Nitartha Digital Library
Tibetan
རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ།


   
   
   
   
   
   
རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་།


 
previousརྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་།no next

རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་།


DLL1005_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །


DLL1005_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་རཱ་ཡ། རྒྱལ་བ་ཐམས་ཅད་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་ངོ་བོ་རྗེ་བཙུན་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ། རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐྱེ་བ་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། ཚོགས་གཉིས་སྤྲིན་དཀར་འཛུམ་པ་ལས་འོངས་ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ། །མཁྱེན་པའི་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་མཚན་དཔེའི་རི་དྭགས་གཟུགས་ཀྱིས་བཀྲ། །ཕྲིན་ལས་འོད་དཀར་ཕྱོགས་བཅུར་འཕྲོ་བས་གདུལ་བྱའི་སྙིང་གི་མུན་པ་སེལ། །སྨྲ་བའི་ཟླ་བ་དགེ་འདུན་གྲུབ་ལ་རྣམ་པ་ཀུན་དུ་ཕྱག་བགྱིའོ། །ཐབས་ལ་མཁས་པའི་ཚད་མེད་ཐུགས་རྗེ་ཅན། །གཅིག་ཏུ་བསྡུས་པ་འཕགས་མཆོག་ཐུགས་རྗེའི་ལྷ། །སྙིགས་དུས་བསྟན་པའི་གསལ་བྱེད་དགེ་འདུན་གྲུབ། །ཁྱོད་ནི་བདག་སོགས་མགོན་མེད་རྣམས་ཀྱི་མགོན། །བཀའ་གདམས་བསྟན་པའི་


DLL1005_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གངས་རི་ལ་གནས་ཤིང་། །གཞུང་ལུགས་མན་ངག་རལ་པའི་ཁུར་གྱིས་བརྗིད། །ཆོས་བརྒྱད་རྒོལ་ངན་ཝ་ཚོགས་སྐྲག་མཛད་པའི། །སྨྲ་བའི་སེང་གེ་དགེ་འདུན་གྲུབ་ལ་འདུད། །གང་སྐུ་མཚན་དཔེ་བཟང་པོས་བརྒྱན་ཀྱང་རྒྱན་གྱི་དྲེགས་པ་ཅུང་ཟད་མེད། །ཁྱེད་གསུང་ཞི་བའི་ལམ་ནས་འདྲེན་ཀྱང་ལམ་མིན་སྟོན་རྣམས་ཚར་གཅོད་ཅིང་། །ཐུགས་ནི་འགྲོ་ལ་བྱམས་ཤིང་བརྟན་ཀྱང་འགྲོ་ཀུན་རྒྱུད་ལ་རབ་ཏུ་གཡོ། །སྐྱེས་མཆོག་ཁྱོད་ཞབས་རིང་ན་གནས་ཀྱང་ཁྱོད་ཞབས་བདག་གི་སྤྱི་བོར་ལེན། །མ་ལུས་འགྲོ་བའི་ལག་པད་སྤྱི་བོར་ཟུམ་པ་ཡིས། །ཅོད་པཎ་བྱས་པའི་གཙུག་ཕུད་གཙང་མས་མགོན་ཁྱོད་ཀྱི། །ཞབས་འོག་ས་རྡུལ་དག་ཀྱང་གུས་པས་བསྟེན་བགྱི་ན། །བསྟན་པ་རིན་ཆེན་མཆོག་དེ་གཅེས་སྤྲས་ཅིས་མི་གཟུང་། །གྲངས་མེད་རྒྱལ་བས་དཔག་མེད་བསྐལ་པ་རུ། །བརྗོད་ཀྱང་ཕ་མཐའ་རྙེད་པར་མི་སླ་བའི། །ཁྱོད་ཀྱི་ཡོན་ཏན་ཕུང་པོ་ཅི་འདྲ་བ། །དེ་འདྲ་བདག་གིས་བརྗོད་པའི་ཡུལ་ལས་འདས། །འོན་ཀྱང་དམ་པའི་བཀའ་དང་དད་ལྡན་གྱི། །བུ་སློབ་མང་པོས་རིང་ནས་བསྐུལ་བ་དང་། །བདག་ཀྱང་མཆོག་ཏུ་དད་ཅིང་གུས་པ་ཡིས། །


DLL1005_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཡོན་ཏན་བརྗོད་ལ་ངལ་མ་གྱུར། །གང་གི་ཐུགས་རྗེའི་རྒྱ་མཚོ་ལས་འོངས་པའི། །བྱིན་རླབས་ཆུ་རྒྱུན་བདག་བློའི་ཚལ་དུ་བབས། །དེ་ཡི་ངང་ལ་བདག་བློ་དད་པ་ཡི། །ཡིད་འོང་མེ་ཏོག་ཀུན་ནས་རྒྱས་པར་གྱུར། །དགེ་འདུན་གྲུབ་ཅེས་ས་སྟེང་མཛེས་པའི་དཔལ། །བཟང་པོའི་མཚན་ཅན་བླ་མའི་ཡོན་ཏན་མཚོ། །བསྲུབས་ལས་བྱུང་བའི་ནོར་བུའི་ཕྲེང་བ་འདི། །སྐལ་བཟང་རྣ་བའི་རྒྱན་དུ་བདག་གིས་བྱ། །གཞོན་ནུ་ཉིད་དང་ངེས་པར་འབྱུང་བའི་ཚུལ། །བསྟན་པའི་བྱ་བ་ཉིན་མཚན་འདའ་བ་དང་། །སླར་ཡང་བསྟན་པ་འབའ་ཞིག་གཅེས་པར་དགོངས། །འདི་དག་ཕུན་ཚོགས་གཏམ་གྱི་གླེང་གཞི་ཡིན། །དེ་ཡང་། བདག་ཅག་རྣམས་ཀྱི་བླ་མ། སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་ཆེན་པོ། འཇིག་རྟེན་ཐམས་ཅད་ལ་རྒྱུ་མེད་པར་ཡང་གཅིག་ཏུ་མཉེས་གཤིན་པའི་ངང་ཚུལ་ཅན། རིང་མོ་ཞིག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དག་གི་ཕ་རོལ་དུ་བྱོན་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མངོན་པར་རྟོགས་པའི་ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་པའི་བདག་ཉིད་ཆེན་པོ་མཚན་བརྗོད་པར་དཀའ་བ་འདི་ནི། བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་ས་བཅུ་ཡོངས་སུ་རྫོགས་པར་མཛད་དེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ཉིད་རང་ཅག་རྣམས་དང་འགྲོ་བ་རིས་མཐུན་པར་སྐྱེ་བ་བཞེས་པའི་དགེ་བའི་བཤེས་གཉེན་གྱི་རྣམ་པར་བསྟན་པས་དོན་མཛད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་བ་ཡིན་པ་གོར་མ་ཆག་སྟེ། དེ་ཡང་ནུབ་བདེ་བ་ཅན་གྱི་ཞིང་ཁམས་


DLL1005_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་འོད་དཔག་ཏུ་མེད་པ་དེས་སྙིང་རྗེ་ཆེན་པོས་འགྲོ་དོན་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྤྱན་གཡས་པ་ལས་འཕགས་པ་སྤྱན་རས་གཟིགས་དང་སྤྱན་གཡོན་པ་ལས་ལྷ་མོ་སྒྲོལ་མ་སྤྲུལ། ཡང་རྗེ་བཙུན་སྤྱན་རས་གཟིགས་ཀྱིས་སེམས་ཅན་གྱི་དོན་བྱ་བར་དགོངས་ཏེ་ཐུགས་རྗེའི་སྤྱན་གྱིས་ཁམས་གསུམ་གྱི་སེམས་ཅན་ལ་གཟིགས་པས་འཁོར་བའི་སྡུག་བསྔལ་མེ་འོབས་དང་འདྲ་བ་ན་སྙིང་རྗེ་བར་གཟིགས་ནས་སྤྱན་ཆབ་ཤོར། དེ་ལ་སྤྱན་ཆབ་གཡས་པ་ལས་ལྷ་མོ་སྒྲོལ་མ། གཡོན་པ་ལས་ལྷ་མོ་ཁྲོ་གཉེར་མ་བྱོན་ནས། རིགས་ཀྱི་བུ་ཁོ་མོ་ཅག་གཉིས་ཀྱིས་ཀྱང་ཁྱོད་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་གྲོགས་བྱའོ་གསུངས་ནས་སླར་སྤྱན་གཡས་གཡོན་གཉིས་ལ་ཐིམ་པར་གྱུར་ཏོ། །ཡང་སྐད་ཅིག་དེ་ཉིད་ལ་རིགས་ཀྱི་བདག་པོ་སངས་རྒྱས་སྣང་བ་མཐའ་ཡས་སྤྱན་རས་གཟིགས་ཀྱི་དབུ་ཐོག་ཏུ་བྱོན་ནས་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་དབང་བསྐུར་ཏེ། སྐུ་ལས་འོད་ཟེར་དཔག་མེད་སྤྲོས། འོད་ཟེར་གྱི་སྣ་ལ་སྤྱན་རས་གཟིགས། ལྷ་མོ་ཞི་ཁྲོ་གཉིས། ཡི་གེ་དྲུག་པ་རྣམས་སེམས་ཅན་གྱི་གྲངས་དང་མཉམ་པ་སྤྲུལ་ནས་འགྲོ་བའི་དོན་མཛད་ཀྱང་སེམས་ཅན་གྲི་ཁམས་ལ་བྲི་གང་མེད་པར་གཟིགས་ནས། ད་ནི་བདག་གིས་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་བར་དུ་བྱེད་


DLL1005_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ན། བདག་ལག་པ་སྟོང་མིག་སྟོང་དང་ལྡན་ཞིང་། ལག་པ་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་དང་། མིག་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དུ་གྱུར་ནས་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་བྱེད་པར་གྱུར་ཅིག་ཅེས་བརྗོད་པ་དང་། སྐད་ཅིག་དེ་ཉིད་ལ་ཕྱག་སྟོང་གི་མཐིལ་ན་སྤྱན་སྟོང་ཡོད་པའི་ཞལ་བཅུ་གཅིག་པར་གྱུར་ཏོ། །དེ་ལྟར་ན་སངས་རྒྱས་སྣང་བ་མཐའ་ཡས་ཡབ་སྲས་ལྷ་མོ་ཞི་ཁྲོ་གཉིས་རྣམས་ཀྱིས་མ་དག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་ལ་ལ་ལ་ནི་འཁོར་ལོས་སྒྱུར་བ་དང་། ལ་ལ་ལ་ནི་ཁམས་ཀྱི་རྒྱལ་པོ་དང་། འགའ་ཞིག་ཏུ་ནི་བརྒྱ་བྱིན་དང་ཚངས་པའི་གཟུགས་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཚུལ་ལ་སོགས་པ་གདུལ་བྱ་དང་འཚམ་པའི་སྐུའི་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པ་ཇི་ལྟར་ནམ་མཁའི་ལམ་ལས་ཟླ་བའི་དཀྱིལ་འཁོར་གཅིག་ཉིད་ཀྱིས་ས་སྟེང་གི་སྣོད་ཐ་དད་པ་དག་གི་ནང་དུ་ཅིག་ཅར་རང་གི་གཟུགས་བརྙན་སྟོན་པ་བཞིན་དུ་འབད་རྩོལ་མེད་པར་སྟོན་ཅིང་། ཁྱད་པར་བོད་ཁམས་འདིར་ཡང་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སོགས་རྒྱལ་བློན་མང་པོ་དང་། རྒྱལ་བ་འོད་དཔག་མེད་ཀྱི་སྤྲུལ་པ་མཁན་སློབ་མང་པོ་བྱོན་ནས་ལྷ་ས་ལ་སོགས་པའི་གཙུག་ལག་ཁང་མང་པོ་དང་དགེ་འདུན་གྱི་སྡེ་མང་པོ་བཙུགས་ཏེ་བསྟན་པའི་བྱ་བ་མཛད་ལ། དུས་ཕྱིས་ཀྱང་རྒྱལ་བ་འོད་དཔག་མེད་དེ་ཉིད་ཆགས་མེད་བསོད་སྙོམས་པ་ཆེན་པོ་དང་། སྤྱན་རས་གཟིགས་དེ་ཉིད་བདག་གི་བླ་མ་བཟང་པོའི་མཚན་ཅན་གྱི་བསྟན་འཛིན་ཆེན་པོར་གྱུར་ཏེ། ལྷ་ས་ལ་སོགས་པའི་གཙུག་ལག་


DLL1005_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་མང་པོར་སྨོན་ལམ་ཆེན་མོར་མིང་བཏགས་པའི་རྒྱལ་བ་སྲས་བཅས་མཉེས་པར་བྱེད་པའི་མཆོད་ཚོགས་དར་ཞིང་རྒྱས་པའི་ཕྲིན་ལས་མཛད་དེ། ལས་ཅན་གྱི་གདུལ་བྱ་མང་པོ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ། །ལྷག་པར་དུ་བོད་དུ་བསྟན་པའི་འཕེལ་འགྲིབ་ཆེ་བར་བྱུང་བའི་དུས་སུ་བདག་ཅག་རྣམས་ཀྱི་བླ་མ་རྗེ་བཙུན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དེ་ཉིད་བོད་ཡུལ་བྱང་ཕྱོགས་ན་འབྲོམ་ལ་མི་རིགས་བཞི་ཡོད་པའི་འབྲོམ་ངར་པའི་རིགས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས་པར་སྐྱེ་བ་བཞེས་ཏེ། རྒྱལ་བ་འོད་དཔག་མེད་ཀྱི་རྣམ་འཕྲུལ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་རྒྱ་གར་ནས་སྤྱན་དྲངས། ལྷ་མོ་དཀར་སྔོ་གཉིས་དང་བཅས་པས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་གསལ་བར་མཛད་ཅིང་། སླར་ཡང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དེ་ཉིད་བོད་ཡུལ་ལྷོ་ཕྱོགས་གུར་མ་ཞེས་པའི་རུ་ཁྲོད་དུ་བདག་ཅག་རྣམས་ཀྱི་བླ་མ་མཚན་བརྗོད་པར་དཀའ་བ་འདི་ཉིད་དུ་སྐྱེ་བ་བཞས་ཏེ་བསྟན་པ་གསལ་བར་མཛད་ཚུལ་འོག་ནས་འབྱུང་བ་ལྟར་ཡིན་པར་གདོན་མི་ཟ་བ་ཡིན་ཏེ། འདི་ལ་བདག་ཉིད་ཡིད་ཆེས་པར་བྱེད་པའི་ལོ་རྒྱུས་ཀྱི་གཏན་ཚིགས་གཏམ་དུ་གླེང་བ་མང་དུ་ཐོས་ཤིང་། ཁྱད་པར་རྗེ་རང་ཉིད་ཀྱི་གསུང་ནས། དང་པོ་ལ་སྟོད་ལ་ཆོས་བར་ལ་འགྲོ་དུས་སྣར་ཐང་དུ་ནུབ་ཅིག་རྨི་ལམ་ན། ཁྱོད་རྒྱལ་བ་འོད་དཔག་མེད་དང་མཛད་པ་འཕྲིན་ལས་མཉམ་པ་ཡིན་ནོ་ཞེས་པའི་ལུང་བསྟན་ཅིག་ཡོད་དེ། དེ་ལྟར་ན་ཁོང་ལ་ཕྲིན་ལས་དེ་ཙམ་ཞིག་མེད་པ་འདྲ་གསུང་། ཡང་སྤྱན་རས་གཟིགས་ཀྱི་གོས་སྐུ་བཞེངས་དུས་བཀྲ་


DLL1005_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ལྷུན་པོའི་འདུ་ཁང་དུ་རྗེའི་གསུང་ནས། ངེད་དེང་སང་བཟོ་བོ་རྣམས་ལ་རྒྱལ་པོ་བཀའ་ཆེམས་ཤིག་འཆད་ཀྱིན་ཡོད། ཚེ་འདིར་གཞན་ལ་ལུང་ཞུ་མ་མྱོང་སྟེ་ཁྱོད་རང་ཡང་ཉོན་གསུང་། ཡང་། ངའི་རྗེས་འབྲང་རྣམས་སྒྲོལ་མས་སྐྱོབ་པར་ཞལ་གྱིས་བཞེས་ཤིང་དམ་བཅས་པ་ཡིན་པས་ཁྱེད་རྣམས་ཀྱིས་རྗེ་བཙུན་མ་ལ་གསོལ་བ་ཐོབ་ཅེས་ཡང་དང་ཡང་དུ་གསུང་ཞིང་། ཡང་། ལོ་ཆེན་ཐུགས་རྗེ་དཔལ་བ་ལ་གླེགས་བམ་རིན་པོ་ཆེའི་ལུང་གསན་པའི་ཚེ། འདི་ནས་སུ་ལ་གསན་པ་ལགས་ཞུས་པས་ཁོང་གི་ཞལ་ནས། བདག་གིས་ཆོས་འཁོར་སྒང་པ་ཆོས་རྗེ་སེང་གེ་རྒྱལ་མཚན་པ་ལ་ཞུས། ཁོང་འབྲོམ་གྱི་སྤྲུལ་པར་བྱེད་པར་འདུག་གསུང་། འོ་ན་བདག་ལ་བརྒྱུད་ཐག་ཤིན་ཏུ་ཉེ་བར་བྱུང་ལགས་ཞུས་པས། དེ་བས་ཁོ་བོ་བསོད་ནམས་བསགས། འབྲོམ་ལ་ཐོས་ནས་འབྲོམ་ལ་འཆད་པ་ཡིན་གསུང་། གཞན་ཡང་དེ་འདྲ་བའི་གསུང་ཤིན་ཏུ་མང་ཞིང་། འོག་ནས་ཀྱང་ཟུར་གྱིས་མང་དུ་འབྱུང་བ་དང་། ཞིབ་ཏུ་ནི། གླེགས་བམ་རིན་པོ་ཆེ་དང་རྒྱལ་པོ་བཀའ་ཆེམས་སོགས་ལས་ཤེས་པར་བྱ་དགོས་སོ། །དེ་ལྟ་མོད་ཀྱི་ཚུལ་དེ་ནི། སྐྱེ་བོ་ཕལ་མོ་ཆེ་དག་གིས་བསམ་པར་བྱ་དཀའ་བའི་གནས་ཡིན་པའི་ཕྱིར་དང་། བདག་ཅག་དད་པ་དང་བསམ་པའི་སྟོབས་དམན་པ་དག་གི་རང་བཞིན་དང་སྐལ་པ་ཇི་ལྟ་བུ་ཡིན་པ་ཉེ་བར་གཟིགས་པའི་དབང་གིས་རྗེ་བླ་མ་རང་ཉིད་ཀྱང་དོན་འདི་དངོས་སུ་ཞལ་གྱི་མཆེས་པར་མི་མཛད་པའི་ཕྱིར་གནས་འདི་ནི། སྐབས་འདིར་ཞིབ་ཏུ་བསྙད་པར་བགྱི་བར་མི་ནུས་སོ། །དེ་ཡང་འདི་སྐད་ཅེས། བོད་ཡུལ་བྱང་ཕྱོགས་རྩ་སྒྱེའི་ཕུག་རིང་དུ། །ཡག་གཞེར་


DLL1005_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཤེན་ཁུ་འོད་བཟའ་ལན་ཅིག །སྲས་ཀྱི་དམ་པ་དགེ་བསྙེན་ཆོས་འཕེལ་དུ། །ལེགས་འཁྲུངས་རྒྱལ་བའི་འབྱུང་གནས་སླར་ཡང་ནི། །མགོན་པོ་རྡོ་རྗེ་ཇོ་མོ་ནམ་མཁའ་སྐྱིད། །སྲས་ཀྱི་དམ་པ་པདྨ་རྡོ་རྗེ་རུ། །ལེགས་འཁྲུངས་བདག་གི་བླ་མ་དགེ་འདུན་གྲུབ། །ཅེས་བྱ་བ་འདི་ནི། རྗེ་བཙུན་བླ་མ་མཚན་བརྗོད་པར་དཀའ་བ་དེའི་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པའོ།། །།དེ་ལྟར་ན་ཡང་འདིར་ནི། རེ་ཞིག་དམན་པ་དག་ལ་ཡང་ཐུན་མོང་དུ་སྣང་བ་ཙམ་གྱི་མཛད་པ་ཉིད་ལ་ཉེར་བར་བརྟེན་ནས་བདག་ཉིད་ཀྱིས་ཁོང་དུ་ཆུད་པའི་རྣམ་པར་ཐར་པའི་ཆ་ཤས་འགའ་ཞིག་དད་པའི་སོར་མོ་ལན་ཅིག་མ་ཡིན་པ་བསྐྱོད་པའི་འདུ་བྱེད་ཀྱིས་གཏམ་དུ་བྱ་བའི་མེ་ཏོག་གི་ཕྲེང་བར་བརྒྱུས་ཏེ། སྐལ་བཟང་སྐྱེ་བོ་དག་གི་རྣ་བ་ལ་དགོད་པར་བྱའོ། །དེ་ཡང་འདི་སྐད་ཅེས་རྗེས་སུ་ཐོས་ཏེ། རྗེ་བཙུན་བླ་མ་འདི་སྐུ་བལྟམས་པའི་མཛད་པ་བསྟན་པའི་ཡུལ་ནི། སྔ་མ་དག་ལ་གྲགས་པ་དང་པོ་ཁམས་ཀྱི་ཡུལ་ནས་ཆད་པའི་འབྲོག་པ་ས་སྐྱ་པའི་གུར་མགོན་གྱི་དཀར་མེ་རུ་བ་ཡིན་པས་གུར་མ་བ་ཞེས་ཟེར། རྗེ་ཉིད་ཀྱི་གསུང་ནས་གུང་རུ་རིན་སྤུངས་ཞེས་པའི་གྲྭ་པ་ཅིག་ཡོད་པ་ལ། ང་ཡང་ཁྱོད་ཀྱི་མི་ཚན་ཡིན། གུར་མ་ཞེས་པ་བརྡ་འཕྱུགས་པ་ཡིན། དེས་ན་གུང་རུ་རུ་བ་ཞེས་པ་ཡིན་གསུང་། དེ་ལྟ་བུའི་འབྲོག་པའི་ས་ཆ། དཔལ་ལྡན་ས་སྐྱའི་བྱ་འདབས། ཆོས་དར་ཞིང་མཁས་གྲུབ་མང་པོ་བརྒྱུད་མར་བྱོན་པའི་སྲད་ཀྱི་ལུང་ལག །ཞག་དང་བན་སྙིང་གཉིས་ཀྱི་མཚམས་ཀྱི་ལྷས་ར་ཞིག་ཡིན་ལ། འདིའི་ཡབ་ནི། དཔའ་ཞིང་སྒྲིན་ལ་དྲང་བ། འབྱོར་ཞིང་གཏོང་ཕོད་ཆེ་བ་


DLL1005_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། སྐྱེ་བོ་གཞན་གྱི་ཡིད་དུ་འཐད་པའི་ཆོས་ཀྱིས་རྒྱུད་ཕྱུག་པ་མགོན་པོ་རྡོ་རྗེ་ཞེས་བྱ་བ་ཡིན་ལ། ཡུམ་ནི། གཡོ་སྒྱུ་ཆུང་ཞིང་སེམས་ཀྱི་ངང་རྒྱུད་བཟང་བས་རང་བཞིན་གྱི་རྣལ་འབྱོར་མ་ཞིག་གོ་ཞེས་སྐྱེ་བོ་དག་མཐུན་པར་གླེང་བ། ཇོ་མོ་ནམ་མཁའ་སྐྱིད་ཅེས་བྱ་བ་སྟེ། བླ་དྭགས་ལ་རྣལ་འབྱོར་མ་སུན་ཁྲེས་ཞེས་བྱ་བ་ཡིན་ལ། ཡབ་ཡུམ་དེ་གཉིས་ལ་སྲས་པོ་བཞི་དང་སྲས་མོ་གཅིག་སྟེ་ལྔ་ལས། རྗེ་བླ་མ་འདི་ནི། སྲས་པོ་གསུམ་པ་ཡིན་ཞིང་། འདིའི་གདུང་རུས་ནི། སྤྱིར་གུར་མ་རུ་བ་འདི་ལ་ངར་པའི་ཚོ། མི་སྤྲུག་པའི་ཚོ། ཚོང་སྤྲུག་པའི་ཚོ། བསགས་ཚོ་དང་མི་རིགས་བཞི་ཡོད་པའི་ངར་ཚོ་ཡིན། གདུང་རུས་ངར་ཡིན་པས་འབྲོམ་དང་གདུང་གཅིག་ཀྱང་ཡིན། བླ་མ་འདི་དང་གདུང་ཆོས་གཅིག་པར་གཏོགས་པ་ལ་མི་སྟོང་ཕྲག་ལོངས་པ་དེ་ཡོད་ཅིང་། གདུང་རྒྱུད་ན་ཆད་པའི་གཉེན་དང་སྣག་གི་གཉེན་མཚམས་ཀྱང་ཤིན་ཏུ་རྒྱས་པ་ཅིག་སྟེ། དེ་དག་ལས་སྔ་ཕྱིར་རབ་ཏུ་བྱུང་བ་བསྟན་པ་ལ་བྱ་བ་མཛད་པར་མང་པོ་བྱུང་ངོ་ཞེས་གྲགས་ལ། དེས་ན་བླ་མ་འདི་ནི། དེ་ལྟ་བུའི་རིགས་དང་རུས་དང་ཆོ་འབྲང་ཕུན་སུམ་ཚོགས་པ་དང་ལྡན་པར་སྔར་བཤད་པའི་ལྷས་ར་དེར་ལྕགས་མོ་ལུག་གི་ལོ་ལ་ཡུམ་ལས་ཉེ་བར་བལྟམས་པ་དེའི་ཚེ་དབུ་གདུགས་ལྟ་བུ། དཔྲལ་བ་དབྱེས་ཆེ་ཞིང་ཤངས་ཀྱི་གཟེངས་མཐོ་བ་དང་། སྙན་ཤལ་རིང་དུ་འཕྱང་ཞིང་སྐུ་ལུས་སྐབས་ཕྱེད་པ། དབང་པོ་གསལ་ཞིང་པགས་པའི་མདོག་མེ་ཏོག་ཀུ་མུད་ལྟར་དཀར་བས་འཇིག་རྟེན་གྱི་སྐྱེ་བོ་གཞན་དང་མི་མཐུན་པའི་དཔལ་གྱིས་མཛེས་པ། མིག་གི་བདུད་རྩི་ཞིག་བཙས་ལ། མཚན་ཡང་པདྨ་རྡོ་རྗེ་ཞེས་བཏགས་སོ། །


DLL1005_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རྗེ་བླ་མའི་གསུང་ནས། དང་པོ་ང་སྐྱེས་པའི་ནུབ་མོ་འབྲོག་པ་ལ་དགྲ་ཇག་བྱུང་སྟེ་མས་ང་རྡོའི་གསེབ་ཏུ་སྦས་ཏེ་བྲོས། སང་ལྟར་འོངས་པས་བྱ་རོག་ཅིག་གིས་བྱ་རོག་གཞན་དང་གཅན་གཟན་སོགས་ཀྱིས་གནོད་པ་བྱེད་པ་བསྲུངས་ཏེ་བུ་ཚ་མ་ཤི་བར་འདུག་པ་ལ། རྨོ་མོ་ཞིག་ཡོད་པ་ན་རེ། ཝཱ། སྐྱོབ་པའི་སྲུང་མ་ཞིག་ཡིན་ན་ནི། རུ་བ་ཡང་མི་འཁྱེར་ཐང་། མ་ཡང་མི་འཁྲིད་ཐང་། གནོད་པའི་འདྲེ་ཞིག་ཡིན་ན་ནི། བུ་ཆུང་ཡང་མི་སྲུང་ཐང་། ཟེར་ཏེ་བུ་ཆུང་ཁུར་ཏེ་བྲོས་ནས་ཕྱིན་ཟེར་ཅིང་། ང་རང་གི་དྲན་ཡུལ་ནའང་དེ་འདྲ་ཞིག་འདུག །བྱ་རོག་དེ་དཔལ་མགོན་ཞལ་གྱི་རྣམ་འཕྲུལ་དུ་འདུག །མགོན་པོ་འདིས་ཕྱིས་ཀྱང་དེ་དུས་ཀྱི་དྲིན་ངོ་དང་། ཁྱོད་ལྟ་བུའི་བསྟན་འཛིན་ལ་ང་ལྟ་བུའི་ཆོས་སྐྱོང་བསྟེན་དགོས་པ་ཡིན་ནོ་ཞེས་ཡང་ཡང་གསུང་གིན་ཡོད་གསུང་སྟེ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རོ། །དེ་ལྟ་བུའི་གཞོན་ནུ་དེ་ཉིད་ནི། བྱིས་པའི་གནས་སྐབས་ཉིད་ཀྱང་བྱིས་པའི་རྒུད་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་། བག་མེད་པར་རྩེ་བ་མཐའ་དག་ལས་ངང་གིས་ལོག །ཉེས་སྐྱོན་རྣམས་ནི། རང་བཞིན་གྱིས་བསྡམས། བློ་གྲོས་དཔག་པར་དཀའ་ཞིང་དམ་པའི་ཆོས་ཚོལ་བ་ལ་ངང་གིས་ཞུགས་པ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་དང་། ཁྱད་པར་རང་དང་མཉམ་པའི་བྱིས་པ་མང་པོ་བསགས་ནས་དེ་དག་ལ་རང་ཉིད་ཀྱིས་ཆོས་འཆད་པའི་རྣམ་པ་མཛད་ཅིང་། གཞན་ཡང་རྟེན་བཞེང་དང་། གཙུག་ལག་ཁང་དང་། ཆོས་ཁྲི་དང་། ཆོས་ར་རྩིག་པ་ཡིན་གསུངས་ནས། ཉིན་མཚན་ཀུན་ཏུ་ཕྱག་དལ་


DLL1005_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཞུགས་པའི་སྐབས་མེད་པ་ལྟ་བུ་ཞིག་ཡོད་པ་ནི། བྱིས་པ་གཞན་དག་སྐྱེས་ཙམ་ཉིད་ནས་ནུ་ཞོ་ལེན་པའི་ཀུན་སྤྱོད་དག་ཆེད་དུ་བསླབ་པར་བྱ་མི་དགོས་པ་ཇི་ལྟ་བ་དེ་བཞིན་དུ་འགྱུར་ཏོ། །དེ་ནས་རྗེ་བླ་མ་འདིའི་ཡབ་ཡུམ་རྣམས་ཀྱང་ནོར་དགྲ་ལ་ཤོར་ཏེ་སྦྲ་མ་ཚུགས་པར་རེ་ཞིག་ལ་ཁ་སྟོད་ཀྱི་གྲོང་ཡུལ་རྣམས་སུ་བཞུགས་ཏེ། པཎྜི་ཏ་སྨྲྀ་ཏི་བོད་དུ་བྱོན་པ་ལྟར་རྗེ་འདིས་ཀྱང་གྲོང་པ་དག་གི་རྫི་བོ་སོགས་མཛད་དེ་སེམས་ཅན་ལ་ཕན་པར་མཛད། ཁྱད་པར་རྩེན་དཀར་བྱ་བའི་ཡུལ་དུ་བཞུགས། དགུང་ལོ་ལྔ་པའི་ཚེ་ཉིན་རེ་བཞིན་ཕྱོགས་གཞན་ཞིག་ཏུ་འབྱོན་གྱིན་འདུག །ལྕམ་མོ་ཞིག་ཡོད་པ་དེས་ལྟར་ཕྱིན་པས་རྡོ་མང་པོ་ལ་མ་ཎི་ཕྱག་བྲིས་མཛད་དེ་བརྐོ་ཡིན་འདུག །ཅི་མཛད་ཞུས་པས། འདི་ལ་ངའི་ཕ་མའི་སྒྲིབ་སྦྱོང་བྱེད་པ་ཡིན་གསུང་། ཕ་མ་ད་ལྟ་མ་ཤི་ལགས་ཞུས་པས། ཕ་མ་ཤི་བ་དང་མ་ཤི་བ་མང་པོ་ཡོད་པས་དེ་ཐམས་ཅད་ཀྱི་སྒྲིབ་སྦྱོང་ཡིན་གསུང་། དེ་འདྲའི་མ་ཎི་དེ་ཡུལ་དེ་ན་ད་ལྟ་ཡང་ཡོད་པར་གྲགས། དེ་ནས་ཁ་སྟོད་མཐོང་སྨོན་བྱ་བར་ཡུམ་སྲས་རྣམས་ཀྱིས་བྱོན། ཡུལ་དེའི་ཕྱུག་པོ་ཞིག་གི་ར་རྫི་མཛད་དེ་རི་གདོང་ཞིག་གི་བྲག་ལྡེབས་ལ་འབྲུ་དྲུག་དང་། འབྲུ་གསུམ་དང་། ཧཱུཾ་དང་ཧྲཱིཿལ་སོགས་པའི་གསུང་ཡིག་འབྲུ་མང་པོ་དང་། གདུགས་དང་། རྒྱལ་མཚན་དང་བ་དན་སོགས་མཆོད་པའི་ཡོ་བྱད་མང་པོ་ཕྱག་བྲིས་སུ་བརྐོ་བ་མཛད་པ་ད་ལྟ་ཡང་ཡུལ་དེ་ན་བཞུགས། དེ་ནས་ཞུགས་རོང་བྱ་བར་ཕེབས་ཏེ་འགྲོ་དོན་མཛད་པ་ཡིན་ཞེས་དུས་ཕྱིས་སློབ་དཔོན་བྱང་དཔལ་བ་ཞེས་པ་ལ་རྗེ་རང་ཉིད་ཀྱིས་གསུངས་པར་གྲགས། དེ་ནས་སྣར་ཐང་གི་ཕུ་དགེ་སྟེང་བྱ་བར་བཞུགས།


DLL1005_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་ལོ་བདུན་པའི་ཚེ་ཡབ་དེ་སྐུ་གཤེགས། དེའི་ཚེ་རྗེ་འདིས་སྟོན་པ་སྨན་པའི་རྒྱལ་པོའི་མདོ་ཞིག་ཕྱག་བྲིས་མཛད་དེ་བཞེངས། འདི་ལ་བདག་གི་ཕའི་སྒྲིབ་སྦྱོང་བྱེད་པ་ཡིན་ནོ་གསུང་ཞིང་མདོ་དེ་ད་ལྟ་ཡང་ཕྱག་དཔེའི་ཁྲོད་ན་བཞུགས། དེ་ནས་ཡབ་ཡུམ་དག་འབྱོར་བ་ཆུང་བས་སྣར་ཐང་དུ་དགེ་འདུན་གྱི་ཚོགས་ལ་བསྐྲུ་བ་ལ་བྱོན། དེ་ལ་ཡང་ན་བཟའ་སེར་པོ་རེ་བཞེས། དབུ་སྐྲ་བྲེགས་ཏེ་བྱོན། དེ་ལ་མི་རྣམས་ཀྱིས་བཙུན་ཆུང་རག་སྐྱར་འབོད། རྗེ་ཉིད་ཀྱི་གསུང་ནས། ངས་ནི།ཚེ་འདི་ལ་ཁ་དོག་ནག་པོ་དང་ཁ་མ་བསྒྱུར་བའི་གྱོན་མ་མྱོང་གསུང་། དེའི་ཚེ་སྣར་ཐང་ན་གདན་ས་བཅུ་བཞི་པ་སྟོན་པ་སྨན་པའི་རྒྱལ་པོའི་སྤྲུལ་པ། གནས་ལྔ་རིག་པ་གྲུབ་པ་ཤེས་རབ་ཅེས་མཚན་ཡོངས་སུ་གྲགས་པ་དེ་བཞུགས་པས་དམ་པ་དེས་རྗེ་བླ་མ་འདི་ཉིད་བསྟན་པ་འཛིན་པའི་སྐྱེས་ཆེན་ཁྱད་པར་ཅན་ཞིག་འོང་བར་དགོངས་ཏེ། སྣར་ཐང་དུ་བྱོན་པ་ཅིག་ལ་དྲུང་དུ་བོས་ཏེ། ཁྱེད་དེ་བཞིན་མ་བྱེད། དགེ་འདུན་གྱི་དཀོར་འདི་སྐྱེ་བོ་ཁྱིམ་པ་ལ་ཤིན་ཏུ་ལྕི་བས་ད་ནི་རབ་བྱུང་གི་ཆས་རྣམས་མ་འབྱོར་གྱི་བར་དུ་དགེ་བསྙེན་ཙམ་ལ་གནས་ན་ཁྱད་ཆེ་བས་གསུངས་ནས་དགེ་བསྙེན་དུ་རྫོགས་པར་བསྒྲུབས་ཏེ་མཚན་སྔར་གྱི་དེ་ཉིད་གནས་པ་ལ་མི་རྣམས་ཀྱིས་བཙུན་ཆུང་པད་རྡོར་ཞེས་འབོད། ཕྱིས་རྗེ་འདི་ལ། སྐུ་སྐྱེ་སྔ་མར་བལ་བོར་པཎྜི་ཏ་པདྨ་བཛྲ་ཞེས་པར་འཁྲུངས་ཞེས་པ་ཇི་ལྟར་ལགས་ཞུས་པས། བདག་གི་ཚེ་འདིའི་བྱིས་པའི་མིང་ལའང་པདྨ་རྡོ་རྗེ་ཟེར། བཛྲ་ཞེས་པ་རྡོ་རྗེའི་སྐད་དོད་ཡིན་གསུང་། དེ་


DLL1005_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྣར་ཐང་མཁན་པོའི་གསུང་ནས། ད་རེ་ཞིག་ལ་ཡོན་ཏན་ཐམས་ཅད་གྱི་རྩ་བ་ཡིན་པས་ཀློག་ཡིག་ལ་སྦྱོངས་ཤིག་གསུངས་ནས། དེ་དུས་ཀྱི་ཀློག་དཔོན་རྒྱ་སྟོན་ཙནྡྲ་པ་ཞེས་པ་སློབ་མ་བརྒྱ་ཕྲག་མང་པོ་བསྟེན་པ་ཅིག་ལ་གཏད་དེ། སྦྱོང་བའི་ཚུལ་བསྟན་པ་ཙམ་གྱིས་ཐོགས་མེད་དུ་མཁྱེན་པ་བྱུང་། དེ་ནས་རྒྱ་སྟོན་པའི་གསུང་གིས། ད་ནི། ང་བས་ཁྱོད་མཁས་པར་འདུག་པས་ངའི་སློབ་མ་རྣམས་ཁྱོད་ཀྱིས་སྐྱོངས་ཤིག་གསུངས་ནས། དེ་དུས་ཀྱང་ཀློག་གིས་བུ་སློབ་སྐྱོང་བ་སོགས་མཛད། དེ་ནས་ཡང་དེ་དུས་ཀྱི་ཡིག་དཔོན་ཤཱཀྱ་དཔལ་ཞེས་པ་ལ་ཡི་གེ་སྦྱོང་བའི་ཚུལ་བསྟན། དེ་ཙམ་གྱིས་ཡི་གེའི་རིགས། རྒྱ་ཡིག །བོད་ཡིག །ཧོར་གྱི་ཡི་གེ། རྒྱ་གར་གྱི་ཡི་གེ་ལའང་། ལཉྫ། ཝརྟུ། བོད་ཡིག་ལའང་། ཆེ་ཡིག །ཆུང་ཡིག །དེ་ལའང་། འབྲུ་མ། ཆག་བྲིས། ཟླུམ་བྲིས་སོགས་ཐམས་ཅད་ཐོགས་པ་མེད་པར་མཁྱེན་ཏེ། དེ་ལྟར་མཁྱེན་ཅིང་རབ་ཏུ་བྱུང་བའི་རྗེས་སུའང་སྣར་ཐང་དུ་ཀློག་ཡིག་གིས་བུ་སློབ་མང་པོ་བསྐྱངས་པས་མི་རྣམས་ཀྱིས་དཔོན་ཡིག་དགེ་འདུན་གྲུབ་ཅེས་དེ་དུས་སུ་འབོད་པའང་བྱུང་ཞིང་། དེ་ལྟར་ཡིག་རིགས་ཐམས་ཅད་མཁྱེན་པའི་ཕྱག་ཚད་ལ་རྗེ་བླ་མ་རང་ཉིད་གསན་སྦྱོང་མཛད་དུས་ཀྱི་ཕྱག་དཔེ་ཕལ་ཆེ་བ་ཕྱག་བྲིས་མཛད་དེ་བཞེངས། ཆོས་བར་སོགས་ལ་བྱོན་དུས་གཙུག་ལག་ཁང་གང་དུ་བྱོན་སར་འཕན་གདུགས་རྒྱལ་མཚན་སོགས་ཕུལ་བ་རྣམས་ལ་དཀར་ཆག་བྲིས་མ་རེ་མཛད། ཕྱིས་བཀྲ་ཤིས་ལྷུན་པོའི་ཕྱི་ནང་ཀུན་ཏུ་བླ་མ་སངས་རྒྱས་བྱང་སེམས་ཀྱི་མཚན་དང་མ་ཎི་ཇི་སྙེད་ཡོད་པ་ཕལ་ཆེ་བ་དང་། ཁྱད་པར་གཙུག་ལག་ཁང་གི་ནང་ན་ཡོད་པའི་


DLL1005_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལཉྫ་སོགས་ཡིག་རིགས་ཕལ་ཆེ་བ་རྣམས་ཕྱག་བྲིས་ཡིན་ཞིང་། རྗེ་འདིས་མཛད་པའི་ཕྱག་བྲིས་ཆད་ལྷག་ནོར་གསུམ་གྱི་སྐྱོན་དང་བྲལ་བར་རྗེ་རང་ཉིད་ཀྱང་ཞལ་གྱིས་བཞེས་ཤིང་། དེ་ལྟར་ཡིན་པའང་གདོན་མི་ཟ་བ་ཡིན་ནོ། །དེ་ཡང་འདི་ལྟར། རིང་ནས་གོམས་པའི་བློ་གྲོས་དཔག་དཀའ་བ། །དྲན་དང་ཤེས་བཞིན་བག་ཡོད་གྲོགས་རྣམས་ཀྱིས། །གཞོན་ནུ་ཉིད་ནའང་མཛའ་བ་མ་བཏང་ཞིང་། །འབད་མེད་ལྷུན་གྱིས་གྲུབ་འདི་ཨེ་མ་མཚར། །ངུར་སྨྲིག་ཐུན་མཚམས་གོས་ཀྱིས་རབ་འཁྱུད་ཅིང་། །ཡོན་ཏན་ཆ་ཤས་བང་རིམ་རྫོགས་པ་ཅན། །མཁས་མང་གསེར་རིའི་དབུས་ན་མངོན་མཐོ་བའི། །ཁྱོད་སྐུ་ལྷུན་པོ་ལྟར་བརྗིད་ཨེ་མ་མཚར། །ཞེས་བྱ་བ། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་ལས་གཞོན་ནུ་ཉིད་ཀྱི་གནས་སྐབས་ཡོངས་སུ་བརྗོད་པའི་རིམ་པར་ཕྱེ་བ་སྟེ་དང་པོའོ།། །།དེ་ལྟ་བུའི་གཞོན་ནུ་དེ་ཡང་སྔོན་ལན་ཅིག་མ་ཡིན་པར་གོམས་པར་བྱས་པའི་རིགས་ཀྱི་ནུས་པ་ཡོངས་སུ་སད་པས་བྱིས་པའི་གནས་སྐབས་ཉིད་ན་ཡང་འདི་ལྟར་དགོངས་ཏེ། ཁྱིམ་པའི་རྟེན་ལ་ཆོས་བྱེད་པ་ནི། ཁྱིམ་མེ་འབར་བའི་ནང་ན་གནས་པ་ལྟ་བུ་དང་། རབ་ཏུ་བྱུང་པའི་རྟེན་ལ་ཆོས་བྱེད་པ་ནི། བསིལ་བའི་ཁང་པ་ན་གནས་པ་ལྟ་བུ་ལ་སོགས་པའི་ཁྱད་པར་མང་པོ་གསུངས་ཤིང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་རབ་ཏུ་བྱུང་བའི་རྟེན་ལ་སངས་རྒྱས་ཡིན་སྙམ་དུ་དགོངས་ལ། དེ་ལ་ཡུམ་ན་རེ སྤྱིར་


DLL1005_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡིན་ཀྱང་ད་ལྟ་རབ་བྱུང་མཛད་པ་ལ་ཆ་རྐྱེན་སྣམ་བུ་སྲེ་བོ་ཡ་གཅིག་པུ་འདི་མ་གཏོགས་གང་ཡང་མེད། ཡབ་དེ་གཤེགས། ལྕམ་སྲིང་གཞན་རྣམས་ཆུང་བྱས་པས། རེ་ཞིག་ཐེན་པ་དྲག་གསུངས། དེ་ལ་རྗེའི་གསུང་ནས། འོ་ན་ད་ལྟ་རབ་ཏུ་འབྱུང་དུ་རུང་མི་རུང་བརྟག་པའི་ཕྱིར་རང་རེའི་སྣམ་བུ་དེ་ལ་ཚོས་ངུར་སྨྲིག་ཅིག་གྱིས་གསུངས། ཡུམ་གྱིས་སྣམ་བུ་སྲེ་པོ་ལ་ཚོས་ངུར་སྨྲིག་འོང་དོན་མེད་དམ་གསུངས་ནས། ཚོས་བྱས་པས་ངུར་སྨྲིག་ཁ་དོག་ཤིན་ཏུ་མཛེས་པར་བྱུང་། ཡུམ་ཐུགས་ཡིད་ཆེས་པར་བྱ་བའི་ཕྱིར་དུ་ཐབས་མཁས་དེ་ལྟར་མཛད་དེ། དགུང་ལོ་བཅོ་ལྔ་པ་ཤིང་མོ་བྱའི་ལོ་ཟླ་བ་གསུམ་པའི་ཉེར་གཅིག་གི་ཉིན་དཔལ་ལྡན་སྣར་ཐང་དུ་སྙིགས་དུས་ཀྱི་ཐུབ་པ་ཆེན་པོ་གྲུབ་པ་ཤེས་རབ་པས་མཁན་པོ་དང་། དེ་དུས་ཀྱི་བྱང་པའི་ཆེན་པོ་བློ་ལྡན་པ་ཞེས་པས་སློབ་དཔོན་མཛད་དེ། རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ། མཚན་ཡང་དགེ་འདུན་གྲུབ་པ་དཔལ་ཞེས་བྱ་བར་གསོལ། བཟང་པོ་ཞེས་པ་རྗེ་རང་ཉིད་ཀྱིས་མཛད་པ་ཡིན་ཞེས་གསུང་ངོ་། །དེ་ལྟར་རབ་ཏུ་བྱུང་ནས་འདི་སྙམ་དུ་དགོངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་རབ་ཏུ་བྱུང་བ་དག་གི་ལས་སུ་བྱ་བ་ནི། གཉིས་ཏེ། འདི་ལྟར་ཀློག་པ་ཐོས་བསམ་དང་། སྒྲུབ་པ་བསམ་གཏན་གྱི་རིམ་པའོ། །དེ་བས་ན་བདག་གིས་ཀྱང་དང་པོར་ཀློག་པ་ཐོས་བསམ་གྱི་སྒོ་ནས་རྒྱལ་བའི་གསུང་གི་རྒྱ་མཚོར་མཁས་པའི་དེད་དཔོན་ལ་བརྟེན་ཏེ། བརྩོན་པའི་གྲུ་པོ་ཆེ་དུས་དང་མཐུན་པའི་རླུང་གིས་བསྐྱོད་ནས་རྣམ་པར་དཔྱོད་པའི་སྐྱེ་བ་འཛིན་པས་འཇུག་པར་བྱའོ། །དེ་ཡང་གངས་རིས་བསྐོར་


DLL1005_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁ་བ་ཅན་གྱི་ལྗོངས་འདིར་སྔོན་གྱི་ཆོས་རྒྱལ་རྣམས་དང་། ལོ་པཎ་མཁས་གྲུབ་རིམ་པར་བྱོན་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པའི་སྒྲོན་མེ་ཆེས་ཆེར་དང་པོར་གསལ་བར་མཛད་པ་དང་། བར་དུ་བཤེས་གཉེན་དམ་པ་དག་གིས་རྒྱས་པར་མཛད་ཅིང་། ད་ལྟའང་རྒྱུན་ཟད་གནས་པའི་ཡུལ་གྱི་མཆོག་ཏུ་གྱུར་པ་ནི། དབུས་གཙང་གི་སའི་ཆ་འདི་ཉིད་ཡིན་ལ། ཁྱད་པར་རང་གི་གདུལ་བྱའང་དབུ་རུ་ལྷོ་བྱང་གིས་ཐོག་དྲངས་དབུས་ཕྱོགས་ཀྱི་ཡུལ་ན་ཡོད་པ་ཤས་ཆེ་ཞིང་། ལྷག་པར་སྔོན་ནས་སྨོན་ལམ་གྱིས་འབྲེལ་བའི་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་དམ་པའི་ཆོས་འཛིན་པའི་སྨོན་ལམ་ལེགས་པར་གྲུབ་སྟེ། རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ཀྱིན་ཡོད་པས། དེའི་དྲུང་དུ་འགྲོ་བར་བྱའོ་སྙམ་པའི་བཞེད་པ་འཁྲུངས་ཏེ་དམ་པའི་ཆོས་ཚོལ་བ་ལ་དཔའ་ཞིང་བརྟུལ་ཕོད་པ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟར་ལེགས་བཤད་ཚོལ་བ་ལ་རིངས་པར་ཆས་པ་ཞིག་གོ །དེའི་ཚེ་སྣར་ཐང་ཉེར་འཛིན་ཆེན་པོའི་གསུང་ནས། ད་དུང་རེ་ཞིག་སྣར་ཐང་དུ་བཞུགས། སྔར་བཞིན་ཀློག་ཡིག་སོགས་ཀྱི་སྒོ་ནས་ཕན་ཐོགས་ཆེ་བར་མཛད་པ་དང་། ཁྱད་པར་ཇོ་བོའི་བཀའ་རྒྱུད་འདི་ལ་བསྙེན་རྫོགས་བླ་ཆེན་རྒྱུད་འདི་ངེས་པར་དགོས་པས་བསྙེན་རྫོགས་ཀྱང་འདིར་བྱེད་དགོས་གསུང་ཞིང་། རྗེ་རང་གི་ཁུ་བོ་དགེ་བཤེས་ཆོས་ཤེས་ཟེར་བ་ཅིག་ཡོད་པ་དེས་ཀྱང་། མཁན་པོའི་གསུང་བཞིན་དུ་གཞན་དུ་མ་འགྲོ་བར་འདིར་ཀ་སྡོད་ཟེར་ནན་ཆེས་པ་ལའང་བརྟེན་ཅིང་། ཁོང་རྣམ་གཉིས་བཀའ་དྲིན་ཆེས་པ་ལ་བརྟེན་


