Nitartha Digital Library
Tibetan
རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ།


   
   
   
   
   
   
   
   
རྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བའི་ལན།
   
   
   


 
previousརྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བའི་ལན།next

རྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བའི་ལན།


DLL1006_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བའི་ལན་བཞུགས་སོ། །


DLL1006_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བདེ་ལེགས་སུ་གྱུར་ཅིག །བསོད་ནམས་ཆེན་པོའི་དཔུང་གིས་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བའི་རྒྱལ་མཚན་མི་གཡོ་ཡང་། །གྲགས་པའི་བ་དན་དཀར་པོ་ཕྱོགས་བཅུར་གཡོ། །རིགས་ལྡན་རྒྱལ་པའི་སྤྲུལ་པ་རྒྱལ་གྱུར་ཅིག །ཟབ་ཡངས་རྒྱ་མཚོ་ཆེན་པོ་ལས་འཁྲུངས་པའི། །ཆུ་འཛིན་དཀར་པོ་གློག་གི་འདུ་འགོད་ཅན། །འབྲུག་སྒྲ་སྙན་པར་སྒྲོག་པ་ཐོས་པ་ན། །རྨ་བྱ་མགྲིན་པ་བཏེག་ནས་གར་བགྱིད་དོ། །གང་ལ་ཐེ་ཚོམ་ཅུང་ཟད་མི་མངའ་ཡང་། །གང་གི་བློ་ཡི་ནུས་པ་བརྟག་པའི་ཕྱིར། །གང་ཚེ་དྲི་བའི་བཀའ་ཡིག་བསྒྲགས་པ་ན། །གང་གིས་ལན་ཐེབས་སྙམ་དུ་དཔྱོད་པ་ཞུགས། །བཀའ་དང་དགོངས་འགྲེལ་ཞིབ་ཏུ་མ་མཐོང་ཞིང་། །ཅུང་ཟད་མཐོང་ཡང་ངེས་པ་མ་རྙེད་པས། །དྲིས་ལན་རྒྱས་པར་བརྗོད་པ་མ་སྤོབས་པས། །མདོར་བསྡུས་ཅུང་ཟད་ཕུལ་བ་འདི་ལྟར་ལགས། །ཁྲིམས་གཉིས་ཀྱི་བདག་པོ་ཆེན་པོ་རྣམ་རྒྱལ་གྲགས་པ་བཟང་པོ་པའི་བཀའ་ལུང་གིས། མངོན་རྟོགས་རྒྱན་ལས། སྦྱངས་པ་ཡང་དག་སྡོམ་བསྟེན་དང་། །ཞེས་པའི་འགྲེལ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ་


DLL1006_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསོད་སྙོམས་པ་ལ་སོགས་པ་ཞེས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་མཛད་བྱུང་། འདི་ལྟར་གཞུང་གི་དགོངས་པ་ཡིན་ན། ཡུམ་རྒྱས་འབྲིང་བསྡུས་གསུམ་དུ་སྦྱངས་པའི་ཡོན་ཏན་གསུང་བར་རིགས་པ་ལས། མ་བྱུང་བས་འདིའི་སྐབས་ཀྱི་སློབ་དཔོན་གྱི་འགྲེལ་པ་འདི་གཞུང་གི་དགོངས་པར་ཇི་ལྟར་གནས་ཞེས་དྲི་བ་མཛད་པའི་ལན་ནི། ཡུམ་རྒྱས་འབྲིང་ལས་སྦྱངས་པའི་ཡོན་ཏན་མ་བྱུང་བ་མ་གྲུབ་སྟེ། འདིའི་ཐད་ཀྱི་ཡུམ་རྒྱས་འབྲིང་ལས། སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་མི་གཏོང་བ་དང་ཞེས་གསུངས་པའི་ཕྱིར། འོན་ཏེ་འདིའི་སྐབས་ཀྱི་འགྲེལ་པ་འདི་གཞུང་གི་དགོངས་པ་མ་ཡིན་ཏེ། དེ་ཡིན་ན། འདིའི་ཐད་ཀྱི་ཡུམ་རྒྱས་འབྲིང་བསྡུས་གསུམ་ག་ལས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཞེས་འབྱུང་རིགས་པ་གང་ཞིག །འདིའི་ཐད་ཀྱི་ཡུམ་རྒྱས་འབྲིང་བསྡུས་གསུམ་ག་ལས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཞེས་མི་འབྱུང་བའི་ཕྱིར་ཞེ་ན། གཞུང་གི་དོན་གང་ཡིན་ཐམས་ཅད་ཡུམ་གསུམ་ག་ལས་དངོས་སུ་འབྱུང་མི་དགོས་ཏེ། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དོན་ལ། དངོས་བསྟན་སྟོང་པ་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་པར་རྟོགས་པའི་རིམ་པ་གཉིས་ལས། མངོན་


DLL1006_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་རྒྱན་འགྲེལ་པ་དང་བཅས་པར་སྦས་དོན་མངོན་པར་རྟོགས་པའི་རིམ་པ་གཙོ་བོར་གཏན་ལ་འབེབས་པའི་ཕྱིར་རོ། ། གཞན་ཡང་སྦྱངས་པ་ཡང་དག་སྡོམ་བསྟེན་དང་། ཞེས་སོགས་ས་དགུའི་ཡོངས་སྦྱོང་སྟོན་པའི་གཞུང་འདི་རྣམས་བརྒྱད་སྟོང་པའི་དགོངས་པ་མ་ཡིན་པར་ཐལ། དེ་ལྟར་ཡིན་ན་འདིའི་ཐད་ཀྱི་བརྒྱད་སྟོང་པ་ལས་འབྱུང་དགོས་པ་གང་ཞིག །བརྒྱད་སྟོང་པ་ལས་མི་འབྱུང་བའི་ཕྱིར། རྟགས་དང་པོ་དང་ཁྱབ་པ་ཁས་བླངས། འདོད་ན། ཡུམ་གསུམ་དགོངས་པ་གཅིག་མ་ཡིན་པར་འགྱུར་བ་དང་། མངོན་རྟོགས་རྒྱན་ཡུམ་གསུམ་གའི་རྒྱན་མ་ཡིན་པ་འགྱུར་རོ། །འདོད་མི་ནུས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། དེ་ལྟར་ཇི་ལྟར་བཤད་རྣམས་ཀྱི། །བརྒྱད་སྟོང་འདིར་དོན་མ་ཚང་མེད། །འདིར་གཞུང་བསྡུས་པ་ཡིན་འདོད་དེ། །དོན་ནི་ཇི་སྐད་གསུངས་དེ་ཉིད། །ཅེས་གསུངས། དེར་མ་ཟད། སྦྱངས་པ་ཡང་དག་སྡོམ་བསྟེན་ཞེས་པའི་དོན་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་བྱེད་པ་གཞུང་གི་དགོངས་པ་མིན་པའི་རྒྱུ་མཚན་དུ། ཡུམ་རྒྱས་འབྲིང་ལས་དེ་ལྟར་མ་གསུངས་པས་ཞེས་པ་ཙམ་ཞིག་བརྗོད་པས་ཆོག་མོད། ཡུམ་བསྡུས་པ་ལས་མ་གསུངས་པ་བཀོད་པས་ཅི་ཞིག་བྱ། རྣལ་མའི་ལན་བསྟན་པར་བྱ་སྟེ། སྦྱངས་པ་ཡང་དག་སྡོམ་བསྟེན་གྱི་དོན་བསོད་སྙོམས་པ་ཉིད་ལ་སོགས་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་སྡོམ་པ་ལ་བཤད་པ་དགོངས་པ་དང་མི་འགལ་བའི་རྒྱུ་མཚན་ནི། ནགས་གནས་འདོད་ཆུང་ཆོག་ཤེས་དང་། །སྦྱངས་


DLL1006_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་སྡོམ་བསྟེན་དང་། །ཞེས་སོགས་ས་བཞི་པའི་ཡོངས་སྦྱོང་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་གཉིས་ཡོད་དེ། ནགས་ན་གནས་པའམ་དགོན་པར་གནས་པ་ལ། ཐུན་མོང་བ་གྲོང་ལས་རྒྱང་གྲགས་ཀྱིས་འཕགས་པར་གནས་དང་། ཐུན་མོང་མ་ཡིན་པ་ཐེག་དམན་ཡིད་བྱེད་ཀྱིས་དབེན་པར་གནས་པ་གཉིས། འདོད་པ་ཆུང་བ་ལ་ཐུན་མོང་བ་རྙེད་པ་མ་ཐོབ་པ་ལ་འདོད་པ་མེད་པ་དང་། ཐུན་མོང་མ་ཡིན་པ་རང་དོན་དུ་བླ་ན་མེད་པའི་བྱང་ཆུབ་ལ་འདོད་པ་མི་སྐྱེད་པ་གཉིས། ཆོག་ཤེས་པ་ལ་ཐུན་མོང་བ་བརྙེད་པ་ཐོབ་པ་ལ་ལྷག་པར་དོན་དུ་གཉེར་བ་མེད་པ་དང་། ཐུན་མོང་མ་ཡིན་པ་རྣམ་མཁྱེན་ཐོབ་ཀྱང་རློམ་སེམས་མེད་པ་གཉིས། སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་མི་གཏོང་བ་ལ། ཐུན་མོང་བ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་སྡོམ་པ་མི་གཏོང་བ་དང་། ཐུན་མོང་མ་ཡིན་པ་ཆོས་ཟབ་མོ་ལ་ངེས་པར་རྟོག་པའི་བཟོད་པ་མི་གཏོང་བ་གཉིས་ཡོད་པ་ལས། གཉིས་ཀའང་བྱང་སེམས་ཀྱིས་བསྟེན་དགོས་པ་ལ་དགོངས་ནས། སློབ་དཔོན་གྱི་འགྲེལ་པ་འདིར་ཐུན་མོང་བ་དང་། བརྒྱད་སྟོང་འགྲེལ་ཆེན་དུ་མདོ་ནས་འབྱུང་བ་བཞིན་དུ་ཐུན་མོང་མ་ཡིན་པ་རྣམས་བསྟན། བུདྡྷ་ཤྲཱིས་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀ་བསྡོམས་ནས་བསྟན་ཏོ། །འོན་ཀྱང་བྱང་སེམས་ཀྱིས་སྦྱངས་པའི་ཡོན་ཏན་ཐུན་མོང་མ་ཡིན་པ་བསྟེན་དགོས་མོད། ཐུན་མོང་བ་བསྟེན་མི་དགོས་ཏེ།


DLL1006_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི་ཟས་གོས་གནས་མལ་ལ་ཆགས་པའི་གཉེན་པོར་བསྟེན་པ་ཡིན་ལ། བྱང་སེམས་རྣམས་དེ་གསུམ་ག་ལ་མ་ཆགས་པའི་ཕྱིར་ཞེ་ན། བསྟེན་དགོས་ཏེ། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཀྱི་སྐབས་སུ། མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ཁེ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལྷུར་ལེན་པ་མ་ཡིན། བསོད་སྙོམས་ལྷུར་ལེན་པ་མ་ཡིན། ཆོས་གོས་གསུམ་པའི་བར་དུ་ལྷུར་ལེན་པ་མ་ཡིན་ཞིང་། དེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱང་ཡང་དག་པར་བླངས་ནས་སྤྱོད་དོ། །ཞེས་འབྱུང་བའི་ཕྱིར་རོ། །དེས་ན་རྗེ་བཙུན་ནས་བཟུང་སྟེ་མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་བར་མ་ཆད་དུ་མངའ་བའི་སློབ་དཔོན་འདི་ཆ་དེ་ཙམ་ལ་འཁྲུལ་པ་ག་ལ་སྲིད། རྒྱ་གར་བ་དང་། བོད་སྔ་མ་ཁ་ཅིག་གིས་སློབ་དཔོན་སེང་གེ་བཟང་པོ་ལ་ནན་གྱིས་སྐྱོན་བཟུངས་པ་རྣམས་ནི་ཕྲག་དོག་གིས་ཀུན་ནས་བསླངས་པ་འབའ་ཞིག་གོ་ཞེས་བདག་གི་བླ་མ་དག་གསུང་ངོ་། །གཞན་ཡང་མདོ་ནས་དངོས་སུ་གསུངས་པ་བསྟན་བཅོས་སུ་མ་བསྡུས་པ་དང་། མདོ་ནས་དངོས་སུ་མ་གསུངས་པ་བསྟན་བཅོས་སུ་བསྡུས་པ་དུ་མ་ཞིག་སྣང་བས། མདོ་ནས་དངོས་སུ་མ་གསུངས་པ་རྒྱུ་མཚན་དུ་བཀོད་ནས། དགོངས་པ་མིན་ཞེས་སྨྲ་ན། རྗེ་བཙུན་ལ་ཡང་སྐུར་བ་གདབ་དགོས་པར་འགྱུར་རོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་ཡང་སློབ་དཔོན་སོ་སོའི་ཊཱིཀ་ཕལ་ཆེ་བར། གོས་ཀྱི་དབང་དུ་བྱས་པ་དང་། ཟས་ཀྱི་དབང་དུ་བྱས་པ་ཟེར་བ་སོགས་མདོར་བསྡུས་པ་ཙམ་ལས་མ་བྱུང་། དེ་དག་སོ་སོའི་ངོས་འཛིན་ནི་སླ་ལ། གང་གིས་ན་དེར་འཇོག །གང་གིས་འཇིག །སྐབས་དབྱེ། གནང་བ་ཇི་ལྟར་ཡོད་གྲང་ཞེ་ན། སྤྱིར་སྦྱངས་པའི་ཡོན་ཏན་ལ་བཅུ་གཉིས་ཡོད་དེ། ཟས་ཀྱི་དབང་དུ་བྱས་པ་གསུམ། གོས་ཀྱི་


DLL1006_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་པ་གསུམ། གནས་མལ་གྱི་དབང་དུ་བྱས་པ་དྲུག་ཡོད་པས་སོ། །ཟས་ཀྱི་དབང་དུ་བྱས་པ་གསུམ་ནི། བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པའོ། དང་པོ་ལ། རྙེད་པས་ཆོག་པའི་བསོད་སྙོམས་པ་དང་། མཐར་གྱིས་སློང་བའི་བསོད་སྙོམས་པ་གཉིས་སུ་ཕྱེ་ན་སྦྱངས་པའི་ཡོན་ཏན་བཅུ་གསུམ་དུ་འགྱུར། གོས་ཀྱི་དབང་དུ་བྱས་པ་གསུམ་ནི། ཆོས་གོས་གསུམ་པ་དང་། ཕྱིང་པ་པ་དང་། ཕྱག་དར་ཁྲོད་པའོ། །གནས་མལ་གྱི་དབང་དུ་བྱས་པ་དྲུག་ནི། དགོན་པ་པ་དང་། ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་དང་། ཙོག་བུ་པ་དང་། གཞི་ཇི་བཞིན་པའོ། །ཁ་ཅིག་ཕྱི་མ་གཉིས་སྤྱོད་ལམ་གྱི་དབང་དུ་བྱས་པར་མཛད་ནས། གནས་མལ་གྱི་དབང་དུ་བྱས་པ་བཞི་ཡིན་ཞེས་ཟེར། དེ་དག་སོ་སོའི་ངོ་བོ་གང་ཞེ་ན། རྙེད་པས་ཆོག་པའི་བསོད་སྙོམས་པ་ནི། འདྲིས་པའི་ཁྱིམ་ནས་ཟས་ཇི་ཙམ་རྙེད་པ་ཟ་བར་བྱེད་པ་ཡིན་ལ། མཐར་གྱིས་སློང་བའི་བསོད་སྙོམས་པ་ནི། ཁྱིམ་རྣམས་སུ་རིམ་གྱིས་བརྒྱུས་ཏེ་བསོད་སྙོམས་ཇི་ཙམ་རྙེད་པ་ཟ་བར་བྱེད་ཀྱི། བདག་གིས་འདི་ནས་བཟའ་བ་དང་བཅའ་བ་བཟང་པོ་ཐོབ་བོ་སྙམ་ནས་མགོ་འཕངས་བསྟོད་དེ་མི་འགྲོ་བའོ། །སྟན་གཅིག་པ་ནི། སྟན་གཅིག་པོ་དེ་ལ་འདུག་ནས་ཇི་ཙམ་ཟ་བ་དེ་ཙམ་དུ་ཟ་བར་བྱེད་ཀྱི། དེ་ལས་ལངས་ནས་མི་ཟ་བའོ། །ཟས་ཕྱིས་མི་ལེན་པ་ནི། ཟས་ཀྱི་ཕྱིར་འདུག་ནས་ཇི་ཙམ་གྱིས་བདག་འཚོ་བའི་ཟས་ཐམས་ཅད་མ་བླངས་ཀྱི་བར་དུ་མི་ཟ་ཞིང་། འདིས་འཚོའོ་སྙམ་པ་དང་ཐམས་ཅད་ཅིག་ཅར་དུ་བླངས་ནས་ཟ་བའོ། །ཆོས་གོས་གསུམ་པ་ནི། སྣམ་སྦྱར། བླ་གོས། མཐང་གོས་གསུམ་གྱིས་འཚོ་བར་བྱེད་ཅིང་། དེ་ལས་ལྷག་པའི་གོས་མི་འཆང་བ་དང་། ཕྱིང་པ་པ་ནི།


