Nitartha Digital Library
Tibetan
རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ།


   
   
   
   
   
   
   
རྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བ།
   
   
   
   


 
previousརྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བ།next

རྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བ།


DLL1006_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བ་བཞུགས་སོ། །


DLL1006_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི་པྲ་ཛཱ་བྷྱཿ སྔོན་བསགས་དགེ་ཚོགས་ཆུ་གཏེར་ཆེན་པོ་ལ། །དད་ཅིང་འདུས་པས་བསྲུབས་པ་ལས་གྲུབ་པའི། །འགྲོ་བའི་དཔལ་དུ་ཤར་བའི་འོད་སྟོང་ཅན། །འཕྲིན་ལས་བཟང་ཁྱོད་རྟག་ཏུ་རྒྱལ་གྱུར་ཅིག །ཐོས་པ་རྒྱ་མཚོའི་བཏུང་བས་མི་ངོམས་ཤིང་། །བསམ་པ་ཡིད་ཀྱི་རི་མོ་ཅི་ཡང་ཤེས། །སྒོམ་བྱུང་རྟོགས་པ་མཆོག་ཏུ་གྱུར་པ་ཁྱོད། །སྙན་པའི་གྲགས་པ་སྲིད་རྩེའི་བར་དུ་གཡོ། །ཁ་ཅིག་མཁས་ཀྱང་མངོན་པའི་ང་རྒྱལ་དང་། །གཞན་འགའ་གཡོ་སྒྱུའི་ཟོལ་ལ་བརྟེན་མཐོང་བས། །གཟུ་བོར་གནས་པ་ཁྱོད་ལ་དྲི་བའི་ཚིག །ཅུང་ཟད་བརྗོད་པ་འདི་ལ་སྐབས་ཕྱེ་ཞིག །དེ་ལ་འདིར་ཐེམ་ཚོམ་གཅོད་པའི་དྲི་བ་འགའ་ཞིག་བརྗོད་པར་བྱ་སྟེ། མངོན་རྟོགས་རྒྱན་ལས། སྦྱངས་པ་ཡང་དག་སྡོམ་བསྟེན་དང་། །ས་པའི་འགྲེལ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ་ལས། བསོད་སྙོམས་པ་ལ་སོགས་པ་ཞེས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་མཛད་བྱུང་། འདི་ལྟར་གཞུང་གི་དགོངས་པ་ཡིན་ན། ཡུམ་རྒྱས་འབྲིང་བསྡུས་གསུམ་དུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་གསུང་རིགས་པ་ལས་མ་བྱུང་བས། འདིའི་སྐབས་ཀྱི་འགྲེལ་པ་འདི་གཞུང་གི་དགོངས་པར་ཇི་ལྟར་གནས། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལའང་། སློབ་དཔོན་སོ་སོའི་ཊཱི་ཀ་ཕལ་ཆེ་བར། གོས་ཀྱི་དབང་དུ་བྱས་པ་དང་། ཟས་ཀྱི་དབང་དུ་བྱས་པ་ཟེར་བ་སོགས་མདོར་བསྡུས་ལས་མ་གསུངས། དེ་དག་སོ་སོའི་ངོས་འཛིན་ནི་སླ་ལ། གང་གིས་ན་དེར་འཇོག །གང་གིས་འཇིག །སྐབས་ཀྱི་དབྱེ་