DLL1005_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཞིག་བཞུགས་དགོས་ཤར། དེ་དུས་སྣར་ཐང་ན་མ་ཧཱ་པཎྜི་ཏ་སངྒྷ་ཤྲཱི་ཞེས་པའི་མཁས་གྲུབ་ཆེན་པོ་ཞིག་ཡོད་པ་ལ། སྙན་དངགས་མེ་ལོང་དང་། འཆི་མེད་མཛོད་དང་། སྒྲ་མཚམས་སྦྱོར་ལྔ་པ་རྣམས་གསན་ཅིང་། གཏུམ་པོ་དཀར་པོའི་རྗེས་གནང་སོགས་ཀྱི་བཀའ་ཡང་མང་རབ་གསན་ལ། གཞན་ཡང་བྱང་ཆེན་ན་བཞུགས་པའི་སྒྲུབ་ཆེན་བསོད་ནམས་བློ་གྲོས་ཞེས་གྲགས་པ་དང་། དབོན་སྟོན་ཐུབ་པ་དཔལ་བཟང་པོ་ཞེས་པ་དང་། སྟོན་པ་དགེ་བ་དཔལ་ཞེས་པའི་སྐྱེས་ཆེན་རྣམས་ལ་དབང་ལུང་འཁྲིད་སོགས་མང་པོ་ཞུ་བ་སོགས་ཀྱི་སྒོ་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དོ། །དེ་དག་གི་གནས་སྐབས་སུའང་། རྗེ་འདི་ཉིད་ལ་དད་པའི་ཤུགས་ཀྱིས་གསོལ་བ་འདེབས་ཤིང་དམ་པའི་ཆོས་ཀྱི་བཀའ་སྩལ་ཉན་ནས་བདག་ཉིད་ཀྱི་སློབ་མར་ཁས་ལེན་པའི་སྡེ་སྣོད་འཛིན་པའང་དུ་མ་ཞིག་བྱུང་ལ། བདག་ལེགས་སུ་འདོད་པ་དག་ནི། འདི་འདྲ་བའི་དམ་པའི་མགོན་ལ་བརྟེན་པ་ལས་འདོད་པའི་གནས་ཐོབ་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ་སྙམ་དུ་བསམས་ནས། རྗེ་འདིའི་ཞབས་འབྲིང་དུ་ཁས་ལེན་པར་བྱེད་པ་དག་ལ་ཕན་གདགས་པར་འདོད་པ་དང་། རྒྱལ་བའི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པ་ཡང་བསྙེན་པར་རྫོགས་པ་ཡིན་ཞིང་སྔར་གྱི་ཉེར་འཛིན་ཆེན་པོའི་གསུང་དང་དུ་བླང་བའི་ཕྱིར་གདན་ས་ཆེན་པོ་དཔལ་ལྡན་སྣར་ཐང་དུ། རྗེ་འདི་ཉིད་ཀྱིས་དགུང་ལོ་ཉི་ཤུ་བཞེས་པ་ལྕགས་ཕོ་སྟག་གི་ལོ་ཟླ་བ་གཉིས་པའི་གྲལ་ཚེས་བཅུ་གཅིག་གི་ཉིན་ཚིགས་སྔ་མའི་མཁན་པོ་གནས་ལྔ་རིག་པ་གྲུབ་པ་ཤེས་རབ་པས་མཁན་པོ་དང་། ཚིགས་སྔ་མའི་ཡང་སློབ་དཔོན་བློ་ལྡན་པས་


DLL1005_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སློབ། དེའི་གདན་ས་པ་ཆེན་པོ་གྲགས་པ་ཤེས་རབ་པས་གསང་སྟོན་མཛད་ཅིང་མཚན་ཉིད་ལྡན་པའི་ཁ་སྐོང་གྲངས་ཚང་བས་དད་པའི་དགེ་འདུན་མཛད་ནས་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་བཞེས་ཏེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པའི་ལྷའི་ཆུ་བོས་ཐུགས་རྒྱུད་ཀྱི་བུམ་བཟང་ཉེ་བར་གཏམས་ཤིང་། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡོན་གནས་གཅིག་པུར་གྱུར་ཏོ། །དེ་ནས་སྣར(༡༠བ)ཐང་ཉེར་འཛིན་ཆེན་པོའི་གསུང་ནས། ད་དུང་རེ་ཞིག་འདི་གར་བཞུགས། གྲྭ་སྐོར་ཅིག་གམ་བཤད་གསར་ཅིག་མཛོད། བཀའ་གདམས་ཆོས་སྐོར་ཚང་མ་ཞིག་ཀྱང་ཉན་པ་འཐད་ཅེས་ནན་གྱིས་ཞལ་ཏ་གནང་བ་ལ་བརྟེན་ཆེན་པོ་བློ་ལྡན་པ་ཞེས་པས་བོས་ནས། ཁྱེད་སློབ་གཉེར་ཅིག་བྱེད་ཟེར་བ་བདེན་ནམ་གསུང་། སློབ་གཉེར་ཅིག་བྱས་ན་བསམ་པ་ཡོད་ཞུས་པས། པོ་ཏི་གཅིག་སློབ་བམ་འགའ་ཡར་སློབ། གཅིག་སློབ་ན་ཕར་ཕྱིན་སློབས། མང་པོ་སློབ་ན་ཐོག་མར་ཚད་མ་བསླབས་ན་དགའ་བ་ཡིན་གསུང་བ་ལ་བརྟེན་ནས། རྣམ་འགྲེལ་གྱི་གཞུང་དང་། མཁས་པའི་དབང་པོ་ཉ་དཔོན་པ་དེ་ཚད་མ་རྣམ་འགྲེལ་ལ་མཁས་པར་བྱེད་ཀྱིན་འདུག་པས། ཁོང་གིས་མཛད་པའི་རྣམ་འགྲེལ་གྱི་ཊཱི་ཀ་དེ་གཉིས་ཕྱག་བྲིས་མཛད་དེ་བཞེངས། དེ་དུས་ཀྱི་སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀཱིརྟི་ཞེས་པས་སློབ་དཔོན་མཛད་དེ་ཊཱི་ཀ་དེའི་སྟེང་ནས་སྣར་ཐང་དུ་གྲྭ་སྐོར་ཅིག་མཛད། དེ་ནས་ཉེར་འཛིན་ཆེན་པོའི་དྲུང་དུ་དཔལ་ཀྱེ་རྡོ་རྗེ་ལྷ་དགུས་ཐོག་དྲངས་པའི་དབང་བཀའ་མང་པོ་དང་། གུར་གྱི་མགོན་པོ། སྨན་པའི་རྒྱལ་པོ། ཐུབ་པ་གནས་བརྟན་བཅུ་དྲུག་གི་ཆོ་ག །


DLL1005_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་མཎྜལ་བཞི་པ། དོན་ཡོད་ཞགས་པའི་སྐོར། དབྱངས་ཅན་མ་སོགས་ལྷ་མང་པོའི་རྗེས་གནང་བཀའ་ལུང་སོགས་མང་པོ་དང་། དབུ་མ་ལུགས་སུ་གྲགས་པའི་སེམས་སྐྱེད་འཇུག་པའི་སྡོམ་པ་ལེན་པ་སོགས་ཀྱང་མཛད་ཅིང་། གཞུང་དྲུག་གིས་ཐོག་དྲངས་བཀའ་གདམས་ཆོས་སྐོར་ཕལ་ཆེ་བ་རྣམས་གསན་ནོ། །འོན་ཀྱང་བྱང་ས་དང་གླེགས་བམ་རིན་པོ་ཆེ་གཉིས་དུས་ཕྱིས་གཞན་ལ་ཞུ་དགོས་བྱུང་བ་འདི་ལ་རྟེན་འབྲེལ་ཅིག་ཡོད་པ་འདྲ་གསུང་། སྨན་བླའི་བཀའ་ལུང་ཞུ་དུས་རིན་པོ་ཆེ་པའི་གསུང་ནས། ཁྱེད་ལ་སྐུ་ཚེ་རིང་པོ་ཡོང་བའི་མཚན་མ་ཞིག་བྱུང་བས། བྷཻ་ཥ་ཛྱེ་ཉེར་གཅིག་རེའི་དམ་བཅའ་གྱིས་གསུངས། ཇི་ལྟར་བྱུང་ཞུས་པས། བཅུ་ཕྲག་བརྒྱད་ལྷག་མཚོན་པའི་སེང་ཁྲི་ལ། །སྨན་པའི་རྒྱལ་པོ་དབུ་སྐྲ་དུང་མདོག་ཅན། །ཆོས་འཆད་ཚེ་རིང་ནད་མེད་ལྟས་ཡིན་གསུང་། །ཞེས་གསུངས། དེ་དང་ཕྱིས་སྙིང་པོ་རྫར། ལྷ་མོ་ཤྲཱ་མ་ཎའི་སྒོ་ནས་སྐྱེ་བ་བརྟག་པ་མཛད་དུས་མནལ་ལམ་དུ་རྒྱལ་ཚབ་བྱམས་པ་རབ་བྱུང་གི་རྣམ་པ་ཅན་ཅིག་ལ། བདག་འདི་ནས་བྱང་ཤར་གྱི་མཚམས་སུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞིང་ཁམས་སུ་སྐྱེ་བར་ལུང་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། དེར་སྐྱེ་བ་དཀའ་གསུང་། འོ་ན་བདེ་བ་ཅན་དུ་སྐྱེའམ་ཞུས་པས། དེར་སྐྱེ་སླ་གསུང་། འོ་ན་གང་དུ་སྐྱེ་ཞུས་པས། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ་བརྙེས་ནས་སེང་གེའི་ཁྲིའི་གདན་ལ་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་ལ་སོགས་པས་ལུང་སྟོན་པའམ། བརྙེས་པར་འགྱུར་རོ་ཞེས་གསུང་། དེ་ལ་རྗེའི་གསུང་ནས།


DLL1005_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས་པ་ཞེས་པ་ནི། བས་འཕུལ་ར་བརྙེས་སུ་བྱུང་བས་རྒྱུ་གཞན་བསགས་པ་ནི། ཆེར་མེད། དང་པོ་རིན་པོ་ཆེ་པའི་གསུང་གིས་ལུང་བསྟན་ཅིག་དང་། དམ་བཅའ་ཅིག་གྱིས་གསུངས་པ་ད་བར་མ་ཆག་པས་ཚེ་རིང་པོ་ཞིག་འོང་བ་ལ་དགོངས་པར་འདུག་ཅེས་ཕྱིས་གསུང་ངོ་། །དེ་ལྟར་ན་སྣར་ཐང་ཉེར་འཛིན་ཆེན་པོ་ལ་བརྟེན་ནས་མངོན་པར་རྟོགས་པའི་ཡོན་ཏན་ནི། ལྷག་པའི་ཚུལ་ཁྲིམས་ཉེས་ལྟུང་གི་དྲི་མ་ཐམས་ཅད་དང་བྲལ་བ་ཞིག་མངའ་བས་གནས་བརྟན་འདུལ་བ་འཛིན་པ་གསེར་རིའི་ཕྲེང་བའི་དབུས་ན་ལྷུན་པོ་ལྟར་མངོན་པར་འཕགས་ཤིང་། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་བཅོས་མིན་ཐུགས་རྒྱུད་ལ་རྒྱུན་ཆགས་པར་མངའ་བས་འགྲོ་བ་ཀུན་ལ་བུ་གཅིག་པ་ལྟར་དགོངས་ཏེ། བསྟན་པ་དང་སེམས་ཅན་ལ་ཕན་པར་གཟིགས་ན་དམྱལ་བའི་མེ་ཡང་པདྨའི་ཚལ་ལྟར་གཟིགས་ནས་འཇུག་པ་ལ་ཡ་མི་ང་ཞིང་རང་གི་ཆེད་དུ་དག་པའི་ཞིང་གི་འབྱོར་བ་པ་ཡང་རྨི་ལམ་གྱི་དགའ་སྟོན་ལྟར་གཟིགས་ནས་བལྟོས་པ་མེད་ཅིང་། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པོ་བརྙེས་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མངོན་པར་རྟོགས་པའི་ཡོན་ཏན་ནི། སོ་སོ་སྐྱེ་བོའི་བྱང་ཆུབ་སེམས་དཔའ་ཕལ་མོ་ཆེ་དག་གིས་རྗེས་སུ་ཡི་རང་བ་ཙམ་ཡང་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྙིང་སྟོབས་ཕུལ་དུ་བྱུང་བ་མངའ་བས། རྒྱལ་བའི་སྤྱན་སྔར་ཁས་བླངས་པའི་དམ་ཚིག་ལས་མི་གཡེལ་བའི་སྲུང་མ་ཁྱད་པར་ཅན་དང་དཀར་ཕྱོགས་སྐྱོང་བའི་ལྷ་དག་གིས་དངོས་སུ་བསྙེན་བཀུར་ཞིང་ལེགས་སོ་གསོལ་


DLL1005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚིག་གིས་མངོན་པར་བསྔགས་པ། གཞན་ལ་ཆོས་སྟོན་པའི་ཕྲིན་ལས་ལྷུར་མཛད་པ་ལ་དགོངས་པ་སྔོན་པ་མངོན་དུ་ཕྱོགས་པར་གྱུར་ཏོ། །དེས་ན་སྣང་ཐར་ཉེར་འཛིན་ཆེན་པོ་འདིས་རྗེས་འདི་པ་གཞོན་ནུ་ཉིད་ནས་བདག་གིར་མཛད་དེ་བསྟན་པ་རིན་པོ་ཆེའི་བདག་པོ་ཆོས་ཀྱི་རྒྱལ་པོར་འགྱུར་བར་དགོངས་ནས་ཐུགས་ཀྱི་ཡུལ་དུ་གཅེས་པར་བཟུངས་ཏེ་སྨན་གྱི་ལྗོན་ཤིང་ཆེན་པོ་མངོན་པར་འགྲུབ་པའི་མྱུ་གུ་ལྟར་ལེགས་པར་བསྐྱངས། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང་། རྡོ་རྗེ་ཐེག་པའི་སྒོར་ཡང་སྨིན་པར་མཛད་ཅིང་། དབུས་ཕྱོགས་ལ་འབྱོན་པའི་རྫོང་སྟར་དང་དོ་དམ་སོགས་ཤིན་ཏུ་ཆེ་བ་མཛད་པས་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་མཛད་པ་ཡིན་ལ། དེ་ལ་དགོངས་ཏེ་བླ་མ་འདི་གཙོ་བོར་བཞུགས་ཤིང་འཁོར་སྣར་ཐང་མཁན་བརྒྱུད་དང་། བཀའ་དྲིན་མནོས་པའི་བླ་མ་བཅུ་ཕྲག་བཞིས་བསྐོར་བའི་བྲིས་སྐུ་ཆེན་པོ་རིན་པོ་ཆེ་འབའ་ཞིག་གི་རང་བཞིན་ཅན་ཞིག་ཀྱང་སྔ་མོའི་དུས་སུ་བཞེངས། དུས་ཕྱིས་རྗེའི་ཞལ་ནས། ང་ལ་བཀའ་དྲིན་མནོས་པའི་བླ་མ་ལྔ་བཅུ་ཙམ་ཞིག་ཡོད་གསུང་སྟེ་ཕྱིས་ཀྱང་བཀའ་དྲིན་མནོས་པའི་བླ་མ་བཅུ་ཙམ་ཡོད་ལ། དེ་རྣམས་ཀྱི་ནང་ནས་ཚེ་འདིར་བཀའ་དྲིན་ཆེ་བ་བླ་མ་འདི་དང་རྗེ་ཤེས་རབ་སེང་གེ་གཉིས་དང་། སྐྱེ་བ་ཐམས་ཅད་དུ་བཀའ་དྲིན་ཆེ་བ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཡིན་ནོ། །ཞེས་གསུང་ངོ་། །འདིར་སྨྲས་པ། དབང་པོ་རབ་ཞི་དུལ་བའི་དཔལ་གྱིས་ནི། །ཚངས་སྤྱོད་ཀྱིས་རྒན་ལྷ་ཡི་དྲང་སྲོང་ཡང་། །མི་བསྲུན་བྱིས་པ་ལྟར་མཛད་གཞོན་ནུ་དེ། །འདིར་ནི་


DLL1005_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་ས་ཡི་ཐིག་ལེར་གྱུར། །མཁན་སློབ་དགེ་འདུན་གྲངས་ཚང་ནམ་མཁའ་ལས། །ངེས་འབྱུང་གིས་དྲངས་རྣམ་དག་ཆོ་ག་ཡི། །རླུང་གིས་བར་ཆད་སྤྲིན་རུམ་བསལ་བ་ལས། །བསྙེན་རྫོགས་ཟླ་བ་ཁྱོད་ཐུགས་མཁའ་ལ་ཤར། །དེ་ལྟའི་བསླབ་གསུམ་ཁྲིམས་ཀྱི་འཛིན་མ་ལ། །བྱང་ཆུབ་སེམས་མཆོག་སྙིང་རྗེའི་རྩ་བ་ཅན། །རླབས་ཆེན་སྤྱོད་པའི་ཡལ་འདབ་འབྲས་བུ་བརྗིད། །བཤེས་གཉེན་དཔག་བསམ་དབང་པོའང་ཁྱོད་ཉིད་ལགས། །ཞེས་བྱ་བ་ནི། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་ལས། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཡོངས་སུ་བླང་བའི་རིམ་པར་ཕྱེ་བ་སྟེ་གཉིས་པའོ།། །།དེ་ནས་འདི་ལྟར་དགོངས་ཏེ། དེ་ཡན་ཆད་ཉེར་འཛིན་ཆེན་པོའི་གསུང་དང་དུ་བླངས། བསྟན་པ་དང་སེམས་ཅན་ལ་ཕན་གང་ཆེའི་སྒོ་ནས་འགྲོ་བའི་དོན་བྱས། ད་ནི་སྔར་ནས་ཡིད་ལ་ཡང་དང་ཡང་དུ་ཡོད་པ་བཞིན་དམ་པའི་ཆོས་ཚོལ་བ་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་དྲུང་དུ་མྱུར་དུ་འགྲོ་བར་བྱའོ་སྙམ་དུ་དགོངས་ཏེ། འདིར་རྗེ་རང་ཉིད་ཀྱི་གསུང་ནས། ད་དབུས་ཕྱོགས་ལ་སློབ་གཉེར་ལ་ཅིས་ཀྱང་འགྲོ་སྙམ་དུ་བསམ་ནས་དེ་ལུགས་ཀྱི་གྲབས་བྱས་པས་དབུ་མཛད་ཆོས་ཤེས་མཁན་ཆེན་པའི་དྲུང་དུ་དགེ་བཤེས་འདི་དབུས་སུ་སློབ་གཉེར་ལ་འགྲོ་བ་གདའ་བས་བཤོལ་འདེབས་པར་ཞུ་ཞུས་པར། མཁན་ཆེན་པའི་གསུང་


DLL1005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཅིས་ཀྱང་ཐོངས་གསུངས་ནས་སློབ་གཉེར་ལ་བཏང་བས་སྐུ་དྲིན་ཆེ་ཞིང་། ཡང་དབུ་མཛད་ཆོས་ཤེས་སློབ་དཔོན་བློ་ལྡན་པ་ལ། དགེ་བཤེས་འདི་དབུས་ཕྱོགས་ལ་འགྲོ་བར་གདའ། བཏང་བ་མི་དྲག་ལགས་ཞུས་པས། སློབ་དཔོན་པས་བོས་ནས། ཁྱེད་སློབ་གཉེར་ལ་དབུས་ལ་འགྲོ་བ་ཨེ་ཡིན་གསུང་བ་ལ། བདག་དབུས་ཕྱོགས་ལ་སློབ་གཉེར་ལ་ཕྱིན་ན་བསམ་པ་ཡིན་ཞུས་པས། ཁྱེད་རང་གི་བློ་ལ་ཤར་བའམ། གཞན་གྱིས་བསྐུལ་བ་ཡིན་གསུང་། བདག་རང་འགྲོ་སྙིང་འདོད་པ་ལགས་ཞུས་པས། འོ་ན་ཅིས་ཀྱང་ཕྱིན་པ་དྲག་གསུང་བས་སྐུ་དྲིན་ཆེ། དེ་ནས་ལོ་ཉི་ཤུ་རྩ་ལྔ་པ་ལ་སློབ་དཔོན་རབ་མཆོག་པ་དང་བསྡེབས་ནས་དབུས་ཕྱོགས་ལ་ཕྱིན་པ་ཡིན་ཞེས་དུས་ཕྱིས་གསུང་། དེ་ནས་དགུང་ལོ་ཉེར་ལྔ་པ་ཤིང་མོ་ལུག་གི་ལོ་ལ་དབུས་ཕྱོགས་ལ་བྱོན་ཏེ། ཁྲ་འབྲུག་ཏུ་སེམས་དཔའ་ཆེན་པོ་ཀུན་བཟང་པ་ལ་ཚད་མ་དང་དབུ་མ་སོགས་ཀྱི་ཐུགས་སྦྱོང་མཛད། དེ་རྗེས་ཐང་པོ་ཆེར་བྱོན། ཆོས་རྗེ་རིན་པོ་ཆེ་རོང་སྟོན་ཤཱཀྱ་རྒྱལ་མཚན་དེར་བཞུགས་པ་ལ་དབྱར་ཆོས་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་ཕར་ཕྱིན་གྱི་ཆོས་རེ་གསན། དེ་རྗེས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ས་སྐྱོང་མིའི་དབང་པོ་གྲགས་པ་རྒྱལ་མཚན་གྱིས་བཀྲ་ཤིས་དོ་ཁར་སྤྱན་དྲངས་པའི་དྲུང་དུ། སེམས་དཔའ་ཆེན་པོ་ཀུན་བཟང་པའི་ཕྱག་ཕྱི་མཛད་དེ་བྱོན་ནས། དེར་རྗེ་རིན་པོ་ཆེ་ལ་ཚད་མ་རྣམ་ངེས་ཀྱི་དོགས་གཅོད། དྲང་ངེས་རྣམ་འབྱེད། རྩ་ཤེའི་རྣམ་བཤད། བླ་མ་ལྔ་བཅུ་པའི་རྣམ་བཤད།


DLL1005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ལྟུང་གི་རྣམ་བཤད་སོགས་མང་པོ་གསན་ཅིང་། རྗེ་རིན་པོ་ཆེ་ཡང་ཐུགས་ཤིན་ཏུ་དགྱེས་པར་བྱུང་སྟེ། འདུལ་བ་བསླབ་ཁྲིམས་ཁྱད་པར་ཅན་སྤེལ་བའི་རྟེན་འབྲེལ་བསྒྲིག་པའི་ཕྱིར་དུ་མཐང་གོས་བཞེས་འཕྲོ་ཞིག་གནང་སྦྱིན་ཀྱང་མཛད། སེམས་དཔའ་ཆེན་པོའི་དྲུང་དུ་དེར་ཡང་ཟིན་ཐུན་སོགས་ཀྱི་ཐུགས་སྦྱོང་ལེགས་པར་མཛད་པས་བཀའ་དྲིན་ཆེའོ་ཞེས་གསུང་། དེ་ནས་རྗེ་བཙུན་ཙོང་ཁ་པ་ཆེན་པའི་གསུང་གིས། ཐང་པོ་ཆེའི་བླ་བྲང་པ་ཉི་མ་རྒྱལ་མཚན་པ་ལ་དཔལ་གསང་བ་འདུས་པའི་བཀའ་ཞིག་ཞུ་བ་ལ་ཕྱིན་པ་ལེགས་ཞེས་བསྐུལ་ཏེ་དེར་བྱོན། རྗེ་དེ་བ་ལ་དཔལ་བ་གསང་བ་འདུས་པ་མི་བསྐྱོད་པ་དང་། རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མ་དང་། གཤེད་དམར་བཅུ་གསུམ་མ་དང་། གཤེད་དམར་ལྷ་ལྔ་མ་སོགས་ཀྱི་བཀའ་མང་པོ་གསན་ནོ། །དེ་ནས་དཔོན་སློབ་རྣམས་དགེ་ལྡན་དུ་བྱོན། རྗེ་ཤེས་རབ་སེང་གེ་གསུང་ཕུ་ལ་བྱོན། དགེ་ལྡན་དུ་རྗེ་རིན་པོ་ཆེའི་དྲུང་དུ་རྗེ་བླ་མ་འདིས། བདག་གསང་ཕུར་རྗེ་ཤེས་རབ་སེང་གེའི་དྲུང་དུ་ཕྱིན་ན་བསམ་པ་ལགས་ཞུས་པས། ཅིས་ཀྱང་ལེགས་གསུངས་ནས་སློབ་དཔོན་རབ་མཆོག་པ་དང་གཉིས་ལ་སྤྱི་རུ་གསེར་ཞོ་གང་། རྔུལ་གཟན་ལེགས་པོ་ཞིག་གནང་། གསེར་དེ་ཁོང་པ་ལ་ཕུལ། གཟན་དེ་རྗེ་འདི་པས་བསྣམས་ཏེ་དགུན་ཆོས་ལ་གསང་ཕུར་ཕེབས། རིགས་འབྲིང་མན་ཆད་ལ་མ་བརྟེན་པར་དང་པོ་ནས་ཚད་མའི་རིགས་ཆེན་མཛད། ཐུགས་གསལ་བ་དང་སྟོན་པ་བཟང་བའི་སྙན་པའི་གྲགས་པ་ཡང་རྒྱ་ཆེར་བྱུང་ངོ་། །དེ་ནས་


DLL1005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཕོ་སྤྲེའུའི་ལོ་ལ་འབྲས་སྤུངས་ཀྱི་འགྲམ་བཏིང་། སློབ་དཔོན་རབ་མཆོག་པ་དེར་འཆད་ཉན་པ་ཅིག་ལ་བྱོན། དེ་ནས་རྗེ་འདི་པས་སྟོན་ཆོས་སོགས་ལ་དགེ་ལྡན་དུ་ཕྱག་ཕེབས། རྗེ་རིན་པོ་ཆེ་ལ་ལམ་རིམ་ཆེན་མོ། འཁོར་ལོ་བདེ་མཆོག་གི་རྩ་རྒྱུད་ཀྱི་བཤད་པ་སྔགས་དབང་། སྒྲུབ་དཀྱིལ་གྱི་ལུང་སོགས་སྔགས་ཆོས་མང་པོ་གསན་ཅིང་། རྒྱལ་ཚབ་རྗེ་ལ་ཚད་མ། ཕར་ཕྱིན། བྱམས་ཆོས་ཕྱི་མ་སོགས་ཀྱི་བཤད་པ་མང་དུ་གསན་པས་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཕྱོགས་ལ་བཀའ་དྲིན་ཆེ་བ་ཡིན་གསུང་། ཡང་གསང་ཕུར་ཕེབས་ཏེ་རིགས་ལུང་འགྲིམ་པ་སོགས་ཀྱི་ཐུགས་སྦྱོང་མཛད། སྟོན་དགེ་ལྡན་ལ་ཕེབས་ཏེ་རྗེ་རིན་པོ་ཆེ་དང་རྒྱལ་ཚབ་རྗེ་སྟེ་ཡབ་སྲས་གཉིས་ལ་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་གསན་པ་དང་། འདུལ་འཛིན་ཆེན་པོ་གྲགས་པ་རྒྱལ་མཚན་པ་ལ་དྲང་ངེས་རྣམ་འབྱེད་ཚར་གཅིག་དང་། གཞན་ཡང་ཆོས་བཀའ་ཅི་རིགས་གསན། དེ་ལྟ་བུའི་ཚུལ་གྱིས་གསང་ཕུ་དགེ་ལྡན་གཉིས་ལ་ལོ་གསུམ་ཙམ་ཞིག་བཞུགས། དེ་ནས་ས་མོ་ཕག་གི་ལོ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་སྟོད་ལུང་གི་ཆུ་ཚན་ལ་བྱོན་ཏེ་སླར་འབྲས་སྤུངས་སུ་ཕེབས་པའི་ཚེ་རྗེ་འདིས་ཀྱང་དེར་བྱོན་ཏེ་ལམ་རིམ་གྱི་འཁྲིད། ནཱ་རོ་ཆོས་དྲུག །དབུ་མ་འཇུག་པ། གསང་བ་འདུས་པའི་རྒྱུད་ལ་སོགས་པ་མང་དུ་གསན། དེ་ནས་རྗེ་བཙུན་ཙོང་ཁ་ཆེན་པོ་སེ་ར་ཆོས་སྡིངས་སུ་ཕེབས། ཆོས་རྗེ་ཤཱཀྱ་ཡེ་ཤེས་པ་ལ་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ཏེ། དཔལ་གསང་བ་འདུས་པ་དང་བདེ་མཆོག་གི་རྩ་རྒྱུད་ལ་འཆད་ཉན་རྐང་བཙུགས་པའི་གྲྭ་ས་རྣམ་པར་དག་པ་


DLL1005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

འཛུགས་པའི་ཞལ་བཀོད་དང་ཆོས་དཔོན་བསྐོ་བ་ལ་སོགས་པ་མཛད་ཅིང་དེའི་རྟེན་འབྲེལ་བསྒྲིག་པའི་ཕྱིར་དུ་གནས་དེར་གསོང་སྦྱོང་མཛད། རྒྱུད་ཀྱི་རྒྱལ་པོ་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་གསུངས། དེ་ནས་ཡར་ལམ་བྲག་དཀར་བ་ལ་ཡང་། བདེ་ཆེན་རྩེར་དེ་ལྟ་བུའི་གྲྭ་ས་འཛུགས་པའི་ཞལ་བཀོད་མཛད་བཞེད་དུ་འདུག་པ་ལ། བདག་གི་རྗེ་བླ་མ་འདིས་ཀྱང་རྗེ་ཤེས་རབ་སེང་གེ་དང་ཡབ་སྲས་གཉིས་ཀས་སེ་ར་ཆོས་སྡིངས་སུ་རྗེ་རིན་པོ་ཆེའི་དྲུང་དུ་བྱོན། གསོ་སྦྱོང་དང་། རྒྱུད་ཀྱི་རྒྱལ་པོ་གཉིས་གསུང་བའི་ཆོས་རར་ཆེད་དུ་བསམས་ནས་བྱོན། ཁྱད་པར་རྗེ་ཤེས་རབ་སེང་གེའི་དགོངས་པ་ལ། རྗེ་བཙུན་ཙོང་ཁ་པ་ཆེན་པོ་དེ་ལྟ་བུའི་རྒྱུད་ཀྱི་འཆད་ཉན་འཛུགས་པའི་རྡོ་རྗེའི་སློབ་དཔོན་ཞིག་བདག་གི་བླ་མ་འདི་ལ་རེ་ཞིང་། དེའི་བཀའ་ལུང་ཞིག་གནང་བར་ཞུ་ཞེས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་དངོས་སུ་ཞུས་ཀྱང་འདུག །དེ་ལྟ་ནའང་རྗེ་བླ་མ་འདི་ཉིད་འདི་ལྟར་དགོངས་ཏེ། སྤྱིར་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ཅིག་བྱེད་པ་ལ་འདུལ་བ་ཤེས་དགོས་པར་འདུག །ཁྱད་པར་གྲོ་ས་འདི་འདུལ་བའི་འབྱུང་ཁུངས་ལྟ་བུར་འདུག་པས་དེར་འདུལ་བ་སློབ་ཏུ་འགྲོ་སྙམ་དུ་དགོངས་ཏེ་དེའི་རྒྱུ་མཚན་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་ཞུས་པས། འདུལ་བ་སློབ་པ་ལ་ཉམས་སུ་ལེན་འདོད་ཀྱི་བསམ་པས་སློབ་དགོས་པ་ཡིན། དེ་ལྟར་ཡིན་ན་ངོ་མཚར་ཆེ་གསུངས་ནས་ཆས་ཀྱི་མཐུན་རྐྱེན་དུ་རིན་པོ་ཆེ་ཞོ་གང་གནང་། དེའི་ཆ་ཤས་ཤིག་ལ་ལྷ་ས་ནས་རྩམ་པ་བསྒྲུབས་ཏེ་སྒོ་ལ་ལ་བྱོན། ལམ་


DLL1005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ཐེག་པར་རྔུལ་གཟན་གྱི་སྣམ་པ་གཅིག་ཕོག་ལ་དྲུབས་པའི་ནང་དུ་རྩམ་པ་ཐོགས་ཅིག་བཞག །དེར་རྡོ་ལ་ཕྱག་བྲིས་མཛད་དེ། འདི་སུ་དང་ཕྲད་པས་ལོངས་སྤྱད་ཀྱང་ཉེས་པ་མེད་དོ། །ཞེས་བྲིས་པ་བཞག་ལ་གྲོ་སར་བྱོན། དེའི་དུས་སུ་རྗེ་ཤེས་རབ་སེང་གེ་པས་དམར་སྟོན་ཡབ་སྲས་ཀྱི་དྲུང་རུ། དགེ་བཤེས་འདི་བདག་གི་སློབ་མའི་དྭངས་མ་ཡིན་པས་འདུལ་མཛོད་ཕུལ་དུ་ཕྱིན་པ་ཅིག་སློབ་པ་ཞུ་ཟེར་བའི་ཞུ་ཡིག་ཀྱང་ཕུལ། དམར་སྟོན་དཔལ་ལྡན་རིན་ཆེན་པ་དང་རྒྱ་མཚོ་རིན་ཆེན་པ་གཉིས་ལ་ལོ་གཉིས་ཀྱི་བར་དུ་མདོ་རྩ་བ་དང་མངོན་པ་མཛོད་ལེགས་པར་གསན། ཁྱད་པར་རྒྱ་མཚོ་རིན་ཆེན་པ་ལ་ལུང་སྡེ་བཞིའི་ལུང་ཡང་གསན། དམར་སྟོན་པའི་ཞལ་ནས། ངེད་ཀྱི་སློབ་མ་གཙང་ཕྱོགས་ན་ཁྱེད་དང་དཀའ་བཅུ་པ་གཞོན་ནུ་རྒྱལ་མཆོག་གཉིས་ལས་འདུལ་བ་ལ་མཁས་པ་མེད་པས་ཁྱེད་ཀྱིས་ཀྱང་བསྟན་པ་ལ་ཕན་པའི་འཆད་ཉན་ལེགས་པོར་མཛོད། ངས་ཀྱང་ལོ་བཅུ་དྲུག་ནས་ད་ལྟའི་བར་དུ་འཆད་ཉན་མ་ཆག་པར་བྱས་པ་འདི་བསྟན་པ་འབའ་ཞིག་ལ་བསམས་པ་ཡིན་ནོ། །ཞེས་གསུངས། དེར་བཞུགས་པའི་རིང་ལ། ཚེ་གཅིག་རྗེ་བཙུན་ཙོང་ཁ་པ་ཆེན་པོ་གཞན་དོན་ལ་གཤེགས་ཟེར་བའི་སྐད་ཆ་གསན་པ་ལ་རྗེ་འདིའི་ཐུགས་དགོངས་ལ། སྤྱོད་པ་ལ་གཤེགས་པ་ཡིན་ཏེ་འོང་། ཁོང་ལ་མྱ་ངན་ལས་འདའ་བའི་སྐབས་ནི་མེད་ལས་ཆེ་སྙམ་པ་ཅིག་བྱུང་གསུང་སྟེ། འདི་ལ་གནད་ཀྱི་དགོངས་རྒྱུ་ཆེན་པོ་ཞིག་ཡོད་དོ། །དེ་ནས་སླར་ཡང་གསང་ཕུར་ཕྱགས་ཕེབས། སྔར་གྱི་ཐུགས་སྦྱོང་གི་འཕྲོ་རྣམས་ལེགས་པར་མཛད། གླིང་སྟོད་དུ་མཐོང་སྨོན་པ་ཞེས་པའི་གྲྭ་ཚང་ཞིག་གི་


DLL1005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་ཉན་པ་རྗེ་ཤེས་རབ་སེང་གེས་མཛད་ཀྱིན་ཡོད་པའི་གདན་སར་རྗེ་འདི་པ་དང་ཤར་དྭགས་པོའི་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་བ་གཉིས་བསྐོ་བཞག་མཛད་དེ་ལོ་ཁ་ཡར་འཆད་ཉན་ཀྱང་མཛད། དེ་དུས་གསང་ཕུའི་བྲག་ཕུག་ཅིག་ཏུ་ཐུགས་དམ་མཛད་པའི་མནལ་ལམ་དུ་བྱང་ཤར་ཕྱོགས་ནས་ཐུབ་དབང་གི་སྐུ་ཤིན་ཏུ་ཆེ་བ་ཅིག་གཟིགས་པའི་མཛོད་སྤུ་ནས་ཟླ་བ་ཉ་གང་བ་ཅིག་ཆད་དེ་རྗེ་རང་ཉིད་ལ་ཐིམ་པ་རྨིས། དེ་རྗེ་ཤེས་རབ་སེང་གེ་ལ་ཞུས་པས། སངས་རྒྱས་ཀྱི་འཕྲིན་ལས་འཇུག་ཅིང་ཚེ་རིང་པོ་འོང་བའི་ལྟས་ཡིན། ངེད་ཀྱི་རྨི་ལམ་དུའང་ཁྱེད་མགོ་སྐྱ་ཡེར་ཡེར་འཆད་ཉན་བྱེད་ཀྱིན་འདུག་པ་རྨིས་གསུང་། ཡང་དེ་དུས་མནལ་ལམ་ལ་ནམ་མཁའ་ནས་ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཟེར་བ་ཅིག་ལཉྫའི་རྣམ་པར་ནར་ཏེ་བྱུང་བ་རྗེ་ཉིད་ཀྱི་ལྕེ་ཐོག་ཏུ་བབས་པ་དང་། ང་འཚེངས། ང་འཚེངས། ཟེར་བ་ལན་གསུམ་བརྗོད་པ་དུས་མཉམ་པ་ཅིག་བྱུང་གསུང་། དེ་ནས་མེ་ཕོ་རྟ་ལོ་ལ་གཙང་ཕྱོགས་ལ་ཕྱགས་ཕེབས་ཏེ། དེ་སྐོར་ལ་དབུས་ཕྱོགས་སུ་ལོ་བཅུ་གཉིས་བཞུགས་ཞེས་གསུངས། དེ་དུས་རྗེ་ཤེས་རབ་སེང་གེ་དང་ཡབ་སྲས་ཕྱོགས་མཐུན་དུ་གཙང་ལ་བྱོན། བྱང་ཆེན་དུ་གྲྭ་པ་བདུན་ཅུ་ཙམ་ལ་འཆད་ཉན་མཛད། རིགས་ལུང་ཀྱང་ཤིན་ཏུ་འཕེལ་བར་བྱུང་། དེ་ནས་གྲྭ་ཚོགས་ཀྱང་ཇེ་ཆེ་ལ་སོང་སྟེ་སྣར་ཐང་། བྱང་ཆེན། རྟ་ནག་རི་ཁུད་རྣམས་ལ་རིམ་གྱིས་ཆོས་བར་ལ་བྱོན་ཏེ། ལོ་ལྔ་དྲུག་གི་རིང་ལ་འཆད་ཉན་འཕེལ་བར་བྱུང་། དེ་དུས་ལྕགས་ཕོ་ཁྱི་ལོ་ལ་སྣར་ཐང་དུ་འཇུག་པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་གི་རྩོམ་པ་ཡང་མཛད། སླར་ཡང་གསང་


DLL1005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཕུའི་འཆད་ཉན་ལ་གདན་འདྲེན་བྱུང་ཡང་མ་ཕེབས། ཡང་དེ་དུས་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་ཡབ་སྲས་གཉིས་གནས་རྙིང་དུ་ཕེབས། དེའི་དྲུང་དུ་རྗེ་ཤེས་རབ་སེང་གེ་དང་ཡབ་སྲས་གཉིས་ཀྱིས་ཀྱང་བྱོན་ཏེ་རྒྱལ་ཚབ་རྗེ་ལ་སྤྱིར་ཆོས་མང་པོ་དང་། ཁྱད་པར་དུ་མངོན་པ་ཀུན་ལས་བཏུས་ཀྱི་ཊཱི་ཀ་དེ་གསན་རིམ་གྱིས་རྗེས་འདི་པས་ཕྱག་བྲིས་མཛད་དེ་གཞན་ལ་ཡང་གསུངས་ལ། མཁས་གྲུབ་རྗེ་ལ་ཡང་། རྗེ་འདི་པས་ཆོས་ཀྱི་འབྲེལ་ཡོད་ཙམ་ཞིག་ཀྱང་དེ་དུས་མཛད་པ་ཡིན་ནོ། །དེ་ནས་དྭགས་པོ་དཔོན་སློབ་ཐོགས་ཅིག་སྣར་ཐང་དུ་སླེབས་ཏེ། དཔོན་སློབ་ཐམས་ཅད་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་ལ་སྟོད་ལ་ཆོས་བར་ལ་འགྲོ་དགོས་ཟེར་བ་ལ། རང་རེ་རྣམས་སྔོན་ལ་བྱོན། ངེད་དཔོན་སློབ་རྣམས་རྗེས་ལ་འོང་གསུངས་ཏེ། ལྕགས་མོ་ཕག་ལ་རྗེ་ཤེས་རབ་སེང་གེ་དང་ཡབ་སྲས་ཕྱོགས་མཐུན་ལ་སྟོད་ལ་ཆོས་བར་ལ་བྱོན། ཡར་ལམ་གཅེན་ལུང་དང་ཆུ་འདུས་སོགས་སུ་བྱང་སེམས་ཤཱཀྱ་དཔལ་བས་སྦྱིན་བདག་མཛད་དེ་ཆོས་བར་མཛད། ཁྱད་པར་ཆུ་འདུས་སྟག་རྩེའི་ཆོས་བར་དུས་རྗེ་བླ་མ་འདིའི་སྲས་ཀྱི་ཐུ་བོ་སེམས་དཔའ་ཆེན་པོ་འདུལ་འཛིན་བློ་གྲོས་སྦས་པ་ལ་བར་ཆད་ཀྱི་མཚན་མ་ཅུང་ཟད་ཙམ་གྱིས་རྐྱེན་བྱས་ཏེ་སྤྱན་ཡ་གཅིག་ཐིམ་པ་དེ་བྱུང་། དེ་ལ་རྗེ་བླ་མ་འདིས་ལྷ་མོ་དམག་ཟོར་ལ་གཏོར་མ་ཕུལ་ཏེ་ཡུས་གསོལ་བས། དེའི་ནུབ་མོ་མནལ་ལམ་དུ་བུད་མེད་རྒྱན་གྱིས་བརྒྱན་པ་ཅིག་ན་རེ། ཁྱོད་ཀྱི་སློབ་མའི་མིག་ཚབ་ཡོང་བའི་སྐལ་ལྡན་གྱི་སློབ་མ་གཅིག་སང་ཉིན་འོང་བ་ཡོད་དོ་གསུང་བ་ཅིག་རྨིས། དེའི་ནངས་པར་སྐལ་ལྡན་གྱི་སློབ་མ་གཅིག་བྱུང་བ་དེས་ངའི་བསྟན་


DLL1005_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕན་ཐོགས་ཆེ་བ་ཅིག་བྱུང་གསུང་། ཡང་དེར་མནལ་ལམ་དུ་རྗེ་བཙུན་མ་སྒྲོལ་མའི་སྐུ་འོད་དང་འོད་ཟེར་གྱི་ཕུང་པོའི་དབུས་ན་བཞུགས་པ་ཅིག་བྱུང་བའི་ཞབས་ལ་འཇུས་ཏེ། བསོད་ནམས་འདི་ཡིས་ཚེ་རབས་ཀུན་ཏུ་བདག །ཅེས་པའི་ཚིགས་བཅད་འདི་བྱས་པར་རྨིས། ཞེས་གསུངས། དེ་ནས་རྗེ་ཤེས་རབ་སེང་གེ་ཕྱིར་ལོག་སྟེ། རྗེ་འདི་པ་དཔོན་སློབ་རྣམས་ཀྱིས་ལ་སྟོད་ལྷོ་ལ་ཆོས་བར་བྱོན། ཡུལ་འཁོར་ཆོས་སྡིངས། ཤེལ་དཀར། ལྷ་ཉི་མདོ་རྣམས་སུ་ཆོས་བར་མཛད། ཁྱད་པར་ཆོས་སྡིངས་སུ་གཡུལ་རྒྱལ་བ་ཡོན་འབྱུང་ཞེས་པ་གདན་དྲངས་ཏེ་ཁོང་ལ་དབྱངས་འཆར་གྱི་རྒྱུད་ཆ་ལག་དང་བཅས་པའི་བཤད་པ། ལག་ལེན་གྱིས་རིས་སོགས་ཞུས་ཏེ་ལེགས་པར་སྦྱངས། དེའི་དུས་སུ་རྗེ་འདི་པས་མཛད་པའི་དེ་སྐོར་གྱི་ཡིག་ཆ་ཡང་མང་པོ་ཡོད་དོ། །ཤེལ་དཀར་དུ་ཆོས་བར་དུས་ཀུན་མཁྱེན་ཆོས་བློ་བ་དཔོན་སློབ་ཐོགས་ཅིག་ཆོས་བར་ལ་བྱོན་པ་དང་མཇལ་ཏེ། ཕན་ཚུན་ཐུགས་ཕེབས་པའི་ཆོས་ཀྱི་འབེལ་གཏམ་མང་པོ་མཛད་པས་གཉིས་ཀ་ཐུགས་ཚིམ་པར་བྱུང་། དེར་བདག་གི་ཡོངས་འཛིན་དམ་པ་མཁས་པའི་དབང་པོ་དཔལ་ལྡན་ཆོས་སྐྱོང་ཞེས་པ། རྗེ་བླ་མ་འདི་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་མཛད་ཅིང་། ཆོས་སྤྱི་དང་། ཁྱད་པར་མངོན་པར་མཛོད་ཚར་ཉི་ཤུ་རྩ་གཅིག་གསན་པ་དེས་ཀྱང་ཕྱགས་ཕྱིར་སླེབས་སོ། །ཡང་དེ་དུས་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་སློབ་མ་མཁས་གྲུབ་དཔལ་ལྡན་སངས་རྒྱས་པ་ཞེས་པ་དང་། རྗེ་འདི་པ་ཤེལ་


DLL1005_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཚོགས་སུ་བགྲོ་གླེང་ལ་བཞེངས། གཉིས་ཀ་ཐམས་ཅད་ཀྱི་ཡིད་སྨོན་པའི་གནས་སུ་བྱེད་པ་བྱུང་། དེས་རྐྱེན་བྱས་ནས་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་བ་མཇལ་ནས་ཆོས་ཞུ་བའི་འདུན་པ་དྲག་པོ་ཞིག་བྱུང་སྟེ། དཔོན་སློབ་རྣམས་ཀྱིས་པདྨ་ཆོས་སྡིངས་ལ་བྱོན། ཡར་ལམ་གླ་འཁོར་དུ་ཕ་དམ་པའི་སྐུ་གདུང་ཀ་རུ་ལ་མཇལ། སྤྱིར་དེ་ལ་མཐོང་ཚུལ་སྣ་ཚོགས་ཤིག་ཡོད་པ་ལ། རྗེ་འདི་པས་དམ་པ་རང་གི་སྐུར་དངོས་སུ་གཟིགས་པ་ཡིན་ཟེར་བའི་ལོ་རྒྱུས་དཀོན་གཉེར་གྱིས་བརྗོད་པ་ད་ལྟའི་བར་དུ་ཡོད་པ་ལ། དུས་ཕྱིས་བདག་གིས་ཀྱང་གླ་འཁོར་དུ་ཕྱིན། སྐུ་གདུང་དང་མཇལ་དུས་དཀོན་གཉེར་གྱིས་སྔར་གྱི་མཐོང་ཚུལ་རྣམས་རྗོད་ཀྱིན་འདུག །དེ་ནས་འདིར་སླེབས་དུས་རྗེའི་དྲུང་དུ་རྒྱུ་མཚན་ཕུལ་བས། བདག་གིས་དམ་པ་རང་གི་སྐུར་མཐོང་གསུང་བ་དངོས་སུ་ཐོས། དེ་ནས་པདྨ་ཆོས་སྡིངས་སུ་བྱོན། པཎ་ཆེན་དང་མཇལ། ཞག་ཤས་དེར་བཞུགས། ཆོས་མང་དུ་ཞུས། ཁྱད་པར་སྒྲོལ་མ་ཉེར་གཅིག་མ། སྒྲོལ་མ་ལྷ་བཅུ་བདུན་མ་སོགས་ཀྱི་དབང་དང་། རྗེ་བཙུན་མ་དཀར་སྔོ་གཉིས་དང་། དབྱངས་ཅན་མ། གདུགས་དཀར་སོགས་ཀྱི་རྗེས་གནང་མང་དུ་ཞུས། པཎ་ཆེན་གྱིས་དྲི་བ་མང་པོ་མཛད་པ་རྣམས་ལ་ལན་ཕུལ་བ་རྣམས་ལའང་ཐུགས་ཤིན་ཏུ་དགྱེས་པར་བྱུང་ནས། ད་ཕྱིན་ཆད་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་གྱིས་ཞེས་པའི་མངའ་གསོལ་ཡང་མཛད་དོ། །དེ་ནས་སླར་ཡང་ཤེལ་དཀར་དུ་ཕེབས་ཏེ་ཆོས་བར་མཛད། དེ་དུས་ནུབ་གཅིག་གི་མནལ་ལམ་དུ་རྒྱལ་ཚབ་རྗེ་བྱོན་ནས། རྗེ་བཙུན་མ་ལ་གསོལ་


DLL1005_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་ཀྱི་རྗེས་སུ། བཅོམ་ལྡན་འདས་མ་མཆོད་བྱས་པས། །ཞེས་སོགས་ཤླཽ་ཀ་འདི་ལན་གསུམ་རེ་གྱིས་གསུང་བ་རྨིས། དེ་ལ་བརྟགས་ན་དེ་དུས་རྒྱལ་ཚབ་རྗེ་གཞན་དོན་ལ་གཤེགས་པར་འདུག་པས། ང་པོ་ཏ་ལ་ནས་བདེ་བ་ཅན་དུ་འགྲོ། ཁྱེད་ཀྱང་དེ་ལྟར་མཛོད་ཅེས་པར་གོ་ནས། ཚིགས་བཅད་ཚོགས་སུ་མ་ཆག་པར་བཙུགས་གསུང་། དེ་ནས་ཆུ་ཕོ་བྱི་བའི་ལོ་ནག་པ་ཟླ་བའི་ཚེས་བཞི་ལ་ཚད་མ་རྣམ་འགྲེལ་གྱི་ཊཱི་ཀ་འདིའི་རྩོམ་པ་ཡང་མཛད་དོ། །དེ་ནས་རིམ་གྱིས་ས་སྐྱར་ཕེབས། གུར་གྱི་མགོན་པོ་མཇལ་བར་བཞེད་དེ། དཀོན་གཉེར་ལ་མཇལ་ཁ་ཞུས་པས་ཁོང་ན་རེ། ངས་མགོན་པོ་ལ་ཞུ་ཟེར་ཏེ་སོང་། ཅི་ཡིན་ནམ་སྙམ། རེ་ཞིག་ནས་བྱུང་སྟེ། སྣར་ཐང་དུ་འཕྲད་པའི་མི་ཞིག་ཡོད་པ་དེ་ལ་ཤོག་གསུང་གིན་འདུག་ཟེར། རྗེའི་གསུང་ནས། སྣར་ཐང་ཉེར་འཛིན་ཆེན་པོ་ལ་གུར་གྱི་བཀའ་ཞིག་ཐོབ་པ་དེ་ལ་དགོངས་པ་འདྲ་གསུང་། དེ་ནས་རྒྱང་འབུམ་མོ་ཆེ་སྐོར་ལ་ཆོས་ཐོག་གཅིག་བཞུགས་ཏེ་ཆོས་བར་མཛད། དེ་སྐོར་གྱི་གྲྭ་ཚང་ཁ་ཡར་དང་རིགས་ལུང་སོགས་ཕྱོགས་མཐུན་མཛད་དེ་བསྟན་པའི་བྱ་བ་རྒྱས་པར་མཛད་དོ། །དེའི་ཚེ་ཁོང་རྣམས་ཀྱིས་གནང་ཁང་མི་ཡོང་ཟེར་བ་ལ། མནལ་ལམ་དུ་ཨ་ནེ་རྒྱང་མ་ཡིན་ཟེར་བའི་བུད་མེད་ཅིག་བྱུང་ནས། འབུམ་པའི་སྐོར་འདི་ང་རང་དབང་བས་གནས་ཁང་ཡོང་ཟེར་ཅིང་། སང་ཉིན་བུད་མེད་ཅིག་བ་བབས་ནས། འབུམ་པའི་སྐོར་འདི་ང་རང་དབང་བས་གནས་ཁང་ཡོང་གི་ཨ། གཞན་ཡང་། མི་ཆེན་གྱིས་རྩམ་པ་སྦོམ་པོ་སྟེར་གྱི་ཨ། གཞན་ཡང་། རྩོད་པ་རྒྱལ་གྱི་ཨ་ཟེར་ཏོ། །དེ་ནས་གནས་ཁང་