DLL1006_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གོས་གསུམ་མམ། གོས་ལྷག་པ་གཅིག་འཆང་བ་ཐམས་ཅད་བལ་ལས་བྱས་པ་ཤ་སྟག་འཆང་གི །དེ་ལས་གཞན་མི་འཆང་བ་དང་། ཕྱག་དར་ཁྲོད་པ་ནི། ལམ་པོ་ཆེ་ལ་སོགས་པར་བོར་བའི་གོས་བཤང་གཅི་སོགས་ཀྱིས་རེག་པ་མི་གཙང་བ་རྣམས་བོར་ཏེ། རུང་བ་བླངས་ཏེ་བཀྲུས་དྲུབས་ཁ་དོག་བཟང་པོར་བསྒྱུར་ནས་འཆང་བར་བྱེད་པ་དང་། དགོན་པ་པ་ནི་གྲོང་དང་གྲོང་རྡལ་ལ་སོགས་པས་དབེན་པའི་དགོན་པ་དང་། ནགས་འདབས་ལ་སོགས་པར་གནས་པ་དང་། ཤིང་དྲུང་པ་ནི་ཤིང་ལྗོན་པའི་དྲུང་དུ་གནས་འཆའ་ཞིང་རྟེན་པར་བྱེད་པ་དང་། བླ་གབ་མེད་པ་ནི། སྟེང་གི་ཐོག་མ་བཀབ་ཅིང་མ་གཡོགས་པའི་ཕྱོགས་སུ་གནས་འཆའ་བར་བྱེད་པ་དང་། དུར་ཁྲོད་པ་ནི། གང་དུ་སྐྱེ་བོ་ཤིའོ་ཅོག་འདོར་བའི་དུར་ཁྲོད་དུ་གནས་འཆའ་བར་བྱེད་པ་དང་། ཙོག་པུ་པ་ནི། ཁྲིའམ། ཁྲིའུ་འམ། རྩྭའི་སྟེང་དུ་ཙོག་པུར་འདུག་སྟེ། ཁྲི་ལ་སོགས་པ་ལ་རྒྱབ་བམ། གློས་མི་རྟེན་པ་དང་། གཞི་ཇི་བཞིན་པ་ནི། རྩྭ་དང་ལོ་མ་ལ་སོགས་པ་བཏིངས་པ་ལ་མལ་འཆའ་ཞིང་། ལན་གཅིག་ཇི་ལྟར་བཏིངས་པ་ལ་མལ་འཆའ་བར་བྱེད་ཀྱི། ཡང་ཡང་དུ་བརྗེ་ཞིང་མི་འཆོས་པའོ། །དེ་དག་ནི་ཉན་ཐོས་ཀྱི་ས་ལས་ཇི་ལྟར་འབྱུང་བ་བཞིན་ཡིན་ནོ། །ཡང་ཕྱིང་པ་པ་མ་གཏོགས་པ་རྣམས་ལ་ཆུང་ངུ་འབྲིང་ཆེན་པོ་གསུམ་གསུམ་ཡོད་དེ། བསོད་སྙོམས་པ་ལ་གསུམ་ལས། ཆུང་ངུ་ནི། གྲོང་དུ་ཕྱིན་པ་ན་ཀུན་དགའ་ར་བར་རྙེད་པ་ལེན་པར་བྱེད་པ་དང་། འབྲིང་ནི། དེར་མི་ལེན་པར་ལམ་དུ་རྙེད་པ་ལེན་པར་བྱེད་པ་དང་། ཆེན་པོ་ནི། དེར་ཡང་མི་ལེན་པར་གྲོང་ཁྱེར་གྱི་ཉེ་སྐོར་དུ་ཕྱིན་ནས་རྙེད་པ་ལེན་པར་བྱེད་པའོ། །སྟན་གཅིག་པ་ཡང་གསུམ་ལས། ཆུང་ངུ་ནི། ཉན་ས་ལས་བཤད་པ་བཞིན་དང་། འབྲིང་ནི་སྟན་གཅིག་པོ་དེ་མ་སྤངས་


DLL1006_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུ་ཟོས་ནས་ཟས་བསོད་པ་བྱུང་ན་ལེན་པ་དང་། ཆེན་པོ་ནི། ཟོས་ནས་ཟས་བསོད་པ་ཡང་ལེན་པར་མི་བྱེད་པའོ། །ཟས་ཕྱིས་མི་ལེན་པ་ཡང་གསུམ་ལས། ཆུང་ངུ་ནི། ཁ་ལ་སོགས་པ་བཀྲུས་ཀྱི་བར་དུ་ལེན་པར་བྱེད་པ་དང་། འབྲིང་ནི། ཟས་ཟ་བཞིན་དུ་གཞན་གྱིས་བསྟབས་པ་ལེན་ལ། ཁ་ལ་སོགས་པ་བཀྲུས་ནས་མི་ལེན་པ་དང་། ཆེན་པོ་ནི། སྔར་ཟས་ཐམས་ཅད་ཅིག་ཅར་དུ་བླངས་ནས་ཟ་བཞིན་དུ་མི་ལེན་པའོ། །ཆོས་གོས་གསུམ་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ཆོས་གོས་གསུམ་དང་རས་ཆེན་དང་གཡན་པ་དགབ་པ་དང་སྟན་དང་གདིང་བ་འཆང་བར་བྱེད་པ་དང་། འབྲིང་ནི། རས་ཆེན་སོགས་བཞི་རང་གིས་བྱིན་གྱིས་བརླབས་པ་མི་འཆང་ལ། གཞན་གྱིས་བྱིན་གྱིས་བརླབས་པ་ལ་ལོངས་སྤྱོད་པར་བྱེད་པ་དང་། ཆེན་པོ་ནི། ཆོས་གོས་གསུམ་ཙམ་འཆང་གི །དེ་ལས་ལྷག་པ་མི་འཆང་བའོ། །ཕྱག་དར་ཁྲོད་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། བྱི་བས་ཟོས་པ། ཚིག་པ། དུམ་བུར་བཅད་པ། གཞན་གྱིས་རང་གི་ཆེད་དུ་བྱས་པ་ལེན་པ་དང་། འབྲིང་ནི། རང་གི་ཆེད་དུ་བྱས་པ་མི་ལེན་པར་མ་ངེས་པ་བོར་བ་ལེན་པ་དང་། ཆེན་པོ་ནི། དེ་དག་མི་ལེན་པར། དུར་ཁྲོད་དང་། ཕྱག་དར་ཁྲོད་དང་། ལམ་པོ་ཆེར་ལྷུང་བ་ལེན་པའོ། །དགོན་པ་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། གྲོང་ལས་གཞུ་འདོམ་ལྔ་བརྒྱས་བཅད་པའི་སར་གནས་པ་དང་། འབྲིང་ནི། གྲོང་ལས་གཞུ་འདོམ་སྟོང་ཕྲག་གཉིས་ཀྱིས་བཅད་པའི་སར་གནས་པ་དང་། ཆེན་པོ་ནི། གྲོང་ལས་གཞུ་འདོམ་སྟོང་ཕྲག་བརྒྱད་ཀྱིས་བཅད་པའི་སར་གནས་པའོ། །ཤིང་དྲུང་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ཤིང་དྲུང་དུ་ངོས་བཞི་པོ་ཐམས་


DLL1006_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྐྱོར་བར་གནས་པ་དང་། འབྲིང་ནི། དེར་ངོས་ཅུང་ཟད་སྐྱོར་བ་གནས་པ་དང་། ཆེན་པོ་ནི། དེར་ངོས་ཐམས་ཅད་མ་སྐྱོར་བར་གནས་པའོ། །བླ་གབ་མེད་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། སྟེང་གི་ངོས་གསུམ་གཡོགས་ལ་གཅིག་མ་གཡོགས་པར་གནས་པ་དང་། འབྲིང་ནི། སྟེང་གི་ངོས་གཅིག་གཡོགས་ལ་གསུམ་མ་གཡོགས་པར་གནས་པ་དང་། ཆེན་པོ་ནི། སྟེང་གི་ངོས་ཐམས་ཅད་མ་གཡོགས་པར་གནས་པའོ། །དུར་ཁྲོད་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། སྔོན་དུར་ཁྲོད་ཡིན་པ་ལ་ད་ལྟ་དུར་ཁྲོད་མ་ཡིན་པར་གནས་པ་དང་། འབྲིང་ནི། རོ་ཅུང་ཟད་སྐྱེལ་བའི་སར་གནས་པ་དང་། ཆེན་པོ་ནི། སྐྱེ་བོ་ཤིའོ་ཅོག་སྐྱེལ་བའི་སར་གནས་པའོ། །ཙོག་བུ་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ངོས་གཉིས་སྙེས་ནས་གནས་པ་དང་། འབྲིང་ནི། ངོས་གཅིག་སྙེས་ནས་གནས་པ་དང་། ཆེན་པོ་ནི། ངོས་ཐམས་ཅད་མ་སྙེས་པར་གནས་པའོ། །གཞི་ཇི་བཞིན་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ལན་གསུམ་དུ་མལ་འཆའི་གཞན་མི་བྱེད་པ་དང་། འབྲིང་ནི། ལན་གཉིས་སུ་མལ་འཆའི་གཞན་མི་བྱེད་པ་དང་། ཆེན་པོ་ནི། ལག་གཅིག་སྟན་བཏིང་པ་ལ་མལ་འཆའི། ཡང་དང་ཡང་དུ་མི་བརྗེ་མི་འཆོས་པའོ། །དེ་དག་ལ་ཅིའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱ་ཞེ་ན། དཔེར་ན། བལ་ལ་རྨེལ་བ་དེའི་ཚེ་སྐུད་པ་མི་རུང་ལ། རྨེལ་ནས་རུང་བ་དེ་བཞིན་དུ། བསོད་སྙོམས་དང་། ཆོས་གོས་དང་། གནས་མལ་ལ་ཆགས་པའི་ཚེ་སེམས་ལས་སུ་མི་རུང་ལ། ཡོན་ཏན་འདི་དག་གིས་ཚངས་སྤྱོད་ལ་གནས་པར་བྱ་བའི་ཕྱིར། སེམས་ལས་རུང་དུ་སྦྱོང་བར་བྱེད་པས་དེ་སྐད་ཅེས་བྱའོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་པོ་འདི་དག་བསྟེན་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཟས་ཀྱི་དབང་དུ་བྱས་པ་གསུམ་བསྟེན་པ་ལ་དགོས་པ་ཡོད་དེ། ཟས་བཟང་པོ་ལ་ཆགས་པ་སྤང་པའི་ཕྱིར་དུ་བསོད་སྙོམས་པ་དང་། ཟས་མང་པོ་ལ་ཆགས་པ་སྤང་བའི་ཕྱིར་དུ་སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་གཉིས་བསྟེན་པར་བྱ་བ་


DLL1006_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། གོས་ཀྱི་དབང་དུ་བྱས་པ་གསུམ་བསྟེན་པ་ལ་དགོས་པ་ཡོད་དེ། གོས་མང་པོ་ལ་ཆགས་པ་སྤང་བའི་ཕྱིར་དུ་གོས་གསུམ་པ་དང་། གོས་འཇམ་ཞིང་རེག་ན་བདེ་བ་ལ་ཆགས་པ་སྤང་བའི་ཕྱིར་དུ་ཕྱིང་པ་པ་དང་། གོས་བཟང་པོ་ལ་ཞེན་པ་དགག་པའི་ཕྱིར་དུ། ཕྱག་དར་ཁྲོད་བསྟེན་པར་བྱ་བ་ཡིན་པའི་ཕྱིར། གནས་མལ་གྱི་དབང་དུ་བྱས་པ་དྲུག་བསྟེན་པ་ལ་དགོས་པ་ཡོད་དེ། འདུ་འཛི་ལ་ཆགས་པ་སྤང་བའི་ཕྱིར་དགོན་པ་དང་། གནས་ལ་ཆགས་པ་སྤང་པའི་ཕྱིར་ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་སྟེ་གསུམ་དང་། དུར་ཁྲོད་པ་ནི་འཁྲིག་པ་ལ་ཆགས་པ་སྤང་བའི་ཕྱིར་ཡང་ཡིན་ལ། གློས་འབེབས་པ་དང་ཉལ་བའི་བདེ་བ་ལ་ཆགས་པ་སྤང་བའི་ཕྱིར་ཙོག་བུ་པ་དང་། སྟན་དང་གདིང་བ་དང་དགབ་པ་ལ་ཆགས་པའི་གཉེན་པོར་གཞི་ཇི་བཞིན་པ་བསྟེན་པར་བྱ་བ་ཡིན་པའི་ཕྱིར་རོ། ། སྦྱངས་པའི་ཡོན་ཏན་བཅུ་གཉིས་པོ་འདི་དག་བསྟེན་པ་ཕན་ཡོན་ཅི་ཡོད་ཅེ་ན། འདི་ལ་སྤྱིར་བསྟན་པ་དང་། སོ་སོར་ཕྱེ་ནས་བསྟན་པ་གཉིས་ལས། དང་པོ་ནི། འདི་དག་བསྟེན་པ་ལ་ཕན་ཡོན་ཡོད་དེ། གྲགས་པ་དང་རྙེད་བཀུར། ཚུལ་འཆོས་དང་ཁ་གསག །ཆགས་སྡང་སོགས་རིམ་གྱིས་སྤོང་བར་འགྱུར་བ་དང་། བསོད་སྙོམས་དང་ཆོས་གོས་དང་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ། འཕགས་པའི་རིགས་ལ་གནས་པར་འགྱུར་བ་དང་། ཡོ་བྱད་བསྙུངས་པར་འགྱུར་བ་དང་། སངས་རྒྱས་དང་ཉན་ཐོས་རྣམས་ཀྱིས་བསྔགས་པར་འགྱུར་བའི་ཕན་ཡོན་ཡོད་པའི་ཕྱིར་རོ། །གཉིས་པ་ནི། བསོད་སྙོམས་ལ་ནི་ང་རྒྱལ་མེད་ཅིང་། བརྙས་པ་བཟོད་པ་དང་། ཟས་ཀྱིས་འཕོངས་པ་མེད་པ་


DLL1006_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཟས་བཟང་པོ་དོན་དུ་གཉེར་བའི་སྡུག་བསྔལ་མི་འབྱུང་བའི་ཕན་ཡོན་ཡོད་དོ། །སྟན་གཅིག་པ་ལ་ཡང་ཟས་གཉིས་པ་ཚོལ་བ་དང་། བྱིན་ལེན་ཡང་དང་ཡང་དུ་བྱེད་པའི་གནོད་པ་མི་འབྱུང་བ་དང་། ཟོས་པ་འཇུ་ཞིང་གནོད་པ་ཆུང་བ་དང་། ལྡང་བ་ཡང་ཞིང་བདེ་བར་གནས་པའི་ཕན་ཡོན་ཡོད་དོ། །ཟ་ཕྱིས་མི་ལེན་པ་ལ་ཡང་། ཆོས་ཤེས་པ་དང་། ཟས་ལ་བརྐམ་ཆགས་མེད་པ་དང་། ཟས་ཡང་དང་ཡང་དུ་ཚོལ་བའི་གནོད་པ་མེད་པ་དང་། བསམ་གཏན་དང་ཀློག་པ་ལ་མི་གནོད་པའི་ཕན་ཡོན་ཡོད་དོ། །ཆོས་གོས་གསུམ་པ་ལ་ཡང་། ཆོས་གོས་ལྷག་པོ་ཚོལ་བའི་སྡུག་བསྔལ་མེད་པ་དང་། གོས་ཞག་བཅུ་འཆང་ཡང་ལྟུང་བ་མི་འབྱུང་བ་དང་། གོས་ལྷག་པ་བྱིན་གྱིས་རློབ་པའི་ལས་མི་འབྱུང་བ་དང་། ཡོ་བྱད་བསྙུངས་ཤིང་རྣལ་འབྱོར་དང་རྗེས་སུ་མཐུན་པའི་ཕན་ཡོན་ཡོད་དོ། ཕྱིང་པ་པ་ལ་ཡང་། གོས་བཟང་པོ་ལ་སྲེད་པ་མེད་པས། དེ་ཚོལ་བའི་སྡུག་བསྔལ་མེད་པ་དང་། དེ་ལ་བརྟེན་ནས་ཆར་དང་ཚ་གྲང་ལ་སོགས་པའི་གནོད་པ་བཟོད་པའི་ཕན་ཡོན་ཡོད་དོ། །ཕྱག་དར་ཁྲོད་པ་ལ་ཡང་། གོས་ཀྱི་ཕྱིར་ཁྱིམ་པ་རྣམས་དང་མི་འདྲེ་བ་དང་། ཆོམ་རྐུན་པས་གླགས་མི་ལྟ་ཞིང་། གོས་བསྲུང་བའི་ཕྱིར་སྡུག་བསྔལ་མེད་པ་དང་། ཕྱོགས་གང་དུ་ཕྱིན་ཀྱང་གོས་ཀྱིས་མི་བྲེལ་བ་དང་། ལོག་འཚོའི་སྐྱོན་གྱིས་མི་གོས་པའི་ཕན་ཡོན་ཡོད་དོ། དགོན་པ་པ་ལ་ཡང་། གྲོང་གི་འདུ་འཛི་ལ་གནས་པས། ཏིང་ངེ་འཛིན་ཐོབ་པ་དང་བསྲུང་བར་མི་ནུས་ལ། འདུ་འཛི་སྤངས་ནས་དགོན་པར་མཉམ་པར་བཞག་པས། ཏིང་ངེ་འཛིན་ཐོབ་པ་དང་བསྲུང་བར་ནུས་པ་དང་། དགེ་བ་ལ་མངོན་དུ་ཕྱོགས་པ་དང་། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པའི་ཕན་ཡོན་ཡོད་དོ། ། ཤིང་དྲུང་


DLL1006_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡང་། གནས་མལ་ཚོལ་བའི་སྡུག་བསྔམ་མེད་པ་དང་། གཞན་དང་རྩོད་གཞི་མེད་པ་དང་། ཤིང་གི་ཡལ་ག་དང་ལོ་མའི་དུས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་འདུས་བྱས་མི་རྟག་པར་རྟོགས་པ་དང་། གནས་མལ་ལ་ཆགས་པ་མེད་ཅིང་ཐོགས་མེད་དུ་རྒྱུ་བའི་ཕན་ཡོན་ཡོད་དོ། །བླ་གབ་མེད་པ་ལ་ཡང་། གནས་མལ་ཚོལ་བ་དང་སྦ་བ་དང་བྱི་དོར་བྱེད་པའི་སྡུག་བསྔལ་མེད་པ་དང་། རྒྱུ་སྐར་གྱི་འགྲོ་འདུག་ལ་བརྟེན་ནས་འདུས་བྱས་མི་རྟག་པར་རྟོགས་པ་ལ་སོགས་པའི་ཕན་ཡོན་ཡོད་དོ། །དུར་ཁྲོད་པ་ལ་ཡང་། དུར་ཁྲོད་དུ་མི་རྟག་པ་དང་། མི་གཙང་བ་བསྒོམས་པ་ལ་བརྟེན་ནས་འདོད་ཆགས་སོགས་བག་མེད་པ་མི་འབྱུང་བ་དང་། ལུས་སྲོག་ལ་ལྟ་བ་བསྲབས་པར་འགྱུར་བ་དང་། དེ་ལ་བརྟེན་པའི་རྒྱགས་པ་སྤོང་བའི་ཕན་ཡོན་ཡོད་དོ། །ཙོག་བུ་པ་ལ་ཡང་། སེམས་གཉིད་དང་གནས་མལ་བདེ་བའི་དབང་དུ་མི་འགྲོ་བ་དང་། ལུས་ལ་ཆགས་པ་བསྲབས་པར་འགྱུར་བ་དང་། ལྡང་བ་ཡང་ཞིང་རྨི་ལམ་ཉུང་བ་དང་། གནས་མལ་འཚོལ་བ་དང་འཆོས་པའི་བྱ་བ་ཉུང་བའི་ཕན་ཡོན་ཡོད་དོ། །གཞི་ཇི་བཞིན་པ་ལ་ཡང་། ལན་ཅིག་ཇི་ལྟར་སྟན་བཅས་པས་ཆོག་ཤེས་ནས། གནས་མལ་འཚོལ་བའི་སྡུག་བསྔལ་མེད་པ་དང་། དོན་ཉུང་བ་དང་བྱ་བ་ཉུང་བ་ལ་སོགས་པའི་ཕན་ཡོན་རྣམས་ཡོད་དོ། །འོ་ན། སྦྱངས་པའི་ཡོན་ཏན་འདི་དག་གང་ལས་འཐོབ་ཅེ་ན། མཛོད་ལས། ལྷག་མའི་རྣམ་རིག་མིན་ཞིང་དང་། །ལེན་དང་གུས་པར་བྱེད་ལས་འཐོབ། ཅེས་པ་ལྟར། དགེ་སློང་ལྟ་བུ་ལས་ལེན་པར་བྱེད་པ་ལས་འཐོབ་བོ། ། ཚུལ་ཇི་ལྟར་ན། ཡུལ་དེ་ཕྱག་འོས་ཡིན་ན་ཕྱག་བཙལ། མདུན་དུ་ཙོག་བུར་འདུག་སྟེ། ཐལ་མོ་སྦྱར་ནས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་


