Nitartha Digital Library
Tibetan
རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ།


   
   
   
   
   
   
   
   
   
མགོན་པོ་ལེགས་ལྡན་གྱི་གཏོར་ཆོག
   
   


 
previousམགོན་པོ་ལེགས་ལྡན་གྱི་གཏོར་ཆོགnext

མགོན་པོ་ལེགས་ལྡན་གྱི་གཏོར་ཆོག


DLL1006_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ལེགས་ལྡན་གྱི་གཏོར་ཆོག་བཞུགས་སོ། །


DLL1006_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ལེགས་ལྡན་གྱི་གཏོར་ཆོག་རྒྱས་པར་བྱེད་ན། བདག་ཉིད་འཕགས་པ་གདུགས་དཀར་མོ་ཅན་གྱི་རྣལ་འབྱོར་དུ་ལྡན་པས། རི་རབ་ལྷུན་པོ་བང་རིམ་བཞི་པ། ཅོག་བརྒྱད་དང་ལྡན་པའི་སྟེང་དུ། དུར་ཁྲོད་ཆེན་པོ་བརྒྱད་ན་རོ་དང་རོ་ལངས་གར་བྱེད་པ་དང་། ཧཱུཾ་སྒྲ་སྒྲོག་པ་དང་། ཕན་ཚུན་ཀུན་ཏུ་རྒྱུག་པ་དང་། འདྲེ་དང་སྲིན་པོ་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་རོ་ལ་རྩེ་ཞིང་། ཤ་ཁྲག་ལ་རོལ་པ་དང་། ཀཾ་ཀ་དང་། བྱ་རྒོད་དང་། བྱ་རོག་སྣ་ཚོགས་པ་རོ་ལ་ཟ་ཞིང་། རྒྱུ་མ་དྲངས་ཏེ། ནམ་མཁའ་ལ་ལྡིང་བ་རྣམས་དང་། འུག་པ་ཧཱུཾ་སྒྲ་སྒྲོག་པ་དང་། སྦྲུལ་བ་ལང་གི་མགོ་ཅན་ཕྱོགས་ཀུན་ཏུ་རྣམ་པར་རྒྱུག་པ་དང་། རོ་ཕྱེད་ཚིག་པ་དང་། གསལ་ཤིང་ལ་བཏགས་པ་ལ་སོགས་པ་དུ་མ་ཡོངས་སུ་གང་བའི་ཁྲོད་ན་ཆོས་འབྱུང་མཐིང་ནག་གྲུ་གསུམ་རབ་ཏུ་འབར་བའི་ནང་དུ། སྣ་ཚོགས་པདྨ་དང་ཉི་མའི་གདན་གསུམ་བསྒྲིགས་པའི་སྟེང་དུ་དགྲ་བགེགས་གདུག་པ་ཅན་བསྒྲལ་བའི་རོ་ཁ་ནས་ཁྲག་སྐྱུག་བཞིན་པའི་སྙིང་ཁར་ཧཱུཾ་མཐིང་ནག་འབར་བ་རེ་རེ་དེ་རྣམས་ལས་འོད་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། རྒྱལ་བ་སྲས་དང་བཅས་པའི་མཐུ་ནུས་གཅིག་ཏུ་བསྡུས་ཏེ། ཧཱུཾ་ལ་ཐིམས་པས་མགོན་པོ་ལེགས་ལྡན་ནག་པོ་མཆེད་གསུམ། སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པ་ཞལ་མཆེ་བ་རྣམ་པར་གཙིགས་ཤིང་། ལྗགས་འདྲིལ་བ། སྤྱན་གསུམ་གདངས་ཤིང་གློག་ལྟར་འཁྱུག་པ། སྨིན་མ་གཡོ་ཞིང་། ཁྲོ་གཉེར་བསྡུས་པ། ཕྱག་གཡས་