DLL1005_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱུང་ཞིང་། བྱང་སེམས་ས་མཚོ་མས་ཕོགས་བཟང་པོ་ཕུལ་ཏེ་ཆོས་ཀྱང་འཕེལ་བར་བྱུང་། དེ་དུས་རྗེ་འདི་པས་མཆོད་རྟེན་གྱི་དྲུང་དུ་ཐུགས་དམ་ལ་བཞུགས་པས། རྟེན་འབྱུང་མཐའ་བྲལ་གྱི་དོན་ལ་ངེས་པ་ཆེ་ཆེར་རྙེད་དེ། དེ་ནས་བཟུངས་ཏེ་སྙིང་རྗེ་གསུམ་གྱི་དོན་ལ་རྩེ་གཅིག་ཏུ་འཇོག་པས་དུས་འདའ་བ་ཅིག་ཡོད་ཅེས་དམ་པ་དག་གསུང་ངོ་། །དེ་ནས་ཆུ་མོ་གླང་གི་ལོ་སླར་ཡང་སྣར་ཐང་དུ་བྱོན། རྩ་ཤེའི་རྣམ་བཤད་རིན་པོ་ཆེའི་ཕྲེང་བའི་རྩོམ་པ་མཛད་དེ་འཆད་ཉན་གྱི་སྒོ་ནས་གཏན་ལ་ཕབ། དེ་རྗེས་རི་ཁུད་དུ་ཕེབས། དེའི་ཚེ་རྗེ་ཤེས་རབ་སེང་གེ་སྔར་རྗེ་བླ་མ་འདི་པ་ལ་སྟོད་ལ་ཆོས་བར་ལ་བྱོན་པའི་སྐྱེལ་མར་ཆུ་འདུས་བར་བྱོན། དེ་ནས་ཕྱིར་བྱོན་ཏེ་དགེ་ལྡན་དུ་རྒྱལ་ཚབ་རྗེ་ལ་དུས་འཁོར་གསན་པ་ཕེབས་བཞེད་ཡིན་པ་ལ། རྟ་ནག་ཏུ་དགེ་སྦྱོང་དཀར་པོ་བས་སྤྱན་དྲངས་ཏེ་རི་ཁུད་ཆོས་སྡེ་ཕུལ། ཞལ་བདག་མཛད་ནས་ལོ་ཤས་བཞུགས། དེ་དུས་སུ་ཤངས་པ་ཀུན་མཁྱེན་ཆེན་པོ་དང་དེའི་གདན་ས་པ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང་པོ་གཉིས་ལ་ཆོས་བཀའ་མང་དུ་གསན། གསང་བ་འདུས་པའི་རྒྱུད་ཀྱི་འཆད་ཉན་ཡང་འཕེལ་བར་མཛད། དེ་ཐད་དུ་རྗེ་བླ་མ་འདི་ཡང་ཕེབས་ཏེ། དེ་དུས་ཡབ་སྲས་བཀའ་བགྲོས་མཛད། རྗེ་ཤེས་རབ་སེང་གེ་དགེ་ལྡན་དུ་མཁས་གྲུབ་རྗེ་ལ་དུས་ཀྱི་འཁོར་ལོ་གསན་པ་ལ་བྱོན། རྗེ་འདི་པ་རི་ཁུད་ཀྱི་གདན་སར་བསྐོ་བ་སོགས་ཀྱི་ཞལ་ཏ་དྲུང་ཆེན་དགེ་སྦྱོང་བ་དང་ཡོན་མཆོད་ཞལ་འཛོམ་པ་ལ་གནང་སྟེ་དབུས་ཕྱོགས་ལ་ཕེབས། རྗེ་འདི་པས་རི་ཁུད་ཆོས་སྡེའི་ཞལ་བདག་མཛད། དྲུང་


DLL1005_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དགེ་སྦྱོང་བས་སྦྱིན་བདག་མཛད་དེ་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་པའི་ཕྱིར་དུ་རྗེ་བཙུན་བྱམས་པའི་སྐུ་ཁྱད་པར་ཅན་ཞིག་བཞེངས། གཙུག་ལག་ཁང་གི་སྒོ་སྒྱུར་བ་དང་རྡོ་གཟལ་འདིངས་པ་སོགས་ཀྱི་སྒོ་ནས་ཆོས་སྡེ་ལ་ཕན་པ་ཆེ་བར་མཛད། ཁྱད་པར་དུ་དུས་ཆེན་ལ་སྨོན་ལམ་ཆེན་མོ་བཙུགས་ཏེ་ད་བར་མ་ཆག་པར་མཛད། དེ་དུས་སུ་རྟ་ནག་ན་ཆོས་རྗེས་ཨཱ་ནནྡ་པ་བཞུགས་པ་ལ་དཔལ་མགོན་ཆེན་པོ་གདོང་བཞི་པའི་བཀའ་ལུང་གསན། དེའི་རྒྱུ་མཚན་ཡང་མགོན་པོ་འདི་སྔར་ཡང་མནལ་ལམ་དུ་བྱོན་ནས་ཡུས་ཡུས་བྱེད་པ་ཅིག་ལན་མང་དུ་ཡོད་ཅིང་། ཁྱད་པར་དེ་དུས་སུ་ཐོ་རངས་ཤིག་ནམ་མཁའ་ནས་སྒྲ་ཞིག་ལ། དང་པོ་སྐྱེས་ཙམ་ནས་བཟུངས་ཏེ་སྲུང་སྐྱོབ་བྱེད་པ་ཅིག་ཡིན་ཏེ། ད་དུང་གཏོར་མ་མ་བྱིན། ད་དུང་ཡང་ཁྱོད་ལྟ་བུའི་བསྟན་འཛིན་ལ་ང་ལྟ་བུའི་ཆོས་སྐྱོང་གིས་སྲུང་སྐྱོབ་བྱེད་པ་དགའ་མོ་ཡིན་ཏེ་ཟེར་བ་ཅིག་བྱུང་བས་ཞུས་པ་ཡིན་གསུང་། སྔར་རྗེ་ཤེས་རབ་སེང་གེའི་གསུང་ནས། དགེ་འདུན་གྲུབ། ཆོས་སྐྱོང་མ་མང་། མངས་ན་ཚེའི་བར་ཅད་དུ་འགྱུར། ཁྱད་པར་མགོན་པོ་ཞལ་དང་དམ་ཅན་ཆོས་རྒྱལ་གཉིས་མི་མཐུན་པ་ཡིན་གསུང་བ་ཅིག་ཡོད་པ་ལ། རྗེ་འདི་པས་དང་པོ་ལ་སྟོད་ལ་ཕེབས་དུས། ལྷོ་སྨད་ཀྱི་གྲང་སོ་ཕྱོགས་སུ་ཆར་འབེབས་ཤིག་ལ་བྱོན་དུས་ཡུལ་པ་དེ་རྣམས་ཀྱིས་ཁོང་དཔོན་སློབ་ཀྱིས་རང་རེའི་གཞི་བདག་ལ་གནོད་པ་སྐྱེལ་གྱིན་འདུག་ཟེར་ནས་འཕྲོག་འཇོམས་བྱས་པས། དེའི་ནུབ་མོ་རྨི་ལམ་དུ་དཔལ་མགོན་ཆེན་པོ་བྱོན་ནས། ངའི་གྲོགས་ལ་ཆོས་རྒྱལ་


DLL1005_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཐོང་། ངེད་གཉིས་ཀྱིས་ཡུལ་མི་རྣམས་ལ་གནོད་པ་སྐྱེལ་གསུང་བ་ཅིག་བྱུང་བས་ཁོང་གཉིས་མཐུན་པ་ཡིན་ཞེས་གསུང་ངོ་། །རི་ཁུད་དུ་བཞུགས་དུས་ནུབ་ཅིག་མནལ་ལམ་ལ་མི་ཞིག་གིས། གདུང་རུས་ཡིན་ཟེར་བ་སྡེར་མ་གང་ཕུལ་བྱུང་བ་དང་དེ་འབུ་རུ་སོང་བ་རྨིས། དེ་ལ་བརྟེན་ནས་རྟ་ནག་ཕུའི་རྡོ་རྗེ་གདན་ན་བླ་མ་དོན་ཡོད་པ་བྱ་བ་མངོན་ཤེས་དང་ལྡན་པ་ཅིག་ཡོད་པ་དེ་ལ། རྗེ་འདི་པས་སྐུ་སྐྱེ་སྔ་ཕྱི་སོགས་ཀྱི་ལུང་བསྟན་ཞུ་བ་ལ་བཏང་བས་ཁོང་གི་ཞལ་ནས། སྐུ་སྐྱེ་སྔ་མ་ལ་བལ་པོར་པཎ་ཆེན་ཅིག་ཏུ་འཁྲུངས། སྐུ་ཚེ་འདི་ལ་སྒྲུབ་པ་བྱས་ནས་ན་གྲུབ་པ་འཐོབ། སྐྱེ་བ་ཕྱི་མ་ལ་དགའ་ལྡན་དུ་འཁྲུང་། སྐུ་ཚེ་བདུན་ཅུ་ཐུབ། རི་ཁུད་དུ་བཤད་ཉན་མཛད་ན་དྲུག་ཅུ་ལས་མི་ཐུབ། གནས་ངེས་མེད་དུ་བཤད་ཉན་མཛད་ན་སྐུ་ཚེ་རིང་བར་འོང་། ཕྱི་མ་ལ་རྒྱ་ནག་ཏུ་ཕྲིན་ལས་འབྱུང་ཞེས་གསུང་བ་དང་། གཞན་ཡང་ད་ལྟ་ཤར་ཕྱོགས་སུ་བྱོན་ན་བླ་མ་ཁྱད་པར་ཅན་ཅིག་དང་མཇལ། མ་བྱོན་ན་མི་མཇལ། ཡི་དམ་འཇམ་དབྱངས་ཞི་ཁྲོ་དང་འབྲེལ་ཆེ། ཆོས་སྐྱོང་ཕྱག་དྲུག་པ་དང་འབྲེལ་ཆེ། སྐུ་ཚེ་སྲིང་ཐབས་རྟ་མགྲིན་ལྕགས་རལ་ཅན་ལ་བསྙེན་པ་བསྐྱལ་ན་བཟང་ཞེས་པའི་ལུང་བསྟན་བྱུང་བ་ལ་བརྟེན། རྟ་ནག་སྒྲོལ་མ་པའི་བླ་མ་འཇམ་དབྱངས་བསམ་གྲུབ་རྡོ་རྗེ་བྱ་བ་ལ་རྟ་མགྲིན་ལྕགས་རལ་ཅན་གྱི་རྗེས་གནང་། རྡོ་རྗེ་ཕུར་པའི་བཀའ་གསན་ཏེ་རྟ་མགྲིན་གྱི་བསྙེན་སྒྲུབ་ཀྱང་མཛད། གཞན་ཡང་སྔ་མོ་རི་བོ་དགེ་ལྡན་དུ་བཞུགས་དུས་མནལ་ལམ་ལ་རྫིང་བུ་ཞིག་གི་དཀྱིལ་དུ་སྣ་ཚོགས་པདྨའི་སྡོང་པོའི་སྟེང་དུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་འཕགས་པའི་གནས་བརྟན་བཅུ་དྲུག་གིས་


DLL1005_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ནས་བཞུགས་པ་ཆོས་སྤྱོད་ཀྱི་སྒྲ་ལྷང་ལྷང་སྒྲོག་པའི་ཚལ་དུ་རྫིང་བུའི་མཐའ་ནས། དངོས་གྲུབ་སྩོལ་ཞེས་ཞུས་པས་མཆོག་གི་དངོས་གྲུབ་གནང་བའི་སྣང་བ་ཅིག་བྱུང་། གནས་སྐབས་ཀྱི་དངོས་གྲུབ་ལ་བློ་རྩེ་གཏད་ནས། ད་དུང་ཡང་དངོས་གྲུབ་སྩོལ་ཞེས་ཞུས་པས། གཙང་གི་རྒྱགས་ལྷག་ཁམས་སུ་འཁྱེར་བར་ཤོག །ཅེས་གསུང་བ་ཅིག་བྱུང་། མནལ་སད་པར་སྐུ་ཚེའི་མཇུག་ལ་ཁམས་སུ་ཕྲིན་ལས་འོང་བ་ཨེ་ཡིན་སྙམ་པ་ཅིག་བྱུང་ནའང་། ཕྱིས་བརྟགས་ན་བླ་མ་དོན་ཡོད་པའི་ལུང་བསྟན་ལྟར་སྐྱེ་བ་ཕྱི་མ་ལ་ཁམས་སུ་སྐྱེས་ནས་ཕྲིན་ལས་རྒྱ་ཆེན་ཅིག་འོང་བ་ཡིན་ལས་ཆེ། ཞེས་རྗེ་རང་ཉིད་གསུང་ངོ་། །དེ་ནས་ཡང་སྣར་ཐང་ཕྱོགས་ལ་ཕེབས། བྱང་ཆེན་སོགས་སུ་ཆོས་བར་མཛད། དེ་ནས་བོ་དོང་ལ་བྱོན། དཔལ་ལྡན་དམག་ཟོར་ལྷ་མོ་འདི་སྐུ་སྐྱེ་མང་པོ་ནས་ཀྱི་ཆོས་སྐྱོང་ཡིན་པ་ལ་སྔར་རྗེས་གནང་ཞུ་བ་སོགས་མ་མཛད་པས། དེ་ཞུ་བ་ལ་དེ་དུས་བོ་དོང་ན་རྒྱལ་སྲས་རིན་པོ་ཆེའི་དངོས་སློབ་རིན་པོ་ཆེ་ཆོས་བཟང་དཔལ་བ་ཞེས་པ་བཞུགས་པས་དེར་བྱོན། ལྷ་མོའི་རྗེས་གནང་དགོས་ཞུས་པས་ཁོང་གི་ཞལ་ནས། མདང་རྨི་ལམ་བཟང་། ལྷོ་ཕྱོགས་འདི་ནས་རླུང་ནག་འཚུབ་མའི་དཀྱིལ་ནས་དགེ་སློང་ཞིག་བོ་དོང་གི་སྒོ་རྩར་སླེབས་བྱུང་བ་ལ་འདི་ནས་བུད་མེད་རྒྱན་ཅན་ཅིག་སོང་སྟེ། བསྟན་འཛིན་ཆེན་པོ་ལ་བསུ་བ་བྱ་ཟེར་ནས་བྱུང་བ་རྨིས། ད་རེས་རང་འབྲུག་མོ་ཧོར་གྱིས་འཁྱེར་བ་འདྲ། ཧ་ཧ་གསུང་ཞིང་། ལྷ་མོ་འདིའི་བཀའ་ལུང་མན་ངག་དང་བཅས་པ་རྫོགས་པར་གནང་།


DLL1005_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ཁོང་པ་ལ་རྒྱལ་སྲས་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་སོགས་ཆོས་མང་རབ་གསན་ནོ། །དེ་ནས་བྱང་ཆེན་དུ་ཕེབས་ཏེ་སྐབས་ཤིག་ཏུ་བདག་གི་བསམ་པ་ལ་འཆད་ཉན་འདི་ཇི་ལྟ་བུ་ཞིག་འོང་སྙམ་ཡོད་པ་ལ། ནུབ་ཅིག་རྨི་ལམ་ན་སྔར་རི་བོ་དགེ་ལྡན་དུ་བཞུགས་དུས་ཞལ་འདྲིས་ཡོད་པའི་དགེ་སློང་ཆོས་མཐུན་ཅིག་ཡོད་པ་དེ་བྱུང་ནས། ཁྱེད་ཀྱི་དོན་དེ་ངེས་རྨི་ལམ་དུ་བརྟག་གིས་གསུངས་ནས་གཉིད་ལོག་པའི་ཚུལ་མཛད། དེ་ནས་གཉིད་སད་དེ་ལག་པའི་ཕྱག་རྒྱ་ཞིག་མཛད་ནས། ཡུན་ཚོགས་གྲོལ་ཐོབ་ཅིག་འོང་བའི་རིགས་སུ་ནི་ཡོད། བདེན། ཞེས་དང་། སྐྲག་མི་དགོས་བློ་འདུན་དཀོན་མཆོག་ལ་གཏོད་ལ་བློ་ལྟོས་ཆོས། ཞེས་ཤུགས་དྲག་ཏུ་ཟེར་བ་ཅིག་རྨིས་པས་ད་ནི། ང་རང་བློ་དཀོན་མཆོག་ལ་གཏད་ལ་བཤད་ཉན་བྱེད་པར་ཐག་གཅད་སྙམ་པ་ཐུགས་ལ་འཁྲུངས་གསུང་ངོ་། །དེའི་ཚེ་འདི་ལྟར་དགོངས་ཏེ། བྱང་ཆེན་འདིར་ཆོས་བར་དྲང་དང་། སྐབས་སུ་ཐུགས་དམ་བྱེད་པའི་ཁང་པ་ཅིག་དགོས་པར་འདུག་སྙམ་དུ་དགོངས་ཏེ། དེའི་མཐུན་རྐྱེན་ཤིང་ཆ་སོགས་བསྟན་པའི་སྦྱིན་བདག་ཆེན་མོ་ཤཱཀྱ་དཔལ་བ་ལ་བཀའ་ལུང་གནང་ཞིང་། ཁོང་གིས་ཀྱང་གང་དགོས་ཕུལ་ཏེ་ས་གཞི་དེར་བྱས་ན་གདུལ་བྱ་ཕྲིན་ལས་རྒྱ་ཆེར་འོང་བའི་མཚན་ལྟས་སོགས་ཀྱང་ཡོད་པས་ཐེག་ཆེན་ཕོ་བྲང་ཞེས་པའི་གཟིམས་ཁང་ཆེན་པོ་མེ་ཕོ་འབྲུག་གི་ལོ་ལ་བཏབ། དེ་དུས་བྱང་ཆེན་ན་སྒྲུབ་ཆེན་བསོད་ནམས་བློ་གྲོས་པ་ཞེས་པ་བཞུགས་པ་ལ་ཁོང་རང་གི་བཀའ་འབུམ་གྱི་ལུང་དང་།


DLL1005_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ཤངས་པའི་ཆོས་སྐོར་ཅི་རིགས་པ་རྣམས་གསན། ཡང་དེའི་ཚེ་དབོན་སྟོན་ཐུན་པ་དཔལ་ཞེས་པའི་སྒྲུབ་ཆེན་ཅིག་ལ་མགོན་པོ་བཞི་སྦྲག་གི་བཀའ་དང་གཞན་ཡང་བཀའ་ལུང་ཅི་རིགས་གསན་ཅིང་མགོན་པོ་ཕྱག་དྲུག་པའི་བཀའ་ཡང་གསན་ནམ་སྙམ་མོ། །དེ་ནས་སྔར་བཀྲ་ཤིས་དོ་ཁར་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཚད་མ་རྣམ་ངེས་ཀྱི་དོགས་གཅོད་གསན་པའི་ཟིན་རིས་རྣམས་དང་། དགེ་ལྡན་དུ་རྒྱལ་ཚབ་རྗེ་ལ་རྣམ་འགྲེལ་གསན་པའི་གསུང་རྒྱུན་རྣམས་ལ་གཞི་བྱས་ཏེ་ཚད་མའི་བསྟན་བཅོས་ཆེན་པོ་རིགས་པའི་རྒྱན་ཅེས་བྱ་བ་མེ་མོ་སྦྲུལ་གྱི་ལོའི་ཟླ་བ་བཅུ་པ་ལ་རྫོགས་པར་མཛད། དེ་ཕྱིན་ཆད་རྗེ་རང་ཉིད་ཀྱིས་ཀྱང་འདི་ཉིད་ཀྱི་སྟེང་ནས་ལེགས་པར་གསུང་ཞིང་། དེའི་བར་དུ་ཕྲིན་ལས་ཀྱང་རྒྱས་པར་བྱུང་། དེ་ནས་རྟ་ནག་རི་ཁུད་དུ་ཕེབས། ཤངས་པ་ཀུན་མཁྱེན་ཆེན་པོའི་དཔོན་པོ་ཆོས་རྗེ་བློ་བཟང་པ་རི་ཁུད་ཆོས་སྡེའི་གདན་སར་བསྐོ་བཞག་མཛད་དེ་ཆོས་བར་ལ་བཞུགས་དུས་ཏའི་སི་ཏུ་ཆེན་པོས་སྣར་ཐང་མཁན་པོ་ལ་གདན་འདྲེན་གྱི་ཆིབས་དྲེལ་འདི་ཙམ་ལ་སླེབས་པ་ཡོད་ཟེར་བའི་ཕོ་ཉ་བ་བྱུང་བས་རྐྱེན་བྱས། དེའི་ཚེ་རྗེ་འདིའི་དགོངས་པ་ལ་སྣར་ཐང་ཉེར་འཛིན་ཆེན་པོ་དེ་སྔ་མོ་ནས་འདི་ལྟ་བུ་ཞིག་ལ་དགོངས་པ་ལ་གཏད་པར་འདུག་ནའང་། དེ་བས་ད་དུང་རེ་ཞིག་གནས་ངེས་མེད་དུ་བཤད་ཉན་དང་རང་གི་ཐོས་བསམ་གོང་འཕེལ་བྱས་ན་དགའ་བ་འདུག །ཁྱད་པར་མཁས་གྲུབ་རྗེ་ལ་སྔར་ཆོས་འབྲེལ་ཡོད་ཙམ་ཞིག་ལས་མ་བྱུང་། ད་དུས་འཁོར་གྱི་ཆོས་སྐོར་ཡོངས་སུ་རྫོགས་པ་ཅིག་ཞུ་བ་ལ་


DLL1005_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ད་ལན་འགྲོ་སྙམ་དུ་དགོངས་ཏེ། ཆོས་བར་གྱི་ངང་ནས་གསང་ཐབས་སུ་མཛད་ནས་བྱོན། རི་བོ་དགེ་འཕེལ་དུ་ཕེབས། དེའི་ཚེ་རི་བོ་དགེ་ལྡན་དུ་མཁས་གྲུབ་ཐམས་ཅད་མཁྱེན་པ་གཞན་དོན་ལ་གཤེགས་ཟེར་བའི་སྐད་ཅ་གསན་ནས། ད་ནི་རེ་ཞིག་ཕྱིན་ཀྱང་དོན་མ་གྲུབ་བོ་སྙམ་དུ་དགོངས་ཏེ་དགེ་འཕེལ་དུ་ཟླ་བ་གཅིག་ཙམ་སྐུ་མཚམས་མཛད་དེ་བཞུགས་པའི་ནུབ་ཅིག་མནལ་ལམ་ན་ད་ལྟ་བཀྲ་ཤིས་ལྷུན་པོའི་རྒྱབ་རི་འདིའི་རྣམ་པ་ཅན་ཀྱི་རི་རྩེ་ན་རྗེ་ཙོང་ཁ་པ་བཞུགས། རྐེད་པ་ཙམ་ན་སེམས་དཔའ་ཆེན་པོ་འདུལ་འཛིན་བཞུགས། དེའི་སྨད་ཙམ་ན་རྗེ་རང་ཉིད་བཞུགས་འདུག ། དེ་ནས་སེམས་དཔའ་ཆེན་པོའི་ཞལ་ནས། རྗེ་བླ་མ། འདི་ལ་ཡར་རྣ་བ་གཏོད་ལ་གསོན་དང་། རྗེ་ཙོང་ཁ་པ་ཆེན་པོ་རང་རེ་པ་ལ་ལུང་བསྟན་མང་པོ་མཛད་ཀྱིན་འདུག་ཟེར་བ་ལ་རྗེ་འདི་པས་ལེགས་པར་གསན་པས་གསུང་གི་སྒྲ་དབྱངས་མང་པོ་ཞིག་སྒྲོག་པ་ཕལ་ཆེར་མ་གོ །གསུང་གི་ཆ་ཤས་ཤིག་ལ། དགེ་འདུན་གྲུབ་ཅེས་བོས་པ་ལ་བརྟེན་ནས། ས་ཕྱོགས་འདིར་ཚད་མ་རྣམ་འགྲེལ་གྱི་བསྟན་པ་རྒྱས་པར་འགྱུར་བ་ཅིག་འོང་བ་ཡིན། ཞེས་གསུང་བ་ཅིག་གསལ་བར་ཚོར་བས་ལུས་ཀྱི་བ་སྤུ་གཡོ་བ་ཅིག་བྱུང་། ཅི་ལ་ལྟ་བ་ཡིན་ནམ། སྐྱེ་བ་ཕྱི་མ་རྗེ་དང་མཇལ་བ་ཁོང་སྔ་བ་ཅིག་འོང་བ་ཡིན་ནམ་སྙམ་པ་ཅིག་བྱུང་། ཡང་རྨི་ལམ་དེ་ཀའི་འཕྲོ་ལ་ཏའི་སི་ཏུ་ཆེན་པོ་དེ་གོས་འགང་དཀར་པོ་ཞིག་གྱོན། ཞོ་ཁོག་ཅིག་ལག་ཏུ་ཁྱེར་ནས་རི་དེའི་རྩེར་རྩེ་བཙུན་ཙོང་ཁ་པ་ལ་མཇལ་གྱིན་འདུག་པ་རྨིས། དེ་ནི། ཁོང་གིས་ཚེ་འདིར་རྗེ་དང་མཇལ་དམ་བཅའ་ཕུལ་བྱས་པའི་


DLL1005_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱུས་འདུག་པ་ལྟར་དགའ་བ་ཡིན་ནམ་སྙམ་ཞིང་གོང་གི་རྨི་ལམ་དེ་ཡང་དགོན་པ་འདེབས་པའི་གནས་ལུང་བསྟན་པ་འདྲ་སྙམ་སྟེ། རེ་ཞིག་ལ་འདི་ཡིན་སྙམ་པའི་ངེས་པ་མ་རྙེད་པར་ཡིད་ལ་བཞག་སྟེ་གང་ཡིན་བརྟག་པ་ལ་ཞུགས་སོ། །དེ་ནས་ས་ཕོ་རྟའི་ལོ་ལ་དགེ་འཕེལ་ནས་རྗེ་རང་ཉིད་ཀྱི་བསྟན་འཛིན་བདག་གི་ཡོངས་འཛིན་ཆེན་པོ་དྲི་མེད་བཤེས་གཉེན་པ་ཕྱགས་ཕྱིར་ཁྲིད་དེ་སླར་ཡང་དབུས་ཕྱོགས་ལ་བྱོན། མར་ལམ་སྙེ་མོ་རྒྱལ་བྱེད་ཚལ་དུ་ཕེབས་དུས་སྐུ་ལུས་ལ་འཁྲུ་བའི་སྙུང་གཞི་ཞིག་བྱུང་བ་ལ་ཞལ་ཟོན་དམ་པར་མཛད་པས་ཇེ་བསྙུང་ལ་སོང་བའི་ནུབ་ཅིག་མནལ་ལམ་དུ་མཁའ་འགྲོ་མ་རུས་རྒྱན་དང་དབུ་རྒྱན་གསོལ་བ། ཕྱག་གཡས་ན་ཌ་མ་རུ་བསྣམས་པ་ཅིག་ཌ་མ་རུའི་སྒྲ་དང་བསྟུན་ནས། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཤར་ཤར་བྱས་པ། ཞེས་ཡང་ཡང་གསུང་བ་ཅིག་རྨིས་པས། ནད་འདི་ཚ་བའི་ནད་མིན། གྲང་བའི་ནད་ཡིན་ཟེར་བར་འདུག །ཁ་གློད་སྙམ་དུ་ཚ་བའི་ཟས་བསྟེན་པས་ཕན་སོང་། ཞེས་གསུང་ཞིང་། སྐབས་དེར་སྙེ་མོ་སྐུ་ཞང་ཆོས་རྗེ་ལ་འཆི་བདག་འཇོམས་པའི་དབང་ཞིག་ཀྱང་ཞུས་གསུང་ངོ་། །དེ་ནས་དགེ་ལྡན་དུ་ཕྱགས་ཕེབས། བྱང་རྩེ་བ་ཆོས་རྗེ་ནམ་མཁའ་དཔལ་བ་ལ་བཅོམ་ལྡན་འདས་འཁོར་ལོ་ཆེན་པོ་བྱིན་རླབས་རྒྱུད་ཀྱི་དབང་ལུང་མན་ངག་སོགས་དང་། ཚེ་དཔག་མེད་ལྷ་དགུའི་དབང་ཡང་གསན་ཅིང་། ཁོང་གིས་མཛད་པའི་དེའི་སྒྲུབ་དཀྱིལ་ཞིག་འདུག་པའི་ཡིག་མཁན་ཡང་མཛད་དོ། །གཞན་ཡང་སྔགས་ཀྱི་བཀའ་ལུང་མང་པོ་གསན་ཅིང་། ཐུན་མོང་བ་


DLL1005_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་རྗེ་ཙོང་ཁ་པ་ནས་བརྒྱུད་པའི་བློ་སྦྱོང་སྙན་བརྒྱུད་ཆེན་མོ་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་མང་པོ་གསན། དཔོན་སློབ་ཕན་ཚུན་ཐུགས་ཤིན་ཏུ་ཕེབས་པར་བྱུང་། ཡང་དགེ་ལྡན་དུ་རི་རྩེ་ཞིག་ཏུ་རྨི་ལམ་སྒུགས་པས། ཕོ་བདུད་བྲ་བརྡུང་ཆེམས་སེ་ཆེམས། ཟེར་བ་ཅིག་བྱུང་བས་དགེ་ལྡན་དུ་བསྡད་ན་ཅུང་མི་དགའ་བ་ཡིན་པ་འདྲ་ཞེས་ཀྱང་གསུང་ངོ་། །དེ་ནས་དབྱར་དེ་འཆད་ཁར་བྱོན། ལྷ་ཟུར་ཁང་པ་བསོད་ནམས་ལྷུན་གྲུབ་པ་དེ་དུས་བློ་སྦྱོང་གི་བདག་པོར་བྱེད་ཀྱིན་འདུག་པས་ཁོང་པ་ལ་གཙོ་བོར་བློ་སྦྱོང་དང་། གཞན་ཡང་བཀའ་གདམས་ཀྱི་ཆོས་སྐོར་མང་དུ་གསན། དེ་ནས་སྟོན་ཀ་རྒྱལ་པོ་སྡིངས་སུ་བྱོན། སྤྱན་སྔ་བ་རིན་ཆེན་འཕེལ་བ་བཀའ་གདམས་ཀྱི་ཆོས་སྐོར་མང་དུ་ཞུས་ཏེ་ཤིན་ཏུ་གུས་པར་མཛད། དེ་ནས་ཨེ་ཝཾ་དུ་བྱོན། དེ་ནས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཞེས་པའི་བླ་མ་ཁྱད་པར་ཅན་ཅིག་ཡོད་པ་དེ་རྗེ་འདི་ཉིད་ཀྱི་སྐུ་སྐྱེ་སྔ་མ་ནས་འབྲེལ་པ་ཅན་གྱི་བླ་མ་ཡིན་ཞིང་། དུས་ཀྱི་འཁོར་ལོའི་སྐོར་ལ་སྔར་ནས་ཐུགས་བཞེད་ཆེ་བར་ཡོད་ནའང་དེ་བར་མ་གྲུབ་པར་བླ་མ་དེ་ཉིད་ལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་ཀྱི་དབང་རྫོགས་པ་དང་། གྲོལ་བྱེད་སྦྱོར་བ་ཡན་ལག་དྲུག་གི་འཁྲིད། རྒྱུད་འགྲེལ་གྱི་བཤད་པ་རྒྱས་པ། མན་ངག་ཆ་ལག་དང་བཅས་པ་རྣམས་དང་། ལྔ་བསྡུས་ཀྱི་རི་མོ་ཙམ་ཞིག་དང་པོ་གསང་ཕུར་ཐུགས་སྦྱོང་གི་དུས་མཛད་ཅིང་དབྱངས་འཆར་སོགས་ཀྱང་སྔ་མོར་ལ་སྟོད་ལྷོར་མཛད་ཀྱང་དུས་འཁོར་གྱི་ས་བྲིས་ཡོངས་སུ་རྫོགས་


DLL1005_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པའང་འདིར་མཛད། གཞན་ཡང་རྒྱུད་འབུམ་གྱི་ལུང་དང་། བཀའ་རྗེས་གནང་སོགས་མང་པོ་ཞུས་ཏེ་འདི་ཕྱི་གཉི་གར་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་མཛད་པ་ཡིན་ནོ། །དེ་ནས་རི་བོ་དགེ་ལྡན་དུ་ཕེབས་ཏེ་བྱང་རྩེར་ཆོས་རྗེ་ནམ་མཁའ་དཔལ་བ་ལ་ཆོས་བཀའ་མང་པོ་ཞུ་དགོས་ཡོད་པ་རྣམས་ཞུས། ཀོང་པོ་ཙ་རི་དང་མདོ་སྨད་སོགས་ལ་སྒྲུབ་པ་ལ་འབྱོན་པའི་ཐུགས་རྩེ་གཏད་ཡོད་ནའང་དེ་དུས་ཕྱགས་ཕྱི་པ་དབོན་པོ་དོན་རྒྱལ་ཞེས་པས་ད་ལྟ་གདན་མ་དྲངས་ན་འདིར་མི་བཞུགས་པ་འདུག་ཟེར་གཙང་ཕྱོགས་ལ་བྱ་བཏང་བ་ལ་བརྟེན་ནས་གཙང་ཕྱོགས་ནས་གདན་འདྲེན་པ་སླེབས། བྱང་རྩེ་བ་དང་འཆད་ཁ་པ་གཉིས་ཀྱི་ཐུགས་བཞེད་ལ་བྱང་རྩེ་བའི་གདན་ས་ལ་ཐུགས་བཞེད་ཆེ་བར་ཡོད་སྐབས་སུ་རྗེ་བཙུན་མ་ལ་གསོལ་བ་འདེབས་པའི་བཀའ་བགྲོས་ཤར་དུས་རྗེའི་ཞལ་ནས། ཁོང་རྣམ་གཉིས་ཐུགས་དམ་བཟང་བས་ངེད་རང་དཔོན་སློབ་ཀྱང་གསོལ་བ་བཏབ་པ་དྲག་ཅེས་བཀའ་བསྒོས་ནས། བྱང་རྩེའི་སྟེང་དུ་གཙང་པ་རྣམས་དང་ཕྱོགས་གཅིག་གསོལ་བ་བཏབ་པའི་ཚེ་ཉམས་སྣང་ལ་རླུང་ཞིག་གིས་དར་ལྕོག་གཙང་ཕྱོགས་ལ་བསྐྱོད་བྱུང་བས་ངེད་རང་གཙང་ཕྱོགས་ལ་འགྲོ་བ་ཅིག་འཆར་བ་འདུག་གསུང་། སང་ཉིན་བརྟག་པ་མཛད་དུས་འཆད་ཁ་པ་རྒྱལ་ཚབ་བྱམས་པ་ལྟར་བཟང་པོའི་འདུག་སྟངས་མཛད། ཞལ་ནུབ་ཕྱོགས་ལ་གཟིགས་ནས་ཟན་རིལ་བསྒྲིལ་བས་གཙང་ཕྱོགས་སུ་འབྱོན་པའི་བརྟག་པ་བབས། དེ་རྗེས་རྗེའི་ཞལ་ནས་སྤྱན་སྔ་བ་ལ། དྲུང་ནས་ཀྱི་ཞལ་གཙང་ཕྱོགས་ལ་གཟིགས་


DLL1005_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བཞུགས་སྟངས་འདིས་གཙང་ཕྱོགས་སུ་བརྟག་པ་འབབ་པར་དེ་གོང་དུ་གོ་ལགས་ཤིང་། བྱམས་བཞུགས་དེའང་ཕྱིས་རྗེ་བཙུན་གྱི་སྐུ་ཁྱད་པར་ཅན་ཞིག་བཞེང་བའི་ལྟས་ཡིན་པ་འདུག་གོ །ཞེས་གསུང་ངོ་། །དེ་ནས་གདན་འདྲེན་པ་རྣམས་ཀྱིས་ཞུ་བ་ཕུལ་བ། ད་ཡབ་སྲས་ཕྱོགས་མཐུན་དུ་ཕེབས་ཏེ། གཙང་ཕྱོགས་སུ་མདོ་སྔགས་སྤེལ་བའི་བཤད་ཉན་མཛད་ན་བསམ་གྲུབ་རྩེ་པ་སོགས་ཀྱིས་སྦྱིན་བདག་ཀྱང་མཛད་པ་ཡོད་པས་ཅིས་ཀྱང་འབྱོན་པ་དགོས་ཞེས་ནན་གྱིས་ཕུལ་བ་ལ་བརྟེན་ནས་ལྕགས་ཕོ་སྤྲེའུའི་ལོ་ལ་གཙང་ཕྱོགས་ལ་ཕེབས། སྣར་ཐང་དུ་བྱོན། དེ་སྐོར་ལ་སྣར་ཐང་བྱང་ཆེན་གཉིས་སུ་ཕལ་ཆེར་བཤད་ཉན་མཛད། ཁྱད་པར་སྣར་ཐང་དུ་འདུལ་བའི་གླེང་འབུམ་ཆེན་མོ་དང་སོ་ཐར་གྱི་ཊཱི་ཀའི་རྩོམ་པ་མཛད། དེ་ནས་བསམ་གྲུབ་རྩེ་ནས་རྗེ་དཔོན་སློབ་གཉིས་ཀ་གདན་དྲངས་ཏེ་མདོ་སྔགས་ཀྱི་འཆད་ཉན་མཛད་པའི་བདག་རྐྱེན་བཟང་པོ་རིམ་པ་བཞིན་དུ་མཛད། དེ་ནས་བྱང་ཆེན་སྣར་ཐང་སོགས་སུ་རིམ་པར་བྱོན་ཏེ་བཤད་ཉན་གཙོ་བོར་མཛད། དེ་དུས་དགོངས་པ་ལ། སྔ་དུས་བོད་འདིར་ལོ་ཆེན་ཡབ་སྲས་ཀྱི་རིང་ལ་བཤད་ཉན་དར་བར་བྱུང་འདུག་ནའང་གཞི་གསུམ་གྱི་ཕྱག་ལེན་ཆེར་མ་བྱུང་། ད་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ཅིག་གཞིར་བཟུངས་ཏེ་དེའི་སྟེང་ན་བཤད་ཉན་གཙོ་བོར་བྱེད་པ་ཅིག་བྱ་དགོས་ཏེ། དེའི་རྟེན་འབྲེལ་དུ་བསླབ་ཁྲིམས་ཀྱི་བཅའ་ཡིག་ཆེན་མོ་འདི་ཆུ་མོ་ཕག་གི་ཟླ་བ་དྲུག་པའི་ཡར་ཚེས་ལ་དཔལ་བྱང་ཆུབ་ཆེན་པོར་མཛད། དེ་ནས་བཟུངས་ཏེ་གཞི་གསུམ་གྱི་ཕྱག་ལེན་བར་མ་ཆད་དུ་ཡོད་པ་ཡིན་ནོ། །སྔ་གོང་སྤྲེ་


DLL1005_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དེ་ལ་བྱང་ཆེན་དུ་བཞུགས་པའི་སྐབས་ཤིག་ཏུ་རྗེ་ཡབ་སྲས་གཉིས་ཀ་ལ་སྐུ་དོག་ཤིན་ཏུ་ཆེ་བའི་མཚན་མ་བྱུང་སྟེ། རྗེ་ཤེས་རབ་སེང་གེ་བསམ་གྲུབ་རྩེའི་གཟིམས་ཁང་བདེ་གསལ་དུ་བསྙུང་བའི་ཚུལ་བསྟན། སྐུ་ཆགས་ཀྱི་མཚན་མ་བཟློག་པའི་ཕྱིར་དུ་རྣམ་འབྱོར་གྱི་དབང་ཕྱུག་བཟང་པོ་རྒྱལ་མཚན་པས་མགོན་པོའི་གཏོར་ཆེན་ཐུན་མོང་མ་ཡིན་པ་མཛད་པས་མཚན་མ་ངན་པ་བཟློག་སྟེ་སྐུ་ཁམས་བཟང་བར་བྱུང་ནས་རྒྱུད་ཀྱི་འཆད་ཉན་ལ་ཤིན་ཏུ་འགྲུས་པས་མཛད། རྗེ་བླ་མ་འདི་པས་བྱང་ཆེན་དུ་སྐུ་ཆགས་ཀྱི་མཚན་མ་བཟློག་པའི་ཕྱིར་དུ་སྐུ་མཚམས་ཟླ་བ་དགུ་ཙམ་གྱི་བར་དུ་དམ་པར་མཛད་དེ་དུས་ཐུགས་དམ་ལ་ཤིན་ཏུ་འགྲུས་པར་མཛད་ཅིང་། ཁྱད་པར་རྗེ་བཙུན་མ་དཀར་མོའི་ཚེ་སྒྲུབ་གཙོ་བོར་མཛད་པ་ཡིན་ལ། འདི་ལ་རྗེ་རང་གི་གསུང་ནས། སྤྱིར་རྗེ་བཙུན་མ་དཀར་མོ་འདི་ལ་བརྟེན་ནས་གཙོ་བོར་ཚེ་བསྒྲུབས་ན་ཞར་ལ་ཤེས་རབ་འཕེལ་ཞིང་། གཙོ་བོ་ཤེས་རབ་བསྒྲུབས་ན་ཞར་ལ་ཅིག་ཤོས་འཕེལ་བར་གསུངས་པས་དེའི་དུས་སུ་རྗེ་བཙུན་མ་དཀར་སྔོའི་བསྟོད་པ་འདི་དག་དང་། བླ་མ་ཡབ་སྲས་ཀྱི་བསྟོད་པ་རྣམས་དང་། གཞན་ཡང་འདོད་ལྷ་ཆོས་སྐྱོང་སོགས་ཀྱི་བསྟོད་པ་གསོལ་འདེབས་དང་སྨོན་ལམ་སོགས་ཀྱི་རྩོམ་པ་འདི་རྣམས་ཀྱང་བྱས་ཤིང་། དེ་ཡང་བྱེད་འདོད་ཙམ་གྱིས་ཡིད་ལ་ལམ་སྟེ་ཤར་ནས་ཁ་ནས་ཚིག་ཏུ་འདོན་པ་ཅིག་བྱུང་གསུང་། གཞན་ཡང་དེ་དུས་སུ་རྗེ་བཙུན་མ་དཀར་སྔོ་གཉིས་དང་། རྡོ་རྗེ་འཇིགས་བྱེད་དཔའ་གཅིག་དང་། མགོན་པོ་ཕྱག་དྲུག་པ་སོགས་ལྷ་དང་ཆོས་སྐྱོང་མང་


DLL1005_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཞལ་གཟིགས། ཁྱད་པར་དཔལ་མགོན་གདོང་བཞི་པ་བྱོན་ནས། ཁྱོད་པཎྜི་ཏ་ཆེན་པོ་ཡིན་པས་ངའི་བསྟོད་པ་ཅིག་རྩོམས་གསུངས་ནས་བསྟོད་པ་འདི་མཛད་དོ། །ཡང་དེ་དུས་ཐོ་རངས་མནལ་ལ་སོང་མ་སོང་ཞིག་ལ་བུད་མེད་དཀར་མོ་ཞིག་གིས་རིན་པོ་ཆེའི་སྣོད་བདུད་རྩིས་གང་བ་ཅིག་དྲངས་པ་རྨིས། དེ་རྗེ་ཤེས་རབ་སེང་གེ་ལ་ཞུས་པས། ཤིན་ཏུ་བཟང་གསུང་། གཞན་ཡང་སྐུ་མཚམས་དེའི་མཇུག་ལ་མདོ་སྡེ་སོགས་བཀའ་འགྱུར་རྣམས་ལ་གཟིགས་རྟོག་མཛད་པས་ཉིན་མོ་ཅི་ཙམ་གཟིགས་པ་ཐམས་ཅད་མཚན་མོ་ཐུགས་ལ་འདོན་པ་སོགས་ཐུགས་དམ་གྱི་བོགས་ཀྱང་ཆེ་བར་བྱུང་གསུང་ངོ་། །དེ་ནས་སྐུ་མཚམས་གྲོལ་ནས་བསྟོད་པ་གསོལ་འདེབས་རྣམས་ཀྱི་ལུང་མཛད་དུས་རྗེ་བཙུན་མའི་བསྟོད་པ་རྣམས་ཀྱི་ཚེ་རྗེའི་གསུང་ནས། འདི་ལྟར་ན་རྗེ་བཙུན་མའི་ཞལ་གཟིགས་པ་འདྲ་མོ་འདུག །ཧེ་ཧེ་གསུང་། ཡང་རྗེ་ཤེས་རབ་སེང་གེ་རྗེ་ཙོང་ཁ་པ་ཆེན་པོའི་དྲུང་ན་བཞུགས་དུས་རྗེ་ཙོང་ཁ་པ་ཆེན་པོས། ཁྱེད་རང་གཙང་ཕྱོགས་སུ་བྱོན་ལ་རྒྱུད་ཀྱི་བཤད་ཉན་མཛོད། གནོད་སྦྱིན་མ་ཆེན་མོ་ཞིག་གིས་སྦྱིན་བདག་གི་གཙོ་བོ་བྱེད། སློབ་མའི་གཙོ་བོ་སྐྱེ་བ་མང་པོར་གཤིན་རྗེའི་གཤེད་ཀྱིས་རྗེས་སུ་བཟུངས་པའི་རྣལ་འབྱོར་པ་ཆེན་མོ་ཞིག་གིས་ཐོག་དྲངས་སྐལ་ལྡན་མང་པོ་འབྱུང་། ཞེས་པའི་ལུང་བསྟན་ཡོད་པ་ལྟར་དེ་དུས་སུ་བྱང་སེམས་ཤཱཀྱ་དཔལ་བས་ལྷུན་པོ་རྩེར་གདན་དྲངས་ཏེ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་མཛད། དེ་ནས་སེང་གེ་རྩེར་བྱོན། དེར་རྗེ་འདི་པ་དང་སྐལ་ལྡན་གྱི་སློབ་མ་འགའ་


DLL1005_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ་གསང་བ་འདུས་པའི་རིམ་ལྔའི་འཁྲིད་གནང་། རྒྱུད་འགྲེལ་གྱི་བཤད་ལུང་ཞིག་ཀྱང་མཛད་དེ་སླར་ཡང་དབུས་ཕྱོགས་ལ་གཤེགས་པ་ལ་རྗེ་འདི་པས་ཚ་ཤོད་བར་སྐྱེལ་མ་ལ་ཕེབས། བསམ་གྲུབ་རྩེར་བྱོན། དེ་ནས་ཤངས་ཕྱོགས་ལ་མཛད་དེ་རྗེ་ཤེས་རབ་སེང་གེ་བ་དགེ་ལྡན་ལ་གཤེགས་སོ། །དེ་ནས་རྗེ་འདི་པས་ཤིང་ཕོ་བྱི་བའི་དགུན་ཆོས་ལ་ཤབ་ཀྱི་བདེ་ཆེན་རྩེར་ཕེབས། བྱང་སེམས་ཤཱཀྱ་དཔལ་བས་ཞབས་ཏོག་མཛད། དེ་ནས་བྱང་ཆེན་ལ་ཕེབས། དེ་དུས་བྱང་ཆེན་དུ་མནལ་ལམ་ཞིག་ལ་སྐྱེས་མཆོག་ཨཱ་ནན་ཆོས་རྗེ་བྱོན་ནས། བྱེད་པ་སེམས་ཅན་ཀུན་དོན་བྱེད། །གསུང་བ་ལ་རྗེ་འདི་པས་ལན་དུ། འོང་བ་སེམས་ཅན་གཅིག་གི་དོན་ཀྱང་མི་འོང་གསུངས་ནས་བཞད་པ་ཅིག་རྨིས་གསུང་། གནས་དེ་དང་སྣར་ཐང་སོགས་སུ་ཆོས་བར་མཛད། དེ་ནས་གླེགས་བམ་རིན་པོ་ཆེའི་ལུང་ཡང་སྔར་ནས་མ་གསན་པས་གསན་འདོད་ཆེ་བ་དང་། སྒྲ་ཀ་ལཱ་པའི་ས་བྲིས་ཡོངས་སུ་རྫོགས་པ་ཅིག་མཛད་བཞེད་ཀྱིས་ཀུན་ནས་བསླངས་ཏེ། ལོ་དེའི་སྟོན་མཇུག་ལ་དཔལ་སྡིངས་ལ་བྱོན་ཏེ། ལོཙྪ་བ་ཆེན་པོ་ཐུགས་རྗེ་དཔལ་བ་ལ་སྒྲའི་ས་བྲིས་ཐོགས་ཤིག་ཞུས། ཡོངས་སུ་རྫོགས་པ་རྟིང་སོར་མཛད་པར་ཞུས་ཏེ་ཤིང་མོ་གླང་ལོའི་དགུན་ཆོས་ལ་བོ་དོང་ལ་བྱོན། ཆོས་ཐོག་གཅིག་བཞུགས། ཆོས་གྲོལ་མཚམས་ཅིག་ཏུ་བླ་བྲང་སེར་པོ་གྲགས་པ་དེར་ཐོ་རངས་ཅིག་མགོ་ཕུར་ནས་ཡོད་ཙ་ན་བར་སྣང་ལ་བུད་མེད་ངུས་པའི་སྐད་ལྷང་བ་ཅིག་བྱུང་། མགོ་ཕུར་བ་བསངས་ཏེ། ཅི་བྱུང་བ་ཡིན་དྲིས་