DLL1006_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། ཆོས་གོས་བཞི་པ་སྤངས་ཏེ། ཆོས་གོས་གསུམ་པ་ཡང་དག་པར་ལེན་ཏོ། །བདག་ཆོས་གོས་གསུམ་པའི་ཡི་དམ་དང་ལྡན་པར་བཙུན་པས་གཟུང་དུ་གསོལ། ཞེས་པ་ལན་གསུམ་དང་། མཇུག་ཏུ་ཐབས་ལེགས་བྱའོ། །དེ་བཞིན་དུ་གནས་རྣམས་ལ་ཡང་ཇི་ལྟར་རིགས་པ་ཤེས་པར་བྱའོ། །འོ་ན། སྦྱངས་པའི་ཡོན་ཏན་འདི་དག་གི་ཡི་དམ་འདི་གང་གིས་འཇིག་པའམ་གཏོང་བ་ཡིན་ཞེ་ན། མཛོད་ལས། བར་མ་ཤུགས་བླངས་བྱ་བ་དང་། །དོན་ཚེ་རྩ་བ་ཆད་པ་ལས། །ཞེས་བཤད་པ་ལྟར། འདི་ཙམ་དུ་ཞེས་བླངས་པ་ནི་ཆད་པ་དང་། བླངས་ཀྱང་བྱ་བ་ཇི་ལྟ་བ་བཞིན་མི་བྱེད་ན་བྱ་བ་ཆད་པ་དང་། ཚེ་ཆད་པ་དང་། དགེ་རྩ་ཆད་པས་གཏོང་བ་དང་། མིང་བརྡ་འཕྲོད་པའི་དྲུང་དུ་བསམ་པ་ཐག་པས་ཕུལ་བས་ཀྱང་གཏོང་ལ། འབུལ་ཚུལ་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་ཆོས་གོས་གསུམ་པའི་ཡི་དམ་ཡང་དག་པར་བླངས་པ་ལས། ཆེ་གེ་མོའི་རྐྱེན་གྱིས་དེ་ཉིད་སླར་འབུལ་ལོ། །ཚེ་དང་ལྡན་པས་བདག་ཆོས་གོས་གསུམ་པའི་ཡི་དམ་མ་མཆིས་བར་གཟུང་དུ་གསོལ། ཞེས་པ་ལྟ་བུའོ། །འོ་ན། འདི་དག་ལ་གནང་བ་ཡོད་དམ་མེད་ཅེ་ན། ཡོད་དེ། འདི་དག་ནི་གོས་དང་ཟས་དང་གནས་མལ་ལ་ལྷག་པར་ཆགས་པའི་གཉེན་པོར་གསུངས་པ་ཡིན་པས། སྦྱོར་བའི་དུས་སུ་འབད་རྩོལ་གྱིས་བསྒྲུབས་མི་དགོས་ཤིང་། དངོས་གཞིའི་དུས་སུ་ཆགས་ཞེན་མེད་ན། གོས་སྲང་འབུམ་རི་བ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་པ་དང་། ཟས་རོ་བརྒྱ་པ་ལ་ལོངས་སྤྱོད་པས་ཆོག་པར་གསུངས་པའི་ཕྱིར། དེ་ལྟར་ཡང་མདོ་རྩ་བ་ལས། མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི། གོས་


DLL1006_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་བརྒྱ་པ་དང་། ཟས་རོ་བརྒྱ་པ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཡང་འོས་སོ། །ཞེས་གསུངས་སོ། །དེ་ལྟ་བུའི་གནང་བཀག་འབྱུང་བའི་རྒྱུ་མཚན་ཡོད་དེ། རབ་ཏུ་བྱུང་བ་རྣམས་ཀྱིས་འདོད་པ་བསོད་ཉམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་སྤངས་ནས་དབུ་མའི་ལམ་ལ་གནས་པར་བྱ་དགོས་པའི་ཕྱིར་རོ། །སོ་སོར་ཐར་པ་རིགས་བརྒྱད་ནི་ཡོངས་སུ་གྲགས་མོད་རིགས་བཅུར་བཤད་པ་ཡོད་དམ་མེད་ཅེ་ན། མདོ་རྒྱུད་བསྟན་བཅོས་ཕལ་ཆེ་བ་ལས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདོད་པ་བཞིན་དུ། སོ་སོར་ཐར་པ་རིགས་བརྒྱད་ལས་གཞན་བཤད་པ་མ་མཐོང་ཞིང་། སྡེ་པ་གཞན་གྱི་ལུགས་ལ་སོ་སོར་ཐར་པ་རིགས་བཅུར་བཤད་པ་ཡོད་ཀྱང་། སོ་སོར་ཐར་པ་རིགས་བརྒྱད་ལས་གཞན་པའི་སོ་ཐར་ནོད་པ་ནི། ཇི་སྲིད་འཚོའི་བར་དུ་བླངས་ན་དགེ་བསྙེན་གྱི་སྡོམ་པ་དང་། ཉིན་ཞག་གཅིག་ཏུ་བླངས་ན་བར་མ་དགེ་བ་ལས་མ་འདས་པས། དེ་དག་འཐད་པར་མ་གོ་ལགས། །དགེ་སློང་རྡོ་རྗེ་འཛིན་པའི་རྒྱུད་ལ་ཉན་ཐོས་སོ་ཐར་གྱི་སྡོམ་པ་ཡོད་དམ་མེད། ཡོད་ན་སྒྲུབ་བྱེད་དང་། མེད་ན་དེའི་རྒྱུད་ལ་དེ་མེད་པ་ལུང་རིགས་ཀྱིས་ཇི་ལྟར་སྒྲུབ་ཅེ་ན། དགེ་སློང་རྡོ་རྗེ་འཛིན་པའི་རྒྱུད་ལ་སོ་སོར་ཐར་པའི་སྡོམ་པ་ཡོད་དེ། དེ་དགེ་སློང་དུ་འཇོག་བྱེད་ཡོད་པའི་ཕྱིར་དང་། དེའི་རྒྱུད་ལ་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་ཡོད་ལ། སྤྱིར་སྡོམ་པའི་ཚུལ་ཁྲིམས་དང་ལྡན་པ་ལ། སོ་སོར་ཐར་པའི་སྡོམ་པ་དང་ལྡན་པར་མ་ངེས་ཀྱང་། དགེ་སློང་རྡོ་རྗེ་འཛིན་པའི་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ཉིད་ཡིན་པའི་ཕྱིར་ཏེ། ཚུལ་ཁྲིམས་ལེའུ་ལས།


DLL1006_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པའི་རིགས་བདུན་པོ་དགེ་སློང་དང་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་བསྙེན་དང་དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །སྤྱིར་སྡོམ་པའི་ཚུལ་ཁྲིམས་དང་ལྡན་པ་ལ། སོ་སོར་ཐར་པའི་སྡོམ་པ་དང་ལྡན་པར་མ་ངེས་ཏེ། ལྷའི་རྟེན་ཅན་གྱི་བྱང་སེམས་འཕགས་པ་བཞིན། དེའི་སྡོམ་པའི་ཚུལ་ཁྲིམས་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་སྤོང་བ་ཡིན་ནོ། །དེ་ལྟ་ན་ཡང་དགེ་སློང་རྡོ་རྗེ་འཛིན་པའི་རྒྱུད་ལ་ཉན་ཐོས་ཐེག་དམན་གྱི་སོ་ཐར་གྱི་སྡོམ་པ་ནི་མེད་དེ། དེའི་སྡོམ་པ་ཐམས་ཅད་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་ཕྱིར་རོ། །འོ་ན། དེའི་སྡོམ་པ་ཐམས་ཅད་བྱང་སེམས་ཀྱི་སྡོམ་པར་འགྱུར་ཏེ། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་ཕྱིར་ཞེ་ན། བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་སྡོམ་པར་ཐལ་ཟེར་ན་འདོད་ལ། སོ་ཐར་གྱི་སྡོམ་པ་དང་། བྱང་སེམས་ཀྱི་སྡོམ་པ་དང་། གསང་སྔགས་ཀྱི་སྡོམ་པ་གསུམ་དུ་བྱས་པའི་བྱང་སེམས་ཀྱི་སྡོམ་པར་ཐལ་ཟེར་ན་ཁྱབ་པ་མ་ངེས་སོ། ། གཞན་དག་སོ་ཐར་གྱི་སྡོམ་པ་གང་ཡིན་ཉན་ཐོས་ཀྱི་སྡོམ་པ་ཡིན་པར་མཐུན་སྣང་དུ་བྱས་ནས། ཁ་ཅིག་དགེ་སློང་རྡོ་རྗེ་འཛིན་པའི་རྒྱུད་ལ་སོ་ཐར་གྱི་སྡོམ་པ་ཡོད་ཟེར། ཁ་ཅིག་མེད་ཟེར་བ་གཉིས་ཀའང་མི་འཐད་དོ། །དེས་ན་སོ་ཐར་གྱི་སྡོམ་པ་གང་ཡིན་ཉན་ཐོས་ཀྱི་ཡིན་པར་བཟུངས་ནས། བྱང་སེམས་ཀྱིས་བསླབ་བྱ་གཞན་ཞིག་ལ་སློབ་པ་ལྟར་བྱེད་པ་ནི། བྱང་སེམས་ཀྱི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་གཉིས་ཀྱི་རྟེན་གྱི་དོན་དུ་རིག་པར་བྱའོ། །ཞེས་དང་། གཏན་ལ་དབབ་པ་བསྡུ་བ་ལས། ཚུལ་ཁྲིམས་རྣམ་པ་གསུམ་པོ་


DLL1006_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ལས་འདི་ལྟ་སྟེ། སྡོམ་པའི་ཚུལ་ཁྲིམས་འདི་ནི་སྡུད་པར་བྱེད་པ་དང་འབྱོར་བར་བྱེད་པ་ཡིན་ཏེ། དེ་བསྡམས་ཤིང་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་བསྡམས་ཤིང་བསྲུངས་པར་འགྱུར་ལ། དེ་མ་བསྡམས་ཤིང་མ་བསྲུངས་ན། དེ་ལས་གཞན་པ་དག་ཀྱང་མ་བསྡམས་ཤིང་མ་བསྲུངས་པར་འགྱུར་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཉམས་ན། སྡོམ་པ་ཐམས་ཅད་ཉམས་པ་ཡིན་པར་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དགེ་སློང་རྡོ་རྗེ་འཛིན་པའི་རྒྱུད་ལ་སོ་ཐར་གྱི་སྡོམ་པ་མེད་དེ། སོ་ཐར་གྱི་སྡོམ་ལྡན་གྱིས་བྱང་སེམས་ཀྱི་སྡོམ་པ་ཐོབ་པ་ན་སོ་ཐར་གྱི་སྡོམ་པ་གནས་གྱུར་པའི་ཕྱིར་ཞེ་ན། གནས་གྱུར་པའི་དོན་སོ་ཐར་གྱི་སྡོམ་པ་ཁྱད་པར་ཅན་དུ་གྱུར་པ་ལ་འཇོག་ན། ཁྱབ་པ་འགལ་ལ། སོ་ཐར་གྱི་སྡོམ་པ་གཏོང་བ་ལ་འཇོག་ན་རྟགས་མི་འགྲུབ་པའི་ཕྱིར་ཏེ། སྡོམ་པ་ཕྱི་མ་བླངས་པ་སྔ་མའི་གཏོང་རྒྱུ་མ་ཡིན་པའི་ཕྱིར་རོ། ། ཞར་ལ་འདི་དཔྱད་པར་བྱ་སྟེ། དགེ་སློང་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་སྡོམ་པ་གསུམ་པོ་དེ་ངོ་བོ་གཅིག་གམ། ཐ་དད་ཅེ་ན། ཁ་ཅིག་ངོ་བོ་ཐ་དད་ཡིན་ཏེ། རྒྱུ་ཚོགས་རིགས་མི་མཐུན་ངོ་བོ་ཐ་དད་ལས་སྐྱེས་པའི་ཕྱིར་དང་། གཏོང་རྒྱུ་ཡང་སོ་སོར་ངེས་པའི་ཕྱིར་ཞེས་ཟེར་རོ། །ཁོ་བོ་ནི་འདི་ལྟར་སེམས་ཏེ། གང་ཟག་གཅིག་གིས་སོ་ཐར་གྱི་སྡོམ་པ་བླངས། དེའི་འོག་ཏུ་བྱང་སེམས་ཀྱི་སྡོམ་པ་བླངས། དེའི་འོག་ཏུ་སྔགས་སྡོམ་བླངས་པའི་སྡོམ་པ་སྔ་ཕྱི་བར་གསུམ་པོ་དེ་ངོ་བོ་ཐ་དད་ཡིན་ཡང་། དགེ་སློང་རྡོ་རྗེ་འཛིན་པའི་རྒྱུད་ལ་དུས་མཉམ་དུ་ཡོད་པའི་སྡོམ་པ་གསུམ་པོ་ངོ་བོ་ཐ་དད་མ་ཡིན་ཏེ། སྡོམ་པའི་ངོ་བ་སྤོང་བའི་སེམས་པ་གཙོ་ཆེ་བ་ཡིན་ལ། གང་ཟག་གཅིག་


DLL1006_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱུད་ལ་སྤོང་བའི་སེམས་པ་རིགས་མཐུན་རྫས་ཐ་དད་པ་གསུམ་ཅིག་ཅར་མི་སྐྱེ་བའི་ཕྱིར་ཏེ། དེ་སྐྱེ་ན། གང་ཟག་གཅིག་གི་རྒྱུད་ལ་གཙོ་བོ་རྣམ་ཤེས་རིགས་མཐུན་རྫས་ཐ་དད་པ་གསུམ་ཅིག་ཅར་དུ་སྐྱེ་དགོས་ན། དེ་ཡང་མི་འཐད་དེ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བ་ཡིན་པའི་ཕྱིར་རོ། །འོ་ན། སྡོམ་པ་གསུམ་པོ་གང་རུང་གཅིག་བཏང་བས་ཐམས་ཅད་གཏོང་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཆོས་དེ་དང་དེ་ངོ་བོ་གཅིག་ཏུ་སྐྱེས་ཀྱང་། གཅིག་ལོག་པས་ཅིག་ཤོས་ལྡོག་པ་མིན་པ་དང་། ཅིག་ཤོས་ལོག་པས་གཅིག་ལྡོག་པར་མི་འགྱུར་བ་དུ་མ་སྣང་བའི་ཕྱིར་རོ། འདུལ་བ་མདོ་རྩའི་མ་བྱིན་ལེན་གྱི་ཚད་སྟོན་པའི་སྐབས་ཀྱི། ཀ་ཀ་ནི་དང་། མ་ཤ་ཀ་དང་། ཀར་ཤ་པ་ན། ཞེས་གསུངས་པ་འདི་གསུམ་དངོས་པོ་གང་གང་གི་མིང་ཡིན་ཞེ་ན། མ་བྱིན་ལེན་གྱི་བསླབ་པ་དང་པོར་འཆའ་བའི་ཚེ། ཀ་ཀ་ནི་དང་། མ་ཤ་ཀ་དང་། ཀར་ཤ་པ་ན་གསུམ་རིམ་པ་བཞིན་དུ། མགྲོན་བུ་ཉི་ཤུ་དང་། བརྒྱད་ཅུ་དང་། མགྲོན་བུ་སྟོང་དྲུག་བརྒྱའི་རིན་ཐང་མིང་ཡིན་ཏེ། རྣམ་འབྱེད་དུ་མ་བྱིན་ལེན་གྱི་རིན་ཐང་གི་ཚད་སྟོན་པ་ན། མ་ཤ་ཀ་ལྔ་ལ་སོགས་པ་ཞེས་གསུངས། དེའི་ཞུ་བར། ཀ་ཀ་ནི་བཞི་ལ་མ་ཤ་ཀའོ། །ལྔ་ཉིད་ནི་ཀར་ཤ་པ་ནའི་བཞི་ཆའི་དཔེའོ། །གང་ན་དེའི་ཚིགས་ཉིད་ཉི་ཤུ་ཡིན་པ་དེ་ལ་བརྟེན་ནས་ཞེས་གསུངས་པའི་རྒྱ་ཆེར་འགྲེལ་ལས། ཀ་ཀ་ནི་བཞི་ལ་མ་ཤ་ཀའོ། །ཞེས་བྱ་བ་ལ། ཀ་ཀ་ནི་ཞེས་བྱ་བ་ནི་བོན་ཊི་ཀ་ཞེས་བྱ་སྟེ། དེ་ཡང་མགྲོན་བུ་ཉི་ཤུའི་རིན་ཐང་གི་མིང་ཡིན་ནོ། །ཀ་ཀ་ནི་བཞི་ལ་ནི་མ་ཤ་ཀ་གཅིག་སྟེ་མགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ནོ། །ཞེས་དང་། བམ་པོ་ལྔ་བཅུ་པ་ལས། ཀ་ཀ་ནི་བཞི་ལ་མ་ཤ་གཅིག་གོ །མ་ཤ་ཀ་ཉི་ཤུ་ལ་ཀར་ཤ་པ་ན་གཅིག་གོ །ཀ་ཀ་ནི་


