐད་པ་དང་བྲལ་བ་ལས་ཀྱང་བསྒྲུབ་བྱ་རང་བཞིན་གྱིས་མེད་པར་རྟོགས་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །གཉིས་པ་ནི། ཤེས་བྱ་ཆོས་ཅན། མ་དག་པའི་ཕྱོགས་ལ། བརྗོད་པའི་སྐྱོན་དག་པའི་ཕྱོགས་ལ་བརྗོད་པ་འདི་ནི་དངོས་སྨྲ་བ་ཁྱོད་ཀྱི་ཡི་ཆད་འབའ་ཞིག་ཡིན་ཏེ། གལ་ཏེ་རང་གི་བསྒྲུབ་བྱ་གོ་བྱེད་གཏན་ཚིགས་ཀྱི་དངོས་པོ་རང་བཞིན་གྱིས་གྲུབ་པ་དང་། དངོས་


DLL1003_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གོ་བྱ་ཉིད་དུ་འགྱུར་བའི་བསྒྲུབ་བྱའི་ངོ་བོའང་རང་བཞིན་གྱིས་ཡོད་ན་རྒྱུ་འབྲས་ཕྲད་པ་ལ་སོགས་པ་རིགས་པ་ཉེ་བར་སྦྱོར་བར་འགྱུར་བ་ཞིག་ན་དེའང་ཡོད་པ་མིན་པས་སོ། །གསུམ་པ་ནི། ཤེས་བྱ་ཆོས་ཅན། དངོས་པོ་རྣམས་མཐའ་དག་རང་བཞིན་གྱིས་དངོས་པོ་མེད་པར་རྟོགས་སུ་གཞུག་པར་ནི་ནུས་པར་ཆེས་སླ་བར་ཇི་ལྟ་བ་དེ་ལྟར། རང་བཞིན་གྱིས་གྲུབ་པ་དབུ་མ་པ་གཞན་དག་ལ་ཁོང་དུ་ཆུད་པར་བདེ་བླག་ཏུ་ནི་ནུས་པ་མིན་ཏེ། གཉིས་ཀ་ལ་གྲགས་པའི་བདེན་པར་གྲུབ་པའི་དཔེ་མེད་པའི་ཕྱིར་རོ། །དངོས་སྨྲ་བ་ཆོས་ཅན། ཁྱོད་ལ་འདིར་སུ་ཞིག་གིས་བཅོལ་ནས་རྟོག་གེ་ངན་པའི་དྲ་བས་འཇིག་རྟེན་ཅི་སྟེ་འཆིང་བར་བྱེད་དེ་བྱེད་མི་རིགས་པར་ཐལ། བདེན་འཛིན་གྱི་རྩོད་པ་འདི་ནི་དོར་བར་བྱ་བ་ཡིན་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། དངོས་སྨྲ་བ་ལ་སུན་འབྱིན་བརྗོད་པའི་ལྷག་མ་རྒྱུ་འབྲས་ཕྲད་མ་ཕྲད་ཀྱི་སུན་འབྱིན་གོང་དུ་བསྟན་པའང་ནི་ཤེས་པར་བྱས་ནས་རྒྱུ་འབྲས་ཕྲད་པ་ལ་སོགས་བརྟགས་ནས་བཀག་པའི་ཕྱོགས་ཀྱི་ཆེད་དུ་སུན་འབྱིན་ལ་ཕྲད་མ་ཕྲད་ཀྱི་སྒོ་ནས་རྩོད་པ་འདིར་རང་ལ་མི་མཚུངས་པའི་ལན་བཏབ་པར་བྱ་སྟེ། རང་བཞིན་གྱིས་མེད་པར་འདོད་པའི་ཕྱོགས་ལ་བཏགས་དོན་འཚོལ་བའི་དཔྱད་པ་མི་འཇུག་པའི་ཕྱིར། དབུ་མ་པ་ཆོས་ཅན། སུན་ཅི་ཕྱིན་དུ་རྒོལ་བ་པོའང་དེ་ལྟར་ཡོད་པ་མིན་ཏེ་རང་ཕྱོགས་ཐ་སྙད་དུ་མ་བཞག་པ་དང་། གཞན་ཕྱོགས་དགག་པ་དོན་དམ་པར་འདོད་པ་གཉིས་ཀ་ཁས་མ་བླངས་པའི་ཕྱིར། བཤད་མ་ཐག་པའི་ཕྱོགས་འདི་ཉིད་ཀྱིས་ཆོས་ཅན། དགོས་པ་ཡོད་དེ། སྔར་དེ་


DLL1003_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་བཤད་པའི་སུན་འབྱིན་པའི་ལྷག་མ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས། སྟོང་ཉིད་ཀྱི་དབྱེ་བ་མདོར་བསྟན། ཕྱེ་བ་སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། བདག་མེད་འདི་ནི་ཆོས་དང་གང་ཟག་གི་དབྱེ་བས་རྣམ་པ་གཉིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འགྲོ་བ་རྣམས་འཁོར་བ་ལས་གྲོལ་བར་བྱ་བའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། དེ་ལྟར་སྟོན་པས་སླར་ཡང་སྟོང་ཉིད་འདི་ཉིད་ནི་གདུལ་བྱ་རྣམས་ལ་ཕྱེ་སྟེ་རྣམ་པ་མང་དུ་གསུངས་ཏེ། སྤྲོས་པ་དང་བཅས་པར་སྟོང་པ་ཉིད་བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། སླར་ཡང་སྟོང་ཉིད་བཞིར་བཤད་ལ་དེ་དག་ནི་ཐེག་ཆེན་དུའང་བཞེད་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། སྟོང་ཉིད་བཅུ་དྲུག་ཏུ་ཕྱེ་བ་དང་། སྟོང་ཉིད་བཞིར་དབྱེ་བའོ། །དང་པོ་ལ་བཅུ་དྲུག་ཡོད་པ་ལས། དང་པོ་ནང་སྟོང་པ་ཉིད་ནི། མིག་ལ་སོགས་པ་དྲུག་པོ་ལི་རང་བཞིན་མེད་པ་ཉིད་གང་ཡིན་དེ་ནི་ཆོས་ཅན། ནང་སྟོང་བ་ཉིད་དུ་འདོད་དེ། ང་བདེན་པས་སྟོང་པའི་སྟོང་ཆ་ཡིན་པའི་ཕྱིར། འོག་མ་རྣམས་ལའང་ཤེས་པར་བྱའོ། མིག་ནི་ཆོས་ཅན། མིག་གི་ངོ་བོ་ཉིད་ཀྱིས་སྟོང་སྟེ། གང་གི་ཕྱིར་མིག་དེའི་རང་བཞིན་དེ་སྟོང་ཉིད་དེ་ཡིན་པའི་ཕྱིར་ཏེ། དོན་དམ་པར་ཐེར་ཟུག་ཏུ་གནས་པ་མིན་པ་དང་། འཇིག་པ་མིན་པ་ཉིད་ཀྱི་ཕྱིར། དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱང་བསྙད་པར་བྱའོ། གི་ཉས་པ་ཕྱི་སྟོང་པ་ཉིད་ནི། ཤེས་བྱ་ཆོས་ཅན། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ།


DLL1003_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཕྱིར་གཟུགས་དེའི་རང་བཞིན་ནི་སྟོང་ཉིད་དེ་ཡིན་པའི་ཕྱིར། སྒྲ་དང་དྲི་རོ་རེག་བྱ་དང་ཆོས་རྣམས་ཉིད་ཀྱང་དེ་བཞིན་ནོ། །གཟུགས་སོགས་རང་བཞིན་མེད་པ་ཉིད་ཆོས་ཅན། ཕྱི་རོལ་སྟོང་པ་ཉིད་དུ་འདོད་དེ། ཞེས་སོ། །གསུམ་པ་གཉིས་ཀ་སྟོང་ཉིད་ནི། ཕྱི་ནང་གཉིས་ཆར་རང་བཞིན་མེད་པ་ཉིད་ཆོས་ཅན། ཕྱི་ནང་སྟོང་པ་ཉིད་ཡིན་ཏེ། ཞེས་སོ། །བཞི་པ་སྟོང་ཉིད་སྟོང་ཉིད་ནི། ཆོས་རྣམས་རང་བཞིན་གྱིས་མེད་པ་ཉིད་ལ་མཁས་པས་སྟོང་པ་ཉིད་ཅེས་བསྙད་པའི་སྟོང་ཉིད་དེའང་སྟོང་ཉིད་ཀྱིས་ངོ་བོས་སྟོང་པར་འདོད་པ་ཡིན་ཏེ། ཆོས་ཐམས་ཅད་བདེན་སྟོང་ཡིན་པའི་ཕྱིར། སྟོང་ཉིད་ཅེས་བྱ་བའི་སྟོང་ཉིད་གང་ཡིན་པ་དེ་ཆོས་ཅན། སྟོང་ཉིད་སྟོང་ཉིད་དུ་འདོད་དེ། ཞེས་སོ། །སྟོང་པ་ཉིད་སྟོང་པ་ཉིད་གསུངས་པ་ཆོས་ཅན། དོན་ཡོད་དེ། སྟོང་ཉིད་དངོས་པོ་སྟེ་བདེན་པར་འཛིན་པའི་བློ་ཅན་གྱི་འཛིན་པ་བཟློག་པའི་ཆེད་ཡིན་པའི་ཕྱིར། ལྔ་པ་ཆེན་པོ་སྟོང་པ་ཉིད་ནི་ཕྱོགས་བཅུ་རྣམས་ཆོས་ཅན། ཆེན་པོ་ཉིད་ཡིན་ཏེ། སེམས་ཅན་སྣོད་ཀྱི་འཇིག་རྟེན་ནི་མ་ལུས་པ་ལ་ཁྱབ་བྱེད་ཉིད་ཡིན་པའི་ཕྱིར་དང་། ཁྱོད་ཚད་མེད་པའི་དཔེ་ཡིས་ཕྱོགས་བཅུའི་སེམས་ཅན་ལ་དམིགས་པའི་བྱམས་པ་སོགས་ཀྱང་མུ་མཐའ་ནི་མེད་པ་སྟེ་ཚད་མེད་པར་གསུངས་པའི་ཕྱིར། ཕྱོགས་འདི་དག་བཅུ་ཆར་ཕྱོགས་རྣམས་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་ནི་གང་ཡིན་པ་དེ་ཆེན་པོ་སྟོང་པ་ཉིད་ཡིན་ལ། དེ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཆེན་པོ་བདེན་པར་འཛིན་པ་བཟློག་པའི་ཆེད་ཡིན་པའི་ཕྱིར། དྲུག་པ་དོན་དམ་སྟོང་ཉིད་ནི་མྱ་ངན་ལས་འདས་