DLL1005_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པས། ངའི་མིང་པོ་སངས་རྒྱས་ཀྱི་བསྟན་པ་ལ་གཅེས་པ་ཅིག །ཡོད་པ་དེ་གཤེགས་པས་ངུ་བ་ཡིན་ཟེར། དེ་སུ་ཡིན་བྱས་པས། དེ་བཤད་ན་ཁྱོད་ཀྱང་མྱ་ངན་བྱེད་དུ་འོང་བས་མི་སྨྲ་ཟེར། ཅི་ཡིན་ནམ་སྙམ་དུ་སེམས་མ་བདེ་བ་ཅིག་བྱུང་། ཡང་དེ་དུས་ཐོ་རངས་ཅིག་སྔར་གྱི་བུད་མེད་དེའི་སྐད་ལྷང་བ་ཅིག་བྱུང་། མགོ་བོ་བསངས་ཏེ་ཉན་པས། དེ་ན་ཁྱོད་ཀྱི་དགོན་པ་ཡོད། །གདུལ་བྱ་དག་ཀྱང་དེར་འདུ་ཞིང་། །ཁོ་མོའང་ཁྱོད་ཀྱི་རྗེས་སུ་འབྲང་། །ཁྱོད་ཀྱི་རྗེས་འབྲང་སྐྱོབ་པར་བྱེད། །ཅེས་ཟེར། དགོན་པ་ཇི་ལྟ་བུ་ཞིག་འོང་། དགོན་པའི་མིང་ལ་ཇི་སྐད་ཟེར་བྱས་པས། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། དགོན་པ་འདི་ལྟ་བུ་ཞིག་འོང་། དགོན་པའི་མིང་ལ་ཇི་སྐད་ཟེར་བྱས་པས། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། དགོན་པ་འདི་ལྟ་བུ་ཞིག་འོང་། དགོན་པའི་མིང་ལ་མུ་ཁྱུད་ཅན་ཟེར། དེ་མཁའ་འགྲོའི་བརྡ་སྐད་ཡིན་ནོ་ཨང་ཟེར་ཏེ་ཡལ་སོང་། ཡང་དེ་དུས་ལྷ་མོ་འདིའི་ཞལ་ནས། རྟེན་འབྲེལ་ཁྱད་པར་ཅན་ཡོད་པས་ཚོགས་སུ་མ་ཎི་བརྒྱ་རྩ་རེ་ཡང་མ་ཆད་པར་ཚུགས་ཤིག་གསུང་། ཡང་དེ་དུས་དགེ་བཤེས་ཅིག་ལ་ལྷ་མོ་འདི་སྤྱན་དྲངས་པ་བྱོན་པ་ལ། ངས་བཤད་སྒྲུབ་གང་བྱས་ན་བསྟན་པ་དང་སེམས་ཅན་ལ་ཕན། དགོན་པ་ག་ན་ཡོད། དགེ་ཚུལ་ཅིག་ཀྱང་ག་ན་ཡོད་ཞུས་པས། དེའི་ཞལ་ནས། བཤད་སྒྲུབ་དང་ཁྱད་པར་འཆད་ཉན་བྱས་ན་བསྟན་པ་ལ་ཕན་སྟོབས་ཆེ། དགོན་པ་ཅིག་མ་གི་ན་ཡོད། མིང་ལ་མུ་ཁྱུད་ཅན། དེ་ཡང་བརྡ་སྐད་ཡིན་ནོ་ཨང་། དགེ་ཚུལ་ཅིག་ཕ་ག་ན་ཡོད། སྙིང་རྗེ་རྗེ་ཞིག་ཕ་ག་ན་ཡོད་དོ་ཟེར་ཏོ། །དེ་ནས་ཆོས་བར་ལུང་ནག་ཤེལ་དཀར་རྩེར་ཕེབས་པའི་སྟེང་དུ་ས་གཡོ་བ་ལ་སོགས་པའི་ལྟས་སྣ་ཚོགས་


DLL1005_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། དེ་ནས་རི་བོ་དགེ་ལྡན་དུ་རྗེ་ཤེས་རབ་སེང་གེ་གཤེགས་ཟེར་བའི་སྐད་ཅ་འབུལ་མཁན་སླེབས། མང་ཇ་གཅིག་གི་སྟེང་དུ་ཐུགས་དགོངས་རྫོགས་པའི་བསྔོ་བ་དང་། དགེ་ལྡན་ལ་འགྲོ་བའི་འབུལ་སྡུད་སྔ་མ་ཡང་དེ་ནས་མཛད་པ་ཡིན། དེ་ནས་ཡང་བདེ་ཆེན་རྩེར་ཕེབས་ཏེ་དཔྱིད་ཆོས་ནས་སྟོན་གྱི་བར་བཞུགས། སེང་གེ་རྩེ་ནས་ཞབས་ཏོག་བསྒྲུབས། རྗེ་འདི་པས་ལྷུན་པོ་རྩེར་བྱོན་ཏེ། ཀུན་མཁྱེན་ཆོས་རྗེ་ལ་གཤིན་རྗེའི་གཤེད་ཀྱི་འཁྲུལ་འཁོར་ཆེན་མོ་དེ་ཞུས། དེ་ནས་བདེ་ཆེན་རྩེར་སྟོན་ཆོས་ལ་ལོ་ཆེན་ཐུགས་རྗེ་དཔལ་བ་སྤྱན་དྲངས་ཏེ་སྔར་གྱི་ཀ་ལཱ་པའི་ས་བྲིས་ཀྱི་འཕྲོ་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་ཐ་སྙད་ཀྱི་གཙུག་ལག་ཀྱང་མང་དུ་གསན། ཁྱད་པར་ཀ་ལཱ་པའི་གཞུང་དོན་འགའ་ཞིག་ལ། འདི་རང་འགྲེལ་པ་དང་བསྟུན་ན་འདི་ལྟར་ཡིན་པ་འདྲ་ཞེས་ཡར་ཞུས་པས་ཁོང་གིས་ཐལ་མོ་སྦྱར་ཏེ། ངོ་མཚར་ཆེ། ཁྱེད་རང་སྔ་ནས་མཁས་པར་འདུག །ང་ལ་སློབ་མི་དགོས་པར་འདུག་གོ་གསུངས་ནས་ཤིན་ཏུ་དགྱེས་པར་བྱུང་། གཞན་ཡང་སྒྲོལ་མ་ཡིད་བཞིན་ནོར་བུའི་རྗེས་གནང་སོགས་བཀའ་ཡང་འགའ་རེ་གསན་ཅིང་། ཁྱད་པར་སྔ་ནས་ཡང་ཡང་ཡིད་ལ་གཅགས་པའི་གླེགས་བམ་རིན་པོ་ཆེའི་ལུང་གསན་དུས། དྲུང་ནས་ཀྱིས་སུ་ལ་གསན་ཞུས་པས་ཁོང་གི་ཞལ་ནས། བདག་གིས་ཆོས་འཁོར་སྒང་པ་ཆོས་རྗེ་སེང་གེ་རྒྱལ་མཚན་པ་ལ་ཞུས། ཁོང་འབྲོམ་གྱི་སྤྲུལ་པར་བྱེད་པར་གདའ་གསུང་ཞིང་། གཞན་ཡང་དེ་དུས་ཁོང་གི་གསུང་ནས། གླེགས་བམ་རིན་པོ་ཆེ་ནས་འབྱུང་བ་ལྟར་ད་སྟེ་ཡུན་མི་རིང་བར་ཁྱེད་


DLL1005_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཡུལ་ཕྱོགས་སུ་བསྟན་འཛིན་གྱི་དགེ་སློང་བགྲེས་པོ་ཞིག །འབྲོམ་གྱི་རྣམ་ཐར་ཞུ་ཟེར་འོང་གིས། དེ་དུས་དགེ་སློང་དེ་ལ་འབྲོམ་གྱི་འདུ་ཤེས་ཞོག །ཁྱེད་རང་སྤྱན་རས་གཟིགས་སུ་སྒོམས་ལ་གླེགས་བྱ་རིན་པོ་ཆེ་ལེགས་པར་སྟོན་ཅིག་གསུང་གིན་འདུག་པ་དང་མཐུན་པར་ཁོ་བོ་སྐལ་བར་ལྡན། གླེགས་བམ་རིན་པོ་ཆེ་འདི་འབྲོམ་ལས་ཐོས་ནས་འབྲོམ་ལ་འཆད་པར་འདུག་པས་ད་ནི། ཆོས་བདག་པོ་ལ་འཕྲོད་པ་ཡིན་ནོ་ཞེས་གསུངས་ནས་ཐུགས་དགྱེས་པར་བྱུང་ལ། འདི་རྣམས་ལ་བརྟགས་ན་ཡང་རྗེ་བླ་མ་འདི་ཉིད་འབྲོམ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པར་གདོན་མི་ཟ་བ་ཡིན་ནོ། །གནས་དེར་བཞུགས་པའི་ངང་ནས་སྔར་འབུལ་སྡུད་བྱས་པའི་སྤྱད་དངོས་རྣམས་ཀྱིས་རྗེ་ཤེས་རབ་སེང་གེའི་དགོངས་པ་རྫོགས་ཐབས་ལ་རི་བོ་དགེ་ལྡན་དུ་མང་སྐོལ། འབུལ་བ་འགྱེད་བཅས་སོགས་ཀྱི་རྫོང་སྟར་ཡང་དེ་ནས་མཛད་པ་ཡིན་ནོ། །དེ་ནས་མེ་ཕོ་སྟག་གི་ལོའི་དགུན་ཆོས་ལ་བོ་དོང་ལ་བྱོན་ཏེ་ཆོས་བར་མཛད། སྦྱིན་བདག་རྣམས་ཀྱིས་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས་ཤིང་། ཁྱད་པར་ལྷ་མོ་དམག་ཟོར་འདིས་ཉེ་གནས་ཁྱད་པར་ཅན་ཅིག་ཕུལ་ཏེ་སྲུང་སྐྱོབ་ཚུལ་བཞིན་དུ་མཛད་པ་ཡིན་ནོ། །དེ་ནས་ཤབ་ཀྱི་བྲག་གཞུག་གི་རྩེ་རྒྱལ་དུ་ཕེབས། ཁྱུང་རྩེ་བ་ནང་པ་དཔལ་འབྱོར་བས་ཞབས་ཏོག་མཛད་དེ་ཆོས་བར་མཛད། དེ་ནས་རིམ་གྱིས་སྣར་ཐང་དུ་ཕེབས་ཏེ་དཔོན་སློབ་རྣམས་ཀྱིས་སྐུ་རིམ་ལ་བཀའ་འགྱུར་གྱི་གསུང་སྒྲོག་མཛད་པ་ཡང་དེ་ནས་བཟུངས་ཏེ་ལོ་རེ་བཞིན་རྒྱུན་མ་


DLL1005_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པར་མཛད་པ་ཡིན་ནོ། །འདིར་སྨྲས་པ། རབ་ཡངས་ཤེས་བྱའི་མཁའ་ལ་རབ་འཕགས་ཤིང་། །ཡོན་ཏན་འོད་དཀར་བྱེ་བས་མཛེས་པ་ཅན། །བསྟན་པའི་པད་ཚལ་རབ་ཏུ་རྒྱས་པའི་སླད། །བཤེས་གཉེན་ཁྱོད་ནི་ཉིན་བྱེད་དབང་པོ་ལགས། །མཁྱེན་རབ་དཀྱིལ་འཁོར་ཡོངས་སུ་རྫོགས་གྱུར་ཅིང་། །ཉོན་མོངས་ཚ་གདུང་སྐྱོབ་པའི་བསིལ་ཟེར་ཅན། །མ་རིག་པད་འདབ་ཟུམ་པར་བྱེད་པའི་ཕྱིར། །བཤེས་གཉེན་ཁྱོད་ནི་རྒྱུ་སྐར་བདག་པོ་བཞིན། །མཁའ་ལ་ལུས་མེད་ཅི་ཞེས་དྲིས་པས་ཁྱོད་ཀྱི་ཡོན་ཏན་ཕུང་པོ་རྣམས། །མི་ཤོང་སྙམ་དུ་དོགས་པར་གྱུར་ནས་ཁོ་བོས་ལུས་ནི་མ་བཟུངས་ལོ། །ཉི་ཟླ་འཁོར་བ་ཅི་ཞེས་དྲིས་པས་ཁྱོད་ཀྱི་བསོད་ནམས་གཟི་བརྗིད་ནི། །མ་བཟོད་ས་ལ་འདུག་པ་འཕགས་ཏེ་མཁའ་ལ་འཁོར་བ་ཡིན་ཞེས་གྲག །ཅེས་བྱ་བ་ནི། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ལས། གཙོ་བོར་བཤད་ཉན་གྱི་སྒོ་ནས་རྒྱལ་བའི་བསྟན་པ་ལ་ཕན་པར་མཛད་པའི་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །།དེ་ནས་སྣར་ཐང་དུ་རྗེ་འདི་པས་ཉེ་གནས་ཆེན་པོ་དོན་གྲུབ་གྲགས་པ་ལ། ངེད་ལ་ཚེ་འདིར་རྗེ་ཤེས་རབ་སེང་གེ་སྐུ་དྲིན་ཆེ་བ་ཡིན། དེའི་སྐུ་དྲིན་གསབ་ཕྱིར་དུ་ཆོས་ཕྱོགས་ནས་བཤད་ཉན་བྱས་ཏེ་ལག་རྗེས་ཅིག་འཇོག །འཇིག་རྟེན་ཟང་ཟིང་གི་ལོངས་སྤྱོད་ཕྱོགས་ནས་ནང་རྟེན་དུ་རྟེན་བཞེང་ཞིག་བྱས་ཏེ་ལག་རྗེས་དོད་པ་ཅིག་བྱས་ན་བསམ་པས། རྟེན་དེ་བཞུགས་ས་ཞིག་སྣར་ཐང་གི་སྤྱི་


DLL1005_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྒོས་གང་འཐད་ཅིག་ཏུ་དཀར་མེའི་རྒྱུན་གང་འབྱོར་ཅིག་དང་བཅས་ཏེ་བྱུང་ན་བསམ་པ་ངེད་རང་གི་འདོད་མོས་ཡིན་པས་ཅིས་ཀྱང་དགོས་ཞུས་པས་དེ་ལ་ཁོང་པ་ན་རེ། ཉིད་ཅག་གི་དེ་འདྲ་ལ་སྐོང་རྫོངས་སྟོབས་ཆེན་དང་བཅས་པ་དགོས་ཀྱིན་ཡོད། ངེད་ལ་འབུལ་རྒྱུ་མེད་པས་འདིར་བཞུགས་ས་མི་འོང་གསུང་བས་དེར་ཡི་ཆད་པ་ཅིག་བྱུང་། ཡང་རྟེན་དེའི་བཞུགས་ས་ཞིག་སེང་གེ་རྩེར་ཞུས་ནས་དཔལ་སྡིངས་སམ་གངས་ཅན་གང་འཐད་དུ་དགོས་ཞུས་པ་ལའང་དགོན་ཁག་གཞན་གྱིས་ཆགས་སྡང་གིས་བཀག་སྟེ་མ་བྱུང་། ཡང་སྣང་གསལ་གྱི་ལྡན་འདིར་འགྲམ་བཙུགས་པ་ཙམ་བྱས་པ་ལའང་གཞན་དག་གིས་བཀག་སྟེ་མ་བྱུང་བ་ལ། ད་ནི། ཇི་ལྟར་བྱས་ན་འོང་སྙམ་དུ་དགོངས་པ་བཏང་བས། དང་པོ་རྗེ་བཙུན་ཙོང་ཁ་པས་ལུང་བསྟན་པ་དེ་དང་། ཕྱིས་བོ་དོང་དུ་ལྷ་མོ་འདིས་ལུང་བསྟན་པའི་དགོན་པ་དེ་ཡང་འདི་ག་ཡིན་པ་སྲིད། ཁྱད་པར་སྔར་རྗེ་ཤེས་རབ་སེང་གེ་བསམ་གྲུབ་རྩེ་ནས་སྣར་ཐང་ལ་འབྱོན་རིས་ཀྱིས་བཀྲ་ཤིས་ལྷུན་པོའི་དགོན་ས་འདི་ལ་ཕྱག་མཛུབ་གཏད་དེ། ས་ཕྱོགས་འདི་ན་དགེ་འདུན་གྲུབ་མགོ་བོ་སྐྱ་ཡེར་ཡེར་ཆོས་འཆད་ཀྱིན་འདུག་པ་ཅིག་སེམས་སྣང་ལ་དུས་རྒྱུན་དུ་འོང་གསུང་བ་ཅིག་ཡང་ཡང་ཡོད་པ་ལ་བརྟེན། ས་ཕྱོགས་འདི་ག་དགོན་པའི་གནས་སུ་བཟང་བར་གཟིགས་ཏེ་འདི་ཉིད་དུ་དགོན་པ་འདེབས་པར་ཐུགས་ཐག་བཅད་ལ། སྤྱིར་སྔ་མོ་ནས་བླ་མ་ལྷ་དང་བཅས་པས་ལུང་བསྟན་དེ་ལྟར་ཡོད་ཕྱིན་རྗེ་རང་ལ་ངེས་ངེས་ཡོད་ནའང་སྦས་པའི་ཚུལ་དུ་དེ་ལྟར་མཛད་དོ། །དེ་ནས་ནང་རྟེན་བཞེང་བར་དགོངས་ཏེ་ཕྱག་ན་ཡོད་པའི་རྫས་རྣམས་


DLL1005_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོམས་པས་ཞོ་བཅུ་བཞི་བྱུང་སྟེ་རྟེན་ཆེན་པོ་རང་ཞིག་མི་འགྲུབ་པ་འདྲ་དགོངས་པ་ལ་སྒོ་རི་མཁན་པོ་དང་དྲུང་གསོལ་དགེ་བ་གཉིས་ན་རེ། རྗེ་རིན་པོ་ཆེའི་དགོངས་པ་དེ་བཞིན་ཡིན་ན་བསམ་གྲུབ་རྩེའི་མི་དྲག་པ་རྣམས་ལ་སྡེ་པ་ནས་ཇ་ཆང་དང་དྲོ་བཞེས་གནང་ནས་རྗེ་རང་གིས་དགེ་བསྐུལ་གྱི་བཀའ་ལུང་ཞིག་གནང་བཟང་ཞུས་པས། དེ་བཞིན་བྱེད་གསུངས་ནས་སྦྱིན་བདག་དང་གྲྭ་པ་བུ་སློབ་རྣམས་ལ་དགེ་བསྐུལ་རྒྱ་ཆེར་མཛད་པས་ཉིན་གཅིག་རང་ལ་དར་རྒྱས་པ་རང་གིས་གསེར་ག་འཕྲ་མང་དང་། གསེར་གྱི་སྐ་ཆ་གཅིག །རྡོ་རིངས་པས་གསེར་ག་གཅིག །བྲང་ཚལ་བས་གསེར་ག་གཅིག །རྒྱ་བར་བས་གསེར་ག་གཅིག་རྣམས་ཀྱིས་ཐོག་དྲངས་པའི་གསེར་ཟངས་ཀྱི་འབུལ་བ་སྟོབས་ཆེ་བ་དང་། ནས་ཁལ་སྟོང་རྭ་ཅན་ཙམ་ཞིག་བྱུང་ཞིང་། དེ་ནས་ཀྱང་རིམ་གྱིས་བྱུང་བའི་སྤྱད་དངོས་རྣམས་བསམ་གྲུབ་རྩེར་བཞག །མྱུར་དུ་བཞེང་བའི་ཐུགས་འདུན་བཏང་སྟེ། མེ་མོ་ཡོས་ལོའི་དགུན་ཆོས་ལ་གནས་རྙིང་ལ་བྱོན། དགུན་ཆོས་དང་པོ་ལ་ཨ་མི་ཡོལ་དུ་བཞུགས། དེ་ན་བཞུགས་པའི་གནས་རྙིང་མཁན་ཆེན་ཅིག་གིས་རྗེ་འདི་པ་ལ་སྣེའུ་ཟུར་པའི་སྐུ་སྐྱེ་བ་བཞེས་པ་ཡིན་ཟེར་བའི་ལུང་བསྟན་ཀྱང་ཡོད། དེར་རྟེན་བཞེང་གི་ལྷ་བཟོ་བ་ཅིག་སུ་དྲག་སྙམ་དུ་དགོངས་ཏེ་དཀོན་མཆོག་ལ་གསོལ་བ་བཏབ་པས་དགེ་བཤེས་ཅིག་གི་རྨི་ལམ་དུ། བཟོ་བོ་ཆོས་སྐྱོང་དར་གྱིས་བྱེད་ཟེར་བ་ཅིག་བྱུང་བས། ཆོས་སྐྱོང་དར་བྱ་བ་ག་ན་ཡོད་དམ་སྙམ་དུ་དགོངས་པ་ལ་ཉེ་གནས་ཤག་མགོན་ན་རེ། དཔོན་ཆོས་སྐྱོང་དར་དེ་རྗེ་བདེ་བར་གཤེསག་པ་


DLL1005_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མོས་པོ་རང་ཞིག་ཡོད། འདི་ག་ཟབ་ལགས་ཞུས། དེ་ནས་སྣར་ཕུར་ཕེབས། དགུན་ཆོས་གཉིས་པ་མཛད། དེའི་མཇུག་ལ་དེ་ན་རྗེ་བཙུན་བྱམས་པའི་རྟེན་ངོ་མཚར་ཅན་ཅིག་འདུག་པ་དེའི་དྲུང་དུ་བསྟན་པ་རྒྱས་པའི་སྨོན་ལམ་ཡང་མཛད། དེའི་ཚེ་བསམ་གྲུབ་རྩེ། གཞིས་ཀ་རིན་སྤུངས་པའི་ཕྱག་ཏུ་བྱུང་ཟེར་བའི་སྐད་ཅ་ཡང་དེར་བྱུང་། དེ་ནས་སྣར་ཐང་ལ་བྱོན། དཔྱིད་ཆོས་མཛད། དེ་ནས་བསམ་གྲུབ་རྩེར་བྱོན། དཔོན་ཆོས་སྐྱོང་དར་ལ་བཀའ་ལུང་གནང་། དེའི་ཚེ་རང་ཉིད་མནལ་ལམ་ལ། དགེ་འདུན་གྲུབ་ཀྱི་བསམས་དོན་འགྲུབ་པ་ལ་དགེ་འདུན་གྱི་དགེ་སྐོས་དགེ་འདུན་བཟང་། ཞེས་པ་ལ་བརྟེན་ནས་དབྱར་ཆོས་ཀྱི་ཆོས་ཁྲིམས་ལ་དཀའ་བཞི་འཛིན་པ་དགེ་འདུན་བསམ་གྲུབ་པ་བསྐོས་ཤིང་འདིས་བཞེད་དོན་ཀྱང་གྲུབ་བོ། །དེ་ནས་མེ་མོ་ཡོས་ལོའི་དབྱར་སོས་ནས་བརྩམས་ཏེ་བསམ་གྲུབ་རྩེའི་བྲག་དམར་བླ་བྲང་དུ་རྟེན་བཞེང་གི་མགོ་བཙུགས་ཏེ་ལུགས་བཏང་བས། ཐད་ལ་མ་བྱུང་བ་ལ་ཉང་སྟོད་པའི་དཀའ་བཅུ་པ་ཅིག་རྨི་ལམ་བརྟག་ཏུ་བཅུག་པས། ཁོང་གི་རྨི་ལམ་དུ་ཆ་ལུགས་མཛེས་པའི་བུད་མེད་གསུམ་མི་རྐང་གི་གླིང་བུ་འབུད་ཅིང་འདི་སྐད་ལོ། །སྐྱེས་བུ་དམ་པའི་ཐུགས་ཀྱི་མུན་པ་གཏིང་ནས་བསལ། །གང་དང་གང་དུ་བཞུགས་པ་དེར། །འོད་དཔག་མེད་པའི་སྨོན་ལམ་མ། །འགྲོ་ལ་དགྱེས་པའི་འཛུག་སྟོན་མ། །ཡང་དང་ཡང་དུ་སྤྱན་འདྲེན་ནོ། །ལུགས་ཕུད་རྗེ་བཙུན་སྒྲོལ་མ་འཚལ། །གསང་བསྟོད་གེགས་མེད་འབྱོན་པ་ལ། །ཐུབ་དབང་མངལ་སྐྱེས་ཀྱི་བསྟོད་པ་འཚལ། །དཔེ་དཀར་གྱི་


DLL1005_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པ་ཅུང་ཟད་ཡོད། །རྟ་མགྲིན་ནག་པོའི་ཟློག་པ་འཚལ། །ངེད་ཚོ་ཡང་སྤྲེ་གདོང་ཅན་གཟུངས་ཀྱི་དཔལ་དང་། །མཁས་གྲུབ་དུ་མ་བསྟེན་པ་ཡིན། །ཡང་དང་ཡང་དུ་འོང་གིན་ཡོད་ཟེར་གྱིན་འདུག །ཡང་ན་ཁ་ཅིག་ན་བུད་མེད་སྨུག་མོ་གཅིག་ན་རེ། བར་ཆད་མི་འོང་། ཕྲིན་ལས་དང་གྲོགས་དོན་ངེད་ལྕམ་དྲལ་གྱིས་བྱེད་པ་ཡིན་ཟེར་བ་ཅིག་རྨིས་ལགས་ཞུས་པས། དེ་མ་ཐག་ཐུབ་པ་ཆེན་པོ་ལ་བདུད་དཔུང་ཕྱེ་མར་འཐག་པ་ཅེས་བྱ་བའི་བསྟོད་པ་དེ་མཛད་དེ་ལུགས་ཕུད་ལ་རྗེ་བཙུན་མའི་སྐུ་བཞེངས་ཤིང་། དེ་ནས་སྟོན་པའི་སྐུ་རྒྱབ་མཐོ་ཉེར་ལྔ་པ་ཅིག་གི་ལུགས་བཏང་བས་བྱིན་རླབས་ཀྱི་གཟི་འོད་འབར་ཞིང་ངོ་མཚར་བར་བྱོན་ནས། རྟེན་དེའི་ཐུགས་ཀར་རྒྱལ་བ་ཙོང་ཁ་པ་ཆེན་པོས་ཐོག་དྲངས་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་མང་པོས་གཏམས་པའི་དངུལ་གྱི་རྒྱལ་བ་འོད་དཔག་མེད་ཀྱི་སྐུ། རྗེ་བཙུན་ཤེས་རབ་སེང་གེའི་དབུ་ཐོད་རིན་པོ་ཆེ་སྣ་ཚོགས་པས་བཀང་བ་དང་བཅས་པ་བཞུགས་ཤིང་། གཞན་ཡང་སྐུའི་སྟོད་སྨད་ཀྱི་ཆར་གཟུངས་སྔགས་བྱིན་རླབས་ཅན་མང་པོ་བཤད་ཚོད་དང་མཐུན་པར་བཞུགས། ཁྱད་པར་སྐུ་སྨད་ཀྱི་ཆ་ལ་འདུལ་བའི་གསུང་རབ་ཀྱི་གླེགས་བམ་མང་པོ་རྗེ་བཙུན་ཙོང་ཁ་པའི་མཐང་གོས་དང་བཅས་པ་རྟེན་འབྲེལ་ཁྱད་པར་ཅན་བསྒྲིག་པའི་ཕྱིར་དུ་བཞུགས། མདོར་ན་དེ་ནས་བརྩམས་ཏེ་རྟེན་གྱི་ནང་བཞུགས་སོགས་ཡོངས་སུ་རྫོགས་པར་འབྲུག་ལོ་ཟླ་བ་གསུམ་པ་ཡན་ལ་རྫོགས་པར་གྲུབ་པ་ཡིན་ནོ། །དེ་ནས་རྟེན་ཡར་ཕྱོགས་ལ་སྤྱན་འདྲེན་ནམ་སྙམ་དུ་དགོངས་ཏེ་


DLL1005_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དར་རྒྱས་པ་ལ་ཁྲབ་རྨོག་གྲི་གསུམ་གྱི་གནང་སྦྱིན་མཛད། བཀའ་བགྲོས་མཛད་པ་ལ་རྡོ་རིང་བའི་དཔོན་པོ་ན་རེ། རྗེ་ཁྱེད་རང་དཀོན་མཆོག་ལ་གསོལ་བ་ཐེབས་པའི་གང་ཟག་ཡིན་པས་དཀོན་མཆོག་ལ་གསོལ་བ་བཏབ་ནས། བསྟན་པ་དང་སེམས་ཅན་ལ་གང་དུ་བཞུགས་ན་ཕན་པ་ཆེ་བར་ལུང་བསྟན་པ་ཅིག་མཛད་པར་ཞུ། ཡར་མར་ལ་ཁྱད་པར་མ་བྱུང་ན་འདི་ཕྱོགས་ལ་བཞུགས་པ་ཅིག་ཞུ་ཟེར། དར་རྒྱས་པའི་ཞུ་བ་ལ། ད་སྐུ་འདི་གང་དུ་བཞུགས་ཀྱང་གཙུག་ལག་ཁང་གི་ཞབས་ཏོག་བདག་རང་གིས་བྱེད་པ་ལགས་པས་ཡོན་མཆོད་རིང་དུ་མི་གཏོང་བ་ཞུ་ཟེར། དེ་ནས་བསམ་གྲུབ་རྩེར་གཞི་བྱེས་ཀྱི་དགེ་འདུན་མང་པོ་བསགས་ནས་རྗེ་བཙུན་མ་ལ་གསོལ་བ་བཏབ་པས་འདི་ཕྱོགས་ལ་བཞུགས་པ་ལུང་བསྟན་བྱུང་། དེ་ནས་དགོན་པའི་འགྲམ་གདིང་བར་བཞེད་དེ་དངོས་ཀྱི་སྦྱིན་བདག་དར་རྒྱས་པ་དཔོན་བསོད་ནམས་དཔལ་བཟང་བས་མཛད་ནས། རབ་བྱུང་ཞེས་པ་མེ་མོ་ཡོས་ལོའི་སྨིན་དྲུག་ཟླ་བའི་ཡར་ཚེས་བཟང་པོ་ལ་རྗེ་རང་ཉིད་སྦྱིན་བདག་དང་བཅས་པ་འདིར་ཕེབས། ས་བརྟག་པ། གཞི་བདག་ལ་གཏོར་མ་སྦྱིན་པ་ལ་སོགས་པའི་ཆོ་ག་རྒྱས་པར་མཛད་དེ། སའི་ཆ་འདིར་གཙུག་ལག་ཁང་། འདིར་བླ་བྲང་། འདི་རྣམས་སུ་བྲང་ཁང་སོ་སོ་རྣམས་ཀྱིས་གསུངས་ཏེ། གཙུག་ལག་ཁང་དྲི་གཙང་ཁང་དབུས་མ་དང་བཅས་པའི་འགྲམ་བཏིང་སྟེ། བཀྲ་ཤིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་བཏབ་བོ། །དེ་ཡང་གཙང་ཁང་ཆེན་མོ་ལ་ཀ་བ་དྲུག་གི་ས་


DLL1005_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འདུ་ཁང་ལ་ཀ་བ་བཞི་བཅུ་ཞེ་བརྒྱད་ཀྱི་ས་ཡོད་ཅིང་། བྱམས་ཁང་ལ་ཀ་བ་བཅུ་གཉིས་ཀྱི་ས་དང་། སྒྲོལ་མ་ལྷ་ཁང་ལ་ཀ་བ་བཞིའི་ས་དང་། མགོན་ཁང་ལ་ཀ་བ་གཉིས་ཀྱི་ས་རྣམས་ཕྱིས་བཞེངས་པ་ཡིན་ནོ། །དེ་ནས་ས་ཕོ་འབྲུག་གི་ལོའི་དགུན་ཆོས་ལ་ལུང་ནག་གད་རྫོང་བྱ་བར་ཕྱགས་ཕེབས། ཆོས་ཞག་ཞེ་ལྔའི་བར་དུ་ཞབས་ཏོག་བཟང་པོ་བསྒྲུབས། གསུང་ཆོས་རིགས་ལུང་སོགས་འཕེལ་བར་བྱུང་། དེ་ནས་ཁྲོ་ཕུའི་རྒྱལ་བ་བྱམས་པའི་དྲུང་དུ་བྱོན། དཔལ་སྡིངས་པ་དང་སྤང་རྩ་བའི་མི་ཉག་བཟང་པོ་གཉིས་ཀྱིས་སྦྱིན་བདག་མཛད་དེ་ཞག་བཅུ་དྲུག་)གི་བར་དུ་སྨོན་ལམ་ཆེན་མོ་བཙུགས། དེའི་རིང་ལ་རྒྱལ་བ་བྱམས་པ་ལ་མཆོད་འབུལ། སྙན་དར། འཕན། གདུགས་སོགས་འབུལ་བ་དང་། བསྟོད་པ། བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཐུགས་དམ་འཕེལ་བར་མཛད། དེར་སྐྱེ་བོའི་ཚོགས་ཇི་སྙེད་འདུས་པ་རྣམས་ལའང་ལས་བཟང་པོའི་འབྲེལ་བ་འཇོག་པ་སོགས་ཀྱང་མཛད། འདི་དང་སྔ་གོང་ནས་ཀྱང་གནས་འདིར་སྨོན་ལམ་ཆེན་མོ་ལན་ཅིག་སྟེ་ལན་གཉིས་མཛད་དོ། །དེ་ནས་དཔལ་སྡིངས་འབུམ་པར་ཕྱགས་ཕེབས་ཏེ་ཆོས་བར་མཛད། དེ་ནས་སྣར་ཐང་ལ་བྱོན། དཔྱིད་ཆོས་དེའི་རིང་ལ་བསྟན་པ་ལ་དགོངས་ཏེ་སྨན་པའི་རྒྱལ་པོའི་མདོ་ཆོག་གི་པར་བརྒྱ་ཕྲག་མང་པོ་འདེབས་པ་དང་། རྟེན་གྱི་ནང་བཞུགས་ཀྱི་གཟུངས་པར་མང་པོ་ཡང་རྗེ་རང་ཉིད་ཀྱིས་མཛད་ཅིང་གཙོ་བོར་འཆད་ཉན་རྒྱུན་མ་ཆད་པར་མཛད།


DLL1005_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྗེ་རང་གི་སྣར་ཐང་གི་བྲང་ཁང་བྱང་ནས་ཕྱག་དཔེ་ལྷ་རྟེན་ཕྱག་རྫས་ཀྱི་དངོས་པོ་གང་ཡོད་པ་རྣམས་སྐྱེལ་བ་ལ་གྲྭ་པ་ཐམས་ཅད་ཀྱིས་བསམ་གྲུབ་རྩེར་ཉིན་གཅིག་བྱོན། སླར་ལོག་སྟེ་དེ་ནས་ཆོས་བར་རྣམ་སྲས་གླིང་གི་གཞིས་ཀར་ཕེབས། དཔྱིད་ཆོས་ཟླ་གཅིག་ཙམ་མཛད་དེ་ཆོས་མཚམས་ལ་དེར་བཞུགས་ནས་བཀྲ་ཤིས་ལྷུན་པོར་ཉིན་རེ་ཞིང་བྱོན་ཏེ་བླ་བྲང་ཀ་བ་ཉི་ཤུ་རྩ་བཞིའི་སའི་འགྲམ་འདིང་བ་དང་། གཙུག་ལག་ཁང་གི་མཁར་ལས་སོགས་ལ་ཤིན་ཏུ་འགྲུས་པར་མཛད་དེ་གཙང་ཁང་གི་ཐོག་དང་། གཙུག་ལག་ཁང་གི་ཁྱམས་སྟོད་ལ་ཀ་བའི་སྟར་གཉིས་ཀྱི་ཐོག་ཕུབ། ཁྱད་པར་གཙང་ཁང་ལ་ཐོག་ཕུབ་པའི་དུས་ཀ་བ་ལྷོ་ཤར་མ་བཙུགས་ནས་གྱང་བརྒྱབ་པ་དང་སྙམ་དུ་འཇའ་ཚོན་གཅིག་སྡོང་འཛུགས་སུ་ཀ་བ་ལ་ཟུག །འཇའ་ཚོན་གཅིག་ཀ་བ་ནས་དུང་རྩེ་ན་ཁ་ལ་ཟུག་པ་དཔོན་གནོད་སྦྱིན་གྱིས་དངོས་སུ་མཐོང་། རྒྱང་མ་ནས་སྐྱེ་བོ་མང་པོས་ཀྱང་མཐོང་ཞིང་། ཐོག་ཁེལ་ནས་དབུ་རྩེའི་སྟེང་དུ་འཇའ་ཟུག་པ་སོགས་ལྟས་ཁྱད་པར་ཅན་མང་པོ་བྱུང་། དེ་ནས་རྟེན་ངོ་མཚར་ཅན་དེ་ལྷ་ཁང་གི་དབུས་སུ་གདན་དྲངས། དེའི་ཚེ་ཡང་ས་གཡོ་བ་དང་མེ་ཏོག་གི་ཆར་འབབ་པ་སོགས་ཉི་མ་ལྔའི་བར་དུ་བྱུང་། དེ་ནས་གྲྭ་ཁང་ཐོགས་ཤིག་དང་། སྒོས་ཀྱི་གྲྭ་ཁང་ཐོགས་ཤིག་གི་འགྲམ་འདིང་བ་སོགས་ཀྱི་སྐབས་དེར་ཟླ་བ་ལྔ་པའི་གཟའ་སྐར་ཚེས་གྲངས་འཛོམ་པ་ལ་ཕྱོགས་ནས་ཀྱི་བུ་སློབ་མང་པོ་སྤྱན་དྲངས། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ། ནང་རྟེན་


DLL1005_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་ཅན་དེ་ལ་དེའི་སྒོ་ནས་རབ་ཏུ་གནས་པ་དང་མངའ་གསོལ་རྒྱས་པར་མཛད་དོ། །དེ་ཡང་དགོན་པ་མ་བཏབ་གོང་དུ་ཕྱུགས་རྫི་མང་པོ་གནས་དེར་ཕྱིན་པའི་བུ་མོ་བཟང་མོ་ཟེར་བ་ཅིག་ན་རེ། དགོན་པའི་སྲང་བར་ལ་བ་ལང་ཤོར་སོང་ཟེར་བ་ལ་ཟླ་བོ་རྣམས་ཀྱིས། ཁྱོད་སྨྱོ་འདུག་ཟེར་བ་བྱུང་། དུས་ཕྱིས་མོ་ན་རེ། དགོན་པ་མདའ་རྒྱང་གང་གིས་སྙོགས་ཆད་ཅིག་ལ། སྔགས་པ་རྒྱན་ཆ་བཟང་པོ་བཏགས་པ་ཅིག་གིས་དགེ་འདུན་དང་སྐྱེ་བོ་མང་པོ་ལ་ཆོས་གསུང་བ་མཐོང་ཟེར་རོ། །ཡང་དུས་ཕྱིས་དགེ་བཤེས་ཅིག་གིས་དགོན་པའི་ལྟག་གི་ཕ་བོང་གྲུ་བཞི་ཞིག་གི་སྟེང་དུ་བཤར་བྱང་བྱས་པས་ནུབ་མོ་རྨི་ལམ་དུ་བུད་མེད་ཅིག་བྱུང་ནས། ངའི་བླ་མའི་ཆོས་ཁྲིིའི་སྟེང་དུ་མ་སྡོད་ཟེར་ནས་སྲུང་བ་བྱུང་ངོ་ཞེས་ཟེར། སྔ་གོང་དགོན་པའི་མིང་ལ་ཡང་ཁ་ཅིག་གངས་ཅན་ཆོས་འཕེལ་ཟེར། ལ་ལ་དཔལ་འབྱོར་ལྷུན་པོ་ཟེར། ཡང་དེའི་དུས་སུ་རྗེ་བླ་མ་འདི་གཙུག་ལག་ཁང་འདིའི་ཁྱམས་འདིར་གུར་དཀར་པོ་ཞིག་གི་ནང་དུ་བཞུགས་པའི་ཐོ་རངས་ཅིག་སྔར་གྱི་བུད་མེད་དེའི་སྐད་བར་སྣང་ལ་ལྷང་བ་ཅིག་བྱུང་བ་ལ་གསན་པས། དགོན་པའི་མིང་ལ་བཀྲ་ཤིས་ལྷུན་པོ་གྱིས། སྔར་གྱི་མཁའ་འགྲོའི་བརྡ་སྐད་དེས་ཁྲོལ་ལོ་ཨང་གསུང་བ་ཅིག་བྱུང་བས་བཀྲ་ཤིས་ལྷུན་པོ་ཞེས་པ་ལྷ་མོ་འདིས་བཏགས་པ་ཡིན། དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་པ་རྗེ་རང་གིས་བྱས་པ་ཡིན་གསུང་ངོ་། །ཡང་དེ་དུས་སུ་དགོན་པའི་མདུན་གྱི་ནེ་ཐང་དེར་རབ་བྱུང་ཞིག་བསྒྲུབས། དེ་གནས་དེར་རབ་བྱུང་བྱེད་པའི་ཐོག་མ་ཡིན་པས་མིང་


DLL1005_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་རྒྱ་མཚོ་འཕེལ་དུ་བཏགས། རབ་བྱུང་སྒྲུབ་པའི་དུས་རྗེ་ཞལ་དགོན་པ་ཕྱོགས་ལ་བསྟན་ཏེ་གཟིགས་པས་སྔར་རི་བོ་དགེ་འཕེལ་དུ་རྨི་ལམ་ལ། རྗེ་བཙུན་ཙོང་ཁ་པས་ལུང་བསྟན་པའི་གནས་དེ་འདི་ཡིན་པར་གོར་མ་ཆག་པར་འདུག་སྙམ་དུ་ཐུགས་ངེས་དང་། ཁྱད་པར་རྗེ་ཡབ་སྲས་གསུམ་གྱི་བཞུགས་ས་སོགས་ལ་ཆེར་དཔྱད་པས་ཐུན་མོང་མ་ཡིན་པའི་ངེས་ཤེས་བྱུང་། དེའི་ཕྱིར་དགོན་པ་འདི་རྗེ་བཙུན་ཙོང་ཁ་པ་ཡབ་སྲས་དང་ལྷ་མོ་འདིས་ལུང་བསྟན་པ་ཡིན་ནོ་ཞེས་གསུང་། ཁྱད་པར་གླེགས་བམ་རིན་པོ་ཆེ་ལས་ཀྱང་དགོན་པ་འདི་ཉིད་ཀྱི་ལུང་བསྟན་མང་དུ་གསུངས་ཤིང་། ཆེས་གསལ་བར། གླང་ཆེན་བཞེངས་དང་བཞུགས་འདྲ་བ། །མཐར་ཐུག་བསམ་གཏན་ལྷུན་གྲུབ་ཤོག །ཅེས་དང་། ལྟ་བས་མི་ངོམས་གཟི་བརྗིད་ཅན། །མཚུངས་པ་མེད་པའི་བཀྲ་ཤིས་གནས། །བཀྲ་ཤིས་ལྷུན་པོ་རྒྱས་འགྱུར་ཤོག །འདོད་དགུ་འབྱུང་བའི་རིན་པོ་ཆེ། །དེ་དང་མཐུན་པ་དཔག་བསམ་ཤིང་། །དགོས་འདོད་འབྱུང་བའི་བཀྲ་ཤིས་གནས། །བཀྲ་ཤིས་མཆོག་རབ་རྒྱས་འགྱུར་ཤོག ། ཅེས་སོགས་ཀྱིས་བཀྲ་ཤིས་ལྷུན་པོའི་རྒྱབ་རི་དང་། གནས་ཀྱི་དབྱིབས་དང་། དེའི་གང་ཟག་དང་། དེས་བསམ་གཏན་འགྲུབ་ལུགས་དང་། རྟེན་ཁྱད་པར་ཅན་འབྱོན་ལུགས་ལ་སོགས་པ་རྣམས་ལུང་བསྟན་པ་ཡིན་ནོ་ཞེས་རྗེ་རང་ཉིད་ཀྱི་གསུང་ལས་དངོས་སུ་ཐོས་པ་ཡིན་ནོ། །དེ་ནས་རྣམ་སྲས་གླིང་དུ་དབྱར་ཞལ་བཞེས་མཛད་པའི་ཞབས་ཏོག་བསམ་གྲུབ་རྩེ་ནས་བསྒྲུབས། དགག་དབྱེ་ཐོན་ནས་རྗེ་དཔོན་སློབ་ཀྱིས་བཀྲ་ཤིས་


DLL1005_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་པོར་ཕེབས་ཏེ། དེར་གཞི་ཕབ་སྟེ་བཞུགས་པའི་ཐོག་མ་དེ་ནས་མཛད། དེའི་དུས་སུ་དར་རྒྱས་ནང་པ་དཔོན་བསོད་ནམས་དཔལ་བཟང་བས་དགོན་པའི་གཞི་རྟེན་ལ་གཞིར་མཁར་བའི་བོགས་སྔོ་ཆགས་སོགས་ཀྱི་ཡོང་སྒོ་རྣམས་ཕུལ་ཏེ་ལོ་རེ་བཞིན་དབྱར་ཆོས་ལ་གསོལ་ཕོགས་འབུལ་བར་མཛད་དོ། །དེ་ནས་ས་མོ་སྦྲུལ་ལོའི་དགུན་ཆོས་ནས་བརྩམས་ཏེ། གྲྭ་པ་རྣམས་ཀྱིས་ཀྱང་བཀྲ་ཤིས་ལྷུན་པོར་བཞུགས། སའི་མཐའི་མཛད་པ་ཡིན་ནོ། །དེའི་ཚེ་རྗེ་བླ་མ་འདིས་བླ་བྲང་རྒྱལ་མཚན་མཐོན་པོའི་སྐམ་ཐོག་ཅིག་ཙམ་ལ་བརྟེན་ནས་བཞུགས་པའི་དགུན་ཆོས་གཉིས་འདིར་མཛད། དེ་ནས་དཔྱིད་ཆོས་ལ་སྣར་ཐང་དུ་ཕེབས། དཔོན་སློབ་ཉུང་ཤས་ཤིག་ལས་མ་བྱུང་ཡང་གསུང་ཆོས་རིགས་ལུང་སོགས་ཤིན་ཏུ་འཕེལ་བར་བྱུང་། དེ་ནས་སླར་ཡང་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་བཞུགས། དེ་ལྟ་བུའི་རྟེན་བཞེངས་མཁར་ལས་སོགས་ཀྱི་ངང་ནས་ཀྱང་སྤྱིར་བཤད་ཉན་རྒྱུན་མ་ཆད་པར་མཛད་ཅིང་། ཁྱད་པར་ལོ་དེ་ལ་གྲྭ་ཚོགས་ཀྱང་ཅུང་ཟད་ཆུང་བ་ལ་བརྟེན། རྗེ་བླ་མ་འདིས་གསུང་ཆོས་ཐམས་ཅད་གཟབས་བཤད་དང་། ཁྱད་པར་དུ་ཚད་མ་རྣམ་འགྲེལ་ལྷ་དབང་བློའི་འགྲེལ་པ་སོགས་རྒྱ་འགྲེལ་མང་པོ་དང་། ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་སོགས་བོད་ཊཱིཀ་མང་པོ་ཡང་གཟིགས་ནས། ལེགས་པར་བཤད་པའི་གསུང་གི་ཟིན་བྲིས་སུ་བུ་སློབ་སྔ་མ་དག་གིས་བྱས་པ་ཡང་ཡོད་དོ། །ལོ་དེའི་དབྱར་ཞལ་བཞེས་ཀྱང་དེར་མཛད་དེ། གནས་དེའི་དབྱར་ཞལ་བཞེས་ཀྱི་ཐོག་མ་ཡང་དེ་ཡིན་ནོ། །དེ་དུས་ཐོ་རངས་


DLL1005_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་རྨི་ལམ་དུ་རྗེ་བཙུན་ཙོང་ཁ་པ་བྱོན་ནས། དགེ་འདུན་གྲུབ། ཁྱོད་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སྒོམ་མམ་གསུང་བ་ལ། དཔེ་ལ་བལྟས་ཏེ་སྒོམ་གྱིན་ཡོད་ཞུས། སྒོམ་དགོས་གསུང་བའི་དོན་དུ་གོ །དེ་ནས་ལྕགས་ཕོ་རྟ་ལོའི་དགུན་ཆོས་གྲོལ་མཚམས་ཤིག་ཏུ་རྗེ་བླ་མ་འདི་རི་བོ་དགེ་ལྡན་གྱི་མཁན་པོ་ལ་གདན་འདྲེན་པ་ལ་བླ་མ་དཀའ་བཅུ་པ་སྦྱིན་པ་དཔལ་བ་དང་དགེ་བསྐོས་དཔལ་ལྡན་རིན་ཆེན་པ་གཉིས་ཀྱིས་ཐོག་དྲངས་དཔོན་སློབ་ཐོགས་ཤིག་གིས་སླེབས། ཞུ་བ་ཕུལ་བས། རྗེ་བླ་མའི་གསུང་ནས། བདག་དེར་མི་འགྲོ། དེའི་རྒྱུ་མཚན་ཡང་དགོན་པ་འདི་ཡང་བཏབ་མ་ཐོག་ཏུ་སོང་བས་རྒྱུན་བརྟན་པ་ཅིག་མ་བྱུང་དོགས་ཤིང་། ཁྱད་པར་སྔར་བྱས་པ་ཐམས་ཅད་ཀྱང་བསྟན་པ་སྤྱི་སྒོས་འབའ་ཞིག་ལ་བསམས། ད་དུང་ཡང་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྟན་པ་འབའ་ཞིག་ལ་བསམས་ཏེ་འདིར་ཀ་སྡོད་པ་ཡིན་གསུངས་ཏེ་མི་འབྱོན་པར་ཐག་བཅད་དོ། །དེ་ནས་ལྕགས་མོ་ལུག་གི་ལོ་ལ་ལྷ་རྒྱལ་རྩེར་ཕེབས་ཏེ་དགུན་ཆོས་དང་པོ་མཛད། དགུན་ཆོས་གཉིས་པ་ལ་སུལ་ཕུར་བྱོན། དཔོན་ནམ་མཁའ་རྒྱལ་པོ་སྐུ་མཆེད་ཀྱིས་ཞབས་ཏོག་བསྒྲུབས་ཏེ་ཆོས་བར་དང་། དེ་ལ་རྟེན་ངོ་མཚར་ཅན་གཉིས་འདུག་པ་དེའི་དྲུང་དུ་བསྟན་པ་རྒྱས་པའི་སྨོན་ལམ་ཡང་མཛད་དོ། །དེ་ནས་སྡེ་ཆེན་རྩེར་ཕེབས། སེང་གེ་རྩེ་ནས་ཞབས་ཏོག་བསྒྲུབས། ཆོས་ཐོག་གཉིས་ཀྱི་བར་ལ་གསུང་ཆོས་རིགས་ལུང་སོགས་ཀྱང་འཕེལ་བར་བྱུང་། དེ་ནས་སླར་ཡང་བཀྲ་ཤིས་ལྷུན་པོར་ཕེབས། དབྱར་ཞལ་