DLL1006_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནི་མགྲོན་བུ་ཉི་ཤུའི་རིན་ཐང་གི་མིང་ཡིན་ནོ། །མ་ཤ་ཀ་གཅིག་ནི་མགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ནོ། །ཀར་ཤ་པ་ན་གཅིག་ནི་མགྲོན་བུ་སྟོང་དྲུག་བརྒྱའི་རིན་ཐང་གི་མིང་ཡིན་ནོ། །ཀར་ཤ་པ་ནའི་བཞི་ཆ་ནི་མ་ཤ་ཀ་ལྔའི་རིན་ཐང་སྟེ་མགྲོན་བུ་བཞི་བརྒྱའི་རིན་ཐང་གི་མིང་ཡིན་ནོ། །མ་ཤ་ཀ་ལྔ་ཞེས་ལུང་ལས་གསུངས་པ་ནི། ཡུལ་དབུས་ན་ཀར་ཤ་པ་ན་གཅིག་ལ་མ་ཤ་ཀ་ཉི་ཤུར་རྩི་བས། དེའི་བཞི་ཆ་ལ་བརྟེན་པ་ཡིན་ནོ། །ཞེས་གསུངས་སོ། མ་ཤ་ཀའི་མིང་གི་རྣམ་གྲངས་ལ། པ་ན་ཞེས་པ་དང་། ཀར་ཤ་པ་ནའི་མིང་གི་རྣམ་གྲངས་ལ། ན་ན་ཀ་ཞེས་ཀྱང་བྱ་སྟེ། འོད་ལྡན་ལས། ཀར་ཤ་པ་ན་ཞེས་བྱ་བ་ནི། ན་ན་ཀ་ལ་བྱའོ། །ཞུ་བ་ལས་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་མ་ཤ་ཀ་ལྔ་བརྐུས་ན་མཐར་འགྱུར་རོ་ཞེས་གསུངས་པའི་མ་ཤ་ཀ་ལྔ་ཇི་ལྟ་བུ་ལགས། མ་ཤ་ཀ་ཉི་ཤུ་ལ་ན་ན་ཀ་ཡིན་ནོ། །མ་ཤ་ཀ་ཇི་ལྟ་བུ་ལགས། ཀ་ཀ་ནི་བཞི་ལ་བྱའོ། །ཞེས་དང་། མ་ཤ་ཀ་ཞེས་བྱ་བ་ནི་པ་ན་ལ་བྱའོ། །ཞེས་གསུངས་སོ། །ཀ་ཤ་པ་ནའི་ངོ་བོ་ནི། གཞུང་འགྲེལ་ལས། དངུལ་ལས་བྱས་པ། གཟུགས་སུ་དོད་པ། འཚོང་དུ་རུང་བ་སྟེ་རྒྱལ་པོ་རྨ་བྱ་ཞེས་བྱ་བའི་དུས་སུ་བྱུང་བར་བཤད་དོ། །དེ་ལྟར་ན་ཀ་ཀ་ནི་དང་། མ་ཤ་ཀ་དང་། ཀར་ཤ་པ་ན་རྣམས་ལ་རིན་ཐང་གི་ཆ་ནས་མིང་བཏགས་པ་དང་། ལྕིད་ཀྱི་ཚད་ཀྱི་ཆ་ནས་མིང་བཏགས་པ་དང་། དངོས་པོ་རང་གི་ངོ་བོ་གང་ཡིན་པ་དང་། མིང་གི་རྣམ་གྲངས་ཀྱི་སྒོ་ནས་ཤེས་པར་བྱའོ། །ཁ་ཅིག་ན་རེ། ཀ་ཀ་ནི་དང་། བོན་ཊི་ཀ་དང་། འོལ་མ་སི་དང་། ར་ཏི་རྣམས་མིང་གི་རྣམ་གྲངས་ཡིན་ལ། དེ་རྣམས་ཀྱི་ལྕིད་ཀྱི་ཚད་ནི། མ་རུ་མགོ་ནག་གི་ལྕིད་དང་མཉམ་པ་ཡིན་ནོ་ཞེས་ཟེར་རོ། །འོན་


DLL1006_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཀ་ཀ་ནི་བཞི་ལ་མ་ཤ་ཀའོ་ཞེས་དང་། རྣམ་འགྲེལ་གྱི་འགྲེལ་པ་རྒྱན་ལས། ཡུངས་ཀར་ནི་འོལ་མ་སིའི་བཞི་ཆ་སྟེ་ཞེས་འབྱུང་བས། ཡུངས་ཀར་བཞིའི་ལྕིད་ལ་མ་རུ་མགོ་ནག་གཅིག་དང་། མ་རུ་མགོ་ནག་བཞིའི་ལྕིད་ལ་མ་ཤ་ཀ་འོང་མི་འོང་བརྟག་པར་བྱ་དགོས་སོ། །འདུལ་བ་ལུང་ལས། རྣམ་གསུམ་དག་པའི་ཤ་གནང་བ་ནི་རྩོད་པ་མེད་ལ། མདོ་གཞན་ལས་ཉན་ཐོས་པ་ལ་ཡང་ཤ་བཀག་སྟེ། རྗེས་བཅས་སུ་གོ་བ་ཁྱེད་ཇི་ལྟར་འདོད་ཅེ་ན། འདུལ་བར། རྣམ་གསུམ་དག་པའི་ཤ་གནང་ནས། དེའི་རྗེས་སུ་མདོ་གཞན་ནས་རྣམ་གསུམ་དག་པའི་ཤ་ཡང་བཀག་པ་ལྟར་སྣང་སྟེ། མྱ་ངན་ལས་འདས་པའི་མདོ་ལས། རིགས་ཀྱི་བུ་ད་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་། །ཡུལ་འཁོར་གྱི་བསོད་སྙོམས་ནི་བུའི་ཤ་དང་འདྲའོ་ཞེས་བྱ་ན། ཤ་ཟ་བར་ཇི་ལྟར་གནང་། ཤ་ཟ་བ་ནི་བྱམས་པ་ཆེན་པོ་ཆད་པར་འགྱུར་རོ་ཞེས་ངས་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་ཟ་བར་གནང་ལགས། བཀའ་སྩལ་པ། མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གྱིས་བསླབ་པའི་གཞི་བསྡམ་པའི་ཕྱིར་དེང་ངས་བོར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ལ་དགོངས་ཏེ་དོན་ཆེན་མུ་དགུ་དང་ཤ་རྣམ་པ་བཅུ་སྤང་བ་གསུངས། བཀའ་སྩལ་པ། ཚིགས་བཞག་པ་དེ་དག་ཀྱང་ཤ་མི་ཟ་བར་བསྡམ་པའི་ཕྱིར་བཅད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལ་དགོངས་ཏེ་ཤ་དང་ཉ་ཤ་ཟ་བ་ཡང་ཁ་ཟས་བཟང་པོར་གསུངས་ལགས། བཀའ་སྩལ་པ། ངས་ནི་ཤ་དང་ཉ་ཤ་ཁ་ཟས་བཟང་པོར་མ་གསུངས་ཀྱི། ངས་ནི་བུ་རམ་ཤིང་དང་། འབྲས་ས་ལུ་དང་། འབྲུ་དང་། གྲོ་དང་། ནས་དང་། མོན་སྲན་རྡེའུ་དང་། མོན་སྲན་གྲེའུ་རྣམས་


DLL1006_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མངར་བག་ཀ་ར་དང་། ལི་ཁ་ར་དང་། སྦྲང་རྩི་དང་། མར་དང་། འོ་མ་དང་། འབྲུ་མར་རྣམས་ཁ་ཟས་བཟང་པོར་གསུངས་སོ། ། ངས་ནི་ལུས་གཡོག་པའི་ཕྱིར་གོས་སྣ་ཚོགས་ཀྱང་ཁ་དོག་ངན་པར་བསྒྱུར་བར་བྱའོ་ཞེས་བསྟན་ན། ཤ་ཟ་བའི་རོ་ལ་ཆགས་པ་ལྟ་ཅི་སྨོས། ཞེས་སོགས་དང་། ཤ་ཟ་བ་ལ་ལྟུང་བྱེད་འབྱུང་བར་གསུངས་པའི་ཕྱིར་རོ། །དེ་ལྟར་གསུངས་མོད་ཀྱང་། ཉན་ཐོས་རྣམས་ལ་དང་པོར་རྣམ་གསུམ་དག་པའི་ཤ་གནང་ནས། དེའི་རྗེས་སུ་ཤ་གཏན་ནས་བཀག་པ་ནི་མ་ཡིན་ཏེ། དེ་ལྟར་བཀག་པ་ཡིན་ན། འདུལ་བ་ལུང་སྡེ་བཞི་གང་རུང་ནས་དགག་དགོས་པ་གང་ཞིག །ལུང་སྡེ་བཞི་གང་རུང་ནས་ཉན་ཐོས་རྣམས་ཀྱིས་ཤ་ཟ་བ་བཀག་པ་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཉན་ཐོས་རབ་བྱུང་རྣམས་ཀྱི་དགག་སྒྲུབ་གནང་གསུམ་གྱི་བཅས་པ་དང་རྗེས་སུ་བཅས་པའི་བསླབ་པའི་མཚམས་རྣམས། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ནས་བཟུང་སྟེ། མྱ་ངན་ལས་འདའ་བའི་བར་དུ་ཡུལ་སོ་སོར་གང་ཟག་སོ་སོ་ལ་ཇི་ལྟར་འོས་པ་བཞིན་དུ་བཅའ་བ་མཛད་པའི་ཕྱིར། འོ་ན་མྱ་ངན་ལས་འདས་པའི་མདོ་དེའི་དོན་གང་ཡིན་ཞེ་ན། ཉན་ཐོས་རབ་བྱུང་རྣམས་ལ་དང་པོར་ཤ་གནང་ནས་རྗེས་སུ་ཤ་བཀག་པ་མ་ཡིན་ཏེ། དྲི་བའི་དབང་གིས། སུ་ལ་ཡང་ཅི་ཡང་མ་བྱིན་པར་འཇིག་རྟེན་དུ་སྦྱིན་པ་པོར་གྲགས་པའི་གཏམ་སྙན་པ་ཐོབ་པར་འགྱུར་རམ་ཞེ་ན། ཤ་གཏན་ནས་མི་ཟ་བ་ལ་ཤ་ཟར་ཆུག་ཅིག །དེ་ལྟར་བྱས་ན་སྦྱིན་བདག་གི་གྲགས་པ་ཆེན་པོ་ཐོབ་པར་འགྱུར་ཏེ། བསོད་ནམས་འཕེལ་བར་ནི་མི་འགྱུར་རོ། །འོ་ན་ཤ་མ་ཟ་བ་ལ་ཤ་བྱིན་ན་ཉེས་པར་མི་འགྱུར་


DLL1006_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རམ་ཞེ་ན། ཉེས་པར་འགྱུར་ཏེ། ངའི་ཉན་ཐོས་རྣམས་ཀྱིས་ཤ་གཏན་ནས་མི་ཟ་བར་དམ་བཅས་པ་ལ། ཕྱིན་ཆད་ཤ་ཟ་བར་མི་གནང་ཞིང་། དེ་ལ་ཤ་སྦྱིན་དུ་ཡང་མི་རུང་ཞེས་བྱ་བའི་དོན་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་མྱ་ངན་ལས་འདས་པའི་མདོ་ལས། འདྲི་བའི་དབང་ཞེས་བྱ་བ་ནི། འདི་ན་ལ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བར་བྱེད་དེ། བཅོམ་ལྡན་འདས་ཇི་ལྟར་བགྱིས་ན་བདག་གིས་སུ་ལ་ཡང་ཅི་ཡང་མ་སྩལ་བར་འཇིག་རྟེན་དུ་སྦྱིན་པ་པོར་གྲགས་པའི་གཏམ་སྙན་པ་ཐོབ་པར་འགྱུར་ལགས། དེ་བཞིན་གཤེགས་པས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཆགས་པ་མེད་པ་ལ་བྲན་དང་བྲན་མོ་མ་བསླངས་པར་སྟོབས་ཤིག །གཏན་དུ་ཚངས་པར་སྤྱོད་པ་ལ་བུ་མོའི་སྦྱིན་པ་གྱིས་ཤིག །ཤ་མི་ཟ་བ་ལ་ཤ་ཟར་ཆུག་ཅིག །ཆང་མི་འཐུང་བ་ལ་ཆང་འཐུང་དུ་ཆུག་ཅིག །དུས་སུ་ཟ་བ་ལ་དུས་མ་ཡིན་པར་ཟས་བྱིན་ཅིག །མེ་ཏོག་ཕྲེང་དང་རྒྱན་མི་འདོགས་པ་ལ། ཕྱེ་མ་དང་སྤོས་དང་མེ་ཏོག་དང་བདུག་པ་རྣམས་བྱིན་ཅིག །དེ་དག་གི་དུས་ཤེས་པར་གྱིས་ལ་མགྲོན་དུ་བོས་ཤིག་དང་། ཁྱོད་ཀྱིས་དེ་ལྟར་བྱས་ན་འཇིག་རྟེན་འདིར་སྦྱིན་བདག་གི་རྒྱལ་པོ་ཡིན་ནོ་ཞེས་གྲགས་པ་ཆེན་པོར་འགྱུར་ཏེ། བསོད་ནམས་འཕེལ་བར་ནི་མི་འགྱུར་རོ། །དེ་ནས་འོད་སྲུངས་ཆེན་པོ་དང་རུས་གཅིག་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤ་མི་འཚལ་བ་ལ་གཟུད་པ་ནི་ཆེད་ཆེར་བགྱི་བ་ལགས་ན། ཤ་མི་འཚལ་བ་ལ་ཤ་འཚལ་དུ་སྩལ་ན་ནོངས་པར་མི་འགྱུར་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ངའི་དགོངས་པ་རིག་སྟེ། དམ་པའི་ཆོས་སྲུང་བ་ནི་དེ་ལྟར་བྱ་དགོས་སོ། །རིགས་ཀྱི་བུ་ད་


DLL1006_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་། །ཞེས་སོགས་གསུངས་པའི་ཕྱིར་རོ། །ཡུལ་འཁོར་གྱི་བསོད་སྙོམས་ནི་བུའི་ཤ་དང་འདྲའོ་ཞེས་བྱ་ན། ཤ་ཟ་བར་ངས་ཇི་ལྟར་གནང་ཞེས་པ་ཙམ་གྱིས་ཀྱང་། ཉན་ཐོས་པ་ལ་ཤ་ཟ་བ་བཀག་པ་མ་ཡིན་ཏེ། དེ་ལྟར་ན་བསོད་སྙོམས་ཀྱི་ཟས་ཀྱང་བཟའ་བར་མི་རུང་བར་ཐལ་བའི་ཕྱིར་རོ། །ཤ་ཟ་བ་ནི་བྱམས་པ་ཆེན་པོ་ཆད་པར་འགྱུར་རོ། །ཞེས་པས་ཀྱང་ཉན་ཐོས་པས་ཤ་ཟ་བ་བཀག་པ་མ་ཡིན་ཏེ། བྱམས་པ་ཆེན་པོ་རྒྱུན་ཆད་པ་ཉན་ཐོས་པ་ལ་དགག་བྱའི་གཙོ་བོ་མ་ཡིན་པའི་ཕྱིར་རོ། །མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གྱིས་བསླབ་པའི་གཞི་བསྡམ་པའི་ཕྱིར་ཞེས་སོགས་ཀྱིས་ཀྱང་། ཉན་ཐོས་པས་ཤ་ཟ་བ་བཀག་པ་མ་ཡིན་ཏེ། དཔེར་ན་བསྟན་པ་ལ་རིམ་གྱིས་གཞུག་པའི་ཕྱིར་དུ། ཐེག་པ་གསུམ་གསུངས་པས་ཉན་ཐོས་པ་ལ་རང་དོན་དོན་གཉེར་གྱི་བསམ་པ་མ་བཀག་པ་བཞིན་ནོ། ། དེས་ན་མདོ་དེ་དག་གིས་བྱང་སེམས་ལས་དང་པོ་པ་ཤ་ལ་སྲེད་པའི་དབང་གིས་བྱམས་པ་ཆེན་པོ་རྒྱུན་ཆད་པར་འགྱུར་བ་ཤ་སྲེད་པས་ཟ་བ་བཀག་པ་ཡིན་ཏེ། ཤ་ཟ་བ་ནི་བྱམས་པ་ཆེན་པོ་ཆད་པར་འགྱུར་རོ། །ཞེས་དང་། ངས་ནི་ལུས་གཡོག་པའི་ཕྱིར་གོས་སྣ་ཚོགས་ཀྱང་ཁ་དོག་ངན་པར་བསྒྱུར་བར་བྱའོ་ཞེས་བསྟན་ན། ཤ་ཟ་བའི་རོ་ལ་ཆགས་པ་ལྟ་ཅི་སྨོས། ཞེས་སོགས་དང་། རྒྱུ་དེ་དག་གིས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཤ་མི་ཟའོ། །ཞེས་གསུངས་པའི་ཕྱིར་རོ། །ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་ཞེས་པས་ཀྱང་མི་གནོད་དེ། བྱང་ཆུབ་ཏུ་བགྲོད་པའི་ལམ་སངས་རྒྱས་ལས་ཉན་ནས། དོན་དེ་གཞན་ལ་ཐོས་པར་བྱེད་པས་ན། ཉན་ཐོས་ཀྱི་སྒྲ་བྱང་སེམས་


