Nitartha Digital Library
Tibetan
རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ།


   
   
   
   
ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པ་ལས་གཞན་དོན་རྗེས་དཔག་གི་ལེའུའི་རྣམ་བཤད།
   
   


 
previousཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པ་ལས་གཞན་དོན་རྗེས་དཔག་གི་ལེའུའི་རྣམ་བཤད།next

ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པ་ལས་གཞན་དོན་རྗེས་དཔག་གི་ལེའུའི་རྣམ་བཤད།


DLL1005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པ་ལས་གཞན་དོན་རྗེས་དཔག་གི་ལེའུའི་རྣམ་བཤད་བཞུགས་སོ། །


DLL1005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དེ་གཞན་ལ་སྐྱེད་པའི་ཐབས་ངག་གི་རང་བཞིན་བཤད་པ་ལ། རྗོད་བྱེད་ངག །བརྗོད་བྱའི་དོན་བཤད་པའོ། །དང་པོ་ནི། གཞན་དོན་རྗེས་སུ་དཔག་པ་ནི། རང་གིས་མཐོང་དོན་རབ་གསལ་བྱེད། ཅེས་པའི་དོན་འཆད་པ་ལ་གསུམ། རང་གིས་མཐོང་བ་སྨོས་པའི་དགོས་པ། དོན་སྨོས་པའི་དགོས་པ། རབ་གསལ་བྱེད་སྨོས་པའི་དགོས་པའོ། །དང་པོ་ལ་གཉིས། བསྟན། བཤད་དོ། །དང་པོ་ནི། ཚུལ་གསུམ་པའི་རྟགས་སྟོན་པ་གཞན་དོན་རྗེས་དཔག་གོ་ཞེས་སྨོས་པས་ཆོག་མོད། ཅིའི་ཕྱིར་རང་གིས་མཐོང་བ་ཞེས་སྨོས་ཞེ་ན། སྔ་རྒོལ་བདག་གིས་མཐོང་བ་མིན་ཡང༌། ཕྱི་རྒོལ་གཞན་དག་གི་ལུང་ཙམ་ལས་མཐོང་བའི་རྟགས་དེ་སྒྲུབ་བྱེད་ཡང་དག་ཡིན་ཏེ། གཞན་དོན་གྱི་གཏན་ཚིགས་རྣམས་ནི་གཞན་ལ་བསྟན་པར་བྱ་བ་ཉིད་ཡིན་པའི་ཕྱིར། དེ་ཡང༌། དཔེར་ན། གྲངས་ཅན་གྱིས་སངས་རྒྱས་པའི་ངོར། བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། དཔེར་ན། གཟུགས་ཅན་བཞིན་ཞེས་པ་ལྟ་བུའོ་ཞེས་གྲངས་ཅན་ཁ་ཅིག་སྨྲའོ། །གཞན་དོན་རྗེས་དཔག་གི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་བདག་གིས་མཐོང་བའི་ཚིག་སྨོས་པ་ཆོས་ཅན། དོན་ཡོད་དེ། སྔ་རྒོལ་རང་གིས་ཚད་མས་


DLL1005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐོང་བར། ཕྱི་རྒོལ་གྱི་ལུང་ཙམ་ལས་བཤད་པའི་རྟགས་དེ་རྟགས་ཡང་དག་དང༌། དེ་རྗོད་པ་སྒྲུབ་ངག་ཡང་དག་ཡིན་པ་དེ་སྤང་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། ཁས་བླངས་ཙམ་སྒྲུབ་བྱེད་དུ་མི་རུང༌། རང་ལ་མཚུངས་པ་སྤང་བའོ། །དང་པོ་ལ་གཉིས། སྒྲུབ་བྱེད་དགག །བསྒྲུབ་བྱ་དགག་པའོ། །དང་པོ་ལ་གསུམ། སངས་རྒྱས་པའི་ལུང་ཙམ་སྒྲུབ་བྱེད་མིན། རང་ལ་སྒྲུབ་བྱེད་འགོད་པར་གདམས། ཁས་བླངས་ཙམ་སྒྲུབ་བྱེད་ཡིན་ན་ཧ་ཅང་ཐལ་བའོ། །དང་པོ་ནི། ལུང་ལས་བཤད་པ་ཙམ་ཇི་ལྟར་རྟགས་ཡང་དག་མིན་ཞེ་ན། སངས་རྒྱས་པའི་ལུང་ཚིག་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་ཡུལ་ལ། སྒྲུབ་བྱེད་ཚད་མ་ཉིད་དུ་འདོད་པ་མ་ཡིན་ཏེ། གཞལ་བྱའི་གནས་དང་པོ་གཉིས་ལ་ཡོངས་སུ་བརྟགས་ཟིན་ནས། ཤིན་ལྐོག་གི་སྒྲུབ་བྱེད་དུ་ཡོངས་སུ་ལེན་པ་ཙམ་ཡིན་པའི་ཕྱིར། བློ་བདེ་སྐྱེ་འཇིག་ཅན་དེར་ནི་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ནུས་པར་མི་འགྱུར་བར་ཐལ། ལུང་ཙམ་གྱིས་གྲུབ་པའི་ཕྱིར། སངས་རྒྱས་པའི་ལུང་དེ་ནི་ཆོས་ཅན། སྒྲུབ་བྱེད་ཚད་མ་མིན་པར་ཐལ། ཁྱོད་ཀྱི་དོན་ལ་གནོད་པའི་ཕྱིར་དུ། བློ་བདེ་སེམས་མེད་གཞན་ལ་ནི་སྒྲུབ་བྱེད་ཡང་


DLL1005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དག་རྗོད་པའི་ཕྱིར། འདོད་པ་དེའི་ཚེ་དེ་ཆོས་ཅན། ཁྱོད་ཀྱིས་གྲུབ་པའི་བློ་བདེ་སེམས་མེད་ཀྱི་ཕྱོགས་ཆོས་ཅན། བསྒྲུབ་བྱ་མ་ལུས་པ་གྲུབ་པ་མ་ཡིན་པར་ཐལ་ལོ། །གལ་ཏེ་ལུང་དེ་ཁས་བླངས་པ་དང་ལྡན་པ་ལ་ཚད་མར་གྲུབ་བོ་ཞེ་ན། སངས་རྒྱས་པ་གང་གི་ལུང་ཆོས་ཅན། སངས་རྒྱས་པས་བློ་བདེ་སྐྱེ་འཇིག་ཅན་གྱི་སྒྲུབ་བྱེད་དུ་ཁས་བླངས་པའི་རྒྱུ་མཚན་གྱིས། ལུང་ཚད་མ་གང་ཡིན་ཏེ་མ་ཡིན་པར་ཐལ། སངས་རྒྱས་པས་དེའི་སྒྲུབ་བྱེད་དུ་ཁས་མ་བླངས་པའི་ཕྱིར། སངས་རྒྱས་པའི་ལུང་དེ་ཆོས་ཅན། ཇི་ལྟར་ཚད་མར་གྲུབ་སྟེ་མ་གྲུབ་པར་ཐལ། ཚད་མས་གནོད་པར་གྱུར་པའི་ལུང་ཡིན་པའི་ཕྱིར། སངས་རྒྱས་པས་ལུང་ཚད་མར་ཁས་ལེན་པས། ཚད་མར་གྲུབ་བོ་ཞེ་ན། སངས་རྒྱས་པ་ཆོས་ཅན། སངས་རྒྱས་པའི་ལུང་ཁས་བླངས་པ་དེ་ཉིད་ཀྱིས་ནི། བློ་བདེ་སྐྱེ་འཇིག་ཅན་དུ་ཇི་ལྟར་གྲུབ་སྟེ། འགྲུབ་པར་མི་འགྱུར་བར་ཐལ། སངས་རྒྱས་པའི་ལུང་དེ་དང་འགལ་བ་ཁས་ལེན་རིགས་པའི་ཕྱིར། ཁྱབ་སྟེ། ལུང་དེ་ལས་གཞན་པ་ཁས་ལེན་ན། ལུང་དེ་དོར་བྱའི་ཡན་ལག་ཡིན་གྱི། ཚད་མ་མིན་པའི་ཕྱིར། གཉིས་པ་ནི། གྲངས་ཅན་ཆོས་ཅན། རང་གིས་བློ་བདེ་སེམས་མེད་དུ་རྟོགས་པ་གང་ལས་བྱུང་བར་གྱུར་པའི་སྒྲུབ་བྱེད་དེ་ནི། སངས་རྒྱས་པ་ལ་ཅི་མི་བརྗོད་དེ་བརྗོད་རིགས་པར་ཐལ། སངས་རྒྱས་པའི་ངོར་བློ་བདེ་སེམས་མེད་དུ་སྒྲུབ་པའི་སྔ་རྒོལ་ཡང་དག་ཡིན་པའི་ཕྱིར། ངེད་ཀྱིས་གྲངས་ཅན་གྱི་ལུང་ལས་བློ་བདེ་སེམས་མེད་དུ་རྟོགས་ལ། ཁྱོད་གྲངས་ཅན་གྱི་ལུང་ཁས་མི་ལེན་པས། རྟགས་གང་ཡང་


DLL1005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་བསྟན་པ་ཡིན་ནོ་ཞེ་ན། བློ་སེམས་མེད་དུ་སྟོན་པའི་ལུང་ཆོས་ཅན། རིགས་པ་གང་གིས་ཁྱེད་ཚད་མར་འཛིན་པའི་རིགས་པ་དེ་ནི། སངས་རྒྱས་པ་འདིས་ཀྱང་ཅིས་མི་འཛིན་ཏེ་འཛིན་རིགས་པར་ཐལ། ལུང་ཚད་མ་ཡིན་པའི་ཕྱིར། ངེད་ཀྱིས་བློ་བདེ་སེམས་མེད་དུ་རྣལ་འབྱོར་མངོན་སུམ་གྱིས་རྟོགས་ལ། ཁྱོད་ལ་རྣལ་འབྱོར་མངོན་སུམ་མེད་པས། རྟགས་གང་ཡང་རུང་བ་བསྟན་པ་ཡིན་ནོ་ཞེ་ན། གྲངས་ཅན་ཆོས་ཅན། སྔར་ནི་ཐ་མལ་པར་གྱུར་པ་ལས་སྒྲུབ་བྱེད་གང་དག་གིས་རྣལ་འབྱོར་མངོན་སུམ་རྟོགས་པ་དང༌། དབང་པོ་སྟེ་རྣལ་འབྱོར་མངོན་སུམ་འབྱུང་བའི་སྒྲུབ་བྱེད་དེ་དག་སངས་རྒྱས་པ་ལ་སྟོན་རིགས་པར་ཐལ། བློ་བདེ་སེམས་མེད་དུ་རྣལ་འབྱོར་མངོན་སུམ་ཁོ་ནས་རྟོགས་པའི་སྔ་རྒོལ་ཡིན་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་པས་ཀྱང་རྣལ་འབྱོར་མངོན་སུམ་དེའི་དོན་སྒྲུབ་པའི་ནུས་པ་ཤེས་ལ། ཤེས་པ་ལྟར་བསྒྲུབ་ནུས་པ་ཡིན་པའི་ཕྱིར། རྣལ་འབྱོར་མངོན་སུམ་དེ་སྒྲུབ་བྱེད་གང་དང་ཡང་འབྲེལ་བ་རྣམ་པར་ཆད་པ་ཅན་ཡིན་པས་མ་བསྟན་ཏོ་ཞེ་ན། ཤེས་བྱ་ཆོས་ཅན། བློ་བདེ་སེམས་མེད་ཀྱི་དོན་དེ་དག་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དཔྱོད་པ་ཅུང་ཟད་མེད་པར་ཐལ། རྣལ་འབྱོར་མངོན་སུམ་ཁོ་ན་བློ་བདེ་སེམས་མེད་ཀྱི་སྒྲུབ་བྱེད་གང་ཞིག །རྣལ་འབྱོར་མངོན་སུམ་དེ་དོན་སྤྱིས་ཀྱང་སྤྱོད་ཡུལ་མ་ཡིན་པའི་ཕྱིར། རྟགས་ཁས་བླངས། གསུམ་པ་ནི། ཤེས་བྱ་ཆོས་ཅན། སྐྱེས་བུའི་བསམ་པའི་དབང་གིས་ནི་གཏན་ཚིགས་ཡང་དག་དེ་ཉིད་དང༌། དེ་ཉིད་མིན་པར་འཇོག་ནུས་པར་


DLL1005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། ཕྱི་རྒོལ་གྱིས་ཁས་བླངས་པ་ཙམ་གྱིས་རྟགས་ཡང་དག་ཏུ་འགྱུར་བའི་ཕྱིར། འདོད་ན། གཏན་ཚིགས་ཡང་དག་དང་དེར་སྣང་མཐའ་གཅིག་ཏུ་ངེས་པ་མེད་པར་འགྱུར་རོ། །ཁྱབ་སྟེ། འདོད་པ་དེ་ནི་དངོས་པོ་ལ་རྟེན་པ་མིན་པའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། ཚུལ་གསུམ་དོན་ལ་མེད་པར་རྟོག་པའི་ཤེས་པས་བཏགས་པ་ཙམ་སྒྲུབ་བྱེད་ཡང་དག་མིན་ཏེ། རྟགས་ཡང་དག་ཡིན་ན་ཚུལ་གསུམ་དོན་ལ་ཡོད་པ་ཚད་མས་ཤེས་པ་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར། གཉིས་པ་བསྒྲུབ་བྱ་དགག་པ་ནི། སྒྲུབ་བྱེད་མེད་ཀྱང་བསྒྲུབ་བྱ་བློ་བདེ་སེམས་མེད་ནི་ཡོད་དོ་ཞེ་ན། བློ་བདེ་སེམས་མེད་ནི་ཆོས་ཅན། ཡོད་ཀྱང་ཁྱོད་རྟོགས་པ་དེ་རྟོགས་པ་མེད་པ་དང་མཚུངས་པར་ཐལ། སྒྲུབ་བྱེད་ཀྱི་དངོས་པོ་དང་འབྲེལ་བ་མེད་པའི་ཕྱིར། སྐྱེ་འཇིག་ཅན་ཆོས་ཅན། བློ་བདེ་སེམས་མེད་དུ་སྒྲུབ་པའི་རང་བཞིན་དང་ནི་འབྲས་བུའམ། སྣང་བ་མཐོང་བ་མེད་པ་ཉིད་ཀྱི་རྟགས་གང་རུང་དུ་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། སྐྱེ་འཇིག་ཅན་དང་སེམས་མེད་ཀྱི་འབྲེལ་བ་དེ་ཆོས་ཅན། སྔ་རྒོལ་རང་ལ་ཅིའི་ཕྱིར་མ་གྲུབ་སྟེ་གྲུབ་པར་ཐལ། དངོས་པོ་ལ་གྲུབ་པའི་ཕྱིར། དེ་མ་གྲུབ་ན། གཞན་སྐྱེ་འཇིག་ཅན་ཆོས་ཅན། སངས་རྒྱས་པ་གཞན་གྱིས་ཀྱང་ཁྱོད་ལས་བློ་བདེ་སེམས་མེད་དུ་རྟོགས་པར་མི་རིགས་པར་ཐལ། སེམས་མེད་དང་མ་འབྲེལ་བའི་ཕྱིར། གཉིས་པ་རང་ལ་མཚུངས་པ་སྤང་བ་ནི། གཞན་གྱི་ཁས་བླངས་རྟགས་སུ་མི་རུང་ན། ཁྱོད་དང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གཞན་གྱི་ཁས་བླངས་རྟགས་སུ་བཀོད་ནས་ཐལ་བ་སྒྲུབ་པ་མི་འཐད་དོ་ཞེ་ན། བྱེ་བྲག་པ་གཞན་གྱིས་བཏགས་པའི་བ་ལང་གི་སྤྱི་རྟག་དངོས་ཆོས་ཅན། རང་བཞིན་དུ་མར་ཐལ། གསལ་བ་དུ་མ་ལ་དོན་དམ་པར་འབྲེལ་བའི་ཕྱིར། ཞེས་མི་འདོད་པ་ཐལ་བར་སྒྲུབ་པ་ཆོས་ཅན། དོན་ཡོད་དེ། གཅིག་རང་བཞིན་དུ་མ་མེད་ན། གཞན་


DLL1005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་དུ་མ་ལ་དོན་དམ་པར་འབྲེལ་བ་འགགས་པའི་ཆེད་ཡིན་པའི་ཕྱིར་ཏེ། རང་བཞིན་དུ་མར་མེད་པ་དེ་གསལ་བ་དུ་མ་ལ་དོན་དམ་པར་མ་འབྲེལ་བ་ལ་འབྲེལ་བའི་ཕྱིར། གཉིས་པ་དོན་སྨོས་པའི་དགོས་པ་ནི། རང་གིས་མཐོང་བའི་རྟགས་སྟོན་པ་གཞན་དོན་རྗེས་དཔག་གོ་ཞེས་སྨོས་པས་ཆོག་མོད། ཅིའི་ཕྱིར་དོན་སྨོས་ཞེ་ན། གཞན་དོན་རྗེས་དཔག་འཆད་པའི་ཚིག་ཟུར་དུ་དོན་སྨོས་པ་དེ་ནི་ཆོས་ཅན། དོན་ཡོད་དེ། དོན་ལ་མ་གྲུབ་པར་སྒྲ་དག་དང་རྟོག་པས་སྒྲོ་བཏགས་པའི་བདག་ཉིད་ཅན་གྱི་རྟགས་དེ་རྟགས་ཡང་དག་ཉིད་མིན་པར་བསྒྲུབ་པའི་དོན་དུ་ཡིན་པའི་ཕྱིར་ཏེ། ཚུལ་གསུམ་དོན་ལ་ཡོད་པ་ལས་བསྒྲུབ་བྱ་དོན་ལ་ཡོད་པ་ནི་གྲུབ་པ་ཞིག་དགོས་པར་བསྟན་པའི་ཕྱིར་རོ། །དེ་ཇི་ལྟར་རྟགས་ཡང་དག་མིན་ཞེ་ན། རྟོག་པ་དང་ལུང་དག་གིས་བཏགས་པའི་རྟགས་དག་ནི་ཆོས་ཅན། ཁྱབ་པ་འཁྲུལ་བ་ཡིན་ཏེ། བྱེད་པ་པོའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བ་དང༌། མཐུན་ཕྱོགས་ཀྱི་དངོས་པོ་ལས་གཞན་དུ་འཇུག་པ་སྲིད་པའི་ཕྱིར་རོ། །གསུམ་པ་རབ་གསལ་བྱེད་སྨོས་པའི་དགོས་པ་ལ་གསུམ། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པ་དགག །རང་ལ་མཚུངས་པ་སྤང༌། གཞན་གྱི་རྩོད་ལན་འབྲེལ་མེད་དུ་བསྟན་པའོ། །དང་པོ་ལ་གཉིས། གནོད་བྱེད་བསྟན། སྒྲུབ་བྱེད་དགག་པའོ། །དང་པོ་ནི། རབ་གསལ་བྱེད་སྨོས་པ་ལ་དོན་ཅི་ཡོད་ཅེ་ན། དེའི་ཚིག་ཟུར་དུ་རབ་གསལ་བྱེད་སྨོས་པ་ཆོས་ཅན། དོན་ཡོད་དེ། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པ་བཅད་པའི་ཆེད་ཡིན་པའི་ཕྱིར། ཇི་ལྟར་གཅོད་དགོས་ཞེ་ན། ཕྱོགས་གཏན་ཚིགས་རྗོད་པའི་ཚིག་དེ་དག་ཆོས་ཅན། རང་ཉིད་ལས་དུ་ལྡན་གྱི་ལ་ལ་མེ་སྒྲུབ་པར་བྱེད་པར་གནས་པ་མ་ཡིན་ཏེ། ལ་མེའི་ཚོགས་དོན་ལ་རྟོགས་པ་སྐྱེ་བའི་ནུས་


DLL1005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་ཕྱིར། ཁྱབ་སྟེ། རྟགས་ཡང་དག་ཡིན་ན་ཚུལ་གསུམ་པའི་དོན་གྱིས་བསྒྲུབ་བྱའི་དོན་རྟོགས་པ་དགོས་པའི་ཕྱིར། འོ་ན། སྒྲ་བྱུང་གི་ཚད་མ་བཤད་པ་ཅི་ཡིན་ཞེ་ན། སྒྲ་མི་རྟག་ཅེས་པའི་ཕྱོགས་ཀྱི་ཚིག་དེ་ཆོས་ཅན། རང་སྨྲ་བ་པོའི་རྒྱུད་ལ་བསམ་པ་སྟོན་པར་བྱེད་པ་ལ་སྒྲུབ་བྱེད་ཚད་མ་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། དེ་ཆོས་ཅན། སྒྲ་མི་རྟག་པ་དངོས་སུ་སྒྲུབ་བྱེད་མིན་ཏེ། ཁྱོད་ལས་སྒྲ་མི་རྟག་པ་ལ་ཐེ་ཚོམ་དག་སྐྱེ་བའི་ཕྱིར། འོ་ན། བརྒྱུད་ནས་སྒྲུབ་བྱེད་ཡིན་ནམ་ཞེ་ན། ཆོས་ཅན། བརྒྱུད་པ་ཡིས་ཀྱང་སྒྲ་མི་རྟག་པ་སྒྲུབ་པའི་ནུས་པ་མེད་དེ། བསྒྲུབ་པར་བྱ་བ་སྒྲ་མི་རྟག་པ་ཙམ་དངོས་སུ་རྗོད་པ་ཡིས་སོ། །འོ་ན། རྟགས་ཚིག་ཀྱང་བརྒྱུད་ནས་སྒྲུབ་བྱེད་མ་ཡིན་ནམ་ཞེ་ན། གང་བྱས་ན་མི་རྟག །དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་གཏན་ཚིགས་རྗོད་པའི་ཚིག་ཆོས་ཅན། རང་ཉིད་ལ་སྒྲ་མི་རྟག་པ་དངོས་སུ་སྒྲུབ་པའི་ནུས་པ་མེད་ཀྱང༌། སྒྲ་མི་རྟག་པའི་སྒྲུབ་བྱེད་ཡིན་ཞེས་བརྗོད་དུ་རུང་སྟེ། སྒྲ་མི་རྟག་པ་དངོས་སུ་སྒྲུབ་ནུས་ཀྱི་ཚུལ་གསུམ་སྟོན་བྱེད་ཀྱི་ངག་ཡིན་པའི་ཕྱིར། འོ་ན། ཕྱོགས་ཚིག་དངོས་དང་བརྒྱུད་པས་སྒྲུབ་བྱེད་མིན་པས་སློབ་དཔོན་བཞེད་དམ་ཞེ་ན། བཞེད་དེ། དེ་ལས་ཐེ་ཚོམ་དག་སྐྱེ་བའི་ཕྱིར་རོ། །ཞེས་དང༌། དེ་ལ་དཔག་བྱ་བསྟན་པ་ནི། གཏན་ཚིགས་དོན་གྱི་ཡུལ་དུ་འདོད། ཅེས་གསུངས་པ་ཉིད་ཀྱིས། ཕྱོགས་ཚིག་གིས་ཕྱོགས་སྒྲུབ་པའི་ནུས་པ་མེད་པའི་ཕྱོགས་དེ་ནི་རྗོད་པར་བཤད་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཕྱོགས་ཚིག་དེ་ལའང་ཆོས་ཅན། ཕྱོགས་སྒྲུབ་པའི་ནུས་པ་ཡོད་དེ། ཁྱོད་ལ་བརྟེན་ནས་གཏན་ཚིགས་ཀྱི་ཚིག་ནི་འཇུག་པའི་ཕྱིར་ཞེ་ན། སྒྲ་དེ་ནི་རྟག་མི་རྟག་ཐེ་ཚོམ་ཟ་བའི་རྒྱུ་མཚན་གྱིས་ཤེས་པར་འདོད་པས། སྔ་རྒོལ་ལ་འདྲི་བའི་སྐབས་ཆོས་ཅན། སྒྲུབ་ངག་གི་ཡན་ལག་ཡིན་པར་


DLL1005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། ཁྱོད་ལ་བརྟེན་ནས་རྟགས་ཚིག་འཇུག་པ་ཡིན་པའི་ཕྱིར། ཚིག་གང་ཞིག་སྣོན་ནོ་ཞེ་ན། གཉེན་པོ་འདྲེན་ནུས་ཀྱི་མི་མཐུན་ཕྱོགས་སྒྲ་རྟག་པར་ཁས་ལེན་པའི་ཚིག་ཆོས་ཅན། ཆོས་འདྲ། ཁྱོད་ལ་བརྟེན་ནས་ཚིག་འཇུག་པའི་ཚིག་ཡིན་པ་དེ་མཚུངས་པའི་ཕྱིར་རོ། །འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་གི་ཡན་ལག་ཐུག་མེད་དུ་འགྱུར་བར་ཐལ། སྒྲ་རྟག་ཅེས་པའི་ཚིག་དེ་ཡང་སྒྲུབ་ངག་གི་ཡན་ལག་ཡིན་པའི་ཕྱིར། ཕྱོགས་ཚིག་ལ་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་དེ། ནང་གི་ཡན་ལག་བསྒྲུབ་བྱ་དངོས་སུ་སྒྲུབ་པའི་ནུས་པས་ནི། ཚུལ་གསུམ་དག་ལ་ཡང་དག་པར་གནས་ལ། ཚུལ་གསུམ་དེ་ལ་དྲན་པ་སྐྱེད་པ་ནི། ཚུལ་གསུམ་དེ་ཉིད་རྗོད་པའི་ཚིག་ལ་ཡང་དག་པར་གནས་པའི་ཕྱིར། གལ་ཏེ་ཡུལ་ཕྱོགས་བསྟན་པ་མེད་པར་ནི་གཏན་ཚིགས་འཇུག་པ་མེད་པའི་ཕྱིར། ཡུལ་ཕྱོགས་བསྟན་པ་དག་ཉིད་ལས་ནི་ཕྱོགས་སྒྲུབ་པའི་ནུས་པ་གྲུབ་པར་འདོད་དོ་ཞེ་ན། གང་བྱས་པ་འདི་འདྲ་བ་ཀུན་མི་རྟག །དཔེར་ན། བུམ་པ་བཞིན། སྒྲ་ནི་བྱས་པ་ཡིན་ཞེས་བརྗོད་པ་ཁྱབ་པ་སྔོན་འགྲོ་ཅན་གྱི་སྒྲུབ་ངག་ཆོས་ཅན། ཕྱོགས་དངོས་སུ་བསྟན་པ་དེ་མེད་ཀྱང་དོན་གྱིས་སྒྲ་དེ་ནི་འཇིག་པར་རྟོགས་པའི་སྐྱེ་བར་འགྱུར་ཏེ། ཕྱོགས་དངོས་སུ་བསྟན་པ་ནི་མེད་ན་ཡང༌། སྒྲ་མི་རྟག་པར་འགྲུབ་པ་ལ་ནི་གེགས་མེད་པའི་སྒྲུབ་ངག་ཡིན་པའི་ཕྱིར། འོ་ན། སྒྲུབ་ངག་མ་ཚང་བ་དེ་གང་ཞེ་ན། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན། བུམ་པ་བཞིན་ཞེས་པའི་ངག་ཆོས་ཅན། སྒྲུབ་ངག་མ་ཚང་བ་ཡིན་པར་བརྗོད་དེ། ཚུལ་གསུམ་ལས་གང་ཡང་རུང་བ་ཁྱབ་པ་ཉིད་དངོས་སུ་མ་བསྟན་པའི་ཕྱིར། གཉིས་པ་རང་ལ་མཚུངས་པ་སྤང་བ་ནི། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པ་ལ། རིགས་


DLL1005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པས་གནོད་པར་མ་ཟད་ཁས་བླངས་འགལ་བས་ཀྱང་གནོད་དོ། །ཇི་ལྟར་ཞེ་ན། ཕྱོགས་དེ་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་པར་ཐལ། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པའི་ཕྱིར། དཔེར་ན། ཕྱོགས་ཆོས་རྗོད་པའི་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པས། ཕྱོགས་ཆོས་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་པ་བཞིན། འདོད་ན། ཕྱོགས་ཆོས་ཅན། སྒྲུབ་བྱེད་དུ་བཀོད་པའི་མ་གྲུབ་པར་ཐལ། སྒྲུབ་བྱེད་ཀྱི་ཡན་ལག་གང་ཞིག །ཕྱི་རྒོལ་གྱིས་མ་གྲུབ་པའི་ཕྱིར། དཔེར་ན། དཔེ་རྟགས་མ་གྲུབ་པ་བཞིན། འདོད་ན། བསྒྲུབ་བྱ་མ་ཡིན་པར་ཐལ་ལོ། །མ་ཁྱབ་སྟེ། སྒྲུབ་བྱེད་དུ་བཀོད་པའི་མ་གྲུབ་པ་ཡིན་ཡང་བསྒྲུབ་བྱ་ཡིན་ནོ་ཞེ་ན། འོ་ན། དཔེ་རྟགས་མ་གྲུབ་པ་ཆོས་ཅན། བསྒྲུབ་བྱར་ཐལ། སྒྲུབ་བྱེད་དུ་བཀོད་པའི་མ་གྲུབ་པ་ཡིན་པས་བསྒྲུབ་བྱ་མ་ཡིན་པར་མི་འགྲུབ་བསྒྲུབ་བྱ་མ་ཡིན་པའི་སྒྲུབ་བྱེད་གཞན་མེད་པའི་ཕྱིར། འདོད་ན་ཁྱོད་རྗོད་པ་དམ་བཅའ་ཡིན་པར་ཐལ་ལོ། །ཁྱབ་པ་ཁས་བླངས་ཏེ། བསྒྲུབ་བྱ་རྗོད་པ་དམ་བཅའི་མཚན་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །འོ་ན། ཁྱོད་རང་ལའང༌། ཆོས་ཅན། བསྒྲུབ་བྱར་ཐལ། སྒྲུབ་བྱའི་ངོ་བོ་ཕྱི་རྒོལ་གྱིས་མ་གྲུབ་པ་ཡིན་པ་གང་ཞིག །ཁྱོད་ཕྱི་རྒོལ་གྱིས་མ་གྲུབ་པའི་ཕྱིར། འདོད་ན། ཁྱོད་རྗོད་པ་དམ་བཅར་ཐལ། ཁྱབ་སྟེ། བསྒྲུབ་བྱ་རྗོད་པ་དམ་བཅའི་མཚན་ཉིད་ཡིན་པའི་ཕྱིར་ཞེ་ན། བསྒྲུབ་བྱ་རྗོད་པ་དམ་བཅའི་མཚན་ཉིད་དུ་སྨྲ་ནའང༌། སངས་རྒྱས་པ་ཆོས་ཅན། དཔེ་རྟགས་མ་གྲུབ་པ་རྗོད་པ་དམ་བཅར་ཐལ་བའི་སྐྱོན་འཐད་པ་མིན་ཏེ། གཏན་ཚིགས་དཔེ་ལྟར་སྣང་བསྒྲུབ་བྱར་ཐལ་བའི་སྐྱོན་ཡོད་པ་མིན་པའི་ཕྱིར་ཏེ། དཔེ་རྟགས་མ་གྲུབ་པ་དེ་སྒྲུབ་བྱེད་ཀྱི་དབང་དུ་བྱས་པ་ཉིད་ཀྱི་མ་གྲུབ་པ་ཡིན་ལ། བསྒྲུབ་བྱ་དེ་སྒྲུབ་བྱེད་ཀྱི་དབང་དུ་མ་བྱས་པའི་མ་གྲུབ་པ་ཡིན་པའི་ཕྱིར། དཔེ་རྟགས་མ་གྲུབ་པ་


DLL1005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྗོད་པ་དམ་བཅའ་ཡིན་པ་གཅད་པའི་ཕྱིར་དུ་ངེས་གཟུང་སྨོས་དགོས་ཞེ་ན། དེ་མི་དགོས་པར་ཐལ། ངེས་གཟུང་གི་ཁྱད་པར་མེད་པར་བསྒྲུབ་བྱ་རྗོད་པ་དམ་བཅའོ་ཞེས་རྗོད་ན་ཡང༌། རིགས་གཅིག་པ་ལ་ཐེ་ཚོམ་སྐྱེ་བར་འགྱུར་གྱི། དཔེ་རྟགས་མ་གྲུབ་པ་དང་བསྒྲུབ་བྱ་གཉིས་རིགས་མི་གཅིག་པའི་ཕྱིར། དེ་ལས་གཞན་དུ་རིགས་མི་གཅིག་པ་ལའང་ཐེ་ཚོམ་སྐྱེ་ན། རྫ་བུམ་བྱའོ་ཞེས་སོགས་བསྒྲུབ་བྱ་རྗོད་པ་ཀུན་ཆོས་ཅན། གཞན་དོན་རྟགས་ཀྱི་དམ་བཅའ་བར་ནི་ཐལ་བར་འགྱུར་བར་ཐལ། གཞན་དོན་བསྒྲུབ་བྱ་དང་མ་གྲུབ་པ་རྗོད་པ་ཙམ་དུ་མཚུངས་པའི་ཕྱིར། གལ་ཏེ་རིགས་པ་ཅན་པ་གཞན་དག་ལ་ཡང༌། དཔེ་རྟགས་མ་གྲུབ་པ་རྗོད་པ་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་ཐལ་བའི་སྐྱོན་མེད་དེ་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་ན། ཕྱི་རྒོལ་གྱིས་གྲུབ་པ་ཞིག་བརྗོད་དགོས་པའི་ཕྱིར་ཞེ་ན། དེ་ནི་བསྒྲུབ་བྱ་བསྟན་པ་དག་ཆོས་ཅན། ཇི་ལྟར་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་ཏེ་མ་ཡིན་པར་ཐལ། ཕྱི་རྒོལ་གྱིས་མ་གྲུབ་པ་རྗོད་པའི་ཕྱིར། གསུམ་པ་གཞན་གྱི་རྩོད་ལན་འབྲེལ་མེད་དུ་བསྟན་པ་ནི། རིགས་སྒོའི་འགྲེལ་བྱེད་ཁ་ཅིག་གིས། རིགས་པ་ཅན་པ་ན་རེ། ཕྱོགས་ཚིག་ཆོས་ཅན། སྒྲུབ་ངག་གི་ཡན་ལག་ཡིན་ཏེ། ལྟར་སྣང་དང་བཅས་པ་སྒྲུབ་པར་བྱེད་པའི་དུས་སུ་རྗོད་པའི་ཕྱིར་ཞེས་སོགས་ཀྱི་སྒྲུབ་བྱེད་བཀོད་པ་དང༌། དེ་ལ་མངོན་སུམ་གྱིས་མ་ངེས་ཞེས་སོགས་ཀྱི་ལན་ནི་ཆོས་ཅན། མཁས་པའི་བཞད་གད་ཀྱི་གནས་ཡིན་ཏེ། འབྲེལ་མེད་ཀྱི་དོགས་པ་བསུས་ནས་ལན་འབྲེལ་མེད་བཏབ་པའི་ཕྱིར། འོ་ན། ཇི་ལྟར་ལན་འདེབས་ཞེ་ན། ལྟར་སྣང་བ་དང་བཅས་པ་སྒྲུབ་པར་བྱེད་པའི་དུས་སུ་རྗོད་པ་ཆོས་ཅན། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། དེ་


DLL1005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀྱི་ལྡོག་ཁྱབ་མ་གྲུབ་པའི་ཕྱིར། ཁྱབ་སྟེ། འདི་ལྟར་ལྡོག་ཁྱབ་མི་གྲུབ་པ་དེ་ནི་རྟགས་ཡང་དག་ཏུ་རིགས་པ་ཉིད་མ་ཡིན་ནོ་ཞེས་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་བརྗོད་བྱའི་དོན་བཤད་པ་ལ་གཉིས། ཤུགས་ཀྱི་བརྗོད་བྱ་བསྒྲུབ་བྱ། དངོས་ཀྱི་བརྗོད་བྱ་གཏན་ཚིགས་སོ། །དང་པོ་ལ་གཉིས། རང་ལུགས་གཞག །གཞན་ལུགས་དགག་པའོ། །དང་པོ་ལ་གཉིས། བསྒྲུབ་བྱའི་མཚན་ཉིད། དམ་བཅའ་ལྟར་སྣང་གི་དཔེའོ། །དང་པོ་ལ་གཉིས། བསྟན། བཤད་དོ། །དང་པོ་ནི། འོ་ན། བསྒྲུབ་བྱའི་མཚན་ཉིད་བསྟན་པ་མི་རིགས་པར་ཐལ། སྒྲུབ་བྱེད་བརྗོད་པའི་ཤུགས་ལ་རྟོགས་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་ཞེ་ན། དེ་ལྟར་ཡིན་ཡང་བསྒྲུབ་བྱའི་མཚན་ཉིད་བསྟན་པ་ཆོས་ཅན། དོན་ཡོད་དེ། བསྒྲུབ་བྱའི་མཚན་ཉིད་ལ་རྨོངས་པ་མེད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འོ་ན། བསྒྲུབ་བྱའི་མཚན་ཉིད་གང་ཞེ་ན། ངོ་བོ་ཁོ་ན་བསྟན་བྱ་བ། །རང་ཉིད་འདོད་དང་མ་བསལ་བ། །ཞེས་པས་བསྟན་ཏོ། །འོ་ན། ངོ་བོ་ལ་སོགས་པའི་ཚིག་བཞི་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། གཞན་དོན་བསྒྲུབ་བྱ་དེའི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངོ་བོ་དང་ཚིག་ཕྲད་དང་བདག་ཉིད་དང་འདོད་པ་ཞེས་པའི་ཚིག་བཞི་སྨོས་པ་ཆོས་ཅན། དོན་ཡོད་དེ། དེ་སྒྲུབ་ཀྱི་གཞན་དོན་བསྒྲུབ་བྱ་ཡིན་ན། དེ་སྒྲུབ་ཀྱི་ཕྱི་རྒོལ་གྱིས་མ་གྲུབ་པ་དང༌། སྒྲུབ་བྱེད་དུ་བཀོད་པ་མིན་པ་དང༌། རྒོལ་བས་དོན་གྱིས་བརྗོད་པ་སྟེ་འདོད་པ་དང༌། རྒོལ་བས་ཁས་བླངས་པ་ཞིག་དགོས་སོ་ཞེས་གཟུང་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། འདོད་པ། རང་ཉིད། མ་བསལ་བ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། འདོད་ཡུལ་བསྒྲུབ་བྱ་ཡིན་པར་བསྟན། བསྒྲུབ་བྱ་མིན་ན་ཧ་ཅང་ཐལ། ཚུལ་དེས་རིགས་ཅན་གཞན་ཡང་ཁེགས་པའོ། །དང་པོ་ནི། གཞན་དོན་


