Nitartha Digital Library
Tibetan
རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ།


   
   
   
སྒྲོལ་དཀར་ཐུན་མོང་མ་ཡིན་པའི་རྗེས་གནང།
   
   
   
   
   
   
   
   


 
previousསྒྲོལ་དཀར་ཐུན་མོང་མ་ཡིན་པའི་རྗེས་གནང།next

སྒྲོལ་དཀར་ཐུན་མོང་མ་ཡིན་པའི་རྗེས་གནང།


DLL1006_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཐུན་མོང་མ་ཡིན་པའི་རྗེས་གནང་བཞུགས་སོ།།


DLL1006_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཐུན་མོང་མ་ཡིན་པའི་རྗེས་གནང་འདི། རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས། གཞན་སུ་ལ་ཡང་མ་གནང་བར། གནས་སྙིང་རྗེ་ཀུན་དགའ་བདེ་ལེགས་ལ་གནང་བ་འདིས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་། ཚེ་སྒྲུབ་གཙོ་བོར་སྩོལ་ཅིང་། བར་ཆད་ཟློག་པ་ལ་འདི་རང་སྟོབས་ཆེ་གསུངས་ཤིང་། ༈ འདིའི་སྔོན་འགྲོ་ནི། ཐུན་མོང་བ་ལྟར་ལ། ཤིན་ཏུ་གཙང་བའི་འབྲང་རྒྱས་ཟླུམ་པོ་མར་གྱི་ནོར་བུས་བརྒྱན་པ། མཐའ་མར་ཁུ་དང་། མངར་གསུམ་དཀར་གསུམ་གྱིས་ཁུ་བ་བྱས་པའི་རིལ་བུས་བསྐོར་ཅིང་། སྒྲོལ་དཀར་གྱི་སྐུའི་གཡོན་གྱི་པད་ཟླ་ལ་བཞག །འབྲང་རྒྱས་དེ་བསངས་སྦྱངས། སྒྲོལ་མར་བསྐྱེད། ཡེ་ཤེས་པ་བཅུག །ལྷན་རྒྱས་བཏབ། མཆོད་བསྟོད་གཏོར་མ་ཕུལ་ནས་འཕྲིན་ལས་བཅོལ། ཐུགས་ཀའི་ཡིག་འབྲུ་ལས་འོད་འཕྲོས། འཇིག་རྟེན་དང་དེ་ལས་འདས་པའི་ཡོན་ཏན་ཐམས་ཅད་ཚེའི་དངོས་གྲུབ་ཀྱི་རྣམ་པར་བསྡུས་ནས་བསྟིམས་པས། སྐུའི་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་ཅིང་། ཁྱད་པར་སློབ་མའི་གང་ལ་རེག་པ་ཙམ་གྱིས་འཆི་མེད་ཚེའི་རིག་འཛིན་ཐོབ་པའི་ནུས་པ་དང་ལྡན་པར་བསམས་ལ། སྔགས་སྤེལ་ཕྱག་དང་བཅས་པའི་བཟླས་པ་བྱའོ། །དེ་ནས་སློམ་མ་ཁྲུས་བྱས། མཎྜལ་ཕུལ། ལས་འབྲས་སྤྱི་དང་འཁོར་བའི་ཉེས་དམིགས་བརྗོད་དེ་ཐར་པ་མི་གནས་པའི་མྱང་འདས་ཐོབ་འདོད་དྲག་པོ་སྐྱེད། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་སེམས་བསྐྱེད་དེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། འགྲོ་


DLL1006_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་གི་བར་ལན་གསུམ་བརྗོད། སྡོམ་པ་འཛིན་དུ་བཅུག །དེ་ནས་མདུན་བསྐྱེད་སློབ་མ་ལ་མངོན་རྟོགས་ལྟར་གསལ་བཏབ། དེ་ནས་བླ་མ་དང་ཡི་དམ་དབྱེར་མེད་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུམ་ཡེ་ཤེས་ངོ་བོ་ཉིད། །འགྲོ་བའི་གཉེན་མཆོག་རྗེ་བཙུན་མས། །བདག་ལ་སྐུ་ཡི་བྱིན་རླབས་སྩོལ། །ཅེས་པས་ལན་གསུམ་དུ་གསོལ་བ་བཏབ། མདུན་སྐྱེད་ཀྱི་རྗེ་བཙུན་མ་དང་། བླ་མ་ཐ་མི་དད་ཀྱི་སྨིན་མཚམས་ནས་འོད་ཟེར་དཀར་པོ་འཕྲོས། སློབ་མའི་སྨིན་མཚམས་ནས་བཞུགས་པས་སློབ་མ་རྗེ་བཙུན་མའི་སྐུར་གྱུར་པར་མངོན་རྟོགས་བཞིན་བརྡ་སྤྲད། དེ་ནས་བླ་མ་དང་སློབ་མ་རྗེ་བཙུན་མར་གསལ་བ་གཉིས་ཀའི་སྤྱི་བོ་ནས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། ཉན་རང་དགྲ་བཅོམ་པ་ཆོས་སྐྱོང་བསྲུང་མའི་ཚོགས་ཐམས་ཅད་ཀྱི་སྐུའི་ཡོན་ཏན་ཐམས་ཅད་འོད་དང་འོད་ཟེར་དང་། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལ་སོགས་པའི་རྣམ་པར་སྤྱན་དྲངས། སློབ་མ་ལ་སིབ་སིབ་ཐིམས་པས། ནད་གདོན་སྡིག་སྒྲིབ་ཚེའི་བར་ཆད་ཐམས་ཅད་དག་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ། གཞན་ཡང་། འཇིག་རྟེན་གྱི་ཁམས་ན་ཡོད་པའི་ཉི་མ་དང་ཟླ་བ་དང་། ཡིད་བཞིན་གྱི་ནོར་བུ་དང་། སྨན་དང་རྩི་བཅུད་དང་། འབྱུང་བ་ཆེན་པོ་བཞིའི་བཀྲག་དང་། ནུས་པ་དང་། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་འོད་དང་འོད་ཟེར་དང་། རྒྱལ་སྲིད་རིན་ཆེན་