DLL1006_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་བཤད་དུ་ཡོད་པའི་ཕྱིར་རོ། །གལ་ཏེ་འདུལ་བ་ནས་རབ་བྱུང་གིས་རྣམ་གསུམ་དག་པའི་ཤ་ཟ་བ་གནང་ཡང་། ཕྱིས་མདོ་གཞན་ནས་རབ་བྱུང་གིས་ཤ་ཟ་བ་བཀག་པས། འདུལ་བ་ནས་རབ་བྱུང་གིས་ཤ་ཟ་བར་གནང་བ་ནི། དགོངས་པ་ཅན་ཡིན་གྱི་སྒྲ་ཇི་བཞིན་པ་ནི་མ་ཡིན་ནོ་སྙམ་ན། དེ་ཡང་མི་འཐད་དེ། དེ་ལྟར་དགོངས་པ་ཅན་ཡིན་ན། ལུང་སྡེ་བཞིའི་ཚིག་དང་དོན་གྱི་འགྲེལ་པ་མཛད་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་འདུལ་བ་ནས་ཤ་གནང་བ་དགོངས་པ་ཅན་དུ་འགྲེལ་དགོས་པ་ལ། དགོངས་པ་ཅན་དུ་མ་བཀྲལ་བར་སྒྲ་སོར་བཞག་ཏུ་བཀྲལ་བའི་ཕྱིར་རོ། །འདི་རྣམས་ལ་བརྗོད་པར་བྱ་བ་མང་དུ་ཡོད་མོད། མཁས་པ་དག་གིས་དཔྱད་ཟིན་པས་བརྟགས་ཟིན་བརྟག་པས་ཅི་ཞིག་བྱ། ཆོ་འཕྲུལ་ཆེན་པོ་བསྟན་པའི་ཟླ་བའི་ངོས་འཛིན་མཆུ་དང་དབོའི་ཟླ་བ་ལ་བྱེད་པ་ལུགས་གཉིས་བྱུང་བ་ཁྱེད་གང་འདོད། འཐད་པའི་ཕྱོགས་ལ་སྒྲུབ་བྱེད་དང་། མི་འཐད་པའི་ཕྱོགས་ལ་གནོད་བྱེད་ཇི་ལྟར་བརྗོད་ཅེ་ན། ཁ་ཅིག་མདོ་ལས། དགུན་ཟླ་ཐ་ཆུང་གི་ཚེས་གཅིག་གི་ཉིན་མོ་སངས་རྒྱས་ཆོ་འཕྲུལ་འགྲན་པའི་གནས་སུ་ཞེས་གསུངས་ཤིང་། འབྲོམ་སྟོན་པའི་ཞལ་ནས། སྐར་མ་རྟ་རྒྱུ་བའི་ཟླ་བ་ལ་ཆོ་འཕྲུལ་ཆེན་པོའི་དུས་མཆོད་གྱིས་ཤིག །ཅེས་གསུངས་པས། མཆུའི་ཟླ་བ་འདི་ཉིད་ཆོ་འཕྲུལ་ཆེན་པོའི་དུས་མཆོད་ཀྱི་ཟླ་བ་ཡིན་ཟེར། གཞན་དག་ན་རེ། མཛངས་བླུན་རྒྱ་ནག་ནས་འགྱུར་བ་ལས། དཔྱིད་ཟླ་ར་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ལ་ཆོ་འཕྲུལ་ཆེན་པོ་བསྟན་པར་གསུངས་ཤིང་། མདོ་སྡེ་ཉི་མའི་སྙིང་པོ་དང་། འདུལ་བ་དང་། དུས་འཁོར་བ་རྣམས་ཀྱི་ལུགས་ལ། དབོའི་ཟླ་བ་འདི་ཉིད་དཔྱིད་ཟླ་ར་བ་ཡིན་པས། དབོའི་ཟླ་བ་འདི་ཉིད་ཆོ་འཕྲུལ་ཆེན་པོའི་དུས་མཆོད་ཀྱི་ཟླ་བ་ཡིན་ནོ། །འོ་ན། རྒྱ་གར་དུ་དུས་ཕྱིས་མཆུའི་ཟླ་


DLL1006_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་དུས་མཆོད་དར་བ་ཅི་ཡིན་ཞེ་ན། རྒྱ་གར་བའི་རྒྱལ་པོ་ཞིག་ཡུལ་གཞན་དུ་དམག་འདྲེན་པའི་དུས་ཀྱིས་ཐུག་ནས། མཆུའི་ཟླ་བ་ལ་སྔ་སྣུར་དུ་དུས་མཆོད་བྱས་ཏེ་ཡུལ་གཞན་དུ་དམག་དྲངས་པ་ལེགས་པ་ལ་བརྟེན་ནས། ཕྱིན་ཆད་མཆུའི་ཟླ་བ་ལ་དུས་མཆོད་དར་བ་ཡིན་ནོ་ཞེས་ཟེར། མདོ་ནས་མི་མཐུན་པ་གཉིས་བྱུང་བ་དེ་ཡང་འགྱུར་ཀྱི་ཁྱད་ཡིན་ལ། རྒྱུ་མཚན་ཡང་དག་མ་མཐོང་བར་ཕྱོགས་གཅིག་མཐོང་བ་རྒྱུ་མཚན་དུ་བྱས་ནས། ཅིག་ཤོས་འགོག་པ་མི་འཐད་ཅིང་། རང་རང་གི་ཡིད་ཆེས་པའི་སྟེང་ནས་དུས་མཆོད་བསྒྲུབས་པས། བསོད་ནམས་དཔག་ཏུ་མེད་པ་འབྱུང་བའང་ཡིན་མོད། ཁོ་བོ་ནི་དཔའ་ལྡན་བླ་མའི་རྗེས་སུ་འབྲང་ངོ་། ། དབུ་མ་རྩ་ཤེའི་འགྲེལ་པ་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་སྔོན་ནས་རྩོལ་མེད་ཡིན་པ་ལ། དིང་སང་རང་འགྲེལ་མ་ཡིན་པར་འདོད་པ་མང་བ་ཞིག་བྱུང་བ། རང་འགྲེལ་མ་ཡིན་ན་འགྲེལ་པ་འདིའི་མཛད་པ་པོ་སུ་ཡིན། རང་འགྲེལ་མ་ཡིན་པ་ལ་སྒྲུབ་བྱེད་ལྟར་སྣང་མིན་པ་བཀོད་པར་རིགས་སོ་ཞེ་ན། རང་འགྲེལ་ཡིན་པར་སྔོན་ནས་རྩོད་པ་མེད་པར་གྲུབ་ན། འདི་རང་འགྲེལ་ཡིན་པར་རྩ་ཤེའི་དགོངས་པ་འགྲེལ་བའི་སྐྱེས་བུ་ཆེན་པོ། ཨཱརྱ་དེ་བ། སངས་རྒྱས་བསྐྱངས། ལེགས་ལྡན། ཟླ་གྲགས། ཞི་བ་འཚོ། ཡེ་ཤེས་སྙིང་པོ་གང་གིས་འདི་རང་འགྲེལ་ཡིན་པར་བཤད་སྨྲ་དགོས་སོ། །འདི་རང་འགྲེལ་མ་ཡིན་ཏེ། རང་འགྲེལ་ཡིན་ན། རྩ་ཤེའི་ཚིག་དང་དོན་གྱི་འགྲེལ་ཚད་ཚད་ལྡན་རྣམས་ཀྱིས་འདི་ཁུངས་སུ་འདྲེན་རིགས་པ་གང་ཞིག །འགྲེལ་མཛད་ཚད་ལྡན་རྣམས་ཀྱིས་འདི་ཁུངས་སུ་དྲངས་པ་ཙམ་དུ་མ་ཟད། རབ་བྱེད་དང་པོའི་གཞུང་འདི་རྣམས་ལ་ག་ལས་འཇིགས་མེད་དང་


DLL1006_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་གཞན་རྣམས་འཆད་ཚུལ་དང་འཆད་པའི་གོ་རིམས་ཀྱང་ཤིན་ཏུ་མི་མཐུན་པའི་ཕྱིར། གཞན་ཡང་འདི་རང་འགྲེལ་མ་ཡིན་ཏེ། འགྲེལ་པ་བུདྡྷ་པཱ་ལི་ཏ་ནི་སངས་རྒྱས་བསྐྱངས་ཀྱིས་མཛད་པར། ལེགས་ལྡན་དང་ཟླ་བའི་ཞབས་གཉིས་ཀས་མཐུན་པར་བཞེད་ལ། རབ་བྱེད་ཐ་མ་བཞི་གའི་འགྲེལ་པ་ག་ལས་འཇིགས་མེད་ལས། བམ་གྲངས་ཀྱི་མིང་མི་མཐུན་པ་ཙམ་ལས་བུདྡྷ་པཱ་ལི་ཏའི་རབ་བྱེད་ཐ་མ་བཞིའི་འགྲེལ་པའི་ཚིག་རིགས་ཇི་ལྟ་བ་བཞིན་བྲིས་པ་མ་གཏོགས། ནུས་པ་ལྷག་པོ་ཏིལ་ཙམ་ཡང་མི་འདུག་པའི་ཕྱིར་རོ། །འདི་རང་འགྲེལ་ཡིན་ན། རྩ་ཤེའི་ཚིག་དང་དོན་འགྲེལ་མཛད་རྣམས་ཀྱིས་འདི་ཁུངས་སུ་འདྲེན་རིགས་པ་ཡིན་ཏེ། དཔལ་ལྡན་ཟླ་བས། བཞི་བརྒྱ་པ་དང་། བུདྡྷ་པཱ་ལི་ཏ་དང་། ལེགས་ལྡན་གྱིས་ལེགས་པར་བཤད་པའི་ཆ་དང་། རྩོད་ཟློག་གི་རང་འགྲེལ་སོགས་ནས་ལུང་དྲངས་པའི་ཕྱིར་རོ། །འཆད་ཚུལ་དང་འཆད་པའི་གོ་རིམས་ཀྱང་མི་མཐུན་ཏེ། མཆོད་བརྗོད་ཀྱི་སྐབས་སུ། སྐྱེ་བ་མེད་པ་འགག་མེད་པ། ཞེས་སྨོས་རིགས་པ་ལ། འགག་པ་མེད་པ་སྐྱེ་མེད་པ། །ཞེས་སྨོས་པ་ཅི་ཡིན་ཞེས་པའི་ལན་དུ་སངས་རྒྱས་བསྐྱངས་དང་། ལེགས་ལྡན་དང་། ཟླ་བས། གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་ཕྱི་བ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་འཆད་པར་འགྱུར་བ་བཞིན་དུ། འཁོར་བ་སྤྱི་ཙམ་གྱི་སྐྱེ་འཆི་ལ་གོ་རིམ་མཐའ་གཅིག་ཏུ་མ་ངེས་པར་བསྟན་པའི་ཕྱིར་དུ། འགག་པ་མེད་པ་སྐྱེ་མེད་པ། །ཞེས་སྨོས་པའི་ལན་མཛད་ལ། ག་ལས་འཇིགས་མེད་ཀྱིས་སྐྱེ་བ་སྔར་སྨོས་པར་རིགས་མོད། སྡེབ་སྦྱོར་གྱི་དབང་གིས་འགག་པ་མེད་པ་སྔར་སྨོད་ཞེས་ལན་བཏབ་པའི་ཕྱིར་དང་། གཞན་ཡང་།


DLL1006_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་མེད་པ་ཞེས་པའི་བཤད་པའི་རྣམ་གྲངས་འགྲེལ་པ་གཞན་དང་མི་མཐུན་པ་མང་པོ་མཛད་པར་སྣང་། བཤད་པའི་གོ་རིམ་ཡང་མི་མཐུན་ཏེ། ག་ལས་འཇིགས་མེད་ལས། འགག་པ་མེད་དེ། སྐྱེ་བ་མེད་པའི་ཕྱིར་རོ། །སྐྱེ་བ་མེད་དེ། འགག་པ་མེད་པའི་ཕྱིར་རོ། ། སྐྱེ་བ་མེད་པའི་རྒྱུ་མཚན། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །དེའི་རྟགས་སྒྲུབ་པ་ལ། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །ཞེས་པས་བདག་སྐྱེ་མེད་པར་སྒྲུབ་ལ། བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པར་ག་ལ་འགྱུར། །ཞེས་པས་གཞན་སྐྱེ་མེད་པར་སྒྲུབ་ཅིང་། བདག་གཞན་རེ་རེ་ལས་སྐྱེ་བ་མེད་པས། གཉིས་ཀ་ལས་སྐྱེ་བ་མེད་པར་གྲུབ་ལ། རྒྱུ་མེད་ལས་སྐྱེ་བ་ནི་ཐ་ཆད་པས། མཐའ་བཞིའི་སྐྱེ་བ་མེད་པར་བསྟན་པ་ལ། རྐྱེན་རྣམས་བཞི་སྟེ། ཞེས་སོགས་ཀྱི་རྩོད་པ་བཀོད་ནས། དེའི་ལན་དུ། བྱ་བ་རྐྱེན་དང་ལྡན་མ་ཡིན། །རྐྱེན་དང་མི་ལྡན་བྱ་བ་མེད། །ཅེས་པས་རྐྱེན་བཞིས་རྣམ་ཤེས་སྐྱེས་པའི་བྱ་བ་ལ་རྐྱེན་དང་ལྡན་མི་ལྡན་བཀག །བྱ་བ་མི་ལྡན་རྐྱེན་མ་ཡིན། །བྱ་ལྡན་ཡོད་འོན་ཏེ་ན། །ཤེས་པས་རྐྱེན་ལ་ཡང་བྱ་བ་ལྡན་མི་ལྡན་དང་། གཉིས་ཀ་དང་གཉིས་ཀ་མིན་པ་བཀག་ཅེས་སོགས་འཆད་པར་བྱེད་དོ། །དེས་ན་འགྲེལ་པ་འདི་ནི་སློབ་དཔོན་ལ་ཁ་གཡར་བྱས་པ་ཡིན་ནོ། །འོ་ན་འདིའི་མཛད་པ་པོ་གང་ཞེ་ན། ཁ་ཅིག་ན་རེ་ག་ལས་འཇིགས་མེད་འགྲེལ་པ་བྱེད་པ་པོའི་མིང་ཡིན་ཏེ། བུདྡྷ་པཱ་ལི་ཏ་བཞིན་ཞེས་ཟེར་རོ། །ཁ་ཅིག་ན་རེ། ག་ལས་འཇིགས་མེད་རང་འགྲེལ་ཡིན་ཏེ། སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་འགོག་པ་ན། དངོས་པོ་རྣམས་


DLL1006_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་པའི་ཕྱིར། ཞེས་གསུངས་པ་ལ། ལེགས་ལྡན་གྱིས་འདི་ལ་གཞན་ནི་དངོས་པོ་རྣམས། བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་འདོད་པ་བཀོད་ནས། དེ་འགོག་པའི་སྐབས་སུ། སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས། འདི་ལ་ཞེས་བྱ་བ་ནི་བདག་སྐྱེ་འགོག་པ་འདི་ལའོ། །གཞན་ནི་ཞེས་བྱ་བ་ནི། བསྟན་བཅོས་འདིའི་འགྲེལ་པ་བྱེད་པ་ནི་མང་སྟེ། འདི་ལྟ་སྟེ། སློབ་དཔོན་གྱི་ཞལ་མངའ་ནས་དང་། གནས་བརྟན་བུདྡྷ་པཱ་ལི་ཏ་དང་། ཙནྡྲ་ཀཱིརྟི་དང་། དེ་བ་ཤྲ་མ་དང་། གུ་ན་ཤྲི་དང་། གུ་ན་མི་ཏྲ་དང་། སྠི་ར་མ་ཏི་དང་། སློབ་དཔོན་ལེགས་ལྡན་འབྱེད་ཉིད་ལ་ཐུག་པའི་བར་དག་ཡོད་པ་ལས། གཞན་པ་སྟེ་གནས་བརྟན་བུདྡྷ་པཱ་ལི་ཏ་དང་སྦྱར་རོ་ཞེས་བཤད་ལ། ག་ལས་འཇིགས་མེད་མ་གཏོགས་པ་སློབ་དཔོན་གྱིས་མཛད་པའི་རྩ་ཤེའི་འགྲེལ་པ་མེད་པའི་ཕྱིར་ཞེས་ཟེར་རོ། །སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས་དེ་སྐད་དུ་བཤད་མོད། འདི་ནི་མི་ཤེས་པ་ཞིག་གིས་འགྲེལ་པ་དེར་བཅུག་པར་སྣང་ངོ་། ། སྔ་རབས་པ་རྣམས་ཀྱིས། རིགས་ཚོགས་དྲུག་ལ་ཐ་སྙད་གྲུབ་པ་བགྲངས་ཤིང དིང་སང་རིགས་ཚོགས་དྲུག་ལ་དབུ་མ་རིན་ཆེན་ཕྲེང་བ་བགྲོད་པ་ཇི་ལྟར་རིགས་ཞེ་ན། སྤྱིར་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོན་བཅོས་ལ། རིག་གནས་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས། ཐུན་མོང་མིན་པ་ལ་ཡང་། སྔགས་དང་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་གཉིས། ཕྱི་མ་ལ། དོན་དམ་པའི་རྣམ་གཞག་དང་། ཐ་སྙད་ཀྱི་རྣམ་གཞག་གཙོ་བོར་སྟོན་པ་གཉིས། དོན་དམ་པའི་


DLL1006_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཞག་སྟོན་པ་ལ་ཡང་། ལུང་གིས་སྟོན་པ་དང་། རིགས་པས་གཏན་ལ་འབེབས་པ་གཉིས། རིགས་པས་གཏན་ལ་འབེབས་པ་ལ་དབུ་མ་རིགས་པའི་ཚོགས་དྲུག་མཛད་དོ། །དབུ་མ་རིགས་པའི་ཚོགས་ཞེས་པའི་དོན་ནི། ཡུམ་གྱི་མདོ་ལས་བསྟན་པ་བཞིན། རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མའམ། སྟོང་ཉིད་རིགས་པར་རྒྱས་པར་གཏན་ལ་འབེབས་པའི་གཞུང་ལ་དབུ་མ་རིགས་པའི་ཚོགས་ཞེས་བྱ་ལ། དེ་ལྟར་ན་རིན་ཆེན་ཕྲེང་བ་ནི་དབུ་མ་རིགས་པའི་ཚོགས་སུ་བགྲང་རིགས་ཏེ། འདིས་འཁོར་བའི་རྩ་བ་བདག་འཛིན་དུ་བསྟན་ནས། བདག་འཛིན་སྤང་བའི་ཕྱིར་དུ་བདག་འཛིན་གྱི་ཡུལ་གང་ཟག་གི་བདག་མེད་པར་རིགས་པས་རྒྱས་པར་གཏན་ལ་འབེབས་པ་ཡིན་པའི་ཕྱིར། ཐ་སྙད་གྲུབ་པ་ནི་དབུ་མ་རིགས་པའི་ཚོགས་སུ་བགྲང་མི་རིགས་ཏེ། དེས་སྟོང་ཉིད་རིགས་པས་རྒྱས་པར་གཏན་ལ་འབེབས་པ་མིན་གྱི། རང་བཞིན་གྱིས་མེད་ན་བོང་བུའི་རྭ་བཞིན་དུ། ཐ་སྣད་ཀྱི་རྣམ་གཞག་མི་འཐད་པར་རྒོལ་བ་ལ། རང་བཞིན་གྱིས་མེད་པ་ལ་རྟེན་འབྲེལ་དུ་རུང་བས། ཐ་སྙད་ཀྱི་རྣམ་གཞག་ཤིན་ཏུ་འཐད་པར་གྲུབ་པ་ཡིན་ནོ་ཞེས་སྟོན་པའི་ཕྱིར་རོ། །ཐ་སྙད་གྲུབ་པ་ཞེས་པའི་མིང་ཉིད་ཀྱིས་ཀྱང་སྟོང་ཉིད་རྒྱས་པར་མི༌སྟོན་པར་གོའོ། །གཞན་ཡང་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་དང་། ཐ་སྙད་གྲུབ་པ་དབུ་མ་རིགས་པའི་ཚོགས་ལ་བགྲང་བ་དཔལ་ལྡན་ཟླ་བ་གྲགས་པའི་བཞེད་པ་མ་ཡིན་ཏེ། ཚིག་གསལ་གྱི་མཇུག་ཏུ། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ཚིག་ལེར་བྱས་དེ་དང་། རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་