DLL1005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱའི་མཚན་ཉིད་འཆད་པའི་ཚིག་ཟུར་གྱི་འདོད་པ་ཞེས་པའི་ཚིག་ཆོས་ཅན། དོན་ཡོད་དེ། རྒོལ་བས་དངོས་སུ་མ་བརྗོད་ན་ཡང་ཞེ་བས་འདོད་པས་ཁྱབ་པ་སྒྲུབ་བྱར་འདོད་པ་ཡོད་ཅེས་རྟོགས་པའི་ཆེད་ཡིན་པའི་ཕྱིར། དཔེར་ན། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པ་ལ། འདུས་བསགས་རྟགས་སུ་བཀོད་པའི་ཚེ་ན། མིག་སོགས་བདག་གི་དོན་བྱེད་པ་བཞིན་ནོ། །འོ་ན། རང་ཉིད་སྨོས་པ་དོན་མེད་པར་ཐལ། འདོད་པ་ཞེས་པའི་ཚིག་གིས་རྒོལ་བས་མི་འདོད་པ་ཐམས་ཅད་བསྒྲུབ་བྱ་ཡིན་པ་བཅད་པའི་ཕྱིར་ཞེ་ན། འདོད་པ་ཞེས་པའི་ཚིག་གིས་རྒོལ་བ་ལས་གཞན་གྱི་འདོད་པ་ཐམས་ཅད་བསྒྲུབ་བྱ་མིན་པ་བཟློག་ན་ཡང༌། ཀུན་ལས་བཏུས་ཀྱི་འགྲེལ་པར་བདག་ཉིད་ཅེས་པའི་སྒྲ་བཤད་པ་འདི་ནི་ཆོས་ཅན། དོན་ཡོད་དེ། རྒོལ་བས་ཁས་བླངས་པའི་ལུང་དོན་ཐམས་ཅད་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པའི་གནས་ནི་བཟློག་པ་དེའི་དོན་དུ་བྱས་པ་ཡིན་པའི་ཕྱིར། འོ་ན། བདག་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་ཆོས་ཀྱི་ངོ་བོ་ཡིན་པར་ཐལ། མིག་སོགས་བདག་དོན་བྱེད་པ་དེ་བསྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན། འདི་ནི་ཆོས་ཀྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་འགལ་བ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། བདག་དོན་བྱེད་པ་དེ་ནི་སྒྲས་བརྗོད་ཚུལ་ལ་ལྟོས་ནས་ཆོས་དག་དང་ཆོས་ཅན་གྱི་ཁྱད་པར་ཡིན་པར་བརྗོད་པའི་ཕྱིར། དངོས་སུ་མ་བརྗོད་ན་བསྒྲུབ་བྱར་འདོད་པ་གང་ལས་རྟོགས་ཞེ་ན། འདུས་བསགས་ཆོས་ཅན། མིག་སོགས་བདག་དོན་བྱེད་པ་ངག་ཏུ་མ་བརྗོད་ན་ཡང་བསྒྲུབ་བྱར་འདོད་པ་རྟོགས་ནུས་ཏེ། དེ་ལྟ་ན་ཡང་དེ་བསྒྲུབ་བྱར་འདོད་པ་ནི་ཁྱོད་འགོད་པའི་སྐབས་ལས་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར། དེ་བསྒྲུབ་བྱར་བྱས་ན་སྐྱོན་ཅི་


DLL1005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཅེ་ན། ཆོས་ཅན། དེ་སྒྲུབ་ཀྱི་ཆོས་དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་ཡང་ཡོད་པར་ཐལ། བདག་དོན་བྱེད་པ་བསྒྲུབ་བྱའི་ཆོས་ཡིན་པ་གང་ཞིག །དེ་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར། ཇི་སྐད་དུ་སློབ་དཔོན་དབྱིག་གཉེན་གྱིས། གཞན་དེ་བདག་ལ་འདོད་ན། དེ་དཔེ་ལ་མ་གྲུབ་ཅེས་བཤད་པ་བཞིན་ནོ། །ཆོས་ཅན། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པ་དེར་ནི་འགལ་རྟགས་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །འདོད་ཡུལ་གྱི་བསྒྲུབ་བྱའི་ཆོས་ལ་གནོད་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་བདག་ཡོད་མེད་གང་ལ་རྩོད་པའི་སྐབས་སུ་བདག་ཡོད་པའི་སྒྲུབ་བྱེད་བཀོད་པ་དེའི་ཚེ་མིག་སོགས་བདག་དོན་བྱེད་པ་དེ་བསྒྲུབ་བྱ་མིན་ན། དེའི་བསྒྲུབ་བྱ་ཅི་ཡིན་དྲིས་པས། དེ་ལས་གཞན་དུ་མིག་སོགས་གཞན་དོན་བྱེད་པ་བསྒྲུབ་བྱ་ཡིན་ནོ་ཞེ་ན། མིག་སོགས་གཞན་དོན་བྱེད་པ་ཆོས་ཅན། གཞན་དོན་བསྒྲུབ་བྱ་མ་ཡིན་པར་ཐལ། ཁྱོད་སྔ་རྒོལ་གྱིས་བསྒྲུབ་པར་མི་འདོད་པའམ། ཕྱི་རྒོལ་གྱི་ངོར་སྒྲུབ་པ་ལ་འབྲས་བུ་མེད་པར་འགྱུར་བའི་ཕྱིར། གསུམ་པ་ལ་གསུམ། དངོས། རྩོད་སྤང༌། འདོད་ཡུལ་མིན་པ་བཀག་པས་འགལ་བ་མིན་པའོ། །དང་པོ་ནི། གྲངས་ཅན་གྱི་ཟོལ་སྦྱོར་འགོད་པའི་རིགས་པ་འདིས་ནི་ཆོས་ཅན། དོན་ཡོད་དེ། རྒྱང་འཕེན་གྱི་གཉིས་བཅས་སྦྱོར་བ་ལ། ཆོས་དཔེ་ལ་རྗེས་འགྲོ་མེད་པ་དང༌། རྟགས་འགལ་བ་དག་བསྟན་པ་ཡིན་པའི་ཕྱིར། གཉིས་བཅས་སྦྱོར་བ་ནི། བུམ་པ་ཆོས་ཅན། ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་དང་བུམ་པ་གང་རུང་གི་ཟླ་བཅས་ཡིན་ཏེ། ཨུཏྤལ་མ་ཡིན་པའི་ཕྱིར། རྩིག་པ་བཞིན། ཞེས་པའོ། །ཅི་སྟེ་ཡང་ལུས་སེམས་རྫས་གཅིག་པའི་ལུས་དང་བུམ་པ་གང་རུང་གི་ཟླ་བཅས་ཀྱི་སྤྱིར་བསྒྲུབ་པར་བྱ་བར་འདོད་དེ་ཞེ་ན། ཤེས་བྱ་ཆོས་ཅན། བུམ་པ་དེ་ལུས་སེམས་རྫས་


DLL1005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་སྐྱེས་བུའི་ལུས་བུམ་གང་རུང་གི་ཟླ་བཅས་སུ་གྲུབ་པ་མ་ཡིན་པར་ཐལ། བུམ་པ་དེ་ཉིད་བུམ་པ་ལས་དོན་གཞན་དུ་མེད་པའི་ཕྱིར་དང༌། ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་ཀྱང་གྲུབ་པར་མི་འགྱུར་བའི་ཕྱིར། བུམ་པ་འདི་ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་དང་བུམ་པ་གང་རུང་གི་ཟླ་བཅས་ཡིན་ནོ་ཞེས་པའི་ཚིག་དེ་ཆོས་ཅན། མི་ཤེས་པ་ཉིད་ཀྱིས་ཀུན་ནས་བསླངས་པ་ཡིན་ཏེ། བརྗོད་བྱས་སྟོང་པ་རྗོད་པ་རྣམས་ཀྱི་ཚིག་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་སྒྲ་དང་བུམ་པའི་ཁྱད་པར་གྱིས་རྟོག་ན། བྱས་པའི་རྟགས་ཀྱིས་སྒྲ་འཇིག་པར་སྒྲུབ་པ་ལ་ཡང་མཚུངས་ཏེ། སྒྲའི་བྱས་པ་བུམ་པ་ལ་མ་གྲུབ། བུམ་པའི་བྱས་པ་སྒྲ་ལ་མ་གྲུབ་པའི་ཕྱིར་ཞེ་ན། བྱས་པ་ཆོས་ཅན། སྒྲའི་བྱས་པ་བུམ་པ་ལ་མ་གྲུབ། བུམ་པའི་བྱས་པ་སྒྲ་ལ་མ་གྲུབ་ཀྱང༌། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་མ་ཡིན་ཏེ། འཇིག་པ་ཙམ་གྲུབ་པ་ཡིས་སྒྲ་ནི་མི་རྟག་པ་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྤྱི་དོན་གཞན་ཡོད་པར་གྱུར་ན། བུམ་པའང་སྤྱི་དོན་གཞན་དེ་དང་ལྡན་པར་འགྱུར་ནའང༌། བུམ་པ་ཆོས་ཅན། སྤྱི་དོན་གཞན་དང་ལྡན་པ་མ་ཡིན་པར་ཐལ། སྤྱི་དོན་གཞན་མེད་པའི་ཕྱིར། མི་རྟག་པ་ཆོས་ཅན། བུམ་པ་ལ་རྗེས་འགྲོ་མེད་པར་ཐལ། སྒྲ་ཡིས་ཁྱད་པར་ཅན་དུ་བྱས་པའི་ཕྱིར་ཞེ་ན། ཆོས་ཅན། སྒྲས་ཁྱད་པར་ཅན་དུ་བྱས་ན། བུམ་པ་ལ་རྗེས་འགྲོ་མེད་པས་ཁྱབ་པ་ཡོད་པ་མ་ཡིན་པར་ཐལ། སྒྲ་ལ་མ་འབྲེལ་བ་བཟློག་པའི་ཕྱིར། ཆོས་ཅན། སྒྲ་ཡིས་ཁྱད་པར་དུ་བྱས་པས་གཞན་བུམ་པ་དང་ནི་རྗེས་འགྲོ་མེད་པར་འགྱུར་བ་མ་ཡིན་པར་ཐལ། མི་ལྡན་དང་གཞན་ལྡན་རྣམ་གཅོད་རྣམ་པ་གཉིས་ལས་སྒྲས་མི་


DLL1005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར། བྱས་པ་ཆོས་ཅན། སྒྲ་མི་རྟག་པ་གྲུབ་ཟིན་སྒྲུབ་པར་ཐལ། མི་རྟག་པ་དེ་གློག་ལ་སོགས་པའི་སྟེང་དུ་གྲུབ་པའི་ཕྱིར་ཞེ་ན། ཆོས་ཅན། སྒྲ་མི་རྟག་པ་གྲུབ་ཟིན་པ་སྒྲུབ་པ་ཉིད་ཡིན་ཏེ། སྒྲའི་སྟེང་དུ་སྤྱི་མི་རྟག་པ་བསྒྲུབ་པར་བྱ་བའི་ཚུལ་གསུམ་ཡིན་པའི་ཕྱིར་རོ། །དེ་ནི་ཆོས་ཅན་སྒྲས་ཁྱད་པར་ཅན་དུ་བྱས་པས། བུམ་པ་ལ་རྗེས་འགྲོ་མེད་པའི་སྐྱོན་ལྡན་པ་མིན་ཏེ། སྒྲས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། འདོད་ཡུལ་བསྒྲུབ་བྱར་བསྟན་པ་འདིས་ནི། སྒྲའི་སྟེང་དུ་ཆོས་ཅན་གྱིས་ཆོས་ཁྱད་པར་དུ་བྱས་པ་དང༌། ཆོས་དག་གིས་ཆོས་ཅན་ཁྱད་པར་དུ་བྱས་པ་འགོག་པ་དག་ནི། རྟགས་འགལ་བ་བསལ་བ་ཡིན་ཏེ། ཆོས་ཅན་སྒྲ་ལ་ཚོགས་པ་དེ་ལྟར་མི་སྒྲུབ་པའི་ཕྱིར། བྱས་པ་ཆོས་ཅན། ཆོས་ཅན་སྒྲ་ལ་ནི་ཚོགས་པ་དོན་གཞན་དག་བསལ་བས་རྟགས་འགལ་བ་མ་ཡིན་ཏེ། གང་གི་ཕྱིར་སྒྲ་ལ་ཚོགས་པ་དོན་གཞན་དེ་ལྟར་སྒྲུབ་པར་འདོད་པ་མིན་པའི་ཕྱིར་ཏེ། སྒྲ་འདིར་ཆོས་མི་རྟག་པ་འབའ་ཞིག་བསྒྲུབ་བྱ་ཡིན་པའི་ཕྱིར། གཉིས་པ་རང་ཉིད་རྒྱས་པར་བཤད་པ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། གཞན་དོན་བསྒྲུབ་བྱའི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་བདག་ཉིད་ཀྱི་ནི་སྨོས་པ་ཆོས་ཅན། དོན་ཡོད་དེ། ཆོས་ཅན་གཅིག་ལ་བསྟན་བཅོས་ལས་ཆོས་རྣམས་དུ་མ་རྣམ་པར་བཞག་ཀྱང༌། རྒོལ་བ་བདག་ཉིད་ཀྱི་འདོད་པ་བསྒྲུབ་བྱ་ཡིན་ནོ་ཞེས་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། གཞན་སྡེ་ལུང་དོན་བསྒྲུབ་བྱར་འདོད་པ་དགག །ཐུན་མོང་ལུང་དོན་བསྒྲུབ་བྱར་འདོད་པ་དགག་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད། དེ་དགག་པའོ། །


DLL1005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། གལ་ཏེ་རྒོལ་བས་བསྟན་བཅོས་ཁས་བླངས་པའི་ཕྱིར། ལུང་དོན་ཐམས་ཅད་བསྒྲུབ་བྱར་བཟུང་བས། ལུང་དོན་དེ་གཅིག་ལ་རབ་ཏུ་གནོད་ནའང༌། གཏན་ཚིགས་དང་དམ་བཅའ་དག་འགལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། གཉིས་པ་ལ་གཉིས། བསྟན། བཤད་དོ། །དང་པོ་ནི། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པ་ན་དྲི་རྟག་པ་སའི་ཡོན་ཏན་བཟློག་པའི་སྒོ་ནས་ཀྱང༌། གཏན་ཚིགས་འགལ་བར་འགྱུར་བར་ཐལ། དེའི་སྒོ་ནས་ཀྱང་ལུང་དོན་གཅིག་ལ་གནོད་པའི་ཕྱིར། དྲི་རྟག་པ་སའི་ཡོན་ཏན་བཀག་པས་རྟགས་འགལ་བ་མིན་ཏེ། དེ་སྐབས་སུ་བབ་པ་མིན་པའི་ཕྱིར་ཞེ་ན། ཆོས་ཅན། སྒྲ་རྟག་པ་བཀག་པས་ཀྱང་རྟགས་འགལ་བ་མ་ཡིན་པར་ཐལ། སྐབས་སུ་མ་བབ་པ་དེ་ནི་གཞན་སྒྲ་རྟག་པ་ལའང་མཚུངས་པའི་ཕྱིར། ཅི་སྟེ་འདིར་སྒྲ་རྟག་པ་སྐབས་སུ་བབ་པ་ཡིན་ཏེ། ཆོས་ཅན་སྒྲ་སྐབས་སུ་བབ་པའི་ཕྱིར། དྲི་རྟག་པ་ས་ཡོན་སྐབས་སུ་མ་བབ་སྟེ། ཆོས་ཅན་དྲི་སྐབས་སུ་མ་བབ་པའི་ཕྱིར་ཞེ་ན། ཆོས་ཅན། དྲི་རྟག་པ་ས་ཡོན་བཀག་པས་ཀྱང་རྟགས་འགལ་བར་ཐལ། དྲི་རྟག་པ་ས་ཡོན་བཀག་པ་དེ་ལའང༌། བསྟན་བཅོས་ཀྱི་དོན་གཅིག་ལ་གནོད་པ་ཉིད་ཡིན་པའི་ཕྱིར། ཅི་སྟེ་ཆོས་ཅན་སྒྲའི་ཆོས་སོགས་ཡིན་པའི་སྒྲུབ་བྱེད་ཀྱིས། སྒྲ་མི་རྟག་པར་སྒྲུབ་པའི་སྔ་རྒོལ་ལ། སྒྲའི་སྟེང་དུ་རྟག་པ་ནམ་ཡོན་ལ་དཔག་འདོད་ཡོད་པ་ཡིན་པར་བརྗོད་དོ་ཞེ་ན། དེ་མི་འཐད་པར་ཐལ། ཕྱི་རྒོལ་སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་བ་ལ་སོགས་པའི་གནས་སྐབས་འགའ་ཡིས། སྔ་རྒོལ་སྒྲ་མི་རྟག་པ་ལ་དཔག་འདོད་སྐྱེ་བར་འགྱུར་ཞིང༌། དཔག་འདོད་དེ་རྟོགས་པ་ཡང་སྒྲུབ་བྱེད་འགོག་པའི་སྐབས་དེ་དག་གིས་རྟོགས་པའི་


DLL1005_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ནན་གྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྔ་རྒོལ་ཁྱོད་རྟག་པ་ནམ་ཡོན་འདི་འདོད་ཅེས་པ་ཆོས་ཅན། མི་འཐད་དོ། གསལ་བར་དབང་ཕྱུག་ངན་པའི་སྤྱོད་པ་དང་མཚུངས་པ་ཡིན་པའི་ཕྱིར། ཆོས་ཅན་སྒྲའི་ཆོས་ཡིན་པ་ཆོས་ཅན། སྔ་རྒོལ་སྒྲའི་སྟེང་དུ་རྟག་པ་ནམ་ཡོན་ལ་དཔག་འདོད་ཡོད་པར་སྒྲུབ་པའི་འབྲས་བུའི་རྟགས་ཅན་མིན་པར་བརྗོད་དེ། དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་པ་ཡིས། རྟགས་ཡང་དག་ཡིན་པ་ལ་གནོད་པར་འགྱུར་བའི་ཕྱིར། གཞན་མི་རྟག་པ་ཆོས་ཅན། རྟག་པ་ནམ་ཡོན་གྱི་དོན་ལ་གནོད་ཀྱང༌། ཁྱོད་ལ་ཅི་ཞིག་གནོད་དེ་མི་གནོད་པར་ཐལ། རྟག་པ་ནམ་ཡོན་མེད་ན་ཁྱོད་མི་འབྱུང་བ་མིན་པའི་ཕྱིར། གཉིས་པ་ལ་གསུམ། དངོས་སྟོབས་ཡུལ་ལ་ལུང་གིས་མི་གནོད། ལུང་གིས་གནོད་པའི་ཡུལ་ངོས་གཟུང༌། རྩོད་པ་སྤང་པའོ། །དང་པོ་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། རང་གི་སྤྱོད་ཡུལ་ལ་ལུང་གིས་མི་གནོད་དེ། ལུང་ལ་ལྟོས་པ་མེད་པར་རང་ཡུལ་གྲུབ་པར་བཤད་པའི་ཕྱིར། དེ་ཆོས་ཅན། སྒྲ་མི་རྟག་པར་འཇལ་བ་དེའི་ཚེ་བསྟན་བཅོས་ཁས་ལེན་པ་ལ་ལྟོས་པ་མ་ཡིན་ཏེ། ཁྱོད་ཀྱིས་གྲུབ་པའི་སྒྲ་མི་རྟག་པ་དེ་ནི་དངོས་སྟོབས་ཚད་མས་ལེགས་པར་གྲུབ་པའི་ཕྱིར། དངོས་སྟོབས་ཡུལ་ལ་དཔྱོད་པ་དེའི་ཚེ་ལུང་ལས་ཁས་མ་བླངས་ན། རྒོལ་བའི་རྩོད་པ་དོར་བར་འགྱུར་རོ་ཞེ་ན། དེའི་ཚེ་སྒྲ་མི་རྟག་པར་སྒྲུབ་པའི་སྔ་རྒོལ་ཆོས་ཅན། ལུང་དང་འགལ་བ་ཁས་བླངས་ན་རྩོད་པ་དོར་བ་མིན་པར་ཐལ། ལུང་ཁས་བླངས་པ་མེད་པའི་ཕྱིར། དངོས་སྟོབས་ཡུལ་ལ་དཔྱོད་པ་དེའི་ཚེ་ལུང་ཁས་བླངས་པ་ཡོད་ཀྱང༌། གནོད་བྱེད་ཀྱི་ཡན་ལག་མིན་ཏེ། དངོས་སྟོབས་ཡུལ་ལ་དཔྱོད་པ་འདི་ནི་ལུང་ཁས་ལེན་པའི་ཐབས་ཙམ་ཡིན་པའི་ཕྱིར། གཉིས་པ་


DLL1005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ནི། འོ་ན་ཁས་ལེན་པའི་དུས་གང་ཞེ་ན། ཤིན་ལྐོག་ལ་དཔྱོད་པ་དེའི་ཚེ་བསྟན་བཅོས་ཀྱིས་ནི་གནོད་པར་འགྱུར་ཏེ། དེ་ལྟར་ཡུལ་དང་པོ་གཉིས་ལ་དཔྱད་པ་རྣམ་པར་དག་པ་ན། ཤིན་ལྐོག་ལ་དཔྱོད་པ་དེ་ནི་བསྟན་བཅོས་ཡོངས་སུ་འཛིན་པར་འདོད་པའི་དུས་ཡིན་པའི་ཕྱིར་ཏེ། ལུང་དེས་གྲུབ་པའི་དོན་ལ་ལུང་དེ་དང་ནི་འགལ་བར་སེམས་ན་མི་རུང་བའི་ཕྱིར། ཤེས་བྱ་ཆོས་ཅན། གཞལ་བྱའི་གནས་གསུམ་པར་ནི་འཕོ་བ་ན། བསྟན་བཅོས་ཁས་ལེན་པར་རིགས་པ་དང་ལྡན་པ་ཡིན་ཏེ། ལུང་མ་གཏོགས་པ་ཤིན་ལྐོག་གི་སྒྲུབ་བྱེད་མེད་པའི་ཕྱིར། ཆོས་ཅན། ལུང་ཁས་ལེན་པ་དེར་ཡང་བསྒྲུབ་བྱའི་ཆོས་དང་ནི་མེད་ན་མི་འབྱུང་བ་ལ་གནོད་པ་ཉིད་རྟགས་ཡང་དག་ཡིན་པ་སྤང་བར་བྱའི། འབྲེལ་མེད་གཞན་ལ་གནོད་པས་རྟགས་ཡང་དག་ཡིན་པ་སྤང་བྱར་བྱ་བ་མིན་ཏེ། དེ་ལྟ་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །ལུང་དོན་ལ་དཔྱོད་པ་ཀུན་ལ་བསྟན་བཅོས་དག་སྒྲུ་བྱེད་དུ་གཟུང་དགོས་ཞེས་པའི་ལུགས་འདི། རིགས་པ་གང་གིས་བྱས་ཏེ་མ་བྱས་པར་ཐལ། དེ་ལྟ་ན་དེ་ནི་གྲུབ་མཐའ་ཁས་ལེན་པ་མེད་པའི་སྐྱེ་བོ་རྣམས་ཀྱིས། དུ་བས་མེ་ནི་རྟོགས་པར་མི་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཏེ། དེས་ལུང་ཁས་ལེན་པ་མེད་པའི་ཕྱིར་ཏེ། སྐྱེ་བོ་དེ་འབྲེལ་མེད་རེང་བུར་སྐྱེས་པར་འགྱུར་ཞིང༌། ལུང་ཁས་བླངས་པའི་ཡོན་ཏན་དང་ཁས་མ་བླངས་པའི་ཉེས་པ་མ་མཐོང་བའི་ཕྱིར། ལུང་དོན་ལ་དཔྱོད་པ་ཀུན་ལ་ལུང་སྒྲུབ་བྱེད་དུ་ཁས་ལེན་དགོས་ཞེས་པའི་གྲུབ་མཐའ་མི་བཟད་པའི་གདོན་དང་འདྲ་བ་འདི་ནི། ཀྱེ་མ་སུ་ཡིས་བགོས་པ་ཡིན་ཞེས་དཔྱས་པར་བྱའོ། །གསུམ་པ་ལ་གསུམ། ལུང་དོན་བཀག་བརྟགས་ཀྱི་ཉེས་པ་མིན། ལུང་དོན་བཀག་པ་རྒོལ་བའི་ཉེས་པ་


DLL1005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མིན། ལུང་དོན་བཀག་པ་པས་འགལ་ན་ཧ་ཅང་ཐལ་བའོ། །དང་པོ་ནི། གལ་ཏེ་མཐུན་དཔེ་ལ་བསྟན་བཅོས་ཀུན་གྱིས་སྒྲུབ་པར་བྱེད་པ་གཅིག་ཉིད་ལ་ཁྱབ་པར་བསྟན་པ། སྒྲུབ་བྱེད་ཡང་དག་ཏུ་འགྱུར་རོ་ཞེ་ན། རྟགས་ཡང་དག་ཡིན་ན། ལུང་དོན་ཀུན་གྱིས་མཐུན་དཔེའི་སྟེང་དུ་ཁྱབ་པ་བསྟན་དགོས་སོ་ཞེས་པ་འདི་ནི་ཆོས་ཅན། མི་འཐད་དེ། འཇིག་རྟེན་གྱི་ཐ་སྙད་ལས་འདས་པའི་ལུགས་ངན་ཡིན་པའི་ཕྱིར། བྱས་པ་ཆོས་ཅན། འབྲེལ་མེད་ཀྱི་ཆོས་རྟག་པ་ནམ་ཡོན་ནུ་མ་གྲུབ་པས། སྒྲ་མི་རྟག་པར་མ་གྲུབ་པར་ནི་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། རྟག་པ་ནམ་ཡོན་མ་གྲུབ་ཀྱང་། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གྲུབ་པ་ཡིན་པའི་ཕྱིར། ཆོས་ཅན། རྟག་པ་ནམ་ཡོན་ལ་གནོད་ཀྱང༌། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སྐྱོན་ལྡན་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། དེ་ལ་གནོད་ཀྱང་དེ་སྒྲུབ་ཀྱི་སྒྲུབ་བྱད་ཡང་དག་ཏུ་བརྗོད་པའི་ཕྱིར། རྟགས་ཡང་དག་ཡིན་ན། ཆོས་ཅན་གྱི་ཆོས་མ་ལུས་པས། མཐུན་དཔེའི་སྟེང་དུ་ཁྱབ་པ་བསྟན་པ་དགོས་སོ་ཞེ་ན། དེ་མི་དགོས་པར་ཐལ། ཆོས་ཅན་གྱི་ཆོས་ནི་མ་ལུས་པས་མཐུན་དཔེའི་སྟེང་དུ། ཁྱབ་པ་ཁས་བླངས་པ་མེད་པ་ཁོ་ནར་ནི་སྐྱེ་བོས་ཚིག་དང་དུད་སོགས་ལས། སེམས་ལྡན་དང་མི་སོགས་རྗེས་སུ་དཔོག་པར་བྱེད་པའི་ཕྱིར། ཇི་ལྟར་དཔོག་ན། རང་བཞིན་མི་རྟག་པ་དག་སྒྲུབ་པར་བྱེད་པའི་དོན་བྱས་པ་ཆོས་ཅན། རྒོལ་བ་འགའ་ཡི་སྨྲ་བ་རྟག་པ་ནམ་ཡོན་ལ་གནད་པས། སྒྲ་མི་རྟག་པར་སྒྲུབ་པའི་ངོ་བོ་ཉིད་ལས་ལྡོག་པ་མ་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །མི་རྟག་པ་དང་འབྲེལ་བ་མི་འཁྲུལ་བས་སོ། །དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་མེད་པ་ལ་གནོད་པས། དུ་ལྡན་གྱི་ལ་ལ་རྒྱུ་མེ་དག་ཡོད་པར་སྒྲུབ་པའི་ངོ་བོ་ཉིད་ལས་ལྡོག་པ་མ་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །མེ་ལ་


DLL1005_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུལ་བའི་ཕྱིར། བྱས་པ་དེ་ལུང་དོན་ལ་གནོད་བྱེད་ཡིན་ཡང་རྟགས་ཡང་དག་ཡིན་མོད། དེ་ལས་བསྒྲུབ་བྱ་ཇི་ལྟར་རྟོགས་ཤེ་ན། གཏན་ཚིགས་བྱས་པ་དེ་ནི་ཆོས་ཅན། ཕྱི་རྒོལ་གཞན་དག་ཁྱོད་ལས་སྒྲ་མི་རྟག་པར་ཇི་ལྟར་རྟོགས་པར་འགྱུར་བ་མ་ཡིན་ཏེ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །འདོད་པའི་བསྒྲུབ་བྱའི་ཆོས་ཀྱི་དོན་མི་རྟག་པ་དང་མེད་ན་མི་འབྱུང་བར་རྟོགས་པའི་ཕྱིར། གཉིས་པ་ནི། བྱས་པ་གཏན་ཚིགས་སྐྱོན་ཅན་མིན་ནའང་རྟག་པ་ནམ་ཡོན་ལ་བྱས་པ་གནོད་བྱེད་དུ་བརྗོད་པས། རྒོལ་བ་སྐྱོན་ཅན་ཡིན་ནོ་ཞེ་ན། སྒྲ་མི་རྟག་པར་སྒྲུབ་པའི་རྒོལ་བ་ཆོས་ཅན། བྱས་པ་དེ་གནོད་བྱེད་དུ་བརྗོད་པའི་ཉེས་པས་བསྟན་བཅོས་ལ་གནོད་བྱེད་དུ་ནི་བྱས་པ་དེ་གསར་དུ་སྐྱེས་པ་མིན་པར་ཐལ། བྱས་པ་གནོད་བྱེད་དུ་བརྗོད་པ་འདིར་ཉེས་པ་ཅི་བྱས་ཏེ་མ་བྱས་པའི་ཕྱིར་ཏེ། གཏན་ཚིགས་བྱས་པ་དེ་གནོད་བྱེད་དུ་བརྗོད་དམ་མ་བརྗོད་ཀྱང༌། རྟག་པ་ནམ་ཡོན་དང་འགལ་བའི་ཕྱིར། མ་བརྟགས་པར་གནོད་བྱེད་བརྗོད་པའི་ཕྱིར་སྐྱོན་ཅན་ཡིན་ནོ་ཞེ་ན། ཆོས་ཅན། མ་བརྟགས་པར་བྱས་པ་གནོད་བྱེད་དུ་བརྗོད་པས་ཅེས་ན་སྐྱོན་ཅན་ཡིན་ཏེ་མ་ཡིན་པར་ཐལ། བྱས་པ་གནོད་བྱེད་དུ་བརྗོད་པས་མི་རིགས་པ་བྱེད་པ་མིན་པའི་ཕྱིར་ཏེ། གལ་ཏེ་གནོད་བྱེད་དུ་མ་བརྗོད་ན་བྱས་པ་དེ་ཅི་རྟག་པ་ནམ་ཡོན་ལ་གནོད་པ་མིན་ནམ་སྟེ་གནོད་བྱེད་ཡིན་པའི་ཕྱིར། འོ་ན། སྒྲ་མི་རྟག་པར་སྒྲུབ་པ་ལ་མིག་གིས་གཟུང་བྱ་རྟགས་སུ་འགོད་པའི་རྒོལ་བ་སྐྱོན་ཅན་མ་ཡིན་པར་ཐལ། རྟགས་སུ་བཀོད་དམ་མ་བཀོད་ཀྱང་རུང༌། མིག་གིས་གཟུང་བྱ་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། རྟགས་ཡང་དག་འགོད་པར་ཁས་


DLL1005_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ན་དོན་མེད་པའི་གཏན་ཚིགས་ལྟར་སྣང་བརྗོད་པས་རྒོལ་བ་སྐྱོན་ཅན་དུ་འགྱུར་ཏེ། གཏན་ཚིགས་ལྟར་སྣང་གཞན་དག་ལ་རང་གི་འདོད་ཡུལ་ཉིད་ནི་སྒྲུབ་པའི་ནུས་པ་མེད་པའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པའི་སྔ་རྒོལ་ཆོས་ཅན། བྱས་པས་རྟག་པ་ནམ་ཡོན་ལ་གནོད་པ་འདིར་རྒོལ་བ་སྐྱོན་ཅན་མ་ཡིན་ཏེ། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་བསྟན་བཅོས་ལ་ལར་རྟག་པ་ནམ་ཡོན་ལྟ་བུ་འགའ་རིགས་པ་མིན་པ་བཀག་པས་ན། རིགས་པར་སྨྲ་བ་གཞན་པ་དག་ཀྱང་འགོག་པར་བྱེད་ཅེས་བྱ་བ་ཆོས་ཅན། མི་འཐད་དོ། །རྒྱལ་རིགས་ངན་པའི་ཆོས་ལུགས་དང་མཚུངས་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཀུན་དུ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རྣམ་གཞག་འདི་ཉམས་པར་འགྱུར་བར་ཐལ། ལུང་དོན་ཀུན་དང་བསྒྲུབ་བྱར་མཚུངས་པར་བྱས་ནས་ནི། སྒྲུབ་བྱེད་ཡང་དག་བརྗོད་པར་ནུས་པ་མ་ཡིན་པ་དེས་ནའོ། །མཉན་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པ་དང༌། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་གཉིས་མི་འགལ་བར་ཐལ། བྱས་པས་སྒྲ་རྟག་པ་ནམ་ཡོན་ལ་གནོད་པ་དང༌། སྒྲ་མི་རྟག་པར་འགྲུབ་པ་མི་འགལ་བའི་ཕྱིར་ཞེ་ན། སྒྲ་གཅིག་ཆོས་ཅན། དངོས་སུ་འགལ་བའི་རྟག་མི་རྟག་གཉིས་ཀ་ཡིན་པར་ངེས་པ་ལ་གནོད་པར་འགྱུར་ཏེ། ཁྱོད་ལ་རྟག་མི་རྟག་འགལ་བ་དག་གཞི་མཐུན་དུ་འདུ་བ་མི་རུང་བའི་ཕྱིར། རྟག་པ་ནམ་ཡོན་བཀག་པས་སྒྲ་མི་རྟག་པར་འགྲུབ་པ་མི་འགལ་ཏེ། རྟག་པ་ནམ་ཡོན་མིན་པ་དང་མི་རྟག་པ་འདིར་ནི། རྟག་མི་རྟག་དེ་འདྲ་བའི་འགལ་བ་ཡོད་པ་མ་ཡིན་པའི་ཕྱིར། རྟག་མི་རྟག་འབྲེལ་བ་མེད་ཀྱང་རྟག་པ་ནམ་ཡོན་བཀག་ན། སྒྲ་མི་རྟག་པ་ལ་གནོད་དེ། རྟག་པ་ནམ་ཡོན་མིན་པ་དང་མི་རྟག་པ་དེ་


DLL1005_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དག་གནོད་བྱ་གནོད་བྱེད་ནི་མིན་ཡང༌། རྟག་པ་ནམ་ཡོན་བཀག་ན་བསྟན་བཅོས་ཀྱི་དོན་བསླད་པར་འགྱུར་བའི་ཕྱིར་ཞེ་ན། རྟགས་ཐམས་ཅད་ཀྱིས་བསྒྲུབ་བྱ་ཐམས་ཅད་ལ་གནོད་པར་འགྱུར་བར་ཐལ། འབྲེལ་མེད་ཀྱི་ལུང་དོན་ལ་གནོད་པས། སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པའི་ཕྱིར། རྟག་པ་ནམ་ཡོན་དེ་སྒྲ་དང་འབྲེལ་བ་ཡོད་པ་དེས་ན་དེ་ཉིད་ལ་གནོད་ན་རྟགས་འགལ་བར་འགྱུར་གྱི། གཞན་ལ་གནོད་པས་རྟགས་འགལ་བ་མིན་ནོ་ཞེ་ན། བྱས་པ་ཆོས་ཅན། རྟག་པ་ནམ་ཡོན་ལ་གནོད་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འགལ་བ་མ་ཡིན་ཏེ། དེ་ལ་གནོད་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་འགྲུབ་པ་ལ་མི་གནོད་པའི་ཕྱིར། ཁྱབ་སྟེ། རྟགས་ཀུན་རང་གི་བསྒྲུབ་བྱ་ལ་ལྟོས་ནས་སྐྱོན་ཅན་དང་ཡོན་ཏན་ཅན་དུ་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །རྟག་པ་ནམ་ཡོན་མེད་ན་བསྒྲུབ་བྱའི་ཆོས་མི་རྟག་པ་མི་འབྱུང་བའི་འབྲེལ་བ་དེ་ནི་འདིར་རྟོགས་པ་མེད་ཀྱི། རྟག་པ་ནམ་ཡོན་ལ་གནོད་བྱས་སྒྲ་མི་རྟག་པ་ལ་གནོད་པ་འདིར་ནི། བསྟན་བཅོས་ཀྱི་དོན་ལ་གནོད་པ་འབའ་ཞིག་སྐྱོན་ཡིན་པ་དེ་ལྟར་ན་ཆོས་ཅན། རྩོལ་བྱུང་གིས་དྲི་རྟག་པ་ས་ཡོན་ལ་གནོད་པས་ཀྱང་རྟགས་འགལ་བར་ཐལ། བསྟན་བཅོས་ཀྱི་དོན་ལ་གནོད་པ་དེ་ནི། གཞལ་རྩོལ་བྱུང་གིས་དྲི་རྟག་པ་ས་ཡོན་ལ་གནོད་པ་བྱས་པ་ལའང་མཚུངས་པའི་ཕྱིར། གཉིས་པ་ཐུན་མོང་ལུང་དོན་བསྒྲུབ་བྱར་འདོད་པ་དགག་པ་ལ་གཉིས། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། གལ་ཏེ་རང་གཞན་གྱི་སྡེ་པ་ཁ་ཅིག་ན་རེ། རྒོལ་བས་བསྟན་བཅོས་ཁས་བླངས་པའི་ཕྱིར། བསྟན་བཅོས་ལས་མཐོང་བ་མ་ལུས་པ་བསྒྲུབ་བྱ་ཡིན་ནོ་ཞེ་ན། གཉིས་པ་ལ་གཉིས།