DLL1005_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་མཛད། ཆུ་ཕོ་སྤྲེའུའི་དགུན་ཆོས་ལ་རྒྱབ་ཁྲར་ཕེབས། དར་རྒྱས་པས་ཞབས་ཏོག་བསྒྲུབས། དགུན་ཆོས་གཉིས་པ་ལ་ཡང་དཔལ་སྡིངས་ལ་བྱོན། དེར་ཆོས་ཐོག་གཉིས་བཞུགས། བྲག་གཞུག་པ་དང་། དགེ་བཤེས་བསོད་ནམས་འཕེལ་སྐུ་མཆེད་ཀྱིས་ཞབས་ཏོག་བསྒྲུབས། དཔལ་སྡིངས་ཀྱི་གཙུག་ལག་ཁང་དེར་བསྟན་པ་རྒྱས་པའི་སྨོན་ལམ་ཡང་མཛད་དོ། །དེ་ནས་སྣར་ཐང་དུ་ཕེབས་ཏེ་ཆོས་ཐོག་གཅིག་མཛད། སླར་ཡང་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་དབྱར་ཞལ་བཞེས་མཛད། དེའི་ལོ་དགེ་འདུན་གྱི་སྤྱི་བསོད་ཆེན་མོ་འདི་ཡང་བཙུགས་པ་ཡིན་ནོ། །ཆུ་མོ་བྱ་ལོའི་དགུན་ཆོས་ལ་ཐག་གི་གདོང་དཀར་དུ་ཕེབས། འདི་པས་ད་ལན་དང་། དེར་མ་ཟད་རིམ་པར་ཞབས་ཏོག་ཚུལ་བཞིན་དུ་བསྒྲུབས་ཏེ་སྦྱིན་བདག་གི་གཙོ་བོ་ཞིག་མཛད། དེ་ནས་འདིར་ཕེབས། སྣར་ཐང་མཁན་པོ་བསོད་ནམས་མཆོག་གྲུབ་གདན་ས་ཐེལ་དུ་གཤེགས་པའི་དགོངས་པ་རྫོགས་ཐབས་དར་རྒྱས་ནས་དགོན་པ་འདིར་ལེགས་པར་བསྒྲུབས་སོ། །དེ་ནས་བཟུངས་ཏེ་ལོ་སྦྲེལ་གྱི་བར་དུ་བཤད་ཉན་རྒྱུན་མ་ཆད་པའི་ངང་ནས་སྤྱི་དགོས་ཀྱི་མཁར་ལས་སོགས་ཀྱང་ལེགས་པར་མཛད་དོ། །དེ་ནས་ཤིང་ཕོ་ཁྱི་ལོའི་དགུན་ཆོས་ལ་རྟ་ནག་རི་ཁུད་དུ་ཕེབས། ལྷ་རྒྱལ་རྩེ་པས་ཞབས་ཏོག་བསྒྲུབས་ཏེ་དགུན་ཆོས་དང་པོ་མཛད། དེ་ནས་དགུན་ཆོས་གཉིས་པ་ལ་ལུང་ནག་གད་རྫོང་དུ་ཕེབས། ཞབས་ཏོག་ཚུལ་བཞིན་དུ་བསྒྲུབས་ཏེ་ཆོས་བར་མཛོད། དེ་ནས་ཡང་ལྷ་རྒྱལ་རྩེར་


DLL1005_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་ཏེ་ཆོས་བར་མཛད། སླར་ཡང་སྣར་ཐང་དུ་ཕེབས་ཏེ་ཆོས་ཐོག་གཅིག་མཛད་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་ད་བར་ཞལ་བཞེས་མཛད་དོ། །དེ་ནས་ཤིང་མོ་ཕག་གི་དགུན་ཆོས་ལ་རྟ་ནག་རི་ཁུད་དུ་ཕེབས་ཏེ་དགུན་ཆོས་མཛད། སླར་ཡང་བཀྲ་ཤིས་ལྷུན་པོར་ཕེབས། བཤད་ཉན་ཚུལ་བཞིན་དུ་མཛད་དོ། །མེ་ཕོ་བྱི་བའི་དགུན་ཆོས་ལ་གདོང་དཀར་བས་ཐག་རྫོང་ནུབ་ཏུ་སྤྱན་དྲངས་ཏེ་ཞབས་ཏོག་ཚུལ་བཞིན་དུ་མཛད། སླར་ཡང་འདིར་ཕེབས་བཞུགས། ཡང་མེ་མོ་གླང་ལོའི་དགུན་ཆོས་ལ་གདོང་དཀར་དུ་སྤྱན་དྲངས་ཏེ་ཞབས་ཏོག་ཚུལ་བཞིན་དུ་བསྒྲུབས། དེ་དུས་རྗེ་འདི་ཉིད་ཀྱི་ཚེམས་གཅིག་བྲུལ་བ་གདོང་དཀར་བ་ནང་པ་དཔལ་འབྱོར་བ་ལ་གནང་བ་ལ། ཁོང་གིས་གསོལ་བ་བཏབ་པས་དུས་ཕྱིས་རྗེ་བཙུན་མའི་སྐུ་མཚར་ཞིང་དོད་པ་ཅིག་རིང་བསྲེལ་གསུམ་གྱི་དབུ་རྒྱན་དང་བཅས་པ་བྱོན་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ཡིན་ནོ། །དེ་དུས་མནལ་ལམ་དུ་རྗེ་ཤེས་རབ་སེང་གེ་ཡིན་ཞེས་ཟེར་བ་ཅིག་ལ་རྗེ་བཙུན་ཙོང་ཁ་པའི་རྣམ་པ་ཅན་ཅིག་གིས། ཆོས་ཀྱི་མཐར་ཐུག་སེམས་སྐྱེད་ཡིན། །ལྟ་བའི་མཐར་ཐུག་སྟོང་ཉིད་ཡིན། །རྒྱུད་ཀྱི་མཐར་ཐུག་གསང་འདུས་ཡིན། །གསུངས་ནས་རལ་གྲི་གཉིས་གཏད་སོང་བ་རྨིས་གསུང་ངོ་། །དེ་ནས་ཡང་འདིར་ཕེབས། གཙུག་ལག་ཁང་གི་ཐོག་འབིགས་པའི་ཐུགས་འདུན་བཏང་བའི་ཚེ་རྗེ་འདི་པའི་མནལ་ལམ་དུ་མི་དཀར་པོ་ཞིག་ན་རེ། ང་ཁྱོད་ཀྱི་ཕོ་ལྷ་ཡིན། སྤྱན་རས་གཟིགས་ཀྱིས་གཙུག་ལག་ཁང་བཞེང་བ་ལ་ཤིང་འབུལ་དུ་འོངས་བ་ཡིན་ཟེར་ཏེ་ཤིང་མང་པོ་འདིར་


DLL1005_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སླེབས་པ་རྨིས། གཞི་བདག་བཟང་ར་འདི་ཡིན་པ་འདྲ་གསུང་། ཡང་ཁ་ཅིག་གི་རྨི་ལམ་དུ་འབྲོག་པའི་ཁྱེའུ་དཀར་པོ་ཞྭ་རྩེ་རིང་གྱོན་པ་འགའ་ཞིག་གིས་གཡག་མང་པོ་ལ་ཤིང་བཀལ་ཏེ། སྤྱན་རས་གཟིགས་ལ་འབུལ་ལོ་ཞེས་ཟེར་ཏེ་འདིར་སླེབས་པ་རྨིས་ཞེས་ཟེར་ཞིང་། དོན་ལ་ཡང་རྗེ་རང་ཉིད་ཀྱི་གདུང་ཆོས་སུ་གཏོགས་པའི་འབྲོག་པ་རྣམས་ཀྱིས་ལྷོའི་ལ་མོ་ནས་ཤིང་རྣམས་གཡག་ལ་བཀལ་ཏེ་བསྐྱལ་ལ། ཤིང་ཐོགས་ཤིག་གནས་རྙིང་། དཔལ་འཁོར་ལོ་སྡེ་ཆེན་སོགས་ནས་ཆུ་ལ་དྲངས་ཏེ་འདིར་སླེབས། དེ་ནས་ཤིང་བཟོ་བའི་དཔོན་མཁས་པ་གཉིས་ཀྱིས་ཐོག་དྲངས་བཟོ་བོ་མང་པོས་བཟོ་བཙུགས་ཏེ་དེའི་རིང་ལ་བཟོ་བོ་རྣམས་ཀྱི་ཉམས་སྣང་ལ་ཉིན་མོ་མི་དང་མཚན་མོ་མི་མ་ཡིན་གྱིས་ལས་བྱེད་པའི་སྣང་བ་དང་། རྨི་ལམ་རྨི་བ་སོགས་མང་དུ་བྱུང་ཞིང་། དེ་ནས་ལེགས་པར་རྩོམ་པ་བྱས་པས་མྱུར་དུ་ཐོག་འབིགས་ལེགས་པར་གྲུབ་ཅིང་། དེ་ལོ་དབྱར་དེ་གཟིམས་ཁང་རྒྱལ་མཚན་མཐོན་པོའི་ཀ་དྲུག་མའི་གནས་བརྟན་ལྷ་ཁང་གི་རི་མོ་འདི་ཡང་གྲུབ་པ་ཡིན་ལ། དེའི་ཚེ་རྗེའི་ཞལ་ནས་དཔོན་མོ་ཆེ་བསམ་གཏན་པ་ལ། ལྷ་མོ་འདིའི་སྐུ་སྒོ་རྒྱབ་འདིར་འབྲི་བའི་ལུགས་ཡིན་ནའང་། ལྷོ་ཤར་གྱི་ཟུར་འདི་ན་ཧྲབ་ཧྲིབ་དང་། ཤབ་ཤིབ་མང་པོ་ཟེར་ཅིང་། ང་འདིར་སྡོད་ཟེར་གྱིན་འདུག་པས་འདིར་བྲིས་གསུངས་ནས། ཞལ་ནུབ་གཟིགས་ལ་མདུན་དུ་གཏོར་མ་དང་བཅས་པ་བཞུགས་སོ། །དེ་ནས་ས་ཕོ་སྟག་ལོའི་དགུན་ཆོས་ལ་སེང་གེ་རྩེར་ཕེབས།


DLL1005_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མོ་རྡོ་རྗེ་ཚེ་རིང་མས་ཞབས་ཏོག་བཟང་པོ་བསྒྲུབས། གསུང་ཆོས་ཀྱང་འཕེལ་བར་བྱུང་། དེ་ནས་གྲྭ་པ་འགའ་ཞིག་ལ་ན་ཚ་འདྲ་བྱུང་བ་ལ་རྗེའི་ཞལ་ནས། འདིའི་དགོན་པའི་ལྷ་མོ་འདིའི་གཡོ་ཞིག་ཡིན་ཚོད་དུ་འདུག །འདི་མགོན་པོ་ཕྱག་བཞི་པའི་ཡུམ་ཨེ་ཀ་ཛཱ་ཊི་ཡིན། ངེད་རང་གི་ལྷ་མོ་འདི་དང་ཡང་གཅིག་པར་འདུག །མགོན་པོ་ཕྱག་བཞི་པ་འདི་བདག་ལ་སྐུའི་སྣང་བ་ཡང་དང་ཡང་དུ་སྟོན་པ་ཅིག་ཡོད་པས་འདི་ལ་གསོལ་མཆོད་བྱས་ན་ཕན་པ་ཆེ་བར་འོང་ངོ་གསུང་། དེ་ནས་དགུན་ཆོས་གཉིས་པ་ལ་བོ་དོང་ལ་ཕེབས། དགེ་བཤེས་ནས་བཟང་བ་སྐུ་མཆེད་ཀྱིས་ཞབས་ཏོག་བསྒྲུབས། དེ་དུས་སུ་ས་སྐྱ་པ་ཆོས་རྗེ་སེང་རྒྱལ་བ་ཞེས་པ་དེ་ན་བཞུགས་ཀྱིན་འདུག་པ་ལ་རྗེ་འདི་ཉིད་ཀྱིས་ས་སྐྱ་པའི་དམར་པོ་སྐོར་གསུམ་གྱི་མན་ངག་ཁྱད་པར་ཅན་དང་། རྟ་མགྲིན་ཡང་གསང་གི་བཀའ་དང་། དེའི་བཀའ་སྡོད་བེག་ཙེ་ལྕམ་དྲལ་གྱི་རྗེས་གནང་མན་ངག་དང་བཅས་པ་རྣམས་ཞུས་ཤིང་། རྗེ་འདི་པས་ཀྱང་ཁོང་པ་ལ་ཁྲོས་མ་ནག་མོའི་བཀའ་ཡང་གནང་བ་ཡིན་ནོ། །དེའི་ཚེ་གོང་གི་བཀའ་ལུང་འདི་རྣམས་ཀྱི་ཡིག་ཅ་ཡང་ཚང་བར་བསྒྲུབས་ཏེ་ཕྱིས་བེག་ཙེ་ལྕམ་དྲལ་ལ་དགོན་པ་འདིའི་ཕྱི་ནང་གི་གཉེར་གཏད་ཀྱང་ལེགས་པར་བཅོལ་བ་ཡིན་ནོ། །དེ་ནས་ལྷ་རྒྱལ་རྩེར་ཕེབས་ཏེ་ཆོས་བར་མཛད། དེ་དུས་བདག་གི་བླ་མ་སེམས་དཔའ་ཆེན་པོ་བློ་གྲོས་སྦས་པ་དེའི་ཉེ་སྐོར་གྱི་ཁྲུ་མ་དགའ་ལྡན་ཞེས་པའི་དབེན་གནས་ཤིག་ན་ཐུགས་དམ་ལ་བཞུགས་པ་དེས། རྗེ་


DLL1005_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འདིའི་དྲུང་དུ་མཇལ་བ་ལ་བྱོན་ཏེ་གསུང་རབ་ཀྱི་འབེལ་གཏམ་སྤྱི་དང་། ཁྱད་པར་རྒྱལ་བའི་བསྟན་པ་ལ་དགོངས་པའི་བཤད་སྒྲུབ་ཚུལ་བཞིན་དུ་མཛད་པར་དཔོན་སློབ་མཐུན་གྲུབ་ཏུ་ཐུགས་དམ་འཆའ་བ་སོགས་མཛད་དོ། །དེ་ནས་སྣར་ཐང་ལ་བྱོན། བྱང་ཆུབ་ཀྱི་ཐེག་ཆེན་ཕོ་བྲང་དུ་རིན་པོ་ཆེ་ཀུན་དགའ་དཔལ་ལྡན་པ་སྤྱན་དྲངས་ཏེ་ཤངས་པའི་ནི་གུའི་ཆོས་སྐོར་ཚང་མ། མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་དང་བཅས་པ་རྣམས་ཞུས། དེ་ནས་སྣར་ཐང་དུ་བྱོན་ཏེ་སྣར་ཐང་མཁན་པོ་གྲགས་པ་དོན་གྲུབ་པ་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བཀའ་ཞུས་ཤིང་། དུས་ཕྱིས་ཁོང་པ་ལ་བྱང་སའི་ལུང་ཞིག་ཞུ་རྩིས་ཡིན་ནའང་མ་གྲུབ། དེ་ནས་འདིར་ཕེབས། པིར་ཐོགས་རྒྱལ་པོ་དཔོན་མོ་ཆེ་སྨན་ཐང་པ་དཔོན་སློབ་ཀྱིས་གཙུག་ལག་ཁང་གི་ལྡེབས་ཆེན་གཉིས་ལ། རྒྱལ་བ་རྡོ་རྗེ་འཆང་ལ་གྲུབ་ཆེན་བརྒྱད་ཅུས་བསྐོར་བ་དང་། ཐུབ་པ་ཆེན་པོ་ལ་འཕགས་པའི་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་ཞིང་ཁམས་གཉིས་ཀྱི་རི་མོ་རྫོགས་པ་དང་། མཛད་བཅུའི་ཞིང་བཀོད་ཆེན་མོའི་སྐྱ་རིས་རྣམས་མཛད་ཅིང་། ཁྱད་པར་རྒྱལ་བ་རྡོ་རྗེ་འཆང་ཆོས་འཆད་དུ་མཛད་པ་ཡང་རྟེན་འབྲེལ་ཁྱད་པར་ཅན་གྱི་ཕྱིར་མཛད་དོ། །དེའི་ཚེ་ནུབ་ཅིག་མནལ་ལམ་ལ་རྣམ་སྲས་གླིང་གི་འཁྲིས་ཀྱི་རི་འདིའི་སྟེང་ན་ཡི་དམ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པའི་ཕྱག་མཚན་ཐམས་ཅད་ལ་ཕོད་ཁ་རེ་བསྣམས་པ་གཟིགས་ཤིང་། འདི་ཕྱིས་བརྟགས་ན་དགོན་པའི་ཉེ་སྐོར་དུ་


DLL1005_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཟིངས་ཆེན་པོ་འོང་བའི་ལྟས་ཡིན་པ་འདྲ་གསུང་། དེ་ནས་ཞིང་བཀོད་གཞན་རྣམས་ཀྱང་ལྷ་བཙུན་བསྟན་པའི་རྒྱལ་མཚན་དང་། བཤེས་གཉེན་སངས་རྒྱས་བཟང་པོ་དང་། དཔོན་མོ་ཆེ་བསམ་གཏན་པ་སོགས་རི་མོ་བ་སོ་སོ་རྣམས་ཀྱིས་རིམ་པ་བཞིན་དུ་མཛད་པ་ཡིན་ནོ། །ཡང་སྐབས་ཤིག་ཏུ་རྗེའི་དགོངས་པ་ལ། རྗེ་ཤེས་རབ་སེང་གེ་དེའི་བཀའ་དྲིན་བསབ་ཕྱིར་ད་སྔར་གྱི་རྟེན་བཞེངས་དགོན་པ་དང་བཅས་པའང་ཡིན་མོད། ད་དུང་སྔགས་ལ་བརྟེན་པའི་སྐུ་དྲིན་བསབ་ཕྱིར་དུ་དཔལ་གསང་བ་འདུས་པའི་གསེར་སྐུ་ལྷ་གྲངས་ཚང་མ་ཞིག་བཞེང་བ་དང་། དགོན་པ་འདིར་ཡང་རྒྱུད་ཀྱི་འཆད་ཉན་རྐང་བཙུགས་ཤིག་ཀྱང་འཛུགས་པར་བཞེད་དེ། བདག་གི་བླ་མ་མཁས་གྲུབ་ཆེན་པོ་བཟང་པོ་བཀྲ་ཤིས་ལ་འདིར་རྒྱུད་ཀྱི་བཤད་ཉན་ཅིག་ཅིས་ཀྱང་མཛོད་གསུངས་ཏེ། དེའི་རྟེན་འབྲེལ་དུ་དཔལ་ལྡན་བླ་མའི་དབང་བུམ་ཡིན་ཟེར་བའི་བུམ་པ་བཟང་པོ་ཞིག་གི་གནང་སྦྱིན་ཀྱང་མཛད། གཞན་ཡང་དཀའ་བཅུ་པ་དཔལ་ལྡན་བཟང་པོ་ཞེས་པ་ལ་བརྒྱགས་རྟེན་རིན་པོ་ཆེ་གནང་སྟེ། རྒྱུད་འཆད་ཐུབ་པ་ཅིག་གྱིས་ཤིག་གསུངས་ཏེ་དབུས་ཕྱོགས་ལ་བརྫངས། ཐ་ན་བདག་ལྟ་བུ་ལ་ཡང་དེ་མཐུན་གྱི་བཀའ་ལུང་གནང་ནའང་གདུལ་བྱའི་སྟོབས་ཀྱིས་ཐུགས་བཞེད་བཞིན་གྱི་མཛད་པ་མ་གྲུབ། འོན་ཀྱང་རེ་ཞིག་ལ་གསང་བ་འདུས་པ་རིགས་ལྔའི་སྐུ་དང་། བདག་ཅག་གི་ཚེ་སྒྲུབ་ལ་དམིགས་པའི་རྗེ་བཙུན་མ་དཀར་མོའི་སྐུ་ཅིག་བཞེང་བར་བཞེད་དེ། ཐོག་མར་རིགས་ལྔ་བཞེང་བའི་རྒྱུ་དང་ཡོན་རྫོངས་དབུས་ཕྱོགས་


DLL1005_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྫངས་ཏེ་སྤྲུལ་པའི་བཟོ་བོ་སླེའུ་ཆུང་བ་ལ་ཕུལ་ནས་ལེགས་པར་བཞེངས་པའང་འདིར་སླེབས། དེ་ནས་སྟག་རྩེ་པའི་ལྷ་བཟོ་བ་མཁས་པ་ཅིག་གིས་ཐོག་མར་རྗེ་བཙུན་མ་དཀར་མོའི་བཟོ་ཚད་ཀྱི་སྨན་སྐུ་ཞིག་ཕུལ། དེ་ནས་ཁོང་གིས་རྗེ་བཙུན་མའི་གསེར་སྐུ་མདའ་ཚད་ཙམ་མཚར་ཞིང་བྱིན་རླབས་ཆེ་བ་ཅིག་བཞེངས་ཏེ་ཕུལ་བ་ལ་ཁོང་ཡོན་རྫོངས་སོགས་ཀྱིས་མཉེས་པར་མཛད་དོ། །ཡང་སྐབས་ཤིག་ཏུ་གཙང་ཁང་དབུས་མ་འདིར་རྟེན་བཞེང་ཐོགས་ཤིག་མཛད་པ་ལ། ཉང་སྟོད་གནས་གསར་བའི་ལྷ་བཟོ་བ་དཔོན་སློབ་འགའ་ཞིག་གིས་བསྟན་པའི་གཙོ་བོའི་ལྡེམ་གཉིས་གནྔྷོ་ལ་དང་བཅས་པ། གཡས་གཡོན་དུ་རྒྱལ་བ་ཚེ་དཔག་མེད་དང་སྨན་པའི་རྒྱལ་པོ། ཤར་ནུབ་ཏུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྨན་སྐུ་ཚད་ཆེ་ཞིང་མཚར་ཆགས་དང་ལྡན་ལ་བྱིན་རླབས་ཀྱི་གཟི་འོད་འབར་བ་བཞེངས་སོ། །ས་མོ་ཡོས་ལོའི་དགུན་ཆོས་ལ་གནས་རྙིང་ལ་བྱོན། སྣང་ཕུ་བས་ཞབས་ཏོག་བསྒྲུབས། གསུང་ཆོས་རིགས་ལུང་སོགས་འཕེལ་བར་བྱུང་ཞིང་། དེའི་ཚེ་དེ་སྐོར་གྱི་བན་སྐྱའི་ཚོགས་དཔག་ཏུ་མེད་པ་ལ་བཀའ་གདམས་གླེགས་བམ་རིན་པོ་ཆེའི་ལུང་གནང་ཞིང་། དགེ་བའི་ས་བོན་འཇོག་པ་མཛད་ལ། རྗེ་བཙུན་གྱི་སྐུ་ཁྱད་པར་ཅན་འདི་བཞེངས་པའི་འབུལ་སྡུད་སྔ་མ་ཡང་དེ་ནས་མཛད་དོ། །དེ་ནས་འདིར་ཕེབས་ཏེ་ལོ་དེའི་དབྱར་བདེ་བ་ཅན་པ་གནས་བརྟན་ཆོས་བཟང་ཞེས་པས་བཞུགས་ཁྲིའི་སྟེང་གི་འབོལ་དང་། དགེ་འདུན་གྱི་གྲལ་གདན་གྱི་འབོལ་ཡུག་ཐོག་ཐོགས་


DLL1005_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཕུལ། དེ་ནས་བཟུངས་ཏེ་ཡུན་རིང་གི་བར་དགེ་སྐོས་རེ་རེས་འབུལ་ཡུག་རེ་ཕུལ་བས་བརྒྱ་ལྷག་ཙམ་ཞིག་བྱུང་ཞིང་། དེའི་གནད་ཀྱིས་དགེ་འདུན་གྱི་གྲལ་གདན་རང་རེའི་འདི་བས་བཟང་བ་ག་ནའང་མེད་ཅིང་། འདི་ནི་བསོད་ནམས་ཀྱི་ཚོགས་ཀྱང་ཤིན་ཏུ་ཆེ་བར་འདུག་གོ །དེ་ནས་རྗེ་བླ་མ་འདིའི་དགོངས་པ་ལ། སྔ་མོ་ནས་མཁས་གྲུབ་ཐམས་ཅད་མཁྱེན་པ་མནལ་ལམ་དུ་བྱོན་ཏེ། རྗེ་བཙུན་བྱམས་པའི་སྐུ་ཞིག་བཞེངས་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོར་འགྱུར་བའི་ལུང་བསྟན་ཅིག་ཡོད་པ་དང་། གཞན་ཡང་རང་གི་སློབ་མ་ཉམས་རྟོགས་ཅན་འགའ་ཞིག་གི་ཉམས་དང་རྨི་ལམ་ལ། རྗེ་བཙུན་གྱི་སྐུ་བཞེངས་ན་ཕན་ཐོགས་རྒྱ་ཆེན་པོ་འོང་ཟེར་བ་མང་པོ་ཡོད་པ་སོགས་ལ་བརྟེན་ནས། སྔར་གསང་བ་འདུས་པའི་ལྷའི་སྐུ་ཚང་མར་བཞེང་བའི་འདུན་པ་ཡོད་པའི་རིགས་ལྔ་མ་གཏོགས་ལྷག་མ་རྣམས་བཞེང་དགོས་ཡོད་ནའང་གསེར་སྐུ་ནི། ཅུང་མི་འགྲུབ་པ་འདྲ། ལྡེར་སྐུ་ཆེ་རབ་ཅིག་བཞེང་ཨེ་ཐུབ། འོན་ཀྱང་དཀོན་མཆོག་ལ་ཐུགས་རྗེ་ཡོད་པས་གསོལ་བ་བཏབ་ན་གསེར་སྐུ་ཡང་བཞེང་ཐུབ་སྙམ་དུ་དགོངས་ཏེ། གནས་རྙིང་དུ་འབུལ་སྡུད་སྔ་མ་མཛད་དུས་ཐོག་མ་རང་ལ་གསེར་གྱི་ཏོག་ཅིག་བྱུང་བས། རྟེན་འབྲེལ་ཤིན་ཏུ་ལེགས་གསུངས་ནས་ཐུགས་མཉེས་སོ། །ད་ནི་ཕྱོགས་ཐམས་ཅད་དུ་དགེ་བསྐུལ་གྱི་འབུལ་སྡུད་རྒྱ་ཆེར་བྱས་ཏེ། རྗེ་བཙུན་བྱམས་པའི་སྐུ་སྐུ་ཚད་ཆེ་བ་ཅིག་བཞེང་བར་བྱའོ་སྙམ་དུ་དགོངས་ཏེ། བདག་ཅག་གྲོགས་མཆེད་ལྔ་ལ་ཞལ་ཏ་ནན་གྱིས་གནང་སྟེ་ཐོག་


DLL1005_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལྷོ་བྱང་གཉིས་ལ་འབུལ་སྡུད་ལ་བརྫངས། དེ་དུས་ནེ་རིང་རིན་པོ་ཆེ་པས་རིན་པོ་ཆེ་ཞོ་དྲུག་ཅུ་རེ་ལྔའི་འབུལ་བས་ཐོག་དྲངས་སོ་སོ་ཐ་དད་ནས་འབུལ་བ་རྒྱ་ཆེ་བར་བྱུང་ཞིང་། དེ་དག་གི་སྐབས་སུ་ལྷ་དང་ཆོས་སྐྱོང་གིས་སྲུང་སྐྱོབ་ཚུལ་བཞིན་དུ་བྱས་པ་སོགས་ངོ་མཚར་བའི་ལྟས་མང་པོ་དང་བཅས་ཏེ་སྟོན་བཙས་མའི་དུས་ཉེས་སྐྱོན་མེད་པར་འདིར་སླེབས། དེ་དུས་ཏའི་སི་ཏུ་རྣམ་རྒྱལ་གྲགས་པས་རྗེ་བཙུན་གྱི་སྐུ་བཞེང་བ་ལ་ཡང་འབུལ་བ་སྟོབས་ཆེ་བ་མཛད་ཅིང་། རྗེ་འདི་པ་ལ་གསུང་རབ་ཀྱི་དྲི་བ་ཐུན་མོང་བ་ཐོགས་ཤིག་ཡོད་པ་ལ་ལན་སྐབས་བབ་ལ་བསྲིང་གསུང་བ་ཡང་ཡོད་དོ། །དེའི་ཚེ་བདག་གྲོགས་མཆེད་རྣམས་ཀྱི་ནང་ནས་དགེ་བཤེས་བློ་བཟང་ཞེས་པ་བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་ལ་གནས་པ་ཅིག་ཡོད་པ་དེ་གྲོགས་མཆེད་གཉིས་མངའ་རིས་སྟོད་ལ་བུལ་སྡུད་ལ་བརྫངས། དེའི་ཚེ་ཁོང་རྣམས་ལ་མངའ་རིས་རྒྱལ་པོ་ཇོ་བོ་གྲགས་འབུམ་ལྡེ་ཞེས་བྱ་བས་སྲང་མང་པོ་རི་བའི་གཡུ་མོ་ཆེས་ཐོག་དྲངས་འབུལ་བ་མང་པོ་དང་། གཞན་ཡང་དེ་ཕྱོགས་ཀྱི་བུ་སློབ་སྦྱིན་བདག་རྣམས་ཀྱིས་དད་འབུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། ལྕགས་མོ་སྦྲུལ་ལོའི་སྟེང་དུ་ཉེས་སྐྱོན་མེད་པར་འདིར་སླེབས། དེའི་ཚེ་ཡར་ངོའི་ཚེས་བརྒྱད་ཅིག་ལ་རྗེའི་ཞལ་ནས་ལྷ་བཙུན་བསྟན་པའི་རྒྱལ་མཚན་ལ། རྗེ་བཙུན་གྱི་སྐུ་ཚད་ཇི་ཙམ་འོང་གི་བརྟག་པ་ཅིག་བྱེད་དགོས་པ་འདུག་པས། གྱང་ལོགས་ཤིག་ལ་ཕྱག་མཐོ་དྲུག་གི་ཚད་མཛད་ནས། འདི་


DLL1005_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དཔེས་པའི་ཞལ་ཅིག་བྲིས་གསུང་། ཁོང་གིས་བྲིས་པས་ཚད་འཕྱུགས་ནས། མཐོ་དགུ་ཙམ་དུ་སོང་བ་དང་རྗེའི་ཞལ་ནས། བླ་མ་ཞང་གིས་ལྷ་ཆེན་དཔལ་འབར་བཞེངས་དུས་ཉེ་གནས་ཀྱིས་སྲོག་ཤིང་ཚད་འཕྱུགས་པའི་རྟེན་འབྲེལ་གྱིས་སྐུ་ཤིན་ཏུ་ཆེ་བ་ཅིག་བྱུང་ཟེར། འོ་སྐོལ་ལ་ཡང་སྐུ་ཆེན་པོ་ཞིག་འོང་བ་ཡིན་ཡོད་གསུང་། དེ་ནས་ཞལ་བྲིས་ནས་མཆོད་པ་ཕུལ། གསོལ་བ་བཏབ་པས་དེའི་ནུབ་མོ་ལྷ་རི་རྩེ་ནས་སེར་སྣམ་གྱི་གསོལ་བེམས་ལེགས་པ་ཅིག་འབུལ་བ་ལ་བཏང་བྱུང་བས། རྟེན་འབྲེལ་ཤིན་ཏུ་ལེགས་ཞེས་གསུང་། དེའི་ཐོ་རངས་མནལ་ལམ་དུ། སུམ་བརྒྱ་དྲུག་ཅུ་ཐོབ་ཟེར་བའི་སྒྲ་ལྷང་བ་ཅིག་བྱུང་གསུང་། དེའི་ཉིན་པར་རྩེ་ཞོལ་པའི་མོ་རེང་མོ་ཞིག་གིས་རྗེའི་དྲུང་དུ་གསེར་ཞོ་དོ། ཟངས་ཤུ་གཅིག །ནས་ཁལ་སུམ་ཅུ། སྣམ་བུ་བུབས་གཅིག་རྣམས་ཕུལ་བས་དགྱེས་ཏེ། རང་རེའི་རྟེན་བཞེང་འདི་ལ་བར་ཆད་མེད་ཅིང་། ལོངས་སྤྱོད་དང་འགྲོ་དོན་ཡང་ཆེན་པོ་འོང་བ་འདུག་གསུངས་ནས་ཤིན་ཏུ་དགྱེས་པར་གྱུར་ཏོ། །ལོ་དེའི་དཔྱིད་མགོན་ཁང་འདིའི་ནང་དུ་རྟེན་བཞེངས་པ་ལ། བདག་གི་བླ་མ་རྣལ་འབྱོར་གྱི་དབང་ཕྱུག་བཟང་པོ་རྒྱལ་མཚན་པས་ཞལ་བཀོད་སྦྱིན་བདག་སོགས་ཀྱི་བདག་རྐྱེན་མཛད་དེ། ཡི་དམ་མགོན་པོ་དཀར་ནག་འཁོར་དང་བཅས་པའི་སྐུ་རྣམས་བྱིན་རླབས་དང་གཟི་བརྗིད་ཆེ་བར་བཞེངས། ལྷ་མོའི་སྐུ་འདི་རྗེས་ལ་བཞེངས་སོ། །དེའི་སྟོན་བདག་གིས་ཀྱང་རྗེ་རིན་པོ་ཆེ་འདིའི་སྐུ་དྲུང་དུ་བསྡད་དེ་ཕྱག་དཔེ་འབྲི་བ་སོགས་ཀྱི་སྒོ་ནས་མཉེས་པར་བྱས་


DLL1005_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྗེ་རང་གི་སྐུ་སྐྱེ་སྔ་ཕྱིའི་མཛད་པ་རྣམས་ཞིབ་ཏུ་ཞུས། དེ་ནས་ལྕགས་ཕོ་འབྲུག་གི་ལོ་ལ་དགོན་པ་འདིར་བཞུགས་ཏེ། ཕྱིས་རྗེ་རང་གི་བསྟན་འཛིན་ཆེན་པོ་དགེ་བའི་བཤེས་གཉེན་སངས་རྒྱས་དཔའ་རིན་པ་དབུས་ཕྱོགས་ལ་འབུལ་སྡུད་ལ་རྫོང་བ་དང་། འདི་སྐོར་གྱི་བུ་སློབ་སྤྱི་སྒོས་རྣམས་ལའང་འབུལ་སྡུད་རྒྱ་ཆེར་མཛད་པ་དེ་ཐམས་ཅད་ལ་ཡང་རང་གཞན་ཐམས་ཅད་རྗེ་བཙུན་གྱི་ཞབས་དྲུང་དུ་སྐྱེས་ཏེ། ཐེག་པ་ཆེན་པོའི་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་པའི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་པའི་ཕྱིར་དུ་རྗེ་བཙུན་གྱི་སྐུ་འདི་བཞེང་བ་ཡིན་པས། ཞེས་པའི་བཀའ་ལུང་ཕྱོགས་ཐམས་ཅད་དུ་གནང་ཞིང་། ཐུགས་ལ་ཡང་དེ་འབའ་ཞིག་དགོངས་པའི་སྒོ་ནས་མཛད་པ་ལ། ད་ལྷ་བཟོ་བ་ཇི་ལྟ་བུ་དྲག་སྙམ་དུ་དགོངས་པའི་ཚེ་སློབ་དཔོན་རྣམས་བསགས་ནས་བཟོ་བོ་སུ་དྲག་གི་བཀའ་བགྲོས་མཛད་པས་ཁ་ཅིག་ནི། སླེའུ་ཆུང་པ་དྲག་ཟེར། ཁ་ཅིག་ནི། བྱང་པའི་དཔོན་བཀྲ་ཤིས་རིན་ཆེན་པ་དྲག་ཟེར། ཕལ་ཆེར་ཞལ་མཐུན་པར་བལ་པོ་རང་དྲག །ལྷ་ཆེན་འདི་ཙམ་བཞེང་བ་ལ་བལ་པོ་མཁས་ཤིང་རྒྱུ་ཡང་གྲོན་ཆུང་ཟེར། གནས་བརྟན་དོན་རྒྱལ་པ་ན་རེ། གྲོས་སྣ་ཤེས་རབ་ཅན་གྱིས་ཐོན། །གྲོས་ཐག་བསོད་ནམས་ཅན་གྱིས་ཆོད་ཟེར་བ་ཡིན། རྗེ་རང་གི་དགོངས་པ་ལ་གང་ཤར་བ་ཅིག་མཛད་པར་ཞུ། བྱུང་ཙམ་བྱུང་ན་བལ་པོ་མཛད་པ་དགའ་བ་ཡིན་ཞུས་པས་རྗེའི་དགོངས་པ་ལ། བལ་པོ་བྱས་ན་ཡོན་རྫོངས་


DLL1005_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གསེར་དངུལ་དང་གོས་དར་རྐྱང་དགོས་པར་འདུག་དགོངས་ནས་དེ་ནུབ་ཐག་མ་ཆོད་པར། ད་དཀོན་མཆོག་ལ་གསོལ་བ་བཏབ་ནས་བྱེད་གསུངས་ནས་དེ་ནུབ་འཐེན། དེ་རྟིང་སློབ་དཔོན་རྣམས་སྤྱན་དྲངས་ནས་ཟན་རིལ་བྱས་ཏེ། རྗེ་བཙུན་མ་ལ་གསོལ་བ་བཏབ་ནས། བཟོ་བོ་བཀྲ་ཤིས་རིན་ཆེན་ཅུང་ཟད་ངོ་མཐོ་ཡང་བར་ཆད་ཆེ་བར་ལུང་བསྟན། དེ་ནུབ་ཡོན་ཆབ་ཀྱི་སྟེང་དུ་དཀར་མེའི་དུད་པས་ཞག་ཆགས་པ་བཞིན་བྱས་ནས། མཻ་ཏྲི་ཟེར་བའི་ཡི་གེ་ལཉྫའི་རྣམ་པར་ཤིན་ཏུ་གསལ་བ་ཅིག་བྱུང་བས་ཐམས་ཅད་ངོ་མཚར་བར་གྱུར་ཏེ། དེའི་ནུབ་མོ་ཐུགས་དམ་པ་ཅིག་གི་རྨི་ལམ་དུ་བུད་མེད་རྒྱན་ཅན་མང་པོ་ཚོགས་པའི་དབུས་ན་བུད་མེད་སྨུག་པོ་མདའ་དར་ཤོ་སྤུང་ཙམ་ཁྱེར་བ་ཅིག་ན་རེ། བསྟན་པའི་སྙིང་པོ་དེ་ལ་འདི་སྐད་སྨྲོས། །བློ་དམན་རྣམས་ནི་འདོད་ཡོན་སྲེད་པས་བཅིང་། །སེམས་དཔའ་རྣམས་ཀྱི་སྤྱོད་ཚུལ་དཔག་མི་ནུས། །ལུས་སྲོག་ལོངས་སྤྱོད་གཡོ་མེད་བྱང་ཆུབ་བསྔོ། །སུམ་བརྒྱ་དྲུག་ཅུ་མི་ཕམ་མགོན་པོའི་ཚད། །རྒྱལ་སྲས་སྤོབས་པ་ཞན་དུ་མ་འཇུག་ཅིག ། ཧེ་ཧེ། ཟེར་བ་ཅིག་དང་། མགོན་པོ་ཡིད་བཞིན་ནོར་བུ་ལ་གསོལ་བ་ཐོབ། མི་གསར་གྱི་ཁ་ནས་གཏམ་ཡོང་བ་ཡིན། ལྷ་བཟོ་བ་བོད་ཀྱིས་བྱས་ན་ཤི་ཆད་ཉེ། སྟོད་ཕྱོགས་ཀྱི་འབུལ་སྡུད་པ་རྣམས་འདུན་ཐོག་ཏུ་འབབ་ཟེར་བ་ཅིག་བྱུང་། དེའི་ཉིན་པར་སྟོན་ཆེན་ལྷ་བཙན་ལ་མོ་བྱ་ཞིག་མཛད་པས། ལྷ་བཟོ་བ་བོད་ཀྱིས་བྱས་ན་བར་ཆད་ཆེ། བལ་པོས་བྱས་ན་དཔའ་བོས་དཔའ་བོ་འཁྲིད་པ་ཡིན་པས་བཟང་


DLL1005_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་བྱུང་། དེའི་ཚེ་ལྷུན་པོ་རྩེར་རྟེན་བཞེང་ལ་བལ་པོ་ཐོགས་ཤིག་འདུག་པ་ཞལ་ཏ་གནང་བས་ཁོང་རྣམས་འདོད་པ་ཆེས་པས་མ་འགྲིག ། དེ་ནས་སྔར་བརྟག་པ་བབས་པ་དང་མཐུན་པར་ལྷ་བཟོ་བ་ལ་སྟོད་བྱང་ནས་འབོད་པར་ཐག་བཅད། ལོ་དེའི་དཔྱིད་ཏའི་སི་ཏུ་བའི་དྲིས་ལན་རྣམས་བདག་ཅག་རྣམས་ལ་གསུང་ཆོས་སུ་གནང་སྟེ་རྩོམ་པ་མཛད་དེ་འབུལ་བ་དང་ལྷ་བཟོ་བ་འབོད་པ་ཕྱོགས་མཐུན་དུ་བདག་གིས་ལོ་དེའི་སྟོན་གཞུག་བྱང་ལ་ཕྱིན། མུས་པ་སོགས་ལ་འབུལ་སྡུད་བྱས། དགུན་ཆོས་ལ་ངམ་རིང་དུ་ཕྱིན་ཏེ་དྲིས་ལན་ཕུལ། ཏའི་སི་ཏུ་བས་ཀྱང་དགྱེས་པ་ཆེན་པོ་མཛད། ལྷ་བཟོ་བ་ནི། ཐང་སྟོང་རྒྱལ་པོར་གྲགས་པས་གེགས་བྱས་ཏེ་བཀག །དེ་ནས་ངམ་རིང་སྨོན་ལམ་གྲོལ་ནས་འདིར་སླེབས་དུས་ལྕགས་མོ་སྦྲུལ་གྱི་དཔྱིད་ཆོས་ལ་དགེ་བཤེས་བསོད་ནམས་འཕེལ་གྱིས་ཞབས་ཏོག་བསྒྲུབས་ཏེ་གསུང་ཆོས་འཕེལ་བར་འདུག །དེ་དུས་བདག་གིས་བྱང་ནས་གྲྭ་པ་ཅིག་ཕུལ་བ་ལ། རྗེ་རང་གི་གསུང་དང་མཐུན་པར་བསྟན་པ་ལ་ཕན་ཐོགས་པ་ཅིག་བྱུང་ངོ་། །དེ་ནས་དབྱར་ཆོས་ལ་བདག་གི་བླ་མ་མཁས་གྲུབ་ཆེན་པོ་ཤེས་རབ་རྒྱལ་མཚན་པས་ཞུ་བ་པོ་མཛད་ནས། གླེགས་བམ་རིན་པོ་ཆེ་ཞིབ་ཏུ་གསུངས་ཏེ་མང་པོ་དད་པའི་ས་ལ་བཀོད། དེ་དུས་རྗེ་རང་གི་བསྟན་འཛིན་ཆེན་པོ་མཁས་པ་སྟོབས་ལྡན་འོད་ཟེར་པས་རྗེ་ལ་གླེགས་བམ་འདི་ལ་ཆོས་མིན་ཞུ་མཁན་འདུག་པས་ཇི་ལྟར་ལེགས་ཞུས་པས། ཆོས་ཡིན་མིན་ཆ་མེད། སེམས་ལ་ཤིན་ཏུ་ཕན་གསུང་


DLL1005_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །ལོ་དེའི་དབྱར་གཞུག་ནས་བྱམས་ཁང་གི་མཁར་ལས་ཀྱང་མཛད། དེ་ནས་སྦྲུལ་ལོའི་སྟོན་གནས་རྙིང་ནས་ཟངས་མགར་བ་བོས་ཏེ། ཟངས་མགར་བ་ཁ་ཅིག་གིས་གླང་ཕུར་ཟངས་ལེབ་འཆོས་པ་སོགས་ཀྱི་མགོ་བརྩམས། དེ་ནས་ད་བཟོ་བོ་སུ་དྲག་གམ་ཟེར་བ་ལ་རྗེའི་ཞལ་ནས། དགའ་ལྡན་ནས་བི་ཤྭ་ཀརྨ་འོང་བ་ཡིན་གསུངས་ནས་བཞད་ཀྱིན་འདུག །དེ་ནས་ཟླ་བ་གཟིག་ཙམ་ན་སྣར་ཐང་པ་དཔོན་པོ་བྱང་རིན་ཞེས་པས་རྟེན་གྱི་བཟོ་ཕུད་ལ་རྗེ་བཙུན་གྱི་སྐུ་འདིའི་ལུགས་བཏང་སྟེ་ངོ་མཚར་བར་བྱོན། དེ་ནས་ཁོང་གི་ཞལ་བཀོད་དང་འབྲོང་རྩེ་པའི་ཟངས་མགར་བས་བརྡུངས་བྱས་པས་འོང་ཟེར་ནས་ཁོང་གཉིས་ཀྱིས་བྱེད་པར་ཐག་ཆོད་པ་ལ་གྲྭ་པ་རྣམས་མ་དགྱེས་ཤིང་། ཁྱད་པར་ཟངས་མགར་བའི་རྨི་ལམ་དུ་བུད་མེད་ཅིག་གིས་སྐས་ལེབ་ཀྱི་མགོ་ནས་བསྒྲིལ་བ་རྨིས་ཟེར་ནས་ཐེ་ཚོམ་དུ་ཡོད་པ་ལ་དེའི་ཚེ་སྤྲུལ་པའི་བཟོ་བོ་རྣམས་སྤྱན་རས་གཟིགས་དང་སྒྲོལ་མས་རྒྱུད་བསྐུལ། དཔལ་ལྡན་ལྷ་མོས་ལམ་སྲུང་མཛད་ནས་ཆུ་འདུས་སུ་སླེབས། དེ་ནས་དྲུང་ཆོས་རྒྱལ་བས་ལྷ་བཟོ་བ་རྣམས་ཁྲིད་ནས་འདིར་སླེབས རྗེའི་དྲུང་དུ་རྒྱུ་མཚན་ཕུལ་བས་རྗེའི་གསུང་ནས། ཤིན་ཏུ་ལེགས། མི་གསར་གྱི་ཁ་ནས་གཏམ་བྱུང་། སླ་ང་ཚ་དུས་ཀྱི་སྐམ་པ་བྱ་བ་ཡིན་གསུང་། དེ་ནས་སང་ཉིན་བཟོ་བོ་རྣམས་ལ་ཟངས་ལེབ་རྣམས་བསྟན་པས་ཁོང་རྣམས་ན་རེ། ད་ནི་རྒྱུ་ཡང་ལྡངས་ཤིང་། ཟངས་ལེབ་རྣམས་ཀྱང་ལེགས་པོ་འོང་ཟེར་ནས་དབུའི་ཚུགས་དྲངས་ཏེ་བཟོ་ཚུགས་སོ། །བཟོ་


DLL1005_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ན་རེ། བདག་གིས་ཉིན་མོ་བཟོ་ལག་པས་བྱེད། མཚན་མོ་ཡིད་ཀྱིས་བཟོ་བྱེད་པས་མགྱོགས་ལ་ལེགས་པ་འོང་ཟེར། རྗེའི་གསུང་ནས། ཚུགས་དཔོན་པོ་བྱང་རིན་གྱི་འདི་ལ་དྲག་གམ། ཡང་ན་དཀོན་མཆོག་ལ་གསོལ་བ་བཏབ་ན་གསུངས་པས་བཟོ་བོ་ན་རེ། དཀོན་མཆོག་རིན་པོ་ཆེ་ཕ་རང་ཡིན་མོད། ང་ལ་བཟོ་ཕས་བསླབས་པ་ཡིན་གྱི་དཀོན་མཆོག་གིས་བསླབས་པ་མེད་ཟེར་ཏེ་ཁོང་རང་གི་སྟེང་དུ་བཞག །རྗེའི་གསུང་ནས། དཔོན་མོ་ཆེ། འུ་ཅག་སྔོན་ལ་དབུ་དེ་ཆེ་བ་ཅིག་བྱས་པས་དེ་ནས་མི་འགྲུབ་ཁ་མེད་ཡིན། ད་ལྟ་ནི། རྒྱུ་ཡང་ཆེན་པོ་རང་མི་གདའ་གསུངས་པས་བཟོ་པོ་ན་རེ། དེ་ཀ་བྱེད། ལེགས་པོ་འོང་། རིན་པོ་ཆེ་པ་ཆུ་མིག་བཟང་པོ་དང་འདྲ། འཕྲལ་ལ་མེད་ཀྱང་འཕྲལ་ལ་སྐྱེས་ཏེ་འོང་ཟེར། དེ་ནས་བོད་ཀྱི་བཟོ་བོས་ཇི་ལྟ་བ་བཞིན་མ་བྱུང་བས་བལ་པོ་རྣམས་རློམ་པ་ཅུང་ཟད་སྐྱེས་ཏེ་གཡལ་དུ་སོང་བ་དང་། དཔོན་མོ་ཆེའི་རྨི་ལམ་ལ་རྒྱལ་ཆེན་ལྷ་ཁང་ན་མི་ནག་པོ་ཞིག་ལག་པ་གཡོན་པ་སྡིགས་མཛུབ་བྱས་ཏེ་བཟོ་བོ་རྣམས་ལ་བཙུགས་ནས་བསྡིགས་པའི་ཚུལ་བྱེད་ཀྱིན་འདུག་པ་རྨིས་པས་དཔོན་མོ་ཆེ། ཨ་མ་ཟེར། ཅི་བྱུང་དྲིས་པས། འདི་བཞིན་བྱུང་ཟེར། སྐྲག་ནས་ཕྱིན་ཆད་སྐད་ཅིག་ཀྱང་མ་ཡེངས་པར་བཟོ་བྱས་པས་ཐོག་མར་དབུ་ལེགས་པར་གྲུབ། དེ་ལ་རབ་གནས་མཛད་དེ་གསོལ་བ་བཏབ་པས་མཛོད་སྤུ་ལ་མེ་ཏོག་གཅིག་ཆགས་ཤིང་། ཁྱད་པར་སྙན་རྒྱན་གཡས་ཀྱི་འབུར་དབུས་མ་ལ་རྒྱལ་བ་ཙོང་ཁ་པའི་སྐུ་ཡིན་ཡང་ཟེར། ཁ་ཅིག་


DLL1005_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རང་ཉིད་ཀྱི་སྐུ་ཡིན་ཡང་ཟེར། མདོར་ན་བླ་མའི་སྐུ་རང་བྱོན་ཤིན་ཏུ་མཚར་བ་ཅིག་སྐྱེ་བོ་ཐམས་ཅད་ཀྱི་མཐུན་གྲུབ་ཏུ་བྱོན། གཞན་ཡང་དེའི་ཚེ་ཆོས་སྐྱོང་གི་གཏོར་སྒྲུབ་འཛུགས་པ་སོགས་ཀྱི་རིམ་གྲོ་འཛུགས་པ་དང་བཅས་ཏེ་བལ་པོ་རྣམས་ཀྱིས་བཟོ་ལེགས་པར་བརྩམས། དེའི་ཚེ་སྐུ་རིམ་པ་རྣམས་དང་བཟོ་བོ་རྣམས་ཀྱི་ཉམས་སྣང་ལ་ཉིན་མོ་མི་དང་མཚན་མོ་མི་མ་ཡིན་གྱིས་བཟོ་སྒྲུབ་པའི་སྣང་བ་རྒྱུན་མི་འཆད་ཅིང་། དེ་ལྟར་བསྒྲུབས་པས་རིང་པོར་མ་ཐོགས་པར་ཁྲུ་ཉི་ཤུ་རྩ་ལྔའི་སྐུ་ཚད་དང་ལྡན་པའི་རྗེ་བཙུན་གྱི་སྐུ་ངོ་མཚར་ཅན་དེ་ཆུ་མོ་ལུག་གི་ལོ་ལ་གྲུབ་སྟེ། རྟེན་གྱི་ནང་བཞུགས་ལ་ཡང་དམ་པ་དམར་པོའི་རིང་བསྲེལ་དང་ལྡན་ཞིང་། རྒྱུ་རིན་པོ་ཆེ་ལས་གྲུབ་པའི་ལུགས་སྐུ་མང་པོ་བཞུགས་ཤིང་། གཞན་སྐུའི་སྟོད་སྨད་ཀྱི་ཆ་ལ་བཤད་ཚོད་དང་མཐུན་པའི་གཟུངས་སྔགས་མང་པོ་དང་། གསུང་རབ་པོ་ཏི་མང་པོ་བཞུགས། གཞན་ཡང་སྨན་སྣ། འབྲུ་སྣ། ཟས་སྣ། གོས་དར་གྱི་སྣ་པོ་སོགས་མ་ཚང་བ་མེད་པར་བཞུགས། གཞན་ཡང་རྟེན་གྱིི་ནང་བཞུགས་ཁྱད་པར་ཅན་ཅིག་གཞན་སུ་ལ་ཡང་རྒྱུས་མེད་པར་རྗེ་རང་ཉིད་ཀྱིས་མཚན་མོ་བྱོན་ཏེ། རྟེན་གྱི་ཐུགས་ཀར་བཞུགས་སུ་གསོལ་ནས་གསོལ་བ་གདབ་པ་དང་སྨོན་ལམ་མང་པོ་ཡང་མཛད་ཅེས་གྲགས་སོ། །དེ་ལྟ་བུའི་རྟེན་ངོ་མཚར་ཅན་དེའི་རབ་ཏུ་གནས་པ་ལུག་ལོ་ཟླ་བ་ལྔ་པའི་ཡར་ཚེས་བཟང་པོ་ལ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་བཞེངས་ཏེ། དེའི་སྒོ་ནས་རབ་ཏུ་གནས་པ་