DLL1006_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པ་རྣམ་པར་ཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་། །བརྒྱ་པ་ལ་སོགས་དེ་དག་ཀྱང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། །སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱི་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ནས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་གང་ཡང་། །དེ་དག་བསྡོམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་ཟབ་མོའི་མདོ་དང་། སློབ་དཔོན་གྱིས་མཛད་པའི་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་དང་། དེའི་དགོངས་པ་འགྲེལ་པའི་བསྟན་བཅོས་འདི་དང་། འདི་མཐོང་བ་ལ་བརྟེན་ནས་ཚིག་གསལ་བརྩམས། ཞེས་གསུངས་ཀྱི། ག་ལས་འཇིགས་མེད་དང་ཐ་སྙད་གྲུབ་པ་མཐོང་ནས་ཞེས་མ་གསུངས་པའི་ཕྱིར་རོ། །དིང་སང་གི་དབུ་མ་པ་ཕལ་ཆེར་འདོད་པ་ལྟར་གཞི་གྲུབ་ན། རྟེན་ཅིང་འབྲེལ་འབྱུང་ཡིན་པས་ཁྱབ་བམ་ཇི་ལྟར་འདོད་ཅེ་ན། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཞེས་པའི་སྐབས་ནས་བསྟན་པའི་ཁྱད་གཞིའི་རྟེན་འབྲེལ་ནི་འདུས་བྱས་སུ་བཞེད་དེ། ཚིག་གསལ་ལས། དངོས་པོ་རྣམས་ཀྱི་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏོ། །ཞེས་གསུངས། དེ་ལྟར་བསྟན་པའི་དགོས་པ་ཡང་། དངོས་པོ་རྣམས་རྒྱུ་མེད་དང་། རྒྱུ་གཅིག་བུ་དང་། མི་མཐུན་པའི་རྒྱུ་དང་། བདག་གཞན་གཉིས་ཀ་ལས་སྐྱེ་བ་བཀག་ནས། རྒྱུ་དང་རྐྱེན་ལས་སྐྱེས་པར་གྲུབ་པས། ཀུན་རྫོབ་ཀྱི་བདེན་པ་གྲུབ་ལ། དེ་ཉིད་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་སོགས་པར་བསྟན་པས་དོན་དམ་པའི་བདེན་པ་གྲུབ་ཅིང་། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེདཔའི་


DLL1006_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་དང་། དེ་ཉིད་ལ་བྱ་བྱེད་ཐམས་ཅད་འཐད་པའི་བདེན་པ་གཉིས་པོ་འདི་རྩ་བ་ཤེས་རབ་ཀྱི་བརྗོད་བྱ་ཡིན་ཞེས་གོ་བར་འགྱུར་རོ། །སྤྱིར་རྟེན་འབྲེལ་ལ་འདུས་བྱས་ཡིན་པས་མ་ཁྱབ་སྟེ། ཚིག་གསལ་ལས། ཕྲད་བལྟོས་རྟེན་གསུམ་རྣམ་གྲངས་པར་གསུངས་པས། བརྟེན་པའི་དོན་ཤེས་བྱ་ཐམས་ཅད་ལ་ཡོད་ལ། འབྱུང་བ་སྐྱེ་བ་ལ་བྱས་ན་འདུས་བྱས་ཁོ་ན་ཡིན་ཡང་། དེ་ལ་བརྟེན་ནས་གྲུབ་པ་ཡང་དེ་ལ་བརྟེན་ནས་འབྱུང་བའི་དོན་དུ་གསུངས་པ་ཡོད་དེ། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་ལས་དང་བྱེད་པ་པོ་ཕན་ཚུན་བརྟེན་ནས་འབྱུང་བར་གསུངས་ཀྱང་། ཕན་ཚུན་སྐྱེད་བྱེད་མིན་པ་དང་། དེ་བཞིན་དུ་ཚད་མ་དང་གཞལ་བྱ་བསྒྲུབ་བྱ་སྒྲུབ་བྱེད་ཕན་ཚུན་བརྟེན་ནས་འབྱུང་བར་གསུངས་ཀྱང་། ཕན་ཚུན་སྐྱེད་བྱེད་མིན་པ་དང་། འདི་ཡོད་ན་ནི་འདི་འབྱུང་སྟེ། །ཐུང་ངུ་ཡོད་ན་རིང་པོ་བཞིན། །ཞེས་ཐུང་ངུ་ལ་བརྟེན་ནས་རིང་པོར་འབྱུང་ཡང་། ཐུང་ངུ་རིང་པོའི་སྐྱེ་བྱེད་མིན་པ་བཞིན་ནོ། །དེས་ན་ཆོས་ཐམས་ཅད་རྟེན་འབྱུང་ཡིན་ཏེ། རང་གི་ལྟོས་ས་ལ་བརྟེན་ནས་འབྱུང་བའི་ཕྱིར་ཏེ། དེ་ལ་བརྟེན་ནས་གྲུབ་པའི་ཕྱིར། ཁྱབ་པ་བསྒྲུབས་ཟིན། དེ་ལ་དགོངས་ནས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ལ། འདིའི་མཚམས་སྦྱོར་དུ། སྟོང་པ་ཉིད་དང་བརྟེན་ནས་བཏགས་པ་དང་དབུ་མའི་ལམ་ཞེས་བྱ་བ་འདི་དག་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་མིང་གི་རྣམ་གྲངས་སོ། །


DLL1006_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། ཕྱི་འགྲེལ་དུ། རྟེན་ཅིང་འབྲེལ་པར་འབྲུང་བ་མིན་པའི་ཆོས་འགའ་ཡོད་པ་མ་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་སྟོང་པ་ཡིན་པའི་ཕྱིར། སྟོང་པ་མ་ཡིན་པའི་ཆོས་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། ། ཁ་ཅིག་ན་རེ། སློབ་དཔོན་ལེགས་ལྡན་ནི་རྟེན་འབྱུང་ཡིན་ན། འདུས་བྱས་ཡིན་པས་ཁྱབ་པར་བཞེད་དེ། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པའི་དོན། ཕྱི་ནང་གི་ཆོས་རྣམས་ཆོས་ཅན། ངོ་བོ་ཉིད་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མའི་སྐྱེས་བུ་བཞིན་ཞེས་བཀོད་ནས། དེ་རྟགས་ཡང་དག་མ་ཡིན་ཏེ། མཐུན་པའི་ཕྱོགས་ནམ་མཁའ་སོགས་ལ་རྟེན་འབྱུང་ཡིན་པ་མ་གྲུབ་པའི་ཕྱིར། ཞེས་རྩོད་པ་བཀོད་ནས། དེ་ལ་རྟགས་མ་གྲུབ་ཀྱི་ལན་མ་བཏབ་པར། ཁྱབ་པ་མ་གྲུབ་སྟེ། དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་རྩོལ་བྱུང་རྟགས་སུ་བཀོད་པའི་ཚེ། རྩོལ་བྱུང་དེ་མཐུན་ཕྱོགས་གློག་ལ་སོགས་པ་ལ་མེད་ཀྱང་། དུང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་བཞིན་ཞེས་ལན་བཏབ་པའི་ཕྱིར་དང་། མཆོད་བརྗོད་ཀྱི་སྐབས་སུ། རྟེན་ཅིང་འབྲེལ་བར་འབྱུང་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པ་ལ་ནི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བཤད་པའི་ཕྱིར་ཞེས་ཟེར་རོ། ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཁོང་ཁྲོས་བསྐལ་པ་སྟོང་དུ་བསགས་པའི་དགེ་རྩ་འཇོམས་པར་གསུངས་པ་དང་། དབུ་མ་འཇུག་པ་ལས། བསྐལ་པ་བརྒྱར་བསགས་པའི་དགེ་རྩ་འཇོམས་པར་གསུངས་པ། བསྐལ་པ་སྟོང་དང་བརྒྱར་གསུངས་པ་གང་གང་ལ་དགོངས་ཞེ་ན། འཇུག་


DLL1006_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པར། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་པའི་འགྲེལ་པར། བྱང་སེམས་བདག་ཉིད་ཆེན་པོས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ། ཡུལ་དེ་བྱང་སེམས་སུ་ངེས་སམ་མ་ངེས་ཀྱང་རུང་སྟེ། བདེན་པ་དང་མི་བདེན་པའི་ཉེས་པ་ལྷག་པར་སྒྲོ་བཏགས་ནས། ཁོང་ཁྲོའི་བསམ་པ་སྐད་ཅིག་ཙམ་བསྐྱེད་ན་ཡང་། བསྐལ་པ་བརྒྱར་བསགས་པའི་བསོད་ནམས་ཀྱི་ཚོགས་སྦྱིན་པ་དང་ཚུལ་ཁྲིམས་གོམས་པ་འཇོམས་ན། བྱང་སེམས་མིན་པས་བྱང་སེམས་ལ་ཁྲོས་པ་ལྟ་ཅི་སྨོས། ཞེས་གསུངས་ལ། དེའི་ཤེས་བྱེད་དུ། འཇམ་དཔལ་རྣམ་པར་རོལ་བའི་མདོ་ལས། འཇམ་དཔལ་ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བ་ཉེ་བར་འཇོམས་པར་བྱེད་པ་དེའི་ཕྱིར་ཁོང་ཁྲོ་བ་ཞེས་བྱའོ། །ཞེས་གསུངས་པ་དྲངས། འདིར་བྱང་སེམས་བདག་ཉིད་ཆེན་པོས་བྱང་སེམས་ལ་ཁྲོས་ན་ཞེས་གསུངས་པས། སོ་སྐྱེའི་བྱང་སེམས་སྟོབས་ཆེ་བས་ཆུང་བ་ལ་ཁྲོས་ན། བསྐལ་པ་བརྒྱར་བསགས་པའི་སྦྱིན་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་རྩ་འཇོམས། སྤྱོད་འཇུག་གི་དགོངས་པ་ནི། བྱང་སེམས་མིན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་ཁྲོས་ན། བསྐལ་པ་སྟོང་དུ་བསགས་པའི་དགེ་རྩ་འཇོམས་པར་མངོན་ནོ། །འོན་ཀྱང་འདི་ལྟ་བུ་དངོས་སྟོབས་ཀྱི་རིགས་པས་མི་འགྲུབ་པས། དཔྱད་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་ཤེས་པར་བྱའོ། །དགེ་རྩ་གཅོད་པར་གསུངས་པ་རྣམ་སྨིན་རྒྱང་བསྲིངས་པ་ལ་དགོངས་སམ། དགེ་བའི་ས་བོན་གཅོད་པ་གང་ཡིན་


DLL1006_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། མཁས་པ་ཁ་ཅིག་ན་རེ། ཁོང་ཁྲོས་དགེ་རྩ་གཅོད་པའི་དོན་ནི་དགེ་རྩ་དེའི་འབྲས་བུ་འབྱིན་པ་ཡིན་གྱི། ད་གཟོད་རྐྱེན་དང་ཕྲད་ན་རང་རང་གི་འབྲས་བུ་མི་འབྱིན་པ་ནི་མ་ཡིན་ཏེ། ཁོང་ཁྲོས་དགེ་བའི་ས་བོན་སྤོང་བ་མི་སྲིད་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་ཁྱབ་པ་མ་ངེས་ཏེ། སོ་སྐྱེས་གཉེན་པོ་སྟོབས་བཞིས་མི་དགེ་བ་སྦྱངས་པའི་དག་པ་དེ། མི་དགེ་བ་དེའི་ས་བོན་སྤངས་པ་མིན་ཡང་གང་སྤངས་པའི་མི་དགེ་བ་དེ་ད་གཟོད་རྐྱེན་དང་ཕྲད་ཀྱང་རྣམ་སྨིན་མི་འབྱིན་པའི་ཕྱིར་དང་སྦྱོར་ལམ་བཟོད་པ་ཐོབ་པའི་ཚེ་ལས་ཉན་གྱི་དབང་གིས་ངན་སོང་དུ་སྐྱེ་བའི་ས་བོན་མ་སྤངས་ཀྱང་། རྐྱེན་དང་ཕྲད་ན་ཡང་ལས་ཉོན་གྱི་དབང་གིས་ངན་སོང་དུ་སྐྱེ་མི་སྲིད་པའི་ཕྱིར། དགེ་བའི་རྣམ་སྨིན་རྐྱང་བསྲིངས་པ་ཙམ་གྱིས་དགེ་རྩ་འཇོམས་པར་འཇོག་ན། དགེ་བའི་ལས་སྟོབས་ཆེ་བ་རྣམས་དགེ་རྩ་སྟོབས་ཆུང་བ་འཇོམས་བྱེད་དང་། མི་དགེ་བ་སྟོབས་ཆེ་བ་རྣམས་མི་དགེ་བ་སྟོབས་ཆུང་བ་འཇོམས་བྱེད་དུ་འགྱུར་ཏེ། སྟོབས་ཆེ་བ་དེས་སྟོབས་ཆུང་བ་དེ་རྣམ་སྨིན་འབྱིན་པ་རྒྱང་བསྲིངས་ནས། སྔོན་ལ་སྟོབས་ཆེ་བ་དེའི་འབྲས་བུ་འབྱིན་པའི་ཕྱིར་ཏེ། ལས་ཀྱིས་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཁོང་ཁྲོས་དགེ་བའི་ས་བོན་གཅོད་པ་ཡང་མ་ཡིན་ཏེ། དགེ་བའི་ས་བོན་མེད་པའི་སེམས་ཅན་མི་སྲིད་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར་རོ། །སྤྱོད་འཇུག་དང་འཇུག་པ་ལས། ཁོང་ཁྲོས་དགེ་རྩ་འཇོམས་ཞེས་གསུངས་ཀྱི། དགེ་རྩ་གཅོད་ཅེས་གསུངས་པ་མེད་དོ། །འོ་ན། ཁོང་ཁྲོས་དགེ་རྩ་འཇོམས་པའི་དོན་


DLL1006_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་ཞེ་ན། རྟོག་གེ་འབར་བ་ལས། གང་གི་ཚེ་དགེ་བ་ཡང་ལྟ་བ་ལོག་པ་དང་གནོད་སེམས་ཀྱིས་ཉམས་པར་གྱུར་པའམ། མི་དགེ་བ་ཡང་སྨོད་པ་དང་། སྡོམ་པ་དང་། འཆགས་པ་ལ་སོགས་པའི་གཉེན་པོས་སྟོབས་ཉམས་པར་གྱུར་པ་དེ་དག་ནི་རྐྱེན་ཚོགས་པ་ཡོད་དུ་ཟིན་ཀྱང་། དགེ་བ་དང་མི་དགེ་བའི་ས་བོན་གྱི་ནུས་པ་ཉམས་པ་གང་ལས་འབྲས་བུ་གང་ཞིག་འབྱུང་བར་འགྱུར། ཞེས་གསུངས་པ་ལྟར། ས་བོན་ཉམས་པ་རྐྱེན་དང་ཕྲད་ཀྱང་མྱུ་གུ་མི་འབྱུང་བ་བཞིན་དུ། ཁོང་ཁྲོས་གང་བཅོམ་པའི་དགེ་བ་དེ་ད་གཟོད་རྐྱེན་དང་ཕྲད་ཀྱང་རྣམ་སྨིན་འབྱིན་མི་ནུས་པ་ཡིན་ནོ། །ཁོང་ཁྲོས་དགེ་རྩ་འཇོམས་པའི་དོན་དེ་ལྟར་ཡིན་གྱི། ལོག་ལྟས་དགེ་རྩ་ཆད་པའི་གང་ཟག་གི་རྒྱུད་ལ་རེ་ཤིག་དགེ་བའི་སེམས་མངོན་གྱུར་མེད་པར་འགྱུར་བ་བཞིན་དུ། ཁོང་ཁྲོ་སྐྱེས་མ་ཐག་ནས་རྒྱུད་ལ་དགེ་བ་མེད་པར་འགྱུར་བ་མིན་ནོ། ། འོ་ན། གཉེན་པོ་སྟོབས་ཞིས་སྦྱངས་པའི་མི་དགེ་བས་རྣམ་སྨིན་མི་འབྱིན་པ་དང་། ཁོང་ཁྲོས་བཅོམ་པའི་དགེ་བས་རྣམ་སྨིན་མི་འབྱིན་ན། ལུས་ཅན་རྣམས་ཀྱི་ལས་འདི་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། ཞེས་དང་། མྱོང་ངེས་ཀྱི་ལས་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་གཉེན་ཕྱོགས་དང་མ་འབྲེལ་བ་ལ་དགོངས་ཞེས་བརྒྱད་སྟོང་འགྲེལ་ཆེན་ལས་གསུངས་པའི་ཕྱིར་རོ། །ལས་ཀྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ། །ཞེས་གསུངས་པ་དང་ཡང་མི་འགལ་ཏེ། དེ་ནི་དམུས་ལོང་ལ་སོགས་པ་ལས་ཀྱི་རྣམ་སྨིན་གྲུབ་ཟིན་གཉེན་པོས་མི་སྤོང་བ་ཙམ་ལ་དགོངས་པའི་ཕྱིར་རོ། །བསྔོ་བས་ཟིན་པའི་དགེ་རྩ་གཅོད་དམ་