DLL1005_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་རྟགས་མ་གྲུབ་པ་རྗོད་པ་དམ་བཅར་ཐལ་བ། རང་སྒྲ་སྨོས་པ་དོན་མེད་དུ་ཐལ་བའོ། །དང་པོ་ནི། བསྟན་བཅོས་ལས་བཤད་པའི་དཔེ་དང་གཏན་ཚིགས་མ་གྲུབ་པ་སྨྲ་བ་ཆོས་ཅན། དམ་བཅའ་བར་ནི་ཐལ་བར་འགྱུར་བར་ཐལ། བསྒྲུབ་བྱ་རྗོད་པ་ཡིན་པའི་ཕྱིར། གལ་ཏེ་སྒྲུབ་བྱེད་ཉིད་དུ་བརྗོད་པའི་དཔེ་རྟགས་མ་གྲུབ་པ་ཆོས་ཅན། བསྒྲུབ་བྱ་མ་ཡིན་ཏེ། བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ། ཀུན་ལས་བཏུས་སུ་ཁོ་ན་དང་རིགས་སྒོར་འདོད་པ་སྨོས་པའི་ཕྱིར་ཞེ་ན། ཆོས་ཅན། བསྒྲུབ་བྱ་ཡིན་པ། ཁོ་ན་དང་འདོད་པའི་ཆོ་ག་ལས་ལྡོག་པ་མ་ཡིན་པར་ཐལ། བསྒྲུབ་བྱར་རིགས་པས་ཐོབ་པ་ནི་ཡིན་པའི་ཕྱིར། ཆོས་ཅན། བསྒྲུབ་བྱ་མིན་ཏེ། རྒོལ་བས་བསྒྲུབ་བྱར་མི་འདོད་པའི་ཕྱིར་ཞེ་ན། ཆོས་གཞན་རྟག་པ་ནམ་ཡོན་ཡང་ཆོས་ཅན། བསྒྲུབ་བྱ་མིན་པར་ཐལ། རྒོལ་བས་བསྒྲུབ་བྱར་མི་འདོད་པའི་ཕྱིར། འདོད་པ་དེའི་ཚེ། ཆོས་ཅན། བྱས་པ་དེས་ཁྱོད་ལ་གནོད་པས་རྟགས་ཅི་ཞིག་འགལ་ཏེ་མི་འགལ་བར་ཐལ། ཁྱོད་བསྒྲུབ་བྱ་མིན་པའི་ཕྱིར། གཉིས་པ་ལ་གཉིས། ཐལ་བ་དགོད། སྐྱོན་སྤོང་དགག་པའོ། །དང་པོ་ནི། རང་ཉིད་ཅེས་པའི་སྒྲ་ཡང་ཆོས་ཅན། ཕྱོགས་ཀྱི་མཚན་ཉིད་ལས་ཕྱི་རོལ་དུ་གྱུར་པའི་དོན་ཅན་ཡིན་པར་ཐལ། ལུང་དོན་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་སྨོས་པ་གང་ཞིག །ལུང་དོན་བསྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན། ཕྱོགས་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་སྨོས་པ་དོན་མེད་དུ་འགྱུར་རོ། །གཉིས་པ་ལ་གསུམ། བསྟན་བཅོས་ལ་འདོད་པས་འཇུག་པའི་དོན་དུ་སྨོས་པ་དགག །གྲགས་པ་ཆོས་ཅན་དུ་གཟུང་བའི་དོན་དུ་སྨོས་པ་དགག །ཆོས་ཅན་བསྒྲུབ་བྱ་མིན་པར་རྟོགས་པའི་དོན་དུ་སྨོས་པ་དགག་པའོ། །དང་པོ་ནི། དོན་མེད་


DLL1005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་འགྱུར་ཏེ། བསྟན་བཅོས་ལ་འདོད་པས་འཇུག་པའི་དོན་དུ་རང་སྒྲ་སྨོས་སོ་ཞེ་ན། འོ་ན། ཤེས་བྱ་ཆོས་ཅན། རྒོལ་བ་དབང་དོན་བསྟན་བཅོས་ལ་འདོད་པས་མི་འཇུག་གམ་སྙམ་པའི་དོགས་པ་འདི་སེལ་དགོས་པ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། རྒོལ་བ་དབང་རྣོན་དེ་ནི་ལུང་དོན་ཚད་མས་བཀག་པ་མེད་ན་ལུང་འཛིན་པ་གང་གིས་ཀྱང་བཟློག་པར་མི་ནུས་ལ། གལ་ཏེ་ལུང་དོན་ཚད་མས་བཀག་ན་ཡང༌། རང་ཉིད་ཀྱི་ཚིག་ལས་གང་གིས་ལུང་ལ་འཇུག་པར་འགྱུར་བ་མ་ཡིན་པའི་ཕྱིར། ཆོས་ཅན། རྒོལ་བ་དབང་རྟུལ་བསྟན་བཅོས་ལ་འཇུག་པའི་དོན་དུ་རང་སྒྲ་སྨོས་མི་དགོས་པར་ཐལ། རྒོལ་བ་དབང་རྟུལ་དེ་དག་སྔར་ཡང་གྲུབ་མཐའ་ནི་རང་གི་འདོད་པ་ཉིད་ཀྱིས་འཛིན་ཅིང༌། དེ་ནི་ཕྱིས་ཀྱང་ཇི་ཞིག་ལྟར་བསྟན་བཅོས་གཞན་འཛིན་པ་ནི་ཅིས་མི་ཐོབ་སྟེ་ཐོབ་པའི་ཕྱིར། ཁྱོད་རང་ལའང་རང་སྒྲ་སྨོས་པ་དོན་མེད་དུ་འགྱུར་བར་ཞེ་ན། བསྒྲུབ་བྱའི་མཚན་ཉིད་འཆད་པའི་སྐབས་འདིར་ནི། རང་ཉིད་ཀྱི་སྒྲ་མཛད་པ་ཆོས་ཅན། དོན་ཡོད་དེ། ལུང་དོན་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་པར་རྟོག་པ་གསལ་བའི་ཕྱིར། སེལ་ནུས་ཏེ། ལུང་དོན་ལ་གནོད་པས་འདོད་ཡུལ་གྱི་བསྒྲུབ་བྱ་ལ་གནོད་པ་མེད་པ་དང༌། ལུང་དོན་བསྒྲུབ་བྱ་མིན་པ་དང༌། ལུང་དོན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་ན་ཐུག་པ་མེད་པར་བསྟན་པས་སོ། །གཉིས་པ་ནི། རང་རང་གི་གཞུང་ལུགས་ཀྱིས་བྱས་པའི་ཁྱད་པར་དག་ཆོས་ཅན་དུ་ཡོངས་སུ་སྤངས་ནས། རབ་ཏུ་གྲགས་པའི་ཆོས་ཅན་དག་ནི་གཟུང་བའི་དོན་དུ་རང་ཉིད་ཀྱི་སྒྲ་བརྗོད་ཅེས་ཀུན་ལས་བཏུས་ཀྱི་འགྲེལ་བྱེད་གཞན་ནི་ཟེར་རོ། །ཤེས་བྱ་ཆོས་ཅན། ཁྱད་ཆོས་ལ་དཔྱད་པ་བྱེད་པ་ཉིད་ཀྱི་སྐབས་


DLL1005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི། རྒོལ་ཕྱི་རྒོལ་གཉིས་ཀ་ལ་རབ་ཏུ་གྲགས་པའི་རྟེན་ཆོས་ཅན་ནི་གྲུབ་པར་གྱུར་ཏེ། རང་རང་གི་འདོད་པས་བརྟགས་པའི་ཆོས་ཅན་ཁྱད་པར་ཅན་གྱི་སྟེང་དུ་ཁྱད་ཆོས་ཀྱི་དངོས་པོ་རྣམས་ལ་རྩོད་པ་མེད་པའི་ཕྱིར་རོ། །གསུམ་པ་ལ་གཉིས། གྲུབ་ཟིན་ཆོས་ཅན་བསྒྲུབ་བྱ་མིན་པར་རྟོགས་པའི་དོན་དུ་སྨོས་པ་དགག །མ་གྲུབ་ཆོས་ཅན་བསྒྲུབ་བྱ་མིན་པར་རྟོགས་པའི་དོན་དུ་སྨོས་པ་དགག་པའོ། །དང་པོ་ནི། ཅི་སྟེ། ཆོས་ཅན་གྲུབ་པར་བསྟན་པའི་སྒོ་ནས་བསྒྲུབ་བྱ་མིན་པར་རྟོགས་པའི་དོན་དུ་རང་སྒྲ་བརྗོད་དོ་ཞེ་ན། ཆོས་ཅན། རང་གི་ངོ་བོ་ཉིད་བསྟན་པ་ཞེས་བྱ་བ་འདི་ཉིད་ཀྱིས། གྲུབ་ཟིན་པའི་ཆོས་ཅན་བསྒྲུབ་བྱ་མ་ཡིན་པ་དེ་རྟོགས་ཏེ། གྲུབ་ཟིན་པ་དང་སྒྲུབ་པར་བྱེད་པའི་ངོ་བོར་ནི་བསྟན་པ་དག་ནི་བསྒྲུབ་བྱར་དོགས་པ་ཡོད་པ་ཡིན་ན། དེ་གཅད་ཕྱིར་དུ་བསྒྲུབ་བྱ་ཉིད་དུ་བསྟན་པ་ཞེས་བྱ་བ་འདི་ནི་འབྲས་བུ་དང་ལྡན་པར་འགྱུར་བའི་ཕྱིར། གཉིས་པ་ལ་གཉིས། ཕྱོགས་སྐྱོན་དུ་མི་འགྱུར་བའི་ཚུལ། དེའི་རྒྱུ་མཚན་ནོ། །དང་པོ་ནི། མ་གྲུབ་པའི་ཆོས་ཅན་ཡན་གར་བ་བསྒྲུབ་བྱ་མ་ཡིན་པར་རྟོགས་པའི་དོན་དུ་རང་སྒྲ་སྨོས་སོ་ཞེ་ན། དེ་མི་འཐད་པར་ཐལ། སློབ་དཔོན་གྱིས་རྗེས་སུ་དཔག་པ་ཚོགས་སྤྱིའི་ནི་ཡུལ་ཅན་ཉིད་དུ་བཤད་པས་མ་གྲུབ་པའི་ཆོས་ཉིད་ཡན་གར་བ་བསྒྲུབ་བྱ་མིན་པར་རྟོགས་ནུས་པའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་འདྲ། བསྒྲུབ་བྱའི་མཚན་ཉིད་འཆད་པའི་སྐབས་འདིར་ནི། མ་གྲུབ་པའི་ཆོས་ཅན་ཡན་གར་བ་བསྒྲུབ་བྱ་མ་ཡིན་པར་རྟོགས་པའི་དོན་དུ། རང་ཉིད་ཅེས་དེ་སྐད་མ་བསྟན་ཀྱང༌། ཕྱོགས་ཡང་དག་གི་མཚན་ཉིད་འགྲུབ་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར། གལ་ཏེ་མ་གྲུབ་པའི་ཆོས་ཅན་ཡན་གར་བ་བསྒྲུབ་བྱར་བྱས་ན། དེ་ལས་སྐྱོན་ཅིར་འགྱུར་དྲིས་པས། དེ་རྟགས་ཀྱིས་བསྒྲུབ་མི་ནུས་པའི་ཕྱིར་


DLL1005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། ཅིའི་ཕྱིར་བྱས་པས། རྟགས་ཕྱོགས་ཆོས་མ་གྲུབ་པ་དང༌། ཆོས་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར་ཞེ་ན། རྟགས་ཕྱོགས་ཆོས་མ་གྲུབ་པ་དང་ཆོས་དཔེ་ལ་རྗེས་འགྲོ་མེད་པ་འདི་ཆོས་ཅན། ཕྱོགས་སྐྱོན་མ་ཡིན་པར་ཐལ། རྟགས་དཔེ་དེ་དག་གི་སྐྱོན་མིན་ནམ་སྟེ་ཡིན་པའི་ཕྱིར། ཁྱབ་སྟེ། ཡན་ལག་ཕྱི་མ་རྟགས་དཔེ་ལ་ལྟོས་པའི་སྐྱོན་ཕྱོགས་སྐྱོན་དུ་འདོད་པ་མིན་པའི་ཕྱིར། ཆོས་ཅན། ཕྱོགས་སྐྱོན་ཡིན་ཏེ། ཕྱོགས་འགྲུབ་པ་ལ་གནོད་པའི་ཕྱིར་ཞེ་ན། དེ་ལྟ་ནའང་གཏན་ཚིགས་ལ་སོགས་པའི་ཉེས་པ་ཐམས་ཅད་ཀྱང་ཆོས་ཅན། ཕྱོགས་ཀྱི་སྐྱོན་དུ་ཐལ་བར་འགྱུར་ཏེ། ཕྱོགས་འགྲུབ་པ་ལ་གནོད་པའི་ཕྱིར་རོ། །འོ་ན། ཕྱོགས་སྐྱོན་གང་ཞེ་ན། སྒྲ་མཉན་བྱར་སྒྲུབ་པའི་ཕྱོགས་སུ་བཟུང་ནས། ཕྱི་རྒོལ་གྱིས་གྲུབ་ཟིན་པ་ཆོས་ཅན། ཕྱོགས་ཀྱི་སྐྱོན་དུ་འདོད་ཀྱི། གཞན་རྟགས་སྐྱོན་མིན་ཏེ། དམ་བཅའ་དེ་ཙམ་དང་འབྲེལ་བའི་ཉེས་པ་ཡིན་པའི་ཕྱིར། དཔེར་ན། མངོན་སུམ་དང་འགལ་བ་སྒྲ་མཉན་བྱ་མ་ཡིན་པར་དམ་བཅས་པ་བཞིན་ནོ། །གཉིས་པ་ལ་གཉིས། དངོས། རྩོད་སྤང་ངོ༌། །དང་པོ་ནི། རྟགས་དཔེའི་སྐྱོན་དེ་ཕྱོགས་སྐྱོན་མིན་པའི་རྒྱུ་མཚན་ཅི་ཞེ་ན། ཤེས་བྱ་ཆོས་ཅན། རྟགས་དཔེའི་སྐྱོན་དེ་ཕྱོགས་སྐྱོན་མ་ཡིན་ཏེ། དེ་ཕྱོགས་སྐྱོན་ཡིན་ན། རྟགས་དཔེའི་མཚན་ཉིད་ཀྱི་བསལ་བྱ་སེལ་བའི་སྒོ་ནས་ཕྱོགས་ཀྱི་མཚན་ཉིད་འཆད་དགོས་པ་གང་ཞིག །རྒྱུ་རྟགས་དཔེ་སོགས་ཀྱི་མཚན་ཉིད་ཀྱི་བསལ་བ་སེལ་བ་ལ་ལྟོས་པ་མེད་པར། མ་ཁྱབ་པ་དང་ལྡོག་པ་ཁྱབ་ཆེས་པ་དག་ནི་སྤང་བའི་ཕྱིར་དུ་ཕྱོགས་ཀྱི་མཚན་ཉིད་བཤད་པ་ཡིན་པའི་ཕྱིར། ཚིག་གང་གིས་མ་ཁྱབ་པ་དང་ཁྱབ་ཆེས་པ་སེལ་ཞེ་ན། ཕྱོགས་ཀྱི་མཚན་ཉིད་འཆད་པའི་


DLL1005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཟུར་གྱི་རང་ཉིད་ཚིག་ཕྲད་ངོ་བོའི་སྒྲ་མ་བསལ་བ་དང་བཅས་པ་དག་ཆོས་ཅན། གཞན་དོན་བསྒྲུབ་བྱའི་ལྡོག་པ་ཁྱབ་ཆེས་པ་སེལ་བར་བྱེད་པ་ཡིན་ཏེ། རྒོལ་བས་མི་འདོད་པའི་ལུང་དོན་དང༌། སྒྲུབ་བྱེད་དུ་བཀོད་བཞིན་པ་དང༌། ཕྱིར་རྒོལ་གྱིས་གྲུབ་ཟིན་པ་དང༌། ཚད་མས་བསལ་བ་གཞན་དོན་བསྒྲུབ་བྱ་ཡིན་པ་སེལ་བའི་ཕྱིར། དེའི་ཚིག་ཟུར་གྱི་འདོད་པའི་སྒྲ་ཆོས་ཅན། གཞན་དོན་བསྒྲུབ་བྱའི་མ་ཁྱབ་པ་སེལ་བར་བྱེད་དེ། ངག་ཏུ་དངོས་སུ་མ་བརྗོད་ཀྱང༌། ཞེ་བས་འདོད་པ་བསྒྲུབ་བྱ་ཡིན་པ་ཡོད་པར་བསྟན་པའི་ཕྱིར། ལོག་རྟོག་རྒྱས་པར་སེལ་བའི་དབང་དུ་བྱས་ནས་དེ་ལྟར་བསྟན་གྱི། མདོར་བསྡུ་ན། ཚད་མས་མ་བསལ་ཞིང༌། རྒོལ་བ་རྟོག་ལྡན་གྱིས་བསྒྲུབ་བྱར་ཁས་བླངས་པ་ཆོས་ཅན། གཞན་དོན་ཕྱོགས་ཡང་དག་གི་མཚན་ཉིད་ཡིན་ཏེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། འོ་ན། ཚད་མས་མ་བསལ་ཞིང༌། རྒོལ་བ་རྟོག་ལྡན་གྱིས་བསྒྲུབ་བྱར་ཁས་བླངས་པ་དེ་ལ། ངོ་བོའི་དོན་སོགས་ཆོས་ལྔ་ཚང་ངམ་ཞེ་ན། ཚང་སྟེ། ཚད་མས་བསལ་བ་སོགས་དེ་རྣམས་ལ་ནི། ཕྱོགས་ཀྱི་མཚན་ཉིད་དེ་འཇུག་པ་མེད་པའི་ཕྱིར་ཏེ། ཚད་མས་བསལ་བ་ལ་ཚད་མས་གནོད་པའི་ཕྱིར་དང༌། ལྷག་མ་ཕྱི་རྒོལ་གྱིས་གྲུབ་ཟིན་སོགས་བཞི་ལ། ཕྱོགས་ཀྱི་མཚན་ཉིད་རྒོལ་བ་རྟོག་ལྡན་གྱིས་བསྒྲུབ་བྱར་ཁས་བླངས་འཇུག་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཀུན་ལས་བཏུས་སུ་ངེས་གཟུང་སྨོས་པ་དོན་མེད་པར་ཐལ། རང་ཉིད་དང་འདོད་པའི་ཚིག་གིས་ངེས་གཟུང་གི་དོན་རྟོགས་པའི་ཕྱིར་ཞེ་ན། ཀུན་ལས་བཏུས་སུ། བསྒྲུབ་བྱའི་མཚན་ཉིད་འཆད་པའི་ཚིག་ཟུར་གྱི་རང་ཉིད་དང་འདོད་པ་བརྗོད་པ་ཆོས་ཅན། བསྟན་བྱ་བ་དང་ཁྱད་གཞི་ཁྱད་ཆོས་སུ་མ་འབྲེལ་ན་ཡང༌། ངེས་གཟུང་གི་དོན་རྟོགས་ནུས་ཏེ། དེ་ལྟ་ན་ཡང་


DLL1005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་འདོད་པར་གྱུར་པ་ཕྱོགས་ཡིན་ཞེས་པའི་ཚིག་ཡིན་པའི་ཕྱིར། དེ་ལྟ་ན་ཡང༌། ཆོས་ཅན། ངེས་གཟུང་གི་དོན་མ་རྟོགས་ཏེ། བྱེད་པའི་མཐའ་བསྟན་བྱ་བ་དང་ཁྱད་གཞི་ཁྱད་ཆོས་སུ་འབྲེལ་བའི་རང་ཉིད་འདོད་ཚིག་ཡིན་པའི་ཕྱིར། དེའི་ཚིག་ཟུར་དུ་ཁོ་ན་ཞེས་པའི་ཚིག་བཤད་པ་ཆོས་ཅན། དོན་ཡོད་དེ། དུས་གཞན་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར། དེའི་ཚིག་ཟུར་གྱི་རང་ཉིད་དང་འདོད་ཚིག་ཆོས་ཅན། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་ནུས་པར་ཐལ། རང་ཉིད་འདོད་པར་གྱུར་པ་ཕྱོགས་ཡིན་ཞེས་པའི་ཚིག་ཡིན་པའི་ཕྱིར་ཞེ་ན། ཀུན་ལས་བཏུས་སུ་འདོད་པའི་སྐད་ཀྱི་བྱིངས་ལ་རྐྱེན་བྱིན་པས། འདོད་པར་གྱུར་པ་ཞེས་པའི་ཚིག་འདིར་ནི་ཆོས་ཅན། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་ནུས་པའི་ཡན་ལག་མིན་ཏེ། བསྟན་བྱ་བ་དང་ཁྱད་གཞི་ཁྱད་ཆོས་སུ་འབྲེལ་བའི་འདོད་ཚིག་ཡིན་པའི་ཕྱིར། འོ་ན། རིགས་སྒོར་ཡང་ངེས་གཟུང་སྨོས་དགོས་སོ་ཞེ་ན། རིགས་སྒོའི་འདོད་པར་གྱུར་པའི་ཚིག་དེ་ཡིས་ནི་ཆོས་ཅན། གཏན་ཚིགས་མ་གྲུབ་པ་ལ་སོགས་པ་བསྒྲུབ་བྱ་ཡིན་པ་འགོག་སྟེ། དེ་བསྒྲུབ་བྱ་ཡིན་པ་གཅོད་ནུས་ཀྱི་ཡན་ལག་ཉིད་ཡིན་པའི་ཕྱིར། གསུམ་པ་བསྡུ་བ་ནི། རང་ཉིད་ཅེས་པའི་སྒྲ་ཆོས་ཅན། བསྟན་བཅོས་ལ་འདོད་པས་འཇུག་པ་སོགས་སྟོན་བྱེད་དུ་མི་རིགས་ཏེ། དེ་དག་རྗོད་བྱེད་མིན་པའི་ཕྱིར། དེས་ན། ཆོས་ཅན། རྒོལ་བ་བདག་ཉིད་ཀྱི་འདོད་པ་བསྒྲུབ་བྱར་སྟོན་ཏེ། བསྟན་བཅོས་ཀུན་ལ་ལྟོས་པ་མེད་པར་རྒོལ་བ་དེ་འདོད་པ་ནི་བསྒྲུབ་བྱ་ཉིད་དུ་བསྟན་པའི་ཕྱིར། དེས་ན། བྱས་པ་ཆོས་ཅན། རྒོལ་བས་


DLL1005_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་པ་དང་འབྲེལ་བའི་བསྟན་བཅོས་མཁན་པོའི་འདོད་པ་ལ་ཡང་གནོད་པ་ན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་དང་གཏན་ཚིགས་སྐྱོན་མེད་པ་ཉིད་ཡིན་ཏེ། དེ་ལ་གནོད་ཀྱང་ཇི་ལྟར་སྒྲ་མི་རྟག་པར་སྒྲུབ་པ་ལ་གནོད་པ་མེད་པའི་ཕྱིར་རོ། །གསུམ་པ་མ་བསལ་བ་རྒྱས་པར་བཤད་པ་ལ་གཉིས། བསྟན། བཤད་དོ། །དང་པོ་ནི། ཤེས་བྱ་ཆོས་ཅན། རྒོལ་བས་ཁས་བླངས་པ་དེ་ཡང༌། མངོན་རྗེས་ཀྱི་ཚད་མ་ནི་དག་གིས་བཀག་པ་མེད་པ་ཞིག་བསྒྲུབ་བྱ་ཡིན་པར་འདོད་དེ། ཚད་མས་བསལ་བ་གཏན་ཚིགས་འཇུག་པའི་རྟེན་མ་ཡིན་པའི་ཕྱིར་ཏེ། གཞན་དོན་གྱི་གཏན་ཚིགས་ཡང་དག་ཡིན་ན། ཚད་མས་མ་བསལ་ཞིང༌། ཕྱི་རྒོལ་ཐེ་ཚོམ་དང་ལྡན་པའི་ཚོགས་དོན་ལ་སྒྲུབ་བྱེད་དུ་བརྗོད་པའི་ཕྱིར། གནོད་བྱེད་ཚད་མ་ལ་གཉིས་སུ་ངེས་ན། གནོད་བྱེད་ཚད་མ་བཞིར་བཤད་པ་ཇི་ལྟར་ཡིན་ཞེ་ན། ཤེས་བྱ་ཆོས་ཅན། དམ་བཅའ་ལྟར་སྣང་ལ་གནོད་པའི་ཚད་མ་དེ་ནི་རྣམ་པ་བཞིར་བཤད་དུ་རུང་སྟེ། གནོད་བྱེད་ཚད་མ་ལ་མངོན་སུམ་དང༌། རྗེས་སུ་དཔག་པ་ལ་གསུམ་དུ་དབྱེ་བ་ཡིས་སོ། །ཡིད་ཆེས་དང་གྲགས་པའི་ཚད་མ་དེ་རྗེས་དཔག་ཡིན་ན། དེའི་རྟེན་འབྲེལ་རང་མ་དམིགས་པ་གང་ཡིན་ཞེ་ན། རྗེས་དཔག་གསུམ་ཡོད་པ་དེ་ལ་རྒོལ་བས་ཁས་བླངས་པའི་ཡིད་ཆེས་པའི་ཚིག་ཆོས་ཅན། རང་གི་བརྗོད་བྱའི་འབྲས་བུར་ཁས་ལེན་པའི་ངོར། རང་གི་བརྗོད་བྱ་སྒྲུབ་པ་ལ་འབྲས་རྟགས་ཡང་དག་ཡིན་ཞེས་བཤད་དུ་རུང་སྟེ། དེའི་ངོར་དེ་སྒྲུབ་ཀྱི་འབྲས་བུའི་ཚུལ་གསུམ་ཡིན་ཞེས་བརྗོད་དུ་རུང་བའི་ཕྱིར། འགྲོ་བ་ལ་གྲགས་པ་རྟོག་ཡུལ་ན་ཡོད་པ་ཆོས་ཅན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་


DLL1005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག །ཟླ་བའི་སྒྲས་བརྗོད་རུང་ལ་བདག་གཅིག་ཏུ་འབྲེལ་བའི་ཕྱིར། གཉིས་པ་ལ་གཉིས། སེལ་བྱེད་གང་གིས་མ་བསལ་བ། ཆོས་ཅན་གང་ལ་མ་བསལ་བའོ། །དང་པོ་ལ་གསུམ། ཡིད་ཆེས། གྲགས་པ། མངོན་སུམ་གྱིས་མ་བསལ་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ལུང་གནོད་གེགས་སུ་འགྱུར་བའི་ཚུལ། ཚད་མར་གྱུར་པའི་ལུང་ངོས་གཟུང་བའོ། །དང་པོ་ལ་གཉིས། རང་ཚིག་དང་ལུང་ཚིག་གཅིག་ཏུ་སྡུད་པའི་རྒྱུ་མཚན་དང་དགོས་པ། ལུང་གིས་གནོད་པའི་ཡུལ་ངོས་གཟུང་བའོ། །དང་པོ་ནི། ཡིད་ཆེས་པ་དང་དེའི་ཚིག་དེ་གང་ཞེ་ན། རྒོལ་བ་བདག་དང་གཞན་བསྟན་བཅོས་མཁན་པོ་ཆོས་ཅན། ཡིད་ཆེས་པ་ཡིན་ཏེ། དོན་ཡང་དག་པར་ངེས་པ་དང་ལྡན་པ་བརྗོད་པར་འདོད་པའི་ཕྱིར། རང་གི་ཚིག་དང་བསྟན་བཅོས་ཆོས་ཅན། ཀུན་ལས་བཏུས་སུ་ཡིད་ཆེས་ཞེས་སེལ་བྱེད་གཅིག་ཏུ་བཤད་པའི་རྒྱུ་མཚན་ཡོད་དེ། ཡིད་ཆེས་པའི་ཚིག་ཏུ་མཚུངས་པའི་ཕྱིར། དེ་གཉིས་སེལ་བྱེད་གཅིག་ཏུ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ཇི་ལྟར་རྒོལ་བ་བདག་གི་ཚིག་ནི་ཚད་མ་མིན་ན་གཞན་ལ་དོན་བསྟན་པའི་ཕྱིར་དུ་ཚིག་ནི་འཇུག་པར་མི་འགྱུར་བ་དེ་བཞིན་དུ། བསྟན་བཅོས་ཚད་མར་ཁས་ལེན་པ་ལ་མི་རྟེན་ན། བསྟན་བཅོས་དེར་གྲགས་པའི་དོན་ཤིན་ལྐོག་ལ་དཔྱོད་པ་ཡང་མི་རུང་ངོ་ཞེས་མཚུངས་པར་བསྟན་པའི་ཕྱིར། བསྟན་བཅོས་འདི་རང་གི་ཚིག་དང་ལྷན་ཅིག་བཤད་པ་ཆོས་ཅན། དོན་ཡོད་དེ། སྐབས་ཀྱི་རྟེན་ཤིན་ལྐོག་ཉིད་ལ་བསྟན་བཅོས་དེ་ཁས་བླངས་པ་ཙམ་གྱིས་གནོད་བྱེད་དང་སྒྲུབ་བྱེད་ཡིན་ནོ་ཞེས་པའི་དོན་འདི་བསྟན་པའི་ཆེད་དུ་ཡིན་པའི་ཕྱིར། རང་ཚིག་དང་བསྟན་བཅོས་འདི་


DLL1005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་ཁྱོད་ལ་རང་འགལ་གྱི་དཔེ་དག་ཀྱང་མཚུངས་པ་ཉིད་དུ་བསྟན་པ་ལ་རྒྱུ་མཚན་ཡོད་པ་ཡིན་ཏེ། ཁྱོད་རང་འགལ་གྱི་དམ་བཅའ་ལ་ཁས་བླངས་པ་ཙམ་གྱིས་གནོད་བྱེད་ཡིན་པ་དེས་ནའོ། །ཤེས་བྱ་ཆོས་ཅན། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ། །ཞེས་པའི་ཚིག་དེ་རང་ཚིག་དང་བསྟན་བཅོས་དང་འགལ་བ་གཉིས་ཀའི་དཔེར་རུང་སྟེ། ཚད་མ་རྣམས་ནི་ཡོད་པ་མིན་ན། བསྟན་བཅོས་དང་རང་ཚིག་ཚད་མར་མི་རུང་བའི་ཕྱིར་རོ། །གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་དོ་ཞེས་པའི་ཚིག་ཆོས་ཅན། ལུང་དང་འགལ་བའི་དཔེར་མི་རུང་བར་ཐལ། བརྗོད་བྱའི་ལྡོག་ཕྱོགས་འགྲུབ་པ་ལུང་ལ་མི་ལྟོས་པའི་ཕྱིར་ཞེ་ན། ཆོས་ཅན། རང་གི་ཚིག་དང་འགལ་བ་ལ་རྣམ་པ་གསལ་བའི་དཔེ་ཡིན་ཏེ། ངག་དངོས་ཤུགས་འགལ་བའི་དམ་བཅའ་གང་ཞིག །བརྗོད་བྱའི་ལྡོག་ཕྱོགས་འགྲུབ་པ་ལུང་ལ་མི་ལྟོས་པའི་ཕྱིར། ཆོས་ཅན། ལུང་དང་འགལ་བའི་རྣམ་པ་གསལ་བའི་དཔེ་མ་ཡིན་ཏེ། ལུང་དང་འགལ་བ་ལ་ཕྱོགས་ཙམ་མཚོན་ནས་བསྟན་པའི་དཔེ་ཡིན་པའི་ཕྱིར། ལུང་དང་འགལ་བའི་རྣམ་པ་བསལ་བའི་དཔེ་གང་ཞེ་ན། དཀར་པོའི་ཆོས་ནི་མ་འོངས་པ་ན་བདེ་བ་མི་འགྲུབ་ཅེས་བྱ་བ་ཆོས་ཅན། ལུང་དང་འགལ་བ་དེ་ལ་རྣམ་པ་གསལ་བའི་དཔེ་ཡིན་ཏེ། ལུང་ཁོ་ནས་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་ལུང་དང་འགལ་བའི་དམ་བཅའ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། ཆོས་ཅན་དངོས་སྟོབས་ཀྱིས་གྲུབ་པ་ལ་ལུང་གིས་མི་གནོད། ཆོས་ཅན་ལུང་གིས་གྲུབ་པ་ལ་ལུང་གིས་གནོད་པའོ། །དང་པོ་ནི། ཆོས་ཅན་དངོས་སྟོབས་ཀྱིས་གྲུབ་པ་ལ་ཡང་ལུང་གིས་གནོད་པར་ཐལ། ལུང་དེ་ཁས་བླངས་པ་ཙམ་གྱིས་གནོད་བྱེད་ཡིན་པའི་ཕྱིར་ཞེ་ན། ཤེས་


DLL1005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཆོས་ཅན། ལུང་དེ་ལ་བརྟེན་པ་མིན་པའི་དངོས་པོ་སྒྲ་ལ། སྤྱོད་པ་པས་སྔར་སྒྲ་རྟག་པར་ཁས་བླངས་ནས་ཕྱིས་ཚད་མས་མ་གྲུབ་བཞིན་དུ། བསྟན་བཅོས་དང་འགལ་བ་སྒྲ་མི་རྟག་པར་བརྗོད་ན་ཡང་གནོད་པ་མ་ཡིན་ཏེ། དམ་བཅའ་གཉིས་པོ་དེ་དག་ཕན་ཚུན་གེགས་བྱེད་ཙམ་དུ་གྱུར་བའི་ཕྱིར་ཏེ། དེ་གཉིས་དམ་བཅའ་འགལ་བ་ནུས་པ་མཚུངས་པ་ཡིན་པའི་ཕྱིར། དཔེར་ན། ངའི་མ་མོ་ཤམ་མོ་ཞེས་པའི་རང་གི་ཚིག་བཞིན་ནོ། །དེས་ན་སྤྱོད་པ་པས་སྔར་སྒྲ་རྟག་སྟོན་གྱི་བསྟན་བཅོས་ཚད་མར་ཁས་བླངས་ནས། ཕྱིས་ཚད་མས་མ་གྲུབ་བཞིན་དུ་སྒྲ་མི་རྟག་པར་ཁས་བླངས་པ་དེའི་ཚེ་སྒྲ་རྟག་སྟོན་གྱི་བསྟན་བཅོས་དེ་ཡང་ཆོས་ཅན། སྒྲ་མི་རྟག་པར་དམ་བཅས་པ་ལ་གནོད་བྱེད་མིན་ཏེ། སྤྱོད་པ་པའི་རང་ཚིག་འགལ་བའི་བདག་ཉིད་ཡིན་པའི་ཕྱིར། མཚུངས་པ་མ་གྲུབ་སྟེ། སྒྲ་མི་རྟག་པར་དམ་བཅས་པས། སྒྲ་རྟག་པར་དམ་བཅས་པ་ལ་གནོད་པའི་ཕྱིར་ཞེ་ན། སྒྲ་རྟག་པ་དང་མི་རྟག་པར་དམ་བཅས་པ་དེ་དག་ལས། ཚད་མས་གྲུབ་ནས་སྒྲ་མི་རྟག་པར་དམ་བཅས་པ་དེ་ནི་ཆོས་ཅན། གཞན་སྒྲ་རྟག་པར་དམ་བཅས་པ་ལ་གནོད་བྱེད་དུ་འགྱུར་ཏེ། སྒྲ་རྟག་པའི་ལྡོག་ཕྱོགས་དངོས་སུ་དམ་བཅས་པ་གང་ཞིག །རྒྱབ་རྟེན་ཚད་མ་ཡོད་པའི་དམ་བཅའ་ཡིན་པའི་ཕྱིར། དེ་ལྟ་མིན་པར་སྒྲ་རྟག་སྟོན་གྱི་བསྟན་བཅོས་ཀྱིས། སྒྲ་མི་རྟག་པར་དམ་བཅས་པ་ལ་གནོད་ན། སྒྲ་རྟག་སྟོན་གྱི་བསྟན་བཅོས་ཆོས་ཅན། སྒྲ་མི་རྟག་པར་དམ་བཅས་པ་ལ་མི་གནོད་པར་ཐལ། རྒྱབ་རྟེན་རིགས་པ་དང་བྲལ་བའི་སྒྲ་མི་རྟག་པའི་དམ་བཅའ་དང་ནུས་པ་མཚུངས་པའི་དམ་བཅའ་གང་ཞིག །སྒྲ་མི་རྟག་པ་ཇི་ལྟ་བ་བཞིན་གྱི་དོན་ཅན་གྱི་རྗེས་དཔག་ལ་ནི་ཇི་