DLL1005_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་མཛད། དེའི་དུས་ནམ་མཁའ་ལ་འཇའ་ཚོན་གྱི་གུར་དང་། མེ་ཏོག་གི་ཆར་འབབ་པ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་ཁྱད་པར་རྗེ་རང་ཉིད་ཀྱིས་དོ་ནུབ་རྗེ་བཙུན་གྱི་ཞབས་དྲུང་དུ་བཞུགས་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་རྗེ་བཙུན་བྱམས་པ་སྣམ་སྦྱར་རྡོ་ཚོས་མ་གྱོན་པའི་དགེ་སློང་གི་རྣམ་པ་ཅན་ཅིག་སྐུ་དེ་ཉིད་ལ་ཡང་དང་ཡང་དུ་ཐིམ་པའི་སྣང་བ་བྱུང་ཞིང་། དེའི་ཐོ་རངས་དེ་ལྟ་བུའི་དགེ་སློང་ཞིག་གིས། ཁྱོད་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་དེ་གྲུབ་ཟིན་པས་དགའ་བ་སྒོམས་ཤིག་ཅེས་པའི་ལུང་བསྟན་ཀྱང་བྱུང་ལ། དེ་ནི་སྔར་མཁས་གྲུབ་ཐམས་ཅད་མཁྱེན་པའི་ལུང་བསྟན་དང་། བདག་གི་བླ་མ་མཁས་གྲུབ་ཆེན་པོའི་མནལ་ལམ་ཡང་ཚད་མར་གྲུབ་པ་ཡིན་ནོ། །གཞན་ཡང་དེའི་དུས་སུ་དགྲ་བཅོམ་པ་འཆར་ཁ་ཞེས་པའི་རྗེ་རང་གི་སློབ་མ་ཞིག་གི་གཟིགས་སྣང་ལ་ཉི་མ་གཉིས་ཤར་བྱུང་བའི་སྔ་མ་དེ་ད་ལྟའི་ཉི་མ་འདི་དང་། ཕྱི་མ་དེ་འདི་བས་ཆེ་བ་ཅིག་བྱུང་བ་དེའི་འོད་ཟེར་གྱིས་གཙུག་ལག་ཁང་གི་ནང་ཁྱབ་བྱུང་། གཞན་ནི་མ་གོ་ང་རང་འཁྲུལ་བ་ཡིན་པར་འདུག་སྙམ་དུ་དགོངས་ནས་གཞན་ལ་ཡེ་མ་བཤད་ཅེས་གསུང་ངོ་། །བྱམས་པ་ལྷ་ཁང་གི་སྒོ་འདི་ཡང་། ཉན་ཞེས་པའི་ཡུལ་ནས་ཀླུ་མོ་བཀྲ་ཤིས་སྐྱིད་ཅེས་པའི་རྗེ་རང་གི་དགེ་བསྙེན་མ་ཞིག་གིས་ཕུལ་བར་གྲགས་ཤིང་། རྗེ་བཙུན་གྱི་ལྡེམ་གཉིས་ཕྱིས་རྗེ་རང་ཉིད་ཀྱིས་བཞེངས་པ་ཡིན་ནོ། །དེ་ནས་ཤིང་ཕོ་སྤྲེའུའི་ལོ་ལ་མཛད་པ་ཀུན་ལས་གསུང་གི་མཛད་པ་མཆོག་ཏུ་དགོངས་


DLL1005_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཕྱོགས་ཀྱི་ཡིག་མཁན་མང་པོ་བསྡུས་ཏེ་ཐུགས་དམ་བཀའ་འགྱུར་གྱི་གསུང་རབ་རྣམས་བཞེངས་ཤིང་། གཙུག་ལག་ཁང་གི་རྒྱ་མཛད་ཆེན་མོའི་རི་མོ་མཛད་དགོས་རྣམས་ཀྱང་དཔོན་མོ་ཆེ་སྨན་ཐར་པས་ལེགས་པར་མཛད་པ་ཡིན་ནོ། །ལོ་དེའི་དཔྱིད་ཀ་བདག་གིས་བྱང་ཆེན་དུ་ཆོས་བར་ཞིག་ལ་ཕྱིན་དུས་སྔར་ནད་ཀྱི་གཞི་ནད་དྲག་པོ་ཞིག་ཡོད་པ་དེ་རྐྱེན་དབང་གིས་ལངས་ཏེ་ཤི་ལ་ཐུག་པའི་ཚེ་རྟེན་འབྲེལ་བསྒྲིག་པའི་ཕྱིར་དུ་ལེགས་བཤད་གསེར་ཕྲེང་པོ་ཏི་གཅིག་རྗེའི་དྲུང་དུ་ཕུལ་ཏེ་གདམས་པ་ཅིག་ཞུ་བ་ལ་བཏང་བས་དེའི་ལན་དུ། ད་ལན་མི་འཆི། གལ་ཏེ་འདི་ལྟར་གྱིས་གསུང་བའི་ཞལ་གྱི་གདམས་པ་ཕེབས་པ་ཙམ་གྱིས་བློ་བདེ་བར་བྱུང་། དེའི་ཚེ་བདག་གིས་བསམ་པ་ལ་དང་པོ་སྤྲེའུའི་ལོ་ལ་རྗེ་འདི་ཉིད་ཀྱིས་བྱང་གནས་འདིར་ཐུགས་དམ་མཚད་པས་བར་ཆད་ཀྱི་མཚན་མ་བཟློག་པ་ཡིན་པར་འདུག །ང་རང་ཡང་གནས་འདིར་མཚམས་དམ་པ་ཅིག་བྱེད་དོ་སྙམ་ནས་ལོ་དེའི་ཟླ་བ་བདུན་པ་ནས་བརྩམས་ཏེ་དགེ་སྦྱོར་ལ་ཤིན་ཏུ་འགྲུས་པར་བྱས་སོ། །དེ་ནས་བདག་གིས་བྱང་ཆེན་དུ་ཟླ་བ་བཅུ་མཚམས་དམ་པར་བྱས་པས་བར་ཆད་བཟློག་པའི་མཚན་མ་ཡང་ཅི་རིགས་བྱུང་སྟེ་དབུས་ཕྱོགས་ལ་འགྲོ་འདོད་པ་དང་། སེམས་དཔའ་ཆེན་པོ་བློ་གྲོས་སྦས་པ་ལ་ཆོས་ཅིག་ཞུ་འདོད་སྔར་ནས་ཡོད་པ་རྣམས་ཀྱི་གནང་བ་ཞུ་བ་ལོ་དེའི་སོ་ག་འདིར་འོངས། རྗེ་རིན་པོ་ཆེའི་དྲུང་དུ་དེའི་རྒྱུ་མཚན་ཕུལ་བས་རྗེའི་ཞལ་ནས། དབུས་ཕྱོགས་ལ་འགྲོ་དོན་མེད། བསྟན་པ་སྤྱི་སྒོས་ལ་བསམས་ཏེ་


DLL1005_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ད་དུང་འདིར་ཀ་འཆད་ཉན་བྱས་ན་ཇོ་བོ་རིན་པོ་ཆེ་དང་རྗེ་བཙན་ཙོང་ཁ་པ་ཡང་འདི་ཕྱོགས་ན་ཀ་བཞུགས། ཡང་ཐུགས་དམ་བསྒྲུབས་པ་བྱེད་ན་ཡང་འདིར་ཀ་སྡོད། ངེད་ཀྱང་དགོན་པ་འདིའི་ཐོད་ལ་སྒྲུབ་སྡེ་ཞིག་འཛུགས་འདོད་ཡོད་པས་དེེར་དཔོན་སློབ་གཉིས་ཀྱི་ཞབས་ཏོག་བྱེད། ད་ལན་དྲུང་འདུལ་བ་པ་ལ་ཆོས་ཉན་དུ་འགྲོ་ན་ཁོང་ལ་ལྷ་མོ་འདིའི་བཀའ་བཞིན་དང་། བྱང་ཆུབ་ལམ་རིམ་གྱི་འཁྲིད། ལྟ་བའི་འཁྲིད། ཁྱད་པར་འདུས་པའི་རིམ་ལྔའི་དམར་ཁྲིད་ཅིག་རྣམས་ཞུས་ཏེ་མྱུར་བར་འདིར་བྱོན། བདག་གིས་ཀྱང་དེ་རྣམས་ལེགས་པར་ཐོབ་སྟེ། ད་ན་སོ་རྒས་ནས་བརྗེད་འདུག །དང་པོ་དཔེ་ཆ་མང་པོ་ཟིན་པ་ཅིག་ཡོད་དེ། ད་ཚིག་རེ་རེ་ལའང་དཀའ་ལས་ཆེ་བ་འདུག །དོན་ལ་འཆི་བ་ཁོ་འོང་བར་འདུག །ཤི་ནས་གར་འགྲོ་ནི་ཆ་མེད་གསུངས། དེ་ལ་བདག་གིས། རྗེ་རིན་པོ་ཆེ་ནི། ཕྱི་མ་ལ་སྔར་བདེ་བ་ཅན་དུ་འབྱོན་བཞེད་ཡོད་ནའང་། ཕྱིས་དགའ་ལྡན་དུ་འབྱོན་བཞེད་ཡོད་པ་ཡིན་ཞེས་མི་ཀུན་གླེང་བར་འདུག་ལགས་ཞུས་པས་རྗེའི་ཞལ་ནས། ཁོ་བོ་ལ་དེ་ལྟ་བུའི་འདོད་པ་ཕུར་ཚུགས་པ་མེད། རྗེ་བཙུན་གྱི་སྐུ་བཞེངས་འདི་ཡང་སེམས་ཅན་ཐམས་ཅད་རྗེ་བཙུན་གྱི་འཁོར་དུ་སྐྱེས་ཏེ་ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད་པའི་རྟེན་འབྲེལ་དུ་བསམས་ཏེ་བྱས་ཤིང་། བདེ་བ་ཅན་སོགས་ན་གདུལ་བྱ་ཡང་དག་པ་འབའ་ཞིག་ཡོད། དེ་བས་མ་དག་པའི་གདུལ་བྱ་རྣམས་གདུལ་བའི་ཕྱིར་དུ་རེ་ཞིག་ལ་མ་དག་པའི་ཞིང་འདིར་ཀ་སྡོད་འདོད་ཡོད་པ་ཡིན། ཞེས་སོགས་


DLL1005_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཀའ་ལུང་རྒྱ་ཆེ་ལ་གནད་ཆེ་བ་མང་པོ་གསུངས། དེ་ནས་བདག་གིས་འགྲོ་ཁར་ཕྱག་ཕུལ་བས། མྱུར་དུ་སླེབས་པ་མཛོད་ཅིག་གསུང་། དེ་ནས་ཤིང་མོ་བྱའི་ལོ་ལ་མཁར་ལས་རྟེན་བཞེང་སོགས་ཅི་རིགས་དང་། ཁྱད་པར་བཀའ་འགྱུར་གྱི་འཕྲོ་རྣམས་ཡོངས་སུ་རྫོགས་པར་མཛད་དོ། །དེ་ནས་མེ་ཕོ་ཁྱི་ལོའི་དགུན་ཆོས་ལ་ཆོས་ཀྱི་རྗེ་རིན་པོ་ཆེ་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་སྤྱན་དྲངས་ཏེ་གནས་རྙིང་ལ་ཕེབས། གསུང་ཆོས་རིགས་ལུང་སོགས་འཕེལ་ཞིང་སྐྱ་བཙུན་གྱི་ཚོགས་མང་པོ་ལའང་གསུང་ཆོས་ལེགས་པར་གསུངས། གོས་སྐུ་ཆེན་པོ་བཞེང་བའི་འབུལ་སྡུད་ཀྱང་དེ་ནས་མཛད། དེ་ནས་འདིར་ཕེབས་ཏེ་དགོངས་པ་ལ། སྔར་ནས་སྐུ་ཚད་ཆེ་བའི་ངའི་སྐུ་ཞིག་བཞེངས་ན་ཚེ་རིང་བའི་རྟེན་འབྲེལ་ཡོད་གསུང་བའི་རྗེ་བཙུན་མའི་ལུང་བསྟན་ཅིག་ཡོད་པ་དང་། ད་དུང་ཡུན་རིང་དུ་གནས་ན་བསྟན་པ་དང་སེམས་ཅན་ལ་ཕན་ན་ཅི་མ་རུང་སྙམ་སྟེ། སྔར་རྗེ་བཙུན་གྱི་སྐུ་བཞེངས་པའི་ཟངས་གསེར་དང་ཡོ་བྱད་ལྷག་རྣམས་ལ་རྗེ་བཙུན་མ་དཀར་མོའི་སྐུ་ཞིག་བཞེང་འདོད་ཡོད་པ་ལ། སླར་ཡང་བལ་པོ་རྣམས་སྟག་ལུང་ནས་འདིར་སླེབས་པ་དང་། ཉང་སྟོད་ནས་ཕེབས་པ་གཉིས་རྟེན་འབྲེལ་འགྲིག་སྟེ། བལ་པོ་རྣམས་ན་རེ། རིན་པོ་ཆེ་པའི་དགོངས་པ་མ་རྫོགས་ན་ངེད་ལམ་ལ་མགོ་མི་ཐོན་པས་ངེད་ཀྱིས་ཀྱང་ཞབས་ཏོག་ཏུ་འགྱུར་བ་ཅིག་བྱེད། རིན་པོ་ཆེ་པས་ཀྱང་ངེད་བལ་ཡུལ་དུ་མགོ་ཐོན་པ་ཐུགས་དམ་སྐྱབས་འོག་ཏུ་འཇུག་དགོས་ཟེར། དེ་ནས་བཟོའི་རྩོམ་པ་མཛད་དེ་རྒྱབ་མཐོ་


DLL1005_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་དང་ལྡན་པའི་རྗེ་བཙུན་མའི་གསེར་སྐུ་དང་། གཡས་གཡོན་དུ་རྗེ་བཙུན་མ་སྔོན་མོ་དང་སྒྲོལ་མ་ཡིད་བཞིན་ནོར་བུའི་སྨན་སྐུ་གཉིས་མཚར་ཆགས་བྱིན་རླབས་དང་ལྡན་པར་གྲུབ་སྟེ། ནང་བཞུགས་ཐུགས་ལ་ཐུགས་ཀ་ན་སངས་རྒྱས་བྱང་སེམས་ཀྱི་སྐུ་གདུང་རིང་བསྲེལ་མང་པོ་དང་། མགྲིན་པ་ན་རྗེ་བཙུན་མ་རང་གི་སྐུ་འཇིམ་པ་ལས་རང་བྱུང་དུ་བྱོན་པ་མཐོ་གང་ཙམ་ཞིག་བཞུགས་ཤིང་། གཞན་ཡང་སྟོད་སྨད་ཀྱི་ཆ་རྣམས་གཟུངས་སྔགས་སྐུ་ཚེ་སྲིང་བའི་སྤེལ་ཚིག་དང་བཅས་པ་མང་པོ་འཁོར་དང་བཅས་པ་བཤད་ཚོད་བཞིན་དུ་བཞུགས་པའི་རྟེན་ངོ་མཚར་ཅན་འདི་ལེགས་པར་གྲུབ་པའི་བར་དུ་གནས་པ་ལོ་དེའི་ཟླ་བ་བརྒྱད་པའི་ཚེས་གྲངས་བཟང་པོ་ལ་ལེགས་པར་བསྒྲུབས། དེའི་ཚེ་ནམ་མཁའ་ལ་འཇའ་འོད། མེ་ཏོག་གི་ཆར་བབ་པ། ཁྱད་པར་བར་སྣང་ལ་གློ་བུར་གཎྜཱིའི་སྒྲ་གླིང་སྟོད་པ་རྣམས་ཀྱིས་གླིང་སྨད་དང་། གླིང་སྨད་པ་རྣམས་ཀྱིས་ཅིག་ཤོས་ན་གྲགས་པར་ཐོས་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་ཞིང་། བཟོ་བོ་རྣམས་ཀྱང་བརྒྱགས་ཡོན་གྱིས་ཚམ་པར་མཛད་དོ། །ལོ་དེའི་དབྱར་ཆོས་ཀྱི་དུས་བདག་གིས་དབུས་ཕྱོགས་ལ་འགྲོ་བའི་ཕྱིར་དུ་འདིར་སླེབས། རྗེའི་དྲུང་དུ་རྒྱུ་མཚན་ཕུལ་བས། ཆོས་རྗེ་ཆོས་རྒྱལ་བ་ལ་དུས་འཁོར་ཞུར་འགྲོ་ན་དེ་དང་། དྲུང་སྦྱིན་པ་བ་ལ་སྦྱོར་དྲུག་གི་འཁྲིད་ཅིག་དང་། རྒྱུད་འགྲེལ་གྱི་བཤད་པ་ཅིག་ཅིས་ཀྱང་ཉོན་ལ་འཆད་ཐུབ་པ་ཅིག་གྱིས་ལ་ཤོག་གསུངས་ཏེ་བརྒྱགས་རྟེན་ལ་རིན་པོ་ཆེ་ཐོགས་ཤིག་གནང་སྟེ་ཕྱིན། མར་ལམ་ལྷན་བ་སོ་


DLL1005_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ན་སེམས་དཔའ་ཆེན་པོ་བཞུགས་པ་ལ་མཇལ་ཏེ་འདི་བཞིན་གྱི་རྒྱུ་མཚན་ཕུལ་བས། ཁྱོད་འདིར་སླེབས་ནས་འགྲོ་བའི་གེགས་བྱས་ན་མི་འོང་། ད་ལན་རྒྱུག་ལ་མྱུར་དུ་ཡར་སླེབས་པ་གྱིས། ངས་རྒྱུད་པ་དཔོན་སློབ་ལ་དེ་བཞིན་གྱི་ཡི་གེ་ཞིག་ཀྱང་བྱེད། ཁྱོད་རང་ཡང་འདི་བཞིན་གྱིས་གསུང་བའི་ཞལ་ཏ་ཐུགས་ཚལ་སྦྱར་བ་གནང་སྟེ་དབུས་ཕྱོགས་ལ་ཕྱིན། ཐོགས་ཤིག་བསྡད། འདོད་ཆོས་རྣམས་ཞུས་ཏེ་ཕག་ལོ་ལ་འདིར་སླེབས། རྗེའི་དྲུང་དུ་མཇལ་བས་རྗེའི་ཞལ་ནས་ཁྱོད་ཀྱིས་དབུས་ཀྱི་གང་དུ་བསྡད། ཅེས་སོགས་ལ་སྔར་གོང་དུ་བརྗོད་པ་རྣམས་ཞུས། ད་ཇི་ལྟར་བྱེད་གསུང་། ད་རྗེའི་དྲུང་དུ་བདེ་མཆོག་གི་ཆོས་སྐོར་ཅིག་ཞུ་འདོད་ལགས་ཞུས་པས། འོ་ན་སྟོན་ཆོས་ལ་འདིར་ཤོག །དེ་དུས་བྱེད་པ་ཡིན། བདག་གིས་བདེ་མཆོག་གི་ཆོས་སྐོར་རྣམས་རྗེ་ཙོང་ཁ་པ་ཆེན་པོ་ལ་ཐོབ་པས་ཁྱེད་ལ་ཡང་ཅིས་ཀྱང་བྱེད་དོ་གསུང་། དེ་ནས་བདག་གིས་སྟོན་འདིར་འོངས། བདེ་མཆོག་གི་རྒྱུད་ཚར་གཅིག་དང་གླེང་འབུམ་ཆེན་མོའི་ལུང་ཐོ་རེ་བ་ཅིག་ཞུས་སོ། །དེ་ནས་ས་ཕོ་བྱི་བའི་དགུན་ཆོས་ལ་ལྷ་རྒྱལ་རྩེར་ཆོས་བར་ལ་ཕེབས། དགུན་ཆོས་གཉིས་ཀ་མཛད། ཞབས་ཏོག་ཚུལ་བཞིན་བསྒྲུབས་ཏེ་གསུང་ཆོས་རིགས་ལུང་སོགས་ཀྱང་འཕེལ་བར་བྱུང་། དེ་ནས་འདིར་ཕེབས། རྒྱ་ནམ་མཁའ་དཔལ་གྱིས་གོས་ཡུག་དམར་པོ་གཅིག །གཞན་ཞིག་གིས་གོས་ཡུག་གནམ་ཁ་གཅིག །ཁྱེའུ་བས་གོས་ཡུག་གཅིག །ཆོས་རྗེ་མན་ལུང་པས་གོས་ཡུག་གཅིག་ཕུལ་བ་རྣམས་ཀྱིས་ཐོག་དྲངས་རང་གི་ལག་ཏུ་བྱུང་བའི་གོས་དར་


DLL1005_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དོན་ཡོད་པར་བྱ་བ་དང་། ཕྱི་རབས་འབྱོར་ལྡན་སྐྱེ་བོ་རྣམས་ཀྱི་དམིགས་རྐྱེན་དུ་བསྟན་པའི་གཙོ་བོའི་གོས་སྐུ་ཆེན་མོ་བཞེང་བར་དགོངས་ཏེ། ལྷག་པའི་ལྷས་རྒྱུད་བྱིན་གྱིས་བརླབས་པ་པིར་ཐོགས་རྣམས་ཀྱི་རྒྱལ་པོ་སྨན་བླ་དོན་གྲུབ་པ་དཔོན་སློབ་སྤྱན་དྲངས་ཏེ་བཟོའི་རྩོམ་པ་མཛད། དེ་ཙམ་གྱིས་གོས་རྣམས་ཀྱང་སྔར་བྱུང་བ་དང་། དེ་ནས་རྒྱུན་མ་ཆད་པར་འབུལ་མི་བྱུང་བ་ལ་བརྟེན་ནས་རིང་པོར་མ་ཐོགས་པར་ཟླ་བ་གསུམ་ལ་དཀྱུས་སུ་འདོམ་བཅོ་བརྒྱད་དང་། ཞེང་དུ་འདོམ་བཅུ་གཉིས་ཀྱི་ཚད་དང་ལྡན་པའི་སྐུ་བཟང་ཞིང་མཚར་ཆགས་བྱིན་རླབས་དང་ལྡན་པ་ཡོངས་སུ་རྫོགས་པར་གྲུབ་སྟེ། གོས་སྐུ་འདིའི་ཐུགས་ཀ་ན་རྗེ་རང་ཉིད་ཀྱིས་མཛད་པའི་བསྟན་པ་རྒྱས་པའི་སྨོན་ལམ་གྱི་ཚིག་མང་པོ་བྲིས་ནས་བཞུགས་ལ། དེའི་རབ་ཏུ་གནས་པ་ཡང་ངོ་མཚར་བའི་ལྟས་མང་པོ་དང་བཅས་ཏེ་གྲུབ་ཅིང་། ཁྱད་པར་འདིའི་སྐྱ་རིས་དགོན་པའི་མདུན་གྱི་ནེ་ཐང་དུ་བཏབ་པའི་ཚེ་སྐུ་ཅི་ཙམ་འོང་བ་བལྟ་བའི་ཕྱིར་དུ་མདུན་གྱི་དར་རྒྱས་པའི་སྦེ་དཀར་ཆེན་པོ་འདིའི་ལོགས་ལ་འགྲེམས་པར་མཛད་པ་ལ་དཔོན་མོ་ཆེས། ཕྱག་གི་ལྷུང་བཟེད་ཡན་ཆད་རྫོགས་པ་འོང་ཞེས་དང་། གཞན་དག་གིས་སྐུ་ཚད་ཐམས་ཅད་རྫོགས་པ་འོང་ཞུས་ཏེ་བཀྲམ་པས་ཞལ་གྱི་དཀྱིལ་འཁོར་རྫོགས་པ་ཙམ་ཞིག་བྱུང་བ་ལ། དཔན་སློབ་ཐམས་ཅད་བཞད་གད་ཐེག་པ་ཅིག་བྱུང་ཞིང་དེའི་ཚེ་རྗེའི་ཞལ་ནས། རྟེན་འབྲེལ་ལེགས། དེ་རིང་ནམ་མཁའ་ཤིན་ཏུ་དྭངས་པ་ལ་སྤྲིན་རིན་པོ་ཆེ་དགུ་


DLL1005_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པ་མང་པོ་དང་། ཉི་མ་ལ་འཇའི་གུར་ཕུབ་པ་སོགས་ཀྱང་འདུག་གསུང་ཞིང་། ཐམས་ཅད་ཀྱིས་མཐུན་སྣང་དུ་གྲུབ་པ་བྱུང་ངོ་། །དེ་ལྟར་ན་གོས་སྐུ་འདིའི་རྒྱུ་ལ་གོས་ཡུག་དགུ་བཅུ་གོ་ལྔ། གོང་པ་ལ་རྟེན་ཁེབས་ཉི་ཤུ་རྩ་ལྔ། བླ་བྲེ་གཉིས། གཡས་གཡོན་གྱི་མཐའ་ལ་དར་ཡུག་ལྔ། དར་ཆག་ལ་དར་ཡུག་གཅིག་དང་དར་ཁ་ལྔ། སྐུད་པ་ལ་གོས་དར་འདྲེས་པ་ཁ་བཞི་བཅུ་ཞེ་དགུ་དང་སེ་ཐའུ་འདོམ་པ་དོ། སྨད་ཀྱི་མཐའ་ལ་དར་ཡུག་སྔོ་པོ་ཞིག་རྣམས་སོང་ངོ་། །དེ་ལྟར་གྲུབ་པའི་ལྷག་གོས་ཡུག་བཅུ་ལྷག་ཙམ་ལ་རྗེ་བཙུན་མའི་གོས་སྐུ་ཞིག་བཞེང་གསུང་། དེ་ནས་ཤིང་མོ་གླང་ལོའི་དགུན་ཆོས་ལ་ཉང་སྟོད་མཁར་ཁ་ལ་ཕེབས། དགུན་ཆོས་སྔ་ཕྱི་གཉིས་ཀ་བཞུགས། མཁར་ཁ་བས་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས། གསུང་ཆོས་རིགས་ལུང་སོགས་ཀྱང་འཕེལ་བར་བྱུང་། དེའི་ཚེ་མན་ལུང་ཆོས་རྗེས་མ་ལུང་དུ་སྤྱན་དྲངས། དེ་ན་བྲན་སྟོན་མཐའ་བྲལ་གྱི་སྐུ་ཞིག་ཡོད་པ་དེའི་དྲུང་དུ་ནུབ་ཅིག་བཞུགས་པ་ལ་སྐུ་དེའི་གསུང་ནས། དོན་རྩ། ཞེས་པའི་གསུང་ལྷང་བ་ཅིག་བྱུང་གསུང་དེ་ཅི་ལགས་ཞུས་པས། བྱང་ཆུབ་ཀྱི་སེམས་ལགས་སམ་གསུང་། གཞན་དག་ནི། སྟོང་ཉིད་ཀྱི་ལྟ་བ་ལགས་སམ་ཡང་ཟེར་ཏོ། །དེ་ལྟར་ན་བླ་མ་བྲན་སྟོན་དེ་རྗེ་ཤེས་རབ་སེང་གེའི་སྐུ་སྐྱེ་སྔ་མ་ཞིག་ཡིན་ཟེར་བའང་འཐད་པར་གོ །དེའི་དུས་སུ་རྗེ་བཙུན་མའི་གོས་སྐུ་ཞིག་བཞེང་བའི་འབུལ་སྡུད་ཀྱང་མཛད་པས་གོས་ཡུག་སོགས་ཆ་རྐྱེན་གྱི་དངོས་པོ་སྟོབས་ཆེ་བ་བྱུང་། དེའི་ཚེ་སྔ་མོ་ནས་མངའ་རིས་ནས་རུ་རྩ་དཀའ་


DLL1005_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་ནམ་མཁའ་བརྩོན་འགྲུས་ཞེས་པའི་དགེ་བཤེས་ཆེན་པོ་དེས་ཀ་དན་ཁ་སྟོང་གི་འབུལ་བ་དང་བཅས་ཏེ། འདུལ་བ་མདོ་རྩ་བའི་རྣམ་བཤད་རྒྱས་པ་ཅིག་མཛད་དགོས་ཞེས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་རྩོམ་པ་དེའི་མགོ་ཡང་འདི་ནས་བཙུགས་པ་ཡིན་ནོ། །དེ་ནས་འདིར་ཕེབས། གོས་སྐུའི་བཟོ་རྣམས་བརྩམས། དེའི་ངང་ནས་གཙུག་ལག་ཁང་གི་སྒོ་ཁང་དུ་རྒྱལ་པོ་ཆེན་པོ་བཞིའི་བཟོ་རྩོམ་པ་ཡང་མཛད་ཅིང་། ཁྱད་པར་རྒྱལ་པོ་མིག་མི་བཟང་གི་སྤྱན་མཆོད་རྟེན་ལ་མི་གཟིགས་པའི་ཚུལ་དང་། ནང་གི་སྒོའི་གདོང་ལ་མགོན་པོ་བེང་དང་དཔལ་རྟ་མགྲིན་གྱི་སྐུ་འབྲི་བ་སོགས་ཀ་གནད་ཁྱད་པར་ཅན་ཡོད་པ་ཡིན་ནོ། །ཞེས་རྗེ་རང་ཉིད་ཀྱི་གསུང་། དེ་ནས་རྗེ་བཙུན་མའི་གོས་སྐུ་ཆུར་འདོམ་བརྒྱད་དང་། ཞེང་དུ་འདོམ་དྲུག་གི་ཚད་དང་ལྡན་པ། རྒྱུ་བཟང་ཞིང་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་དང་བཅས་པ་ཡོངས་སུ་རྫོགས་པ་མྱུར་དུ་གྲུབ་སྟེ། རབ་ཏུ་གནས་པ་ཡང་ངོ་མཚར་བའི་ལྟས་མང་པོ་དང་བཅས་ཏེ་ལེགས་པར་གྲུབ་བོ། །གོས་སྐུ་འདིའི་མཛོད་སྤུ་ན་མུ་ཏིག་སྟོང་ཉིས་བརྒྱ་བདུན་ཅུ་དོན་ལྔ་ཁྲོམ་ཚོགས་སུ་ཡོད་པའི་དབུས་ན་ཆར་འབེབས་ཤིག་གི་དུས་སུ་གཞི་བདག་ནེ་སེར་བས་རྗེ་རང་ཉིད་ལ་ཕུལ་བའི་རིན་པོ་ཆེ་ཆུ་ཤེལ་ཅིག་དང་། དེ་བཞིན་གཤེགས་པའི་འཕེལ་གདུང་། གླང་པོར་འཁྲུངས་པའི་སྐུ་གདུང་། མཆིམས་བློ་བཟང་གྲགས་པའི་སྐུ་གདུང་། སྣར་ཐང་ཉེར་འཛིན་ཆེན་པོའི་སྐུ་གདུང་། རིང་བསྲེལ་མང་པོ་དང་བཅས་པ་བཞུགས་ཤིང་། ཕྱག་གཡས་ལ་བྱུ་རུ་མུ་མེན་རྣམས་


DLL1005_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་བརྒྱ་དང་ཉེར་ལྔ། ཕྱག་གཡོན་ལ་བྱུ་རུ་ཉིས་བརྒྱ་དང་གསུམ། མགུལ་པ་ལ་བྱུ་རུ་དགུ་བཅུ། ཤངས་ཀྱི་རྩེ་ལ་སྤོས་ཤེལ་བཟང་པོ་ཞིག་དང་མུ་ཏིག་རྣམས་ཡོད། སྐུ་འདི་ལ་གསེར་ཤོག་ཕྱེད་དང་ཉིས་བརྒྱ། གྲང་གསེར་ཞོ་གསུམ། དངུལ་ཞོ་གསུམ་རྣམས་ཀྱང་ཕུལ་ཡོད་དོ། །རྒྱལ་ཆེན་གྱི་སྐུ་རྣམས་དང་། རྒྱལ་ཆེན་ལྷ་ཁང་གི་ཕྱོགས་ཀྱི་ཆ་རྣམས་ལ་ཕྱོགས་སྐྱོང་བཅོ་ལྔ་དང་། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ཀྱི་སྐུའི་རི་མོ་ལྷ་བཟོ་བ་སྟོབས་པོ་ཆེ་དང་། དཔོན་མོ་ཆེ་སྨན་ཐང་པ་ཞེས་བྱ་བས་ལེགས་པར་གྲུབ་སྟེ། སང་རབ་གནས་བྱེད་པའི་དོ་ནུབ་ལྷ་བཟོ་བའི་ཉམས་སྣང་ལ་ཕྱོགས་སྐྱོང་གི་སྐུའི་རྣམ་པ་ཅན་གྱི་མི་རྟ་མང་པོར་གཟུགས་སྣ་ཚོགས་དང་། སྒྲ་སྐད་དར་དིར་མང་པོས་གང་ཞིང་། མཐར་དེ་རྣམས་དམ་ཚིག་པ་སོ་སོ་ལ་ཐིམ་པའི་ཉམས་སྣང་བཟང་པོ་བྱུང་བའི་སང་ཉིན་མངའ་གསོལ་རྒྱས་པར་མཛད། དེ་ནས་ལྕགས་ཕོ་སྟག་ལོའི་དགུན་ཆོས་ལ་ལྷ་རྒྱལ་རྩེར་ཕེབས། ཞབས་ཏོག་ཚུལ་བཞིན་དུ་བསྒྲུབས། གསུང་ཆོས་རིགས་ལུང་སོགས་ཀྱང་འཕེལ་བར་བྱུང་། དེ་དུས་རྗེ་ཤེས་རབ་སེང་གེའི་སློབ་མ། རྗེ་རང་ཉིད་ཀྱིའང་སློབ་མ་ཡིན་པ། ནགས་ཤོད་པ་སངས་རིན་ཞེས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཡོད་པ་དེ་འབུལ་བ་སྟོབས་ཆེན་དང་བཅས་ཏེ་རྗེ་ཉིད་མཇལ་བ་ལ་སླེབས། དེ་ནས་ཁོང་རྣལ་འབྱོར་རྒྱུད་ཀྱི་ཆོས་སྐོར་ཞུ་བ་ལ་གངས་ཅན་དུ་རྗེ་འདི་པས་རྫོང་བ་སོགས་ཀྱི་དོ་དམ་ཡང་མཛད་དོ། །དེ་ནས་དགུན་ཆོས་གཉིས་པ་ལ་རོག་ཚོར་ཕེབས། ཞབས་ཏོག་ཚུལ་


DLL1005_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བསྒྲུབས། གསུང་ཆོས་རིགས་ལུང་སོགས་ཀྱང་འཕེལ་བར་བྱུང་། དེ་ནས་ཕྱིར་ལམ་གངས་ཅན་ཆོས་འཕེལ་དུ་ཕེབས། དེར་བསྙེན་རྫོགས་ཐོགས་ཤིག་བསྒྲུབས་ཤིང་དེར་ནགས་ཤོད་པས་མར་ལམ་བཀྲ་ཤིས་ལྷུན་པོར་རྗེ་བཙུན་མ་དཀར་མོའི་ཚེ་སྒྲུབ་ཞུ་བའི་སྙན་གསན་ཀྱང་འབུལ་གྱིན་འདུག །བདག་གིས་ཀྱང་རྗེའི་དྲུང་དུ། བདག་ཀྱང་དིང་སང་སྒྲའི་ས་རིས་དང་། སྙན་དངགས་མེ་ལོང་ཞིག་ཞུ་བ་ལ་འོང་ཞུས་པས། འོ་ན་སྒྲུབ་མཆོད་ཀྱི་སྟེང་དུ་ཅིས་ཀྱང་སླེབས་པ་ཤོག་གསུང་། དེ་ནས་འདིར་ཕེབས་ཏེ་རྗེ་ཤེས་རབ་སེང་གེའི་དུས་མཆོད་ཀྱི་འདུས་པའི་སྒྲུབ་མཆོད་རྒྱུན་མ་ཞིག་ཡོད་པ་དེ་མཛད། དེ་ནས་ལོ་དེའི་དབྱར་གནས་བཙུགས། དེ་ལ་བདག་གིས་ཀྱང་སྐུ་དྲུང་དུ་སླེབས། དབྱར་ཁས་བླངས་ཏེ་གསུང་ཆོས་ཞུ་བར་བརྩམས་པ་དང་། སྣར་ཐང་དུ་མཁན་ཆེན་བཟོད་པ་པ་སྐུ་ཁམས་བསྙེལ་བའི་སྐུ་རིམ་ལ་བདག་འགྲོ་དགོས་བྱུང་སྟེ་རྗེའི་དྲུང་དུ་ཞུས་པས། ཅིས་ཀྱང་འགྲོ་དགོས་ཤིང་གལ་ཏེ་གསོལ་བ་མ་ཐེབས་པར་འདིར་མ་སླེབས་ནའང་དགག་དབྱེ་སྣར་ཐང་དུ་བྱས་པས་ཆོག་གསུང་སྟེ་དེ་བཞིན་བྱུང་ངོ་། །དེ་ནས་ལྕགས་མོ་ཡོས་བུའི་ལོ་ལ་དགུན་ཆོས་དང་པོ་གནས་རྙིང་ལ་བྱོན། གསུང་ཆོས་རིགས་ལུང་སོགས་འཕེལ་བར་བྱུང་ནས་འདིར་ཕེབས། དེའི་ཚེ་རྗེའི་དགོངས་པ་ལ། ད་ནི་རྗེ་བཙུན་སྤྱན་རས་གཟིགས་ཀྱི་གོས་སྐུ་ཞིག་བཞེང་དགོས་པར་འདུག །དེའི་རྒྱུ་མཚན་ཡང་རང་རེ་བཀའ་གདམས་པ་ཡིན་པས་བཀའ་གདམས་ལྷ་བཞིའི་སྐུ་ཞིག་དགོས་ཤིང་། ཁྱད་པར་


DLL1005_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྤྱན་རས་གཟིགས་ཀྱི་སྐུ་དང་རྗེ་བཙུན་མ་སྒྲོལ་མའི་སྐུ་གཉིས་དགོས་ལ། ལྷོ་བྲག་ཕྱག་རྡོར་བའི་ལུང་བསྟན་ལའང་། ཤུད་ཕུ་པ་ཡི་བསྟན་པ་ནི། །ལྷོ་རྒྱུད་འདི་ལས་སྡེ་གཞན་པའི། །གཙུག་ལག་ཁང་གི་ཆོས་སྐྱོང་སྲུང་། །ཆོས་སྐྱོང་མ་མོ་བསྟེན་ན་དར། །མཁན་པོ་ཁ་ཆུ་སྤངས་པས་རྒྱས། །སྒོམ་ཆེན་རྒྱལ་མཚན་བཙུགས་པས་བདེ། །ཁམ་ཆུ་ཞི་བའི་ཐབས་ཀྱང་མ་ཎི་དང་གཙུག་ཏོར་འདོན་དགོས་པར་གོ །ཞེས་པའི་ལུང་བསྟན་འདིས་ཀྱང་རང་རེའི་དགོན་པ་དང་། མཁན་པོ་དང་། ཆོས་སྐྱོང་དང་། སྦྱིན་བདག་དང་། སྒོམ་གྲྭ་དང་། རིམ་གྲོ་ལ་མ་ཎི་སོགས་ཀྱང་ལུང་བསྟན་པར་འདུག་པས་དེའི་རྒྱུ་མཚན་གྱིས་དང་། ཁྱད་པར་སྔ་མོ་ནས་ལྷ་མོ་འདིས། ཚོགས་སུ་མ་ཎི་བརྒྱ་རྩ་རེ་དང་ལོ་རེ་ལ་སྒྲོལ་མ་འབུམ་གཏེར་རེ་མ་ཆག་པར་ཚུགས་ཞེས་ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས་དེ་གཉིས་ཀྱང་སྔ་མོ་ནས་མ་ཆག་པར་ཚུགས་ཤིང་། དགོན་པ་ནས་བསམ་གྲུབ་རྩེའི་བར་ལ། མ་ཎི། བླ་མ། སངས་རྒྱས་བྱང་སེམས་ཀྱི་མཚན་རྣམས་རྡོ་ལ་འབུར་དུ་བརྐོས་པ་འདི་རྣམས་སྔ་མོ་ནས་བཞེངས་པ་ཡིན། ད་ནི། འཕགས་པའི་གོས་སྐུ་ཞིག་བཞེང་བར་བྱའོ་སྙམ་དུ་དགོངས་ཏེ་ཡོད་པ་ལ། སྣར་ཐང་ནས་ཆེན་པོ་ཆོས་རྒྱལ་དོན་གྲུབ་པས་གོས་འགང་དཀར་ཡུག་གཅིག་ཕུལ་བ་གཞི་བྱས་ཏེ། རི་མོ་བ་ལྷ་བཙུན་བསྟན་པའི་རྒྱལ་མཚན་ཞེས་བྱ་བ་དང་བཟོ་བོ་རྣམས་ཀྱིས་བཟོའི་རྩོམ་པ་བྱས། དེའི་སྐབས་སུ་རྗེ་ཉིད་ཀྱིས་ཁོང་རྣམས་ལ་མ་ཎི་བཀའ་འབུམ་གསུང་གིན་འདུག །དེའི་དུས་བདག་གིས་ཀྱང་སྔར་སྙན་གསན་ཕུལ་བ་ལྟར་གྱི་དོན་ལ་སྐུ་དྲུང་དུ་སླེབས། འདོད་


DLL1005_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཞུས་ཤིང་། སྤྱན་གྱི་མཐོན་མཐིང་གི་རྒྱུ་ལ་གོས་ལྕགས་ནག་ཁ་སྦྲེལ་ཞིག་ཕུལ་བས་དགྱེས། གདན་ས་འདིར་སླེབས་ནས་བདག་གི་མིག་འདི་ད་ཡན་དཔེ་ལྟ་བ་ལ་མ་འགྲིབས་ཙམ་བྱུང་བ་འདི་ཡང་དེའི་རྟེན་འབྲེལ་གྱིས་ཡིན་སྙམ་མོ། །ཡང་དེའི་དུས་སུ་རྗེའི་ཞལ་ནས་བདག་ལ་འདི་སྐད་དུ། ངེད་ཁོང་རྣམས་ལ་མ་ཎི་བཀའ་འབུམ་ཞིག་འཆད་ཀྱིན་ཡོད། ཚེ་འདིར་གཞན་ལ་ལུང་ཐོབ་པ་སོགས་མེད་དེ་ཁྱེད་རང་ཡང་ཉོན་ཅིག་གསུངས་ནས་ཉན་ཏེ། དེ་ལྟ་བུའི་གསུང་དེ་ལ་ཡང་གནད་ཤིན་ཏུ་ཆེ་བ་ཡོད་དོ། །དེ་ལྟར་བསྒྲུབས་པས་རིང་པོར་མ་ཐོགས་པར་འཕགས་པའི་སྐུ་ཆུ་ཞེང་ལ་འདོམ་བརྒྱད་དང་དྲུག་ཏུ་ལྡན་པའི་གོས་སྐུ་བྱིན་རླབས་ཀྱི་གཟི་འོད་འབར་བ་ཡོངས་སུ་རྫོགས་པར་གྲུབ་སྟེ། རབ་གནས་བསྐལ་བཟང་ལྷ་ཁང་དུ་དགེ་འདུན་ཚོགས་པས་ལེགས་པར་མཛད། དེའི་དུས་རྗེའི་ཞལ་ནས། དེ་རིང་ཤེས་པ་ཅིག་གིས་མ་ཎི་སྐུལ་ཅིག་གསུང་བ་དང་། བདག་ལ་ཡང་། ཁྱེད་ཀྱིས་འཕགས་པའི་པོ་བསྟོད་ཅིག་སྐུལ་གསུངས་ནས་བསྐུལ་བས་ཞོར་འདེགས་མཁན་ཆེན་པོ་མེད་པ་ཅིག་གི་ངང་ནས་བདག་རང་གིས་ཚང་མར་ཐོན་པ་ཅིག་བྱུང་། དེ་ལ་རྟེན་འབྲེལ་ཅིག་ཡོད་དམ་སྙམ། དེའི་ཉིན་ཚོགས་པ་ལ་མང་ཇ། གུང་ཚིགས་བཟང་པོ་དང་། བཟོ་བོ་རྣམས་ཀྱང་བརྒྱགས་ཡོན་སོགས་ཀྱིས་མཉེས་པར་བྱས་སོ། །དེ་ནས་ཆུ་ཕོ་འབྲུག་གི་ལོ་ལ་རྗེ་བཙུན་མི་གཡོ་བ་སྔོན་པོ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དཔལ་ལྡན་དམག་ཟོར་ལྷ་མོ། དམ་ཅན་ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་གོས་སྐུ་ཆུ་ཞེང་དུ་


DLL1005_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འདོམ་གསུམ་དང་དོའི་ཚད་དང་ལྡན་པ་གཟི་བརྗིད་ཆེ་བ་བྱིན་རླབས་ཆེ་བར་བཞེངས་ཤིང་། གཞན་ཡང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་སྐུ་མཚན་དང་བཅས་པ་དང་། རྩ་བརྒྱུད་ཀྱི་བླ་མ་མང་པོའི་སྐུ་མཚན་དང་བཅས་པ་དང་། སངས་རྒྱས་སུམ་ཅུ་སོ་ལྔ་མཚན་བཅས་དང་། ཕྱོགས་བཅུའི་སངས་རྒྱས་དང་བདེ་བར་གཤེགས་པ་བརྒྱད་རྣམས་མཚན་དང་བཅས་པ་དང་། གཞན་ཡང་འདོད་ལྷ་མང་པོའི་སྐུ་མཚན་དང་བཅས་པ་རྡོ་ལ་འབུར་དུ་བརྐོས་པའི་སྐུ་རྣམས་རིན་པོ་ཆེ་འབའ་ཞིག་གི་རང་བཞིན་དུ་བཞེངས་ཤིང་། དེའི་རྡོ་རྣམས་ཀྱང་སྤྱིར་འདི་སྐོར་ན་དེ་ལྟ་བུའི་རྡོ་དཀོན་ཞིང་། ཕྱོགས་ནས་ཉིས་བརྒྱ་འབུལ་ཞེས་སོགས་བྱུང་ཡང་བཞེད་པ་མ་གྲུབ་པར་རྗེ་རང་ཉིད་བྱོན་ཏེ་དགོན་པའི་ཉེ་ཕྱོགས་ནས་གཏེར་ནས་ཐོན་པར་མཛད་དོ། །གཞན་ཡང་གཟིམས་ཁང་རྒྱལ་མཚན་མཐོན་པོའི་སྟེང་གི་སྒྲོལ་མ་ལྷ་ཁང་དུ་རྗེ་བཙུན་མའི་སྐུ་དང་སེང་ལྡེང་ནགས་ཀྱི་ཞིང་བཀོད་ཀྱི་རི་མོ་ཡང་སྔ་མོའི་དུས་མཛད་ཅིང་། རི་མོའི་སྔ་ཤོས་དང་བྱིན་རླབས་དང་ལྡན་པར་བཞུགས། གཞན་ཡང་མཆོད་ཁང་ཆེན་མོའི་མཛད་བཅུ། དེའི་མདའི་འཕྱོང་རྩེ་ན་རྒྱལ་བ་བྱམས་པའི་ཞིང་བཀོད་ཀྱི་རི་མོ་རྣམས་དང་། དགོན་པ་མ་བཏབ་གོང་དུ་ཐུགས་དམ་བྲིས་སྐུ་སོགས་གསུང་ཐུགས་ཀྱི་རྟེན་མང་པོ་དང་། ཕྱིས་བཞེངས་པའི་ཐུགས་དམ་བྲིས་སྐུ་རྣམས་ཏེ། མདོར་ན་བཤད་ཉན་རྒྱུན་མ་ཆད་པའི་ངང་ནས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་འདི་རྣམས་ལ་རྗེ་རང་ཉིད་ཀྱི་རབ་གནས་བཞུགས་ཞིང་། དེའི་ཚེ་རྟེན་དེ་དང་དེ་ལ་ཡེ་ཤེས་པ་


DLL1005_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་ཐིམ་པའི་སྣང་བ་དང་བཅས་པ་ཡིན་པས་སྐུ་གདུང་ཐུགས་དངོས་དང་ཁྱད་པར་ཅུང་ཟད་ཀྱང་མེད་པར་ཤེས་པར་བྱ་བ་ཡིན་ནོ། །འདིར་སྨྲས་པ། ཟབ་དང་རྒྱ་ཆེའི་ཤེས་བྱའི་མཁའ་ལ་རྣམ་དག་མཁྱེན་པའི་དཀྱིལ་འཁོར་རྒྱས། །དམ་ཆོས་སྟོན་པའི་ཚངས་དབྱངས་འབྲུག་སྒྲ་ཐུགས་རྗེའི་གློག་གི་འདུ་འགོད་ཅན། །འགྲོ་ལ་ཕན་བདེའི་གྲིབ་བསིལ་དང་ལྡན་ཕྲིན་ལས་ཆུ་ཆར་འབེབས་མཁས་པ། །དཔལ་ལྡན་བླ་མ་ཆུ་འཛིན་དབང་པོ་བདག་སོགས་འགྲོ་བའི་གཙུག་ན་རྒྱལ། །ལེགས་ཚོགས་འབྱོར་པ་མཐའ་དག་བརྙེས་ཀྱང་ཁེངས་པའི་དྲི་མས་མ་སྦགས་པ། །ཉེས་ཚོགས་མཐའ་དག་ཕམ་པར་མཛད་ཀྱང་ཁྲོ་བའི་གོ་སྐབས་མ་རྙེད་ཅིང་། །རྟག་ཏུ་མཉམ་བཞག་ངང་ལ་གནས་ཀྱང་ཇི་སྙེད་ཆོས་ཀུན་གསལ་བར་མཁྱེན། །ཐུགས་རྗེས་སྲིད་མཐར་གཞན་དོན་མཛད་ཀྱང་དུབ་པ་མེད་པའི་བླ་མ་རྒྱལ། །དཔལ་ལྡན་མཁས་པ་ཀུན་གྱི་གཙུག་གི་རྒྱན། །རྨད་བྱུང་མཛད་པ་ཕྱོགས་ཀྱི་མཐར་ཁྱབ་པ། །ཡོངས་རྫོགས་བསྟན་པའི་མངའ་བདག་དགེ་འདུན་གྲུབ། །ཁྱོད་ནི་བདག་སོགས་མགོན་མེད་རྣམས་ཀྱི་མགོན། །རྒྱུན་ཆད་མེད་པའི་བཤད་ཉན་གསེར་གྱི་གཞིར། །ཚད་མེད་འགྲོ་ལ་ཐུགས་རྗེའི་རྒྱ་མཚོ་ལས། །སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ནོར་བུའི་ཕྲེང་། །སྐལ་བཟང་འབྱོར་ལྡན་སྐྱེ་བོའི་རྒྱན་དུ་མཛད། །ཅེས་བྱ་བ་འདི་ནི། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ལས། གཙོ་བོར་སྐུ་གསུང་ཐུགས་