DLL1006_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཅོད་ཇི་ལྟར་བཞེད་ཅེ་ན། བསྔོ་བས་ཟིན་པའི་དགེ་རྩ་འཇོམས་པ་ཡང་ཡོད་དེ། འཇུག་འགྲེལ་ལས། བྱང་སེམས་བདག་ཉིད་ཆེན་པོའི་དགེ་རྩ་ཁོང་ཁྲོས་འཇོམས་པར་གསུངས་པའི་ཕྱིར་རོ། །འོ་ན་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་རྒྱུར་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་སུངས་པ་དང་འགལ་ལོ་ཞེ་ན། རྣམ་སྨིན་ཕྱུང་བས་མི་འཛད་པ་ཡིན་གྱི། ཁོང་ཁྲོས་མི་འཛད་པ་མ་ཡིན་ནོ། །དེས་ན་ཁོང་ཁྲོ་ལ་དེ་ལྟ་བུའི་ཉེས་དམིགས་དང་། གཞན་ཡང་ཤིན་ཏུ་མང་པོ་གསུངས་ཤིང་། ཁོང་ཁྲོའི་ཡུལ་དེ་བྱང་སེམས་སུ་ངེས་མ་ངེས་དང་། ཁོང་ཁྲོ་བའི་རྒྱུ་མཚན་བདེན་མི་བདེན་འདྲ་བར་གསུངས་ལ། བྱང་སེམས་ཀྱང་གང་ན་ཡོད་རྟོགས་དཀའ་བས། ཁོང་ཁྲོ་སྤྱི་དང་ཁྱད་པར་དུ་བྱང་སེམས་དམིགས་པའི་ཁོང་ཁྲོ་འགོག་པ་ལ་འབད་པར་བྱའོ། ། མཛོད་ནས་གསུངས་པའི་རི་གླིང་མཚོ་སོགས་ཀྱིས། །འོག་བཞིའི་ཆུ་གསེར་ཁྱབ་པར་མ་ནོན་པར། །ཆུ་གསེར་ལྷག་པ་འདི་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། །མཛོད་ལས། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཞེས་གླིང་བཞི་པ་ཕྲག་གཅིག་གི་འོག་བཞིའི་ཚད་བཤད་པ་ལ། རི་དགུ། རོལ་མཚོ་བདུན་ཕྱིའི་རྒྱ་མཚོ་རྣམས་ཀྱི་ཚད་བསྡོམས་ཀྱང་། དཔག་ཚད་ཉིས་སྟོང་ལྔ་བརྒྱ་བདུན་ཅུ་དོན་ལྔས་མ་ནོན་པ་ལྟར་སྣང་ཡང་སྐྱོན་མེད་དེ། ཆུ་མཚམས་ཡན་གྱི་ཁོར་ཡུག་གི་འཐུག་རྔམས་ལ་དཔག་ཚད་གསུམ་བརྒྱ་དང་ཕྱེད་དང་བཅུ་གསུམ་ལས་མེད་ཀྱང་། ཁོར་ཡུག་གི་རང་བཞིན་བྱིན་གྱིས་གཞོལ་བས་ཞབས་རྒྱ་ཆེ་བས། ཆུ་གསེར་ཕལ་ཆེར་ནོན་


DLL1006_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འགལ་བ་མེད་པའི་ཕྱིར། དཔེར་ན། འཛམ་བུའི་གླིང་གི་ཆུ་མཚམས་ཡན་ཆད་ལ། འཛམ་བུའི་གླིང་སྟེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེ་དང་བཞི། །ཞེས་བཤད་ཀྱང་གླིང་འབྲུའི་ཕུང་པོ་ལྟར་ཞབས་རྒྱ་ཆེ་བ་ལ་དགོངས་ནས། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །ཞེས་འཛམ་བུའི་གླིང་འདིའི་འོག་དཔག་ཚད་ཉི་ཁྲི་ན་མནར་མེད་དང་། དེའི་ངོས་རེ་རེ་ལའང་དཔག་ཚད་ཉི་ཁྲི་རེ་ཡོད་པར་བཤད་པ་བཞིན་ནོ། །ཁོར་ཡུག་གི་ཞབས་ཀྱིས་ཆུ་གསེར་ཅུང་ཟད་མ་ནོན་ཀྱང་སྐྱོན་མེད་དེ། བརྟེན་པ་རྒྱ་ཆེ་ན་སྐྱོན་ཡོད་དུ་ཆུག་ཀྱང་རྟེན་རྒྱ་ཆེ་བ་ལ་སྐྱོན་མེད་པའི་ཕྱིར། དཔེར་ན། བརྟེན་པ་ཆུ་གསེར་གྱིས་རྟེན་རླུང་གི་དཀྱིལ་འཁོར་མ་ནོན་པ་བཞིན་ནོ། །འཇིག་རྟེན་འཆགས་པའི་དུས་ཀྱི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། ཆུའི་རྒྱུན་མཐའ་ཡས་པ་འབབ་པར་གསུངས་པ་ཕྱི་རོལ་ཏུ་མི་འབོ་བ་ནི། སྔ་རབས་པ་འགའ་ཞིག་ལས་ཀྱི་མཐུ་ཡིས་ཡིན་པར་འདོད་ཅིང་། ལ་ལས་ནི་ཟས་མ་ཞུ་བ་ལོང་དུ་མི་ལྟུང་བ་བཞིན། རྟེན་འབྲེལ་གྱི་དབང་གིས་ཡིན་ཞེས་ཟེར་བ་ལ། ཁྱེད་འདི་གཉིས་གང་འདོད་ཅེ་ན། ཁོ་བོས་ནི་འདི་གཉིས་འདོད་པ་མི་མཐུན་པ་སོ་སོ་བ་ཡིན་པར་མ་གོ་སྟེ། མཛོད་འགྲེལ་ལས། ཇི་ལྟར་ན་ཆུ་དེ་དག་ཐད་ཀར་མི་འབོ་ཞེ་ན། ཁ་ཅིག་ན་རེ། སེམས་ཅན་གྱི་ལས་ཀྱི་དབང་གིས་ཏེ། དཔེར་ན། བཟའ་བ་དང་བཏུང་བ་ཟོས་པ་དང་འཐུངས་པ་མ་ཞུ་བ་ལོང་ཁར་མི་ལྟུང་བ་བཞིན་ནོ་ཞེས་ཟེར་རོ་ཞེས་པ་དང་འདི་གཉིས་ཀ་དོན་གཅིག་ཏུ་སྣང་བའི་ཕྱིར་རོ། །དེ་ནི་ཐད་ཀར་མི་འབོ་བར་བྱེད་པའི་རླུང་གི་དཀྱིལ་འཁོར་མེད་ཀྱང་། ཐད་ཀར་མི་འབོ་བར་འདོད་པའི་ལུགས་སུ་སྣང་བས་དེ་མི་


DLL1006_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོ། །འོ་ན། དེ་ལས་གཞན་པའི་སྒྲུབ་བྱེད་ཡོད་དམ་མེད་སྙམ་ན། མཛོད་འགྲེལ་ལས། སྡེ་པ་གཞན་དག་ན་རེ། རྗང་གི་ཚུལ་དུ་རླུང་གིས་འཛིན་ཏོ་ཞེས་ཟེར་རོ་ཞེས་དང་། སློབ་དཔོན་འཕགས་པས། རླུང་དེ་ཡང་རྣམ་པ་གཉིས་ཏེ་འོག་གཞི་ན་གནས་པ་དང་གློ་ན་གནས་པའོ། །དེས་ཆུ་དེ་དག་ཐད་ཀར་ཡང་མི་འབོ་ལ་འཐུར་དུ་ཡང་མི་འཛག་གོ །ཞེས་གསུངས་པ་གཉིས་དོན་གཅིག་པས་འདི་ཉིད་ཁས་ལེན་ཏོ། །རླུང་རྐྱང་པ་ལ་དེ་ཙམ་གྱི་ནུས་པ་འབྱུང་བ་ཅི་ཡིན་ཞེ་ན། རླུང་ཤས་ཆེ་བས་རླུང་གི་དཀྱིལ་འཁོར་ཞེས་བརྗོད་ཀྱི། འབྱུང་བ་བཞི་དང་འབྱུང་འགྱུར་བཞི་ཚང་བར་ངེས་པར་ཁས་བླང་དགོས་ཏེ། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། ཅེས་སོགས་གསུངས་པའི་ཕྱིར་རོ། །སྟོང་གསུམ་གྱི་ཁོར་ཡུག་ཆེན་པོའི་དཔངས་ཚད་ཇི་ཙམ་ཡོད་པར་རིགས་ཞེ་ན། ཁོར་ཡུག་ཆེན་པོ་དཔངས་ཚད་ཚངས་པའི་འཇིག་རྟེན་ཙམ་ཡོད་ལ། དེས་འཐོར་རླུང་ལ་སོགས་པའི་གནོད་པ་སྲུང་བ་ཡིན་ནོ་ཞེས་ཟེར་རོ།། །། གཟུགས་མེད་ཁམས་པ་ལ་དུས་འཁོར་ནས་གནས་གཞན་ལོགས་པ་གསལ་བར་གསུངས། ཕར་ཕྱིན་ཐེག་པ་ནས་གཟུགས་མེད་ཁམས་པ་ལ་གནས་གཞན་ལོགས་པ་ཨེ་གསུངས་ཞེ་ན། འགྲེལ་ཆེན་དྲི་མེད་འོད་ལས། རི་རབ་ཀྱི་གཙུག་ཏོར་གྱི་འོག་སྐྲའི་གནས་ཏེ། ཟད་པར་སྟོང་པ་རྣམ་པ་བཞི་བསྒོམས་པ་རྣམས་ཀྱིའོ། །ཞེས་གསུངས་མོད། དེ་ཙམ་གྱི་གཟུགས་མེད་ཁམས་པ་ལ་གནས་གཞན་ལོགས་པ་ཡོད་པར་མི་འགྲུབ་སྟེ། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །ཞེས་གསུངས་པ་བཞིན་དུ་མནར་མེད་པའི་དམྱལ་བ་ནས་སྲིད་རྩེའི་བར་གྱི་སེམས་ཅན་རྣམས་ཀྱི་སྐྱེ་བ་ལ། བཟང་


DLL1006_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ནམ་མཐོ་དམན་གྱི་ཁྱད་པར་ཡོད་པ་བཞིན་དུ་གང་དུ་སྐྱེ་བའི་གནས་ལ་ཡང་གནས་གཞན་གོང་འོག་གི་རིམ་པ་ཡོད་པའི་དབང་དུ་བྱས་ནས་འདི་ལྟ་བུ་ཞིག་འཐོབ་ཅེས་ཕྱི་ནང་སྦྱོར་བའི་དགོས་པའི་དབང་གིས་གསུངས་པ་ཡིན་གྱི། དངོས་གནས་ལ་གཟུགས་མེད་ཁམས་པ་ལ་གནས་གཞན་ལོགས་པ་མེད་པའི་ཕྱིར་ཏེ། གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་ལ་མ་ཉམས་པའི་གང་ཟག་དེ་གང་དུ་ཤི་འཕོས་པ་དེ་ཉིད་དུ། གཟུགས་མེད་ཀྱི་མིང་གཞིའི་ཕུང་པོ་གྲུབ་སྟེ་གནས་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། དེ་ལ་གནས་གཞན་(༢༣ན)ལོགས་པ་ཡོད་དོ་ཞེ་ན། དེ་ལྟ་ན་འདོད་པ་ནས་གཟུགས་མེད་ཁམས་སུ་སྐྱེ་བ་ལ་བར་དོ་ཡོད་པར་ཐལ། གཟུགས་མེད་ཁམས་ལ་གནས་གཞན་ལོག་པ་ཡོད་པའི་ཕྱིར། དེ་ལྟ་མིན་པར་གཟུགས་མེད་ཁམསཔ་ལ་དངོས་གནས་ལ། གནས་གཞན་ལོགས་པ་ཡོད་པའི་དབང་དུ་བྱས་ནས་བསྟན་པ་ཡིན་ན། གནས་གཞན་ལོགས་པ་ཡོད་པའི་གྱ་ནོམ་སྣང་ལ། སྐབས་འདིར་གནས་གཞན་ལོགས་པ་མི་སྟོན་པར་གཟུགས་མེད་ཁམས་པ་ལ་གནས་གཞན་ལོགས་པ་བསྟན་པས་ཅི་ཞིག་བྱ། ཕར་ཕྱིན་ཐེག་པ་ནས་གནས་གཞན་ལོགས་པ་གསུངས་པ་ཡོད་མེད་ལ། གཟུགས་མེད་ཁམས་ན་གཟུགས་མེད་དོ། །ཞེས་པའི་འགྲེལ་པར། ཁ་ཅིག་ན་རེ། གཟུགས་དང་བ་དང་བོང་ཚོད་ཆུང་བས་གཟུགས་མེད་ཅེས་བཤད་ཀྱི། གཏན་མེད་པ་ནི་མ་ཡིན་ཏེ། མདོ་ལས། ཚེ་དང་ཀྡན་པ་གསོས་པོ་ཆེ་ཚེ་གང་ཡིན་པ་དང་དྲོད་གང་ཡིན་པའི་ཆོས་འདི་དག་ནི་འདྲེས་པ་སྟེ་མ་འདྲེས་པ་མིན་ནོ། །ཞེས་དང་། ཤཱ་རིའི་བུ་འདམ་བུའི་གཤོག་གཉིས་གནམ་དུ་བསྒྲེངས་ཏེ་ཕན་ཚུན་བརྟེན་ཅིང་འདུག་པ་དེ་བཞིན་དུ། མིང་


DLL1006_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟུགས་ཀྱང་ཕན་ཚུན་བརྟེན་ཅིང་གནས་སོ། །ཞེས་དང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་ཏེ་གཟུགས་མེད་པ་ནའང་ཚེ་དང་མིང་དང་རྣམ་ཤེས་ཡོད་པའི་ཕྱིར་གཟུགས་ཡོད་དོ་ཞེས་ཟེར་རོ། །ཞེས་བཤད་ལ། འདི་ཕལ་ཆེན་པ་དང་གོས་དམར་སྡེ་པའི་ལུགས་ཡིན་པས། དེ་གཉིས་ཀྱི་ལུགས་ལ་གཟུགས་མེད་ཁམས་ན་གནས་གཞན་ལོགས་པ་ཡོད་པར་འདོད་པ་ཡིན་ནོ་ཞེས་ལ་ལ་ཟེར་མོད། གཟུགས་མེད་ཁམས་ན་གཟུགས་ཡོད་པར་འདོད་ན། གཟུགས་མེད་ཁམས་ན་གནས་གཞན་ལོགས་པ་ཡོད་པར་འདོད་པས་མ་ཁྱབ་སྙམ་མོ། །ཁ་ཅིག་ན་རེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་གཟུགས་མེད་ཁམས་ན་གནས་གཞན་ལོགས་པ་ཡོད་པར་བསྟན་པ་ཡོད་དེ། ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན། རི་མོའི་གཞི་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་ཞིག་ཡོད་པར་གྱུར་ལ། རི་མོའི་གཞི་ཆེན་པོ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིལ་གྱིས་རྫོགས་པར་བྲིས་ཏེ། འདི་ལྟར་ཁོར་ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ཆེན་པོ་བྲིས། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་བྲིས། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས་བྲིས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྲིས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི་རྒྱ་མཚོ་ཆེན་པོ་བྲིས། འཛམ་བུའི་གླིང་གི་ཚད་དུ་ནི་འཛམ་བུའི་གླིང་བྲིས། ཤར་གྱི་ལུས་འཕགས་གླིང་གི་ཚད་དུ་ནི་ཤར་གྱི་ལུས་འཕགས་གླིང་བྲིས། ནུབ་བ་ལང་སྤྱོད་ཀྱི་གླིང་གི་ཚད་དུ་ནི་ནུབ་ཀྱི་བ་ལང་སྤྱོད་


DLL1006_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གླིང་བྲིས། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཚད་དུ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་བྲིས། རི་རབ་ཀྱི་ཚད་དུ་ནི་རི་རབ་བྲིས། ས་བླ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་གི་ཚད་དུ་ནི་ས་བླ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་རྣམས་བྲིས། འདོད་པ་ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་གི་ཚད་དུ་ནི་འདོད་པ་ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་རྣམས་བྲིས། གཟུགས་ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་གི་ཚད་དུ་ནི་གཟུགས་ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་རྣམས་བྲིས། གཟུགས་མེད་པ་ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་གི་ཚད་དུ་ནི་གཟུགས་མེད་པ་ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་རྣམས་བྲིས་པར་གྱུར་ལ། རི་མོའི་གཞི་ཆུ་ཞེང་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་ཡོད་པ་དེ་རྡུལ་ཤིན་ཏུ་ཕྲ་བ་གཅིག་གི་ནང་དུ་བཅུག་པར་གྱུར་ལ། རྡུལ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་ཤིན་ཏུ་ཕྲ་བ་མ་ལུས་པ་ཐམས་ཅད་རེ་རེ་ལ་ཡང་དེ་ཙམ་གྱི་རི་མོའི་གཞི་ཆེན་པོ་རེ་ཡོད་པར་གྱུར་ཏེ། ཞེས་སོགས་དང་། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྒྱ་མཚོ་ཞེས་བྱ་བའི་མདོ་ལས། གཟུགས་མེད་པའི་ཁམས་ཀྱི་བར་གྱི་ལྷ་རྣམས་ཀྱིས་ཀྱང་མཚན་དེ་དག་མངོན་སུམ་དུ་འཁྲུལ་པ་མེད་པར་མཐོང་ངོ་། །གཟུགས་མེད་པའི་ཁམས་ཀྱི་བར་གྱི་ལྷ་དག་ཀྱང་མྱ་ངན་ལས་འདའ་བ་ལ་མི་སྐུར་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །ཞེས་གཟུགས་མེད་ཁམས་པས་སངས་རྒྱས་ཀྱི་མཚན་རྣམས་མངོན་སུམ་དུ་མཐོང་བར་གསུངས་པ་དང་། །མདོ་གཞན་ལས། གཟུགས་མེད་ཁམས་པས་སངས་རྒྱས་ལ་ཆོས་ཉན་པ་དང་མཆོད་པའི་ཕྱིར་དུ་འོངས་པར་བཤད་པའི་ཕྱིར་རོ། །འོ་ན་གཟུགས་མེད་ཁམས་པ་ལ་གཟུགས་