DLL1005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གནོད་དེ་མི་གནོད་པའི་ཕྱིར་ཏེ། ལུང་རྣམས་ཚད་མ་ཡིན་པ་ནི་སྔར་ཉིད་རྣམ་པར་བཟློག་ཟིན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འོ་ན། གང་ལ་ལུང་གིས་གནོད་ཅེ་ན། ལུང་ཁས་བླངས་ནས་དཔྱོད་པའི་དཀར་པོའི་ཆོས་ཆོས་ཅན། ཁྱོད་ཀྱིས་བདེ་བ་མི་སྟེར་བར་དམ་བཅས་པ་ལ། ལུང་གིས་གནོད་པའི་སྐྱོན་འདི་འདོད་དེ། ཁྱོད་ཀྱིས་བདེ་བ་སྟེར་བར་ལུང་གིས་གྲུབ་པ་དེའི་ཕྱིར་རོ། །དེས་ན་ཁས་བླངས་པའི་ཡིད་ཆེས་རྗེས་དཔག་ཆོས་ཅན། རྗེས་དཔག་ལས་ཕྱི་རོལ་ཏུ་གྱུར་པ་མིན་ཏེ། རྟགས་ལ་བརྟེན་ནས་དམ་བཅའ་ལྟར་སྣང་གི་དོན་ལ་གནོད་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། དེ་ལྟར་ཡིན་ཡང༌། ཡིད་ཆེས་རྗེས་དཔག་རྗེས་དཔག་ལས་ཐ་དད་དུ་བྱས་པ་ཆོས་ཅན། དོན་ཡོད་དེ། ཡིད་ཆེས་རྗེས་དཔག་གི་ཐུན་མོང་མ་ཡིན་པའི་ཡུལ་གྱི་ཁྱད་པར་བསྟན་པའི་ཕྱིར། དེ་ལྟ་མིན་པར་རྗེས་དཔག་གི་གསལ་བའི་དབྱེ་བ་རྟོགས་པའི་ཕྱིར་དུ། རྗེས་དཔག་ལས་ཐ་དད་དུ་བྱས་པ་ཡིན་ན། སེལ་བྱེད་རྩ་བའི་དབྱེ་བ་འཆད་པའི་སྐབས་འདིར་ཆོས་ཅན། འབྲས་རང་གི་རྟགས་ལ་བརྟེན་པའི་རྗེས་དཔག་ཀྱང༌། བསྟན་དགོས་པ་ཧ་ཅང་ཐལ་ཆེས་པར་འགྱུར་ཏེ། རྗེས་དཔག་གི་དབྱེ་བ་རྟོགས་པའི་ཕྱིར་དུ། ཡིད་ཆེས་རྗེས་དཔག་རྗེས་དཔག་ལས་ཐ་དད་དུ་བསྟན་པའི་ཕྱིར། འབྲས་རང་གི་རྟགས་ལ་བརྟེན་པའི་རྗེས་དཔག་ཆོས་ཅན། རྗེས་དཔག་ལས་ཐ་དད་དུ་བྱས་པ་ལ་དོན་མེད་དེ། རྗེས་དཔག་གི་ནང་དུ་འདུས་པའི་ཕྱིར་ཞེ་ན། ཡིད་ཆེས་རྗེས་དཔག་ཆོས་ཅན། རྗེས་དཔག་ལས་ལོགས་ཤིག་ཏུ་བྱས་པ་དོན་མེད་དུ་འགྱུར་བར་ཐལ། རྟགས་འདྲ། འོ་ན། རིགས་སྒོར། རང་ཚིག་བསྟན་བཅོས་ལས་ཐ་དད་དུ་བྱས་པ་ལ་དགོས་པ་ཅི་ཡོད་ཅེ་ན། རིགས་སྒོར་རང་གི་ཚིག་ཀྱང་བསྟན་བཅོས་ལས་ཐ་དད་པར་བྱས་པ་ཆོས་ཅན།


DLL1005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་དེ། ཚིག་ཙམ་རྗོད་པ་རང་འགལ་གྱི་དམ་བཅའ་ལ་གེགས་བྱེད་ཡིན་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། རྒལ་བ་དེ་ཡིས་བསྟན་བཅོས་ཚད་མར་ནི་ཁས་བླངས་པའི་ཕྱིར་ན། དངོས་པོ་ཀུན་ལ་ལུང་གནོད་བྱེད་ཡིན་ནོ་ཞེ་ན། གལ་ཏེ་ལུང་དེ་ཆོས་ཅན། རྒོལ་བས་མི་འདོད་ནའང་གནོད་བྱེད་ཡིན་ནམ་ཅི་སྟེ་ཡིན་པར་ཐལ། དངོས་པོའི་སྟོབས་ཀྱིས་གནོད་བྱེད་ཡིན་པའི་ཕྱིར། རྟགས་ཁས་བླངས། བསྟན་བཅོས་དང་འགལ་ན་རྒོལ་བའི་རང་ཚིག་འགལ་བ་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། རང་ཚིག་དང་བསྟན་བཅོས་གཉིས་རང་འགལ་གྱི་དམ་བཅའ་ལ་གེགས་བྱེད་ཙམ་དུ་ཐ་དད་མེད་པར་འགྱུར་བར་ཐལ། ཕྱོགས་སྔ་དེའི་ཕྱིར། ལུང་ཆོས་ཅན། ཚད་མ་ཡིན་ཏེ། སྐྱེས་བུའི་འདོད་པས་ཚད་མར་བྱས་པའི་ཕྱིར་ཞེ་ན། རང་གི་ཚིག་ཆོས་ཅན། ཚད་མ་ཉིད་ཡིན་པར་ཐལ། འདོད་པས་ཚད་མར་བྱས་པ་འདི་ཡོངས་སུ་རྫོགས་པའི་ཕྱིར། མངོན་སུམ་ལ་རབ་ཏུ་གྲགས་པའི་དོན་དག་ཆོས་ཅན། ཁྱོད་ལ་བསྟན་བཅོས་སྒྲུབ་བྱེད་དུ་དོར་ནའང་ཉེས་པ་མེད་དེ། དངོས་སྟོབས་ཀྱིས་གྲུབ་པ་དེས་ནའོ། །ཤིན་ཏུ་ལྐོག་གྱུར་དག་ཆོས་ཅན། བསྟན་བཅོས་ནི་ཚད་མར་མི་འདོད་ན་ཁྱོད་ལ་དཔྱོད་པ་ཉིད་མི་འཇུག་སྟེ། ཁྱོད་ལུང་ཁོ་ནས་གྲུབ་པའི་ཕྱིར། གཉིས་པ་ཚད་མར་གྱུར་པའི་ལུང་ངོས་གཟུང་བ་ནི། འོ་ན། ཤིན་ཏུ་ལྐོག་གྱུར་གྱི་སྒྲུབ་བྱེད་ལུང་གང་ཡང་རུང་བ་ཁས་བླང་བར་བྱའམ་ཞེ་ན། དེ་མ་ཡིན་པར་ཐལ། ལུང་འདི་ལ་བརྟག་པ་བྱས་ན་ཕལ་ཆེར་ནི་ནང་འགལ་རྗོད་བྱེད་ཡིན་པའི་ཕྱིར་ཏེ། འདི་ལྟ་སྟེ། ཆགས་སོགས་ཆོས་མིན་པའི་རྩ་བ་དང༌། ཁྲུས་ཀྱིས་ཆོས་མིན་སྡིག་པ་རྩ་བ་ནས་དག་པར་འགྱུར་རྗོད་པར་མཐོང་བའི་


DLL1005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། འོ་ན། ལུང་ཇི་ལྟ་བུ་ཤིན་ལྐོག་གི་སྒྲུབ་བྱེད་ཡིན་ཞེ་ན། མཐོང་བ་མངོན་གྱུར་དང་ལྐོག་གྱུར་དག་ལ་རིགས་པས་གྲུབ་པ་དང༌། མ་མཐོང་བ་ཤིན་ཏུ་ལྐོག་གྱུར་ལ་རང་ཚིག་གིས་གནོད་པ་མེད་པའི་བསྟན་བཅོས་གང་ཡིན་པ་དེ་ཆོས་ཅན། ཁྱོད་ལ་བརྟེན་ནས་ཤིན་ལྐོག་ལ་དཔྱོད་པ་འཇུག་པར་འགྱུར་ཏེ། ཁྱོད་ཤིན་ལྐོག་གི་སྒྲུབ་བྱེད་དུ་གཟུང་བར་བྱ་བའི་ལུང་ཡིན་པའི་ཕྱིར། གཉིས་པ་གྲགས་པས་མ་བསལ་བ་རྒྱས་པར་བཤད་པ་ལ་ལྔ། བརྗོད་རུང་གྲགས་པ་ཡིན་པར་བསྟན། བརྗོད་རུང་གནོད་བྱེད་ཡིན་པར་བསྟན། བརྗོད་རུང་གྲགས་པར་སློབ་དཔོན་བཞེད། མདོའི་ཚིག་གི་དགོངས་པ་བཤད། གྲགས་པ་ལོགས་སུ་འཆད་པའི་རྒྱུ་མཚན་ནོ། །དང་པོ་ནི། གཞན་དོན་བསྒྲུབ་བྱ་ཡིན་ན་གྲགས་པས་མ་བསལ་བ་དགོས་ན། གྲགས་པ་དེ་གང་ཞེ་ན། སྐྱེས་བུའི་འདོད་པ་དང་རྗེས་སུ་འབྲེལ་བའི་འདོད་རྒྱལ་བའི་ཟླ་བ་ཞེས་པའི་སྒྲ་ཆོས་ཅན། རི་བོང་ཅན་ཁྱོད་ཀྱིས་བརྗོད་དུ་རུང་བར་སྐྱེ་བོ་རྣམས་འདོད་ཅིང་ཡིད་ཆེས་པ་ཡིན་ཏེ། ཁྱོད་ཀྱིས་དོན་ཐམས་ཅད་བརྗོད་དུ་རུང་བ་ལ་གནོད་པ་མེད་པའི་ངག་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱི་བརྗོད་བྱར་རུང་གཉིས་དོན་ཐམས་ཅད་ལ་བཀག་པ་མེད་པའི་ཕྱིར། ཟླ་བ་ཞེས་པའི་ཐ་སྙད་ལས་ནི་སྐྱེས་པའི་ཆོས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དེ་ཆོས་ཅན། གྲགས་པའི་སྒྲ་ཡིས་བརྗོད་པའི་རྒྱུ་མཚན་ཡོད་དེ། གྲགས་པ་མཚན་ཉིད་པ་དེའི་ཡུལ་ཡིན་པའི་ཕྱིར། བརྗོད་རུང་གིས་བརྗོད་མི་རུང་ལ་གནོད་མོད། སྒྲ་འཛིན་མངོན་སུམ་གྱིས་སྒྲ་མཉན་བྱ་མ་ཡིན་པ་ལ་ཇི་ལྟར་གནོད་ཅེ་ན། སྒྲ་མཉན་བྱ་ཡིན་པ་ཡང་ཆོས་ཅན། ཁྱོད་ལ་འཇལ་བྱེད་མངོན་སུམ་གྱི་སྒྲ་སྒྲོ་བཏགས་ནས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་སྒྲ་འཛིན་མངོན་སུམ་


DLL1005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཞལ་བྱ་ཡིན་པའི་ཕྱིར། དེས་ན་སྒྲ་མཉན་བྱ་ཡིན་པས་སྒྲ་མཉན་བྱ་མ་ཡིན་པ་ལ་དངོས་སུ་གནོད་པ་ལ། སྒྲ་འཛིན་མངོན་སུམ་གྱིས་སྒྲ་མཉན་བྱ་མ་ཡིན་པ་ལ་དངོས་སུ་གནོད་ཅེས་བསྟན་པ་ཡིན་ནོ། །གཉིས་པ་ནི། འདོད་པ་དེ་ལ་བརྟེན་ནས་འབྱུང་བ་ཅན་གྱི་ཟླ་བ་ཞེས་པའི་སྒྲ་ཆོས་ཅན། དོན་ཐམས་ཅད་ལ་འཇུག་ཏུ་རུང་བ་དགག་ཏུ་མེད་པ་ཡིན་ཏེ། འདོད་པས་འཇུག་པའི་སྒྲ་ཡིན་པའི་ཕྱིར། སྣ་ཚོགས་པའི་རི་བོང་ཅན་ཆོས་ཅན། སྔར་བརྡ་བྱས་པ་ཟླ་བ་ཞེས་པ་དང༌། སྔར་བརྡ་མ་བྱས་པ་བུམ་པ་ཞེས་སོགས་རྣམས་ཀྱིས་བརྗོད་རུང་ཡིན་ཏེ། རྟོག་ཡུལ་ན་ཡོད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར། ཆོས་ཅན། སྔར་བརྡ་བྱུང་བ་ཟླ་བ་ཞེས་པའམ་འབྱུང་བར་འགྱུར་བ་བུམ་པའི་སྒྲས་བརྗོད་དུ་རུང་བ་དེ་ཡིས། དེ་དང་མི་མཐུན་པ་བརྗོད་མི་རུང་དག་ལ་གནོད་པར་འགྱུར་ཏེ། རྟོག་ཡུལ་ན་ཡོད་པའི་དོན་ཙམ་དང་ནི་རྗེས་སུ་འབྲེལ་བ་ཅན་ཡིན་པའི་ཕྱིར། གསུམ་པ་ནི། སློབ་དཔོན་གྱིས་གྲགས་པས་གནོད་པར་བཤད་ཀྱི། བརྗོད་རུང་གིས་གནོད་པར་མ་བཤད་དོ་ཞེ་ན། བུམ་པའི་དངོས་པོ་དེ་ཆོས་ཅན། ཟླ་བ་གྲགས་པ་མེད་ཀྱང་ཁྱོད་ལ་ཟླ་བའི་སྒྲས་བརྗོད་རུང་དེ་ནི་གྲུབ་པ་ཡིན་ཏེ། དེ་མེད་ཀྱང་རྟོག་ཡུལ་ན་ཡོད་པ་དེའི་སྟོབས་ཉིད་ལས་ཁྱོད་ལ་སྒྲ་ཀུན་བརྗོད་རུང་ཉིད་དུ་འབྲེལ་བ་དེས་ནའོ། །བརྗོད་རུང་གྲགས་པར་བྱེད་པ་ལས་གཞན་དུ་གྲགས་ཟིན་ཁོ་ན་ལ་གྲགས་པར་རྗོད་ན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་འདིར་ནི། གནདོ་བྱེད་དུ་བརྗོད་པའི་གཏན་ཚིགས་རྟོག་ཡུལ་ན་ཡོད་པ་ཆོས་ཅན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་ཐུན་མོང་མིན་པ་ཉིད་དུ་མི་འགྱུར་བར་ཐལ། ཟླ་བར་གྲགས་མ་ཟིན་པ་དུ་མ་ལ་ཡོད་པའི་ཕྱིར། བཞི་པ་ལ། ཚད་མ་མདོར། གང་ལ་


DLL1005_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན། བསལ་བ་དེ་ཡང་ཕྱོགས་མ་ཡིན་ནོ། །དཔེར་ན། རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར། ཞེས་པའི་དོན་འཆད་པ་ལ་གཉིས། བརྗོད་མི་རུང་ལ་སྦྱར་ཏེ་བཤད་པ་དང༌། བརྗོད་རུང་ལ་སྦྱར་ཏེ་བཤད་པའོ། །དང་པོ་ནི། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དེ་ཆོས་ཅན། རྗེས་དཔོག་ལས་འགོག་པར་འགྱུར་ཏེ། ཚད་མས་འགོག་པ་གང་ཞིག །མངོན་སུམ་གྱིས་མི་འགོག་པའི་ཕྱིར་ཏེ། སྒྲ་དོན་ལ་དབང་པོ་སྟེ་མངོན་སུམ་གནོད་སྒྲུབ་ཏུ་འཇུག་པ་མེད་པའི་ཕྱིར། འདོད་མི་ནུས་ཏེ། ཡོད་པ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་རྟགས་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར། ཡོད་པ་ཐུན་མོང་མ་ཡིན་པ་ཡིན་མོད། རྟགས་གཞན་ཡོད་པ་མ་ཡིན་ནམ་ཞེ་ན། རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར། ཞེས་པའི་གཏན་ཚིགས་དཔེར་བརྗོད་པ་ཆོས་ཅན། འབྲས་བུ་དང་ནི་ལྡན་པར་འདོད་དེ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པ་གང་ལ། ཡོད་པ་དེ་མཐུན་ཕྱོགས་ལ་རྗེས་འགྲོ་མེད་པ་དེ་ལྟར། རྟགས་གཞན་རྣམས་ཀྱང་ཐུན་མོང་མིན་པ་ཉིད་དོ་ཞེས་དེ་ལྟར་རྟོགས་པའི་ཆེད་ཡིན་པའི་ཕྱིར། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལ་གནོད་བྱེད་མེད་མོད། སྒྲུབ་བྱེད་གང་ཞེ་ན། སྒྲ་ལས་བྱུང་བའི་གྲགས་པ་ཞེས་གསུངས་པ་ཆོས་ཅན། དོན་ཡོད་དེ། ཟླ་བའི་སྒྲ་ཡིས་བརྗོད་རུང་དུ་གྲུབ་པ་དེ་དོན་ཐམས་ཅད་ལ་ཡང་མ་གྲུབ་པ་མིན་ནོ་ཞེས་དེ་ལྟར་རྟོགས་པའི་ཆེད་ཡིན་པའི་ཕྱིར་ཏེ། ཟླ་བ་ཞེས་པའི་སྒྲ་ནི་བརྡ་ལ་བརྟེན་པ་ཅན་ཡིན་ལ། བརྡ་དེ་ཡང་འདོད་པ་ཙམ་ལ་བརྟེན་པ་ཡིན་པའི་ཕྱིར། ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པས་བསྒྲུབས་པ་རྣམས་ལ། འགལ་བ་ལ་འཁྲུལ་བ་མེད་པ་ཅན་མེད་པར་སྟོན་པ་ཡིན་ཏེ། རི་བོང་


DLL1005_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཟླ་བའི་སྒྲས་བརྗོད་རུང་དེ་ལྟ་བུར་རྟོགས་པའི་གྲགས་པའི་རྗེས་དཔག་ལ་འགྲན་ཟླ་མེད་པར་བསྟན་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། རང་ལུགས་གཞག །གཞན་ལུགས་དགག །དོན་བསྡུ་བའོ། །དང་པོ་ནི། ལུང་དང་པོས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལ་གནོད་པ་མེད་པར་བསྟན་པ་ལས་ཡང་ན། ལུང་དང་པོ་ཆོས་ཅན། དངོས་སྟོབས་རྗེས་དཔག་ལས་གྲགས་པའི་རྗེས་དཔག་ཡུལ་ཐ་དད་ཅན་ཉིད་དུ་སྟོན་ཏེ། འཇིག་རྟེན་ན་རི་བོང་ཅན་ཟླ་བའི་སྒྲས་བརྗོད་པ་དངོས་པོ་ལ་རྗེས་དཔག་མེད་པར་བརྗོད་པ་ཡིན་པའི་ཕྱིར། དེ་ལྟར་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། དངོས་སྟོབས་རྗེས་དཔག་ལས་གྲགས་པའི་རྗེས་དཔག་སྤྱོད་ཡུལ་ཐ་དད་པར་བསྟན་པ་ཆོས་ཅན། དོན་ཡོད་དེ། དངོས་པོ་རྣམས་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པ་ཅན་གྱི་དངོས་སྟོབས་རྗེས་དཔག་ལས་ཐ་དད་པར། གྲགས་པའི་རྗེས་དཔག་དེ་དངོས་པོའི་དབང་གིས་མི་འཇུག་པར་འདོད་པ་ལས་སྐྱེས་པ་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། ཇི་ལྟར་རྗེས་དཔག་མེད་ཅེ་ན། ཡོད་པ་དེ་ནི་ཆོས་ཅན། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དངོས་པོ་བར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་རྟགས་སུ་འདོད་པའི་རྒྱུ་མཚན་ཡོད་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེ་ལྟར་སྒྲུབ་པ་དེ་ལ་མཐུན་དཔེ་མེད་པ་ཅན་ཡིན་པའི་ཕྱིར་ཏེ། ཟླ་བའི་སྒྲས་བརྗོད་རུང་དངོས་པོ་པ་གང་ཞིག་འདོད་པར་འགྱུར་ཏེ་མི་འགྱུར་བའི་ཕྱིར་ཏེ། ཟླ་བར་ཆེས་གྲགས་པའི་རི་བོང་ཅན་ཡང་ཟླ་བའི་སྒྲས་བརྗོད་རུང་དངོས་པོ་བར་མི་འདོད་པའི་ཕྱིར། གཉིས་པ་ལ་གཉིས། དཔེ་གཞན་ལ་མ་ཁྱབ་པར་ཐལ་བ་དང༌། སྐབས་ཀྱི་དཔེ་ལ་མཐུན་དཔེ་ཡོད་པར་བསྟན་པའོ། །དང་པོ་ནི། ཁ་ཅིག་ན་རེ། ལུང་དང་པོས་འཇིག་


DLL1005_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ན་ཟླ་བ་གཅིག་ལས་མེད་པའི་རྒྱུ་མཚན་གྱིས། ཡོད་པ་དེ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་རྟགས་ཐུན་མོང་མིན་པར་བསྟན་པ་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར། ཞེས་པའི་དཔེ་གཅིག་པོ་འདི་ཉིད་ཀྱི་དབང་དུ་བྱས་ནས་ནི། སྒྲ་ལས་བྱུང་བའི་གྲགས་པ་ཞེས་དེ་སྐད་དུ་བཤད་པར་ཐལ། ཕྱོགས་སྔ་དེའི་ཕྱིར། འདོད་ན། ལུང་གཉིས་པས་དེ་སྐད་དུ་བཤད་པ་མིན་པར་ཐལ། གྲགས་པས་གནོད་པའི་མཚན་ཉིད་ཀྱིས་མཚན་གཞི་ལ་ཁྱབ་པར་བསྟན་པའི་ཕྱིར་ཏེ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལ་གྲགས་པས་གནོད་པ་དེ་བཞིན་དུ། ད་ཏྲིག །ཤིང་སྒྲས་བརྗོད་རུང་མིན་ཞེས་བརྗོད་པ་ལའང་གྲགས་པས་གནོད་པར་བསྟན་པའི་ཕྱིར་རོ། །གཉིས་པ་ནི། ཤེས་བྱ་ཆོས་ཅན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་མཐུན་དཔེ་མེད་པ་མ་ཡིན་ཏེ། འཇིག་རྟེན་འདིར་ཡང་ག་བུར་དང་དངུལ་ཆུ་སོགས་ལ་ཟླ་བའི་སྒྲས་རྗོད་པར་མཐོང་བའི་ཕྱིར། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། རི་བོང་ཅན་ལ་ཐུན་མོང་མིན་པར་འཇུག་རུང་ཉིད་ཀྱང་ཅི་ཡིན་ཏེ་མ་ཡིན་པར་ཐལ། བརྡ་ལས་འཇུག་པར་འགྱུར་བ་ཡིན་པའི་ཕྱིར། གལ་ཏེ་རི་བོང་ཅན་ལ་ཁོ་ནར་ཟླ་བ་ཞེས་པའི་སྒྲ་དེ་གྲུབ་བོ་ཞེ་ན། དེ་ནི་ཆོས་ཅན། རི་བོང་ཅན་ལ་དངོས་སྟོབས་ལས་གྲུབ་པ་ཡིན་པར་ཐལ། རི་བོང་ཅན་ཁོ་ན་ལ་གྲུབ་པའི་ཕྱིར། གལ་ཏེ་རི་བོང་ཅན་ལ་ལ་ཁོ་ནར་ཟླ་བ་ཞེས་པའི་སྒྲ་དེ་གྲུབ་བོ་ཞེ་ན། དེ་ནི་ཆོས་ཅན། རི་བོང་ཅན་ལ་དངོས་སྟོབས་ལས་གྲུབ་པ་ཡིན་པར་ཐལ། རི་བོང་ཅན་ཁོ་ན་ལ་གྲུབ་པའི་ཕྱིར། རི་བོང་ཅན་ལ་གྲགས་པས་གྲུབ་པར་ཁས་ལེན་ནོ་ཞེ་ན། རི་བོ་ཅན་མིན་པར་དངུལ་ཆུ་སོགས་ལའང་གྲགས་པས་འཇུག་པ་བཟློག་ཏུ་མེད་པར་ཐལ། རི་བོང་ཅན་ལ་གྲགས་པས་གྲུབ་པ་གང་ཞིག །རྒྱུ་མཚན་མཚུངས་པའི་ཕྱིར། དངུལ་ཆུ་སོགས་ཆོས་ཅན། ཟླ་བ་ཞེས་པའི་སྒྲ་རྒྱུ་མཚན་གྱི་དབང་གིས་འཇུག་སྟེ། དཀར་བ་དང་བསིལ་བ་


DLL1005_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དངོས་པོ་ལ་ནི་གྲུབ་པའི་ཕྱིར་ཞེ་ན། རི་བོང་ཅན་ལའང་ཆོས་ཅན། ཟླ་བ་ཞེས་པའི་སྒྲ་རྒྱུ་མཚན་གྱི་དབང་གིས་འཇུག་པ་བཟློག་པ་མེད་པར་ཐལ། རྟགས་འདྲ། རྟགས་མ་གྲུབ་སྟེ། དཀར་བ་དང་བསིལ་བའི་དངོས་པོ་དེ་མེད་དོ་ཞེ་ན། རི་བོང་ཅན་ལ་ཆོས་ཅན། ཟླ་བ་ཞེས་པའི་སྒྲ་བཟློག་ཀྱང་གྲགས་པས་གནོད་པའི་ཉེས་པ་ཡོད་པ་ཡིན་པ་མིན་པར་ཐལ། ཟླ་བ་ཞེས་པའི་སྒྲ་དེ་རྒྱུ་མཚན་ཅན་གྱི་སྒྲ་གང་ཞིག །ཁྱོད་ལ་ཟླ་བ་ཞེས་པའི་སྒྲ་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་ཏེ། རྒྱུ་མཚན་ཅན་གྱི་སྒྲ་རྒྱུ་མཚན་མེད་པར་མི་འཇུག་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། དངོས་པོ་ལ་འཇུག་པའི་ངེས་པ་མེད་པར། བརྡ་ལ་ལྟོས་པ་ཅན་གྱི་ཟླ་བ་ཞེས་པའི་སྒྲ་ལས་བྱུང་བའི་ཆོས་རྣམས་ཀྱིས་བརྗོད་དུ་རུང་བ་དོན་རྣམས་ཉིད་ཡིན་ཏེ། ཟླ་བ་ཞེས་པའི་སྒྲ་འདོད་པས་འཇུག་པ་ལ་གེགས་བྱེད་པ་མེད་པའི་ཕྱིར་རོ། །གལ་ཏེ་ག་བུར་སོགས་ལ་ལ་ཁོ་ནར་ཟླ་བ་ཞེས་པའི་སྒྲ་དེ་རྒྱུ་མཚན་གྱི་དབང་གིས་གྲུབ་བོ་ཞེ་ན། ཟླ་བ་ཞེས་པའི་སྒྲ་དེ་ནི་ཆོས་ཅན། ག་བུར་སོགས་ལ་དངོས་སྟོབས་ལས་གྲུབ་པ་ཡིན་པར་ཐལ། དེ་ལ་རྒྱུ་མཚན་གྱིས་འཇུག་པའི་ཕྱིར། དེ་ལ་གྲགས་པས་གྲུབ་པར་ཁས་ལེན་ནོ་ཞེ་ན། རི་བོང་ཅན་ལའང་ཆོས་ཅན། ཟླ་བའི་རྒྱུ་མཚན་གྱི་དབང་གིས་འཇུག་ཀྱང༌། གྲགས་པས་གྲུབ་པ་བཟློག་ཏུ་མེད་པར་ཐལ། ག་བུར་སོགས་ལ་རྒྱུ་མཚན་གྱི་དབང་གིས་འཇུག་ཀྱང་གྲགས་པས་གྲུབ་པ་གང་ཞིག །རྒྱུ་མཚན་མཚུངས་པའི་ཕྱིར། ཆོས་ཅན། ཟླ་བའི་སྒྲས་བརྗོད་མི་རུང་དུ་དམ་འཆའ་བ་མི་རིགས་ཏེ། ཁྱོད་ཟླ་བའི་སྒྲས་བརྗོད་དུ་རུང་བ་ཉིད་དེ་འགོག་པ་ལ། ཟླ་བ་ཞེས་པའི་བརྡ་འགོག་པ་མེད་པ་ལས་སྐྱེས་པའི་གྲགས་པ་ཞེས་བྱ་བའི་རྗེས་སུ་དཔག་པ་ཟླ་


DLL1005_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྒྲས་བརྗོད་དུ་རུང་བའི་ཡུལ་ཅན་གྱིས་གནོད་པར་བྱེད་པའི་ཕྱིར། བཤད་མ་ཐག་པའི་རིགས་པ་འདིས་ནི་ཆོས་ཅན། རི་བོང་ཅན་སོགས་དེ་དག་རྣམས་ཟླ་བའི་སྒྲས་བརྗོད་རུང་དེར་འགོག་པ་ནི་འགལ་བར་བསྟན་པ་ཡིན་ཏེ། བརྡའི་རྗེས་སུ་འཇུག་པའི་སྒྲ་རྣམས་ལ་ནི་དོན་མཐའ་གཅིག་ཏུ་ངེས་པ་ཡོད་པ་མིན་ནོ་ཞེས་བརྗོད་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། རི་བོང་ཅན་ཆོས་ཅན། འཚེད་བྱེད་ཅེས་པའི་རྒྱུ་མཚན་ཅན་གྱི་སྒྲའི་དོན་ཡིན་པ་འགོག་པ་ལ་གྲགས་པས་གནོད་པ་མེད་དེ། ཁྱོད་འཚེད་བྱེད་མིན་པ་དེས་ནའོ། །ཆོས་ཅན། ཟླ་བ་ཞེས་པའི་སྒྲ་རྣམས་ཀྱི་ནི་དོན། དོན་དམ་པ་ཉིད་འགོག་པ་ལ་གྲགས་པས་གནོད་པ་མེད་པར་བསྟན་པ་ཡིན་ཏེ། དོན་དམ་པའི་ཟླ་བའི་སྒྲས་བརྗོད་རུང་མིན་པའི་ཕྱིར། ལྔ་པ་གྲགས་པ་ལོགས་སུ་འཆད་པའི་རྒྱུ་མཚན་ནི། གྲགས་པའི་རྗེས་དཔག་ཆོས་ཅན། རྗེས་དཔག་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་ཏེ། རྟགས་ལ་བརྟེན་ནས་དམ་བཅའ་ལྟར་སྣང་གི་དོན་ལ་གནོད་བྱེད་ཀྱི་ཚད་མ་ཡིན་པ་དེས་ནའོ། །དེ་ལྟ་ནའང༌། གྲགས་པའི་རྗེས་དཔག་རྗེས་དཔག་ལས་ཐ་དད་དུ་བྱས་པ་ཆོས་ཅན། དོན་ཡོད་དེ། གྲགས་པའི་རྗེས་དཔག་གི་ཐུན་མོང་མ་ཡིན་པའི་ཡུལ་གྱི་ཁྱད་པར་ནི་བསྟན་པའི་ཕྱིར་དུ་ཡིན་པའི་ཕྱིར། དཔེར་ན། སྔ་མ་ཡིད་ཆེས་བཞིན་ནོ། །འོ་ན། ཡིད་ཆེས་དང་གྲགས་པའི་རྗེས་དཔག་གི་ཐུན་མོང་མ་ཡིན་པའི་ཡུལ་གྱི་ཁྱད་པར་བསྟན་པའི་ཕྱིར་དུ། དེ་གཉིས་རྗེས་དཔག་ལས་ཐ་དད་དུ་བསྟན་པར་གང་ལས་ཤེས་ཞེ་ན། ཡིད་ཆེས་དང་གྲགས་པའི་རྗེས་དཔག་འདི་གཉིས་ནི་ཆོས་ཅན། རྗེས་དཔག་ཏུ་གྲུབ་པ་ཡིན་ཡང་རྗེས་དཔག་ལས་ཐ་དད་དུ་བཤད་པ་ལ་དགོས་པ་ཡོད་དེ། རིམ་པ་བཞིན་དུ་རང་འགལ་གྱི་དམ་བཅའ་ལ་ཁས་བླངས་དང་གྲགས་པས་གནོད་པའི་


DLL1005_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་བསྟན་པའི་ཕྱིར་དུ། རང་འགལ་གྱི་དམ་བཅའ་ལ་གནོད་པ་འབབ་ཚུལ་རྒྱུ་མཚན་དང་བཅས་པ་རྒྱས་པར་བར་ཏུ་བརྗོད་པའི་ཕྱིར། མངོན་སུམ་དང་དངོས་སྟོབས་རྗེས་དཔག་ཆོས་ཅན། རལ་འགལ་གྱི་དམ་བཅའ་ལ་གནོད་པ་འབབ་ཚུལ་རྒྱས་པར་བཤད་པ་མིན་པའི་རྒྱུ་མཚན་ཡོད་དེ། རང་འགལ་གྱི་དམ་བཅའ་ལ་དངོས་པོའི་སྟོབས་ཀྱིས་གནོད་པའི་ཕྱིར། གསུམ་པ་མངོན་སུམ་གྱིས་མ་བསལ་བ་རྒྱས་པར་བཤད་པ་ལ་གཉིས། དོན་སྨོས་པའི་དགོས་པ། མཉན་བྱ་སྨོས་པའི་དགོས་པའོ། །དང་པོ་ནི། མངོན་སུམ་གྱིས་གནོད་པ་རྟོགས་སླ་བས་སློབ་དཔོན་གྱིས་རྒྱས་པར་མ་གསུངས་མོད། འདི་ལ་ཡང་བརྗོད་པར་བྱ་བ་ཡོད་དོ། །ཇི་ལྟར་ཡོད་ཅེ་ན། དོན་ཞེས་བཤད་པ་ཆོས་ཅན། དོན་ཡོད་དེ། སྒྲ་དེ་ཉན་ཤེས་ལ་སྤྱི་གསལ་གཉིས་མེད་པར་གསལ་བར་སྣང་བར་གྱུར་པ་དེ་རྟོགས་པའི་དོན་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྒྲ་དེ་ཉན་ཤེས་ལ་སྤྱི་གསལ་གཉིས་སུ་སྣང་བ་མེད་དེ། སྒྲ་ནི་ལྡོག་པ་དུ་མའི་དངོས་པོ་ཉིད་དུ་གྲགས་པའི་ངོ་བོ་ཉིད་གང་ཞིག །སྤྱི་གསལ་སྣ་ཚོགས་སུ་སྣང་བའི་བློ་ཉན་ཤེས་སྐྱེ་བ་མེད་པའི་ཕྱིར། སྒྲ་མཉན་བྱ་ཡིན་པ་འདི་ནི་ཆོས་ཅན། ཁྱོད་སྤོང་ན་མངོན་སུམ་གྱིས་གནོད་པར་འགྱུར་ཏེ། ཁྱོད་མངོན་སུམ་གྱིས་གྲུབ་པའི་ཕྱིར། སྒྲའི་ངོ་བོ་དེ་ཉིད་ཆོས་ཅན། ཁྱོད་ལ་དོན་ཞེས་བཤད་དེ། དོན་དམ་པར་གྲུབ་པའི་ཕྱིར། ལྷག་མ་ལྡོག་པའི་མཚན་ཉིད་ཅན་གྱི་སྤྱི་ནི་ཆོས་ཅན། དབང་མངོན་གྱི་དངོས་ཀྱི་སྤྱོད་ཡུལ་མིན་ཏེ། དངོས་མེད་ཀྱི་ངོ་བོ་ཡིན་པ་དེའི་ཕྱིར། གཉིས་པ་ནི། སྒྲ་ལ་མཉན་བྱའི་མིང་གིས་སྨོས་པ་ཆོས་ཅན། དོན་ཡོད་དེ། སྤྱིའི་ཆོས་རྣམས་ནི་སྤོང་ཡང་མངོན་སུམ་གྱི་གནོད་པ་ཡོད་པ་