DLL1003_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་ཆོས་ཅན། དོན་དམ་པ་ཡིན་ཏེ། དགོས་པ་མཆོག་ཡིན་པས་སོ། །དོན་དམ་པ་དེ་ནི་དེའི་ངོ་བོ་ཉིད་ཀྱིས་སྟོང་ཉིད་གང་ཡིན་པ་དེ་ནི་དོན་དམ་སྟོང་ཉིད་དེ། དོན་དམ་མཁྱེན་པས་དོན་དམ་པ་སྟོང་པ་ཉིད་ནི་བསྟན་པར་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། མྱང་འདས་དངོས་པོ་སྟེ་བདེན་པར་འཛིན་པའི་བློ་ཅན་གྱི་འཛིན་པ་བཟློག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བདུན་པ་འདུས་བྱས་སྟོང་ཉིད་ནི། ཁམས་གསུམ་པོ་ཆོས་ཅན། འདུས་བྱས་ཡིན་པར་ངེས་པར་བསྙད་དེ། རྐྱེན་ལས་བྱུང་བའི་ཕྱིར། འདུས་བྱས་དེ་ནི་དེའི་ངོ་བོ་ཉིད་ཀྱིས་སྟོང་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། འདུས་བྱས་སྟོང་ཉིད་དུ་གསུངས་ཏེ། ཞེས་སོ། །བརྒྱད་པ་འདུས་མ་བྱས་སྟོང་ཉིད་ནི། ནམ་མཁའ་ཆོས་ཅན། འདུས་མ་བྱས་ཡིན་ཏེ། ཁྱོད་གང་ལ་སྐྱེ་གནས་མི་རྟག་པ་ཉིད་དེ་དག་མེད་པའི་ཕྱིར། འདུས་མ་བྱས་དེ་ནི་དེའི་ངོ་བོ་ཉིད་ཀྱིས་སྟོང་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། འདུས་མ་བྱས་སྟོང་ཉིད་ཡིན་ཏེ། ཞེས་སོ། །དགུ་པ་ཐམས་ཅད་ལས་འདས་པ་སྟོང་ཉིད་ནི། རྟེན་འབྲེལ་གང་ཡིན་པ་དེ་ནི་ཆོས་ཅན། མཐའ་ལས་འདས་པར་བརྗོད་དེ། ཁྱོད་ལ་རྟག་ཆད་ཀྱི་མཐའ་ནི་ཡོད་པ་མིན་པའི་ཕྱིར། མཐའ་ལས་འདས་པ་དེ་ཁོ་ནའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཆོས་ཅན། མཐའ་ལས་འདས་པ་སྟོང་ཉིད་ཅེས་བསྙད་དེ། ཞེས་སོ། །བཅུ་པ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི། འཁོར་བ་ནི་ཐོག་མ་ཐ་མ་མེད་པར་བརྗོད་དེ། ཐོག་མ་དང་པོ་དང་མཐའ་མ་ནི་མཐའ་ཡིན་ལ་དེ་དག་མེད་པས་སོ། །འགྲོ་འོང་རང་བཞིན་གྱིས་གྲུབ་པ་དང་བྲལ་


DLL1003_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རྨི་ལམ་ལྟ་བུའི་སྲིད་པ་འདི་དེའི་ངོ་བོ་ཉིད་ཀྱིས་དབེན་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། ཐོག་མ་དང་ཐ་མ་མེད་པ་སྟོང་ཉིད་དོ་ཞེས་བསྟན་བཅོས་ལས་ནི་ངེས་པར་བསྙད་དེ། ཞེས་སོ། །བཅུ་གཅིག་པ་དོར་བ་མེད་པ་སྟོང་ཉིད་ནི། དོར་བ་ཞེས་བྱ་བ་འཐོར་བ་དང་འབོར་བ་ལ་ནི་ངེས་པར་བརྗོད་ཅིང་དོར་བ་མེད་པ་ནི་ཕར་གཏོང་བ་མེད་པ་སྟེ། ཐེག་ཆེན་གང་ཡིན་པ་དེ་ནི་ཆོས་ཅན། དོར་བ་མེད་པ་ཡིན་ཏེ། ངོ་བོ་དང་དུས་འགར་ཡང་དོར་བྱར་མེད་པའི་ཕྱིར། དོར་བ་མེད་པ་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དེ་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་ཆོས་ཅན། དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བར་བརྗོད་དེ། དོར་བ་མེད་པ་བདེན་པས་སྟོང་པའི་སྟོང་ཆ་ཡིན་པ་དེའི་ཕྱིར་ནའོ། །བཅུ་གཉིས་པ་རང་བཞིན་སྟོང་པ་ཉིད་ནི། འདུས་བྱས་ལ་སོགས་པ་རྣམས་ངོ་བོ་ཉིད་ཆོས་ཉིད་དེ་རང་བཞིན་ཉིད་དུ་བསྙད་པ་ཡིན་ཏེ། གང་གི་ཕྱིར་འདུས་བྱས་ལ་སོགས་ཀྱི་ངོ་བོ་ཆོས་ཉིད་དེ་སློབ་མ་ཉན་ཐོས་དང་། རང་སངས་རྒྱས་དང་། རྒྱལ་སྲས་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་མཛད་པར་དང་པོ་ནས་གཤིས་ལུགས་ཡིན་པའི་ཕྱིར། རང་བཞིན་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དེ་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། རང་བཞིན་སྟོང་པ་ཉིད་ཡིན་ཏེ་ཞེས་སོ། །བཅུ་གསུམ་པ་ཆོས་ཐམས་ཅད་སྟོང་པ་ཉིད་ནི། ཁམས་བཅོ་བརྒྱད་དང་། རེག་པ་དྲུག་དང་། དེ་ལས་བྱུང་བའི་ཚོར་བ་དྲུག་དང་། གཟུགས་ཅན་དང་གཟུགས་ཅན་མིན་པ་དང་། དེ་བཞིན་དུ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཆོས་དེ་དག་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་


DLL1003_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་པ་གང་ཡིན་པ་དེ་ཆོས་ཅན། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ཏེ། ཞེས་སོ། །བཅུ་བཞི་པ་རང་གི་མཚན་ཉིད་སྟོང་པ་ཉིད་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི་གཟུགས་སུ་རུང་བ་ལ་སོགས་པ་བདེན་པའི་དངོས་པོར་མེད་པ་གང་ཡིན་པ་དེ་ནི་ཆོས་ཅན། རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ཏེ། ཞེས་སོ། །གཉིས་པ་ལ་གསུམ། གཞིའི་ཆོས། ལམ་གྱི་ཆོས། འབྲས་བུའི་ཆོས་ཀྱི་རང་གི་མཚན་ཉིད་ཉིད་དོ། །དང་པོ་ནི། གཟུགས་ཀྱི་ཐུན་མོང་མ་ཡིན་པའི་རང་གི་མཚན་ཉིད་གཟུགས་སུ་རུང་བ་ཆོས་ཅན། རང་བཞིན་གྱིས་མེད་དེ། རང་བཞིན་གྱིས་གྲུབ་པའི་གཅིག་དང་དུ་བྲལ་ཡིན་པའི་ཕྱིར། འོག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཚོར་བ་མྱོང་བའི་བདག་ཉིད་ཅན་དང་འདུ་ཤེས་ཀྱི་མཚན་ཉིད་མཚན་མར་འཛིན་པ་དང་། འདུ་བྱེད་ཀྱི་མཚན་ཉིད་སེམས་མངོན་པར་འདུ་བྱེད་པའོ། །རྣམ་ཤེས་རང་གི་མཚན་ཉིད་ཡུལ་ལ་སོ་སོར་རྣམ་པར་རིག་པ། ཕུང་པོའི་རང་གི་མཚན་ཉིད་སྡུག་བསྔལ་བ། ཁམས་ཀྱི་བདག་ཉིད་སྦྲུལ་གདུག་པ་ལྟར་སེམས་ཅན་འཁོར་བར་འཛིན་པར་འདོད་དོ། །སྐྱེ་མཆེད་རྣམས་ཀྱི་རང་གི་མཚན་ཉིད་ནི་སངས་རྒྱས་ཀྱིས་སྐྱེ་བའི་སྒོར་གྱུར་པ་ཉིད་དུ་གསུངས་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་གི་མཚན་ཉིད་རྒྱུ་རྐྱེན་གྱི་འདུ་འཕྲོད་གང་ཡིན་པ་དེ་ནི་ཆོས་ཅན། གཉིས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་གི་མཚན་ཉིད་གཏོང་བའི་སེམས་པ་དང་། ཚུལ་ཁྲིམས་ཀྱི་མཚན་ཉིད་ཉོན་མོངས་པས་གདུང་བ་མེད་པ་དང་བཟོད་པའི་


DLL1003_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཁྲོ་བ་མེད་པ་དང་། བརྩོན་འགྲུས་ཀྱི་མཚན་ཉིད་ཁ་ན་མ་ཐོ་བ་མེད་པའི་དགེ་བ་ལ་སྤྲོ་བ་དང་། བསམ་གཏན་གྱི་མཚན་ཉིད་དགེ་བའི་ཆོས་ཐམས་ཅད་བསྡུས་པའི་སེམས་རྩེ་གཅིག་པ་དང་། ཤེས་རབ་ཀྱི་མཚན་ཉིད་ཆགས་པ་མེད་པ་ཆོས་ཅན། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ཀྱི་མཚན་ཉིད་འདི་དག་ཡིན་པར་མདོ་ལས་བརྗོད་དོ། །བསམ་གཏན་རྣམས་དང་ཚད་མེད་དང་། དེ་བཞིན་དུ་གཞན་གང་ཟག་གཟུགས་མེད་པ་དེ་དག་ཡང་དག་མཁྱེན་པ་ཡིས། མི་འཁྲུག་པའི་མཚན་ཉིད་ཅན་དུ་གསུངས་པ་ཆོས་ཅན། རང་བཞིན་གྱིས་མེད་དེ། ཞེས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་གི་མཚན་ཉིད་ངེས་པར་འབྱུང་བྱེད་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་བདེན་གྱི་འཛིན་གྱི་དམིགས་གཏད་མེད་པས་བདེན་འཛིན་གྱི་རྣམ་པར་དབེན་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་རང་གི་མཚན་ཉིད་མཚན་མ་ཞི་བ་དང་། རྣམ་པར་ཐར་པའི་སྒོ་གསུམ་པ་མཚན་ཉིད་སྡུག་བསྔལ་དང་གཏི་མུག་མེད་པ་དང་། རྣམ་པར་ཐར་པ་རྣམས་ཀྱི་རང་གི་མཚན་ཉིད་སྙོམས་འཇུག་གི་སྒྲིབ་པ་ལས་རྣམ་པར་གྲོལ་བ་བྱེད་པ་ཆོས་ཅན། གསུམ་པ་ནི། སྟོབས་རྣམས་ཤིན་ཏུ་རྣམ་པར་ནི་གཏན་ལ་འབེབས་པའི་རང་བཞིན་དུ་གསུངས་པ་ཆོས་ཅན། སྐྱོབ་པའི་མི་འཇིགས་པ་རྣམས་ནི་ཤིན་ཏུ་བརྟན་པའི་ངོ་བོ་དང་། སོ་སོར་ཡང་དག་པ་རིག་པ་རྣམས་ནི་སྤོབས་པ་ལ་སོགས་པ་རྒྱུན་ཆད་པ་མེད་པའི་མཚན་ཉིད་ཅན་དང་། འགྲོ་བ་ལ་ཕན་པ་ཉེ་བར་སྒྲུབ་པ་ནི་བྱམས་པ་ཆེན་པོ་ཞེས་བྱ་བ་དང་། སྡུག་བསྔལ་