DLL1006_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བ། གནང་བ་ཇི་ལྟར་ཡོད་གྲང་། སོ་སོ་ཐར་པ་རིགས་བརྒྱད་ནི། ཡོངས་སུ་གྲགས་མོད། རིགས་བཅུར་བཤད་པ་ཡོད་དམ་མེད། ཡོད་ན་སྒྲུབ་བྱེད་དང་། མེད་ན་དེའི་རྒྱུད་ལ་དེ་མེད་པ་ལུང་རིགས་ཀྱིས་ཇི་ལྟར་སྒྲུབ། འདུལ་བ་མདོ་རྩའི་མ་བྱིན་ལེན་གྱི་ཚད་སྟོན་སྐབས། ཀ་ཀ་ནི་དང་། མ་ཤ་ཀ་དང་། ཀརྴ་པ་ན། ཞེས་པ་འདི་གསུམ་དག་པའི་དངོས་པོ་གང་གི་མིང་ཡིན། འདུལ་བ་ལུང་ལས། རྣམ་གསུམ་དག་པའི་ཤ་གནང་བ་ནི། རྩོད་པ་མེད་ལ། མདོ་གཞན་ལས། ཉན་ཐོས་པ་ལ་ཤ་བཀག་སྟེ། རྗེས་བཅས་སུ་གོ་བ་ཁྱེད་ཇི་ལྟར་འདོད། ཆོ་འཕྲུལ་ཆེན་པོ་བསྟན་པའི་ཟླ་བའི་ངོས་འཛིན་མཆུ་དང་དབོའི་ཟླ་བ་ལ་བྱེད་པའི་ལུགས་གཉིས་བྱུང་བ་ཁྱེད་གང་འདོད། འཐད་པའི་ཕྱོགས་ལ་སྒྲུབ་བྱེད། མི་འཐད་པའི་ཕྱོགས་ལ་གནོད་བྱེད་ཇི་ལྟར་རྗོད། རྩ་ཤེའི་འགྲེལ་པ་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་སྔོན་ནས་རྩོད་མེད་ཡིན་པ་ལ། དིང་སང་རང་འགྲེལ་མ་ཡིན་པར་འདོད་པ་མང་བ་ཞིག་བྱུང་བ། རང་འགྲེལ་མ་ཡིན་ན། འགྲེལ་པ་འདི་མཛད་པ་པོ་སུ་ཡིན། རང་འགྲེལ་མ་ཡིན་པ་ཁ་སྒྲུབ་བྱེད་ལྟར་སྣང་མིན་པ་བཀོད་པར་རིགས། སྔ་རབས་ཀྱིས་རིགས་ཚོགས་དྲུག་ལ་ཐ་སྙད་གྲུབ་པ་བགྲངས་ཤིང་། དིང་སང་རིགས་ཚོགས་དྲུག་ལ་རིན་ཆེན་ཕྲེང་བ་བགྲངས་པ་ཇི་ལྟར་རིགས། དིང་སང་གི་དབུ་མ་པ་འདོད་པ་ལྟར། གཞི་གྲུབ་ན། རྟེན་ཅིང་འབྲེལ་འབྱུང་ཡིན་པས་ཁྱབ་བམ་ཇི་ལྟར་འདོད། བྱང་ཆུབ་


DLL1006_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་སྤྱོད་འཇུག་ལས། ཁོང་ཁྲོས་བསྐལ་པ་སྟོང་དུ་བསགས་པའི་དགེ་རྩ་འཇོམས་པར་གསུངས་པ་དང་། འཇུག་པར་བསྐལ་པ་བརྒྱར་བསགས་པའི་དགེརྩ་འཇོམས་པར་བཤད་པ། བསྐལ་པ་སྟོང་དང་བརྒྱར་གསུངས་པ་གང་ལ་དགོངས། དགེ་རྩ་གཅོད་པར་གསུངས་པ་རྣམ་སྨིན་རྒྱང་སྲིང་པ་ལ་དགོངས་སམ་དགེ་བའི་ས་བོན་གཅོད་པ་གང་ཡིན། སྔོ་བས་ཟིན་པའི་དགེ་རྩ་གཅོད་དམ་མི་གཅོད་ཇི་ལྟར་བཞེད། མཛོད་ནས་གསུངས་པའི་རི་གླིང་རྒྱ་མཚོ་སོགས་ཀྱིས་འོག་གཞིའི་ཆུ་གསེར་ཁྱབ་པར་མ་ནོན་པ་འདི་ལ་རྒྱུ་མཚན་ཅི་ཡོད། འཇིག་རྟེན་འཆགས་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཆུའི་རྒྱུན་མཐའ་ཡས་པ་འབབ་པར་གསུངས་པ་ཕྱི་རོལ་ཏུ་མི་འབོ་བ་ནི། སྔ་རབས་པ་འགའ་ཞིག་ལས་ཀྱི་མཐུ་ཡིས་ཡིན་པར་འདོད། ཁ་ཅིག་མ་ཞུ་བ་ལོང་དུ་མི་ལྟུང་བ་བཞིན་དུ་རྟེན་འབྲེལ་གི་དབང་གིས་ཡིན་ཞེས་ཟེར་བ་ལ་ཁྱེད་འདི་གཉིས་གང་འདོད། དེ་ལས་གཞན་པའི་སྒྲུབ་བྱེད་ཡོད་དམ་མེད། སྟོང་གསུམ་གྱི་ཁོར་ཡུག་ཆེན་པོའི་དཔངས་ཚད་ཇི་ལྟར་ཡོད་པར་རིགས། གཟུགས་མེད་ཁམས་པ་ལ་དུས་འཁོར་ནས་གནས་གཞན་ལོགས་པ་གསལ་ར་གསུངས། ཕར་ཕྱིན་ཐེག་པ་ནས་གཟུགས་མེད་ཁམས་པ་ལ་གནས་གཞན་ལོགས་པ་ཨེ་གསུངས། བསྐལ་ཆེན་ལ་མི་ལོའི་གྲངས་ཇི་ཙམ་ཡོང་བ་དུས་འཁོར་ནས་བརྩི་བའི་ཚུལ་གསལ་བར་གསུངས་མོད། ཕར་ཕྱིན་ཐེག་པ་ལས་བསྐལ་ཆེན་ལ་མི་ལོའི་གྲངས་ཇི་ཙམ་ཡོང་བ་བརྩི་བའི་ཚུལ་བཤད་དམ་མ་བཤད། མདོ་ལས། འདི་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་ན་ཁྱམས་འདི་ཞེས་བྱ་བ་ཡོད་དེ། ཞེས་བྱ་བ་ལ་སོགས་པ་གངྒཱའི་