DLL1005_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ནོ་ཞེས་བསྟན་པ་ཡིན་པའི་ཕྱིར་ཏེ། སྤྱིའི་ཆོས་རྣམས་ནི་མངོན་སུམ་གྱི་ཡུལ་མིན་པར་གྲུབ་པའི་ཕྱིར། སྒྲ་རང་མཚན་མིན་ཞེས་སྨོས་པས་ཆོག་མོད། ཅིའི་ཕྱིར་སྒྲ་མཉན་བྱ་མིན་ཞེས་སྨོས་ཞེ་ན། སྒྲ་ཆོས་ཅན། དོན་དམ་པར་རང་མིང་གིས་བརྗོད་མི་ནུས་ཏེ། དོན་དམ་པར་རྣམ་པ་ཀུན་དུ་སྒྲས་གཅོད་བྱའི་དངོས་པོ་མིན་པའི་ཕྱིར། མཉན་བྱའི་མིང་གིས་སྨོས་པ་ལ་དགོས་པ་ལྷག་པོ་ཡོད་དེ། དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་སྒྲ་ལ་མཉན་བྱའི་མིང་གིས་བཤད་པ་ཆོས་ཅན། དོན་ཡོད་དེ། སྒྲ་མཉན་བྱར་གྲུབ་པ་ཉན་ཤེས་དེ་ལ་བརྟེན་པའི་ཕྱིར་དང༌། ཉན་ཤེས་དེའི་སྟོབས་ཀྱིས་སྒྲ་མཉན་བྱ་མིན་པ་ལ་གནོད་པར་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ཆོས་ཅན་གང་ལ་མ་བསལ་བ་ལ་གསུམ། དངོས། རྩོད་སྤང༌། དོན་བསྡུ་བའོ། །དང་པོ་ལ་གཉིས། སྐབས་ཀྱི་ཆོས་ཅན་ལ་གནོད་པས་བསྒྲུབ་བྱ་ལ་གནོད། འབྲེལ་མེད་ཀྱི་ཆོས་ཅན་ལ་གནོད་པས་བསྒྲུབ་བྱ་ལ་མི་གནོད་པའོ། །དང་པོ་ནི། མངོན་སུམ་དོན་དང་རྗེས་དཔག་དང༌། །ཡིད་ཆེས་གྲགས་པས་མ་བསལ་བའོ། །ཞེས་སྨོས་པས་ཆོག་མོད། ཅིའི་ཕྱིར་རང་རྟེན་ལ་ཞེས་སྨོས་ཞེ་ན། རང་རྟེན་ལ་ཞེས་སྨོས་པ་ཆོས་ཅན། དོན་ཡོད་དེ། ཀུན་ཏུ་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་བྱར་འདོད་པའི་ཆོས་གང་ཡིན་པའི་ཆོས་དེ་དང་ལྡན་པའི་ཆོས་ཅན་ལ་གནོད་ན་བསྒྲུབ་བྱ་ལ་གནོད་པར་འགྱུར་གྱི་ཆོས་གཞན་གྱི་ནི་ཆོས་ཅན་ལ་གནོད་པས་བསྒྲུབ་བྱ་ལ་གནོད་པ་མིན་ནོ་ཞེས་རྟོགས་པའི་ཆེད་ཡིན་པའི་ཕྱིར། བྱས་པ་ཆོས་ཅན། རྟག་པ་ནམ་ཡོན་ལ་གནོད་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འགལ་བ་མིན་ཏེ། སྐབས་སུ་བབ་པ་ལས་གཞན་དུ་ཆོས་ཅན་གཞན་ལ་ནི་གནོད་ཀྱང༌། སྒྲ་མི་རྟག་པ་འགྲུབ་པ་འདི་ལ་ཅི་ཞིག་བཀག་པ་མེད་པ་ཡིན་པའི་ཕྱིར། རང་རྟེན་ལ་སྨོས་པ་དོན་མེད་


DLL1005_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། འབྲེལ་མེད་ཀྱི་ཆོས་ཅན་ལ་གནོད་པས་བསྒྲུབ་བྱ་ལ་མི་གནོད་པའི་དོན་འདི། རང་ཉིད་དང་འདོད་པ་ཞེས་པའི་ཚིག་ལས་རྟོགས་པའི་ཕྱིར་ཞེ་ན། དེ་ལྟ་བུའི་དོན་འདི་བསྒྲུབ་བྱའི་མཚན་ཉིད་འཆད་པའི་ཚིག་ཟུར་གྱི་རང་ཉིད་དང་འདོད་པ་ཞེས་པའི་ཚིག་གིས་རྟོགས་ཀྱང༌། རང་གི་ཆོས་ཅན་སྨོས་པས་ནི་ཆོས་ཅན། དོན་ཡོད་དེ། སྐབས་ཀྱི་ཆོས་ཅན་ལ་ནི་གནོད་པས་ཀྱང་བསྒྲུབ་བྱ་ལ་གནོད་པར་འགྱུར་རོ་ཞེས་ནི་གྲུབ་པའི་དོན་ཡིན་པའི་ཕྱིར་ཏེ། རྟེན་ནི་འགལ་བར་གྱུར་པ་ཡིས་དེ་ལ་བརྟེན་པ་ནི་འགལ་བའི་ཕྱིར། ཤེས་བྱ་ཆོས་ཅན། རང་རྟེན་ལ་སྨོས་པ་ལས་གཞན་དུ་ཚོགས་དོན་དེ་ལ་གནོད་པ་ཉིད་བསྒྲུབ་བྱ་ལ་གནོད་པ་ཡིན་པར་སེམས་པ་སྲིད་དེ། རྒོལ་བས་འདོད་པ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཆོས། ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱ་ཡིན་ཞེས་བརྗོད་པའི་ཕྱིར། རང་གི་ཆོས་ཅན་སྨོས་པ་ཆོས་ཅན། དོན་ཡོད་དེ། ཚོགས་དོན་ལ་གནོད་པ་ཁོ་ན་བསྒྲུབ་བྱ་ལ་གནོད་པ་ཡིན་ནམ་སྙམ་དུ་སེམས་པ་བཟློག་པའི་ཆེད་ཡིན་པ་དེས་ནའོ། །གཉིས་པ་ནི། ཆོས་ཅན་ལ་གནོད་པས་བསྒྲུབ་བྱ་ལ་གནོད་པ་འདི་ཡང་རང་ཉིད་དང་འདོད་པའི་ཚིག་གི་དོན་གྱིས་གྲུབ་པ་མིན་ནམ་ཞེ་ན། བདེན་ཏེ། འོན་ཀྱང་རྒོལ་བ་འགའ་ཞིག་ཆོས་ཅན་ན་འབའ་ཞིག་པ་བཀག་པ་ལ་ཡང་ནི་རྟགས་སྐྱོན་དང་ལྡན་པར་ཁས་ལེན་ཏེ། དཔེར་ན། སངས་རྒྱས་པས་མཁའ་སོགས་ཆོས་ཅན། རྐྱེན་གཞན་དག་གིས་སྔོན་མེད་པའི་རང་བཞིན་བསྐྱེད་དུ་མེད་པའི་རྟག་རྫས་མིན་ཏེ། ཅིག་ཅར་སྒྲ་སོགས་ཀྱི་རྒྱུ་མིན་པའི་ཕྱིར་ཞེས་བཤད་པ་ལ། བྱེ་བྲག་པས་སུན་འབྱིན་པ། ཅིག་ཅར་སྒྲ་སོགས་ཀྱི་རྒྱུ་མིན་པ་ཆོས་ཅན། ནམ་མཁའ་རྟག་རྫས་མ་ཡིན་པར་སྒྲུབ་པའི་རྟགས་འགལ་བར་ཐལ། རྟག་རྫས་


DLL1005_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་པ་དེ་བཞིན་དུ། མཁའ་སོགས་ཆོས་ཅན་ཕྱི་ངོ་བོའང་དངོས་མེད་དུ་བསྟན་པའི་ཕྱིར། ཞེས་བརྗོད་པ་བཞིན་ནོ། །དེ་ལ་ལན་ཇི་ལྟར་འདེབས་ཞེ་ན། ཆོས་ཅན། དངོས་གྱུར་གྱི་ནམ་མཁའ་བཀག་པས། དེ་སྒྲུབ་ཀྱི་རྟགས་འགལ་བ་མ་ཡིན་པར་ཐལ། དེ་བཀག་པས་དེ་ལྟར་སྒྲུབ་པའི་འདོད་པའི་བསྒྲུབ་བྱ་ལ་གནོད་པ་འགའ་ཡང་མེད་པ་ཉིད་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རང་རྟེན་ལ་ཞེས་པ་འདིས་ནི་ཆོས་ཅན་ལ་གནོད་པ་གང་གིས་བསྒྲུབ་པར་བྱ་བའི་ཆོས་འགོག་པས། བསྒྲུབ་བྱ་དེ་ལ་གནོད་ཅེས་བསྟན་པ་ཡིན་ཏེ། ཆོས་དང་ཆོས་ཅན་གཉིས་ཀའི་ཚོགས་དོན་བསྒྲུབ་བྱ་ཉིད་ཡིན་པའི་ཕྱིར། ཆོས་ཅན། འབྲེལ་མེད་ཀྱི་ཆོས་ཅན་འབའ་ཞིག་ལ་གནོད་པས། བསྒྲུབ་བྱ་ལ་གནོད་པ་མིན་ཏེ། རྒོལ་བས་ཞེ་བས་འདོད་པ་དེ་ལྟ་ཉིད་དུ་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ཡང་བསྒྲུབ་བྱ་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་སྐབས་ཀྱི་ཆོས་ཅན་ལ་གནོད་པས། བསྒྲུབ་བྱ་ལ་གནོད་པ་དེ་ལྟར་ན། སངས་རྒྱས་པས་གྲངས་ཅན་ལ་གནོད་བྱེད་བརྗོད་པ་འདིར་གནོད་བྱེད་ཡོད་དེ། བདེ་སོགས་ཆོས་ཅན། རྐྱེན་གཞན་གྱིས་སྐྱེད་ནུས་མིན་པའི་རྟག་རྫས་མ་ཡིན་ཏེ། ཅིག་ཅར་སྒྲ་སོགས་ཀྱི་རྒྱུ་མ་ཡིན་པའི་ཕྱིར། ཞེས་བྱ་བ་ལ་སྔ་མ་བྱེ་བྲག་པ་བཞིན་དུ་རྒོལ་ལོ། །གལ་ཏེ་སྦྱོར་བ་འདི་ལ་མེད་དགག་གཏན་ཚིགས་སུ་ནི་ངེས་ན། རྟགས་འགལ་བར་འགྱུར་བ་ཉིད་ཡིན་ཡང༌། རིམ་བཞིན་དོན་བྱེད་པ་རྟགས་ཡིན་ལ། རིམ་བཞིན་དོན་བྱེད་པ་ཆོས་ཅན། བདེ་སོགས་མི་རྟག་པར་སྒྲུབ་པའི་རྟགས་འགལ་བ་མ་ཡིན་ཏེ། ཁྱོད་དང་མི་རྟག་པ་ཉིད་འགལ་བ་མེད་པའི་ཕྱིར། འོ་ན། བཀོད་ཚོད་ཀྱི་རྟགས་དེ་ཅིར་འགྱུར་ཞེ་ན། ཅིག་ཅར་སྒྲ་སོགས་ཀྱི་རྒྱུ་མིན་པ་འདི་ནི་ཆོས་ཅན། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་ཁྱད་པར་དུ་འདོད་


DLL1005_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བས་ནའོ། །གསུམ་པ་ནི། རང་རྟེན་ཞེས་སྨོས་པ་ཆོས་ཅན། སྐབས་ཀྱི་ཆོས་དེའི་རྟེན་ལ་ནི་གནོད་ན་བསྒྲུབ་བྱ་ལ་གནོད་པ་ཡིན་གྱི། ཆོས་ཅན་འབའ་ཞིག་པ་ཉིད་དམ། ཆོས་གཞན་གྱི་རྟེན་ལ་གནོད་པས་བསྒྲུབ་བྱ་ལ་གནོད་པ་མིན་ནོ་ཞེས་བསྟན་ཏེ། གང་གི་ཕྱིར། རྒོལ་བ་རང་ཉིད་འདོད་པའི་ཆོས་ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱ་ཡིན་པ་དེའི་ཕྱིར། རང་གི་ཆོས་ཅན་ཞེས་སྨོས་པ་ཆོས་ཅན། དོན་ཡོད་དེ། ཆོས་ཅན་གཞན་ལ་གནོད་ན་ཡང་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་ན་ཞེས་བརྗོད་པའི་ཕྱིར། དཔེར་ན། རང་ཉིད་ཀྱི་སྒྲ་ཡིས་ཆོས་གཞན་ལ་གནོད་པས། སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་ནོ་ཞེས་བསྟན་པ་དེ་བཞིན་ནོ། །གཉིས་པ་དམ་བཅའ་ལྟར་སྣང་གི་དཔ་ལ་གཉིས། ཁྱད་པར་མ་གྲུབ་པ་ལ་སོགས་པ་ཕྱོགས་སྐྱོན་མིན་པའི་ཚུལ། ཆོས་ཀྱི་ཁྱད་པར་མ་གྲུབ་པ་ལ་སོགས་པ་ལ་གནོད་ཚུལ་ལོ། །དང་པོ་ནི། ཁྱད་པར་མ་གྲུབ་པ་དང༌། ཁྱད་པར་ཅན་མ་གྲུབ་པ་དང༌། གཉིས་ཀ་མ་གྲུབ་པ་ལ་སོགས་པ་ཕྱོགས་སྐྱོན་དུ་མི་སྟོན་པའི་རྒྱུ་མཚན་ཅི་ཡིན། ཁྱད་པར་མ་གྲུབ་པ་ནི་གྲངས་ཅན་གྱི་ངོར་སྒྲ་མི་རྟག་ཅེས་པ་ལྟ་བུ། ཁྱད་པར་ཅན་མ་གྲུབ་པ་ནི། བདག་གི་ཐམས་ཅད་ལ་ཁྱབ་པའོ་ཞེས་པ་ལྟ་བུ། གཉིས་ཀ་མ་གྲུབ་པ་ནི། བདག་ནི་འཕྲོད་པ་འདུ་བ་ཅན་གྱི་རྒྱུའོ་ཞེས་པ་ལྟ་བུའོ། །དེ་དག་ཕྱོགས་སྐྱོན་ཡིན་ཏེ། ཕྱོགས་འགྲུབ་པ་ལ་གནོད་པའི་ཕྱིར་ཞེ་ན། སྒྲུབ་བྱེད་ཀྱི་སྐྱོན་ནི་ཐམས་ཅད་ཆོས་ཅན། ཕྱོགས་སྐྱོན་དུ་ཐལ། ཕྱོགས་འགྲུབ་པ་ཉིད་ལ་ནི་གནོད་པར་འགྱུར་བའི་ཕྱིར། འདོད་པ་དེ་ལྟ་ནའང༌། རྟེན་ཆོས་ཅན་སོགས་མ་གྲུབ་པ་ཕྱོགས་སྐྱོན་མིན་པར་ཐལ། དམ་བཅའ་བ་ཙམ་དང་འབྲེལ་བའི་ཉེས་པ་དེ་


DLL1005_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྐྱོན་ཡིན་གྱི། ཡན་ལག་ཕྱི་མ་རྟགས་དཔེ་ལ་ལྟོས་པའི་སྐྱོན་གང་ཡིན་པ་དེ་ནི། རྟགས་དཔེ་དེ་ཉིད་དང་རྗེས་སུ་འབྲེལ་བའི་སྐྱོན་ཡིན་ནོ་ཞེས་བཤད་པ་དེའི་ཕྱིར། གཉིས་པ་ལ་གསུམ། ཆོས་ཀྱི་ངོ་བོ་བསལ་བས་མཚོན་ཏེ་བསྟན་ཆོས་ཀྱི་ཁྱད་པར་བསལ་བ་རྒྱས་པར་བཤད། དེས་ཆོས་ཅན་ལ་གནོད་ཚུལ་གཉིས་ཀྱང་རྟོགས་པར་བྱའོ། །དང་པོ་ནི། ཀུན་ལས་བཏུས་སུ། ཆོས་ཀྱི་ངོ་བོ་ལ་གནོད་པའི་དམ་བཅའ་ལྟར་སྣང་ལ་མངོན་སུམ་སོགས་ཀྱིས་གནོད་པ་འབབ་ཚུལ་རྒྱས་པར་བསྟན་ལ། ཆོས་ཀྱི་ཁྱད་པར་དང༌། ཆོས་ཅན་གྱི་ཁྱད་པར་དང༌། ཆོས་ཅན་རང་གི་ངོ་བོ་ལ་གནོད་པའི་དམ་བཅའ་ལྟར་སྣང་ལ། མངོན་སུམ་སོགས་ཀྱིས་གནོད་པ་འབབ་ཚུལ་རྒྱས་པར་མི་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། ཀུན་ལས་བཏུས་སུ། ཆོས་ཀྱི་ངོ་བོ་ལ་གནོད་པའི་དམ་བཅའ་ལྟར་སྣང་ལ་གནོད་པ་འབབ་ཚུལ་རྒྱས་པར་བསྟན་པ་འདིས་ནི་ཆོས་ཅན། བསྒྲུབ་བྱའི་ཡན་ལག་ཏུ་གྱུར་པའི་ཆོས་ཅན་གྱི་ཁྱད་པར་དང༌། ཆོས་ཀྱི་ཁྱད་པར་དང༌། ཆོས་ཅན་རང་གི་ངོ་བོ་ལ་གནོད་པའི་དམ་བཅའ་དག་ནི། དམ་བཅའ་ལྟར་སྣང་དུ་བསྟན་པ་ཡིན་ཏེ། འདོད་ཡུལ་གྱི་བསྒྲུབ་བྱ་ལ་གནོད་པའི་དམ་བཅའ་ཐམས་ཅད་དམ་བཅའ་ལྟར་སྣང་དུ་བསྟན་པའི་ཕྱིར། གཉིས་པ་ལ་གཉིས། དམ་བཅའ་ངོས་གཟུང༌། གནོད་བྱེད་བསྟན་པའོ། །དང་པོ་ནི། བྱེ་བྲག་པའི་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་ལྟར་སྣང་གི་དཔེ་ལ་གནོད་པའི་ཚུལ་ནི་ཕྱོགས་ཙམ་བརྗོད་པ་ཆོས་ཅན། དོན་ཡོད་དེ། བྱེ་བྲག་པའི་ཆོས་ཅན་གྱི་ཁྱད་པར་དང༌། ཆོས་ཅན་རང་གི་ངོ་བོ་ལ་གནོད་པའི་དམ་བཅའ་དེ་ལ། གནོད་ཚུལ་གྱི་དོན་ནི་བསྟན་པའི་དོན་དུ་ཡིན་པའི་ཕྱིར། འོ་ན། ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་དེ་གང་ཞེ་ན། ཤེས་བྱ་ཆོས་ཅན། བྱེ་བྲག་པས་རྡུལ་ཕན་ཚུན་ལྡན་པས་བརྩམས་པའི་དོན་རྫས་ཀྱི་མཚན་


DLL1005_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གསུམ་གྱིས་ཁྱད་པར་དུ་བྱས་པ་ཅན། མངོན་སུམ་གྱིས་མཐོང་བ་ལ་བརྟེན་པའི་ཡན་ལག་ཅན་ཡན་ལག་ལས་རྫས་གཞན་དུ་ཡོད་པར་དམ་བཅས་པ་ཡིན་ཏེ། མངོན་སུམ་གྱིས་མ་མཐོང་ཞིང་ཆོས་གསུམ་གྱིས་ཁྱད་པར་དུ་བྱས་པ་ཅན་མིན་པའི་ཡན་ལག་ཅན། ཡན་ལག་ལས་རྫས་གཞན་དུ་དམ་བཅས་པ་ལ་དགོས་པ་མེད་པའི་ཕྱིར་ཏེ། མ་མཐོང་བ་རྡུལ་ཕྲ་རབ་ལ་སྒྲིབ་ཐོགས་སོགས་ཀྱི་འབྲས་བུ་མེད་པར་མཐོང་ནས། སྒྲིབ་ཐོགས་སོགས་བསྒྲུབ་པའི་ཕྱིར་དུ། ཡན་ལག་ཅན་རྫས་གཞན་བསྒྲུབ་པར་འདོད་པའི་ཕྱིར་དང༌། ཆོས་གསུམ་གྱིས་ཁྱད་པར་ཅན་དུ་བྱས་པ་མིན་པའི་ཡན་ལག་ཅན་ཡན་ལག་ལས་གཞན་དུ་ཡོད་པ་ནི་སྒྲུབ་ན། གྲུབ་ཟིན་སྒྲུབ་པ་ཉིད་དུ་འགྱུར་བའི་ཕྱིར། གཉིས་པ་ལ་གཉིས། དངོས། དེའི་ལན་དགག་པའོ། །དང་པོ་ནི། འོ་ན། དམ་བཅའ་དེ་ལ་གནོད་པ་འབབ་ཚུལ་ཇི་ལྟ་བུ་ཞེ་ན། ལྕིད་མཉམ་གྱི་འཇིམ་རིལ་བཅུ་ཚན་གཉིས་ལ། སྡོམ་ཐེབས་དགུ་བྱས་པའི་འཇིམ་རིལ་འདི་ཆོས་ཅན། ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་དང༌། དེས་དྲངས་པའི་བྱ་བ་མེད་པར་ཐལ། གལ་ཏེ་ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་དང༌། དེས་དྲངས་པའི་འོག་ཏུ་འགྲོ་བའི་བྱ་བ་ཡོད་པར་འགྱུར་ན། མ་བསྡོམས་པའི་འཇིམ་རིལ་བཅུ་པོ་དེ་དང༌། སྲང་གྲངས་མཉམ་པོ་ལ་བཅལ་བ་ན། ཁྱོད་སྲང་མགོ་ནི་དམའ་བ་དག་ཏུ་འགྱུར་དགོས་པ་ལ་དེ་ལྟར་མི་འགྱུར་བའི་ཕྱིར། འདོད་ན། ཆོས་ཅན། ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་དང༌། དེས་དྲངས་པའི་བྱ་བ་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་མིན་པར་ཐལ། འདོད་པ་དེའི་ཕྱིར། ཆོས་གསུམ་གྱིས་ཁྱད་པར་དུ་བྱས་པའི་ཡན་ལག་ཅན་དེ་ཚད་མས་མཐོང་བ་མིན་ཏེ། དེའི་འབྲས་བུ་དང་ངོ་བོ་དག་ཚད་མས་མཐོང་བ་མེད་པའི་ཕྱིར། བྱེ་བྲག་པས་ཡན་ལག་ཅན་ཡན་


DLL1005_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལས་རྫས་གཞན་དུ་དམ་བཅས་པ་ཆོས་ཅན། མི་རིགས་ཏེ། ཆོས་གསུམ་གྱིས་ཁྱད་པར་ཅན་དུ་བྱས་ནས་ཡན་ལག་ཅན་རྫས་གཞན་དུ་དམ་བཅས་པ་གང་ཞིག །གང་མེད་ན་མི་འབྱུང་བའི་ཁྱད་པར་གཞན་ཆོས་གསུམ་པོ་ལ་ཚད་མས་གནོད་པ་ཡིན་པའི་ཕྱིར། གཉིས་པ་ནི། རྡུལ་ཕྲ་མོ་ནས་བརྩམས་ཏེ་རྫས་ཀྱི་ཕྲེང་བ་དག །སྲང་ལ་བཅལ་བ་ཉིད་ཀྱི་ཕྱིར་ན། ཡན་ལག་ཅན་རྫས་གཞན་གྱི་ལྕིད་ཉིད་མི་རྟོགས་ཏེ། རས་བལ་གྱི་འདབ་མ་ཕྲ་མོ་ཉིད་བཞག་པའི་ལྕིད་སྲང་གིས་མི་རྟོགས་པ་བཞིན་ཞེས་བྱེ་བྲག་པ་གཞན་དག་ཟེར་རོ། །ཤེས་བྱ་ཆོས་ཅན། རྒོལ་བ་དེའི་ལུགས་ལ་ལྕིད་མཉམ་པའི་འཇིམ་རིལ་བཅུ་ཚན་གཉིས་ལས་གཅིག་ཅིག་ཅར་ལྡན་པ་དང༌། གཅིག་སོ་སོར་ལྡན་པའི་རྡུལ་སོགས་དག །སོ་སོར་ལྷན་ཅིག་བཅལ་བ་ནི་ལྕིད་ནི་ཆེ་ཆུང་ཐ་དད་དུ་འགྱུར་བར་ཐལ། དེ་གཉིས་ལས་སྲང་གིས་རྟོགས་པའི་ལྕིད་དུ་མ་ཡོད་མེད་ཐ་དད་པ་དེའི་ཕྱིར། ལྕིད་ལྷག་པོ་ཡོད་པའི་སྐྱོན་མེད་དེ། ཡན་ལག་ཅན་ཕྱི་མ་སྐྱེས་པའི་ཚེ་སྔ་མ་ཞིག་པའི་ཕྱིར་ཞེ་ན། རིམ་གྱིས་བསྡོམས་པའི་གསེར་མ་ཤ་ཀ་ལྔ་པོ་དེ་ཆོས་ཅན། ཁྱོད་དང་མ་བསྡོམས་པའི་མ་ཤ་ཀ་ལྔ་པོ་དེ་མ་ཤ་ཀ་ལྔ་ཙམ་ལ་སོགས་པའི་རིམ་པ་ཡིས་གྲངས་མཚུངས་པར་ནི་མི་རུང་བར་ཐལ། ཁྱོད་ལ་ཡན་ལག་ཅན་གྱི་ལྕིད་གཅིག་ལས་མེད། དེ་ལ་ཡན་ལག་ཅན་གྱི་ལྕིད་ལྷག་པོ་ལྔ་ཡོད་པའི་ཕྱིར་རོ། །གལ་ཏེ་རྡུལ་ཡུངས་ཀར་ཙམ་ནས་བརྩམས་ཏེ་ཚོགས་པ་ཆེན་པོ་གོང་ནས་གོང་དུ་འཕེལ་བ་དང་ལྡན་པའི་འབྲས་བུའི་ཕྲེང་བའི་ལྕི་བ་སྲང་གིས་རྟོགས་པ་མིན་ཏེ། ཆུང་བའི་ཕྱིར་ཞེ་ན། རྡུལ་ཕྲ་རབ་ནས་ཡུངས་ཀར་ཙམ་གྱི་བར་གྱི་ལྕིད་དག་ཀྱང་ཆོས་ཅན། ཤིན་ཏུ་རྟོགས་པར་དཀའ་བར་ཐལ། ཤིན་ཏུ་ཆུང་བའི་ཕྱིར། ཤེས་བྱ་ཆོས་ཅན། ཡན་ལག་ཅན་དེའི་རྒྱུ་ཡན་ལག་གི་


DLL1005_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལྕི་བ་ཉིད་སྲང་གིས་གཞལ་བྱར་འགྱུར་བར་ཐལ། སྲང་གིས་གཞལ་བའི་ལྕིད་ཡོད། འབྲས་བུ་ཡན་ལག་ཅན་གྱི་ལྕིད་ནི་སྲང་གིས་མི་རྟོགས་པའི་ཕྱིར། རྟགས་ཁས་བླངས། རས་འདབ་བཞིན་ཞེས་པའི་དཔེ་དོན་མི་མཚུངས་ཏེ། རས་འདབ་མངོན་སུམ་གྱིས་མཐོང་ཞིང༌། དེའི་ལྕིད་སྲང་གིས་རྟོགས་པ་གང་ཞིག །ཡན་ལག་ཅན་རྫས་གཞན་པའི་དོན་དེ་མཐོང་བ་མེད་ཅིང༌། དེའི་འབྲས་བུའང་རྟོགས་པ་མེད་པའི་ཕྱིར། ཡོན་ཏན་ལྕིད་ལྷག་པོ་མེད་ཀྱང་གཟུགས་སོགས་ལྷག་པོ་ཡོད་དོ་ཞེ་ན། མ་ཤ་ཀ་ལ་སོགས་པ་ཆོས་ཅན། ཡན་ལག་ལ་མེད་པའི་ཡོན་ཏན་ལྷག་པོ་ཡོད་པ་མིན་པར་ཐལ། ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་ཉིད་རྟོགས་པ་མེད་པ་བཞིན་དུ། ཡན་ལག་ཅན་དེའི་ཡོན་ཏན་ཐམས་ཅད་རྟོགས་པ་མེད་པའི་ཕྱིར། འོ་ན། སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར་ཞེས་ལྕིད་ཁོ་ན་འགོག་པ་ཅི་ཞེ་ན། སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར་ཞེས་གསུངས་པ་དེ་ནི་ཆོས་ཅན། ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་ཁོ་ན་འགོག་འདོད་པ་མིན་ཏེ། ཡན་ལག་ལ་མེད་པའི་ཡོན་ཏན་ཐམས་ཅད་མེད་པ་ཉེ་བར་མཚོན་པའི་ཕྱིར། གསེར་མ་ཤ་ཀ་ཆོས་ཅན། ཡན་ལག་ལ་མེད་པའི་ཡོན་ཏན་གཟུགས་སོགས་ལྷག་པོ་མེད་པར་ཐལ། དེ་ཡོད་ན་ལྷག་པོ་ཇི་ལྟ་བ་བཞིན་དུ། རང་གི་དབང་པོའི་མངོན་སུམ་གྱིས་མཐོང་དགོས་པ་ལས་མཐོང་བ་མེད་པའི་ཕྱིར། གསུམ་པ་དེས་ཆོས་ཅན་ལ་གནོད་ཚུལ་གཉིས་ཀྱང་རྟོགས་པར་བྱ་བ་ནི། བྱེ་བྲག་པས་ཡན་ལག་རྣམས་ལས་ཡན་ལག་ཅན་རྫས་གཞན་དུ་ཡོད་པའི་དམ་བཅའ་ཆོས་ཅན། དམ་བཅའ་ཡང་དག་མ་ཡིན་ཏེ། ཁྱོད་ཀྱི་དོན་ལ་བྱེ་བྲག་པའི་ཁས་བླངས་དང་རང་གི་ཚིག་འགལ་བ་དང༌། མངོན་སུམ་དང་


DLL1005_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དཔག་དང་གྲགས་པ་སོགས་ཀྱིས། ཅི་རིགས་པར་གནོད་པ་དག་ནི་སྲིད་པའི་ཕྱིར། བྱེ་བྲག་པའི་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་ལ་གནོད་ཚུལ་ཇི་སྐད་བཤད་པའི་ཕྱོགས་ཀྱིས་ནི་ཆོས་ཅན། དོན་ཡོད་དེ། བྱེ་བྲག་པའི་ཆོས་ཅན་གྱི་ཁྱད་པར་དང་ཆོས་ཅན་རང་གི་ངོ་བོ་ལ་གནོད་པའི་དམ་བཅའི་དཔེར་བརྗོད་ལ་གནོད་པ་འབབ་ཚུལ་དང་བཅས་པ་གཞན་ཡང་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་གཞན་ལུགས་དགག་པ་ལ་གཉིས། བསྒྲུབ་བྱ་དགག །རྟགས་དམ་བཅའ་དང་འགལ་བའི་དཔེ་དགག་པའོ། །དང་པོ་ལ་གསུམ། མཚན་ཉིད་དགག །མཚན་གཞི་གང་ཡིན་བརྟགས་པ་དགག །ཁོ་ནའི་སྦྱར་ས་ལ་བརྟགས་ནས་དགག་པའོ། །དང་པོ་ནི། ཚད་མ་མདོར། བསྒྲུབ་བྱ་སྟོན་པ་ཞེས་འདི་ལ། །གྲུབ་པ་མེད་ལ་དོན་བྱས་ཉིད། །དེ་ལྟ་ན་ནི་རྟགས་དང་དཔེ། །མ་གྲུབ་བརྗོད་པ་ཐལ་བར་འགྱུར། །ཞེས་པའི་དོན་འཆད་པ་ལ། རིགས་པ་ཅན་པ་ན་རེ། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་དེ། བསྒྲུབ་བྱའི་མཚན་ཉིད་ཡིན་ནོ་ཞེ་ན། དཔེ་རྟགས་མ་གྲུབ་པ་དེ་ལྟ་བུའི་བདག་ཉིད་མིན་བཞིན་དུ། ཕྱི་རྒོལ་གཞན་དག་ལ་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་དེའི་ཚེ། དཔེ་རྟགས་མ་གྲུབ་པ་དེ་ཆོས་ཅན། རྒོལ་བས་བསྒྲུབ་བྱར་མི་འདོད་ནའང་བསྒྲུབ་བྱར་འགྱུར་བར་ཐལ། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་ཡིན་པའི་ཕྱིར་ཏེ། མ་འོངས་པ་ན་བསྒྲུབ་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། བསྟན་བྱ་བ་དེ་དུས་གསུམ་ག་ལ་འཇུག་པའི་ཡུལ་ཅན་ཡིན་པའི་ཕྱིར། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་ཞེས་པས་རྒོལ་བས་བསྒྲུབ་བྱར་འདོད་པ་ཁོ་ན་བསྒྲུབ་བྱར་སྟོན་པ་ཡིན་ནོ་ཞེ་ན། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་ཞེས་པའི་སྒྲ་ཆོས་ཅན། རྒོལ་བས་བསྒྲུབ་བྱར་འདོད་པའི་ཁྱད་པར་ཁོ་ན་གོ་བ་ལ་བརྟེན་པ་མིན་ཏེ། ཤེས་བྱེད་སྐབས་ཀྱི་མ་གྲུབ་པ་ཐམས་


DLL1005_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྟོགས་པར་བྱེད་པ་ཡིན་པའི་ཕྱིར། རིགས་པ་ཅན་པའི་བསྒྲུབ་བྱའི་མཚན་ཉིད་ལ་དཔེ་དང་གཏན་ཚིགས་དག་མ་གྲུབ་པ་སུན་འབྱིན་གྱི་དཔེར་ནི་བྱས་པ་ལ་རྒྱུ་མཚན་ཡོད་དེ། རིགས་པ་ཅན་པས་ཤེས་བྱེད་སྐབས་ཀྱི་མ་གྲུབ་པ་ཐམས་ཅད་བསྒྲུབ་བྱར་བསྟན་པ་དེས་ནའོ། །དེ་ལས་གཞན་དུ་མ་གྲུབ་པ་ཙམ་བསྒྲུབ་བྱའི་མཚན་ཉིད་ཡིན་ནོ། །རི་བོང་གི་རྭ་ལ་སོགས་པ་མ་གྲུབ་པ་ཀུན་ཀྱང་བསྒྲུབ་བྱར་འདོད་པར་འགྱུར་རོ། །དཔེ་རྟགས་མ་གྲུབ་པ་ཆོས་ཅན། བསྒྲུབ་བྱ་མ་ཡིན་ཏེ། ལས་བྱ་བྱེད་གསུམ་གྱི་ནང་ནས་ལས་མིན་པའི་ཕྱིར་དང༌། ཁྱོད་རྗོད་པ་དམ་བཅའི་ཡན་ལག་མ་ཡིན་པའི་ཕྱིར་དང༌། གྲུབ་མཐའ་བཞི་ཡི་ནང་ནས་ཁས་བླངས་པའི་གྲུབ་མཐའ་མ་ཡིན་པའི་ཕྱིར་ཞེ་ན། དེ་ཐམས་ཅད་ཆོས་ཅན། ལས་མིན་པ་ལ་སོགས་པའི་ཁྱད་པར་ཉེ་བར་བཀོད་པ་ཡི་ལན་གྱིས། བསྒྲུབ་བྱ་ལས་རྣམ་པར་འབྱེད་ནུས་པ་མ་ཡིན་པར་ཐལ། ཕྱི་རྒོལ་གྱིས་རྣམ་པ་འགས་མ་གྲུབ་པའི་ཕྱིར། ཆོས་ཅན། བསྒྲུབ་བྱ་བརྗོད་པ་དམ་བཅའི་ཡན་ལག་གོ་ཞེས་པའི་ལན་གྱིས་བསྒྲུབ་བྱ་མ་ཡིན་པར་རུང་བ་མ་ཡིན་པར་ཐལ། ཕྱི་རྒོལ་གྱིས་སྔར་མ་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར། དེ་ཡང་ཆོས་ཅན། གྲུབ་མཐའ་ཉིད་དུ་མཚུངས་པར་ཐལ། རྒོལ་བས་ཁས་བླངས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། རྒོལ་བ་གང་གིས་ཁས་བླངས་པ་དེ། ཁས་བླངས་པའི་གྲུབ་མཐའི་མཚན་ཉིད་དུ་འགྱུར་བའི་ཕྱིར། གཉིས་པ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ་སྐྱེ་ལྡན་རྟགས་སུ་བཀོད་པའི་ཚེ་ན། མི་རྟག་པ་དང་སྒྲ་དང་ཚོགས་དོན་གང་བསྒྲུབ་བྱ་ཡིན། དང་པོ་ལྟར་ན། སྐྱེ་ལྡན་ཆོས་ཅན། ཕྱི་རྒོལ་གྱིས་ཁྱོད་དང་བུམ་པ་གཉིས་མི་རྟག་པར་ཆོས་མཐུན་པ་མ་གྲུབ་པར་ཐལ། མི་རྟག་པ་ཁྱོད་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། སྒྲ་ཆོས་ཅན།