DLL1003_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཡོངས་སུ་སྐྱོབ་པ་ཐུགས་རྗེ་ཆེན་པོ་དང་། རབ་ཏུ་དགའ་བའི་མཚན་ཉིད་ཅན་གྱི་དགའ་བ་དང་། བཏང་སྙོམས་ནི་ཆགས་སྡང་དང་མ་འདྲེས་པའི་མཚན་ཉིད་ཅན་དུ་ཤེས་པར་བྱ་བ་དང་། སངས་རྒྱས་ཆོས་ནི་མ་འདྲེས་པ་བཅུ་དང་བརྒྱད་དུ་གང་འདོད་པ་དག་མི་འཕྲོགས་པའི་རང་གི་མཚན་ཉིད་ཅན་ཡིན་ཏེ། གང་གི་ཕྱིར་སྟོན་པ་སངས་རྒྱས་མི་མཐུན་ཕྱོགས་དེས་མི་འཕྲོགས་པ་དེའི་ཕྱིར། རྣམ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་མཚན་ཉིད་ཅན་དུ་འདོད་ལ། དེ་ལས་གཞན་པའི་ཤེས་པ་ནི་ཡུལ་ཉི་ཚེ་བ་ཙམ་ལ་འཇུག་པ་ཉིད་ཀྱི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཞེས་བྱ་བར་མི་འདོད་པ་ནི་ཆོས་ཅན་ནོ། །གསུམ་པ་ནི། གང་ཞིག་འདུས་བྱས་ཀྱི་མཚན་ཉིད་དང་འདུས་མ་བྱས་པའི་མཚན་ཉིད་གང་དེ་དེ་ཁོ་ནའི་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་དེ་ནི་ཆོས་ཅན། རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ཏེ། ཞེས་སོ། །བཅོ་ལྔ་པ་མི་དམིགས་པ་སྟོང་པ་ཉིད་ནི། ཤེས་བྱ་ཆོས་ཅན། དུས་གང་དུ་དུས་གསུམ་པོ་དེ་དག་ཕན་ཚུན་མི་དམིགས་པ་དེ་ལ་མི་དམིགས་པ་ཞེས་བརྗོད་དེ། ད་ལྟར་བ་འདི་སྐད་ཅིག་གཉིས་པར་མི་གནས་ཤིང་། འདུས་པ་ཞིག་པ་དང་མ་འོངས་པ་མ་སྐྱེས་པས་ད་ལྟ་ཡོད་པ་མ་ཡིན་པའི་ཕྱིར། མི་དམིགས་པ་དེ་རང་གི་ངོ་བོ་ཉིད་དེ་ཡིས་དབེན་པ་ཉིད་གང་ཡིན་པ་དེ་ཆོས་ཅན། མི་དམིགས་པ་ཞེས་བྱ་བའི་སྟོང་པ་ཉིད་ཡིན་ཏེ། མི་དམིགས་པ་བདེན་པས་སྟོང་པའི་ཕྱིར་ཏེ་མི་དམིགས་པ་དོན་དམ་པར་ཐེར་ཟུག་ཏུ་གནས་པ་མིན་


DLL1003_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཇིག་པ་མིན་པས་སོ། །བཅུ་དྲུག་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། དངོས་པོ་རྣམས་ལ་ཆོས་ཅན། འདུས་པ་བའི་ངོ་བོ་རང་བཞིན་གྱིས་མེད་དེ་རྐྱེན་ལས་བྱུང་བའི་ཕྱིར། འདུས་པ་བ་ནི་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཆོས་ཅན། དངོས་པོ་མེད་པ་སྟོང་པ་ཉིད་ཡིན་ཏེ། ཞེས་སོ། །གཉིས་པ་ནི། དངོས་པོའི་སྒྲས་ནི་མདོར་བསྡུས་ན་ཕུང་པོ་ལྔ་རྣམས་བརྗོད་པ་ཡིན་ལ། དེ་རྣམས་དེའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་གང་ཡིན་པ་དེ་ཆོས་ཅན། དངོས་པོ་སྟོང་པ་ཉིད་དུ་བཤད་དེ། ཞེས་སོ། །མདོར་བསྡུས་ནས་ནི་དངོས་པོ་མེད་པ་འདུས་མ་བྱས་ཆོས་རྣམས་ལ་བརྗོད་ལ། དེ་ཉིད་དངོས་མེད་ཀྱི་ངོ་བོ་ཉིད་དེས་སྟོང་པ་ཉིད་ཆོས་ཅན། དངོས་པོ་མེད་པ་སྟོང་པ་ཉིད་ཡིན་ཏེ། ཞེས་སོ། །རང་བཞིན་ངོ་བོ་ཉིད་ཀྱིས་མེད་པ་ནི་ཆོས་ཅན། རང་བཞིན་ཞེས་བྱའི་སྟོང་ཉིད་ཡིན་ཏེ། ཞེས་སོ། །རང་བཞིན་ཆོས་ཉིད་ཆོས་ཅན། རང་བཞིན་ཞེས་ནི་བྱ་བར་བསྙད་དེ། འདི་ལྟར་ཉན་ཐོས་ལ་སོགས་པས་མ་བྱས་པར་དངོས་པོའི་གཤིས་ལུགས་ཡིན་པའི་ཕྱིར། སངས་རྒྱས་རྣམས་ནི་བྱུང་བའམ་མ་བྱུང་ཡང་རུང་དངོས་སུ་ན་དངོས་པོ་ཀུན་གྱི་སྟོང་པ་ཉིད་ནི་གཞན་གྱི་དངོས་པོ་སྟེ་ངོ་བོར་རབ་ཏུ་བསྒྲགས་ལ་ཡང་དག་མཐའ་དང་དེ་བཞིན་ཉིད་རང་བཞིན་གྱིས་མེད་པ་དེ་ཆོས་ཅན། གཞན་གྱི་དངོས་པོའི་སྟོང་པ་ཉིད་ཡིན་ཏེ། གཞན་གྱི་ངོ་བོ་བདེན་པས་སྟོང་པའི་ཆ་ཡིན་པའི་ཕྱིར། སྟོང་ཉིད་དེ་དག་ཆོས་ཅན། མདོ་ལས་བཤད་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་མདོ་ལས་སྔར་བཤད་པ་དེ་སྐད་དུ་རབ་ཏུ་བསྒྲགས་པའི་ཕྱིར།


DLL1003_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི། སྔར་བཤད་པ་དེ་ལྟར་བློ་གྲོས་ཀྱི་འོད་ཟེར་གྱིས་སྣང་བ་གསལ་བར་བྱས་པའི་ས་དྲུག་པ་ལ་གནས་པའི་བྱང་སེམས་ཆོས་ཅན། ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པ་སྙོམས་པར་འཇུག་པར་འགྲོ་སྟེ། རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ་སྲིད་གསུམ་འདི་དག་མ་ལུས་པ་གདོད་ནས་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། དེ་ཆོས་ཅན། འགོག་པ་ལས་སྙོམས་པར་འཇུག་ཀྱང་འགྲོ་བ་སྐྱོབ་པའི་བསམ་པ་འདོར་བ་མ་ཡིན་ཏེ། རྟག་ཏུ་འགོག་པ་འདོད་གསལ་དུ་གཏོགས་པའི་བསམ་པ་དང་ལྡན་པ་ཡིན་མོད་ཀྱི། འགྲོ་བ་མགོན་མེད་པ་རྣམས་ལ་སྙིང་རྗེའང་སྐྱེད་པར་བྱེད་པའི་ཕྱིར། དེ་ཆོས་ཅན། ས་དྲུག་པ་དེའི་གོང་ས་བདུན་པར་བདེ་བར་གཤེགས་པའི་གསུང་ལས་སྐྱེས་པའི་ཉན་ཐོས་སངས་རྒྱས་འབྲིང་པོ་རང་སངས་རྒྱས་དང་བཅས་པ་ནི་མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན་ཏེ། ས་བདུན་པར་འགོག་པ་ལ་སྐད་ཅིག་རེ་རེར་སྙོམས་པར་འཇུག་ལྡང་བྱེད་ནུས་པའི་ཕྱིར། དེ་ནི་ཆོས་ཅན། ཐབས་ཤེས་ཚང་བའི་ལམ་གྱིས་སངས་རྒྱས་སུ་བགྲོད་པ་ཡིན་ཏེ། ཀུན་རྫོབ་རྒྱ་ཆེ་བའི་ལམ་གྱི་རིམ་པ་དང་། དེ་ཁོ་ན་ཉིད་རྟོགས་པའི་ཟབ་མོའི་ལམ་གྱི་རིམ་པའི་གཡས་གཡོན་གྱི་གཤོག་པ་ཡངས་པ་དཀར་པོ་རྒྱས་པར་གྱུར་པའི་ངང་པའི་རྒྱལ་པོ་ཁྱོད་གདུལ་བྱའི་སྐྱེ་བོའི་ངང་པའི་མདུན་དུ་བདར་ནས། དགེ་བའི་རླུང་གི་ཤུགས་ཆེན་པོའི་སྟོབས་ཀྱིས་རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ་བའི་ཕྱིར། དབུ་མ་


DLL1003_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་པའི་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་ལས་དོན་དམ་པའི་སེམས་བསྐྱེད་པ་དྲུག་པ་རྣམ་པར་བཤད་པའོ།། །།ས་བདུན་པ་རིང་དུ་སོང་བ་བཤད་པ་ནི། ས་བདུན་པ་རིང་དུ་སོང་བ་འདིར་གནས་པའི་བྱང་སེམས་འདི་ནི་ཆོས་ཅན། ས་དྲུག་པ་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཐོབ་སྟེ། སྐད་ཅིག་དང་སྐད་ཅིག་ལ་ནི་འགོག་པ་ལ་སྙོམས་པར་འཇུག་པར་འགྱུར་ཞིང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལེགས་པར་འབར་བའང་ཐོབ་པའི་ཕྱིར། དབུ་མ་ལ་འཇུག་པ་ལས་སེམས་བསྐྱེད་པ་བདུན་པ་བཤད་པའོ།། །།ས་འདིར་སྨོན་ལམ་ལྷག་ཅིང་འགོག་པ་ལས་སློང་ཚུལ། ཉོན་མོངས་ཐམས་ཅད་ཟད་པར་བསྟན་པ། དབང་བཅུ་ཐོབ་པར་བསྟན་པའོ། །དང་པོ་ནི། ས་བདུན་པ་ལ་གནས་པའི་བྱང་སེམས་བདག་ཉིད་ཆེན་པོ་དེ་ཆོས་ཅན། གང་དུ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་བའི་ས་མི་གཡོ་བ་དེ་ལ་འཇུག་པའི་རྒྱུ་མཚན་ཡོད་དེ་ཡང་དང་ཡང་ས་བདུན་པ་མན་གྱི་སྔར་གྱི་དགེ་བ་ལས་ལྷག་པ་ཐོབ་པར་བྱ་བའི་ཆེད་དུ་དེ་ལ་འཇུག་པའི་ཕྱིར། ས་བརྒྱད་པ་ལ་གནས་པའི་བྱང་སེམས་འདི་ཆོས་ཅན། སྨོན་ལམ་འབུམ་ཕྲག་གྲངས་མེད་པ་བཏབ་པ་ཤིན་ཏུ་དག་པར་འགྱུར་བ་ཡིན་ཏེ། སྨོན་ལམ་གྱི་ཕར་ཕྱིན་རྫོགས་པའི་ཕྱིར། དེ་ཆོས་ཅན། རྒྱལ་བ་རྣམས་ཀྱིས་འགོག་པ་ལས་སློང་བར་མཛད་པའི་རྒྱུ་མཚན་ཡོད་དེ། ཆད་པའི་མཐར་ལྷུང་བ་སྤང་བའི་ཆེད་དུ་དེ་ལས་སློང་བར་མཛད་པའི་ཕྱིར། གཉིས་པ་ནི། ས་བརྒྱད་པ་