DLL1006_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙནྡན་གྱི་བེང་ཆེན་བསྣམས་པ། གཡོན་པ་དགྲ་བགེགས་ཀྱི་ཤ་ཁྲག་དང་། དོན་སྙིང་གིས་གང་བའི་ཐོད་པ་བསྣམས་ནས་ཞལ་དུ་གསོལ་བ། དར་ནག་གི་འཇོལ་བེར་སྐུ་ལ་གསོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་འཕྲེང་བ་མགུལ་དུ་འཕྱང་བ། སྦྲུལ་ནག་གི་ཆུན་འཕྱང་དང་། དར་གྱི་ལྷབ་ལྷུབ་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས་འགྱིང་ཞིང་བརྗིད་པ། བྱང་ཕྱོགས་གནོད་སྦྱིན་གྱི་སྡེ་དཔོན་མང་པོ་ཁྱུང་དང་། ཀཾ་ཀ་དང་། བྱ་རྒོད་དང་། འུག་པ་དང་། ཁྲ་ལ་སོགས་པའི་འདབ་ཆགས་སུ་སྤྲུལ་ནས། ནམ་མཁའ་ལ་ལྡིང་ཞིང་། ཀླད་ལ་འཁོར་ནས་བར་སྣང་གི་གདོན་བགེགས་ཐམས་ཅད་ཚར་གཅོད་པ། ལྷོ་ཕྱོགས་གཤིན་རྗེའི་སྡེ་དཔོན་མང་པོ། སེང་གེ་དང་། སྟག་དང་། གཟིག་དང་། དོམ་དང་། ཅེ་སྤྱང་ལ་སོགས་པའི་གཅན་གཟན་དུ་སྤྲུལ་ནས། ས་སྟེང་དང་ས་འོག་གི་གདོན་བགེགས་ཐམས་ཅད་གནས་ནས་སྐྲོད་ཅིང་ཚར་གཅོད་པ། སྐུ་ལུས་སྤྲུལ་པའི་ཁྲོ་བ་ཉི་ཟླའི་ཟེར་དང་། སྐར་ཆེན་གྱི་འོད་ལྟར་དུ་འཕྲོས་པས། ཕྱོགས་མཚམས་ཀྱི་གདུག་པ་ཅན་ཐམས་ཅད་ཚར་གཅོད་པ། ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔུང་ས་ཡ། འབུམ་སྡེ་དབྱར་གྱི་ཆར་སྤྲིན་ལྟར་གཏིབས་པ་ཧཱུཾ་ཕཊ་དང་། བྷྱོཿབཟློག་གི་སྒྲ་སྐད་འབྲུག་ལྟར་སྒྲོག་ཅིང་། མཚོན་ཆ་སྣ་ཚོགས་ཐོག་ལྟར་འཕེན་པས་བསྟན་པའི་དགྲ་བགེགས་ཚར་གཅོད་པའི་བདག་ཉིད་ཅན་དུ་གསལ་བར་བསྒོམས་ལ། གཙོ་འཁོར་རྣམས་