DLL1005_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་མི་རྟག་པར་བསྒྲུབ་པའི་ཕྱིར་དུ་རྟགས་བཀོད་པ་དོན་མེད་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱ་གང་ཞིག །ཁྱོད་ཕྱི་རྒོལ་གྱིས་གྲུབ་པའི་ཕྱིར། དེ་སྐད་དུ་ཡང་ཆོས་བསྒྲུབ་བྱ་ན་ཆོས་མཐུན་མེད། ཆོས་ཅན་བསྒྲུབ་བྱ་རྟགས་དོན་མེད། ཅེས་གསུངས་སོ། །སྒྲ་དང་མི་རྟག་པའི་ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། སྒྲ་དང་མི་རྟག་པ་གཉིས་པོ་ཕན་ཚུན་ཁྱད་པར་ཅན་དུ་བྱས་པ་བསྒྲུབ་བྱར་ཐལ། ཕྱོགས་སྔ་དེའི་ཕྱིར། འདོད་པ་དེའི་ཚེ། ཆོས་ཅན། དཔེ་དང་ཆོས་མཐུན་པས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཏན་ཚིགས་ཀྱི་མཚན་ཉིད་དང༌། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པས་དེའི་ཆོས་ཡོད་པ་ཅན་མཐུན་དཔེའི་མཚན་ཉིད་དུ་མ་གྲུབ་པར་འགྱུར་བར་ཐལ། སྒྲས་ཁྱད་པར་དུ་བྱས་པའི་མི་རྟག་པ་བསྒྲུབ་བྱ་ཡིན་པའི་ཕྱིར། གལ་ཏེ་དཔེ་རྟགས་ཀྱི་མཚན་ཉིད་ཀྱི་ཟུར་གྱི་བསྒྲུབ་བྱའི་སྒྲ་དེ་ཚོགས་དོན་ལ་འཇུག་པ་མི་སྲིད་པའི་ཕྱིར་ན། ཆོས་ཅན་ལ་འཇུག་པར་འདོད་དོ་ཞེ་ན། ཆོས་ཅན། རིགས་པ་ཅན་པའི་དཔེ་རྟགས་ཀྱི་མཚན་ཉིད་སྟོན་པའི་བསྟན་བཅོས་ཅི་བྱ་སྟེ་དོན་མེད་པར་ཐལ། དཔེ་རྟགས་ཀྱི་མཚན་ཉིད་ལ་ཅི་རིགས་པར་དཔྱད་ནས་རྒོལ་བ་རང་ཉིད་འཇུག་པར་འགྱུར་བའི་ཕྱིར། གསུམ་པ་ནི། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་དེ་དམ་བཅའི་མཚན་ཉིད་ཡིན་ན། བསྒྲུབ་པར་བྱ་བ་ཁོ་ན་བསྟན་པར་བྱ་བ་ཞེས་བསྟན་བྱ་བའི་སྔར་ངེས་གཟུང་སྨོས་སམ། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་ཁོ་ན་ཞེས་བསྟན་བྱ་བའི་མཇུག་ཏུ་ངེས་གཟུང་སྨོས། དང་པོ་ལྟར་ན། གྲུབ་ཟིན་བསྒྲུབ་བྱ་ཡིན་པ་བཅད་པའི་ཕྱིར་དུ་སྨོས་སམ། སྒྲུབ་བྱེད་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་སྨོས། དང་པོ་ལྟར་ན། བསྒྲུབ་བྱ་ཉིད་ཡིན་ན་ཕྱི་རྒོལ་གྱིས་མ་གྲུབ་པའི་དོན་དེ་ཆོས་ཅན། ཁྱོད་རྟོགས་པའི་ཕྱིར་དུ་རིགས་པ་ཅན་པའི་དམ་བཅའི་མཚན་ཉིད་ཀྱི་ཟུར་དུ་ངེས་གཟུང་


DLL1005_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་མི་དགོས་པར་ཐལ། སྒྲུབ་བྱེད་དཔེ་རྟགས་ཀྱི་མཚན་ཉིད་བསྟན་པའི་ཤུགས་ཉིད་ལས་ཁྱོད་རྟོགས་པའི་ཕྱིར། རྟགས་བསལ་ཁས་བླངས། གཉིས་པ་ལྟར་ན། སྒྲུབ་པར་བྱེད་པ་ཆོས་ཅན། ཁྱོད་ལ་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པའང་ངེས་གཟུང་གིས་གཅད་དགོས་པ་མེད་པར་ཐལ། གཏན་ཚིགས་དང་སོགས་པས་དཔེའི་མཚན་ཉིད་ཀྱིས་ཁྱོད་བསྒྲུབ་བྱ་མིན་པས་ཁྱབ་པ་དེ་འཕངས་པའི་ཕྱིར། རྟགས་ཁས་བླངས། བསྟན་བྱ་བའི་སྔར་ངེས་གཟུང་སྨོས་ན། རིགས་པ་ཅན་པ་དེ་ཡིས་ནི་དམ་བཅའི་མཚན་ཉིད་བརྗོད་པ་དོན་མེད་དུ་འགྱུར་བ་དེའི་ཕྱིར་དུ། ཤུགས་ཀྱིས་བསྟན་བྱ་བའི་མཇུག་དེར་ངེས་གཟུང་བརྗོད་དགོས་པས་ཁྱབ་སྟེ་མི་ལྡན་རྣམ་གཅོད་ཀྱི་འབྲས་བུ་ཅན་ཡིན་པར་རྟོགས་ལ། དེ་ལྟ་ན། དཔེ་རྟགས་མ་གྲུབ་པ་ཆོས་ཅན། བསྒྲུབ་བྱར་ཐལ། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་ཁོ་ན་ཡིན་པའི་ཕྱིར། ཞེས་པའི་སྐྱོན་སོ་ན་གནས་སོ། །གཉིས་པ་ལ་གཉིས། འགལ་བའི་དོན་བརྟགས་ནས་དགག །རྟགས་ཀྱི་དོན་བརྟགས་ནས་དགག་པའོ། །དང་པོ་ནི། རིགས་པ་ཅན་པ་ན་རེ། རྟགས་དམ་བཅའ་དང་འགལ་བ། དམ་བཅའི་སྐྱོན་ཡིན་ཏེ། དཔེར་ན། སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་རྟགས་དམ་བཅའ་དང་ཇི་ལྟར་འགལ་ན། ཐམས་ཅད་མི་རྟག་ན། སྒྲ་རྟག་པར་འགལ་ཏེ། སྒྲ་ཡང་ཐམས་ཅད་ཀྱི་ནང་དུ་འདུས་པའི་ཕྱིར་ཞེ་ན། རྟགས་དམ་བཅའ་དང་འགལ་བའི་དོན་འདོད་ཡུལ་གྱི་བསྒྲུབ་བྱ་དང་འབྲེལ་བ་མེད་པ་དེ་ཡིན་ན། དེའི་བསྒྲུབ་བྱ་སྒྲུབ་པ་ལ་ཕན་པ་མེད་པའམ། ཤེས་འདོད་ཆོས་ཅན་ལ་ལྷན་ཅིག་མི་གནས་པ་ཡིན། དང་པོ་ཡིན་པ་དེ་ལྟ་ན་ནི། རྟགས་ཀྱི་སྐྱོན་ཐམས་ཅད་ཆོས་ཅན། དམ་བཅའི་སྐྱོན་དུ་འགྱུར་བར་ཐལ།


DLL1005_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་སྒྲུབ་པ་ལ་ཕན་པ་མེད་པའི་ཕྱིར། འདོད་མི་ནུས་ཏེ། ཕྱོགས་སྐྱོན་རྟགས་དཔེ་གཞན་ལ་ལྟོས་པ་ནི་མ་ཡིན་ཞེས་ཀྱང་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ལྟར་ན། རྟགས་ཤེས་འདོད་ཆོས་ཅན་ལ་མེད་པའང་ཆོས་ཅན། ཕྱོགས་སྐྱོན་མ་ཡིན་པར་ཐལ། ཕྱོགས་ཆོས་མ་གྲུབ་པའི་རྟགས་སྐྱོན་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། མི་རྟག་པ་རྟགས་སུ་མ་འཕངས་པ། ཐམས་ཅད་མིན་པ་རྟགས་སུ་འཕངས་པའོ། །དང་པོ་ནི། སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པའི་ཕྱིར། ཞེས་པའི་སྦྱོར་བ་འདིས། མི་རྟག་པའི་གཏན་ཚིགས་དང་ལྡན་པས་སྒྲ་ལ་མི་རྟག་པ་དེ་ལྟར་རྗོད་པར་བྱེད་ན། དེ་ལྟར་སྒྲ་རྟག་པ་དེ་ནི་ཟློག་པར་འགྱུར་ཏེ། རྟག་མི་རྟག་དངོས་འགལ་ཡིན་པའི་ཕྱིར། འོན་ཀྱང་དེ་ལྟ་བུའི་སྦྱོར་བ་འདི་ཆོས་ཅན། མི་རྟག་པ་རྟགས་སུ་མ་འཕངས་པར་ཐལ། ཐམས་ཅད་མ་ཡིན་པའི་རྟགས་ཀྱིས། སྒྲ་རྟག་པར་སྒྲུབ་པའི་ཆོས་མི་མཐུན་དཔེའི་སྦྱོར་བ་ལྟར་སྣང་བསྟན་པ་ཉིད་ལས་དོན་གཞན་ཅི་ཞིག་མཐོང་བ་ཡོད་དེ་མེད་པའི་ཕྱིར། ཆོས་ཅན། སྒྲ་ལ་མི་རྟག་པས་ཁྱབ་པ་འཕངས་པ་མ་ཡིན་པར་ཐལ། ཁྱད་པར་སྒྲ་ལ་ནི་གཞན་རྟག་པ་བརྗོད་ནས། ཐམས་ཅད་མི་རྟག་ཅེས་སྤྱིར་བཏང་གི་ཚིག་ནི་རྗེས་སུ་འཇུག་པས་ནའོ། །ཆོས་ཅན། སྒྲ་རྟག་ཅེས་དམིགས་ཀྱིས་བསལ་ནས། ཐམས་ཅད་མི་རྟག་ཅེས་སྤྱིར་བཏང་གི་ཚིག་ནི་རྗེས་སུ་འཇུག་པ་ལ་འབྲས་བུའང་ཅི་ཞིག་ཡོད་དེ་མེད་པར་ཐལ། སྒྲའང་མི་རྟག་པར་འཕངས་པའི་ཕྱིར། ཤེས་བྱ་ཆོས་ཅན། སྒྲ་ལ་གནས་པའི་མི་རྟག་པ་ཉིད་ཀྱིས། སྒྲ་རྟག་པ་སེལ་ཞེས་གསུངས་པའི་རྒྱུ་མཚན་ཡོད་དེ། སྒྲ་མི་རྟག་ན་རྟག་པར་འགལ་བ་དེའི་ཕྱིར། གཉིས་པ་ལ་གཉིས། དངོས། དེ་སྒྲ་ལ་མ་གྲུབ་བའོ། །དང་པོ་ནི། འོ་ན། སྦྱོར་བ་དེས་གང་རྟགས་སུ་འཕངས་ཞེ་ན། སྦྱོར་བ་དེ་ཆོས་ཅན། སྒྲ་ནི་ཐམས་


DLL1005_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལས་གཞན་དུ་བརྗོད་པ་ཡིན་ཏེ། ཐམས་ཅད་མི་རྟག་པར་བརྗོད་ནས་ཡུལ་གཞན་སྒྲ་ལ་ནི་དེ་དང་འགལ་བ་རྟག་པ་སྨྲས་པའི་ཕྱིར། གཉིས་པ་ལ་གཉིས། ཤེས་པ་ཐམས་ཅད་མིན་པ་རྟགས་མ་གྲུབ་ཏུ་བསྟན། སྒྲ་མིན་ཐམས་ཅད་མིན་པ་རྟགས་མ་གྲུབ་ཏུ་བསྟན་པའོ། །དང་པོ་ནི། ཐམས་ཅད་མིན་པ་རྟགས་སུ་འཕངས་པར་ངེད་ཀྱང་འདོད་དོ་ཞེ་ན། ཤེས་བྱ་ཐམས་ཅད་མིན་པ་རྟགས་ཡིན་ནམ། སྒྲ་མིན་ཐམས་ཅད་མིན་པ་རྟགས་ཡིན། དང་པོ་ལྟར་ན། སྒྲ་ཤེས་བྱ་ཐམས་ཅད་མིན་པ་དེ་ཡང་འཐད་པ་མ་ཡིན་པར་ཐལ། སྒྲ་ཡང་ཐམས་ཅད་ཀྱི་ནང་དུ་འདུས་པའི་ཕྱིར། ཁྱབ་སྟེ། སྤྱི་སྒྲ་ནི་ཁྱད་པར་མི་སྤོང་བའི་ཕྱིར། རྟགས་མ་གྲུབ་སྟེ། སྒྲ་ཁོ་ན་ཐམས་ཅད་མིན་ཞེས་པའི་ཚིག་གིས་སྒྲ་ཐམས་ཅད་མ་ཡིན་པར་བསྟན་པའི་ཕྱིར་ཞེ་ན། སྒྲ་ཁོ་ན་ཐམས་ཅད་མིན་ཞེས་པའི་ཚིག་ཆོས་ཅན། སྒྲ་ཐམས་ཅད་མིན་པར་བསྟན་པ་མིན་པར་ཐལ། ཐམས་ཅད་ཅེས་པའི་མཉན་པ་སྒྲ་གཅིག་ཉིད་ལ་འཇུག་པ་འགོག་པར་འགྱུར་བ་དེ་ཙམ་ཡིན་པའི་ཕྱིར། དཔེར་ན། སྐབས་འགར་ཤིང་ཤ་པ་ཉིད་ནི་ཤིང་མིན་ཞེས་པའི་སྒྲས། ཤིང་གི་སྒྲ་ཤ་པ་ཁོ་ན་ལ་འཇུག་པ་བཀག་གི །ཤ་པ་ལ་འཇུག་པ་མ་བཀག་པ་བཞིན་ནོ། །སྒྲ་ཆོས་ཅན། ཐམས་ཅད་དུ་མ་འདུས་པར་ཐལ། ཐམས་ཅད་ནི་མ་ལུས་པ་ཡིན་ལ། ཁྱོད་ཐམས་ཅད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེ་ན། སྒྲ་ལས་གཞན་པའི་ཁྱད་པར་ཀུན་ཆོས་ཅན། ཐམས་ཅད་དུ་འདུས་པ་དེ་མེད་པར་ཐལ། ཐམས་ཅད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། འདོད་ན། ཐམས་ཅད་དེར་འདུས་པ་མེད་པར་འགྱུར་བར་ཐལ། སྒྲ་དང་སྒྲ་ལས་གཞན་པའི་ཁྱད་པར་ཀུན་ཐམས་ཅད་དུ་མ་འདུས་པའི་ཕྱིར། གཉིས་པ་ལ་གཉིས། དངོས་དང༌། རྩོད་སྤང་ངོ༌། །དང་པོ་ནི། གཉིས་པ་


DLL1005_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན། ཤེས་ན་ཆོས་ཅན། ཆོས་ཅན་སྒྲ་དེ་རང་རྟག་པའི་སྒྲུབ་བྱེད་དུ་མ་གྲུབ་སྟེ། ཆོས་ཅན་གཏན་ཚིགས་ཀྱི་དངོས་པོར་གྱུར་པ་ནི་ཤེས་བྱེད་ཕྱོགས་ཆོས་ཉིད་དུ་མ་གྲུབ་པའི་ཕྱིར་ཏེ། ཕྱོགས་ཆོས་ཡིན་ན་ཤེས་བྱ་ཤེས་བྱེད་ཐ་དད་པའི་ཕྱིར། གཉིས་པ་ནི། རང་བཞིན་གྱི་རྟགས་ཀུན་ལའང་གཞི་རྟགས་ཐ་དད་མེད་པའི་ཉེས་པ་དེ་མཚུངས་ཏེ། སྒྲ་བྱས་མི་རྟག་པའི་དངོས་པོ་ཀུན་ལ་ཆོས་དང་ནི་ཆོས་ཅན་གྱི་རྣམ་དབྱེ་མེད་པའི་ཕྱིར་ཞེ་ན། བྱས་པ་ཆོས་ཅན། སྒྲ་དང་ཐ་དད་མེད་པའི་ཉེས་པ་མཚུངས་པ་མ་ཡིན་ཏེ། སྒྲ་དང་ལྡོག་པ་ཐ་དད་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །ཀུན་རྫོབ་པའི་དངོས་པོ་སྒྲ་བྱས་མི་རྟག་ཐ་དད་པའི་ཆ་རྣམ་ཆོས་ཅན། རྫས་གཅིག་དེ་ཉིད་དང་རྫས་གཞན་ཉིད་འགོག་པར་འགྱུར་ཏེ། དོན་དམ་པར་ནི་རྣམ་པར་དཔྱད་ན་རྫས་དེ་ལྟ་བུར་གྱུར་པ་མ་གྲུབ་པའི་ཕྱིར། སྒྲ་བྱས་མི་རྟག་རྫས་ཐ་དད་མིན་ན། དཔག་བྱ་དཔོག་བྱེད་ཀྱི་ཐ་སྙད་མི་འཐད་དོ་ཞེ་ན། འཐད་དེ། དཔག་བྱ་དཔོག་པར་བྱེད་པའི་དོན་གྱི་ཐ་སྙད་གནས་པ་འདི། ཤེས་པ་ལ་གྲུབ་པའི་ཐ་དད་ལ་བརྟེན་ནས་རྣམ་པར་བརྟགས་པ་ཡིན་པའི་ཕྱིར་ཏེ། རང་མིན་ལས་ཐ་དད་ཀྱི་བདག་ཉིད་ཅི་ལྟ་བའི་རང་མཚན་གྱི་མཐར་ཐུག་པའི་ཤེས་པ་ལ། ཆོས་དང་ཆོས་ཅན་ཐ་དད་པར་སྣང་བར་གྱུར་པ་དེ་ནི། དཔག་བྱ་དཔོག་བྱེད་ཀྱི་ཐ་སྙད་འཇུག་པའི་རྟེན་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་ཅན་སྒྲ་དེ་ཉིད་སྒྲ་རྟག་པའི་སྒྲུབ་བྱེད་དུ་བྱས་པ་དེས་ན། ཕྱོགས་ཆོས་མ་གྲུབ་པར་བསྟན་ཏེ། སྒྲ་དང་སྒྲ་འདི་ནི་ཆོས་ཆོས་ཅན་གྱི་ཐ་སྙད་ཀྱིས་བཞག་པའི་བློ་ལ་ཐ་དད་དུ་སྣང་བ་དང་འབྲེལ་བ་མེད་པ་ཅན་ཡིན་པའི་ཕྱིར། འོ་ན། འདུས་བྱས་ཆོས་ཅན། འདུས་བྱས་ཀྱི་བུམ་པ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ། འདུས་བྱས་དང་ཐ་དད་མ་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་འགྱུར་


DLL1005_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེ་ན། ཆོས་ཅན། འདུས་བྱས་ཀྱི་བུམ་པ་མི་རྟག་པར་སྒྲུབ་པའི་རྟགས་དང་རྟགས་ཅན་ཐ་དད་པ་ཉིད་ཡིན་ཏེ། འདུས་བྱས་ཀྱི་བུམ་པ་དང་ལྡོག་ཆོས་ཐ་དད་པའི་ཕྱིར་ཏེ། དེ་བྱེ་བྲག་དང་ཁྱོད་དེའི་སྤྱི་ཡིན་པའི་ཕྱིར། དཔེར་ན། རྩོལ་བྱུང་གི་སྒྲ་ནི་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཉིད་ཀྱི་ཕྱིར་ཞེས་པ་བཞིན་ནོ། །རྩོལ་བྱུང་ཆོས་ཅན། རྩོལ་བྱུང་གི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ། རྩོལ་བྱུང་གི་སྒྲའི་ཁྱད་པར་བྱེད་ཆོས་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། ཕྱོགས་བཏགས་པ་བ་རྩོལ་སྒྲའི་བྱེད་ཆོས་ཀྱི་ཡན་ལག་ཡིན་ནའང༌། ཆོས་ཅན་རྩོལ་སྒྲ་དང་ཐ་དད་དུ་མ་གྲུབ་པ་མ་ཡིན་པར་ཐལ། དེ་ལྟ་ནའང་དེ་སྒྲུབ་ཀྱི་བསྒྲུབ་བྱ་འགྲུབ་པ་ལ་མི་གནོད་པའི་ཕྱིར། དཔེར་ན། གོང་བུ་རྭ་ཅན་འདི་ཆོས་ཅན། རྟ་མིན་ཏེ། རྭ་ཅན་ཉིད་ཡིན་པའི་ཕྱིར་ཞེས་པ་བཞིན། ཁྱབ་པ་མ་གྲུབ་པ་ལས་ཡང་ན། ཆོས་ཅན། རྩོལ་བྱུང་གི་སྒྲ་མི་རྟག་པ་བསྒྲུབ་བྱར་སོང་བའི་དུས་སུ། རྩོལ་བྱུང་གི་སྒྲའི་མཚོན་བྱེད་ཀྱི་ཡན་ལག་མིན་ཏེ། དེའི་དུས་སུ་དེ་མཚོན་ཟིན་ནས་མཚོན་བྱེད་ཡིན་པ་ལྡོག་པའི་ཕྱིར། མཉན་བྱ་ཡང་སྒྲ་རྟག་པར་སྒྲུབ་པའི་གཞི་རྟགས་ཐ་དད་མེད་པར་འགྱུར་རོ་ཞེ་ན། ཁྱད་པར་མཉན་བྱ་ཡང་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་དམ་བཅའི་དོན་གྱི་ཕྱོགས་གཅིག་ཆོས་ཅན་རྟགས་སུ་བཀོད་པའི་མ་གྲུབ་པར་ཐལ་འཐད་པ་མ་ཡིན་ཏེ། སྒྲ་དང་ལྡོག་ཆོས་ཐ་དད་ཡིན་པའི་ཕྱིར། གཉིས་པ་དངོས་ཀྱི་བརྗོད་བྱ་གཏན་ཚིགས་བཤད་པ་ལ་གཉིས། བསྟན་བཤད་དོ། །དང་པོ་ནི། ཚད་མ་མདོར། གང་ཕྱིར་གཏན་ཚིགས་དག་དང་ནི། །དེར་སྣང་ཕལ་ཆེར་ཕྱོགས་ཆོས་ཉིད། །དེས་ན་གཏན་ཚིགས་སོགས་དོན་གྱི། །སྔོན་དུ་དེ་དབྱེ་བསྟན་པར་བྱ། །ཞེས་སོགས་ཀྱི་དོན་འཆད་པ་ལ། གཏན་ཚིགས་ཀྱི་མཚན་ཉིད་མི་འཆད་པར། ཅིའི་


DLL1005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དབྱེ་བ་འཆད་ཅེ་ན། ཕྱོགས་ཆོས་ཅན་དགུའི་རབ་ཏུ་དབྱེ་བ་ཡིས་མདོར་བསྡུས་པ་ནི་གསུངས་པ་ཆོས་ཅན། དོན་ཡོད་པ་ཡིན་ཏེ། གཏན་ཚིགས་ཡང་དག་དང་ལྟར་སྣང་གི་རབ་ཏུ་དབྱེ་བའི་དོན་བདེ་བར་གཟུང་བ་གྲུབ་པར་བྱ་བའི་ཕྱིར་རོ། །བྱས་པ་ཆོས་ཅན། བུམ་པ་ལ་རྗེས་འགྲོ་མེད་པར་ཐལ། སྒྲས་ཁྱད་པར་དུ་བྱས་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། ཆོས་ཀྱི་ཚིག་ཕྲད་སྦྱར་ས་ཐ་དད་པར་བྱེད་པས། མི་ལྡན་རྣམ་གཅོད་དང༌། གཞན་ལྡན་རྣམ་གཅོད་དང་ཤིན་ཏུ་མི་སྲིད་རྣམ་གཅོད་གོ་བར་བྱེད་དེ། ཁྱད་པར་དང་ཁྱད་པར་ཅན་དག་དང་བྱ་བ་དག་དང་ནི་ངེས་གཟུང་ལྷན་ཅིག་བརྗོད་པས། རྣམ་གཅོད་གསུམ་རིམ་པ་བཞིན་གོ་བའི་ཕྱིར། ངེས་གཟུང་དངོས་སུ་མ་སྦྱར་ཡང་རྣམ་གཅོད་གོ་བ་ཡོད་དམ་ཞེ་ན། ཤེས་བྱ་ཆོས་ཅན། ངེས་གཟུང་དེ་དངོས་སུ་སྦྱར་བ་མེད་ཀྱང་རྗོད་པ་པོའི་བརྗོད་འདོད་ལས་ངེས་གཟུང་དེའི་དོན་ཉིད་ནི་རྟོགས་པར་འགྱུར་ཏེ། གང་གི་ཕྱིར་ངག་གི་འབྲས་བུ་ནི་རྣམ་གཅོད་གོ་བ་ཡིན་པའི་ཕྱིར། དཔེར་ན། ནག་པོ་འཕོང་སྐྱེན་ཞེས་པའམ། སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། མཚོ་སྐྱེས་སྔོན་པོར་འགྱུར་ཞེས་པ་བཞིན་ནོ། །དེ་གསུམ་གྱིས་རྣམ་གཅོད་གོ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། ནག་པོ་འཕོང་སྐྱེན་ཞེས་པ་དེར་ཡང༌། འཕོང་སྐྱེན་པའི་ཟླ་བོ་རྣམ་པར་གཅོད་པའི་དོན་རྣམས་ལ་ནི་རྟོགས་པ་སྐྱེ་བར་འགྱུར་ཏེ། འཕོང་མི་སྐྱེན་པ་གཅོད་པ་དེ་ལྟར་གྲགས་པ་དང༌། དེ་ལྟར་གཅོད་ནུས་པ་དང༌། སྒྲ་ནི་བརྗོད་འདོད་ཀྱི་རྗེས་སུ་འབྲངས་ནས་དོན་སྟོན་པའི་ཕྱིར། དེས་ན་བྱས་པ་ཆོས་ཅན། སྒྲ་དེའི་ཁྱད་པར་ཅན་གྱི་ཆོས་ཡིན་པས་བུམ་པ་ལ་རྗེས་འགྲོ་མེད་པའི་སྐྱོན་རྟེན་པ་མིན་ཏེ། ཆོས་ཅན་སྒྲ་དེ་ཆོས་ཁྱོད་ཀྱིས་མི་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། དགུ་རུ་བསྡུས་པའི་


DLL1005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གཏན་ཚིགས་ནི་བཞི་སྟེ། ཡང་དག་དང་འགལ་མ་ངེས་མ་གྲུབ་པའོ་ཞེས་སྨོས་པས་ཆོག་མོད། ཅིའི་ཕྱིར་ཕྱོགས་ཆོས་ཅན་དགུ་བསྟན་ཞེ་ན། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ། གཏན་ཚིགས་ཡང་དག་གཉིས་དང་བཟློག་པ་འགལ་རྟགས་གཉིས་སྨོས་པ་ཆོས་ཅན། དོན་ཡོད་དེ། རྟགས་ཡང་དག་གི་མཚན་གཞི་ལ། རང་བཞིན་དང་འབྲས་བུ་དང་མ་དམིགས་པའི་རྟགས་གསུམ་དུ་གྲངས་ངེས་པར་གྲུབ་པའི་དོན་དུ་ཡིན་པའི་ཕྱིར་ཁྱད་པར་མཉན་བྱ་དང་སྤྱི་གཞལ་བྱ་དག་དཔེར་སྨོས་པ་ཆོས་ཅན། དོན་ཡོད་དེ། ལྡོག་པ་རྐྱང་པ་དང་རྗེས་འགྲོ་རྐྱང་པ་ཅན་གྱི་རྟག་ཡང་དག་ཡོད་པར་རྩོད་པ་བཟློག་ནས། རྟགས་ཡང་དག་གི་མཚན་ཉིད་ལ་ཚུལ་གསུམ་དུ་ངེས་སོ་ཞེས་རྟོགས་པའི་ཆེད་ཡིན་པའི་ཕྱིར། ལྷག་མ་མ་ངེས་པའི་གཏན་ཚིགས་གསུམ་སྨོས་པ་ཆོས་ཅན། དོན་ཡོན་དེ། རྟགས་ཡང་དག་ཡིན་ན་མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་པའི་སྒོ་ནས། སྒྲུབ་བྱེད་ཡིན་ནོ་ཞེས་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། ཡང་དག་གཉིས་སྨོས་པའི་དགོས་པ། ཁྱད་པར་མཉན་བྱ་སྨོས་པའི་དགོས་པ། མ་དམིགས་པ་ལོགས་སུ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ། རྩོལ་བྱུང་འབྲས་རྟགས་ཀྱི་དཔེར་སྨོས་པའི་དགོས་པ། བྱས་པ་རང་བཞིན་རྟགས་ཀྱི་དཔེར་སྨོས་པའི་དགོས་པ། འབྲས་རང་གཉིས་སོ་སོར་སྨོས་པའི་དགོས་པའོ། །དང་པོ་ནི། རྩོལ་བྱུང་རང་བཞིན་རྟགས་ཀྱི་དཔེར་མི་སྨོས་པར། བྱས་པ་ཉིད་སྨོས་པའི་རྒྱུ་མཚན་ཅི་ཞེ་ན། ཤེས་བྱ་ཆོས་ཅན། བྱས་པ་དེ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རང་བཞིན་རྟགས་ཀྱི་དཔེར་སྨོས་པའི་


DLL1005_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་ཡོད་དེ། རང་བཞིན་བྱས་པ་ཉིད་ལས། གཞན་འབྲས་རྟགས་ཀྱིས་ནི་གོ་བྱ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་ཡོད་པ་མིན་པའི་ཕྱིར་ཏེ། རྒྱུ་ནི་འབྲས་བུ་ལ་འཁྲུལ་བ་སྲིད་པའི་ཕྱིར་རོ། །འབྲས་བུ་རྩོལ་བྱུང་ཉན་ཤེས་ཆོས་ཅན། རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས། རང་རྒྱུ་སྒྲ་མི་རྟག་པ་སྔོན་དུ་སོང་བར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་པ་གཉིས་སུ་འཇུག་སྟེ། མཐུན་ཕྱོགས་ལ་འཇུག་པ་གང་ཞིག །ཁྱབ་བྱེད་དུ་མི་འཇུག་པ་དེའི་ཕྱིར། རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས་དེ་རང་རྒྱུ་སྒྲ་མི་རྟག་པ་སྔོན་དུ་མ་སོང་སྟེ། རིག་བྱེད་ཀྱི་སྒྲ་རྟག་པ་ཡིན་པའི་ཕྱིར་ཞེ་ན། རིག་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་ཐོས་པའི་ཤེས་པ་ནི། རྐྱེན་རྩོལ་བས་བརྩལ་མ་ཐག་བྱུང་བར་ངེས་པ་མིན་པར་ཐལ། རྩོལ་བའི་སྔར་ནས་རྟག་པར་ཡོད་པའི་ཕྱིར། ཁྱབ་སྟེ། སྒྲ་རྟག་པ་ཐོས་པའི་སྒྲིབ་བྱེད་སེལ་བ་དང༌། རྣ་བའི་དབང་པོ་དང་སྒྲ་རྟག་པ་ལ་ཕན་པ་རྣམ་པ་ཀུན་དུ་ཉེ་བར་སྦྱོར་བ་མིན་པའི་ཕྱིར་རོ། །ཆོས་ཅན། འགའ་ཞིག་གི་ཚེ་ན་འབྲས་བུ་མི་བྱེད་པ་འགལ་བར་ཐལ། རྐྱེན་ལ་ལྟོས་པ་མེད་པར་འབྲས་བུ་སྐྱེད་པའི་ཕྱིར། རྩོལ་བྱུང་ཉན་ཤེས་འདི་འདྲ་ཆོས་ཅན། རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས། རང་རྒྱུ་སྒྲ་མི་རྟག་པ་སྔོན་དུ་སོང་བར་གྲུབ་པའི་འབྲས་རྟགས་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །རེས་འགའ་བ་རང་རྒྱུ་སྒྲ་མི་རྟག་པའི་འབྲས་བུར་གྲུབ་པའི་ཕྱིར། གཉིས་པ་ནི། རྩོལ་བྱུང་སྨོས་པས་རང་བཞིན་གྱི་རྟགས་གྲུབ་མོད། དེ་ལས་ཐ་དད་དུ་བྱས་པ་སྨོས་པས་ཅི་བྱ་ཞེ་ན། རྩོལ་བྱུང་འདི་ཉིད་ཀྱིས་ནི་རང་བཞིན་རྟགས་ཉིད་གྲུབ་ཀྱང༌། དེ་ལས་ཐ་དད་དུ་བྱས་པ་རང་བཞིན་རྟགས་ཀྱི་དཔེར་བྱས་པ་ནི་ཆོས་ཅན། དོན་ཡོད་དེ། འབྲས་བུ་རྩོལ་བྱུང་དང་ལྷན་ཅིག་ཏུ་བྱས་པ་རང་བཞིན་རྟགས་ཀྱི་དཔེར་བསྟན་པ་ནི། རང་བཞིན་གྱི་རྟགས་ཐམས་ཅད་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་


DLL1005_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་འདྲར་ཤེས་པར་མི་འགྱུར་བའི་ཆེད་ཡིན་པའི་ཕྱིར། རྟགས་ཀྱི་དབྱེ་བ་རང་དོན་རྗེས་དཔག་ཏུ་བཤད་ཟིན་པ་མིན་ནམ་ཞེ་ན། གཏན་ཚིགས་ཀྱི་དབྱེ་བའི་དོན་རང་དོན་རྗེས་སུ་དཔག་པར་བཤད་ཟིན་ཀྱང༌། འདིར་གཏན་ཚིགས་ཀྱི་དབྱེ་བ་ཙམ་བཤད་པ་དེ་ཆོས་ཅན། དོན་ཡོད་དེ། མཐུན་ཕྱོགས་ལ་ཁྱབ་བྱེད་དང་ཆ་གཉིས་སུ་འཇུག་པའི་དབྱེ་བ་རྟོགས་པའི་དོན་དུ་བརྗོད་པར་བྱས་པའི་ཕྱིར། འདིར་རྟགས་ཡང་དག་གི་མཚན་ཉིད་མི་འཆད་པའི་རྒྱུ་མཚན་ཡོད་དེ། རྟགས་ཡང་དག་གི་མཚན་ཉིད་ལ་ནི་རང་དོན་རྗེས་དཔག་ཏུ་བཤད་པ་ལས་དོན་ཐ་དད་མེད་པའི་ཕྱིར། འོ་ན། མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་རང་བཞིན་གྱི་རྟགས་ཀྱང་འཆད་དགོས་སོ་ཞེ་ན། ཕྱོགས་ཆོས་ཀྱི་རབ་དབྱེ་འཆད་པའི་སྐབས་འདིར་ཆོས་ཅན། མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་རང་བཞིན་གྱི་རྟགས་མ་བསྟན་པའི་ཉེས་པ་མེད་དེ། འབྲས་བུའི་རྟགས་རྩོལ་བྱུང་ཉིད་ཀྱིས་ནི། རང་བཞིན་གྱི་རྟགས་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་བརྟེན་པའང་བཤད་པའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། འབྲས་རྟགས་དང་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་རང་བཞིན་གྱི་རྟགས་གཉིས་དཔེར་བརྗོད་གཅིག་གིས་མཚོན་ནུས་ཏེ། རྩོལ་བ་ལས་གསལ་བར་དམིགས་པའི་འབྲས་རྟགས་དང༌། རྩོལ་བ་ལས་སྐྱེ་བའི་རང་བཞིན་གྱི་རྟགས་གཉིས་རྩོལ་བྱུང་དུ་འདྲ་བའི་ཕྱིར། གསུམ་པ་ནི། འབྲས་རང་གཉིས་སོ་སོར་བརྗོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། འབྲས་རང་འདི་གཉིས་རབ་ཏུ་ཕྱེ་ནས་བཤད་པ་ཆོས་ཅན། དོན་ཡོད་དེ། བསྒྲུབ་བྱའི་ཆོས་གང་ཕན་འདོགས་བྱེད་དུ་ཡོད་ན་སྐྱེ། མེད་ན་མི་འབྱུང་བའམ། བསྒྲུབ་བྱའི་ཆོས་དང་རང་གི་བདག་ཉིད་རྣམ་པར་དབྱེར་མེད་པ་ཅན་གྱི་རྟགས་གང་ཡིན་པ་དེ་ནི། བསྒྲུབ་བྱའི་ཆོས་དེ་དང་འཁྲུལ་བར་མི་འགྱུར་རོ་ཞེས་


DLL1005_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དོན་དུ་ཡིན་པའི་ཕྱིར། དེ་ལྟར་རྟོགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། ལྡན་པ་ཅན་སོགས་གང་དག་ལ་བརྟེན་པའི་གཏན་ཚིགས་དེ་དག་ཆོས་ཅན། གཏན་ཚིགས་ཡང་དག་མིན་ཞེས་བཤད་པ་ཡིན་ཏེ། བསྒྲུབ་བྱའི་ཆོས་ལ་འཁྲུལ་བ་སྲིད་པའི་ཕྱིར་ཏེ། མེད་ན་མི་འབྱུང་བ་དེ་འདྲ་བའི་འགྲེལ་པ་ཡོད་པ་མིན་པའི་ཕྱིར། རྟགས་མ་གྲུབ་སྟེ། དེ་འདྲའི་འབྲེལ་བ་ཡོད་པ་ཡིན་ནོ་ཞེ་ནའང༌། ཤེས་བྱ་ཆོས་ཅན། ལྡན་འདུའི་འབྲེལ་བ་བཏགས་པ་དོན་མེད་པར་ཐལ། མེད་ན་མི་འབྱུང་བའི་འབྲེལ་བ་དེ་ཉིད་བསྒྲུབ་བྱ་རྟོགས་པའི་སྒྲུབ་བྱེད་ཡིན་པའི་ཕྱིར་ཏེ། འབྲེལ་བ་ངེས་པ་ཡིན་ན། མེད་ན་མི་འབྱུང་བའི་འབྲེལ་བ་ཡིན་ལ། འབྲེལ་བ་ངེས་པ་མེད་པ་སྒྲུབ་བྱེད་ཡང་དག་མིན་པའི་ཕྱིར། གཉིས་པ་ཁྱད་པར་མཉན་བྱ་སྨོས་པའི་དགོས་པ་ལ་གསུམ། སྲོག་ལ་ལྡོག་པ་གྲུབ་པ་དགག །སྲོག་དང་མཉན་བྱ་མཚུངས་པར་བསྟན། ཚུལ་དེས་རིགས་ཅན་གཞན་ཡང་ཁེགས་པའོ། །དང་པོ་ལ་གཉིས། དངོས། དེའི་ལན་དགག་པའོ། །དང་པོ་ནི། རིགས་པ་ཅན་པ་ན་རེ། སྲོག་དེ་གསོན་ལུས་བདག་བཅས་སུ་སྒྲུབ་པའི་ལྡོག་པ་རྐྱང་བ་ཅན་གྱི་རྟགས་ཡང་དག་ཡིན་ནོ་ཞེ་ན། སྲོག་ཆོས་ཅན། བདག་དང་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པ་ཡིན་པར་བརྗོད་པར་ཐལ། དེ་སྒྲུབ་ཀྱི་ལྡོག་པའི་ཁྱབ་པ་ཉིད་ནི་ངེས་པ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། ལྡོག་ཁྱབ་དེ་ཡང་འབྲེལ་བ་མེད་པ་ལ་མེད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྗེས་འགྲོ་གནས་པར་ཐལ། འདོད་པ་དེ་ཉིད་ཀྱི་ཕྱིར། ཁྱད་པར་སྲོག་ནི་ཆོས་ཅན། དེ་སྒྲུབ་ཀྱི་ལྡོག་ཁྱབ་མེད་ཅིང་རྗེས་འགྲོའང་ཡོད་པ་མ་ཡིན་པར་ཐལ། བདག་དེ་རང་གི་བདག་ཉིད་དམ་རྒྱུའི་དངོས་པོར་ནི་གྲུབ་ན། ལྡོག་པ་གྲུབ་པར་འགྱུར་ན་ཡང་བདག་དང་འབྲེལ་མེད་ཡིན་པའི་ཕྱིར། འོ་ན། སྲོག་ལྡོག་པ་ཅན་དུ་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་