DLL1003_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི་བྱང་སེམས་ཆོས་ཅན། ཉོན་མོངས་པའི་དྲི་མ་དེ་དག་རྩ་བ་དང་བཅས་པ་ཉེ་བར་ཞི་བར་འགྱུར་ཏེ། ཉོན་མོངས་པའི་སྐྱོན་རྣམས་དག་དང་ལྷན་ཅིག་མི་གནས་པར་ཆགས་མེད་པའི་བློ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར་ཐོབ་པའི་ཕྱིར། ཆོས་ཅན། ཉོན་མོངས་ཟད་ཅིང་ས་གསུམ་གྱི་བླ་མར་གྱུར་ཀྱང་སངས་རྒྱས་རྣམས་ཀྱི་ཆོས་རྫོགས་པར་ཐོབ་པའི་ཕྱིར་དུ་བསྒྲིམས་དགོས་ཏེ། དེ་ལྟར་ཡིན་ཀྱང་སངས་རྒྱས་རྣམས་ནི་འབྱོར་བ། མཁའ་ལྟར་མཐའ་དང་བྲལ་བ་མ་ལུས་པ་ཐོབ་པར་ནུས་པ་མིན་པས་དེ་ཐོབ་ཕྱིར་དུ་བརྩོན་དགོས་པའི་ཕྱིར། གསུམ་པ་ནི། ཆོས་ཅན། ལས་ཉོན་གྱི་དབང་གིས་འཁོར་བ་འགགས་ཀྱང་ཚོགས་རྫོགས་པར་བྱེད་པ་མི་འགལ་ཏེ། དབང་བཅུ་པོ་རྣམས་ཐོབ་པར་འགྱུར་ཞིང་དབང་བཅུ་པོ་དེ་དག་གིས་སྲིད་པའི་འགྲོ་བར་རང་གིས་བདག་ཉིད་ཀྱིས་ལུས་སྣ་ཚོགས་སྟོན་པར་བྱེད་པར་འགྱུར་བའི་ཕྱིར། དབུ་མ་ལ་འཇུག་པ་ལས་དོན་དམ་པའི་སེམས་བསྐྱེད་པ་བརྒྱད་པའི་བཤད་པའོ།། །།ས་དགུ་པ་ལེགས་པའི་བློ་གྲོས་ནི། ས་དགུ་པ་ལ་ནི་གནས་པའི་བྱང་སེམས་དེ་ཆོས་ཅན། ས་བརྒྱད་པ་ལས་ཡོན་ཏན་ཁྱད་པར་དུ་འཕགས་པ་ཐོབ་སྟེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་ཞིག་མཐའ་དག་རྫོགས་པར་དག་པར་འགྱུར་ཞིང་། དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པའི་ཆོས་ཀྱི་རང་གི་ཡོན་ཏན་ཡོངས་སུ་དག་པའང་འཐོབ་པའི་ཕྱིར། དབུ་མ་ལ་འཇུག་པ་ལས་དོན་དམ་པའི་སེམས་བསྐྱེད་པ་དགུ་པའི་བཤད་པའོ།། །།༈ ས་བཅུ་པ་ཆོས་ཀྱི་སྤྲིན་ནི། བཅུ་


DLL1003_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ལ་གནས་པའི་བྱང་སེམས་དེ་ཡིས་ཆོས་ཅན། ས་དགུ་པ་མན་ཆད་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཐོབ་སྟེ། ཕྱོགས་ཀུན་ནས་སངས་རྒྱས་རྣམས་ལས་འོད་ཟེར་ཆེན་པོའི་དབང་བསྐུར་བ་དམ་པ་འཐོབ་ཅིང་། ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པར་མཆོག་ཏུ་བྱུང་བར་གྱུར་པའང་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ས་བཅུ་པ་ལས་ཆོས་ཀྱི་སྤྲིན་ཞེས་འདོགས་པའི་རྒྱུ་མཚན་ཡོད་དེ། ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟ་བ་དེ་བཞིན་དུ་འགྲོ་བ་རྣམས་ཀྱི་དགེ་བའི་ལོ་ཐོག་གི་ཆེད་དུ་ས་བཅུ་པ་ལ་གནས་པའི་རྒྱལ་སྲས་ལས་ཀྱང་ལྷུན་གྲུབ་ཏུ་དམ་ཆོས་ཀྱི་ཆར་འབབ་པའི་ཕྱིར། དབུ་མ་ལ་འཇུག་པ་ལས་དོན་དམ་པའི་སེམས་བསྐྱེད་པ་བཅུ་པའི་བཤད་པའོ།། །།གཉིས་པ་ས་བཅུའི་ཡོན་ཏན་བསྟན་པ་ལ་གསུམ། ས་དང་པོའི་ཡོན་ཏན། ས་གཉིས་པ་ནས་བདུན་པའི་བར་གྱི་ཡོན་ཏན། དག་པ་ས་གསུམ་གྱི་ཡོན་ཏན་ནོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ས་དང་པོར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཐོབ་སྟེ། ས་དང་པོ་ཐོབ་པ་དེའི་ཚེ་བྱང་སེམས་འདི་ཡིས་སངས་རྒྱས་བརྒྱ་མཐོང་ཞིང་། བརྒྱ་པོ་དེ་དག་གིས་བྱིན་གྱིས་བརླབས་ཀྱང་སེམས་འདི་ཡིས་རྟོགས་པ་དང་། དེ་ཉིད་ཀྱི་ཚེ་ན་བསྐལ་པ་བརྒྱར་གནས་ཤིང་བསྐལ་པ་བརྒྱར་སྔོན་དང་ཕྱི་མའི་མཐར་ཡང་དག་པར་འཇུག་པ་དང་། བློ་ལྡན་དེས་ཏིང་ངེ་འཛིན་བརྒྱ་ཕྲག་གཅིག་ལ་སྙོམས་པར་འཇུག་ཅིང་བཏང་བར་བྱེད་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་བྱང་སེམས་འདི་ཡིས་ཀུན་ནས་གཡོ་ཞིང་སྣང་བར་ནུས་པ་དང་། དེ་བཞིན་དུ་རྫུ་འཕྲུལ་གྱིས་


DLL1003_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་བརྒྱ་ཕྲག་གཅིག་སྨིན་པར་བྱེད་ཅིང་། བརྒྱ་ཕྲག་གི་གྲངས་དང་རྗེས་སུ་འབྲེལ་བའི་ཞིང་དག་ཏུའང་འགྲོ་བར་འགྱུར་བ་དང་། བྱང་སེམས་དེས་ནི་ཆོས་ཀྱི་སྒོ་བརྒྱ་རྣམས་ཡང་དག་འབྱེད་པར་བྱེད་ཅིང་། ཐུབ་དབང་གི་སྲས་འདིས་རང་གི་ལུས་ལས་ལུས་བརྒྱ་རྣམས་ཀུན་ནས་སྟོན་པར་བྱེད་པའང་ཡིན་པ་དང་། ལུས་རེ་རེ་ཞིང་ཡང་རྒྱལ་བའི་སྲས་པོ་བརྒྱ་ཕྲག་དང་རྗེས་སུ་འབྲེལ་བའང་སྟོན་པའི་རང་གི་འཁོར་དང་བཅས་པས་མཛེས་ཤིང་འབྱོར་བའི་ཕྱིར། གཉིས་པ་ནི། བློ་ལྡན་ས་རབ་ཏུ་དགའ་བར་གནས་པས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག་ནི་ཐོབ་པར་གྱུར་ནས་དེ་བཞིན་ཁོ་ནར་ས་གཉིས་པ་དྲི་མ་མེད་པ་ལ་གནས་པའི་བྱང་སེམས་ཆོས་ཅན། ཡོན་ཏན་དེ་དག་སྟོང་ཕྲག་བཅུ་གཉིས་ནི་ཡང་དག་པར་འཐོབ་པར་འགྱུར་ཏེ། སྐད་ཅིག་མ་གཅིག་ལ་སངས་རྒྱས་སྟོང་གི་ཞལ་མཐོང་བ་ནས། རང་གི་ལུས་སྟོང་པོ་རེ་རེ་ལ་འཁོར་བྱང་སེམས་སྟོང་ཕྲག་རེ་རེས་བསྐོར་བར་སྟོན་པའི་བར་གྱི་ཡོན་ཏན་ཐོབ་པའི་ཕྱིར། ས་གསུམ་པ་ནས་བདུན་པའི་བར་ལྔ་པོ་འདི་དག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡི་ནི་ཡོན་ཏན་སྡེ་ཚན་བཅུ་གཉིས་འཐོབ་སྟེ། ས་གསུམ་པར་ཡོན་ཏན་འབུམ་ཕྲག་བཅུ་གཉིས་དང་། བཞི་པར་བྱེ་བ་བརྒྱ་ཕྲག་བཅུ་གཉིས་འཐོབ་ཅིང་། ས་ལྔ་པ་བ་དེ་ཡིས་ཡོན་ཏན་བྱེ་བ་སྟོང་ཕྲག་བཅུ་གཉིས་འཐོབ་ལ། དེ་ནས་ས་དྲུག་པར་ཡོན་ཏན་བྱེ་བ་བརྒྱ་ཕྲག་སྟོང་འགྱུར་བཅུ་གཉིས་ཡང་འཐོབ་ཅིང་། ས་བདུན་པར་ཡོན་ཏན་བྱེ་བ་ཕྲག་ཁྲག་ཁྲིག་ཕྲག་


DLL1003_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱར་རྫོགས་པར་བསྒྱུར་བ་བཅུ་གཉིས་དང་། སླར་ཡང་སྟོང་ཕྲག་ཏུ་ཡང་དག་པར་ནི་བསྒྱུར་བ་མཐའ་དག་རབ་ཏུ་འཐོབ་པར་འགྱུར་བའི་ཕྱིར། གསུམ་པ་ནི། ས་བརྒྱད་པ་མི་གཡོ་བའི་སར་གནས་པ་བདེན་འཛིན་གྱི་རྣམ་རྟོག་མེད་པའི་བྱང་སེམས་དེ་ཆོས་ཅན། ཡོན་ཏན་ཁྱད་པར་འཐོབ་སྟེ། སྟོང་གསུམ་བརྒྱ་ཕྲག་སྟོང་བསྡོམས་པའི་འཇིག་རྟེན་ན་རྡུལ་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང་གྲངས་མཉམ་པའི་ཡོན་ཏན་དག་ནི་འཐོབ་པར་འགྱུར་བའི་ཕྱིར། ལེགས་པའི་བློ་གྲོས་ཀྱི་ས་ལ་གནས་པའི་བྱང་སེམས་དེ་ཆོས་ཅན། ཡོན་ཏན་ཆེས་ཁྱད་པར་ཅན་ཐོབ་སྟེ། སྔར་བསྟན་པའི་ཡོན་ཏན་དག་གྲངས་མེད་པ་བརྒྱ་ཕྲག་སྟོང་དུ་ཡང་དག་པར་བསྡོམས་པ་ཕྲག་བཅུའི་རྡུལ་ཚད་དང་མཉམ་པའི་ཡོན་ཏན་ཐོབ་པར་འགྱུར་བའི་ཕྱིར། རེ་ཞིག་ས་བཅུ་པ་འདིར་གནས་པའི་བྱང་སེམས་དེ་ཆོས་ཅན། ས་དགུ་པ་མན་ཆད་ལས་ཆེས་ལྷག་པའི་ཡོན་ཏན་འཐོབ་སྟེ། ཁྱོད་ཀྱི་ཡོན་ཏན་དག་ངག་གི་སྤྱོད་ཡུལ་ལས་ཆེས་འདས་པར་འགྱུར་ཞིང་། ངག་གི་སྤྱོད་ཡུལ་མིན་པ་བསྡོམས་པའི་སངས་རྒྱས་ཀྱི་ཞིང་རྣམས་ནི་རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་ཐོབ་པར་འགྱུར་བའི་ཕྱིར་དང་། བ་སྤུའི་ཁུང་བུ་རེ་རེར་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་བགྲང་ལས་འདས་པ་དང་། དེ་བཞིན་དུ་ལྷ་དང་ལྷ་མིན་དང་མི་དག་ཀྱང་སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས་པའི་ཕྱིར།། །།གཉིས་པ་འབྲས་བུའི་ས་ལ་ལྔ། དང་པོར་སངས་རྒྱས་པའི་