DLL1005_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་བཞེངས་ལས་བརྩམས་པའི་རིམ་པར་ཕྱེ་བ་སྟེ་བཞི་པའོ།། །།དེ་ནས་ཡང་རྗེ་འདིའི་དགོངས་པ་ལ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཁམས་གསུམ་དག་ན་བདེ་ཞིང་སྐྱིད་པ། །ཐམས་ཅད་དཀོན་མཆོག་མཆོད་ལས་བྱུང་བས། །དེ་བས་བདེ་ཞིང་སྐྱིད་པ་འདོད་པས། །དཀོན་མཆོག་གསུམ་པོ་མཆོད་ལ་བརྩོན་བྱ། །ཞེས་དང་། གཞན་ཡང་མདོ་མང་པོ་དང་། བཀའ་གདམས་པའི་བཤེས་གཉེན་སྔ་མ་རྣམས་ཀྱིས་ཀྱང་དཀོན་མཆོག་གི་མཆོད་པ་ལ་ཕན་ཡོན་དཔག་ཏུ་མེད་པ་གསུངས་ཤིང་། རང་ཉིད་ལ། ད་ནི། འཁོར་ལོ་ཐ་མ་ལ་ནན་ཏན་བྱའོ་ཞེས་པའི་ལུང་བསྟན་ཀྱང་བྱུང་བས་ཚེ་གཞུག་འདི་ལ་དཀོན་མཆོག་གི་མཆོད་པ་ལ་འབད་པར་བྱའོ། །སྙམ་དུ་དགོངས་ཏེ། སྔར་གོས་སྐུ་རྣམས་བཞེངས་པའི་རྒྱུའི་ལྷག་རྣམས་དང་། ཕྱག་ཏུ་བྱུང་བའི་གོས་དར་སོགས་ལ་དཀོན་མཆོག་གི་མཆོད་རྫས་ལ་དམིགས་ཏེ། རབ་རྣམས་ལ་བླ་བྲེ་གཙུག་ལག་ཁང་གི་ཤར་ནུབ་ལ་སླེབས་པའི་གོས་ཀྱི་བླ་བྲེ་བཟང་པོ་གཉིས་ཀྱིས་ཐོག་དྲངས་གཙུག་ལག་ཁང་གི་ནང་ལ་ཁྱབ་པའི་བླ་བྲེ་མང་པོ་དང་། འབྲིང་རྣམས་ལ་གོས་དར་གྱི་གདུགས། རྒྱལ་མཚན། འཕན་མང་པོ་དང་། གཞན་ཀ་རས་ལས་བྱས་པའི་ཁ་དོག་སྣ་ཚོགས་པའི་འཕན་དཔག་ཏུ་མེད་པ་འདིར་ཡང་ཕུལ་ཞིང་། གཞན་ཡང་ལྷ་ས། ར་མོ་ཆེ། དགེ་ལྡན། སྣར་ཐང་། ཁྲོ་ཕུ། གནས་རྙིང་། བོ་དོང་སོགས་སུ་འཕན། གདུགས། རྒྱལ་མཚན་སོགས་གྲངས་མེད་པ་ཕུལ། ཁྱད་པར་གོས་སྐུ་རྣམས་ཀྱི་ལྷག་གོས་དར་རྣམས་ལ་འཕན་བརྒྱ་ལྷག་པ་བྱས་པ་རྣམས་ལ་


DLL1005_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གཉིས་བྱས་ཏེ། རིམ་པ་གཅིག་ལ། ཨོཾ་བདེ་ལེགས་སུ་གྱུར་ཅིག །བསོད་ནམས་ཆུ་གཏེར་ལས་འཁྲུངས་པའི། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །གདུལ་བྱ་གླིང་བཞིས་ཡོངས་བསྐོར་བའི། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །གྲུབ་མཐའ་རྣམ་བཞིའི་བང་རིམ་ཅན། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །རྣམ་གཡེང་རླུང་གིས་མི་བསྐྱོད་པའི། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །བཀའ་སྲུང་རྒྱལ་ཆེན་བཞུགས་པའི་གནས། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །དོན་གཉེར་ལྷ་ཕྲན་འདུ་བའི་གནས། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །མཁས་མང་གསེར་རིས་བསྐོར་བའི་གནས། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །དཔལ་འབྱོར་རོལ་མཚོ་འཁྱིལ་བའི་གནས། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །ལེགས་བཤད་རྒྱུ་སྐར་བཀྲ་བའི་གནས། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །ཐུབ་ཆེན་ལྷ་དབང་བཞུགས་པའི་གནས། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །རྒྱས་སྲས་ཉེ་དབང་བཞུགས་པའི་གནས། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །ཆོས་ཀྱི་རྔ་ཆེན་སྒྲོག་པའི་གནས། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །ལྷ་ཡིས་དོན་མཐུན་མཚན་གསོལ་བའི། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །བཀྲ་ཤིས་ལྷུན་ཅིང་བརྗིད་ཆགས་པའི། །བཀྲ་ཤིས་ལྷུན་པོ་རྒྱས་གྱུར་ཅིག །ཅེས་པ་རྣམས་དང་། རིམ་པ་གཉིས་པ་ལ། དཀོན་མཆོག་གསུམ་པོ་དགོངས་སུ་གསོལ། །དཀོན་མཆོག་གསུམ་པོ་སྤྱན་འདྲེན་ནོ། །དཀོན་མཆོག་གསུམ་པོ་གནས་


DLL1005_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཤེགས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །དཀོན་མཆོག་གསུམ་ལ་སྡིག་པ་བཤགས། །དཀོན་མཆོག་གསུམ་ལ་ཡི་རང་ངོ་། །དཀོན་མཆོག་གསུམ་གྱིས་ཆོས་འཁོར་སྐོར། །དཀོན་མཆོག་གསུམ་པོ་རྟག་ཏུ་བཞུགས། །དཀོན་མཆོག་གསུམ་གྱི་ཞབས་དྲུང་དུ། །དཀོན་མཆོག་གསུམ་མཆོད་དགེ་ཚོགས་ཀྱིས། །དཀོན་མཆོག་གསུམ་ལ་འདུན་པ་དང་། །དཀོན་མཆོག་གསུམ་པོ་གྲུབ་པ་དང་། །དཀོན་མཆོག་གསུམ་གྱི་དཔལ་འབྱོར་གྱིས། །དཀོན་མཆོག་གསུམ་ལ་སེམས་ཅན་རྣམས། །དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། །དཀོན་མཆོག་གསུམ་དང་མི་འབྲལ་ཤོག ། ཅེས་པའི་རྗེ་རང་ཉིད་ཀྱི་གསུང་རྣམས་བྲིས་ཏེ་འཕན་རིམ་པ་འདི་གཉིས་གཙང་ཁང་ཆེན་མོར་འབུལ་བ་མཛད་དོ། །གཞན་ཡང་སྔར་གྱི་རྟེན་བཞེངས་རྣམས་ཀྱི་རྒྱུའི་ལྷག་ཁྲོ་ཟངས་དང་། འཁར་བའི་སྡེར་མ། ལྕུག་འགག །ལི་འགག །ཟངས་ལྟིར། གཏོར་ཆ། སྣག་བུམ། བཟོ་རས་སོགས་ཐམས་ཅད་ལའང་དཀོན་མཆོག་གི་མཆོད་རྫས་ལུགས་སུ་བླུག་པའི་ཏིང་ཕོར་གཟུགས་མ་རེ་རེར་ཆུ་བན་གཉིས་ལྷག་ཙམ་ཤོང་བ་བདུན་ཚར་གཉིས། མཎྜལ་ཁྲུ་སྐོར་མ་བདུན་ཚར་རྣམས་དང་། ཁྱད་པར་རྗེ་བཙུན་གྱི་དྲུང་དུ་དངུལ་གྱི་དམ་བེ་གཉིས་ཀྱིས་ཐོགས་དྲངས་དངུལ་ཞོ་ལྔ་བརྒྱ་དང་བདུན་ཅུ་དོན་དྲུག་ལ་རྒྱུ་བྱས་པའི་དངུལ་སྐོང་རིན་པོ་ཆེའི་འཕྲ་བཏབ་པ། དགེ་ལེགས་དཔལ་འབར་སྐོང་བུ་འདི། །དགེ་ལ་འདུན་པ་གྲུབ་པའི་དཔལ། །དགེ་འདུན་གྲུབ་ཀྱིས་ཕུལ་བ་ཡིས། །དགེ་འདུན་དོན་རྣམས་འགྲུབ་པར་ཤོག །ཅེས་རྗེ་རང་ཉིད་ཀྱི་


DLL1005_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བྱང་དང་བཅས་པ་རྣམས་ཀྱང་ཕུལ། གཞན་ཡང་། སྤྱིར་མཆོད་པའི་ཡུལ་དཀོན་མཆོག་གསུམ་དང་ཁྱད་པར་དགེ་འདུན་ཡིན་པར་དགོངས་ཤིང་། དེ་ལ་དམིགས་ཏེ་དགེ་འདུན་གྱི་ཐུག་ཚུལ་འདི་སྔ་མོ་ནས་རྒྱུན་མི་འཆད་པ་བཙུགས་ཤིང་། ཁྱད་པར་ཆུ་མོ་སྦྲུལ་ལོའི་དགུན་ཆོས་གཉིས་ལ་གྲྭ་པ་སྟོང་དྲུག་བརྒྱ་ཙམ་རེ་ལ་གསོལ་ཕོགས་བཟང་པོ་གསོལ་ཐུག་སོགས་ཀྱི་ཞབས་ཏོག་བསྒྲུབས་ཏེ་ཆོས་འཁོར་རྒྱ་ཆེན་པོ་བསྐོར། དེ་ཕན་ཆད་དགེ་འདུན་གྱི་ཞབས་ཏོག་ལ་དམིགས་ཏེ། ཐ་ན་རྗེ་རང་ཉིད་ལ་གཞན་གྱིས་གསོལ་བ་ཞུས་པའི་ཐུད་མཐེབ་ཙམ་ནས་བསགས་ཏེ་དགེ་འདུན་གྱི་ཐུག་སྡོར་རྒྱུན་མ་ཆད་པར་མཛད་དོ། །དེ་ནས་ལོ་རེ་བཞིན་སྨོན་ལམ་ཆེན་མོ་རྒྱུན་མ་ཆད་པར་ཡོད་པ་འདི་སྔ་མོ་ནས་ཡིན་ལ། ད་ནི། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ལྷ་སར་གླང་གི་ལོའི་ཟླ་བ་དང་པོ་ལ་བཙུགས་པའི་སྨོན་ལམ་ཆེན་མོ་དང་མཐུན་པར། དཀོན་མཆོག་གི་མཆོད་པ་སྤྱི་དང་ཁྱད་པར་མར་མེ་སོགས་རྒྱ་ཆེ་བའི་སྨོན་ལམ་ཞིག་མཛད་པར་དགོངས་ཏེ། ཕྱོགས་ཐམས་ཅད་དུ་འབུལ་སྡུད་པ་བརྫངས། དེ་ནས་ཕྱོགས་ཐ་དད་ནས་ཡོ་བྱད་ཀྱི་དངོས་པོ་དཔག་ཏུ་མེད་པ་བྱུང་བ་རྣམས་འདིར་སླེབས་ཏེ་ཤིང་ཕོ་རྟ་ལོའི་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ། གནས་རྙིང་རིན་པོ་ཆེས་ཐོག་དྲངས་ཕྱོགས་ཀྱི་བུ་སློབ་ཀྱི་བསྟན་འཛིན་ཆེན་པོ་རྣམས་ཀྱང་སྤྱན་དྲངས་ནས་ཚོགས་པ་སྟོང་དྲུག་བརྒྱ་ཙམ་གྱིས་སྨོན་ལམ་བཙུགས། དེའི་དུས་དཀོན་མཆོག་གི་མཆོད་པ་ལ་འཕན། གདུགས། རྒྱལ་མཚན་ལ་སོགས་པ་ལྷ་ཁང་སོ་སོར་མང་


DLL1005_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། ཡོན་ཆབ་བརྒྱ་ཕྲག་བརྒལ་བ་ཉིན་རེ་བཞིན་གསར་དུ་མངོན་པར་བཤམས་པ་རྣམས་ལ་ཁ་ཆེ་གུར་ཀུམ་སྦངས་པའི་ཁུ་བས་ཁ་ལེགས་པར་བསྒྱུར་བ་མང་པོ་དང་། བདུག་སྤོས་ཀྱི་རྒྱལ་མཚན་དང་གདུགས་དང་། དྲི་བཟང་གི་སྤོས་ཀྱི་ཕྱེ་མ་བྲེས་གཞལ་དགོས་པ་མང་པོ་རྣམས་སྤོས་སྣོད་ཐ་དད་དུ་མངོན་པར་བསྲེགས་པ་དང་། རྒྱ་བོད་ཀྱི་རེང་བུ་དཔག་ཏུ་མེད་པ་བསྲེགས་པའི་དྲི་བཟང་པོའི་ཕྱི་ནང་ཐམས་ཅད་དུ་ཉིན་མཚན་གཉིས་ཀ་ཁྱབ་ཅིང་། དུ་བ་རྣམས་ནི། ཕན་ཚུན་སྣ་མདུད་པའི་ལྡ་ལྡི་བྲེས་པ་ལྟ་བུ་དང་། ཕྱི་ནང་ཐམས་ཅད་དུ་དྲི་བཟང་གི་སྤོས་ཆུས་ཆག་ཆག་ལེགས་པར་བཏབ་པ་དང་། ནས་ཁལ་སུམ་རྒྱ་ཙམ་རེ་ལ་རྒྱུ་བྱས་པའི་ཞལ་ཟས་ལ་མར་གྱི་རྒྱལ་སྲིད་སྣ་བདུན་ལ་སོགས་པའི་རྒྱན་ཡིད་འཕྲོག་པས་བརྒྱན་པ་མང་པོ་དང་། མར་མེ་ལ་མར་ཁལ་སུམ་སྟོང་ཙམ་རེ་ལ་གཞི་བྱས་སྐོང་བུ་རྒྱ་མཚོ་གཙུག་ལག་ཁང་གི་ནང་ན་འདོམ་གྲུ་བཞི་དང་། བསྐལ་བཟང་ལྷ་ཁང་ན་ཕྱོགས་གཉིས་ལ་འདོམ་གསུམ་རེ་དང་ཕྱོགས་གཉིས་འདོམ་གཉིས་ཀྱི་ཚད་དང་ལྡན་པ་གཉིས། གཞན་སྐོང་བུ་ཇི་ལྟར་རིགས་པ་བརྒྱ་ཕྲག་མང་པོ་མར་གྱིས་ལེགས་པར་བཀང་བ་ལ། སྤོས་ཕྱེ་མང་པོ་ལེགས་པར་བཏབ་པའི་སྡོང་བུ་ཇི་ལྟར་འཚམ་པ་ལས་འབར་བའི་མར་མེའི་ཕྲེང་བས་ལྷའི་ལམ་ལ་འཁྲིགས་པའི་རྒྱུ་སྐར་གྱི་ཚོགས་ལ་འཕྱ་བ་གསལ་བར་བྱེད་པའི་སོ་སོའི་འོད་ཟེར་གྱིས་མཚན་གུང་ལ་བབ་པའི་མུན་པའི་ཚོགས་དཔུང་དང་བཅས་པའང་རབ་ཏུ་ཞུམ་ཞིང་ངོ་ཚ་བས་སའི་འོག་ཏུ་སོང་སྟེ་ཀུན་གྱི་མིག་ལམ་དུ་མི་མངོན་


DLL1005_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏོ། །དེའི་ཚེ་མཚན་མོའི་གུང་ལའང་སྟེང་དུ་མངོན་པར་བལྟས་པ་ན་ནམ་མཁའ་མར་མེའི་འོད་ཀྱི་གོས་དང་བཅས་པས་ཁ་དོག་དམར་སྐྱ་ཉིད་དུ་མཐོང་བ་མ་གཏོགས། སྐར་མ་གཅིག་གི་གཟུགས་ཀྱང་མཐོང་བའི་ཡུལ་ལས་འདས་པར་གྱུར་ཏོ། །མདོར་ན་དེའི་ཚེ་སྐོང་བུ་རྒྱ་མཚོར་དཀར་མེ་ཆེན་པོ་སྦར་བ་དབོའི་ཟླ་བ་ནས་བཟུངས་ཏེ། ལྔ་མཆོད་ཆེན་མོའི་བར་དུ་རྒྱུན་མི་འཆད་པར་འབར་བ་ལ་དབྱར་ཆར་ཆེན་པོ་བབས་ཀྱང་། ཆུ་རྣམས་གཏིང་དུ་སོང་ཞིང་མར་ཁར་ཐེག་པས་སྡོང་བུ་ལ་ཚེག་སྒྲ་དང་བཅས་ནས་མར་མེ་འབར་བ་སྐྱེ་བོ་ཐམས་ཅད་ཀྱིས་མངོན་སུམ་དུ་གྲུབ་པས་འདི་ལྟ་བུ་ཡང་བདག་ཅག་རྣམས་ཀྱིས་བསམ་པར་བྱ་དཀའ་བའི་རྣམ་ཐར་ཡིན་ནོ། །གཞན་ཡང་མཆོད་པའི་བྱེ་བྲག་མཐའ་ཡས་པ་དང་། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་བཀོད་པ་ཡིད་འཕྲོག་པ་དཔག་ཏུ་མེད་པ་དང་བཅས་པས་མངོན་པར་མཆོད་དེ། སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས་མདོ་སྡེ་དང་རྒྱུད་སྡེ་ནས་འབྱུང་བའི་ཆོ་ག་རྣམ་པར་དག་པས་མངོན་པར་མཆོད་ཅིང་། བསྟན་པ་དང་སེམས་ཅན་འབའ་ཞིག་ལ་དགོངས་པའི་ཐུགས་ཀྱི་ཤུགས་དྲག་པོས་བསྟན་པ་རྒྱས་པ་དང་། སེམས་ཅན་ལ་ཕན་བདེ་འབྱུང་བའི་སྨོན་ལམ་རྣམ་པར་དག་པ་ཉིན་རེ་བཞིན་མཛད་ལ། དེའི་ཚེ་ལྷ་མཆོད་མི་མཆོད་རྣམས་ཀྱི་སྦྱིན་བདག་གི་མཐིལ་ལེན་ཡང་བླ་བྲང་རྒྱལ་མཚན་མཐོན་པོ་ནས་མཛད་དེ། ཞག་བཅུ་གཉིས་ཙམ་གྱི་རིང་ལ་དགེ་


DLL1005_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་སྟོང་དྲུག་བརྒྱ་ཙམ་རེ་ལ་ཚ་དྲོ། སྔ་ཇ། ཕྱི་ཇ་དང་བཅས་པ་ལེགས་པར་བསྒྲུབས། དེའི་ཚེ་སྐྱེ་བོ་མི་ནག་པའི་ཚོགས་འདུས་པ་ནི། ཤིན་ཏུ་མང་སྟེ་ཁྲི་ཕྲག་ཡོད་པར་མངོན་ལ། ཐུགས་རྗེའི་ཤུགས་ཀྱིས་དེ་ཙམ་དུ་ཚོགས་པའི་སྐྱེ་བོ་ཐམས་ཅད་ཀྱང་ཕན་ཚུན་རྩུབ་མོས་འཐབ་མོ་མངོན་ཚན་ཅན་བྱེད་པ་ནི། གཅིག་ཀྱང་མ་མཐོང་ཞིང་། གཞན་དུ་ན་ཐམས་ཅད་རང་བཞིན་གྱིས་རྒྱུད་འཇམ་པ་དང་། དད་པ་ཆེ་བ་དང་། དགེ་བ་ལ་སྤྲོ་བ་ལ་སོགས་པའི་གཞན་དབང་དུ་གྱུར་པས་ཉིན་མཚན་ཁོར་ཡུག་ཏུ་ཕྱག་དང་། སྐོར་བ་དང་། སྨོན་ལམ་འདེབས་པ་དང་། མ་ཎི་འདྲེན་པ་སོགས་འབའ་ཞིག་གིས་དུས་འདའ་བར་གྱུར་ཏོ། །དེ་ཡང་རྗེ་བཙུན་ཙོང་ཁ་པ་ཆེན་པོས་སྨོན་ལམ་ཆེན་མོ་མཛད་པའི་དུས་སུ་འདི་སྐད་གླེང་སྟེ། སྔོན་རྒྱལ་རབས་ཀ་ཁོལ་མ་ལས་བསྟན་པ་ལ་བྱ་བ་མཛད་པ་དང་། ཇོ་བོ་རིན་པོ་ཆེ་ལ་མཆོད་པ་མཛད་པའི་སྐྱེས་བུ་དམ་པ་མང་པོ་ལུང་བསྟན་པ་རྣམས་ཀྱང་འཕགས་པའི་གང་ཟག་ཤ་སྟག་གི་ནང་ནས། དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པ། །ཞེས་སོགས་འདིས། རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལུང་བསྟན་པ་ཡིན་ཞེས་གླེང་བ་དང་མཐུན་པར་གླེགས་བམ་རིན་པོ་ཆེ་ཡང་། མར་མེ་མཛད་ཀྱང་གནས་མཆོག་འདིར། །སྒྲོལ་མར་བཅས་ཏེ་སྤྲུལ་སྟོང་འགྱེད། །ལྷག་པར་ཆགས་མེད་བསོད་སྙོམས་པས། །ཕྱོགས་བཞིའི་ལས་ཅན་དབང་དུ་སྡུད། །ང་ཡི་མཆོད་ཚོགས་རྒྱས་པར་བྱེད། །སྙན་པའི་དབྱངས་ཀྱིས་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་བཟང་


DLL1005_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྤྲུལ། །ཞེས་པའི་ཆགས་མེད་བསོད་སྙོམས་པ་དེ་རྗེ་བཙུནཙོང་ཁ་པ་ཆེན་པོ་དང་། བཟང་པོར་སྤྲུལ་པ་དེ་བདག་གི་བླ་མ་དགེ་འདུན་གྲུབ་པ་དཔལ་བཟང་པོ་ཡིན་པས་དེ་དུས་ཀྱི་སྨོན་ལམ་ཆེན་མོ་དང་མཐུན་པར། འདིར་ཡང་རྗེ་བླ་མ་ཉིད་ཀྱིས་སྨོན་ལམ་ཆེན་མོ་ཇི་སྐད་བཤད་པ་བཞིན་དུ་མཛད་པར་གདོན་མི་ཟ་བ་ཡིན་ནོ། །དེ་ནས་རྗེའི་ཞལ་ནས། ད་ནི་དཀར་མེའི་ལྷག་ལ་སོགས་པ་འདི་རྣམས་དང་། གཞན་ཡང་ཕྱོགས་སུ་འབུལ་སྡུད་བརྫངས་ཏེ་སང་ཕོད་འདི་བས་ཀྱང་མཆོད་ཚོགས་རྒྱ་ཆེ་བའི་སྨོན་ལམ་ཞིག་བྱ་གསུང་སྟེ། འདི་ནི། དགོངས་པ་ཅན་དུ་གོའོ། །མདོར་ན་རྗེ་བླ་མ་འདི་ཉིད་ཀྱིས་སྐུ་ཚེ་འདི་ལ་འདུལ་བའི་བསླབ་ཁྲིམས་རྣ་པར་དག་པ་གཞིར་བཟུངས། གཞི་གསུམ་གྱི་ཕྱག་ལེན་མ་ཉམས་པའི་ངང་ནས་བཤད་ཉན། རྟེན་བཞེངས། གཙུག་ལག་ཁང་བཞེང་པ། དཀོན་མཆོག་གི་མཆོད་པ། གསུང་རབ་ཀྱི་རྩོམ་པ་མཛད་པ་སོགས་ཐམས་ཅད་ཕྱོགས་གཅིག་ཏུ་རྒྱུན་མི་འཆད་པར་མཛད་པ་ནི། སྔོན་ཆད་གངས་རིའི་ཁྲོད་ཀྱི་ཆེན་པོ་གང་གིའང་རྣམ་པར་ཐར་པས་བསྐྲུན་པར་བཟོད་པ་མ་ཡིན་ནོ། །འོ་ན་གསུང་རབ་ཀྱི་རྩོམ་པ་མཛད་པ་ཇི་ལྟ་བུ་ཡོད་སྙམ་ན། སྤྱིར་རྗེ་འདིའི་བཞེད་པ་ལ་རང་གི་བླ་མ་སྔ་མ་རྣམས་ཀྱི་ཊཱི་ཀའི་གཞན་ཕན་ལ་གནོད་དོགས་པ་དང་། ཡང་སྔར་རང་གིས་འཆད་པའི་ཊཱི་ཀ་འགའ་ཞིག་གི་ཆོས་བདག་གིས་གནོད་དོགས་ནས་རྩོམ་པ་ཆེར་མ་མཛད་ལ། འོན་ཀྱང་གཞན་གྱི་ཕྲི་བསྣན་སྤང་བའི་ཕྱིར་དུ་གྲངས་ཙམ་བརྗོད་ན་འདི་ལྟ་སྟེ། དམ་


DLL1005_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་འདུལ་བ་ལ་གླེང་འབུམ་ཆེན་མོ། མདོ་རྩའི་ཊཱིཀ་ཆེན། སོ་སོ་ཐར་པའི་ཊཱི་ཀ །རྣམ་འགྲེལ་གྱི་ཊཱི་ཀ །སྤྱི་དོན་རིགས་པའི་རྒྱན། རྩ་འཇུག་གཉིས་ལ་ཊཱི་ཀ་རེ་རེ། ཐུབ་པའི་བསྟོད་པ་ལུང་ཀུན་ལས་བཏུས་པ། བདུད་དཔུང་ཕྱེ་འཐག་མ། སངས་རྒྱས་ཀྱི་གསུང་ལ་བསྟོད་པ། རྒྱལ་ཚབ་རྗེའི་བསྟོད་པ་ཀུན་ཏུ་བཟང་པོ། རྣམ་དཔྱོད་ལང་ཚོ་མ། མཁས་གྲུབ་ཐམས་ཅད་མཁྱེན་པའི་བསྟོད་པ། བྱང་རྩེ་བ་ནམ་མཁའ་དཔལ་བ་ལ་བསྟོད་པ། སྤྱན་སྔ་བསོད་ནམས་ལྷུན་གྲུབ་པ་ལ་བསྟོད་པ། སྤྱན་སྔ་རིན་ཆེན་འཕེལ་ལ་བསྟོད་པ། འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལ་བསྟོད་པ། སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང་ལ་བསྟོད་པ། རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྟོད་པ། དེའི་ཕོ་བྲང་ནགས་ཀྱི་བསྟོད་པ། རྗེ་བཙུན་མ་དཀར་མོའི་སྒྲུབ་ཐབས། དེའི་བསྟོད་པ། མི་གཡོ་བ་སྔོན་པོའི་སྒྲུབ་ཐབས། འདུས་པ་ལ་བརྟེན་པའི་རབ་གནས་ཀྱི་ཆོ་ག །ལྷ་མོ་དབྱངས་ཅན་མའི་བསྟོད་པ། འདིའི་བསྟོད་པ་ཆེ་བ་གཅིག་ཡོད་གསུང་སྟེ་མ་རྙེད། རྡོ་རྗེ་ཁྱུང་ཁྲའི་བསྟོད་པ། སའི་སྙིང་པོའི་བསྟོད་པ། མགོན་པོ་གྲི་གུག་གི་བསྟོད་པ། མགོན་པོ་ཞལ་བཞི་པའི་བསྟོད་པ། དམ་ཅན་ཆོས་རྒྱལ་གྱི་བསྟོད་པ། དེའི་ཟློག་པ་རྒྱས་པ། དམ་ཅན་གསང་སྒྲུབ་དམར་པོའི་བསྟོད་པ། ཙཱ་མུན་ཌཱིའི་བསྟོད་པ། དམག་ཟོར་ལྷ་མོའི་བསྟོད་པ། དེའི་གཏོར་ཆོག་མདོར་བསྡུས། ཉམ་མགུར་ཤར་གངས་


DLL1005_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རི་མ། ཀ་སྨད་ལ་གྲས་པའི་ཉམས་མགུར། ལྷ་རྒྱལ་རྩེར་མཛད་པའི་ཉམས་མགུར། དཀོན་བརྩེགས་ནས་འབྱུང་བའི་སྨོན་ལམ། དཀོན་མཆག་གསུམ་ལ་ཡན་ལག་བདུན་པའི་བསྟོད་པ། མགོན་པོ་ལ་མངའ་གསོལ་གྱི་ཚིགས་བཅད། འོད་དཔག་མེད་གཙོ་འཁོར་ལ་བསྟོད་པ་སྨོན་ལམ་དང་བཅས་པ། སྨོན་ལམ་ཆེན་མོའི་དུས་སུ་མཛད་པའི་སྨོན་ལམ་མདོར་བསྡུས། བྱམས་ཆེན་བཞེངས་ཏེ་མཛད་པའི་སྨོན་ལམ་མདོར་བསྡུས། སེང་གེ་གདོང་ཅན་གྱི་ཟློག་པ་བྱ་ཐབས། ཛམ་ལ་སེར་པོ་ལ་ཆུ་འབུལ་བའི་ཆོ་ག །ཏའི་སི་ཏུ་རྣམ་རྒྱལ་གྲགས་པའི་དྲིས་ལན་རྣམས་ཡོད་ལ། གཞན་ཡང་སྔ་མོ་ནས་མཛད་པའི་སྐར་རྩིས་ཀྱི་ཡི་གེ་འགའ་རེ་ཡོད་ཀྱང་འཐོར། དེ་རྣམས་མ་གཏོགས་རྗེ་ཉིད་ཀྱིས་གསུངས་པ་ལ་གཞན་གྱིས་ཟིན་བྲིས་བྱས་པ་འགའ་ཡར་དང་། ཁྱད་པར་རྗེ་ཉིད་ལ་པོ་ཏི་ཉི་ཤུ་ཙམ་ཉན་པའི་སྐྱོར་མགོ་ལོ་མང་པོར་མཛད་ཅིང་། ཕྱིས་བསྟན་འཛིན་ཆེན་པོར་གྱུར་པ་འདར་སྟོན་བྱང་ཆུབ་དཔལ་ཞེས་པ་དེས་ཕར་ཚད། འདུལ་མཛོད། རྩ་འཇུག་སོགས་ལ་ཟིན་བྲིས་འགའ་ཡང་ཡོད་པ་རྣམས་མ་གཏོགས་གཞན་མེད་དོ། །དེ་ལྟར་རྗེ་ཉིད་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་ཆེས་ཆེར་གསལ་བར་མཛད་པའི་སྒོ་ནས་བུ་སློབ་བྱུང་བ་ནི། སྔ་མོ་ནས་སྲས་ཀྱི་གཙོ་བོ་འདུལ་འཛིན་དཀར་ནག་གཉིས་སུ་གྲགས་ཤིང་། དེའི་དང་པོ་ནི། བདག་གི་བླ་མ་སེམས་དཔའ་ཆེན་པོ་བློ་གྲོས་སྦས་པ་ཡིན་ལ། གཉིས་པ་ནི། འདུལ་འཛིན་དཔལ་ལྡན་བཟང་པོ་ཞེས་པ་མདོ་སྔགས་རབ་


DLL1005_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་ལ་མཁས་ཤིང་རྗེ་འགོས་ཀྱི་སྐུ་སྐྱེ་བ་བཞེས་པར་གྲགས་པ་དེ་ཉིད་ཡིན་ཏེ། གཞན་ཡང་སྤྱིར་གྲངས་ལས་འདས་ཤིང་། ཁྱད་པར་དབུས་ཕྱོགས་ན་རི་བོ་དགེ་ལྡན། གསང་ཕུ། འབྲས་སྤུངས། གཙང་ནས་སྣར་ཐང་། ཞྭ་ལུ། གནས་རྙིང་། བོ་དོང་། ངམ་རིང་། ཤེལ་དཀར་སོགས་ཀྱི་ཆོས་སྡེ་ཆེན་པོ་དང་། གཞན་ཡང་ཆོས་སྡེ་ཆེ་ཆུང་མང་པོ་དེ་དུས་ཀྱི་མཁན་པོ་རྣམས་རྗེ་འདི་ཉིད་ཀྱི་བུ་སློབ་ཏུ་མ་གྱུར་པ་མེད་ལ། གཞན་ཡང་དེ་དུས་མངའ་རིས་དང་དབུས་གཙང་ཁམས་གསུམ་གྱི་བཤད་ཉན་བྱེད་པའི་བསྟན་འཛིན་རྣམས་ལ་ཡང་ཕལ་ཆེར་རྗེ་འདི་ཉིད་ཀྱི་སློབ་མར་མ་གྱུར་པ་མེད་པ་དང་། ཡང་སྒོས་རྗེ་འདི་ཉིད་ཀྱི་ལུགས་སྲོལ་འཛིན་ཅིང་། བཀྲ་ཤིས་ལྷུན་པོ་ལ་བརྟེན་ནས་བཤད་ཉན་བྱེད་པའི་བསྟན་འཛིན་ཆེན་པོ་ཡང་མང་དུ་བྱུང་བ་ཡིན་ནོ། །དེ་ལྟ་བས་ན་སྔོན་འཕགས་པའི་ཡུལ་དུ་སྟོན་པ་མྱ་ངན་ལས་འདའ་ཚུལ་བསྟན་ནས་ལོ་མང་པོ་དག་འདས། བཀའ་སྡུད་པ་པོ་རྣམས་ཞི་བའི་དབྱིངས་སུ་གཤེགས་པ་ན། ཐེག་པ་ཆེན་པོ་བཀའ་མ་ཡིན་ནོ་ཞེས་སྐུར་པ་འདེབས་པ་དག་གིས་ཁྱབ་པར་གྱུར་ཏེ། རེ་ཞིག་ལ་འཕགས་པའི་ཡུལ་དུ་ཐེག་ཆེན་ནུབ་པ་ལྟ་བུར་གྱུར་པའི་ཚེ་འཕགས་པ་ཀླུ་སྒྲུབ་བྱོན་ཏེ་རྒྱལ་བས་ལུང་བསྟན་པ་ལྟར་ཐེག་ཆེན་མཐའ་དག་གཞི་ནས་བསོས་ཤིང་། ལོག་པར་སྨྲ་བ་ཐམས་ཅད་ཚར་བཅད་དེ། ཐེག་ཆེན་གྱི་བསྟན་པ་ཆེས་ཆེར་གསལ་བར་མཛད་པས་འཕགས་ཡུལ་དུ་མགོན་པོ་ཀླུ་སྒྲུབ་རྒྱལ་བ་ཉིད་ལས་ཀྱང་བཀའ་དྲིན་ཆེ་བར་གྲགས་ཤིང་གྲུབ་ལ། དེ་ཇི་ལྟ་བ་བཞིན་དུ་ཕྱི་དུས་ཀྱི་ཐ་མ་ལ།


DLL1005_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་ཚུལ་ཁྲིམས་གཞིར་བྱས་ནས་བསླབ་པ་གསུམ་གྱི་གོ་རིམ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་པར་གསུངས་པ་དེ་ཉིད་འབད་ལས་འགོག་ཅིང་། སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཚ་གྲང་ལྟར་འགལ་བར་བསམས་ནས་དམ་པའི་ཆོས་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་སྙིང་ཐག་པ་ནས་སུན་འབྱིན་པར་བྱེད་ཅིང་། ཁྱད་པར་དུ་ཡང་སྡེ་སྣོད་འཛིན་པ་དྲག་པར་སྒོམ་ཕྱིན་ཆད། ཆང་རྒོངས་ལྟོ་སོགས་འཇོལ་ཉོག་ཏུ་སྤྱོད་པ་ལ་ངོ་ཚ་བའི་གནས་སུ་མི་བྱེད་པ་དང་། གྲྭ་ས་ཆེན་པོ་དག་གི་རབ་བྱུང་ཕལ་ཆེ་བས་ཀྱང་གདིང་བ་ལྷུང་བཟེད་སོགས་དགེ་སྦྱོང་གི་ཡོ་བྱད་ངོ་ཤེས་པའང་དཀའ་བར་གྱུར་ཅིང་། བླ་གོས་མཐང་གོས་སྣམ་ཕྲན་གླེགས་བུར་སྦྱར་བ་ལ་སོགས་པ་ནི། རྣ་བས་ཀྱང་མ་ཐོས་པར་གྱུར་པ་སོགས་ཀྱི་སྒོ་ནས་ཁ་བ་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་གཟུགས་བརྙན་ཙམ་ཞིག་ལྷག་མར་གྱུར་པའི་ཚེ། རྗེ་བཙུན་ཙོང་ཁ་པ་ཆེན་པོ་བྱང་ཕྱོགས་ཀྱི་རྒྱུད་འདིར་བསྟན་པ་རིན་པོ་ཆེ་གསོ་བའི་སླད་དུ་ཉེ་བར་བྱོན་ནས། རྒྱལ་བའི་བསྟན་པ་མཐའ་དག་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་གཞི་བསླངས་ཏེ་གསལ་བར་མཛད་པ་ཡིན་ལ། དེ་ནས་རིང་པོ་མ་ལོན་པ་ཅིག་ན་བདག་གི་རྗེ་བླ་མ་དམ་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེ་གྲུབ་པ་འདི་ཉིད་བྱོན་ཏེ། དིང་སང་ཁ་ཆེ་དང་རྒྱ་ནག་གི་བར་ཐམས་ཅད་དུ་དགེ་སྦྱོང་གི་རྟགས་དང་ཆ་ལུགས་རྣམ་པར་དག་པ་དེ་ལྟ་བུ་དང་། ཆང་རྒོངས་སྤོང་བ་དང་། སྦྱིན་ལེན། རུང་ཆུ། ནུབ་ལྷག་ཉལ་སྲུང་ལ་སོགས་པ་བསླབ་པའི་གཞི་


DLL1005_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་ཙམ་ལའང་ནན་ཏན་བྱེད་པའི་དགེ་སྦྱོང་གི་ཚུལ་དང་མཐུན་པས་ཁྱབ་པར་གྱུར་པ་འདི་འདྲ་བ་ནི། བདག་ཅག་གི་བླ་མ་རྗེ་ཐམས་ཅད་མཁྱེན་པ་འབའ་ཞིག་གི་བཀའ་དྲིན་མ་ཡིན་ན་གཞན་གང་ཞིག་ལ་བརྟེན་ནས་བྱུང་བར་གྱུར་པ་སོམས་ཤིག ། གཞན་ཡང་རྒྱུད་སྡེ་དང་མཐུན་པའི་རྡོ་རྗེ་འཛིན་པ་སོ་སོ་ཐར་པ་དང་མཐུན་པའི་འདུལ་བའི་ཀུན་སྤྱོད་རྣམ་པར་དག་ཅིང་། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་མཐའ་དག་ལ་ཐེག་ཆེན་གྱི་སྡེ་སྣོད་དང་མཐུན་པར་གཅེས་སྤྲས་སུ་བྱེད་པ། སྡོམ་པ་གསུམ་གྱི་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པས་ཐུགས་རྒྱུད་རྙོག་པ་མེད་པར་གཏམས་པའི་སྡེ་སྣོད་འཛིན་པ་སྟོང་ཕྲག་མང་པོ་ཞིག་ནུབ་ཛ་ལནྡྷ་ར་ནས་བཟུངས་ཏེ། ཤར་རྒྱ་མཚོ་ཆེན་པོ་ལ་ཐུག་པའི་རྒྱ་ནག་པོའི་རྒྱལ་ཁམས་ཡན་ཆད་དུ་ཅི་རིགས་པར་ཁྱབ་པར་གྱུར་པ་འདི་ལྟ་བུ་ནི། བདག་གི་རྗེ་བླ་མ་འདི་ཉིད་འབའ་ཞིག་གི་རྨད་དུ་བྱུང་བའི་ཕྲིན་ལས་དཔག་པར་དཀའ་བ་ཡིན་ནོ། །དེ་ཡང་རྗེ་བླ་མའི་གསུང་ནས། བྱང་ཆུབ་སྒྲུབ་པའི་ཚེ་རབས་ཀུན་ཏུ་ཡང་། །དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །རླབས་ཆེན་སྤྱོད་པ་ཇི་སྙེད་མཆིས་པ་ཀུན། །གཅིག་ཏུ་བསྡུས་ནས་ཚུལ་བཞིན་འདོམས་པར་ཤོག །ཅེས་གསུང་དོན་དང་ལྡན་པའི་བླ་མ་ནི། དམ་ཆོས་འཛིན་པའི་སྨོན་ལམ་གྲུབ་པ་ཡིས། །རླབས་ཆེན་སྤྱོད་པས་རྒྱལ་བའི་བསྟན་པ་དང་། །མ་ལུས་འགྲོ་བའི་དོན་ལ་བརྩོན་པར་མཛད། །མཁས་མང་བསྟན་འཛིན་དགེ་འདུན་ཀུན་གྱི་གཙོ། །གྲུབ་པ་མཆོག་བརྙེས་སྦས་པའི་བརྟུལ་ཞུགས་མཛད། །དཔལ་ལྡན་ཕྲིན་ལས་བཟང་


DLL1005_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གདུལ་བྱའི་དཔལ། །བཀའ་དྲིན་ཟླ་མེད་བདག་གི་བླ་མའོ། །ཞེས་བྱ་བ་ནི། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ལས། གཙོ་བོར་དཀོན་མཆོག་གསུམ་གྱི་མཆོད་པ་ལས་བརྩམས་པའི་རིམ་པར་ཕྱེ་བ་སྟེ་ལྔ་པའོ།། །།དེ་ལྟར་བསྟན་པ་དང་གདུལ་བྱའི་དོན་རྨད་དུ་བྱུང་བ་རྒྱ་ཆེར་མཛད་པས་གང་རིའི་ཁྲོད་ཀྱི་སྐལ་བ་དང་ལྡན་པའི་སྐུ་དངོས་ཀྱི་གདུལ་བྱ་དག་གི་དོན་ནི། ཕལ་ཆེར་མཛད་པ་མཐར་ཕྱིན་པ་ལ་ཉེ་བར་གྱུར་པ་ཤིང་ཕོ་རྟའི་དཔྱིད་ཆོས་ཀྱི་ཚེ་འཇམ་དབྱངས་སྨོན་ལམ་དཔལ་མཇལ་བ་ལ་ཕེབས། གླེགས་བམ་རིན་པོ་ཆེའི་ལུང་ཞུས། སྔ་ཕྱིའི་གསུང་གླེང་མང་པོ་མཛད། རི་བོ་དགེ་ལྡན་གྱི་མཁན་པོ་ལ་ལུང་བསྟན་ཏེ་ཕྱིར་བྱོན། ལོ་དེའི་སྟོན་ཉང་སྟོད་ཀྱི་ཆུ་ཚན་ལ་བྱོན་ནས་སྐུ་ལུས་ཤིན་ཏུ་འཕྲོད་པར་གྱུར་རོ་ཞེས་གསོལ་བ་འདེབས་པ་དག་གིས་རྐྱེན་བྱས་ཤིང་། དོན་གྱི་གཙོ་བོ་ནི། ཀུན་ཏུ་རྒྱུ་རབ་བཟང་དང་དྲི་ཟའི་རྒྱལ་པོ་བཞིན་དུ་སྐུ་དེ་ཉིད་ཀྱིས་དངོས་སུ་གདུལ་བའི་སྐྱེ་བོ་མང་པོ་ཞིག་གི་དོན་བྱ་བར་ཡང་དགོངས་ཤིང་། སྔོན་ནས་རང་ཉིད་ཀྱིས་སྨིན་པར་མཛད་པའི་སྐྱེ་བོ་མཐའ་ཡས་པ་དག་ལ་ལེགས་པར་བཤད་པའི་གསུང་གི་ཐ་མ་བསྩལ་བར་བཞེད་ནས། བཀྲ་ཤིས་ལྷུན་པོ་ནས་ཕྱགས་བཏེག་སྟེ་ཚབ་ཚན་ཁར་བྱོན། འོན་ཀྱང་ཆབ་ཚན་ལ་ནི། ཅུང་ཟད་འཇུག་པ་ལས་མ་མཛད། གཙོ་བོར་ཉང་སྟོད་ཕུ་མདའི་སྐྱེ་བོའི་ཚོགས་མཐའ་ཡས་པ་དག་དང་། ཁྱད་པར་རང་དང་འབྲེལ་བ་ཡོད་པའི་ཆོས་


DLL1005_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་ཆེ་ཆུང་ན་བཞུགས་པའི་དགེ་འདུན་རྣམས་ལ་ཆོས་དང་བྱིན་རླབས་ཀྱི་སྐྱེས་གནང་ཞིང་། བསྙེན་བཀུར་བ་དང་འབུལ་བ་རྨད་དུ་བྱུང་བ་དག་བདག་གིར་མཛད་པ་དང་། ཐ་ན་ཞལ་མཐོང་ཞིང་གསུང་ཐོས་པ་ཙམ་གྱི་སྒོ་ནས་ཀྱང་དོན་དང་ལྡན་པར་མཛད་དེ་སླར་ཡང་འདིར་ཕེབས། དེ་ནས་སྣར་ཐང་འདི་རང་རེའི་རྩ་བའི་གྲྭ་ས་དང་འབྲེལ་ཆེ་བས་དེ་ཕྱོགས་ལ་འདོ་ལི་ལ་གདན་དྲངས་པའི་འདོ་ལིའི་སྣ་ལ་འཇའ་ཚོན་ཟུག་པ་དང་། སྣར་ཐང་དུ་ཕེབས་པའི་ཚེ་ཡང་གར་བཞུགས་སུ་ནམ་མཁའི་དབྱིངས་ནས་འཇའ་ཚོན་ཀ་བ་བཙུགས་པ་ལྟར་ཟུག་པ་སོགས་ཀྱི་ལྟས་མངོན་སུམ་དུ་བབ་པར་གྱུར་ལ། དེ་དུས་སྣར་ཐང་དུ་བཞུགས་ས་ཡང་གཟིམས་ཁང་དུ་མཛད། འབྱོན་ཁར་དགེ་བཤེས་ཕྲིན་ལས་དཔལ་འབར་ཞེས་པ་རྗེ་རང་གི་སྔ་མོའི་དུས་ཀྱི་གྲྭ་པ་ཅིག་ཡོད་པ་དེས་བྲང་ཁང་དུ་གདན་དྲངས་པས་རྗེའི་ཞལ་ནས། ངའི་གྲྭ་པའི་སྔ་ཤོས་ཡིན་པ་དང་། སྣར་ཐང་དུ་འོང་བའི་ཐ་མའང་ཡིན་སྲིད་པས་འགྲོ་དགོས་གསུངས་ཏེ་བྱོན། དེ་ནས་དར་རྒྱས་སུ་བྱོན། དེ་ནས་ཁང་གསར་དུ་བྱོན་ཏེ། དེ་དུས་ཁང་གསར་པ་ལ་ལུང་བསྟན་ཡང་མཛད། དེ་ནས་སླར་ཡང་བཀྲ་ཤིས་ལྷུན་པོར་ཕེབས། བླ་བྲང་དུ་ཕེབས་པ་ན། ད་ནི། རང་རེའི་དགོན་པ་རང་དབང་ཐོབ་པ་འདིར་སླེབས་བྱུང་བས་བློ་བདེའོ་གསུང་། དེ་ནས་སྔར་ཉང་སྟོད་ཆུ་ཚན་གྱི་དུས་ནས་ཞལ་སྐྱུགས་ཅུང་ཟད་འོང་བའི་སྐུ་ཁམས་མ་བདེ་བ་ཙམ་ཡོད་ལ། འདི་ནས་བསྙུང་ཟུག་ཆེན་པོ་མེད་པར་ཅུང་ཟད་ཐུགས་ཉོག་པ་གསལ་བ་ཙམ་གྱི་བར་ལ་སྐུ་རིམ་ཡང་རིམ་པ་བཞིན་དུ་བསྒྲུབས། རྗེ་རང་གིས་གཙོ་བོར་ནང་གི་ཏིང་ངེ་འཛིན་ལ་


DLL1005_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་གཞོལ་བའི་ཐུགས་དམ་ལ་བཞུགས་པར་གྱུར་ཏེ། དེའི་སྐབས་ཤིག་ཏུ་ས་ཆེན་པོ་གློ་བུར་དུ་གཡོ་བ་དང་། རྗེ་བཙུན་མ་དཀར་མོའི་གསེར་སྐུ་ལ་སྤྱན་ཆབ་འཛག་པ་སོགས་ཀྱང་བྱུང་ཞིང་། རྗེའི་ཞལ་ནས། ད་ནངས་ཐོ་རངས་སྔར་གྱི་བུད་མེད་ངུས་པའི་སྐད་དེ་ཡང་གྲགས་པས་ང་རང་ཇི་ལྟར་ཡིན་ནམ་གསུང་། དེ་ནས་དགུན་ཟླ་ར་བའི་གནམ་སྟོང་གི་ཉིན་འབྲོང་རྩེ་ཆོས་རྗེ་ཆས་བློ་བ་སོགས་གསུམ་གྱི་བསྙེན་རྫོགས་ཀྱི་མཁན་པོ་མཛད། དེའི་ཉིན་མེ་ཏོག་གི་ཆར་འབབ་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་། དེ་ནས་དགུན་འབྲིང་པོ་རྒྱལ་གྱི་ཟླ་བའི་ཚེས་བཞིའི་ཉིན་མོ་བུ་སློབ་འགའ་ཞིག་གིས་བརྟན་བཞུགས་ཀྱང་ཕུལ། དེ་ནས་ཚེས་བདུན་ལ་སེམས་དཔའ་ཆེན་པོས་ཐོག་དྲངས་སློབ་དཔོན་གཞིར་བཞུགས་རྣམས་ལ་བྱོན་གསུངས་ཏེ་སྐུ་དྲུང་དུ་བྱོན་པ་ལ་རྗེའི་ཞལ་ནས། རང་རེ་རྣམ་པའི་དགོངས་རྒྱུ་ལ། གང་གང་ཅིའི་རྒྱུ་མཚན་རྣམས་རིམ་ཅན་དུ་ཞུས་པ་ལ་ཚང་ཞིང་། སྐབས་དོན་གྱི་གཙོ་བོ་ཁྱེད་རྣམས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད། ཁྱད་པར་བཀྲ་ཤིས་ལྷུན་པོའི་བསྟན་པ་ལ་བསམས་ནས་ཇི་སྲིད་འཚོའི་བར་དུ་འདིར་བཞུགས་ནས། བཤད་སྒྲུབ་ཚུལ་བཞིན་དུ་མཛད་ན་ངེད་ཀྱི་བསམ་པ་ཡང་དེ་ཀས་རྫོགས་པ་ཡིན། གསུང་བ་ལ་སོ་སོ་ནས་ཞུ་བར་མ་སྤོབས། རེ་ཞིག་ནས་སེམས་དཔའ་ཆེན་པོས། ཁོང་རྣམས་བཀའ་བཞིན་དུ་བགྱིད་ཞུ་བར་འདུག་ཞུས་པས་རྗེའི་ཞལ་ནས། འོ་ན་ཁོ་བོ་ནི། འགྱོད་པ་མེད་པར་ཚེའི་དུས་བྱའོ་གསུངས་ནས་