DLL1005_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ལ་བརྟེན་ནས། ལྡོག་པའང་འབའ་ཞིག་ཅན་དུ་བཤད་པ་ཡིན་པའི་ཕྱིར། ཆོས་ཅན། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་ཡིན་ཏེ། ཕྱོགས་ཆོས་གང་ཞིག །མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པ་དེའི་ཕྱིར། དེ་ལས་གཞན་དུ་ལྡོག་ཁྱབ་གྲུབ་ན། ཆོས་ཅན། གོ་བར་བྱེད་པའི་རྟགས་ཡང་དག་ཏུ་འགྱུར་བར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །ལྡོག་ཁྱབ་གྲུབ་པའི་ཕྱིར། རྟགས་ཁས་བླངས། གཉིས་པ་ནི། གལ་ཏེ་བདག་ནི་ལྡོག་པ་ཡིས་སྲོག་སོགས་དག་ནི་ལྡོག་པར་འགྱུར་ཏེ། སྲོག་སོགས་མེད་པས་བདག་མེད་ལ་ཁྱབ་པར་འགྱུར་བའི་ཕྱིར་ཞེ་ན། བདག་ལྡོག་ན་སྲོག་ལྡོག་པས་ཁྱབ་པ་དེ་ཡང་ཡོད་པར་འདོད་པ་མིན་ཏེ་གཞན་བདག་ལྡོག་པར་ནི་གྱུར་པ་ཡིས། གཞན་སྲོག་ལྡོག་པར་ནི་མི་རུང་བའི་ཕྱིར་ཏེ། བདག་སྲོག་འབྲེལ་མེད་ཐ་དད་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། སྲོག་དེ་བདག་གི་བདག་ཉིད་དམ། བདག་དེ་ལས་བྱུང་བའི་ཕྱིར་ཞེ་ན། ཆོས་ཅན། བདག་གི་བདག་ཉིད་མ་ཡིན་པར་ཐལ། ཁྱོད་མི་རྟག་ལ། བདག་དེ་རྟག་དངོས་ཡིན་པའི་ཕྱིར། ཆོས་ཅན། བདག་ལས་མ་བྱུང་བར་ཐལ། བདག་དང་རྒྱུ་འབྲས་སུ་མ་གྲུབ་པའི་ཕྱིར་ཏེ། བདག་ཕན་འདོགས་བྱེད་དུ་ཡོད་ན་སྐྱེ་བར་མཐོང་བ་དང༌། ཕན་འདོགས་བྱེད་དུ་མེད་ན་སྐྱེ་བར་མ་མཐོང་བ་དེ་ཉིད་གྲུབ་པ་མེད་པའི་ཕྱིར་ཏེ། གལ་ཏེ་བདག་ནི་དམིགས་པ་ན་ཁྱོད་དམིགས། བདག་རྟོགས་པ་མེད་པར་ཡང་ཁྱོད་མ་རྟོགས་ནི། རྗེས་སུ་འགྲོ་ལྡོག་འདི་གྲུབ་པར་འགྱུར་ན་ཡང༌། བདག་དེ་ཡོད་ཀྱང་མཐོང་རུང་མིན་པའི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར། རྟགས་ཁས་བླངས། བུམ་སོགས་ཆོས་ཅན། ཁྱོད་ལ་བདག་མེད་ཅེས་གང་ལས་གྲུབ་སྟེ་མ་གྲུབ་པར་ཐལ། བདག་དེ་གཞན་ལ་ཡོད་ཀྱང་མཐོང་


DLL1005_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རུང་དུ་མེད་པའི་ངོ་བོ་ཅན་ཡིན་པའི་ཕྱིར། འདོད་ན། བདག་ལྡོག་ན་སྲོག་ལྡོག་པའི་ཁྱབ་པའང་ཇི་ལྟར་གྲུབ་པ་ཡིན་ཏེ་མ་ཡིན་པར་ཐལ། བདག་ལྡོག་པ་ཤེས་པ་མེད་པའི་ཕྱིར། ཆོས་ཅན། བདག་མེད་དེ། བདག་མ་མཐོང་བའི་ཕྱིར་ཞེ་ན། སྲོག་སོགས་དེ་ལ་ལར་མཐོང་བ་ཡིས། གསོན་ལུས་ལ་ཡོད། བུམ་པ་ལ་མེད་པ་ཉིད་ནི་རྟོགས་པར་འགྱུར་བ་དེ་ལྟར། གལ་ཏེ་བདག་ལ་ལར་མཐོང་ན་གསོན་ལུས་ལ་ཡོད། བུམ་པ་ལ་མེད་པ་ཉིད་ནི་རྟོགས་པར་འགྱུར་ན་ཡང༌། ཆོས་ཅན། བདག་མ་མཐོང་བས་མེད་པར་མི་འགྲུབ་པར་ཐལ། བདག་དེ་ཡོད་ཀྱང་མཐོང་རུང་ཡིན་པའི་ཕྱིར། གསོན་ལུས་ཆོས་ཅན། སྲོག་མེད་པར་ཐལ། བདག་མེད་པའི་ཕྱིར་ཞེ་ན། རྒྱུ་བློ་གང་ཞིག་ནི་མེད་པ་ཡིས་བུམ་པ་ལ་སྲོག་མཐོང་བ་མེད་པ་ལྟར། གལ་ཏེ་གསོན་ལུས་ལའང་བློ་དེ་མེད་ན། གསོན་ལུས་ལ་སྲོག་མེད་པར་རིགས་པ་ཡིན་ནའང༌། ཆོས་ཅན། བདག་མེད་པས་སྲོག་མེད་པར་མི་འགྲུབ་པར་ཐལ། བདག་སྲོག་འབྲེལ་མེད་ཐ་དད་ཡིན་པའི་ཕྱིར། ཆོས་ཅན། སྲོག་བཅས་ལས་ཐ་དད་པ་དེར་ཡང་རྟོག་རིགས་པར་ཐལ། གལ་ཏེ་བུམ་པ་དང་ཅུང་ཟད་བདག་མེད་དུ་ཆོས་མཐུན་པའི་ཕྱིར་ཞེ་ན། བུམ་སོགས་རྣམས་ཆོས་ཅན། བདག་དང་བཅས་པར་ཅིས་མི་དཔོག་སྟེ་དཔོག་རིགས་པར་ཐལ། གསོན་ལུས་དང་གཞལ་བྱ་ཉིད་དུ་ཆོས་མཐུན་པའི་ཕྱིར། དེ་བདག་བཅས་སུ་མི་འདོད་དོ་ཞེ་ན། ཆོས་ཅན། བདག་བཅས་སུ་འདོད་རིགས་པར་ཐལ། བདག་བཅས་སུ་ཚད་མས་གྲུབ་པའི་ཕྱིར། ཁྱབ་སྟེ། ཚད་མས་གྲུབ་པ་ཉིད་འདོད་པར་རིགས་པ་ཀུན་གྱི་རྒྱུ་ཡིན་པའི་ཕྱིར་ཏེ། ཚད་མས་གྲུབ་པ་དེ་མེད་པར་ནི། དངོས་པོ་དང་དངོས་མེད་ཀྱི་རྣམ་གཞག་གང་གིས་ནུས་ཏེ་མི་ནུས་པའི་ཕྱིར། བདག་དེ་བློའི་རྒྱུ་ཡིན་ནོ་ཞེ་ན། མ་ཡིན་པར་ཐལ། སྲོག་དང་མིག་


DLL1005_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་འཛུམ་ལ་སོགས་པ་ནི་དྲན་འདོད་རྩོལ་བ་ལས་སྐྱེས་པ་ཡིན་ལ། དྲན་འདོད་རྩོལ་བ་དེ་དག་ཡུལ་དབང་བློ་སྔ་མ་ལས་བྱུང༌། ཡུལ་དབང་བློ་སྔ་མ་དེ་ཡང་ཕན་ཚུན་རྐྱེན་ལ་ནི་ལྟོས་པའི་རང་གི་རིགས་འདྲ་སྔ་མ་ལས་བྱུང་བའི་ཕྱིར། ནང་གི་བདག་ཉིད་ཀྱི་དངོས་པོ་འདི་ཆོས་ཅན། རིགས་འདྲ་སྔ་མ་དེ་ཙམ་ལས་བྱུང་སྟེ། དེ་ཕན་འདོགས་བྱེད་དུ་ཡོད་པ་དང་མེད་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་པ་ཡིན་པའི་ཕྱིར། ཆོས་ཅན། རྒྱུ་ཐུག་པ་མེད་པར་ཐལ། རང་གི་རིགས་འདྲ་སྔ་མ་ལས་གཞན་དུ། བདག་རྟག་པ་རྒྱུར་རྟོག་རིགས་པའི་ཕྱིར། གཉིས་པ་སྲོག་དང་མཉན་བྱ་མཚུངས་པར་བསྟན་པ་ལ་གསུམ། མཚུངས་པའི་ཚུལ། མི་མཚུངས་པར་འདོད་པ་དགག །སྲོག་གོ་བྱེད་ཡིན་པ་དགག་པའོ། །དང་པོ་ནི། མཉན་བྱ་དང་སྲོག་སོགས་འདི་ནི་ཆོས་ཅན། ལྡོག་ཁྱབ་མ་གྲུབ་པར་མཚུངས་པར་འགྱུར་ཏེ། ལྡོག་ཁྱབ་འཁྲུལ་པ་ཉིད་ཀྱིས་མཚུངས་པའི་ཕྱིར། མཚུངས་པ་མ་ཡིན་ཏེ། སྲོག་ལྡོག་པ་ཅན་ཡིན་ཡང༌། མཉན་བྱ་འདི་ནི་ལྡོག་པ་འཁྲུལ་བའི་ཕྱིར་ཞེ་ན། ཇི་ལྟར་འཁྲུལ་དྲིས་པས། མཉན་བྱ་ཆོས་ཅན། ལྡོག་པ་འཁྲུལ་ཏེ། བསྒྲུབ་མིན་ཉིད་དེ་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་པ་མིན་པར། མཐུན་པྱོགས་ལས་ཀྱང་ལྡོག་པའི་ཕྱིར་ཞེ་ན། དེ་ཆོས་ཅན། འོ་ན་དོན་གྱིས་བསྒྲུབ་བྱའི་རྗེས་སུ་འཇུག་པ་མིན་པས་ལྡོག་པ་འཁྲུལ་པ་དེ་ལྟར་བརྗོད་དགོས་པར་འགྱུར་བར་ཐལ། མཐུན་ཕྱོགས་ལས་ལྡོག་པས་ལྡོག་པ་འཁྲུལ་པའི་ཕྱིར། འདོད་ན། གཞན་སྲོག་ཆོས་ཅན། ལྡོག་པ་འཁྲུལ་པར་ཐལ། མཐུན་ཕྱོགས་ལ་མི་འཇུག་པ་དེ་ནི་ཁྱོད་ལའང་མཚུངས་པའི་ཕྱིར། ཤེས་བྱ་ཆོས་ཅན། དོན་གྱི་གོ་བས་རྗེས་སུ་འགྲོ་ལྡོག་གང་རུང་གཅིག་གིས་གཉིས་ཀ་བསྟན་


DLL1005_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད་དེ། བསྒྲུབ་མིན་ཉིད་ལས་རྣམ་པར་བཅད་ཅེས་པའི་ཚིག་གིས། བསྒྲུབ་བྱ་ལ་གནས་པ་བརྗོད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར། ཆོས་ཅན། རྗེས་འགྲོ་མེད་པ་ལས་མི་འཁྲུལ་པ་འདི་འདྲ་བའི་ལྡོག་ཁྱབ་གྲུབ་པ་མ་ཡིན་ཏེ། རྗེས་སུ་འགྲོ་ལྡོག་ཕན་ཚུན་མི་འཁྲུལ་བ་དེའི་ཕྱིར། སྲོག་ཆོས་ཅན། མཐུན་ཕྱོགས་ལ་བསྒྲུབ་པ་ལས་གཞན་ཅི་འདྲ་ཞིག་ཡིན་ཏེ་མ་ཡིན་པར་ཐལ། མཐུན་ཕྱོགས་ལ་བཀག་པ་འགོག་པར་བྱེད་པ་ནི་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། ཆོས་ཅན། བསྒྲུབ་མིན་ཉིད་དེ་མི་མཐུན་ཕྱོགས་ཁོ་ན་ལ་མེད་དེ། བསྒྲུབ་བྱ་མཐུན་ཕྱོགས་ལས་ལྡོག་པ་མེད་པའི་ཕྱིར་ཏེ། མཐུན་ཕྱོགས་དངོས་མེད་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་མེད་དགག་སྒྲུབ་ཀྱི་གཞིར་མི་རུང་བའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས། དངོས་མེད་དགག་སྒྲུབ་ཀྱི་གཞིར་མི་རུང་བ་དགག །མཐུན་ཕྱོགས་ལས་ལྡོག་པ་མེད་པས་ལྡོག་པ་གྲུབ་པ་དགག་པའོ། །དང་པོ་ལ་གསུམ། ལྡོག་པའང་དགག་ཏུ་མེད་པར་བསྟན། ཐ་སྙད་རྒྱུན་ཆད་པར་ཐལ། རང་ལ་མཚུངས་པ་སྤང་བའོ། །དང་པོ་ནི། གསོན་ལུས་བདག་བཅས་སུ་སྒྲུབ་པའི་མཐུན་ཕྱོགས་ཆོས་ཅན། སྲོག་མེད་ཅེས་ལྡོག་པ་དེ་ཉིད་ནི་ཇི་ལྟར་ཁྱོད་ལས་ལྡོག་པར་འདོད་དེ་འདོད་མི་རིགས་པར་ཐལ། དངོས་མེད་ཡིན་པའི་ཕྱིར། སྲོག་ཆོས་ཅན། མཐུན་ཕྱོགས་ལ་བསྒྲུབ་པ་ཡིན་པར་ཐལ། མཐུན་ཕྱོགས་ལས་ལྡོག་པ་མེད་པའི་ཕྱིར། འདོད་ན། རིགས་པ་ཅན་པ་ཆོས་ཅན། བླུན་པོ་ཡི་ནི་དཔྱོད་ཚུལ་ལ་ལྟོས་པ་ཡིན་ཏེ། སྲོག་གི་དངོས་པོར་ཡོད་པ་མཐུན་ཕྱོགས་ལ་མེད་ནའང་ཡོད་པ་ཡིན་ལ། དངོས་པོ་མེད་པ་ཡོད་ནའང་ཡོད་པ་མིན་ཞེས་འདོད་པའི་ཕྱིར། གལ་ཏེ་གཏན་ཚིགས་སྲོག་དེ་མཐུན་ཕྱོགས་ལས་ལྡོག་པ་མེད་ནའང་མཐུན་ཕྱོགས་ལ་འཇུག་པར་


DLL1005_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དམ་ཅི་བྱས་པས། མཐུན་ཕྱོགས་ལ་འཇུག་པ་དེ་ཡང་མིན་ན། སྲོག་ཆོས་ཅན། མཐུན་ཕྱོགས་ལ་འཇུག་པ་ཅི་སྟེ་འགོག་སྟེ་འགོག་མི་རིགས་པར་ཐལ། མཐུན་ཕྱོགས་ལས་ལྡོག་པ་བཀག་པ་ནི་འདི་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། དངོས་པོ་མེད་པ་འདིར་ནི་ཆོས་ཅན། མི་སྨྲ་བ་ཐོབ་པར་ཐལ། སྒྲུབ་པ་དང་དགག་པ་མ་གཏོགས་པར། སྒྲ་ལས་བྱུང་བའི་ཐ་སྙད་གཞན་ཡོད་པ་མིན་ལ། ཐ་སྙད་དེ་ཡང་ཁྱོད་ལ་འཇུག་པ་མེད་པའི་ཕྱིར། ཤེས་བྱ་ཆོས་ཅན། རིགས་པ་འདི་ཡིས་འགྲོ་བ་ལ་དགག་པའི་དོན་ནི་མེད་པར་འགྱུར་བར་ཐལ། ཆོས་དེ་ཡོད་པ་རྣམས་ལ་ཆོས་དེ་དགག་པ་མེད་ལ། ཆོས་དེ་དགག་པ་དེ་ནི་ཆོས་དེ་མེད་པ་ལའང་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་བུམ་པ་ཡུལ་དུས་ལ་ལྟོས་ནས་འགོག་གོ་ཞེ་ན། བུམ་པ་དེ་ཆོས་ཅན། ཡུལ་དུས་ལ་ལྟོས་ནས་ཀྱང་མི་འགོག་པར་ཐལ། ཡུལ་དུས་ལ་ལྟོས་ནས་ཀྱང་ཇི་ལྟར་ཡོད་པ་དེ་ལྟར་ནི་མི་འགོག་ལ། ཇི་ལྟར་མེད་པ་དེ་ལྟར་ཡང་ནི་འགོག་པར་མི་འགྱུར་བའི་ཕྱིར། གསུམ་པ་ལ་གསུམ། དགག་སྒྲུབ་ཀྱི་དངོས་རྟེན་སྒྲ་དོན་དུ་བསྒྲུབ། རང་མཚན་ཡིན་པ་དགག །ཐ་སྙད་ཇི་ལྟར་བྱེད་ཚུལ་ལོ། །དང་པོ་ནི། དགག་སྒྲུབ་ཀྱི་ཐ་སྙད་རྒྱུན་ཆད་པར་ཐལ། ཆོས་དེ་ཡོད་ན་བསྒྲུབ་མི་དགོས་ཤིང་དགག་མི་ནུས། མེད་ན་དགག་མི་དགོས་ཤིང་བསྒྲུབ་མི་ནུས་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། དགག་སྒྲུབ་ཀྱི་དངོས་རྟེན་ཕྱི་རོལ་རང་མཚན་མིན་ཏེ། དེ་ཡིན་པ་ལ་རིགས་པའི་གནོད་པ་དེའི་ཕྱིར། ཆོས་ཅན། དགག་སྒྲུབ་ཀྱི་དངོས་རྟེན་སྒྲ་དོན་ལ་བརྟེན་ནས་འདིར་ནི་སྒྲུབ་པ་དང་དགག་པ་ཐམས་ཅད་འདོད་པ་ཡིན་ཏེ། དགག་སྒྲུབ་དོན་དམ་པར་གྲུབ་པ་དེ་དྲན་མེད་ནའང༌། ཆོས་ཅན་སྒྲ་དེ་དགག་སྒྲུབ་


DLL1005_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དང་ནི་འབྲེལ་བར་སྣང་བའི་ཕྱིར། སྒྲ་དོན་ཆོས་ཅན། གསུམ་ཡོད་དེ། དངོས་པོ་དང་དངོས་མེད་དང་གཉིས་ཀ་ལ་བརྟེན་པའི་སྒྲ་དོན་རྣམས་སུ་ཡོད་པའི་ཕྱིར། སྒྲ་དོན་དེ་ཡང་ཡོད་ཅེས་ཐ་སྙད་རྟེན་པར་འདོད་དེ། སྒྲ་འཇུག་པ་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལྟ་མིན་པར་དགག་སྒྲུབ་ཀྱི་དངོས་རྟེན་རང་མཚན་ཡིན་ན། ཤེས་བྱ་ཆོས་ཅན། དོན་སྒྲ་རྣམས་ཀྱི་སྟེང་དུ་བྱས་པ་ལྟ་བུའི་ཆོས་གཅིག་བསྒྲུབས་སམ་མ་བྱས་པ་ལྟ་བུ་གཅིག་བཀག་པ་ན། མི་རྟག་པ་ལ་སོགས་པའི་བདག་ཉིད་ཐམས་ཅད་བསྒྲུབས་པ་དང་རྟག་པ་ལ་སོགས་པ་ཐམས་ཅད་བཀག་པར་འགྱུར་བར་ཐལ། བྱས་མི་རྟག་བདག་ཉིད་ཐ་དད་མེད་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་མ་གྲུབ་སྟེ། རྫས་ཐ་དད་ཡིན་ནོ་ཞེ་ན། བྱས་མི་རྟག་བསྒྲུབས་པ་དང་མ་བྱས་རྟག་པ་བཀག་པ་དག་ཆོས་ཅན། སྒྲ་གཅིག་ལ་གཞི་མཐུན་དུ་འདུ་བར་མི་འགྱུར་བར་ཐལ། བྱས་མི་རྟག་རྫས་ཐ་དད་ཡིན་པའི་ཕྱིར། དཔེར་ན། བུམ་སྣམ་གཞན་དང་གཞན་བཀག་པ་དང་ནི་བསྒྲུབས་པ་གཞི་མཐུན་མིན་པ་བཞིན་ནོ། །གསུམ་པ་ནི། ཁྱེད་རང་གི་ལུགས་ལ་དགག་བསྒྲུབ་ཀྱི་ཇི་ལྟར་བྱེད་ཅེ་ན། ཤེས་བྱ་ཆོས་ཅན། དགག་སྒྲུབ་ཀྱི་དངོས་རྟེན་རང་མཚན་མིན་ཏེ། སྣ་ཚོགས་པའི་ཆོས་ཀྱི་གཞིར་གྱུར་པའི་ཆོས་ཅན་སྒྲ་ལྟ་བུ་གཅིག་གི་དབང་དུ་བྱས་ཏེ། བྱས་པ་གཅིག་བསྒྲུབས་པ་ན་བྱས་པ་དེ་གསར་དུ་རྟེན་པ་ལྟ་བུ་དང༌། མི་རྟག་པ་ལ་སོགས་པ་གཞན་རྣམས་བཏང་སྙོམས་ལྟ་བུ་དང༌། མ་བྱས་པ་འགོག་ན་མ་བྱས་པ་དེ་ཡིས་གསར་དུ་དབེན་པ་ལྟ་བུ་དང༌། དེ་ལས་གཞན་བྱས་པ་ལ་གསར་དུ་ལྟོས་པ་ལྟ་བུར་སྣང་བའི་ཕྱིར། རྟོག་པའི་སྣང་བ་དངོས་པོར་མེད་ན། ཚད་མས་གནོད་པར་འགྱུར་རོ་ཞེ་ན། ཤེས་བྱ་ཆོས་ཅན། ཐོག་མ་མེད་པའི་བག་ཆགས་ལས་བྱུང་


DLL1005_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཇིག་རྟེན་དགག་བསྒྲུབ་བྱེད་པའི་རྟོག་པའི་དོན་ལ་ཚད་མས་གནོད་པར་མི་འགྱུར་ཏེ། དངོས་པོར་མེད་པའི་དོན་ཅན་གྱི་ཐ་སྙད་ཇི་ལྟར་བློས་བསྟན་པའི་དེ་བཞིན་ཉིད་དེ་དངོས་པོར་ཡོད་མེད་མ་བརྟགས་པར་ཐ་དད་པའི་དོན་རང་མཚན་ལ་བརྒྱུད་ནས་བརྟེན་པའི་ཐ་སྙད་དོན་མཐུན་ཁས་ལེན་པའི་ཕྱིར། རྟོག་པའི་སྣང་བ་དངོས་པོར་མེད་ན་དགག་བསྒྲུབ་ཀྱི་ཐ་སྙད་ཇི་ལྟར་འཇུག་ཅེ་ན། དོན་བུམ་པ་གཅིག་ཆོས་ཅན། དགག་སྒྲུབ་དུ་མ་འཇུག་སྟེ། ཆུ་མི་སྐྱོར་བ་དེ་ལས་ཀྱང་ཐ་དད། གྲང་བ་སྐྱོབ་པ་དེ་ལས་ཀྱང་ཐ་དད་པའི་ཕྱིར་ཏེ། ཆུ་སྐྱོར་བ་དེའི་འབྲས་བུ་ཅན་དང༌། གྲང་བ་སྐྱོབ་པ་དེའི་འབྲས་བུ་མེད་པ་ཅན་ཡིན་པའི་ཕྱིར། སྒྲའི་སྟེང་དུ་མི་རྟག་གསར་དུ་འཕེལ་བ་ལྟ་བུ་དང༌། རྟག་པ་གསར་དུ་འགྲིབ་པ་ལྟ་བུར་བྱེད་པའི་བསླད་པ་དེ་དང་དེ་དག་ཆོས་ཅན། གཟུང་དོན་དེ་དང་ལྡན་པ་མིན་ཡང༌། རང་མཚན་མངོན་སུམ་དུ་མཐོང་བ་ལ་སྦྱོར་ཏེ། དེ་མིན་ཡང་ཐ་དད་པའི་རང་མཚན་ལ་བརྟེན་པའི་འབྲེལ་བ་འགའ་ལས་དེ་ལྟར་སྦྱོར་ནུས་པའི་ཕྱིར། དེ་དག་ཆོས་ཅན། རང་ཉིད་བསླད་པའང་རང་གིས་ཤེས་པ་མ་ཡིན་ཏེ། སྣང་བཏགས་སོ་སོར་མི་ཕྱེད་པའི་བློ་ཡིན་པའི་ཕྱིར། གཉིས་པ་མཐུན་ཕྱོགས་ལས་ལྡོག་པ་མེད་པས་ལྡོག་པ་གྲུབ་པ་དགག་པ་ནི། བུམ་པ་ཆོས་ཅན། བདག་དེ་མེད་པ་མ་ཡིན་པར་ཡོད་མེད་ཐེ་ཚོམ་དུ་འགྱུར་བར་ཐལ། ཁྱོད་དང་གསོན་ལུས་བདག་མེད་པར་བསྒྲུབ་དཀའ་སླ་མཚུངས་པ་གང་ཞིག །གསོན་ལུས་ལ་བདག་ཡོད་པ་ཉིད་ཀྱི་སྒྲུབ་བྱེད་འཇུག་པའི་ཕྱིར། ཆོས་ཅན། བདག་མེད་དེ། བདག་དེ་མེད་པར་སངས་རྒྱས་པས་ཁས་བླངས་པའི་ཕྱིར་ཞེ་ན། ཆོས་ཅན། སངས་རྒྱས་པས་བདག་མེད་པར་ཁས་བླངས་པ་ལས་བདག་མེད་པ་


DLL1005_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་རིགས་པ་མ་ཡིན་པར་ཐལ། སངས་རྒྱས་པའི་ཁས་བླངས་ཚད་མ་མ་ཡིན་པའི་ཕྱིར། མ་གྲུབ་ན། གསོན་ལུས་ཆོས་ཅན། བདག་མེད་པར་ཐལ་ལོ། །མཐུན་ཕྱོགས་དངོས་མེད་ལས་ལྡོག་པ་མེད་ན་ཡང༌། སྲོག་ཆོས་ཅན། མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བར་ཐལ། བདག་དེ་ལ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། འདོད་ན། མི་མཐུན་ཕྱོགས་ལས་ལྡོག་པར་ཡང་ཐེ་ཚོམ་ཟ་བར་ཐལ་ལོ། །ཁྱབ་སྟེ། བདག་ཡོད་མེད་ཀྱི་ཕུང་པོ་གཉིས་ལས་གཅིག་ལ་ནི་ངེས་པར་གྲུབ་ན། གཞན་ལས་ནི་ལྡོག་པ་གྲུབ་པའི་ཕྱིར། ཆོས་ཅན། མི་མཐུན་ཕྱོགས་ཁ་ཅིག་ལ་མ་མཐོང་བས་མི་མཐུན་ཕྱོགས་ལ་མེད་ངེས་སུ་མི་འགྲུབ་པར་ཐལ། མི་མཐུན་ཕྱོགས་ཁ་ཅིག་ལ་མ་མཐོང་བ་ཡིན་ཡང༌། ཡོད་ཀྱང་མཐོང་རུང་དུ་མེད་པའི་མི་མཐུན་ཕྱོགས་དག་ལ་ཐེ་ཚོམ་ཟ་བའི་ཕྱིར། མི་མཐུན་ཕྱོགས་འགའ་ཞིག་ལ་མ་མཐོང་བས་མེད་པར་ངེས་པ་མེད་དེ། བདག་མེད་ཀྱི་གསལ་བ་ལ་ཁྱབ་བྱེད་མ་ཡིན་ཡང༌། བདག་མེད་པའི་རིགས་སུ་གྱུར་པའི་དོན་ལ་ཡོད་སྲིད་པས་སོ། །དཔེར་ན། ཤིང་གི་མཁྲེགས་པ་མཚོན་གྱིས་ཆོད་ཀྱང༌། རྡོ་རྗེ་ཕ་ལམ་གྱི་མཁྲེགས་པ་མཚོན་གྱིས་མི་ཆོད་པ་བཞིན་ནོ། །གསུམ་པ་སྲོག་གོ་བྱེད་ཡིན་པ་དགག་པ་ལ་གཉིས། འགལ་བ་མེད་པས་གོ་བྱེད་མིན། འབྲལ་བ་མེད་པས་གོ་བྱེད་མིན་པའོ། །དང་པོ་ནི། ཆོས་ཅན། བདག་མེད་ལས་ལྡོག་པ་ལ་ཐེ་ཚོམ་གང་ལས་ལྡོག་པར་འགྱུར་ཏེ་མི་འགྱུར་བར་ཐལ། བདག་མེད་ལ་ཡོད་པ་ལ་འགལ་བ་མ་མཐོང་བའི་ཕྱིར། རྟགས་མ་གྲུབ་ན། ཆོས་ཅན། ལ་ལར་བདག་དེའི་འབྲས་བུ་དང་དེའི་བདག་ཉིད་དུ་ངེས་པ་ལས་གཞན་ཅི་ཡོད་དེ་མེད་པར་ཐལ། བདག་མེད་དང་འགལ་བ་དེ་ཡང་མ་ཡིན་པའི་ཕྱིར། འདི་ནི་ཆོས་ཅན།


DLL1005_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པ་ལས་ཀྱང་ལྡོག་པར་ཐེ་ཚོམ་ཟ་བར་ཐལ། བདག་མེད་དང་འགལ་བ་མ་ཡིན་པའི་ཕྱིར། བདག་མེད་ལས་ལྡོག་ཏུ་ཆུག་པ་དེ་ལྟ་ནའང༌། བདག་མེད་ལ་མེད་པ་ལས་བདག་བཅས་སུ་མི་འགྱུར་བར་ཐལ། གང་གིས་ཆོས་དེ་ནི་ལྡོག་པ་མེད་པ་དེ་ངེས་པར་དངོས་པོར་ཏེ་ཡོད་པར་འདོད་པ་མ་ཡིན་པའི་ཕྱིར། དཔེར་ན། སྲོག་སོགས་མཐུན་ཕྱོགས་ལས་ལྡོག་པ་མེད་ཀྱང་ཡོད་པ་མིན་པ་བཞིན། གལ་ཏེ་གཏན་ཚིགས་སྲོག་སོགས་ཆོས་ཅན། མཐུན་ཕྱོགས་ལ་རྗེས་འགྲོ་ཅན་ཡིན་པར་ཐལ། མཐུན་ཕྱོགས་ལས་ལྡོག་པ་མེད་པ་དེའི་རྒྱུས་སོ། །མ་ཁྱབ་ན། བདག་མེད་ཀྱང་མ་ཡིན་བདག་བཅས་ཀྱང་མིན་པར་ཐལ། མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་ཅན་མིན་ཞིང་ལྡོག་པ་མིན་པའི་ཕྱིར། གཉིས་པ་ལ་གཉིས། དེ་བྱུང་འབྲེལ་བ་མེད་པས་གོ་བྱེད་མིན། བདག་གཅིག་འབྲེལ་བ་མེད་པས་གོ་བྱེད་མིན་པའོ། །དང་པོ་ལ་གཉིས། གོ་བྱེད་འབྲེལ་བ་ལ་ལྟོས། དེ་སྲོག་ལ་མ་གྲུབ་པའོ། །དང་པོ་ནི། དུ་ལྡན་གྱི་ལ་ལ་མེ་འཇུག་པར་སྒྲུབ་པ་ལ། དུ་བ་གང་གི་རང་གི་བདག་ཉིད་རྟགས་སུ་བཀོད་པའི་ཚེ་ན། དུ་བ་ཆོས་ཅན། མེ་དེ་ཉིད་ལོག་པ་ན་ལྡོག་པར་བྱེད་དེ། མེ་གང་ཕན་འདོགས་བྱེད་དུ་མེད་ན་མི་འབྱུང་བ་ཅན་དུ་གྲུབ་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། མེ་མེད་ན་དུ་བ་མི་འབྱུང་བའི་འབྲེལ་བ་དེ་ཡང་ནི། སྒྲུབ་པར་བྱེད་པ་ཁྱད་པར་ཅན་ལ་ལྟོས་པ་ཡིན་ཏེ། མེ་ཕན་འདོགས་བྱེད་དུ་ཡོད་ན་འབྲས་བུ་དུ་བ་སྐྱེ་བར་མཐོང་བ་དང༌། མེ་ཕན་འདོགས་བྱེད་དུ་མེད་ན་སྐྱེ་བར་མ་མཐོང་བ་ལས། མེ་དུ་དེ་དག་རྒྱུ་དང་འབྲས་བུ་ཉིད་དུ་གྲུབ་པའི་ཕྱིར། གཉིས་པ་ལ་གསུམ། དངོས། རྩོད་སྤང༌། དེའི་ལན་དགག་པའོ། །དང་པོ་ནི། སྲོག་དེ་ཆོས་ཅན། ཁྱོད་ལས་གསོན་ལུས་ལ་དོན་གཞན་བདག་རྟོགས་པ་


DLL1005_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མ་ཡིན་པར་ཐལ། ཁྱོད་ཡོད་ན་བདག་ཡོད་པའི་ངེས་པ་མེད་པའི་ཕྱིར། བདག་དེ་དག་མེད་པ་ན་སྲོག་དེ་དག་མིན་པར་འགྱུར་བ་མི་སྲིད་དེ། བདག་དེ་རྟག་ཏུ་ཡོད་པའི་ཕྱིར། ལྡོག་པ་འབའ་ཞིག་ལས་རྒྱུ་འབྲས་འགྲུབ་པ་མིན་ཏེ། རྗེས་འགྲོ་གྲུབ་པས་རྒྱུ་འབྲས་གྲུབ་པའི་ཕྱིར་ཞེ་ན། ཆོས་ཅན། ཇི་ལྟར་བདག་དེས་བསྐྱེད་པའི་རང་བཞིན་ཡིན་ཏེ་མ་ཡིན་པར་ཐལ། བདག་དེ་དག་མེད་པར་རྒྱུ་གཞན་ལས་བྱུང་བའི་ཕྱིར། ཁྱབ་སྟེ། འབྲས་བུའི་རང་བཞིན་ཐ་དད་པ་རྣམས་རྒྱུ་ཐ་དད་པ་རྣམས་ལས་ནི་བྱུང་བའི་ཕྱིར། དེའི་རྒྱུ་མཚན་ནི། དངོས་པོ་རྣམས་ཆོས་ཅན། རྫས་སྣ་ཚོགས་པའི་ངོ་བོ་ཉིད་ཡིན་ཏེ། རྒྱུ་རྐྱེན་ཚོགས་པའི་ནུས་པ་ལས་ངོ་བོ་ཐ་དད་དུ་སྐྱེས་པའི་ཕྱིར། གལ་ཏེ་རྒྱུ་རྐྱེན་ཐ་དད་ལས་སྐྱེས་པ་དེ་རྫས་ཐ་དད་དུ་འཇོག་བྱེད་མིན་ནོ་ཞེ་ན། འགྲོ་བ་དངོས་པོ་འདི་ཀུན་ངོ་བོ་གཅིག་ཏུ་འགྱུར་བར་ཐལ་ལོ། །གཉིས་པ་ནི། རྒྱུ་རྐྱེན་ཐ་དད་ལས་སྐྱེས་པ་དེ་རྫས་ཐ་དད་དུ་འཇོག་བྱེད་མིན་ཏེ། དུ་བ་འདི་མེ་ལས་ཀྱང་སྐྱེས་དེ་ལས་ཐ་དད་པ་བརྒྱ་བྱིན་གྱི་སྤྱི་བོས་ཀྱང་སྐྱེད་པར་བྱེད་པ་དེའི་ཕྱིར་ཞེ་ན། བརྒྱ་བྱིན་གྱི་སྤྱི་བོ་གཅིག་ནི་ཆོས་ཅན། རང་བཞིན་གཅིག་ཉིད་ཉམས་ནས་མེ་དང་མེ་མིན་གྱི་རང་བཞིན་གཉིས་ཡིན་པར་ཐལ། དུ་བ་སྐྱེད་བྱེད་དང་མེ་མེད་ཀྱི་རང་བཞིན་དུ་མ་ཡིན་པའི་ཕྱིར། གཞན་བརྒྱ་བྱིན་ནི་ཆོས་ཅན། མེ་ཡོད་དེ་ཉིད་ཡིན་པར་ཐལ། དུ་བ་དེ་སྐྱེད་པའི་རང་བཞིན་ཡིན་པའི་ཕྱིར། དུ་བ་དེ་སྐྱེད་པའི་རང་བཞིན་མིན་ནོ་ཞེ་ན། དེ་ཆོས་ཅན། དུ་བ་དེ་ནི་ཇི་ལྟར་ཁྱོད་ལས་འབྱུང་སྟེ་མི་འབྱུང་བར་ཐལ་ལོ། །ཤེས་བྱ་ཆོས་ཅན། མེའི་རང་བཞིན་ལས་དུ་བ་སྐྱེ་བར་མཐོང་བ་བཞིན་དུ། འབྲས་བུ་དུ་བ་མཐོང་ན་ཡང་མེ་དེ་རྟོགས་པར་འགྱུར་བར་ཐལ། མེ་དུ་རྒྱུ་དང་འབྲས་བུ་དག་ཏུ་ཕན་ཚུན་རང་བཞིན་ངེས་པ་ཉིད་ཡིན་པའི་ཕྱིར་ཏེ། དུ་བ་དེ་