DLL1003_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། སྐུ་དང་ཡོན་ཏན་གྱི་རྣམ་གཞག །སྤྲུལ་སྐུ་བསྟན་པ། ཐེག་པ་གཅིག་ཏུ་སྒྲུབ་པ། མངོན་པར་བྱང་ཆུབ་པ་དང་བཞུགས་པའི་དུས་ཀྱིས་བཤད་པའོ། །དང་པོ་ལ་གཉིས། དངོས་དང་། རྩོད་སྤང་ངོ་། །དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། འོག་མིན་དུ་ནི་གང་གི་དོན་དུ་འབད་པར་གྱུར་པའི་གོ་འཕང་མཆོག་ཏུ་ཞི་བ་ཡོན་ཏན་མཐའ་དག་མཐར་ཐུག་ཅིང་། མཚུངས་པ་མེད་པའི་བླ་ན་མེད་པའི་ཡེ་ཤེས་དེ་ཁྱོད་ཀྱིས་བརྙེས་ཏེ། གང་གི་ཕྱིར་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་སྣང་བས་གཟུགས་གསལ་བར་གྱུར་པ་ལྟར། སྔོན་གྱི་ཚེ་སྟོབས་བཅུ་བསྐྱེད་པའི་ས་བཅུ་པ་ལ་ཁྱོད་ཀྱི་སླར་ཡང་འབད་པར་གྱུར་པའི་འབྲས་བུ་མཐར་ཐུག་བརྙེད་པའི་ཕྱིར། ཆོས་ཅན། མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་དེ། རོ་མཉམ་ཉིད་དུ་དེ་ཁོ་ན་ཉིད་ཡང་དག་པར་ཐུགས་སུ་ཆུད་པར་མཛད་པ་མཐར་ཕྱིན་པར་གྱུར་པའི་ཕྱིར་ཏེ། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་ཐོགས་བཅས་ཀྱི་རེག་པ་བཀག་ཙམ་ལས་མ་གཏོགས་པའི་དབྱེ་བ་མེད་པ་དེ་ལྟར་དུ། དངོས་པོས་བྱས་པའི་དབྱེ་བ་འགའ་ཡང་མེད་པའི་དེ་ཁོ་ན་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པ་དེའི་ཕྱིར། གཉིས་པ་ལ་རྩོད་ལན་གཉིས། དང་པོ་ནི། གང་གི་ཚེ་རང་བཞིན་གྱིས་ཞི་བ་དེ་ཁོ་ན་ཉིད་ཡིན་ན་དེ་ལ་བློ་གྲོས་འཇུག་པར་མི་འགྱུར་ཞིང་། བློ་མ་ཞུགས་པར་ཤེས་བྱའི་ཡུལ་ཅན་དུ་ངེས་པར་རིགས་པའང་མིན་ལ། ཡུལ་ཀུན་ནས་ཤེས་པ་མེད་པར་ནི་ཤེས་པར་ཇི་ལྟར་འགྱུར་ཏེ་ཤེས་པར་འགལ་བར་འགྱུར་ལ།


DLL1003_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་ན་དེ་ཁོ་ན་ཉིད་མཁྱེན་པ་པོ་མེད་པར་ཁྱོད་ཀྱིས་གཞན་ལ་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་འདི་ལྟ་བུའོ་ཞེས་སུ་ཞིག་སྟོན་པར་བྱེད་རིགས་ཏེ་མི་རིགས་སོ་ཞེ་ན། གཉིས་པ་ལ་གཉིས། དེ་ཁོ་ན་ཉིད་རྟོགས་པ་མི་འཐད་པའི་རྩོད་པ་སྤོང་བ། མཁྱེན་པ་པོ་མི་འཐད་པའི་རྩོད་པ་སྤོང་བའོ། །དང་པོ་ནི། ཆོས་ཅན། ཆོས་སྟོན་པའི་ཀུན་སློང་གི་རྟོག་པ་མེད་ཀྱང་ཐ་སྙད་བདེན་པ་ལ་ཉེ་བར་བརྟེན་ནས་དེ་ཁོ་ན་ཉིད་རིག་པ་ཡིན་ཏེ། དེ་ཁོ་ན་ཉིད་དེའི་རྣམ་པ་སྟོན་པ་སྟེ་འཛིན་པ་ལས་ཁྱོད་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་བཞག་པའི་ཕྱིར་ཏེ། གང་གི་ཚེ་རང་བཞིན་གྱིས་སྐྱེ་བ་དང་བྲལ་བའི་རྣམ་པ་ཅན་དུ་སྐྱེས་པའི་ཕྱིར། ཇི་ལྟར་སྔོན་པོ་འཛིན་པའི་སེམས་ནི་གང་གི་རྣམ་པ་ཅན་དུ་འགྱུར་བ་དེ་ཡིས་ཡུལ་སྔོན་པོ་དེ་ཡོངས་སུ་ཤེས་པར་བཞག་པ་དེ་བཞིན་ནོ། །གཉིས་པ་ནི། ཆོས་ཅན། ཀུན་སློང་གི་རྣམ་རྟོག་མེད་ཀྱང་ཆོས་སྟོན་པ་མི་འགལ་ཏེ། བསོད་ནམས་ཀྱི་ཚོགས་ཀྱིས་ཟིན་པའི་སངས་རྒྱས་དེའི་ལོངས་སྤྱོད་རྫོགས་སྐུ་དང་། སྤྲུལ་པ་དང་སྤྲུལ་པ་དེའི་མཐུས་ནམ་མཁའ་དང་རྩི་ཤིང་སོགས་གཞན་ལས་སྒྲ་གང་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པ་འབྱུང་བ་དེ་ལས་འཇིག་རྟེན་ཀྱིས་ཀྱང་དེ་ཁོ་ན་ཉིད་རིག་པའི་ཕྱིར། ཆོས་ཅན། ཆོས་འདྲ། ད་ལྟ་རྣམ་རྟོག་སྐྱེས་པའི་རྩོལ་བ་མེད་བཞིན་དུ་ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་ཉིད་ལ་བཞུགས་པ་དེའི་ཕྲིན་ལས་འཇུག་པ་ནི། གདུལ་བྱའི་སྐྱེ་བོའི་དགེ་བ་དང་རང་གི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་འཕངས་པ་ལས་ཆོས་བསམ་གྱིས་མི་ཁྱབ་པའི་


DLL1003_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་འཇིག་རྟེན་འདིར་ཡུན་རིང་དུ་ཆེས་འབད་པས་བསྐོར་བའི་འཁོར་ལོ་ནི། རྫ་མཁན་དེའི་རྩོལ་བ་དེ་ལྟར་སྐྱེས་པ་མེད་བཞིན་དུའང་འཁོར་ཞིང་བུམ་པ་ལ་སོགས་པའི་རྒྱུར་མཐོང་བ་ལྟར་དེ་བཞིན་ནོ། །གཉིས་པ་ལ་གཉིས། སྐུའི་རྣམ་གཞག་དང་། སྟོབས་ཀྱི་ཡོན་ཏན་གྱི་རྣམ་གཞག་གོ །དང་པོ་ལ་གསུམ། ཆོས་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། རྒྱུ་མཐུན་གྱི་སྐུ་བཤད་པའོ། །དང་པོ་ནི། གཉིས་སྣང་གི་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པས་དྲི་མ་མཐའ་དག་དང་བྲལ་བའི་དེ་ཁོ་ན་ཉིད་ཞི་བ་དེ་ཆོས་ཅན། རྒྱལ་བ་རྣམས་ཀྱི་ཆོས་སྐུ་སྟེ། དྲི་མ་མཐའ་དག་དང་བྲལ་བའི་དེ་བཞིན་ཡིན་པའི་ཕྱིར། ལོངས་སྤྱོད་རྫོགས་སྐུ་ཆོས་ཅན། སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཆོས་སྐུ་དེ་མངོན་སུམ་མཛད་དེ། སེམས་སེམས་བྱུང་གི་རྣམ་རྟོག་འགགས་པའི་སྒོ་ནས་དེ་ཁོ་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པའི་ཕྱིར། གཉིས་པ་ནི། འདི་ནི་ཆོས་ཅན། སྤྲོས་པ་ཞི་བའི་སྐུ་ཡིན་ཡང་སེམས་ཅན་གྱི་དེ་དོན་མཛད་པའི་ནུས་པ་གསལ་བར་གྱུར་པ་ཡིན་ཏེ། དཔག་བསམ་གྱི་ཤིང་ལྟ་བུ་དང་ཡིད་བཞིན་གྱི་ནོར་བུ་ཇི་བཞིན་དུ་རྣམ་པར་མི་རྟོག་བཞིན་དུ་མཉམ་བཞག་ཏུ་གཉིས་སྣང་གི་སྤྲོས་པ་དང་བྲལ་བའི་བྱང་སེམས་ལ་སྣང་བར་འགྱུར་བའི་སྒོ་ནས་འགྲོ་བ་ཐམས་ཅད་གྲོལ་གྱི་བར་དུ་འཇིག་རྟེན་གྱི་འབྱོར་བའི་སླད་དུ་རྟག་པར་བཞུགས་པའི་ཕྱིར། གསུམ་པ་ལ་གསུམ། སྐུ་དང་བ་སྤུའི་ཁུང་བུ་


DLL1003_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་རང་གི་སྤྱོད་པ་ཀུན་སྟོན་ཚུལ། གནས་དེར་གཞན་གྱི་སྤྱོད་པ་ཀུན་སྟོན་ཚུལ། བཞེད་པ་ལ་མངའ་བསྒྱུར་བ་ཕུན་སུམ་ཚོགས་པ་བཤད་པའོ། །དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། རང་གི་སྤྱོད་ཚུལ་ཀུན་སྐུའི་བ་སྤུའི་ཁུང་བུ་རེ་རེར་སྟོན་ནུས་པ་ཡིན་ཏེ། དུས་གཅིག་ཁོ་ནར་ཐུབ་དབང་གི་ལོངས་སྤྱོད་རྫོགས་སྐུ་དེའི་རྒྱུ་མཐུན་གྱི་གཟུགས་སྐུ་གཅིག་ལ། རང་གི་སྐྱེ་བའི་གནས་སྐབས་ད་ལྟ་འགགས་པ་གསལ་བ་དང་། མ་འཆོལ་བ་སྔར་བྱུང་ཚུལ་ནི་མ་ལུས་ཀྱིས་བཀྲ་བ་མཐའ་དག་སྟོན་པར་མཛད་པའི་ཕྱིར་དང་། སངས་རྒྱས་ཀྱི་ཞིང་ཇི་འདྲར་ཐུབ་དབང་དེ་དང་། སངས་རྒྱས་དེ་དག་གི་སྐུ་དང་སྤྱོད་པའི་མཐུ་སྟོབས་ཅི་འདྲ་དང་། འཁོར་ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་ཇི་ལྟ་བ་དང་། ཞིང་དེར་བྱང་སེམས་རྣམས་གཟུགས་ཇི་འདྲ་དང་། ཇི་འདྲའི་ཆོས་བསྟན་པ་དང་། ཞིང་དེར་བདག་ཇི་འདྲར་གྱུར་པ་དང་། ཆོས་ཐོས་ནས་སྤྱོད་པ་གང་ལ་སྤྱོད་པ་དང་། སངས་རྒྱས་སྲས་བཅས་དེ་དག་ལ་སྦྱིན་པ་གང་ཇི་ཙམ་ཕུལ་བ་དེ་ནི་མ་ལུས་པ་སྐུ་གཅིག་ལ་སྟོན་པར་མཛད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་། ཤེས་རབ་ལ་སྤྱོད་པའི་ཚེ་སྔར་གྱི་གནས་སྐབས་གང་མ་ཚང་བ་མེད་པ་དེ་དག་དང་། སྔོན་གྱི་རང་ཉིད་ཀྱི་སྤྱོད་པ་ཀུན་བ་སྤུའི་ཁུང་བུ་ནའང་གསལ་བར་སྟོན་པའི་ཕྱིར། གཉིས་པ་ནི། ཆོས་ཅན། གཞན་གྱི་སྤྱོད་ཚུལ་ཀུན་སྐུའི་བ་སྤུའི་ཁུང་བུ་རེ་རེར་སྟོན་ནུས་པ་ཡིན་ཏེ། སངས་རྒྱས་གང་དག་འདས་པ་དང་འབྱུང་བར་འགྱུར་བ་གང་དང་གང་དག་དེ་ལྟར་ནམ་མཁའི་མཐར་