DLL1006_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད་དང་། བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི་རྣམ་པར། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ནས་བྱུང་བ། སློབ་མ་ལ་སིབ་སིབ་ཐིམས་པས། ནད་གདོན་ཐམས་ཅད་དང་བར་ཆད་མཚན་མ་ངན་པ་ཐམས་ཅད་དག་ནས་འཆི་མེད་ཀྱི་ཚེའི་དངོས་གྲུབ་ཐོབ་སྙམ་ངེས་པ་དང་། དམིགས་པ་བྱེད་དུ་འཇུག །སྤྲོ་ན་རོལ་མོ་དང་བླ་མས་མེ་ཏོག་འཐོར། དེ་ནས་གསོལ་བཏབ་གོང་ལྟར་ལ། བདག་ལ་གསུང་གི་བྱིན་རླབས་སྩོལ། ཅེས་པ་གསུམ་གྱིས་གསོལ་བ་བཏབ་པས། བླ་མ་དང་ཡི་དམ་ཐ་མི་དད་པའི་ཐུགས་ཀར་ཟླ་དཀྱིལ་ཤིན་ཏུ་དྭངས་ཤིང་དྲི་མ་མེད་པའི་དབུས་སུ་ཏཾ་ཡིག །དེའི་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཥྚིཾ་ཀུ་རུ་སྭཱཧཱ། ཞེས་པའི་ཡིག་འབྲུ་ཁ་དོག་དཀར་པོ་ལ། དམར་པོའི་མདངས་ཆགས་པ་དེ་ལས། མར་མེ་གཅིག་ལས་གཉིས་མཆེད་པའི་ཚུལ་དུ། སྔགས་ཀྱི་ཕྲེང་བ་དེ་འདྲ་གཉིས་པ་འཕྲོས། བླ་མའི་ཐུགས་ཀ་ནས་བརྒྱུད་དེ་ཞལ་ནས་འཐོན། སློབ་མ་རྗེ་བཙུན་མར་གསལ་བའི་ཞལ་ནས་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་འཁོད་པར་མོས་ནས། སྔགས་ཀྱི་རྗེས་ཟློས་བརྒྱ་རྩ་བརྒྱད་བྱ། དེ་ལྟར་བྱས་པས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་ངག་གི་སྒྲིབ་པ། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་སོགས་དག །རྗེ་བཙུན་མའི་གསུང་གི་རྗེས་གནང་ཐོབ་པའི་བྱིན་རླབས་ཞུགས་པས། ངག་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་དམིགས་པ་བྱེད་དུ་གཞུག །དེ་ནས་སྔར་ལྟར་དཔོན་སློབ་གཉིས་ཀ་རྗེ་བཙུན་མར་གསལ་བའི། མགྲིན་པ་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས། ཕྱོགས་