DLL1006_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། གཟུགས་མེད་ཁམས་པ་ལ་རྣམ་སྨིན་གྱི་ལུས་མེད། སྤྲུལ་པའི་ལུས་ཡོད་པའི་ཕྱིར་ཏེ། དོན་གསང་རྣམ་པར་ཕྱེ་བ་བསྡུས་པ་ལས། དེ་ལ་དབང་པོ་གཟུགས་ཅན་ཐམས་ཅད་ཉེ་བར་ལེན་པར་བྱེད་པ་ཉིད་ནི་འདོད་པ་དང་གཟུགས་ཀྱི་ཁམས་དག་ཏུ་ཡིན་པར་རིག་པར་བྱའོ། །གཟུགས་མེད་པའི་སེམས་ཅན་རྣམས་ལ་ཡང་དབང་པོ་གཟུགས་ཅན་སྲིད་ན། ཅིའི་ཕྱིར་འདོད་པ་དང་གཟུགས་ཀྱི་ཁམས་དག་ཏུ་བྱ་ཞེས་བྱ་སྟེ། འདི་ལྟར་གཟུགས་མེད་པའི་སེམས་ཅན་རྣམས་ཀྱི་གཞལ་མེད་ཁང་དག་དང་། བཅོམ་ལྡན་འདས་ལ་ཡང་ཆོས་ཉན་པ་དང་། བལྟ་བ་དང་། རིམ་གྲོ་བྱ་བའི་ཕྱིར་འོངས་པར་མདོ་གཞན་དག་ལས་འབྱུང་ངོ་ཞེ་ན། ལས་ལས་སྐྱེས་པའི་དབང་པོ་གཟུགས་ཅན་ཉེ་བར་ལེན་པར་བྱེད་པ་ཉིད་ལས་བརྩམས་ཏེ་སྨྲས་པའི་ཕྱིར་ཉེས་པ་མེད་དོ། །གཟུགས་མེད་པ་སྤྱོད་པ་རྣམས་ཀྱི་མིག་ལ་སོགས་པ་ནི་ཏིང་ངེ་འཛིན་ལས་སྐྱེས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཞེས་འཆད་དོ། །སྟོང་གསུམ་དར་ཡུག་གི་མདོ་དེས་གཟུགས་མེད་ཁམས་པ་ལ་གནས་གཞན་ལོགས་པ་ཡོད་པར་མི་འགྲུབ་སྟེ། སྟོང་གསུམ་གྱི་ཚད་དང་མཉམ་པའི་དར་ཡུག་དང་། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིལ་གྱིས་རྫོགས་པར་བྲིས་པ་ནས། གཟུགས་མེད་ཁམས་པའི་ལྷའི་གཞལ་མེད་ཁང་བྲིས་པའི་བར་དང་། དར་ཡུག་དེ་རྡུལ་ཕྲ་རབ་མ་ལུས་པ་རེ་རེའི་ནང་དུ་བཅུག་པ་དང་། ལྷའི་མིག་དང་ལྡན་པ་ཞིག་གིས་རྡུལ་ཕྲ་རབ་རྣམས་ཀྱི་ནང་ནས་དར་ཡུག་དེ་བཏོན་ནས། སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བར་བྱེད་པ་རྣམས་ནི་བརྟག་པ་མཐའ་བཟུང་འབའ་ཞིག་ཡིན་པའི་


DLL1006_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དཔེར་ན། རི་བོང་རྭ་འདོམ་བཅོ་བརྒྱད་ཡོད་པ་ཞིག་གིས་ཁམས་གསུམ་གྱི་སེམས་ཅན་རྣམས་དང་། མོ་གཤམ་གྱི་བུའི་ལུས་ཕུག་པར་གྱུར་ན་ཞེས་པས། མོ་གཤམ་གྱི་བུའི་ལུས་ཕུག་པར་མི་འགྲུབ་པ་བཞིན་ནོ།། །། བསྐལ་ཆེན་ལ་མི་ལོའི་གྲངས་ཇི་ཙམ་ཡོད་པ། དུས་འཁོར་ནས་བརྩི་བའི་ཚུལ་གསལ་བར་གསུངས་མོད། ཕར་ཕྱིན་ཐེག་པ་ལས་བསྐལ་ཆེན་ལ་མི་ལོའི་གྲངས་ཇི་ཙམ་ཡོད་པ་བཤད་དམ་མ་བཤད་ཅེ་ན། དྲི་མེད་འོད་ལས། བསྐལ་པ་ཆུང་ངུའི་ཚད་ནི་མཆུ་དང་ཞེང་ལ་དཔག་ཚད་གཅིག་པའི་དོང་སྟེ། དེ་ཡང་སྐྲའི་རྩེ་མོ་ཕྲ་མོ་རྣམས་ཀྱིས་ཡོངས་སུ་བཀང་བ་ལས། ལོ་བརྒྱ་ན་སྐྲའི་རྩེ་མོ་རེ་རེ་ཕྱུང་བས། གང་གི་ཚེ་སྟོངས་པར་གྱུར་པ་དེའི་ཚེ་བསྐལ་པ་ཆུང་ངུའི་ཉིན་ཞག་གཅིག་གོ །ཉིན་ཞག་དེ་སུམ་ཅུའི་ཚད་ཀྱིས་ཟླ་བའོ། །ཟླ་བ་ཆུ་གཉིས་ཀྱིས་ལོའོ། །ལོ་བརྒྱ་ལ་བསྐལ་པ་ཞེས་བརྗོད་དོ། །དེ་བཞིན་དུ་དེའི་སྡེ་ནི་བསྐལ་པ་བར་མ་སྟེ། བསྐལ་པ་བར་མའི་སྡེས་མཆོག་གི་བསྐལ་པའོ། །ཞེས་གསལ་བར་གསུངས་མོད། དེ་ཙམ་གྱིས་བསྐལ་ཆེན་ལ་མི་ལོའི་གྲངས་འདི་ཙམ་ཡོད་ཅེས་བདེ་བླག་ཏུ་རྟོགས་དཀའ་སྟེ། དེ་བཞིན་དུ་དེའི་སྡེ་ཞེས་པ་དང་བསྐལ་པ་བར་མའི་སྡེས་ཞེས་པའི་དོན་ལ་འཆད་པ་པོ་རྣམས་ཤིན་ཏུ་མི་མཐུན་པར་སྣང་བའི་ཕྱིར་རོ། །སྤྱིར་དུས་འཁོར་དང་། མི་འཁྲུགས་པའི་ཞིང་བཀོད་དང་། ཕལ་པོ་ཆེ་དང་། གདགས་པའི་དགོངས་པ་མངོན་པ་མཛོད་ནས་གསུངས་པ་སོགས་ཀྱི་བསྐལ་ཆེན་རྣམས་དོན་མི་མཐུན་པར་སྣང་ལ། འདིར་གདགས་པའི་དགོངས་པ་མངོན་པ་མཛོད་ནས་གསུངས་པའི་བསྐལ་ཆེན་ལ་མི་ལོའི་གྲངས་ཇི་ཙམ་ཡོད་


DLL1006_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྩི་བའི་ཚུལ་ནི། མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །འོག་མ་གཉིས་ཀ་ཉིས་འགྱུར་བསྐྱེད། །ཅེས་དང་། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་འདྲ་བ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ། །ཞེས་དང་། དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། ཞེས་གསུངས་པ་ལྟར། ཚ་བའི་སེམས་ཅན་དམྱལ་བའི་ཚེ་ལོ་ཁྲི་དྲུག་སྟོང་ལ། མིའི་ལོ་བྱེ་བ་ཕྲག་ལྔ་བརྒྱ་དང་། ལོ་བྱེ་བ་ཕྲག་བྱེ་བ་སུམ་ཅུ་དང་། ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་། ལོ་བྱེ་བ་ཕྲག་བྱེ་བ་སུམ་ཅུ་དང་། ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་། བྱེ་བ་ཕྲག་བཞི་འབུམ་དང་། ལོ་བྱེ་བ་ཁྲག་ཁྲིག་དྲུག་སྟོང་ཡོད་པར་གདགས་པ་ནས་བཤད་ལ། ཡང་སོས་ནས་ཚ་བའི་བར་དྲུག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བརྒྱད་འགྱུར་གྱིས་མང་བ་བྱུང་བའི་ཤུགས་ཀྱིས། ཚ་བའི་ཚེ་ཚད་བརྒྱད་འགྱུར་དུ་བསྒྱུར་བ་རབ་ཏུ་ཚ་བའི་ཚེ་ཚད་དུ་འགྱུར་ཞིང་། རབ་ཏུ་ཚ་བའི་ཚེ་ཚད་བར་བསྐལ་ཕྱེད་ད་ཡང་བཤད་པས། དེ་ཉིད་གཉིས་ཀྱིས་བསྒྱུར་བས་བར་བསྐལ་བཅིག །དེ་བརྒྱད་ཅུ་ལ་བསྐལ་ཆེན་དུ་བཤད་དོ། །དེ་ལྟར་བརྩིས་པས་ཚ་བའི་དམྱལ་བའི་ཚེ་ཚད། མི་ལོ་གཏམས་ཆེན་པོ་ལྔ། གཏམས་གསུམ། རབ་བཀྲམ་བརྒྱད། ཁྲག་ཁྲིག་ཆེན་པོ་བཞི། ཁྲག་ཁྲིག་གཅིག །ཐེར་འབུམ་ཆེན་པོ་དྲུག །རབ་ཏུ་ཚ་བའི་ཚེ་ཚད་མི་ལོ་དཀྲིགས་བཞི། གཏམས་ཆེན་པོ་གཉིས། གཏམས་བཞི། རབ་བཀྲམ་ཆེན་པོ་བདུན། རབ་བཀྲམ་གཅིག །ཁྲག་ཁྲིག་ཆེན་པོ་གསུམ། ཁྲག་ཁྲིག་གཉིས། ཐེར་འབུམ་ཆེན་པོ་བརྒྱད། མནར་མེད་ཀྱི་ཚེ་ཚད་མི་ལོ་དཀྲིགས་ཆེན་པོ་གསུམ། དཀྲིགས་གསུམ། གཏམས་ཆེན་པོ་དགུ། གཏམས་བདུན། རབ་བཀྲམ་


DLL1006_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བདུན། ཁྲག་ཁྲིག་ཆེན་པོ་དྲུག །ཁྲག་ཁྲིག་གཉིས། ཐེར་འབུམ་ཆེན་པོ་བཞི། བསྐལ་ཆེན་ལ་མི་ལོ་མི་འཁྲུགས་ཆེན་པོ་གཉིས། མི་འཁྲུགས་བདུན། དཀྲིགས་ཆེན་པོ་གཅིག །དཀྲིགས་བརྒྱད། གཏམས་ཆེན་པོ་གཅིག །གཏམས་དྲུག །རབ་བཀྲམ་ཆེན་པོ་བཞི། རབ་བཀྲམ་དགུ། ཁྲག་ཁྲིག་ཆེན་པོ་དགུ། ཁྲག་ཁྲིག་གཉིས་རྣམས་ཡོད་པ་ཡིན་ནོ།། །།མདོ་ལས། འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་འདི་ཞེས་བྱ་བ་ཡོད་དེ། ཞེས་བྱ་བ་ལ་སོགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ཀྱིས་གསུངས་པ་ཤིན་ཏུ་མང་བར་བྱུང་བ། གངྒཱའི་ཀླུང་གི་བྱེ་མ་སྙེད་དེ་གྲངས་ཀྱི་གནས་གཞན་ཇི་ཙམ་ཞིག་ལ་དགོངས་པ་ཡིན་ཞེ་ན། གངྒཱའི་ཀླུང་ནི་ཆུ་བོ་བཞིའི་ཡ་གྱལ་གྱི་ཆུ་བོ་གངྒཱ་མིན་གྱི། ཆུ་ཀླུང་ཆེན་པོ་རྒྱ་མཚོ་ཡིན་ལ། དེའི་བྱེ་མ་ནི་ཆུ་དེའི་རྡུལ་དང་། ཆུ་རྡུལ་དེ་རེ་རེ་ནས་བགྲངས་པ་ལ་གྲངས་ཇི་ཙམ་ཡོད་པ་ནི། གངྒཱའི་ཀླུང་གི་བྱེ་མ་སྙེད་ཅེས་བྱའོ། །འོ་ན་རྒྱ་མཚོ་ལ་ཆུ་ཀླུང་ཞེས་བཤད་པ་ཡོད་དམ་མེད་ཅེ་ན། ཡོད་དེ། མྱ་ངན་ལས་འདས་པའི་མདོ་ལས། ཆུ་ཀླུང་ཞེས་བྱ་བ་ནི་རྒྱ་མཚོ་ལ་བྱ་སྟེ། ཆུ་ཀླུང་ཐམས་ཅད་ཀྱི་ནང་ན་རྒྱ་མཚོ་འབའ་ཞིག་ཆུ་ཀླུང་ཡིན་པས་ན། རྒྱ་མཚོ་ནི་ཆུ་ཀླུང་ཞེས་བྱ་བའི་གྲངས་སུ་གཏོགས་སོ། །ཞེས་གསུངས་སོ།། །། གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་གྲངས་ཀྱི་གནས་གཞན་དུ་ཡོད་པ་ནི། རྒྱ་ཆེར་རོལ་པ་ལས། བྱེ་བ་ཕྲག་བརྒྱ་ན་ཐེར་འབུམ་ཞེས་བྱའོ། །ཐེར་འབུམ་ཕྲག་བརྒྱ་ན་ཁྲག་ཁྲིག་ཅེས་བྱའོ། །ཁྲག་ཁྲིག་ཁྲག་བརྒྱ་ན་གཏམས་ཞེས་བྱའོ། །གཏམས་པ་ཕྲག་བརྒྱ་ན་དཀྲིགས་པ་


DLL1006_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །དཀྲིགས་པ་ཕྲག་བརྒྱ་ན་མི་འཁྲུགས་པ་ཞེས་བྱའོ། །མི་འཁྲུགས་པ་ཕྲག་བརྒྱ་ན་ཁྱད་ཕྱིན་ཞེས་བྱའོ། །ཁྱད་ཕྱིན་ཕྲག་བརྒྱ་ན་པང་སྟེང་ཞེས་བྱའོ། །པང་སྟེང་ཕྲག་བརྒྱ་ན་མང་འཛིན་ཞེས་བྱའོ། །མང་འཛིན་ཕྲག་བརྒྱ་ན་གླང་པོ་ཆེའི་སྟོབས་ཞེས་བྱའོ། །གླང་པོའི་སྟོབས་ཕྲག་བརྒྱ་ན་ངོགས་འཐོབ་ཅེས་བྱའོ། །ངོགས་འཐོབ་ཕྲག་བརྒྱ་ན་རྣམ་པར་བཞག་པ་གདགས་པ་ཞེས་བྱའོ། །རྣམ་པར་བཞག་པ་གདགས་པ་ཕྲག་བརྒྱ་ན་རྒྱུ་རིག་ཅེས་བྱའོ། །རྒྱུ་རིག་ཕྲག་བརྒྱ་ན་ལག་སྦྱིན་ཞེས་བྱའོ། །ལག་སྦྱིན་ཕྲག་བརྒྱ་ན་རྒྱུ་དབང་ཞེས་བྱའོ། །རྒྱུ་དབང་ཕྲག་བརྒྱ་ན་རྫོགས་ཐོབ་ཅེས་བྱའོ། །རྫོགས་ཐོབ་ཕྲག་བརྒྱ་ན་བགྲང་རྟོགས་ཞེས་བྱ་བའོ། །བགྲང་རྟོགས་ཕྲག་བརྒྱ་ན་སྒྲིབ་པ་ཞེས་བྱའོ། །སྒྲིབ་པ་ཕྲག་བརྒྱ་ན་སྟོབས་ཞེས་བྱའོ། །སྟོབས་ཕྲག་བརྒྱ་ན་ཀུན་སྟོབས་ཞེས་བྱའོ། །ཀུན་སྟོབས་ཕྲག་བརྒྱ་ན་རྣམ་པར་བརྡ་ཤེས་ལྡན་ཞེས་བྱའོ། །རྣམ་པར་བརྡ་ཤེས་ལྡན་ཕྲག་བརྒྱ་ན་བརྡ་ཤེས་ཀུན་ཞེས་བྱའོ། །བརྡ་ཤེས་ཀུན་ཕྲག་བརྒྱ་ན་རྣམ་འབྱུང་ཞེས་བྱའོ། །རྣམ་འབྱུང་ཕྲག་བརྒྱ་ན་དེའི་མཚན་ཉིད་ཅེས་བྱའོ། །འདི་ལྟར་དེའི་མཚན་ཉིད་ཅེས་བྱ་བའི་རྩིས་ཀྱིས་ནི། རིའི་རྒྱལ་པོ་རི་རབ་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ་། །དེའི་ཡང་གོང་ན་རྒྱལ་མཚན་གྱི་རྩེ་མོའི་ནོར་བུ་ཞེས་བྱ་བའི་གྲངས་ཡོད་དེ། གྲངས་དེས་ནི་གངྒཱའི་ཀླུང་གི་བྱེ་མ་སྙེད་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ་། །ཞེས་སོགས་རྒྱ་ཆེ་གསུངས་སོ། །(༢༧ན) བསྐལ་ཆེན་ལ་མི་ལོའི་གྲངས་སུ་ཡོད་པ་དང་། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ལ་སོགས་པ་མཐའ་ཡས་པ་རྣམས་ཀྱང་ཤེས་བྱ་ཡིན་མོད། ཧ་ཅང་སྤྲོས་པ་ལ་མི་དགའ་བར་གྲོལ་དོན་དུ་གཉེར་བ་རྣམས་ཀྱིས་རེ་ཤིག་བཏང་སྙོམས་སུ་གཞག་པར་བྱ་སྟེ། རིགས་པའི་དབང་ཕྱུག་གིས། དེ་ཕྱིར་དེ་ཡི་བསྒྲུབ་


DLL1006_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རུ། །གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི། །འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེས་ལ་འགར་ཡང་ཉེར་མཁོ་མེད། །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིགས་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཞེས་སོགས་གསུངས་པའི་ཕྱིར་རོ། །རྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་ཞལ་སྔ་ནས་ཀྱི་དྲི་བའི་ལན་མདོར་བསྡུས་པ་རྣམས་བརྗོད་ཟིན་ཏོ། །ནམ་མཁའ་མཐོན་པོར་གནས་པའི་ཉི་མའི་འོད། །ས་ཕྱོགས་དམའ་བའི་ཚད་ལ་དུ་ཤར་བ་ལས། །ཆུ་སྐྱེས་དཀར་པོའི་ཟེའུ་འབྲུ་རྒོད་པ་ལ། །རྐང་དྲུག་ལྡན་རྣམས་དགའ་བས་གར་བྱོས་ཤིག །ཞུ་ཡིག་མཚམས་སྦྱོར་ཕོ་ཉ་གཞོན་ནུ་ཁྱོད། །མི་ཡི་དབང་པོའི་དྲུང་དུ་མྱུར་སོང་ལ། །དགེས་པའི་ཕྱག་གིས་བཟུང་ཚེ་མ་ཞུམ་པར། །ཆོས་དང་མཐུན་པའི་བཀའ་མཆིད་འདི་དག་ཕུལ། །དགེ་བ་འདི་ཡིས་མར་གྱུར་འགྲོ་བ་རྣམས། །དྲི་བ་ཀུན་ལན་ཅིག་ཅར་འདེབས་པ་ལ། །སོ་སོ་ཡང་དག་རིག་བཞི་མཐར་ཕྱིན་པའི། །རྒྱལ་བའི་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །ཅེས་ཆོས་སྨྲ་བའི་བཙུན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས། བཀྲ་ཤིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ནས་ཕུལ་བ་དགེ་ལེགས་འཕེལ་གྱུར་ཅིག །ཅེས་ཆོས་སྦྱིན་རྒྱ་ཆེར་སྤེལ་ཕྱིར་བཀྲ་ཤིས་ལྷུན་པོར་ཕར་དུ་བསྒྲུབས། མངྒལཾ།། །།


DLL1006_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བའི་ལན།next