DLL1003_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པར་གསུང་གི་གདངས་མཐོན་པོས་ཆོས་སྟོན་པས། སྡུག་བསྔལ་གྱིས་བཟུང་བའི་འགྲོ་བ་རྣམས་དབུགས་འབྱིན་ཞིང་འཇིག་རྟེན་ན་བཞུགས་པ་དང་། དང་པོའི་ཐུགས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་སྙིང་པོའི་བར་དུ་སངས་རྒྱས་དེ་དག་གི་སྤྱོད་པ་ཀུན་དངོས་པོ་རྣམས་མིག་འཕྲུལ་གྱི་རང་བཞིན་ལྟ་བུར་མཁྱེན་ནས། བདག་གིས་སྤྱོད་ཚུལ་སྟོན་པ་དེ་བཞིན་དུ་བ་སྤུའི་ཁུང་བུར་དུས་གཅིག་ལ་ནི་གསལ་བར་སྟོན་པའི་ཕྱིར་དང་། དེ་བཞིན་དུ་དུས་གསུམ་གྱི་བྱང་སེམས་དང་རང་རྒྱལ་འཕགས་པ་དང་། ཉན་ཐོས་མ་ལུས་ཀྱི་སྤྱོད་པ་དང་། དེ་དག་གི་ལྷག་མ་སོ་སོ་སྐྱེ་བོའི་གནས་སྐབས་ནི་ཐམས་ཅད་བ་སྤུའི་ཁུང་བུར་དུས་གཅིག་གི་ཚེ་སྟོན་པའི་ཕྱིར། གསུམ་པ་ནི། ཆོས་ཅན། བཞེད་པ་ལ་མངའ་བསྒྱུར་བ་ཕུན་སུམ་ཚོགས་པ་ཡིན་ཏེ། དག་པ་ཁྱོད་ཀྱི་མཛད་པ་འདི་ནི་བཞེད་པ་ཙམ་གྱིས་འཇུག་པའི་སྒོ་ནས་རྡུལ་གཅིག་གི་ཡུལ་ལ་ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་སྟོན་པ་དང་། འཇིག་རྟེན་མཐའ་ཡས་པའི་ཕྱོགས་རྡུལ་གཅིག་གིས་ཁྱབ་པར་སྟོན་མོད། རྡུལ་གཅིག་པོ་དེ་རགས་པར་མི་འགྱུར་ལ་འཇིག་རྟེན་ཕྲ་བར་མི་འགྱུར་བའི་ཕྱིར་དང་། རྣམ་རྟོག་མི་མངའ་བ་ཁྱོད་ཀྱིས་སྲིད་པའི་མཐའི་བར་དུ་སྐད་ཅིག་དེ་རེ་རེ་ལ། སྤྱོད་པ་སྣ་ཚོགས་ཇི་སྙེད་སྟོན་པ་དེ་སྙེད་འཛམ་བུའི་གླིང་མ་ལུས་པའི་རྡུལ་གང་དེ་སྙེད་ལ་གྲངས་དེ་མེད་པའི་ཕྱིར། གཉིས་པ་ལ་བཞི། སྟོབས་བཅུ་མདོར་བསྟན། རྒྱས་པར་བཤད། ཡོན་ཏན་ཀུན་རྗོད་མི་ནུས་པའི་ཚུལ། ཡོན་ཏན་གཉིས་ཤེས་པའི་ཕན་ཡོན་བསྟན་པའོ། །


DLL1003_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། སངས་རྒྱས་ཀྱི་སྟོབས་ནི་ཆོས་ཅན། དབྱེ་ན་བཅུ་པོ་འདི་དག་ཡོད་དེ། གནས་དང་གནས་མིན་པ་མཁྱེན་པའི་སྟོབས་དང་། དེ་བཞིན་དུ་ལས་ཀྱི་རྣམ་སྨིན་མཁྱེན་པའི་བློ་སྟོབས་དང་། མོས་པ་སྣ་ཚོགས་ཐུགས་སུ་ཆུད་པའི་སྟོབས་དང་། ཁམས་ནི་སྣ་ཚོགས་མཁྱེན་པའི་སྟོབས་དང་། དེ་བཞིན་དུ་དབང་པོ་མཆོག་དང་མཆོག་མིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་ཐར་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་སོགས་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། དེ་བཞིན་དུ་འཕོ་བ་དང་སྐྱེ་བ་མཁྱེན་པའི་བློ་སྟོབས་དང་། ཟག་པ་རྣམས་ཟད་པ་མཁྱེན་པའི་སྟོབས་རྣམས་ཡོད་པའི་ཕྱིར། གཉིས་པ་ནི། ཆོས་ཅན། གནས་དང་གནས་མིན་པ་མཁྱེན་པའི་སྟོབས་སུ་བཤད་པ་དེ་མངའ་སྟེ། རྒྱུ་གང་ཞིག་ལས་འབྲས་བུ་གང་ཞིག་ངེས་པར་སྐྱེ་བར་འགྱུར་བའི་རྒྱུ་དེ་ནི་འབྲས་བུ་དེའི་གནས་སུ་དེ་མཁྱེན་པ་རྣམས་ཀྱིས་གསུངས་ལ། སྔར་བཤད་པ་ལས་བཟློག་པ་གནས་མིན་པའི་ཤེས་བྱ་མཐའ་ཡས་པ་ལ་མཁྱེན་པ་ཐོགས་པ་སྤངས་པ་དེ་ནི་བརྙེས་པའི་ཕྱིར། ཆོས་ཅན། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་སུ་འདོད་པ་བརྙེས་ཏེ། འདོད་པ་དགེ་བ་དང་མི་འདོད་པ་མི་དགེ་བ་དང་། དེ་གཉིས་ལས་བཟློག་པ་ལས་འདྲེན་མ་དང་། ལས་ངན་ཟད་པར་བྱེད་པའི་དངོས་པོའི་ལས་དང་། དེའི་རྣམ་སྨིན་ཤིན་ཏུ་སྣ་ཚོགས་ལའང་མཁྱེན་པ་ནུས་མཐུ་ཐོགས་མེད་སོ་སོར་འཇུག་པར་འགྱུར་


DLL1003_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བ་དུས་གསུམ་གྱི་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་མཛད་པ་དེ་ནི་བརྙེས་པའི་ཕྱིར། ཆོས་ཅན། མོས་པ་སྣ་ཚོགས་ཐུགས་སུ་ཆུད་པའི་སྟོབས་ཞེས་བྱ་བ་བརྙེས་ཏེ། འདོད་ཆགས་སོགས་ཀྱིས་འབྱུང་བའི་སྟོབས་ཀྱིས་འདོད་པ་ནི་ཤིན་ཏུ་སྣ་ཚོགས་པ་དམན་པ་དང་། འབྲིང་དང་། གང་ཡང་ཁྱད་འཕགས་སུ་འདོད་པ་དང་། དེ་ལས་གཞན་པའི་སྤྱོད་པ་རྣམས་ཀྱིས་གཡོགས་པའི་མོས་པ་ལའང་མཁྱེན་པ་ནི་དུས་གསུམ་གྱི་འགྲོ་བ་མ་ལུས་པ་ལ་ཁྱབ་པའི་ཕྱིར། ཆོས་ཅན། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་སུ་འདོད་པ་དེ་བརྙེས་ཏེ། སངས་རྒྱས་ཁམས་ཀྱི་རྣམ་པར་དབྱེ་བ་ལ་མཁས་པ་རྣམས་ཀྱིས་མིག་སོགས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ཁམས་སུ་གསུངས་པའི་རྣམ་པ་ཀུན་གྱི་ཁམས་ཀྱི་ཁྱད་པར་ལ་རྫོགས་པའི་སངས་རྒྱས་ཁྱེད་རྣམས་ཀྱི་མཁྱེན་པ་མཐའ་ཡས་པར་འཇུག་པའི་ཕྱིར། ཆོས་ཅན། དབང་པོ་མཆོག་དང་མཆོག་མིན་པ་མཁྱེན་པའི་སྟོབས་སུ་གསུངས་པ་དེ་བརྙེས་ཏེ། ཀུན་ཏུ་རྟོག་སོགས་དང་དད་པའི་དབང་པོ་སོགས་ཆེས་རྣོ་བ་ཉིད་ནི་མཆོག་ཏུ་བཞེད་ལ། འབྲིང་གི་གནས་སྐབས་དང་བརྟུལ་བ་ཉིད་མཆོག་མིན་པར་བཤད་པ་དང་། མིག་ལ་སོགས་པ་དབང་པོ་ཉེར་གཉིས་དང་དབང་པོ་རྣམས་ཕན་ཚུན་ཕན་པ་སྒྲུབ་ནུས་པའི་ཆུབ་པ་ལ་རྣམ་པ་ཐམས་ཅད་དུ་མཁྱེན་པ་ཆགས་མེད་དུ་འཇུག་པའི་ཕྱིར། ཆོས་ཅན། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སུ་འདོད་པ་དེ་བརྙེས་ཏེ། ལམ་འགའ་རྒྱལ་བ་ཉིད་དང་འགའ་ཞིག་རང་རྒྱལ་གྱི་བྱང་ཆུབ་དང་ནི་ཉན་ཐོས་