DLL1006_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ན་བཞུགས་པའི་བླ་མ་ལ་ཡི་དམ་སོགས་ཀྱི་གསུང་གི་ཡོན་ཏན་ཐམས་ཅད་འོད་དང་འོད་ཟེར་དང་། དབྱངས་གསལ་ལ་སོགས་པའི་ཡིག་འབྲུའི་རྣམ་པར་སྤྱན་དྲངས་ནས། སློབ་མ་ལ་སིབ་སིབ་ཅེས་པ་ནས། འཆི་མེད་ཚེའི་དངོས་གྲུབ་ཐོབ་སྙམ་པའི་ངེས་པ་དང་། དམིགས་པ་བྱེད་པའི་བར་གོང་བཞིན་ནོ། །དེ་ནས་སྔར་བཞིན། བདག་ལ་ཐུགས་ཀྱི་བྱིན་རླབས་སྩོལ། ཅེས་པ་ལན་གསུམ་གསོལ་བ་བཏབ་པས། བླ་མ་དང་རྗེ་བཙུན་མ་དབྱེར་མེད་པའི་ཐུགས་ཀའི་ཏཾ་ལས་འོད་ཟེར་སྔོན་པོ་འཕྲོས། སློབ་མའི་ཐུགས་ཀྱི་རྣམ་པ་ཅན་གྱི་ཏཾ་ལ་སིབ་སིབ་ཐིམས་པས། ཐོག་མ་མེད་པ་ནས་བསགས་པའི། ཡིད་ཀྱི་སྒྲིབ་པ། གནོད་སེམས། ལོག་པར་ལྟ་བ་ལ་སོགས་པ་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག །རྗེ་བཙུན་མའི་ཐུགས་ཀྱི་བྱིན་རླབས་ཞུགས་པས། རང་གི་ཐུགས་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུའི་ངོ་བོར་གྱུར་པའི་དམིགས་པ་བྱེད་དུ་གཞུག །དེ་ནས་ཡང་སྔར་བཞིན། དཔོན་སློབ་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་ལ་སོགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡོན་ཏན་ཐམས་ཅད་འོད་དང་འོད་ཟེར་དང་། ཨུཏྤལ་དཀར་སྔོ་རྡོ་རྗེ་ལ་སོགས་པའི་རྣམ་པར་སྤྱན་དྲངས། སློབ་མ་ལ་སིབ་སིབ་ཅེས་པ་ནས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་དམིགས་པ་བྱེད་དུ་འཇུག་པའི་བར་སྔར་བཞིན་ནོ། །དེ་ནས་བླ་མས་འབྲང་རྒྱས་རྗེ་བཙུན་མར་བསྐྱེད་པ་ལག་ཏུ་བཟུངས་ནས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། ཞེས་གསོལ་བ་ལན་གསུམ་བཟླས་པའི་རྗེས། དེ་ནས་


DLL1006_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འབྲང་རྒྱས་སློབ་མའི་སྤྱི་བོར་བཞག་པས། རྗེ་བཙུན་མའི་སྐུའི་ཆ་ཤས་ཐམས་ཅད་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས། སློབ་མའི་ལུས་ལ་ཐིམས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་དག །རྗེ་བཙུན་མའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་བྱིན་རླབས་ཞུགས་པས། ཞི་རྒྱས་དབང་དྲག་ལ་སོགས་པའི་ལས་རབ་འབྱམས་དང་། ཁྱད་པར་ཚེའི་བར་ཆད་ཐམས་ཅད་འཇོམས་པ་དང་། འགལ་རྐྱེན་བཟློག་པ་ལ་ནུས་པ་དང་། མཐུ་སྟོབས་ཕུན་སུམ་ཚོགས་པའི་དམིགས་པ་བརྡ་སྤྲད། བླ་མས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་པ་ལན་གསུམ་མམ་བདུན་ལ་སོགས་པ་བརྗོད། དམིགས་པ་རྗེ་བཙུན་མའི་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་པ་ཆོས་སྐྱོང་བ་སྲུང་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་ཐམས་ཅད་དང་། འཆི་མེད་ཚེའི་དངོས་གྲུབ་ཐོབ། གཞན་ཡང་། འཇིག་རྟེན་གྱི་ཁམས་ན་ཡོད་པའི། ཉི་ཟླ་ཡིད་བཞིན་ནོར་བུ། འབྱུང་བ་བཞིའི་བཀྲག་མདངས། གཟི་བརྗིད་ནུས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་འོད་ཟེར་དང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་སོགས་ཀྱི་རྣམ་པར་བཀུག་ནས། སློབ་མ་ལ་བསྟིམས་པས། ཚེའི་དངོས་གྲུབ་ཐོབ་སྙམ་པའི་མོས་པ་དང་། དམིགས་པ་སོགས་བྱ། རྗེ་བཙུན་མར་བསྒོམས་པ་ཡང་། དགེས་བཞིན་འོད་དུ་མེར་ཞུ་བ་སྤྱི་བོ་ནས་ཐིམས་པས། རྗེ་བཙུན་མའི་སྐུ་གསུང་ཐུགས་དང་། སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་ཀྱི་དམིགས་པ་བྱེད་ཅིང་།


DLL1006_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་མ་ཞུ་ནས་བྱུང་བའི་ཚེའི་དངོས་གྲུབ་གནང་བའི་མོས་པ་བྱས་ནས་རིལ་བུ་ལ་ལོངས་སྤྱོད། མཎྜལ། ཡོན་སོགས་འབུལ་ལོ། །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པའོ།། །།སརྦ་མངྒ་ལཾ།།


DLL1006_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྒྲོལ་དཀར་ཐུན་མོང་མ་ཡིན་པའི་རྗེས་གནང།next