DLL1006_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ཀྱིས་གསུངས་པ་ཤིན་ཏུ་མང་བར་བྱུང་བ། གངྒཱའི་ཀླུང་གི་བྱེ་མ་སྙེད་དེ་གྲངས་ཀྱི་གནས་གཞན་ཇི་ཙམ་ཞིག་ལ་དགོངས་པ་ཡིན། ཞེས་པ་སྟེ་དྲི་བ་ཅུང་ཟད་བརྗོད་ཟིན་ཏོ། ། མདོ་དང་རྒྱུད་སྡེའི་གཤོག་པའི་རླབས་ཆེན་ཐོབ། །བདེ་གཉིས་འགྲོས་ཀྱིས་ཅི་ཡང་སྒེག་པ་ཅན། །མཁས་མང་ཆུ་བྱའི་དབུས་ན་མངོན་མཐོ་བའི། །ངང་པའི་རྒྱལ་པོ་འདི་ནི་བསྟན་པའི་དཔལ། །ལེགས་བཤད་མགྲིན་པའི་དྲིལ་ཆེན་སྒྲོག་པ་ཁྱོད། །ཀ་ལ་པིང་ཀའི་སྙན་པ་ལྷུར་ལེན་པས། །དྲིས་ལན་ཚངས་པའི་དབྱངས་ཀྱི་རྗེས་འགྲོ་བ། །རྣ་བའི་བཅུད་ལེན་ཆེད་དུ་སྒྲོག་པར་མཛོད། །རྣམ་རྒྱལ་གྲགས་པའི་བློ་གྲོས་ཆུ་མཚོ་ལས། །འཕྲིན་ཡིག་ཆུ་འཛིན་དཀར་པོའི་ཕྲེང་བ་བྱུང་། །ཕོ་ཉའི་དྲི་བཞོན་དཔལ་ལ་རབ་བརྟེན་ནས། །བཀྲ་ཤིས་ལྷུན་པོའི་པད་མཚོའི་ངོགས་སུ་སོང་། །དོན་བཟང་དབང་པོའི་གཞུ་མཛེས་མཆོག་ཏུ་བཀྲ། །སྙན་ཚིག་བདུད་རྩིའི་ཆར་ཟིམ་དལ་བུས་འབབ། །ལེགས་བཤད་འབྲུག་སྒྲའི་སྒྲ་དབྱངས་བསྒྲགས་པ་ན། །མཁས་མང་གཙུག་ཕུད་ཅན་རྣམས་དགའ་བར་འགྱུར། །མྱོས་ལྡན་གྱི་ལོ་ཁྲུམས་ཀྱི་ཟླ་བའི་ཚེས་གསུམ་ལ་ངམ་རིང་ནས་ཕུལ་བ་དགེ་ལེགས་འཕེལ། །མངྒལཾ།། །།


DLL1006_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བ།next