DLL1003_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བྱང་ཆུབ་དང་། ཡི་དྭགས་དང་དུད་འགྲོ་དང་ལྷ་མི་རྣམས་དང་། དམྱལ་བ་ལ་སོགས་པར་འགྲོ་བ་དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་པར་འཇུག་པའི་ཕྱིར། ཆོས་ཅན། བདག་གཏན་དང་རྣམ་པར་ཐར་སོགས་མཁྱེན་པའི་སྟོབས་སུ་བཤད་པ་དེ་བརྙེས་ཏེ། འཇིག་རྟེན་མཐའ་ཡས་པ་ན་རྣལ་འབྱོར་པའི་བྱེ་བྲག་ལ་ཐ་དད་པ་བསམ་གཏན་དང་རྣམ་ཐར་བརྒྱད་དང་། གང་ཞིག་གནས་གང་དག་དང་སྙོམས་འཇུག་གི་ཁྱད་པར་གང་དག་ཅིག་དང་། བརྒྱད་དུ་གྱུར་པ་དེ་ལ་མཁྱེན་པ་ཐོགས་མེད་འདི་ནི་འཇུག་པའི་ཕྱིར། ཆོས་ཅན། སྔོན་གྱི་གནས་རྗེས་སུ་དྲན་པ་དེ་མཁྱེན་པའི་སྟོབས་སུ་བཤད་པ་དེ་བརྙེས་ཏེ། ཇི་སྲིད་དུ་གཏི་མུག་ཡོད་པ་དེ་སྲིད་དུ་སྲིད་པ་ན་གནས་པ་ན་འདས་པའི་དུས་སུ་བདག་དང་སེམས་ཅན་གཞན་རེ་རེའི་སྲིད་པའི་སེམས་ཅན་ནི་ཇི་སྙེད་པ་དེ་སྙེད་མཐའ་ཡས་པ་གཞི་དང་བཅས་ཤིང་ཡུལ་ཕྱོགས་དང་བཅས་པ་རྣམས་ལ་མཁྱེན་པའི་བློ་ནང་དང་གང་ཡིན་ཐོགས་མེད་དུ་འཇུག་པའི་ཕྱིར། ཆོས་ཅན། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་སུ་འདོད་པ་དེ་བརྙེས་ཏེ། སེམས་ཅན་རྣམས་ཀྱི་སེམས་ཅན་རེ་རེའི་འཆི་འཕོ་དང་སྐྱེ་བ་གང་འཇིག་རྟེན་ལ་གནས་པ་ནམ་མཁའི་མཐར་ཐུག་པ་དང་། ལས་ཀྱི་བཀྲ་བར་བྱེད་པ་མང་པོ་དེ་ལ་མཁྱེན་པ་དུས་དེར་མ་ཆགས་པ་རྣམ་པ་ཀུན་ཡོངས་སུ་དག་པ་མཐའ་ཡས་པ་འཇུག་པ་ཡིས་སོ། །ཆོས་ཅན། ཟག་པ་ཟད་པ་མཁྱེན་པའི་སྟོབས་སུ་འདོད་པ་དེ་བརྙེས་ཏེ་རྣམ་ཀུན་མཁྱེན་པའི་སྟོབས་ཀྱིས་མྱུར་དུ་རྒྱལ་བ་རྣམས་ཀྱི་ཉོན་མོངས་དེ་དག་ནི་བག་ཆགས་དང་བཅས་པ་འཇིག་པ་


DLL1003_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྤངས་པར་འགྱུར་བའང་། སློབ་མ་ཉན་ཐོས་ལ་སོགས་པས་ཉོན་མོངས་ལ་ཟག་མེད་ཀྱི་བློ་ཡིས་འགོག་པ་གང་ཡིན་པ་དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་པར་འཇུག་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། ཉན་རང་དང་བྱང་སེམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་མ་བརྗོད་པ་དེ། སངས་རྒྱས་ཀྱི་ཡོན་ཏན་ཟད་པའི་དབང་གིས་མ་ཡིན་ཏེ། སློབ་མ་ཉན་ཐོས་དང་བཅས་པའི་རང་སངས་རྒྱས་དང་། སངས་རྒྱས་ཀྱི་སྲས་རྣམས་ཀྱི་བློའི་ནུས་པ་ཟད་པའི་དབང་གིས་སངས་རྒྱས་ཀྱི་ཡོན་ཏན་མཁའ་ལྟར་མཐའ་ཡས་པ་མ་རྗོད་པར་ལྡོག་པར་འགྱུར་བའི་ཕྱིར། དཔེར་ན། ནམ་མཁའ་ལྡིང་མཁའ་ལ་འཕུར་བ་ན་ནམ་མཁའ་མེད་པས་འདབ་ཆགས་ཀྱི་དབང་པོ་དེ་ལྡོག་པར་མི་འགྱུར་གྱི་འདིར་ནི་ནམ་ཞིག་ན་རང་མཐུ་ཟད་པས་ལྡོག་པར་འགྱུར་བ་དེ་བཞིན་ནོ། །འགྲེལ་པ་མཛད་པ་བདག་འདྲ་བས་སངས་རྒྱས་ཁྱོད་ཀྱི་ཡོན་ཏན་འདི་དག་མ་ལུས་པ་ཤེས་པ་དང་རྗོད་པར་ནུས་པར་འགྱུར་རམ་ཅི་སྟེ་མི་ནུས་མོད། འོན་ཀྱང་དོགས་པ་སྤངས་ནས་ཡོན་ཏན་ཅུང་ཟད་ཙམ་ཞིག་སྨྲས་པའི་རྒྱུ་མཚན་ཡོད་དེ། ཡོན་ཏན་དེ་དག་འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་པས་དེའི་རྗེས་སུ་འབྲངས་ནས་བསྟན་པའི་ཕྱིར། བཞི་པ་ནི། ཆོས་ཅན། སངས་རྒྱས་ཀྱི་ཡོན་ཏན་གྱི་རིགས་གཉིས་སུ་འདུས་ཏེ་ཟབ་མོ་སྟོང་པ་ཉིད་ཆོས་སྐུ་རྒྱུ་འབྲས་དང་། དེ་ལས་གཞན་པའི་ཡོན་ཏན་རྣམས་ནི་རྒྱ་ཆེ་བའི་ཡོན་ཏན་ཡིན་པའི་ཕྱིར། ཟབ་པ་དང་རྒྱ་ཆེ་བའི་ཚུལ་ཤེས་ནས་གོམས་པར་བྱེད་པ་


DLL1003_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། དགོས་པ་ཡོད་དེ། སངས་རྒྱས་ཀྱི་ཡོན་ཏན་གཉིས་པོ་འདི་དག་འཐོབ་པར་འགྱུར་བའི་ཕྱིར། གསུམ་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། སྤྲུལ་པའི་སྐུ་ཕུན་ཚོགས་མངའ་སྟེ། ཆོས་སྐུ་ལས་མི་གཡོ་བའི་སྐུ་མངའ་བ་ཁྱོད་ཀྱིས་སླར་ཡང་སྲིད་གསུམ་བྱོན་ནས། སྤྲུལ་སྐུ་རྣམས་ཀྱིས་དགའ་ལྡན་ནས་གཤེགས་པ་དང་ནི་བལྟམ་པ་དང་། བྱང་ཆུབ་ཞི་བའི་ཆོས་ཀྱི་འཁོར་ལོའང་སྟོན་པར་མཛད་ཅིང་། དེ་ལྟར་འཇིག་རྟེན་གཡོ་བག་སྟེ་སྣ་ཚོགས་པའི་སྤྱོད་པ་ཅན་རེ་བའི་ཞགས་པ་ནི་མང་པོས་བཅིངས་པ་མ་ལུས་པ་ཐུགས་རྗེས་མྱ་ངན་ལས་འདས་པར་བཀྲི་བར་མཛད་པའི་ཕྱིར། བཞི་པ་ནི། ཆོས་ཅན། ཁྱོད་ཀྱིས་གདུལ་བྱའི་འགྲོ་བ་ལ་ཐེག་པ་གཞན་དང་། མི་མཉམ་པ་དབྱེར་མེད་པའི་ཐེག་པ་གཅིག་བསྟན་ཏེ། གང་གི་ཕྱིར་འདི་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་མི་འདྲ་བའི་རྣམ་འགྱུར་གྱི་དབྱེ་བ་ལའང་བསྟེན་པ་མིན་ཅིང་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་གྱི་བློ་གྲོས་འདི་ཡང་འཛིན་སྟངས་ཐ་དད་པར་འགྱུར་བ་མིན་ཞིང་། དྲི་མ་མཐའ་དག་སེལ་བ་ནི་ལྷུར་བྱེད་པ་དེ་ཁོ་ན་ཉིད་མངོན་སུམ་དུ་ཤེས་པ་ལས་གཞན་མེད་པ་དེའི་ཕྱིར། ཆོས་ཅན། ཐོག་མར་གདུལ་བྱ་ཐེག་པ་ཆེན་པོ་ལ་འཇུག་པར་མི་མཛད་པའི་རྒྱུ་མཚན་ཡོད་དེ། འཇིག་རྟེན་ཁ་ཅིག །སངས་རྒྱས་ཀྱི་སྤྱོད་ཡུལ་གཏིང་ཟབ་པ་ལ་འཇུག་པར་མི་འགྱུར་བའི་ཕྱིར་ཏེ། གང་གི་ཕྱིར་འགྲོ་བ་ལ་ཉེས་པ་སྐྱེད་བྱེད་སྙིགས་མ་ལྔ་པོ་འདི་དག་ཡོད་པར་འགྱུར་བ་དེའི་ཕྱིར། ཆོས་ཅན། ཁྱོད་ཀྱིས་ཉན་རང་གི་ཐེག་པ་འདི་ནི་སློབ་མ་ཉན་ཐོས་དང་རང་རྒྱལ་གྱི་རིགས་ཅན་སྡུག་བསྔལ་ཉེ་བར་ཞི་བའི་ཚུལ་ལ་ཡིད་སྦྱར་


DLL1003_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆེད་དུ་གསུངས་ཤིང་ཉོན་མོངས་ཀྱིས་རྣམ་པར་དབེན་པའི་བློ་སྦྱངས་པ་རྣམས་ལ་ཕྱིས་ཐེག་ཆེན་ལོགས་སུ་གསུངས་པའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་བདེ་གཤེགས་ཁྱོད་ལ་གདུལ་བྱ་གདུལ་བའི་མཁྱེན་རབ་ཐུགས་རྗེའི་ཐབས་དང་ལྷན་ཅིག་པ་མངའ་བ་དང་། གང་གི་ཕྱིར་བདག་གི་སེམས་ཅན་ཐམས་ཅད་དགྲོལ་བར་བྱའོ། །ཞེས་ཁྱོད་ཀྱིས་ཞལ་གྱིས་བཞེས་པ་དེ་མཐར་ཕྱིན་པར་མཛད་དགོས་པའི་ཕྱིར། དཔེར་ན། དེད་དཔོན་ཐབས་ལ་མཁས་པས་རིན་པོ་ཆེའི་གླིང་དུ་ཆས་པའི་སྐྱེ་བོའི་ཚོགས་ཀྱི་ངལ་བ་ཉེ་བར་སེལ་བའི་ཕྱིར་དུ་གྲོང་ཁྱེར་ཡིད་དུ་འོང་བ་བར་དུ་རྣམ་པར་བཀོད་པ་སྟེ་སྤྲུལ་པ་ལྟར་རོ། །ལྔ་པ་ལ་གཉིས། མངོན་པར་བྱང་ཆུབ་པའི་དུས་དང་། བཞུགས་པའི་དུས་ཀྱི་བཤད་པའོ། །དང་པོ་ནི། ཆོས་ཅན། བྱང་ཆུབ་ཀྱི་སྙིང་པོར་སངས་རྒྱས་ཚུལ་སྟོན་པའི་གྲངས་བསམ་གྱིས་མི་ཁྱབ་སྟེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མ་ལུས་པའི་ཡུལ་དག་ན། རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་བདོག་པར་གྱུར་པ་ཇི་སྙེད་པ་བདེ་བར་གཤེགས་པ་ཁྱོད་བྱང་ཆུབ་མཆོག་རབ་དམ་པར་གཤེགས་པའི་སྐལ་བ་དེ་སྙེད་ཡོད་པའི་ཕྱིར། འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་གདུལ་བྱ་གདུལ་བྱ་ཁ་ཅིག་ལ་བསྙད་པར་བགྱི་བ་མ་ལགས་ཏེ། སྔོན་དགེ་རྩ་མ་བསགས་པ་སྣ་ཚོགས་མོས་པར་དཀའ་བའི་ཕྱིར། གཉིས་པ་ནི། ཆོས་ཅན། ཁྱོད་ལ་རབ་ཏུ་ཞི་བ་ཕྱོགས་གཅིག་པར་འགྱུར་བ་ག་ལ་མངའ་སྟེ་མི་མངའ་སྟེ། ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཏུ་ཞི་བར་འགྲོ་བ་མིན་ཞིང་ནམ་མཁའ་རྣམ་པར་འཇིག་པར་འགྱུར་བ་མིན་པ་