DLL1005_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལས་འབྱུང་གི །མེ་མེད་ལས་མི་འབྱུང་བ་དེའི་ཕྱིར། གསུམ་པ་ནི། རྒྱུ་དུ་མ་ལས་འབྲས་བུ་གཅིག་འབྱུང་སྟེ། ཇི་ལྟར་ཆུ་དང་འོ་མ་ལས་འབྲས་བུ་རུལ་པ་གཅིག་འབྱུང་བར་འགྱུར་བ་བཞིན་ཞེ་ན། ཆུ་དང་འོ་མ་གཉིས་ཀ་ཆོས་ཅན། རིགས་གཅིག་ཉིད་ཡིན་ཏེ། གཤེར་བའི་ནུས་པ་གང་ལས་འབྲས་བུ་རུལ་པ་གཅིག་སྐྱེད་པར་འགྱུར་བའི་ཕྱིར། ཅི་ཆུ་འོ་འདི་ནི་རྫས་ཐ་དད་དང་རིགས་གཅིག་པའི་བདག་ཉིད་གཉིས་ཀ་ཡིན་པར་ཐལ། རིགས་གཅིག་གང་ཞེ་ན། མངོན་སུམ་ལ་སོ་སོར་སྣང་བའི་ཕྱིར། འདོད་ན། རྫས་ཐ་དད་ན་གཤེར་བ་ཉིད་དུ་རིགས་གཅིག་པ་ཇི་ལྟར་ཡིན་ཞེ་ན། ཆོས་ཅན། རྫས་ཐ་དད་ཡིན་ཏེ། རང་རང་གི་ངོ་བོ་ལ་གནས་པའི་དངོས་པོ་ཐ་དད་ཡིན་པའི་ཕྱིར། ཆོས་ཅན། རིགས་གཅིག་ཅེས་བརྗོད་དེ། རིགས་གཅིག་པ་དེའི་རང་བཞིན་ཅན་གྱི་བློའི་རྒྱུར་ཐ་དད་མེད་པའི་ཕྱིར། དེ་བཞིན་དུ་ཙན་དན་དང་ཤུག་པའི་མེ་ནི་ཆོས་ཅན། རྫས་ཐ་དད་ཀྱང་རིགས་གཅིག་སྟེ། མེ་མིན་ལས་ལོག་པའི་ཆ་གང་གིས་ནི་མེར་རྟོགས་པའི་རྟེན་ཡིན་པའི་ཕྱིར། དུ་བ་ཆོས་ཅན། མེ་ཡོད་པ་དེ་ལྟར་རྟོགས་པ་ཡིན་ཏེ། མེ་དེས་ནི་བསྐྱེད་པ་དེས་ནའོ། །དུ་བ་ཆོས་ཅན། མེ་དེ་ལ་འཁྲུལ་པ་མེད་པ་ཅན་ཡིན་ཏེ། མེར་ཤེས་པའི་ཡན་ལག་གཞན་བུད་ཤིང་ལས་ནི་ལྟོས་པའི་མེ་ཉིད་ལས་བྱུང་བའི་ཕྱིར། དེ་ལྟར་དུ་འབྲས་བུ་གཞན་ཡང་ཆོས་ཅན། རང་རྒྱུ་ལ་མི་འཁྲུལ་བ་དེ་བཞིན་དུ་གྲུབ་སྟེ། རང་རྒྱུ་ལས་སྐྱེས་པའི་ཕྱིར། གལ་ཏེ་བརྒྱ་བྱིན་གྱི་སྤྱི་བོ་དེ་ཆོས་ཅན། ཁྱོད་ལས་སྐྱེས་པའི་སྔོ་འཕྱུར་བ་དེ་དུ་བ་མིན་པར་ཐལ། ཁྱོད་མེ་ཡོད་མིན་པའི་ཕྱིར། དེ་ཆོས་ཅན། མེ་ཡོད་དེ་ཉིད་ཡིན་པར་ཐལ། གལ་ཏེ་ཁྱོད་ལས་སྐྱེས་པའི་སྔོ་འཕྱུར་བ་དེ་དུ་བ་ཡིན་པའི་ཕྱིར། ཁྱབ་སྟེ། དུ་བ་དང་བུད་ཤིང་གི་འགྱུར་བའི་ཡན་


DLL1005_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གི་རྟེན་དམར་འབར་བ་དེ་ལ་མེར་འཇོག་པའི་ཕྱིར། གཉིས་པ་བདག་གཅིག་འབྲེལ་བ་མེད་པས་གོ་བྱེད་མིན་པ་ནི། རང་བཞིན་གྱི་གཏན་ཚིགས་ཆོས་ཅན། རང་གི་བསྒྲུབ་བྱའི་ཆོས་མེད་ན་མི་འབྱུང་བར་ཤེས་པར་བྱ་སྟེ། རང་གི་བསྒྲུབ་བྱའི་ཆོས་ལ་འབྲེལ་བའི་རྒྱུ་མཚན་ཇི་ལྟར་རིགས་པ་ལ་ལྟོས་ནས་འབྲེལ་བའི་ཕྱིར། འཇིག་པ་དང་བྱས་པ་ཉིད་འབྲེལ་བར་གོང་དུ་ཇི་སྐད་བཤད་པ་བཞིན་ནོ། །གསུམ་པ་ཚུལ་དེས་རིགས་ཅན་གཞན་ཡང་ཁེགས་པ་ནི། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ། མཉན་བྱ་ཉིད་ནི་དཔེར་བརྗོད་པར་མཛད་པ་ཆོས་ཅན། ཁྱོད་ལས་སྲོག་གཏན་ཚིགས་ཡང་དག་མ་ཡིན་པར་རྟོགས་པའི་ཚུལ་འདིས། ལྡོག་པ་རྐྱང་པ་ཅན་དུ་འདོད་པའི་རྟགས་ཐམས་ཅད་དཔག་པར་བྱ་སྟེ། སྲོག་དང་མཉན་བྱ་ལྡོག་པ་འཁྲུལ་པ་ཅན་དུ་མཚུངས་པར་བསྟན་པའི་ཕྱིར། གསུམ་པ་མ་དམིགས་པ་ལོགས་སུ་མི་སྟོན་པའི་རྒྱུ་མཚན་ལ་གཉིས། འབྲེལ་ཟླ་མ་དམིགས་པའི་རྟགས་ལོགས་སུ་མི་སྟོན་པའི་རྒྱུ་མཚན། འགལ་ཟླ་དམིགས་པའི་རྟགས་ལོགས་སུ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས། རྒྱུ་ཁྱབ་བྱེད་མ་དམིགས་པ་ལོགས་སུ་མི་སྟོན་པའི་རྒྱུ་མཚན། རང་བཞིན་མ་དམིགས་པ་ལོགས་སུ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ནི། རང་བཞིན་འབྲས་བུ་གྲུབ་དོན་དུ་གཏན་ཚིགས་གཉིས་སྨོས་ནས། རྒྱུ་ཁྱབ་བྱེད་མ་དམིགས་པའི་དཔེར་བརྗོད་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། རྒྱུ་ཁྱབ་བྱེད་མ་དམིགས་པའི་རྟགས་ཆོས་ཅན། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ། འབྲས་རང་གི་རྟགས་ལས་ཐ་དད་པར་ནི། ཁྱོད་ཀྱི་དཔེར་བརྗོད་མ་བཤད་པའི་རྒྱུ་མཚན་ཡོད་དེ། སྣང་རུང་གི་རྒྱུ་དང་ཁྱབ་བྱེད་ཀྱི་ངོ་བོ་ལྡོག་པ་ཉིད་ཀྱིས་འབྲས་བུ་དང་ཁྱབ་བྱའི་དོན་ལྡོག་པར་ནི་བརྗོད་པ་ལས། ཁྱོད་


DLL1005_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཔེ་ནི་གྲུབ་པའི་ཕྱིར། རྒྱུ་ཁྱབ་བྱེད་མ་དམིགས་པ་ལ་སྣང་རུང་གི་ཁྱད་པར་དེ་གང་ལས་ཐོབ་ཅེ་ན། ཤེས་བྱ་ཆོས་ཅན། རྒྱུ་ཁྱབ་བྱེད་མ་དམིགས་པ་དེ་ལའང་བལྟར་རུང་བའི་དོན་ལ་མ་དམིགས་པ་དེ་མེད་པའི་གོ་བྱེད་ཡིན་ནོ་ཞེས་བསྟན་ཏེ། སྐྱེས་བུ་སྟེ་བདག་མཐོང་རུང་དུ་མེད་པ་ལས་སྲོག་སོགས་ལྡོག་པ་མེད་པའི་ཕྱིར་ཏེ། གཏན་ཚིགས་སྲོག་དེ་གསོན་ལུས་བདག་བཅས་སུ་སྒྲུབ་པའི་མི་མཐུན་ཕྱོགས་ལས་ལྡོག་པ་ཐེ་ཚོམ་ཟ་བར་བཤད་པས་སོ། །རྟགས་ཐམས་ཅད་རྣམ་བཅད་ཙམ་སྒྲུབ་པ་མ་ཡིན་ནམ། ཇི་ལྟར་ན་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་གསུམ་དུ་ངེས་ཞེ་ན། ཤེས་བྱ་ཆོས་ཅན། རྟགས་ཐམས་ཅད་རྣམ་བཅད་ཙམ་སྒྲུབ་པ་མ་ཡིན་པར་ཐལ། རྒྱུ་ཁྱབ་བྱེད་མ་དམིགས་པ་འདིས་ནི་ཆོས་ཅན་དངོས་པོ་ལའང༌། དངོས་པོའི་ཆ་ཁས་བླངས་པ་མེད་པར་མེད་དགག་ཉིད་སྒྲུབ་བྱེད་ཡིན་ལ། སྔ་མ་འབྲས་རང་དག་གིས་ནི་དངོས་སུ་སྒྲུབ་པ་དང༌། ཤུགས་ལ་མ་ཡིན་དགག་སྒྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ལ་གསུམ། རང་བཞིན་མ་དམིགས་པའི་རྟགས་བཞེད། དེ་ལོགས་སུ་མི་སྟོན་པའི་རྒྱུ་མཚན་དངོས། རྩོད་པ་སྤང་བའོ། །དང་པོ་ནི། རང་བཞིན་མ་དམིགས་པའི་རྟགས་མི་བཞེད་དམ། དེའི་དཔེར་བརྗོད་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། སློབ་དཔོན་ཕྱོགས་གླང་ཆོས་ཅན། སྣང་རུང་མ་དམིགས་པ་ལ་མེད་པའི་ཐ་སྙད་མི་ཤེས་པ་ཤེས་པར་བྱ་བའི་ཕྱིར་དུ། རང་བཞིན་མ་དམིགས་པའི་དཔེ་གཅིག་བཞེད་པ་ཡིན་ཏེ། དེ་ལ་དམིགས་རུང་རྣམས་ཀྱི་ནི་ཡོད་པའི་འཇོག་བྱེད། ཚད་མས་དམིགས་པ་ལས་གཞན་ཡོད་པ་མིན་པ་དེའི་ཕྱིར། འོ་ན། རང་བཞིན་མ་དམིགས་པའི་དཔེ་ཇི་ལྟ་བུ་ཞེ་ན། ཡུལ་སྣང་རུང་


DLL1005_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མེད་པའི་ཕྱིར། གཞི་དེར་ཆོས་དེའི་ཡུལ་ཅན་གྱི་ཤེས་རྗོད་ཐེ་ཚོམ་འགོག་པར་འགྱུར་ཏེ། དཔེར་ན། གཞི་འགའ་ཞིག་ཆོས་ཅན། མེ་མ་ཡིན་ཏེ། སྲེག་པར་བྱེད་པ་མིན་པའི་ཕྱིར། ཞེས་བྱ་བ་བཞིན་ནོ། །སྣང་རུང་མ་དམིགས་པས་མེད་ངེས་སྒྲུབ་ནུས་པའི་རྒྱུ་མཚན་ཅི་ཞེ་ན། ཤེས་བྱ་ཆོས་ཅན། སྣང་རུང་མ་དམིགས་པ་དེ་ཡོད་པ་ལས་མེད་པ་དེའི་རྒྱུ་མཚན་ཅན་གྱི་སྒྲ་ཤེས་སྒྲུབ་ནུས་ཏེ། དམིགས་སུ་རུང་བའི་མེད་པ་འཇོག་བྱེད་ནི། སྣང་རུང་མ་དམིགས་པ་ལས་གཞན་ཡོད་པ་མིན་པ་དེའི་ཕྱིར། བུམ་པ་སྣང་རུང་མ་མཐོང་བ་ཆོས་ཅན། ཁྱོད་ཀྱིས་བུམ་མེད་སྒྲུབ་མི་ནུས་པར་ཐལ། བུམ་མེད་དེ་ཁྱོད་ཀྱི་རྣམ་གཞག་གི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུ་ནི་འབྲས་བུ་ལ་འཁྲུལ་བའི་ཕྱིར་ཞེ་ན། ཆོས་ཅན། བུམ་མེད་དེ་ཁྱོད་ཀྱི་རྣམ་གཞག་གི་འབྲས་བུ་ཡིན་ཡང༌། ཁྱོད་ལས་བུམ་པའི་བློ་སྒྲ་ཐེ་ཚོམ་གྱི་ཡུལ་བུམ་པ་མེད་པར་འགྲུབ་སྟེ། ཁྱོད་ཡིན་ན་བུམ་པ་མེད་ཅེས་བྱ་བའི་ཐ་སྙད་འདི་གནག་རྫིའི་བར་གྱིས་གྲུབ་པས་སོ། །འོ་ན། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། བུམ་མེད་བསྒྲུབ་མི་དགོས་པར་ཐལ། བུམ་པ་སྣང་རུང་མ་དམིགས་པ་གྲུབ་པའི་ཕྱིར་ཞེ་ན། འདིར་ཆོས་ཅན། ཡུལ་བུམ་པ་སྣང་རུང་མ་དམིགས་པ་གྲུབ་ཟིན་དུ་ཡོད་ན་ཡང༌། ཕྱི་རྒོལ་གཞན་དག་བུམ་པ་མེད་པར་རྗེས་སུ་མི་རྗོད་པའི་རྒྱུ་མཚན་ཡོད་དེ། བུམ་པ་མེད་པའི་ཐ་སྙད་ལ་རྨོངས་པ་སྲིད་པའི་ཕྱིར། ཆོས་ཅན། བུམ་མེད་ཀྱི་དོན་བསྒྲུབ་མི་དགོས་ཏེ། སྣང་རུང་མ་དམིགས་པ་ལ་མེད་པའི་ཐ་སྙད་གྲུབ་པ་དང་ནི་ཆོས་མཐུན་པར་བསྟན་པ་ལས། བུམ་མེད་ཀྱི་བརྡ་དྲན་པར་བྱེད་པ་འབའ་ཞིག་ཡིན་པའི་ཕྱིར། ཇི་ལྟར་ཏེ་དཔེར་ན། མེ་ཕན་འདོགས་བྱེད་དུ་ཡོད་ན་དུ་བ་སྐྱེ་བར་མཐོང་བ་དང༌། མེ་མེད་ན་དུ་བ་སྐྱེ་བར་མ་མཐོང་


DLL1005_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས། མེ་རྒྱུ་དང་དུ་བ་འབྲས་བུ་ཉིད་དུ་སྒྲུབ་པ་བཞིན་ཏེ། དོན་གཞན་སྔ་མ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་པོ་དང༌། དོན་གཞན་ཕྱི་མ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱས་ཏེ་གཉིས་ལ་ནི། འབྲས་བུ་དང་སོགས་པ་རྒྱུའི་སྒྲ་བཀོད་པ་ཆོས་ཅན། དོན་ཡོད་དེ། ཐ་སྙད་ཟོར་ཡང་བར་བྱ་བའི་དོན་དུ་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན། རང་བཞིན་མ་དམིགས་པའི་དཔེར་བརྗོད་ལོགས་སུ་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། རང་བཞིན་མ་དམིགས་པའི་རྟགས་འདི་ནི་ཆོས་ཅན། གཏན་ཚིགས་ཀྱི་རབ་དབྱེ་བཤད་པའི་སྐབས་སུ་འབྲས་རང་གི་རྟགས་ལས་ཐ་དད་པར་ནི། ཁྱོད་ཀྱི་དཔེར་བརྗོད་མ་བསྟན་པའི་རྒྱུ་མཚན་ཡོད་དེ། ཁྱོད་རང་བཞིན་གྱི་རྟགས་ཀྱི་ནང་དུ་འདུས་པའི་ཕྱིར་ཏེ། རྣམ་འཇོག་གི་རྒྱུ་ལས་རྣམ་གཞག་གི་འབྲས་བུ་སྒྲུབ་པའི་རྟགས་ཡིན་པས་སོ། །གསུམ་པ་ལ་གཉིས། དངོས་དང༌། མ་མཐོང་བ་ཙམ་གྱིས་མེད་ངེས་བསྒྲུབ་མི་ནུས་པར་བསྟན་པའོ། །དང་པོ་ལ་གསུམ། ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་པར་བསྟན། གྲུབ་པའི་ཚུལ། དེ་ལས་གཞན་དུ་ཐུག་མེད་དུ་ཐལ་བའོ། །དང་པོ་ནི། བུམ་པ་སྣང་རུང་མ་དམིགས་པ་ཆོས་ཅན། ཁྱོད་ཀྱིས་བུམ་མེད་སྒྲུབ་མི་ནུས་པར་ཐལ། ཁྱོད་ཚད་མས་མ་གྲུབ་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། བུམ་པ་སྣང་རུང་མ་དམིགས་པ་ཚད་མས་མ་གྲུབ་པའི་སྐྱོན་མེད་དེ། གཅིག་ས་ཕྱོགས་དག་པ་བ་དམིགས་པའི་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལས། ས་ཕྱོགས་འདི་ནི་དམིགས་སོ་ཞེས་བྱ་བའམ་བུམ་པ་འདི་ནི་མ་དམིགས་སོ་ཞེས་བྱ་བར་རྟོགས་པ་ཅན་གྱི་བློ་གཉིས་ནི་སྐྱེ་བར་འགྱུར་བ་ཡིན་པའི་ཕྱིར། འོ་ན། གཅིག་དམིགས་ཞེས་སྨོས་པས་ཆོག་མོད། ཉམས་སུ་མྱོང་བ་ཞེས་སྨོས་པས་ཅི་བྱ་ཞེ་ན། ཉམས་སུ་


DLL1005_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་ཞེས་སྨོས་པ་ཆོས་ཅན། དོན་ཡོད་དེ། མྱོང་བ་ཁྱད་པར་ཅན་ཉིད་ལས་དོན་རྣམས་ཁྱད་པར་ཅན་དུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བུམ་འཛིན་དབང་མངོན་དང༌། དག་འཛིན་དབང་མངོན་གྱི་བློའི་དབྱེ་བ་རང་རིག་ཉིད་ལས་གྲུབ་པར་འགྱུར་ལ། བློ་དེ་དག་གིས་དེའི་དོན་གྱི་དབྱེ་བ་འགྲུབ་པར་འགྱུར་ཏེ། ས་ཕྱོགས་དག་པ་བ་དེ་ལྟ་བུའི་བདག་ཉིད་ཀྱི་རྣམ་པ་ཅན་གྱི་དབང་མངོན་མྱོང་བའི་རང་རིག་ནི། དག་འཛིན་མངོན་སུམ་འདི་ནི་བུམ་འཛིན་མངོན་སུམ་ལས་ཐ་དད་དུ་འབྱེད་པའི་བློའི་རྒྱུ་ཡིན་པའི་ཕྱིར། དེ་ལྟ་མིན་ན། ས་ཕྱོགས་དག་པ་འགའ་ཡང་ཆོས་ཅན། བུམ་པ་མེད་པའི་སྒྲུབ་བྱེད་ཐུག་མེད་དུ་ཐལ། བུམ་པ་སྣང་རུང་མ་དམིགས་པ་མངོན་སུམ་གྱིས་མ་གྲུབ་པའི་ཕྱིར། འདོད་ན། ཆོས་ཅན། བུམ་ཡོད་ལས་ཐ་དད་དུ་འགྲུབ་པར་མི་འགྱུར་བར་ཐལ་ལོ། །ཤེས་བྱ་ཆོས་ཅན། བུམ་སྣང་རུང་མ་དམིགས་པ་འདི་ནི་རང་ཉིད་མངོན་སུམ་ལས་རྟོགས་པ་ཡིན་ཏེ། བུམ་པ་འདི་སྣང་རུང་མི་དམིགས་པ་ཡང༌། བུམ་པ་དེ་ལས་ཁྱད་པར་ཅན་གྱི་ས་ཕྱོགས་དམིགས་པ་ཉིད་དང་ཚད་མ་གཅིག་གི་བྱེད་པ་འཇུག་པའི་ཡུལ་ཡིན་པའི་ཕྱིར་ཏེ། བུམ་པའི་རང་བཞིན་ལས་ཁྱད་པར་ཅན་གྱི་ས་ཕྱོགས་མྱོང་བའི་མངོན་སུམ་ལས་གཞན་བུམ་འཛིན་གསལ་བ་ནི་གཞན་མ་ཡིན་པའི་ཕྱིར་ཏེ། དེ་གཉིས་ཚད་མ་གཅིག་གི་བྱེད་པ་འཇུག་པའི་ཡུལ་ཡིན་པའི་ཕྱིར། བུམ་པ་སྣང་རུང་མ་དམིགས་པ་ཆོས་ཅན། བུམ་པས་དག་པའི་ས་ཕྱོགས་སུ་རང་ཉིད་ཡོད་ཙམ་གྱིས་འཇུག་པ་ཅན་གྱི་བུམ་པ་དེ་མེད་པའི་རྣམ་གཞག་གོ་བྱེད་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། གསུམ་པ་ནི། དེ་ལས་གཞན་དུ་རྗེས་དཔག་གིས་གྲུབ་ན། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་པའི་དོན་གྱི་སྒྲུབ་བྱེད་ཐུག་མེད་དུ་འགྱུར་བར་


DLL1005_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། བུམ་པ་མེད་པར་བུམ་པ་སྣང་རུང་མ་དམིགས་པ་ལས་རྟོགས་པར་འགྱུར་ལ། བུམ་པ་དམིགས་པ་མེད་པ་ཉིད་དེ་ཡང་གཏན་ཚིགས་གཞན་གྱིས་བསྒྲུབ་དགོས་པའི་ཕྱིར། གཉིས་པ་མ་མཐོང་བ་ཙམ་གྱིས་མེད་ངེས་སྒྲུབ་མི་ནུས་པར་བསྟན་པ་ནི། ཤེས་བྱ་ཆོས་ཅན། མ་མཐོང་བ་ཙམ་ལ་མེད་ངེས་ལས་གཞན་དུ་ཡོད་ངེས་ཀྱི་ཐ་སྙད་བཞག་པ་འགོག་པར་འགྱུར་ཏེ། མི་སྣང་བ་ཙམ་གྱིས་མེད་པར་ངེས་པ་མི་རུང་བའི་ཕྱིར། དཔེར་ན། སེམས་ཅན་གཞན་ལ་རྟགས་མེད་པར་རྣམ་རྟོག་ལ་སོགས་པ་རྒྱུ་བའི་གྲངས་མ་མཐོང་བ་ཙམ་གྱིས་མེད་པར་མི་འགྲུབ་པ་བཞིན་ནོ། །བུམ་པ་མ་མཐོང་བ་ཙམ་འདིས་ནི་ཆོས་ཅན། བུམ་པ་ལྡོག་པ་སྒྲུབ་པར་ནུས་པ་མ་ཡིན་ཏེ། འབྲས་བུ་བུམ་པ་མེད་པར་ངེས་པ་མེད་པ་ཅན་ཡིན་པའི་ཕྱིར། མ་དམིགས་པས་མེད་ངེས་སྒྲུབ་ནུས་པར་བཤད་པ་དང་འགལ་ལོ་ཞེ་ན། ཤེས་བྱ་ཆོས་ཅན། མ་དམིགས་པའི་གཏན་ཚིགས་ལས་མེད་ངེས་སྒྲུབ་ནུས་པ་དེ། དང་པོ་སྣང་རུང་མི་དམིགས་པའི་དབང་དུ་བྱས་པ་ཡིན་ཏེ། སྣང་རུང་མ་དམིགས་པས་མེད་པར་ངེས་པ་བསྒྲུབ་ནུས་པའི་ཕྱིར་རོ། །གཉིས་པ་འགལ་ཟླ་དམིགས་པའི་རྟགས་ལོགས་སུ་མི་སྟོན་པའི་རྒྱུ་མཚན་ནི། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ། འགལ་ཟླ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་མི་འཆད་པའི་རྒྱུ་མཚན་གང་ཞེ་ན། དེ་རང་བཞིན་མ་དམིགས་པའི་ནང་དུ་འདུས་ལ། རང་བཞིན་མ་དམིགས་པ་ལོགས་སུ་མི་འཆད་པའི་རྒྱུ་མཚན་བཤད་ཟིན་ཏོ། །མ་དམིགས་པའི་རྟགས་ལ་དབྱེ་ན་དུ་ཞེ་ན། མ་དམིགས་པ་རང་གི་སྦྱོར་བ་དག་ཆོས་ཅན། གཉིས་སུ་ཡོད་དེ། མ་དམིགས་དེའི་རང་གི་ངོ་བོ་རྟགས་སུ་སྦྱོར་


DLL1005_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། དགག་བྱའི་ཆོས་ཀྱི་དོན་ལ་གནོད་བྱེད་ཀྱི་ངོ་བོ་རྟགས་སུ་སྦྱོར་བ་གཉིས་ཡོད་པའི་ཕྱིར། དགག་བྱའི་ཆོས་ལ་གནོད་བྱེད་དུ་ཞེ་ན། ལྷན་ཅིག་མི་གནས་འགལ་དང༌། ཕན་ཚུན་སྤང་འགལ་གཉིས་ལས། དང་པོ་ནི། ཚ་རེག་ཆོས་ཅན། གྲང་རེག་ལ་གནོད་བྱེད་ཡིན་ཏེ། གྲང་རེག་རྒྱུན་མ་གཏུགས་པར་ཡོད་པ་ན་ཁྱོད་ཉེ་བར་ཡོད་པས། གྲང་རེག་མེད་པར་སོང་བའི་ཕྱིར། གཉིས་པ་ལ། དངོས་འགལ་དང་བརྒྱུད་འགལ་གཉིས་ལས། དང་པོ་ནི། བརྟན་དངོས་དང་ནི་འཇིག་པ་བཞིན་ཏེ། མི་རྟག་པ་ཆོས་ཅན། རྟག་པ་དང་དངོས་འགལ་ཡིན་ཏེ། དེ་དང་ཕན་ཚུན་ཐ་དད་གྲུབ་པས་ཏེ་རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་དངོས་སུ་མི་མཐུན་པར་གནས་པ་ཡིན་པའི་ཕྱིར། གཉིས་པ་ནི། འཇིག་ངེས་སུ་གྱུར་པ་དང་ནི་འཇིག་པ་ཕྱིས་བྱུང་གི་རྒྱུ་ལ་ལྟོས་བཅས་བཞིན་ཏེ། འཇིག་ངེས་ཆོས་ཅན། འཛིན་པ་ཕྱིས་བྱུང་གི་རྒྱུ་ལ་ལྟོས་བཅས་དང་བརྒྱུད་འགལ་ཡིན་ཏེ། དེ་ལ་ཚད་མ་གཞན་གྱིས་གནོད་པའི་སྒོ་ནས་འགལ་བའི་ཕྱིར་རོ། །ཇི་ལྟར་འགལ་ཞེ་ན། བུམ་པ་ཆོས་ཅན། ཉེ་བར་གདོན་མི་ཟ་བར་ནི་འཇིག་པ་ག་ལ་ཡོད་དེ་མེད་པར་ཐལ། འཇིག་པ་ཕྱིས་བྱུང་གི་རྒྱུ་གཞན་ལས་སྐྱེས་པའི་ཕྱིར། མ་ཁྱབ་སྟེ། བུམ་པའི་དངོས་པོའི་རྒྱུ་ལས་འཇིག་རྒྱུ་སྐྱེ། དེ་ལས་འཇིག་པ་བྱུང་བ་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། རང་རྒྱུ་ལས་འཇིག་རྒྱུ་འབྱུང་ལ། དེས་འཇིག་པའི་བརྒྱུད་པའི་དུབ་པས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པའི་ཕྱིར། གལ་ཏེ་འཇིག་རྒྱུ་དེས་འཇིག་པ་གཞན་སྐྱེད་པས། བུམ་པ་དེ་ནི་འཇིག་པར་འགྱུར་ན། བུམ་པའི་དངོས་པོ་དེ་ཉིད་འཇིག་པའི་ངང་དུ་སྐྱེད་ན་སྐྱོན་ཅི་ཞིག་ཏུ་འགྱུར་དྲིས་པས། གནས་ཚུལ་དང་མི་མཐུན་པ་ཡིན་ནོ་ཞེ་ན། དེ་ནི་ཆོས་ཅན། འཇིག་རྒྱུ་


DLL1005_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཞན་དེས་བདག་ལ་ཕན་འདོགས་བྱེད་པ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། བདག་ཉིད་གྲུབ་པར་གྱུར་པ་ཡིན་པའི་ཕྱིར། འདོད་ན། ཆོས་ཅན། འཇིག་རྒྱུ་དོན་གཞན་དེའི་ལྟོས་བྱ་གང་ཅི་ཞིག་ཡིན་ཏེ་མ་ཡིན་པར་ཐལ། དེ་བདག་ལ་ཕན་འདོགས་བྱེད་མིན་པའི་ཕྱིར། ཆོས་ཅན། ནམ་ཡང་ནི་འཇིག་ངེས་དེ་ལྟ་མིན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། འཇིག་པ་ཕྱིས་བྱུང་གི་རྒྱུ་ལ་ལྟོས་མེད་ཀྱི་དངོས་པོ་ཡིན་པའི་ཕྱིར། དཔེར་ན། བུམ་པ་དེ་ཉིད་འཇིག་ཁ་མར་སྐད་ཅིག་གཉིས་པར་སྡོད་པ་ལ་བརྟེན་པར་མི་འདོད་པ་བཞིན་ནོ། །ཕྱིས་བྱུང་གི་རྒྱུ་ལ་ལྟོས་པ་མེད་པར་འཇིག་ན་སྐད་ཅིག་ཀྱང་དངོས་པོར་ཡོད་པ་མིན་པར་འགྱུར་ཞེ་ན། ཆོས་ཅན། ལྟོས་མེད་དུ་འཇིག་པ་དེ་ལྟར་གྱུར་པ་དེ་དངོས་པོ་ཉིད་ཡིན་ཏེ། དངོས་མེད་ལྟོས་མེད་དུ་འཇིག་པ་དེ་ལྟར་ཇི་ལྟར་འགྱུར་ཏེ་མི་འགྱུར་བའི་ཕྱིར། གང་དག་ཆོས་དེ་ལ་ཡོད་པ་གཞན་ལ་ལྟོས་པ་མེད་པ་དེ་དག །རང་གྲུབ་ཙམ་ནས་ཆོས་དེ་ལ་ཡོད་ངེས་ཡིན་ཏེ། འབྲས་བུ་མྱུ་གུ་སྐྱེ་བའི་ལས་ལ་གེགས་བྱེད་པ་མེད་པ་ཅན་གྱི་མྱུ་གུའི་རྒྱུ་ཚོགས་པ་ཐ་མ་བཞིན་དུ། བུམ་པ་འདི་ཡང་ཕྱིས་བྱུང་གི་རྒྱུ་ལ་ལྟོས་མེད་དུ་འཇིག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ།། །།ཚད་མ་རྣམ་འགྲེལ་ལས་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ཚིག་ལེའུར་བྱས་པ་སྟེ་ལེའུ་བཞི་པའི་བཤད་པའོ།། །།བཞི་པ་མཇུག་གི་དོན་ལ་གསུམ། གཞུང་རྟོགས་དཀའ་བར་བསྟན། རྟོགས་ན་ཕན་ཡོན་ཆེ་བར་བསྟན། གང་གིས་མཛད་པ་འགྱུར་བྱང་དང་བཅས་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ཆོས་ཀྱི་གྲགས་པ་ཁོ་བོའི་རྣམ་འགྲེལ་འདི་རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ། རང་གི་བློ་གྲོས་


DLL1005_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར་ཏེ། འགྲོ་བ་རྣམས་ལ་རྩོམ་པ་པོ་དང་མཚུངས་པར་ལེགས་བཤད་སླར་འཛིན་པར་བྱེད་པ་མི་རྙེད་པ་ཅན་ཡིན་པའི་ཕྱིར་ཏེ། བློའི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང༌། བདེན་གཉིས་ཟབ་མོའི་དེ་ཉིད་རྟོགས་པ་མེད་པ་ཅན་ཡིན་ལ། བརྩོན་འགྲུས་ཤིན་ཏུ་ལྷག་པར་གྱུར་པ་དེ་དག་གིས་ཀྱང༌། ཟབ་པ་དང་རྒྱ་ཆེ་བའི་མཆོག་གི་དེ་ཉིད་མཐོང་བ་མེད་པ་དང་ལྡན་པའི་ཕྱིར། གཉིས་པ་ནི། རྣམ་འགྲེལ་འདི་ཆོས་ཅན། ཉིན་མོར་བྱེད་པ་དང་མཚུངས་པ་ཡིན་ཏེ། ཚུལ་དང་ཚུལ་མིན་པ་རྣམ་པར་འབྱེད་པ་ལ་མཁས་པ་དང༌། རྟག་ཆད་ཀྱི་ལྟ་བ་ངན་པའི་ཚང་ཚིང་སྲེག་པ་དང༌། འཕགས་པ་འཇམ་དབྱངས་ཉིད་ཀྱིས་རྗེས་སུ་བཟུང་བའི་ཕྱོགས་གླང་གིས་མཛད་པའི་ཡང་དག་པའི་རིགས་པའི་ལམ་སྟོན་པའི་གཞུང་ལུགས་ཉིན་མོར་བྱེད་པའི་ཡོན་ཏན་བརྒྱ་དང་ལྡན་པ་དང༌། བློ་གྲོས་ངན་པ་ཉིན་མོ་སྤོང་བའི་འུག་པ་ལྟ་བུས་འཇིགས་པས་སྤངས་པ་དེ་ལྟ་མོད་ཀྱི། བློ་མིག་རྣམ་པར་དག་པའི་མཁས་པའི་པདྨོ་རྒྱས་བྱེད་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཚད་མ་རྣམ་འགྲེལ་ཀྱི་ཚིག་ལེའུར་བྱས་པ་འདི་ནི། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། གཞན་ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་བར་འཇུག་པ། སྙན་པའི་གྲགས་པས་ས་སྟེང་མ་ལུས་པ་ཁྱབ་པ། འགྲན་ཟླ་མེད་པའི་མཁས་པ་ཆེན་པོ། རིགས་པ་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། དཔལ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་བྷུ་ཏི་ཤྲཱི་ཤཱནྟི་དང༌། བོད་ཀྱི་ལོཙྪ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། ཡང་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། བོད་ཀྱི་ལོཙྪ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཅུང་ཟད་བཅོས། དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་ཆེན་པོ། ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་རྣམས་དང༌། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་


DLL1005_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་ཕབ་པའོ།། །།བསྟན་(༤༣ན)པ་རིན་ཆེན་ཡུན་རིང་གསལ་བ་དང༌། །རང་ཉིད་གོམས་དང་གཞན་ལ་ཕན་བྱའི་ཕྱིར། །ཚིག་ཉུད་དོན་གསལ་སྔ་ཕྱི་འབྲེལ་ཆགས་པའི། །རྣམ་བཤད་འདི་ནི་དགེ་འདུན་གྲུབ་ཀྱིས་བྱས། །དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །རྒྱལ་བ་རྣམས་ཀྱི་ཆོས་རྣམས་མ་ལུས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་པ་ལ། །རྗེ་བཙུན་མཁྱེན་པའི་གཏེར་དང་མཚུངས་པར་ཤོག །ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་ཞེས་བྱ་བ་འདི་ནི། ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་དང༌། རྒྱལ་ཚབ་དམ་པ་དར་མ་རིན་ཆེན་ལ་སོགས་པའི་ཞབས་རྡུལ་སྤྱི་བོས་ལེན་པ། ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས། ཆུ་ཕོ་བྱི་བའི་ལོ་ནག་པ་ཟླ་བའི་ཡར་ངོའི་ཚེས་བཞི་ལ་དཔལ་ཤེལ་དཀར་གྱི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །དགེ་ལེགས་འཕེལ།། །།


DLL1005_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པ་ལས་གཞན་དོན་རྗེས་དཔག་གི་ལེའུའི་རྣམ་བཤད།next