DLL1005_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཕུར་ནས་བཞུགས། དེ་ནས་ཁོང་རྣམས་སྐུ་རིམ་སྒྲུབ་པའི་སྟ་གོན་ལ་བྱོན། སེམས་དཔའ་ཆེན་པོས་ཅུང་ཟད་བཞུགས་ནས། ཐུགས་དམ་གྱི་གསལ་འདེབས་དགོས་པར་གདའ་ལགས་སམ་ཞུས་པས། མི་དགོས། ཕྱིར་སོང་གསུང་ཞལ་ཏ་གཞན་ཅིག་ཡོད་དེ་ད་ལན་ལ་མི་དགོས་པ་འདུག་གསུང་། དེ་དག་གི་ཚེ་ཡི་དམ་གྱི་ལྷ་མང་པོའི་གཟིགས་སྣང་ཁྱད་པར་ཅན་མང་དུ་ཡོད་པའི་རྣམ་པ་དུ་མ་མངོན་མོད་ཀྱི། སྐུ་དྲུང་ན་འཁོད་པ་དག་གིས་ཇི་ལྟར་མཆིས་པ་ཞུ་བ་རྔོ་མ་ཐོགས་སོ། །དེ་ནས་མཚན་མོའི་རིང་ལ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཏེ། ཕྱི་རོལ་ནས་མངོན་པ་ལ་རྡོ་རྗེ་བཟླས་པ་ལ་སོགས་པ་མཛད་པར་མངོན་ནོ་ཞེས་ཟེར་ཏེ། མདོར་ན་དེའི་ཚེ་འཆི་བ་འོད་གསལ་ཆོས་སྐུ་དང་སྲེ་བའི་མན་ངག་ཐུགས་ཉམས་སུ་བཞེས་པར་ངེས་སོ། །དེ་ནས་ཚེས་བརྒྱད་ཀྱི་ཐོ་རངས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་། ཕྱག་གཉིས་མཉམ་བཞག་མཛད་དེ། སྟོང་པ་གསུམ་རིམ་གྱིས་ཐིམས་ནས་ཐམས་ཅད་སྟོང་པ་འོད་གསལ་དོན་དམ་པའི་བདེན་པ་མངོན་དུ་མཛད་དེ། དེ་ཡང་སྔར་མཉེལ་བ་སོགས་ཀྱིས་སྐུ་མདངས་ཅུང་ཞིག་ཆུང་བར་ཡོད་ནའང་། དེའི་ཚེ་གློ་བུར་དུ་སྐུ་ལུས་ཟླ་བ་རྒྱས་པ་ལྟར་གྱུར་ཏེ། སྔར་གྱི་སྐུའི་གཉེར་མ་རྣམས་ཀྱང་མེད་པར་བལྟ་བར་མི་བཟོད་པའི་འོད་ཀྱི་ཕུང་པོ་དང་ལྡན་ཞིང་། དེ་ཡང་ཁ་ཅིག་ནི། སྐུའི་འོད་དམར་སེར། ཁ་ཅིག་ནི། དཀར་སེར། ཁ་ཅིག་ན། གསེར་བཙོ་མ་ལྟ་བུར་སྣང་ངོ་། །ཞེས་ཟེར་རོ། །དེ་བས་ན་རྗེ་འདི་ནི། དེའི་ཚེ་འོད་གསལ་དོན་དམ་པའི་བདེན་པ་མངོན་སུམ་དུ་མཛད་དེ། འཆི་བ་ཆོས་སྐུར་བསྒྱུར་བའི་སྒོ་ནས་


DLL1005_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་སྒྱུ་མའི་སྐུར་བཞེངས་ཏེ། དེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་དུ་མཛད་པ་ཡིན་པར་གདོན་མི་ཟ་བ་ཡིན་ནོ། །འོ་ན་ཕྱི་མ་རྒྱ་ནག་ཏུ་སྐུ་སྐྱེ་བ་བཞེས་པར་གསུངས་པ་སོགས་ཇི་ལྟར་ཡིན་ཞེ་ན། རྗེ་རང་གི་གསུང་ནས། སྤྲུལ་པས་སྐྱེ་བ་འཛིན་པ་ཡིན་པས་མི་འགལ། གསུང་པ་ལྟར་ཡིན་ནོ། །དུས་དེ་དག་གི་ཚེ་ནམ་མཁའ་ནི། ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་མཛད་པའི་ཚུལ་ནི། འདི་འདྲའོ་ཞེས་འཇིག་རྟེན་ཐམས་ཅད་ལ་གོ་བར་བྱེད་པ་བཞིན་དུ་ཤིན་ཏུ་གཡའ་དག་པར་གྱུར་ཏེ། ཐ་མལ་གྱི་སྤྲིན་དང་རྡུལ་ལ་སོགས་པ་ཐམས་ཅད་དང་བྲལ་ཞིང་ས་གཞི་རླུང་གི་རྒྱུ་བ་ཐམས་ཅད་དང་བྲལ་ནས་བསེར་བུ་ཕྲ་མོའི་འགྲོ་འོང་ཡང་རྒྱུན་ཆད་པ་ཞག་བཞི་བཅུ་ཞེ་ལྔ་ཙམ་གྱི་བར་དུ་བྱུང་ལ། གཞན་ཡང་ལྷ་རྣམས་ཀྱི་མཆོད་པ་མེ་ཏོག་སྣ་ཚོགས་པ་རྣམས་ནི། ཕལ་ཆེ་བ་ཀུནྡ་ལྟར་དཀར་ཞིང་མུ་ཏིག་ལྟར་འོད་གསལ་བ། ཟླ་བ་ལྟར་འཚེར་བ་ལག་མཐིལ་ཙམ་དང་ཤིང་རྟའི་འཕང་ལོ་ཙམ་དཔག་ཏུ་མེད་པ་དང་། ཁ་དོག་ཀྱང་འགའ་ཞིག་ནི། སྔོན་པོ། འགའ་ཞིག་ནི། སེར་པོ། འགའ་ཞིག་ནི། དམར་པོ་སོགས་ཆར་ལྟར་བབས་པར་གྱུར་ཏོ། །གཞན་ཡང་སྐུའི་ཐད་དྲང་དུ་འཇའ་ཚོན་ཁ་དོག་སྣ་ལྔ་པ་ཤིན་ཏུ་དྭངས་ཤིང་འོད་འཚེར་བ་རྣམ་པར་བཀྲ་བ་ཞིག་ཡུན་རིང་པོའི་བར་དུ་གནས་པར་གྱུར་ལ། ཕལ་ཆེ་བར་ན་མཁའི་ལམ་ཐམས་ཅད་འཇའ་ཚོན་དཀར་པོ་བླ་བྲེ་ལྟར་བྲེས་པ་དང་། བ་དན་ལྟར་འཕྱང་བ་དང་། དགོན་པའི་གཡས་གཡོན་ཐམས་ཅད་འཇའ་ཚོན་སྣ་ཚོགས་པས་


DLL1005_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ལྡ་ལྡི་ལྟར་ཁྲིག་གིས་གང་བ་ལ་སོགས་པ་ཞག་མང་པོའི་བར་དུ་བྱུང་ཞིང་། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་མངོན་པར་བསྒྲགས་པའི་འཁར་རྔ་སོགས་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་མཚན་གུང་ལ་གྲག་པ་དང་། ཉིན་མོ་ཡང་གཎྜཱི་བརྡུངས་པའི་སྒྲ་ཆེན་པོ་གྲག་སྟེ་ཐམས་ཅད་ཐེ་ཚོམ་དུ་གྱུར་ནས་བརྟགས་ཀྱང་མི་ཞིག་གིས་བརྡུངས་པ་མ་ཡིན་པར་ངེས་པ་ཙམ་དུ་ཟད་ཀྱི། གཞན་དུ་གཞན་ཇི་ལྟ་བུ་ཞིག་གིས་གནས་གང་དུ་བརྡུངས་པ་སོགས་གང་དུའང་བརྟག་པར་མི་ནུས་པར་ཡུན་རིང་དུ་སྒྲ་ཤིན་ཏུ་དྲག་པར་ཡང་སྣང་ངོ་། །མདོར་ན་བཅོམ་ལྡན་འདས་རྩྭ་མཆོག་ཏུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ། ལྷ་རྣམས་ཀྱིས་མངོན་པར་མཆོད་པ་ཇི་ལྟ་བ་བཞིན་དུ་འདིར་ཡང་གྱུར་ཏོ། །སྨྲས་པ། ཕྲིན་ལས་འོད་དཀར་སྟོང་གི་དྲ་བ་ཅན། །ཐུབ་བསྟན་ཀུ་མུད་རྒྱས་པའི་ཟླ་བ་དེ། །གློ་བུར་ཉིད་དུ་ཞི་བའི་དབྱིངས་སུ་ནུབ། །ས་གསུམ་འགྲོ་འདི་ཅིག་ཅར་མུན་པས་ཁྱབ། །རྒྱུད་སྡེ་བཞི་ཡི་ཡན་ལག་རབ་རྫོགས་ཤིང་། །འགྲོ་ཀུན་སྟེང་དུ་འདེགས་པའི་སྟོབས་ཆེན་ལྡན། །རྡོ་རྗེ་ཐེག་པའི་མཆེ་བས་མཛེས་པ་ཅན། །བཤེས་གཉེན་གླང་པོའི་མཆོག་དེ་དེ་རིང་ནོངས། །བཀའ་གདམས་བསྟན་པའི་གངས་རི་ལ་གནས་ཤིང་། །གཞུང་ལུགས་མན་ངག་རལ་པའི་ཁུར་གྱིས་བརྗིད། །ཆོས་བརྒྱད་རྒོལ་ངན་ཝ་ཚོགས་སྐྲག་མཛད་པའི། །བཤེས་གཉེན་རི་དྭགས་དབང་པོ་དེང་འདིར་ནོངས། །ཡོན་ཏན་ཆ་ཤས་ནམ་ཡང་མི་འགྲིབ་ཅིང་། །ཤེས་རབ་མེ་ལྕེས་


DLL1005_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་གཉིས་ཚང་ཚིང་གི །བུད་ཤིང་མཐའ་དག་སྲེག་པར་ནུས་པའི་ཕྱིར། །སྔོན་མེད་རྒྱུ་སྐར་བདག་པོའང་དེང་འདིར་ནོངས། །ཆོས་ཀྱི་འོད་ཟེར་སྲིད་གསུམ་ཀུན་ཏུ་འཕྲོ། །རྣམ་རྟོག་རླུང་གིས་སྐྱོད་པར་མི་ནུས་ཤིང་། །བདུད་ཕྱོགས་གཟའ་ཡིས་ནམ་ཡང་མི་སྒྲིབ་ཕྱིར། །སྔོན་མེད་ནམ་མཁའི་ནོར་བུའང་དབྱིངས་སུ་འཛེགས། །དགེ་འདུན་དགེ་འདུན་འདུས་པ་ཀུན་གྱི་གཙོ། །གྲུབ་པ་གྲུབ་པའི་དབང་ཕྱུག་ཀུན་དང་མཚུངས། །དཔལ་ལྡན་དཔལ་གྱི་འབྱུང་གནས་མཁྱེན་བརྩེའི་གཏེར། །བཟང་པོ་བཟང་པོར་གྲགས་པའི་བླ་མ་གཤེགས། །རིང་ནས་ཁྱོད་ལ་བརྟེན་པའི་བདག་ཅག་རྣམས། །ཡིད་ལ་མྱ་ངན་མ་ཡི་སྦྱིན་སྲེག་དང་། །བཞིན་ལ་མཆི་མའི་རྒྱུན་གྱི་དག་བྱེད་དག །སྡུག་བསྔལ་བསམ་གཏན་དྲག་པོས་རྩེ་གཅིག་བསྒྲུབས། །མགོན་འདིས་ཆོས་སྐུ་མངོན་དུ་མཛད་པ་ན། །བདག་ཅག་བཏང་སྙོམས་འདུག་པ་མི་རིགས་ཞེས། །ལྷ་ཡི་མེ་ཏོག་མང་པོ་ལྷ་རྣམས་ཀྱིས། །མཁའ་ལ་གཏོར་བའི་རྣམ་འཕྲུལ་ཅི་ཡང་བྱས། །འོན་ཀྱང་རྗེ་བཙུན་བླ་མས་སྐུ་གསུམ་གྱི། །གོ་འཕང་འདི་ལྟར་མངོན་དུ་མཛད་དོ་ཞེས། །བདག་ཅག་ཡིད་ལ་གདུང་བ་ཅི་ལྟར་རིགས། །སླར་ཡང་ཚུལ་དེར་དང་བ་ལྷུར་བྱོས་ཤིག ། དེ་ནས་རྒྱ་ཡུལ་ནས་དཔོན་པོ་ཆེན་པོ་གཉིས་རྗེ་བླ་མ་འདི་ཉིད་ཀྱི་ཞལ་མཐོང་གསུང་ཐོས་ཙམ་ཨེ་སྲིད་སྙམ་སྟེ་འོངས་པས་མ་བྱུང་བར་རིན་པོ་ཆེ་དང་གོས་དར་སོགས་ཕུལ་བ་ལ་གཞི་བྱས་ཏེ། དེའི་ཉིན་ནས་བརྩམས་ཏེ་གཟིམས་མལ་ཐང་ཁ་


DLL1005_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་གོས་ཐང་ཆེན་མོའི་སྐྱ་རིས་བཏབ་སྟེ་དེ་ནུབ་ནས་དཀར་མེ་འཛིན་པ་སོགས་བྱུང་ཞིང་། དེ་ནས་སྐུ་གདུང་གི་དྲུང་དུ་གསོལ་བ་འདེབས་པ་དང་མཆོད་པ་ཤོམ་པ་སོགས་ལ་དགེ་སློང་བཞི་སྡེ་རེ་བཞུགས་སོ། །དེ་ནས་རྟ་ལོ་སྨོན་ལམ་ཆེན་མོ་གྲུབ་དུས་ཀྱི་ཞལ་ཏ་དང་། ཉེ་དུས་མྱ་ངན་ལས་འདའ་ཁའི་ཞལ་ཏ་རྣམས་དང་མཐུན་པར་ལུག་ལོའི་སྨོན་ལམ་ཆེན་མོ་དང་གསོལ་འདེབས་ཕྱོགས་གཅིག་ཏུ་བསྒྲུབ་པའི་ཕྱིར་དུ་དཀར་མེ་སོགས་སྔར་གྱི་ཡོ་བྱད་རྣམས་དང་། དེའི་ཚེ་ཕྱོགས་ཀྱི་བུ་སློབ་སྦྱིན་བདག་དད་པ་ཅན་རྣམས་ཀྱི་དད་འབུལ་རྣམས་ལ་བརྟེན་ནས་ཟླ་བ་དེའི་ཚེས་བཅུ་བདུན་ནས་བཟུངས་ཏེ། ཉི་མ་བཅུ་ཙམ་གྱི་བར་ལ་དགེ་འདུན་ཉིས་སྟོང་ལྷག་ཙམ་ལ་ཞབས་ཏོག་ཕུན་སུམ་ཚོགས་པར་བསྒྲུབས་ནས་གཙོ་བོར་རྗེ་བླ་མ་འདི་ཉིད་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཐུགས་ཀྱི་དགོངས་པ་རྫོགས་པ་དང་། བདག་ཅག་ཐམས་ཅད་ལ་ནམ་དུ་ཡང་བླ་མ་མཆོག་ཡེ་ཤེས་ཀྱི་གཟིགས་པ་འབྲལ་བ་མེད་པར་གྱུར་ཅིག་ཅེས་ཡིད་ལ་བརྣག་པ་ལྷུར་བྱེད་པའི་སྨོན་ལམ་འདེབས་པ་དང་། དེའི་ཚེ་དཀོན་མཆོག་སྤྱི་ལ་ཡང་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་ཕྱི་ནང་གི་ས་སྐོང་རྣམས་སུ་རྟ་ལོ་སྨོན་ལམ་ལས་ཀྱང་ཆེར་ལྷག་པའི་མར་མེ་དང་། དགོན་པའི་གླིང་གསེབ་ཀྱི་བྲང་ཁང་སོ་སོའི་སྟེང་རྣམས་སུ་མར་མེའི་ཕྲེང་བ་ཚར་དུ་དངར་བ་ཐམས་ཅད་ཀྱང་། མཚན་རངས་ལ་མེ་ལྕེའི་རྩེ་མོ་ཅུང་ཟད་རླུང་གིས་གཡོ་བ་ཙམ་ཡང་མེད་པའི་ཉིན་མཚན་གྱི་ཁྱད་པར་མེད་པར་སྣང་བ་འབའ་ཞིག་གིས་ཁྱབ་པ་ལྟ་བུར་གྱུར་ཏོ། །དེའི་


DLL1005_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ནམ་མཁའ་ལ་ཡང་འཇའ་ཚོན་གྱིས་ཁྱབ་ཅིང་མེ་ཏོག་གི་ཆར་ཡང་བར་སྣང་གང་བར་བབས་ལ། ཕྱིས་ཀྱང་བརྒྱད་མཆོད་ཀྱི་ཚེ་དེ་ལྟ་བུ་རྒྱུན་མི་འཆད་པར་སྣང་ངོ་། །གཞན་ཡང་སྣར་ཐང་རི་བོ་དགེ་ལྡན་སོགས་དབུས་གཙང་གི་དགེ་འདུན་གྱི་སྡེ་ཆེན་པོ་དུ་མར་ཡང་། མང་ཇ་དང་འབུལ་ནོར་ཕུན་སུམ་ཚོགས་པ་རྒྱ་ཆེར་བསྒྲུབས་ཤིང་། དེ་ནས་ཟླ་གཅིག་ཙམ་གྱི་བར་ལ་བུ་སློབ་དད་ལྡན་གྱིས་མང་ཇ་ཉིན་རེ་བཞིན་རྒྱུན་མི་འཆད་པར་དགོངས་རྫོགས་བསྒྲུབས་ཏེ། མདོར་ན་བདག་ཅག་རྣམས་ཀྱིས་ནི། རྗེ་བླ་མ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་དང་མཐུན་པར་ཐ་མལ་གྱི་སྤྱོད་པ་རིང་དུ་སྤངས་ཏེ། འདུ་བྱེད་ཐམས་ཅད་ཀྱི་མཚན་ཉིད་ནི། འདི་འདྲའོ་སྙམ་དུ་སྐྱོ་བའི་མཚན་མ་ཡིད་ལ་བྱེད་པས་སླར་ཡང་འཁོར་ལོ་གཉིས་ཀྱི་བྱ་བ་ལ་ཆེས་ཆེར་བརྩོན་པར་གྱིས་ནས། ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་བྱ་བ་རྒྱུན་མི་འཆད་པར་སྒྲུབ་པ་ལ་ཞུགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་ལྟའི་དགེ་བ་རྣམ་དཀར་རྒྱ་ཆེན་དེ། །ཚེ་རབས་ཀུན་ཏུ་ཐམས་ཅད་མཁྱེན་པ་དང་། །སྐད་ཅིང་ཙམ་ཡང་ནམ་ཡང་མི་འབྲལ་ཞིང་། །དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བྱ་བ་ནི། རྗེ་བཙུན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་མྱ་ངན་ལས་འདས་པའི་མཛད་པ་ཇི་ལྟར་བསྟན་པའི་རིམ་པར་ཕྱེ་བ་སྟེ་དྲུག་པའོ།། །།དེ་ནས་གསོལ་འདེབས་དངོས་གཞི་ཐོན་འཕྲལ་ལ་རྗེ་བླ་མ་འདིའི་མཛད་སྲོལ་མི་ཉམས་པའི་


DLL1005_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུ་གདན་ས་པའི་བསྐོ་བཞག་ལ་སྣར་ཐང་པ་གཞུང་བརྒྱ་སྨྲ་བ་བཀྲ་ཤིས་བཟང་པོ་ཞེས་པ་ལ། རྗེ་བླ་མ་རང་ཉིད་ཀྱིས་སྔ་མོ་ནས་དགོངས་པ་གཏད་པ་དང་གཞན་ཡང་མཁས་པའི་དབང་པོ་དཔལ་ལྡན་ཚུལ་ཁྲིམས་ཞེས་པ་གདན་སའི་འོས་སུ་མནལ་ལམ་དུ་བྱུང་བ་སོགས་འགའ་ཞིག་ཡོད་ཀྱང་བཞེད་པ་བཞིན་མ་གྲུབ། ཡང་བདག་གི་བླ་མ་འདུལ་འཛིན་སེམས་དཔའ་ཆེན་པོ་འདི་རྗེ་བླ་མ་དང་སྐུ་སྐྱེ་སྔ་ཕྱི་མང་པོ་ཞིག་ཏུ་རེས་འགའ་དཔོན་སློབ། རེས་འགའ་ཕ་མ་བུ་ཚ། རེས་འགའ་ལག་པ་གཡས་པ་དང་འདྲ་བའི་གྲོགས་སུ་གྱུར་ཅིང་ཕྱི་མ་ལ་ཡང་རྒྱ་ནག་ཏུ་དཔོན་སློབ་ཏུ་འགྱུར་པར་གསུངས་ལ། དེའི་གནད་ཀྱིས་འདིར་ཡང་རྒྱལ་ཚབ་དམ་པར་འགྱུར་རྒྱུར་འདུག་ནའང་། སྔ་མོ་ནས་བླ་མ་འདི་ཉིད་ཀྱི་འོག་ཏུ་འཆད་པ་པོའི་ལུགས་སུ་མཛད་པ་ཐོགས་ཤིག་དང་། ཁྱད་པར་རྗེ་བླ་མ་དབུས་ཕྱོགས་ལ་རྟིང་མ་བྱོན་པའི་སྐབས་ལོ་གསུམ་ཙམ་གྱི་རིང་ལ། གྲྭ་ཚང་གི་ཞལ་བདག་མཛད་ཀྱང་ཇི་ཞིག་ནས་སྐུ་ཚེ་འདིར་རྒྱལ་ཚབ་མི་མཛད་པར་ཐག་བཅད། དུས་ཕྱིས་རྗེ་བླ་མ་འདི་ཉིད་ལ་སྐལ་ལྡན་གྱི་སློབ་མ་ཁ་ཅིག་གིས་རྗེ་རང་ཉིིད་སྐུ་ཁམས་བཟང་རིན་ལ་རྒྱལ་ཚབ་ཅིག་བསྐོ་བ་གནང་ན་ཞུས་ཀྱང་དང་དུ་མ་བཞེས། ཕྱིས་ཆོས་རྗེ་སྨོན་ལམ་པ་འདིར་ཕེབས་དུས་སློབ་དཔོན་རྣམ་པས་དེ་མཐུན་གྱི་རྒྱུ་མཚན་ཕུལ་བ་ལ་ཡང་བེ་རོ་གཡག་འགེལ་གྱི་དཔེ་གསུངས་ནས་དང་དུ་མ་བཞེས། ཡང་བསྐྱར་ནས་ནན་གྱིས་ཞུས་པས། འོ་ན་བརྟག་པ་ཅིག་ཙམ་གྱིས་གསུངས་ནས་བརྟག་པ་བྱས་དུས་རེ་ཞིག་མ་བསྐོས་པ་བཟང་ཟེར་བ་བབས། སླར་


DLL1005_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོས་ཉང་སྟོད་ནས་འདིར་ཕེབས། རྗེ་བླ་མའི་དྲུང་དུ་དཔོན་སློབ་རྣམས་ཀྱིས་རྒྱུ་མཚན་ཞིག་ཏུ་ཕུལ་བས། ཁྱེད་རང་རྣམས་བརྟག་པ་གྱིས་གསུང་། བརྟག་པ་མཛད་པས་བདག་གི་བླ་མ་མཁས་གྲུབ་ཆེན་པོ་བཟང་པོ་བཀྲ་ཤིས་ཞེས་བྱ་བ། མདོ་རྒྱུད་མ་ལུས་པའི་དོན་ལ་མཁྱེན་པ་ཐོགས་པ་མི་མངའ་ཞིང་མཐུ་སྟོབས་ཀྱི་དབང་ཕྱུག་རྗེ་བླ་མའི་བསྟན་པ་འཛིན་པར་བསྟན་སྲུང་རྣམས་ཀྱིས་ཀྱང་ཆེས་ཆེར་བསྔགས་པའི་བདག་ཉིད་ཆེན་པོ་དེ། བླ་མའི་རྒྱལ་ཚབ་ཏུ་དབང་བསྐུར་བར་བརྟགས་པ་བབས་ཏེ། དེའི་རྒྱུ་མཚན་རྗེ་བླ་མ་ལ་ཞུས་པས་རྗེའི་ཞལ་ནས། ཁྱེད་རང་རྣམས་མཐུན་སྣང་དུ་གྲུབ་ན་དེ་གས་ཁྱབ་བོ། །ཞེས་གསུང་། དེ་ནས་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཟླ་བ་ཕྱི་མ་དགུན་ཟླ་ཐ་ཆུང་གི་ཉ་ལ། རྗེ་བླ་མ་མཁས་གྲུབ་ཆེན་པོ་བཟང་པོ་བཀྲ་ཤིས་པ་བླ་མ་བདག་ཉིད་ཆེན་པོ་ཐམས་ཅད་མཁྱེན་པའི་ཆོས་ཀྱི་ཁྲི་ལ་བཞུགས་ཏེ། གཟིམས་ཁང་དུ་ཕྱགས་ཕེབས་ནས་བདག་སོགས་རྗེས་འཇུག་ཡོངས་ཀྱི་གཙུག་རྒྱན་དམ་པར་བཞུགས་ཤིང་། རྗེ་བླ་མ་ཉིད་ཀྱི་མཛད་སྲོལ་དམ་པ་རྒྱུན་མི་འཆད་པའི་བདག་རྐྱེན་དུ། འདུལ་འཛིན་སེམས་དཔའ་ཆེན་པོའི་ཞལ་སྔ་ནས་ཐོག་མ་མཛད་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་སྟེ། ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་བདག་པོར་མངའ་གསོལ་ཏེ། དེ་ཡང་རྗེ་རང་ཉིད་ཀྱི་བཀའ་ཆེམས་ལ། ངའི་རུས་པ་འདི་དགོས་པ་ཁྱད་པར་ཅན་མང་པོ་ཡོད་པས་ཅིས་ཀྱང་མེ་ལྷ་ལ་ཕུལ་ཅིག་གསུང་


DLL1005_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཟླ་བ་དེའི་ཉེར་གཉིས་བར་དུ་ནི་ཐུགས་དམ་མ་གྲོལ། དེ་ནས་ཐུགས་བཞེད་བཞིན་བསྒྲུབ་རྒྱུ་ལ་དངུལ་འབུམ་མ་གྲུབ་པར་རེ་ཞིག་གཟིགས་ཁང་རྒྱལ་མཚན་མཐོན་པོའི་སྒྲོལ་མ་ལྷ་ཁང་དུ། མཆོད་རྟེན་ཁང་བུ་མ་ཞིག་གི་ནང་དུ་སྐུ་གདུང་རིན་པོ་ཆེ་དྲི་བཟང་གིས་བྱུགས་པའི་ན་བཟས་ལེགས་པར་གཡོགས་ཏེ་བཞུགས་སུ་གསོལ། དེ་ནས་ན་ས་ཕོ་ཁྱིའི་བརྒྱད་མཆོད་ཆེན་མོའི་ཉིན་སྔར་རྗེ་བླ་མའི་བཀའ་ཆེམས་བཞིན་དུ་རྗེ་པཎ་ཆེན་རིན་པོ་ཆེས་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་ཏེ། གསོལ་བ་བཏབ་པས་དབུ་ཁྲུམས་མ་ཞིག་པ་རིལ་པོ་རིང་བསྲེལ་སྣ་ལྔས་གཏམས་པ་དང་། གཞན་སྐུ་གདུང་ཐམས་ཅད་དུང་གཡས་འཁྱིལ་དང་རིང་བསྲེལ་གྱིས་གཏམས་པ་དང་། གཞན་ཡང་སྤུར་ཐལ་སོལ་བ་སོགས་ལའང་རིང་བསྲེལ་ཇི་སྙེད་དང་བཅས་པ་གདུལ་བྱ་རྣམས་ཀྱི་བྱིན་རླབས་ཀྱི་རྟེན་དུ་བྱིན་ནོ། །དེ་ལྟ་བུའི་སྐུ་གདུང་རིན་པོ་ཆེ་དངུལ་གདུང་གི་གསེར་ཟངས་མ་གཏོགས་པའི་དངུལ་རྐྱང་ཤིང་སྲང་གི་ཁྲལ་བཞི་ཙམ་ལས་གྲུབ་པའི་གདུང་རྟེན་ཆེན་པོ་རིན་པོ་ཆེའི་འཕྲ་སྣ་ཚོགས་བཀོད་པས་སྤྲས་པ། བུམ་པའི་ཤར་ཕྱོགས་རྣམ་པར་རྒྱལབའི་དངུལ་སྐུ་དང་། སེང་ཁྲིའི་ཕྱོགས་བཞི་ལ་རྒྱལ་ཆེན་བཞི་འབུར་དུ་དོད་པ་ལེགས་པར་བཞེངས་ཏེ། དེའི་བུམ་པར་དབུ་ཐོད་ཀྱིས་ཐོག་དྲངས་སྐུ་གདུང་རྣམས་དང་། སེམས་དཔའ་ཆེན་པོའི་སྐུ་གདུང་རིང་བསྲེལ་གྱིས་གཏམས་པ་དང་། བྱང་ཆུབ་ཀྱི་ཤིང་ལས་གྲུབ་པའི་བསྟན་པའི་གཙོ་བོའི་སྐུ་བྱིན་རླབས་ཅན་རྣམས་བཞུགས་ཤིང་། བྲེ་ཡན་ཆད་ལ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རིང་བསྲེལ། རྒྱལ་ཚབ་ཐམས་


DLL1005_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པ་དང་མཁས་གྲུབ་ཐམས་ཅད་མཁྱེན་པ་གཉིས་ཀྱི་རིང་བསྲེལ་དང་ཆོས་རྗེ་རོང་པོའི་རིང་བསྲེལ་རྣམས་དང་། གཟུང་སྔགས་བྱིན་རླབས་ཅན་མང་པོ་དང་། བང་རིམ་མན་ཆད་ལ་རིན་པོ་ཆེའི་གླེགས་བམ་དང་། གདུང་ཐལ་ལ་བཏབ་པའི་སྐུ་གཟུགས་བྱིན་རླབས་ཅན་མང་པོ་བཞུགས་པ་རབ་ཏུ་གནས་པ་དང་བཅས་པ་ཡན་ཆད་རྫོགས་པར་མཛད་ལ། གཞན་ཡང་དངུལ་གདུང་རིན་པོ་ཆེ་བཞུགས་པའི་ལྷ་ཁང་རི་མོ་དང་བཅས་པ་དང་། བྱམས་ཁང་གི་རི་མོ་ཡོངས་སུ་རྫོགས་པ་དང་། འདུལ་བའི་ཊཱི་ཀ་ཆེན་བར་དུ་བཞེངས་པ་དང་། གཙུག་ལག་ཁང་གི་ཀ་བ་འགའ་ཞིག་བརྗེ་བ་སོགས་ཀྱི་འཕྲིན་ལས་དང་། གདུལ་བྱ་རྣམས་ལ་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་དབྱར་ཟླ་འབྲིང་པོའི་ཚེས་བཞི་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན། དེའི་ཚེས་དྲུག་གི་ཉིན་མོ་སྐུ་གདུང་ཞུགས་ལ་ཕུལ་ཏེ་གསོལ་བ་བཏབ་པས་དེའི་ཉིན་ནམ་མཁའ་ལ་འཇའི་གུར་དང་། མེ་ཏོག་གི་ཆར་རྒྱུན་མི་འཆད་པར་འབབ་པའི་གསེབ་ནས་བར་སྣང་ལ། རྗེ་བཙུན་སྒྲོལ་མའི་སྐུ་མཚར་ལ་དོད་པ་བྱིན་རླབས་ཅན་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པར་བབས་པ་དེ་ཡང་དུས་ཕྱིས་དངུལ་གདུང་རིན་པོ་ཆེའི་བུམ་པའི་ནང་གི་རྗེ་ཐམས་ཅད་མཁྱེན་པའི་དབུ་ཐོད་ཀྱི་གསེབ་ན་བཞུགས་སོ། །དེ་ནས་བཟུངས་ཏེ་ཉི་མ་མང་པོའི་བར་དུ་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ཡང་མཛད་དོ། །དེ་ནས་སྤུར་ཁང་ཞལ་ཕྱེ་བས་སྐུ་གདུང་རིང་བསྲེལ་མང་པོ་དང་ཁྱད་པར་ལྗགས་བྱོན་པ་རྣམས་ཀྱང་དངུལ་གདུང་རིན་པོ་ཆེའི་ནང་བཞུགས་སོ། །དེ་ནས་ཟླ་བ་དེའི་


DLL1005_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་ལ་བདག་ཅག་རྣམས་ཀྱི་བླ་མ་མཁྱེན་རབ་ཀྱི་དབང་ཕྱུག་ལུང་དང་རིགས་པ་དང་མན་ངག་གི་རྒྱ་མཚོ། མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་གདམས་ངག་ཏུ་ཤར་བའི་བཤེས་གཉེན་ཆེན་པོ་དེ་བླ་མ་གོང་མའི་ཕྲིན་ལས་རྒྱུན་མི་འཆད་པའི་བདག་རྐྱེན་དུ། སློབ་དཔོན་ཆེན་པོ་རྣམས་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་སྟེ་ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་བདག་པོར་མངའ་གསོལ་མཛད་དོ། །དེ་ནས་རྗེ་ཉིད་ཀྱིས་གདུལ་བྱ་རྣམས་ལ་ལེགས་པར་བཤད་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པའི་ངང་ནས། པཎ་ཆེན་རིན་པོ་ཆེའི་ནང་རྟེན་ཐུབ་པ་ཆེན་པོའི་སྐུ་སྐུ་ཚད་ཤིན་ཏུ་ཆེ་བ་དང་། དེའི་ལུགས་ཕུད་རྗེ་ཐམས་ཅད་མཁྱེན་པའི་སྐུ་འདྲ་སྐུ་ཚད་ཆེ་བ་གཉིས་རྒྱུ་ཟངས་གསེར་ལས་གྲུབ་པ། གཞན་འཕགས་པའི་གནས་བརྟན་འཁོར་དང་བཅས་ཆོས་སྐྱོང་གི་སྐུ་དང་བཅས་པ་རྣམས་བཞུགས་པའི་ལྷ་ཁང་རི་མོ་དང་གནམ་རྒྱལ་དང་བཅས་པ་རྣམས་དང་། གཙུག་ལག་ཁང་གི་ནང་ན་གོས་དར་གྱི་འཕན་གདུགས་རྒྱལ་མཚན་མང་པོ་རྣམས་དང་། སྟེང་གི་ཐིགས་ཁང་སྤེན་བད་དང་བཅས་པ་རྣམས་མཛད་ཅིང་། གཟིམས་ཁང་རྒྱལ་མཚན་མཐོན་པོའི་སྟེང་གི་ཐོག་རྣམས་དང་། སྒྲོལ་མ་ལྷ་ཁང་དུ་ཐུབ་པ་ཆེན་པོའི་སྐུ་གཙོ་འཁོར་གསུམ། རྒྱལ་བ་ཚེ་དཔག་མེད། རྗེ་བཙུན་བྱམས་པ། ཇོ་བོ་ཡབ་སྲས་གཉིས་ཀྱི་སྐུ་དང་། གཞན་ཡང་རྣམ་ཐར་ལྷ་ཁང་དུ་རྗེའི་རྣམ་ཐར་ཞིང་བཀོད་ཀྱི་རི་མོ་རྣམས་ཀྱང་ལེགས་པར་མཛད་ཅིང་། ཁྱད་པར་རྗེ་བླ་མ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མཛད་པ་གླེགས་བམ་རིན་པོ་ཆེའི་སྒོ་ནས་སྐལ་ལྡན་གྱི་གདུལ་བྱ་རྣམས་སྨིན་པར་མཛད་པའི་སྒོ་ནས་ལོ་བཅུའི་བར་ལ་བསྟན་


DLL1005_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྐྱངས་ཏེ། དེ་ནས་དབེན་པའི་གནས་རྣམས་སུ་ཐུགས་དམ་ལ་བཞུགས་པར་མཛད་པ་ཡིན་ནོ། །དེ་ནས་ཁོ་བོ་ལ་རྗེ་བླ་མ་འདི་ཉིད་ཀྱི་གདན་སར་འོང་བའི་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གང་ཡང་མེད་ཀྱང་སྔོན་གྱི་ལས་ཀྱི་འབྲེལ་བ་དང་། ཁྱད་པར་རྗེ་བླ་མ་ཉིད་ཀྱིས་སྔ་ཕྱིར་བཀའ་དྲིན་གྱིས་བསྐྱངས་ཤིང་རྗེས་སུ་བཟུངས་པའི་རྟེན་འབྲེལ་གྱིས་བཀྲ་ཤིས་ལྷུན་པོ་བཏབ་ནས་ལོ་བཞི་བཅུ་པ་དང་། རྗེ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་ལོ་བཅུ་གཉིས་པ་མེ་ཕོ་རྟའི་ལོ་ཐ་སྐར་གྱི་ཟླ་བའི་ཚེས་གསུམ་གྱི་ཉིན་རྗེ་བླ་མའི་ཆོས་ཀྱི་ཁྲི་ལ་འཛེགས་ཏེ་བླ་བྲང་རྒྱལ་མཚན་མཐོན་པོར་སླེབས། རྗེ་བླ་མའི་འཕྲིན་ལས་རྒྱུན་མི་འཆད་པའི་བདག་རྐྱེན་དུ་ཡུན་རིང་དུ་གནས་ན་ཅི་མ་རུང་སྙམ་པའི་ཡིད་ལ་བརྣག་པ་རྒྱུན་མ་འཆད་དུ་ཡོད་པས། དེ་ལྟར་བླ་མ་ཡི་དམ་བསྟན་སྲུང་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། མདོར་ན་བླ་མ་བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་པ་བུ་སློབ་སྔ་མ་མཁྱེན་རབ་ཀྱི་དབང་ཕྱུག་ས་ལ་གནས་པ་རྣམས་ཀྱིས་མཛད་པར་རིགས་མོད་ཀྱི་སྔར་མཛད་པ་མ་བྱུང་ལ། དེ་ལྟ་ན་ཡང་རྗེ་བླ་མ་འདི་ཉིད་གསང་སྤྱོད་སྦས་པའི་བརྟུལ་ཞུགས་ལ་གནས་པས་གདུལ་བྱ་བློ་དམན་པ་འགའ་ཞིག །འདི་ཇི་ལྟ་བུ་ཞིག་སྙམ་དུ་དོག་པར་གྱུར་ལ། དེ་དག་སྤང་བའི་ཕྱིར་དང་གདུལ་བྱ་དབང་པོ་རབ་ཏུ་གྱུར་པ་རྨས་དད་པ་ལྷག་པར་འཕེལ་བའི་ཕྱིར་དུ་མདོར་བསྡུས་ཙམ་ཞིག་དགོས་པར་མཐོང་ཞིང་། དེ་ལ་ཡང་རྗེ་རང་ཉིད་ཀྱི་བུ་སློབ་འགའ་ཞིག་དང་། གཞན་ཉམས་རྟོགས་ཅན་དུ་བྱེད་པའི་གང་ཟག་འགའ་ཞིག་གི་ཉམས་དང་། རྨི་ལམ་འདི་ལྟ་བྱུང་ཞེས་པའི་གཏམ་གླེང་བ་སྣ་


DLL1005_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཤིག་ཡོད་ནའང་ཕལ་ཆེར་ལ་ངེས་པ་མི་སྣང་སྟེ། དེས་ན་འདིར་ནི། རང་གཞན་ཐམས་ཅད་ལ་མངོན་སུམ་དུ་གྱུར་པའི་མཛད་པ་དང་། རྗེ་བླ་མ་རང་ཉིད་ཀྱི་གསུང་དང་། གཞན་ཡང་སྐྱེས་བུ་དམ་པ་དག་གི་གསུང་ནས་དངོས་སུ་ཐོས་པ་རྣམས་ལ་གཞི་བྱས་ཏེ་ཅུང་ཟད་ཅིག་བརྗོད་པ་ཡིན་ནོ། །ཞེས་བྱ་བ་ནི། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཕྲིན་ལས་རྒྱུན་མི་འཆད་པར་གནས་པའི་རིམ་པར་ཕྱེ་བ་སྟེ་བདུན་པའོ།། །།སླར་ཡང་སྨྲས་པ། ཐེག་མཆོག་རིགས་ཀྱི་ནུས་པ་མི་དམན་ཚོགས་གཉིས་རིན་ཆེན་ཁམས་ལས་གྲུབ། །ཤེས་རབ་མགྱོགས་འགྲོའི་རྟ་ལྗང་གིས་དྲངས་ཤེས་བྱའི་མཁའ་ལ་ཐོགས་མེད་ཅིང་། །གསུང་རབ་རྒྱ་མཚོའི་གོས་ཅན་མ་ལུས་རིགས་པའི་ཟེར་གྱིས་སྣང་བྱེད་པ། །སྔོན་མེད་ནམ་མཁའི་ནོར་བུའི་བླ་མ་ཐམས་ཅད་མཁྱེན་པ་གང་དེ་རྒྱལ། །དགེ་ལེགས་རྒྱ་མཚོའི་གོས་ཅན་ལས་འཁྲུངས་མཁྱེན་རབ་ཡལ་གའི་ཁྱོན་ཡངས་ཤིང་། །འཆད་རྩོད་རྩོམ་པའི་ལོོ་འདབ་རྩེ་ལ་སྙན་པ་རྗོད་པའི་བྱ་ཚོགས་ལྡིང་། །ཡོན་ཏན་མེ་ཏོག་བསླབ་གསུམ་འབྲས་བུ་སྒྲུབ་པའི་རྒྱལ་མཚན་ཏོག་གིས་མཛེས། །ཕུན་ཚོགས་ཤིང་འདི་སྔོན་ཆད་ཚོར་རམ་འགའ་ཡི་དྲན་པའི་ལམ་དུ་གྱུར། །གདུལ་བྱའི་བསོད་ནམས་ཁོ་ནས་རྙེད་དོ་ཕྲིན་ལས་རྒྱུན་མི་འཆད་པ་དང་། །བར་ཆད་མགལ་དུམ་སྤང་བར་མཛོད་ཅེས་སྨྲ་བོ་གང་དེ་སྙན་དངགས་པ། །ལེགས་བཤད་གསེར་གྱི་ཉག་ཐག་ལ་བརྒྱུས་གསུང་རབ་དངུལ་གྱི་གླང་པོ་མཆོག །མང་ཐོས་ཤེལ་གྱི་ར་བ་དཀར་པོར་


DLL1005_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཕན་གོམ་སྟབས་ལྷོད་ལྷོད་རྒྱུ། །སངྒྷ་སིདྡྷི་པཎ་ཆེན་གང་དེའི་གསུང་གི་བདུད་རྩི་མྱངས་པ་ལས། །མདོ་རྒྱུད་དགོངས་འགྲེལ་གསུང་རབ་སྤྱི་དང་ཁྱད་པར་སྡེ་ལྔའི་གཙུག་ལག་ཁང་། །ངེས་པ་རྙེད་ནས་ཐོགས་མེད་སྨྲ་བའི་བནྡེ་ཛྙཱ་ན་ཀུ་ཊི་ཡི། །བླ་མའི་ཡོན་ཏན་སྙིང་ལ་དྲན་པའི་བསམ་དཀར་ཡིད་ཀྱི་ཚལ་ལས་སྐྱེས། །བདག་བློ་རྣམ་དཔྱོད་ཆུ་གཏེར་ལས་འོངས་སྐྱེས་རབས་འདབ་བརྒྱ་ལྡན་པའི་ཚེ། །དོན་བཟང་གེ་སར་ཕྲེང་བའི་དཔལ་འཛིན་རབ་མཛེས་རྒྱན་གྱི་མདངས་བཀྲ་བ། །རྟོགས་བརྗོད་པདྨོ་ཚར་དུ་དངར་བའི་ཡིད་འོང་ཕྲེང་བ་སྤེལ་ལེགས་འདི། །མཁས་པའི་མདུན་སར་འདུག་ལ་དགའ་བས་སྙོམས་ལས་མེད་པར་ལྟ་བར་གྱིས། །གཞན་ཡང་། གང་ཞིག་གསེར་གྱི་མཆོད་སྡོང་ལྟར་མཛེས་པ། །མཛེས་པ་མཐའ་དག་བསྡུས་བཞིན་རབ་མཛེས་སྐུ། །མཛེས་སྐུ་གཞན་ལས་ཆེས་ལྷག་ཁྱོད་ཞབས་ཀྱི། །ཞབས་ཀྱི་པདྨོར་སླར་ཡང་ཕྱག་བགྱིའོ། །དེ་ལྟའི་བླ་མ་རྗེ་བཙུན་དགེ་འདུན་གྲུབ། །བདག་སོགས་གདུལ་བྱར་གཏོགས་པ་ཐམས་ཅད་དུ། །ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ། །ཚད་མེད་ཐུགས་རྗེས་རྗེས་སུ་གཟུང་དུ་གསོལ། །གཞན་ཡང་འཁོར་ཚེ་སྐྱེ་བ་ཐམས་ཅད་དུ། །བླ་མའི་དྲུང་དུ་ཡང་དག་ལམ་བཟང་ལ། །འཁྲུལ་མེད་ངེས་པ་རྙེད་ནས་བརྩོན་པ་ཡིས། །ཁྱོད་གསུང་སྒྲུབ་པ་སྙིང་པོར་བྱེད་པར་ཤོག །བློ་མིག་རྣམ་པར་དག་ཅིང་གསལ་བ་དང་། །མང་དུ་ཐོས་པ་དྲི་མེད་གོམས་པ་དང་། །ཐམས་ཅད་མཁྱེན་པའི་ཞབས་ཀྱི་བཀའ་དྲིན་ལས། །གསུང་རབ་ནོར་བུའི་གླིང་དུ་ངེས་ཕྱིན་ཏེ། །མཁའ་


DLL1005_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རབ་ཡངས་རྒྱ་མཚོ་ལྟར་ཟབ་པའི། །བླ་མའི་ཡོན་ཏན་སྐྲ་ཡི་ཁྱོན་ཙམ་ཞིག །རྗོད་བྱེད་ཚིག་གི་སྲད་བུ་འདི་དག་ལ། །སྐྱེས་རབས་ནོར་བུ་འདི་ནི་ཁོ་བོས་བརྒྱུས། །བསྟན་པའི་གཉེན་གྱུར་རྒྱལ་སྲས་མཐུ་ཆེན་ཐོབ། །བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས་པས་ཀྱང་། །མགོན་པོ་འདི་ཡི་ལུང་རྟོགས་དམ་པའི་ཆོས། །སྲིད་མཐའི་བར་དུ་གནས་པར་མཛད་དུ་གསོལ། །ཞེས་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ། སྙིགས་མའི་དུས་འདིར་རྒྱལ་བའི་བསྟན་པ་ལ་རྒྱལ་བ་ཉིད་དང་མཚུངས་པ། སྐྱེ་དགུ་མ་ལུས་པའི་གཉེན་གཅིག་པུ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི། ལུང་དང་མངོན་པར་རྟོགས་པའི་ནོར་གྱིས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་པའི་ཆོས་ཀྱི་རྗེ་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་བཀས་ནན་ཆེར་བསྐུལ་ཅིང་། གཞན་ཡང་དགེ་བའི་བཤེས་གཉེན་དུ་མ་ཞིག་གིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། རྗེ་བླ་མ་དེ་ཉིད་ལ་མི་ཕྱེད་པའི་དད་པ་བརྟན་པོ་དང་ལྡན་ཞིང་ཞབས་རྡུལ་ལ་ཉེ་བར་གཏུགས་པའི་བཀའ་དྲིན་གྱིས་འཚོ་བ། ཤཱཀྱའི་དགེ་སློང་ཡེ་ཤེས་རྩེ་མོས་ཐུབ་པའི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལས། ཐུན་མོང་བ་ལྟར་ན་ལོ་སུམ་སྟོང་དྲུག་བརྒྱ་ཉི་ཤུ་རྩ་དྲུག་འདས་པའི་རྩ་བདུན་པ་དང་། ཐུན་མོང་མ་ཡིན་པ་ལྟར་ན་སྔར་ལོ་ཉིས་སྟོང་སུམ་བརྒྱ་ཉི་ཤུ་རྩ་བདུན་འདས་ཤིང་རྩ་བརྒྱད་པ་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་གི་ལོའི་ཆོ་འཕྲུལ་


DLL1005_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དབོའི་ཟླ་བའི་ཉེར་ལྔའི་སྔ་དྲོའི་ཆ་ལ། བཀྲ་ཤིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་གཟིམས་ཁང་རྒྱལ་མཚན་མཐོན་པོའི་རྣམ་ཐར་ལྷ་ཁང་དུ་རྫོགས་པར་སྦྱར་བའོ།། །།མངྒ་ལཾ།། །།རིག་གྲོལ་ཕུན་ཚོགས་དགེ་འདུན་འདུས་པའི་གཙོ། །གྲུབ་པའི་དབང་ཕྱུག་མཁས་པ་ཀུན་གྱི་དཔལ། །ཕྲིན་ལས་བཟང་པོས་བསྟན་པ་རྒྱས་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཉོན་མོངས་གདུང་བ་སོལ་བྱེད་འོད་དཀར་ཅན། །མཁྱེན་རབ་འོད་སྟོང་འཕྲོ་བ་པདྨའི་གཉེན། །འཛམ་གླིང་མཁས་པའི་དབང་པོ་དགེ་འདུན་གྲུབ། །མཁྱེན་རབ་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །བདེ་གཤེགས་གསུང་རབ་ནགས་ཀྱི་ཚལ་ན་གནས། །འབུམ་ཕྲག་གཞུང་གི་རལ་བའི་ཚོགས་ཀྱི་མཛེས། །ལེགས་ལམ་སྨྲ་བའི་སེང་གེ་དགེ་འདུན་གྲུབ། །འཛམ་གླིང་མཁས་པའི་ཞབས་ལ་གསོལ་བ་འདེབས། །གསུང་རབ་ཀུན་ལ་ལྟ་བའི་བློ་མིག་གིས། །བདེ་བར་གཤེགས་པའི་རི་ལུགས་བླ་ན་མེད། །ལེགས་པར་གཟིགས་ནས་བརྩེ་བས་འདོམས་མཛད་པ། །བཤེས་གཉེན་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ཐུབ་དབང་བསྟན་པའི་སྒྲོན་མ་ལེགས་བཟུང་ནས། །གདུལ་བྱའི་ཡིད་ཀྱི་མུན་པ་སེལ་མཛད་པ། །མཁྱེན་རབ་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་རྗེ། །སྙིང་གི་པདྨོར་བཞུགས་ལ་མཆོས་སྩོལ་ཅིག །ཕུལ་བྱུང་པར་འདི་འང་རྒྱལ་མདབང་ལྔ་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་ཕྲིན་ལས་ཡོངས་འདུའི་ཚལ་དུ་འཁྲུངས། །སུ་བྷཾ།། །།


DLL1005_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་།no next