DLL1003_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྲིད་དུ། ཤེས་རབ་ཡུམ་གྱིས་བསྐྱོད་པའི་རྒྱལ་བ་ཁྱོད་ལ་ཐུགས་རྗེའི་མ་མ་ཡིས་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པའི་ཚུལ་ལུགས་འདི་བྱེད་པས་སོ། །ཆོས་ཅན། མགོན་པོ་ཁྱོད་མཆོག་ཏུ་རབ་ཏུ་ཞི་བ་ཕྱོགས་གཅིག་པར་གཤེགས་པར་འགྱུར་བ་མ་ལགས་ཏེ། གཏི་མུག་གི་སྐྱོན་གྱིས་འཇིག་རྟེན་འདོད་ཡོན་གྱི་ཁ་ཟས་དུག་བཅས་ཟ་བའི་སྐྱེ་བོ་ཉིད་ཀྱི་ནང་མི་དེ་ལ་ཁྱོད་ཐུགས་བརྩེ་བ་ཇི་ལྟ་བ་དེ་ལྟར་དུ་དུག་ཟོས་ནས་ཉེན་པའི་བུ་ལ་མ་ཡིས་སྡུག་བསྔལ་གྱི་ཡིད་སྐྱེ་བ་མིན་པ་དེས་ནའོ། །ཆོས་ཅན། ཁྱོད་ལ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདའ་བ་མི་མངའ་སྟེ། གང་གི་ཕྱིར་ན་མི་མཁས་པས་དངོས་པོ་དང་དངོས་པོ་མེད་པར་བདེན་པར་ཞེན་པའི་བློ་ཅན་གྱིས་སྐྱེ་བ་དང་འཇིག་པའི་གནས་སྐབས་དང་སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པས་སྐྱེ་བའི་སྡུག་བསྔལ་དང་། སྡིག་ཅན་གྱི་འགྲོ་བ་ཐོབ་པ་དེའི་ཕྱིར་དང་། འཇིག་རྟེན་ཐུགས་བརྩེ་བ་ཆེན་པོའི་ཡུལ་དུ་རབ་ཏུ་དང་བས་བཅོམ་ལྡན་འདས་ཁྱོད་ཐུགས་རྗེ་ཆེན་པོས་ཐུགས་ཞི་བ་ལས་བཟློག་པས་སོ། །གསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་ནི། དབུ་མ་ལ་འཇུག་པའི་ལུགས་འདི་ཆོས་ཅན། དགེ་སློང་དཔལ་ལྡན་ཟླ་གྲགས་ཀྱིས་རང་དགར་སྦྱར་བའི་ཉེས་པ་མེད་དེ། དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་ལས་བཏུས་ནས་ངེས་དོན་གྱི་ལུང་ཇི་ལྟ་བ་བཞིན་དང་། ཀླུ་སྒྲུབ་ཀྱི་མན་ངག་ནི་ཇི་ལྟ་བ་བཞིན་རྗོད་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཐར་པ་དོན་གཉེར་རྣམས་ཀྱིས་ལུགས་འདི་ལ་འཇུག་པར་རིགས་ཏེ། ཇི་ལྟར་དབུ་མའི་གཞུང་ལུགས་འདི་ལས་གཞན་ན་སྟོང་ཉིད་ཕྱིན་


DLL1003_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལོག་པར་སྟོན་པའི་ཆོས་འདི་ནི་མེད་པ་དེ་བཞིན་དུ་འདིར་འབྱུང་བའི་ལུགས་ཀྱང་བསྟན་བཅོས་གཞན་ན་མེད་ཅེས་མཁས་པ་རྣམས་ཀྱིས་ངེས་པར་མཛད་དགོས་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྟན་བཅོས་འདི་བརྩམས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱི་བློའི་རྒྱ་མཚོ་ཤིན་ཏུ་རྒྱ་ཆེ་བའི་ཁ་དོག་གིས་འཇིགས་པས། དངོས་སྨྲ་བའི་སྐྱེ་བོས་ཀླུ་སྒྲུབ་ཀྱི་ལུགས་བཟང་པོ་གང་དག་རྒྱང་རིང་དུ་སྤངས་ཀྱང་། དབུ་མ་རྩ་བ་དེའི་ཚིག་ལེའུར་བྱས་པ་ཁ་འབུས་པའི་ཀུ་མུ་ཏ་ཁ་ཕྱེ་བའི་ཆུས་ད་ལྟ་ཟླ་བ་གྲགས་པ་ཡིད་ལ་རེ་བ་རྣམས་བསྐོང་བར་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། དོན་དམ་བདེན་པ་སྟོན་པའི་ཚུལ་ལུགས་སངས་རྒྱས་ཀྱི་དགོངས་པར་མ་སོང་བས། རང་གི་བློས་སྦྱར་བ་འདི་དག་མཐོང་ནས་གང་ཟག་གི་བདག་ཏུ་རྗོད་པའི་གཞུང་ལུགས་རྣམས་ལྟར། གཞན་ལུགས་ཀྱི་བཞེད་པའི་གཞུང་དབུ་མའི་ལུགས་འདི་ལས་གཞན་པ་ལ་དགའ་བའི་བློ་དོར་བར་བྱ་སྟེ། དེ་ཁོ་ན་ཉིད་ཟབ་མོ་སྔར་བཤད་ཟིན་པ་འཇིགས་སུ་རུང་བ་འདི་ནི། སྔོན་སྟོང་ཉིད་ལ་མོས་པའི་བག་ཆགས་གོམས་པ་ཉིད་ལས་སྐྱེ་བོ་ཡིས་ངེས་པར་རྟོགས་པར་འགྱུར་གྱི། ཟབ་མོའི་དོན་འདི་ནི་གསན་རྒྱ་ཆེའང་གཞན་གྱི་ཐུགས་སུ་ཆུད་པར་མི་འགྱུར་བ་དེའི་ཕྱིར། བཞི་པ་བསྟན་བཅོས་བརྩམས་པའི་དགེ་བ་བསྔོ་བ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་བཟང་པོ་བསྙད་པ་ལས་བདག་གིས་བསོད་ནམས་ཕྱོགས་ཀྱི་མཐར་ཁྱབ་ཅིང་། ཡིད་ཀྱི་ནམ་མཁའ་ཉོན་མོངས་ཀྱི་སྔོན་པོར་བྱས་པའི་དཀྱིལ་དུ་སྟོན་ཀའི་རྒྱུ་སྐར་ལྟར་


DLL1003_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བའམ་སེམས་ཀྱི་སྦྲུལ་ལ་གདེངས་ཀའི་ནོར་བུ་དང་འདྲ་བ་གང་ཞིག་ཐོབ་པ་དེས། འཇིག་རྟེན་མ་ལུས་པ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་མྱུར་དུ་བདེ་བར་གཤེགས་པའི་སར་བགྲོད་པར་ཤོག་ཅིག །མཇུག་དོན་བཤད་པ། བཞི་པ་མཇུག་གི་དོན་ལ་གཉིས། སློབ་དཔོན་གང་གིས་མཛད་པ་དང་། ལོ་པཎ་གང་གིས་བསྒྱུར་བའོ། །དང་པོ་ནི། དབུ་མ་ལ་འཇུག་པ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ་སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ་མི་འཕྲོགས་པའི་མཁྱེན་རབས་དང་ཐུགས་རྗེར་ལྡན་པ། རི་མོར་བྲིས་པའི་བ་བྲུས་མ་ལས་འོ་མ་བཞོས་པས་སེམས་ཅན་གྱི་བདེན་པར་མངོན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་རྫོགས་སོ།། །།གཉིས་པ་ནི། ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་གཙུག་ལག་ཁང་དུ། ཁ་ཆེའི་རྒྱལ་པོ་དཔལ་འཕགས་པ་ལྷའི་སྐུ་རིང་ལ་རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ལ་ཤ་དང་། བོད་ཀྱི་ལོཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར། ཕྱིས་ར་ས་ར་མོ་ཆེར་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང་། ལོཙྪ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་པའི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ནས་འཆད་ཉན་གྱིས་གཏན་ལ་ཕབ་པའོ། །རྒྱ་ཆེན་མཐའ་དང་དབུས་བྲལ་ཆོས་དབྱིངས་མཁའ་དེར་ཚོགས་གཉིས་ཆུ་ཤེལ་རབ་ཏུ་དཀར། །མཐར་ལྟའི་ཆུ་འཛིན་ལས་གྲོལ་རབ་གསལ་ཐུགས་ནི་སྐྱོན་གྱི་མུན་ནག་རིང་དུ་སྤངས། །གསུང་ཟེར་དྲི་མེད་ཀུན་ཏུ་འཕྲོས་པས་


DLL1003_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁྱབ་འགྲོ་བའི་གདུང་བ་འཕྲོག་མཛད་པ། །དཔལ་ལྡན་ཟླ་བ་གྲགས་པའི་ཡེ་ཤེས་འོད་ཀྱིས་བདག་བློའི་ཀུ་མུད་རྟག་ཏུ་སྐྱོངས། །ཚིག་གི་དཀྱིལ་འཁོར་རྒྱ་ཁྱོན་ཆེ་མིན་ཡང་། །དོན་གྱིས་གཟུགས་ཀུན་ཇི་བཞིན་རབ་གསལ་ཞིང་། །བློ་ཡི་བཞིན་ལེགས་གང་དག་མགུ་བྱེད་པའི། །རབ་གསལ་མེ་ལོང་འདི་ནི་ཁོ་བོས་བྱས། །དགེ་བ་འདི་ཡིས་མཐའ་ཡས་ལུས་ཅན་ཀུན། །བློ་མིག་ཕྱོགས་ལྷུང་དྲི་མས་མ་སླད་ཅིང་། །རིགས་དང་མི་རིགས་ཚུལ་བཞིན་འབྱེད་པ་ལ། །མྱུར་དུ་ཐམས་ཅད་གཟིགས་པ་ཐོབ་པར་ཤོག །དབུ་མ་ལ་འཇུག་པའི་བསྟན་བཅོས་ཀྱི་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་འདི་ནི། ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་ཆེན་པོའི་ཞབས་རྡུལ་སྤྱི་བོས་ལེན་པ། དབུ་མ་ཆེན་པོའི་རྣལ་འབྱོར་པ་དགེ་འདུན་གྲུབ་དཔལ་བཟང་པོས། ཐུན་མོང་གི་ལོ་ཐ་སྐར་གྱི་ཟླ་བའི་ཡར་ངོའི་ཚེས་གཅིག་ལ། དཔལ་སྣར་ཐང་གི་གཙུག་ལག་ཁང་ཆེན་པོར་སྦྱར་བའོ། །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེའོ། །མངྒ་ལཾ།། །


previousདབུ་མ་ལ་འཇུག་པའི་བསྟན་བཅོས་ཀྱི་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་།no next