DLL1006_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་དག་ལས་འོད་འཕྲོས་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་མཐུ་ནུས་དང་། ཡོན་ཏན་བསྡུས་ཏེ་ཡིག་འབྲུ་གསུམ་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས། འོག་མིན་གྱི་གནས་དང་། རི་རིབ་ཀྱི་སྟེང་དང་། དུར་ཁྲོད་ཆེན་པོ་སོ་ཤ་གླིང་ལ་སོགས་པ་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས་ཤིང་། གུ་གུལ་དཀར་ནག་དང་། ཤ་ཆེན་དང་། ཤིང་ཀུན་དང་། དུག་དང་། སྒོག་སྐྱ་རྣམས་སྦྱར་བའི་བདུག་སྤོས་སྲེག་ཅིང་། ༈ མཐུ་ཆེན་མགོན་པོ་ནག་པོ་ནི། །མཆེད་གསུམ་འཁོར་དང་བཅས་པ་རྣམས། །མངོན་ཚེ་བསྐལ་པ་དང་པོ་ལ། །བཅོམ་ལྡན་ཤཱཀྱ་སེང་གེ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །སངས་རྒྱས་བསྟན་པ་བསྲུང་བ་དང་། །རྣལ་འབྱོར་འཕྲིན་ལས་བསྒྲུབ་པའི་ཕྱིར། །དད་པ་དང་ནི་དམ་ཚིག་གིས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་མཧཱ་ཀཱ་ལ་བྷ་ག་ཝ་ན་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿཛཿཞེས་པས་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟྭཾ། སཱུརྱ་མཎྜལ་ཧཱུཾ། ཞེས་པས་གདན་ལ་བཞུགས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་ས་པ་རི་ཝཱ་ར་ས་མ་ཡ། སྨ་ར་ས་མ་ཡ། མ་ཏི་ཀ་མ་ས་མ་ཡ། རཀྵནྟུ་དང་། ཐལ་མོ་ཟླུམ་པོར་སྦྱར་བ་མགོ་ཐམས་ཅད་ཀྱི་ཕྱག་རྒྱ་བཅས་ཏེ། མགོན་པོ་འཁོར་བཅསཀྱི་སྤྱི་བོར་དམ་ཚིག་རྡོ་རྗེ་བཞག་ནས་དམ་ལ་བཞག་པར་བསམ་ཞིང་། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །གལ་ཏེ་དམ་ཚིག་འདས་གྱུར་ན། །འཇིག་འགྱུར་འདི་ལ་ཐེ་ཚོམ་མེད། །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། རྫོགས་པའི་སངས་རྒྱས་གདུང་བདུན་དང་། ཕྱོགས་བཅུའི་རྒྱལ་བ་འཁོར་དང་བཅས་པ་རྣམས་དང་།


DLL1006_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་གདུགས་དཀར་མོ་ཅན། ཕྱག་རྒྱའི་ཚོགས་དང་བཅས་པ་རྣམས་ཀྱིས་བཀའ་བསྒོས་ཤིང་དམ་ལ་བཞག་སྟེ། དེ་དག་གི་སྤྱན་སྔར་སྲོག་གི་སྙིང་པོ་ཕུལ་ནས་ཇི་ལྟར་ཁས་བླངས་ཤིང་། དམ་བཅས་པ་བཞིན་དུ་དཔལ་མགོན་ལེགས་ལྡན་ནག་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གི་དབུ་འཕང་བསྟོད་ཅིག །རྣལ་འབྱོར་པ་བདག་གིས་བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབས་ཤིག །ཅེས་བརྗོད་པར་བྱའོ། །དེ་ནས། ནས་དང་སྲན་མ་ནག་པོའི་ཕྱེ་ལ་གཞི་བྱས་པའི་གཏོར་མ་ཤ་ཁྲག་དང་། དར་ནག་གིས་བརྒྱ་པ་ཆང་དང་བདུད་རྩིས་བྲན་ཏེ། ཨོཾ་ཨཱ་ཧཱུཾ་ཧོཿས་བྱིན་གྱིས་བྲལབས་ལ། ཨོཾ་མཧཱ་ཤི་ར་བྷྱོཿ མཧཱ་ཀཱ་ལ་དུ་ཏྲི་བྷྱོཿ མཧཱ་ཀ་ལ་དུཥྚཾ་བྷྱོཿ ཨི་དཾ་པ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་གྱིས་ཕུལ། འཁོར་རྣམས་ལ་ཨ་ཀཱ་རོས་བསྔོས་ལ། ཨརྒྷཾ་ལ་སོགས་པས་མཆོད། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཅེས་སོགས་དང་། ༈ ཧཱུཾ་བསྟན་པ་བསྲུང་བའི་མཐུ་སྟོབས་ཅན། །ལེགས་ལྡན་ནག་པོ་དཀའ་ཐུབ་ལས། །བཟློག་པར་བྱེད་པའི་བདག་པོ་དང་། །ལྷ་ཅིག་པ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོ་རྫུ་འཕྲུལ་ཅན། །ལེགས་ལྡན་ནག་པོ་སྲེད་མེད་བུ། །ཕྱག་རྒྱ་ཆེན་པོ་ལྔ་རྣམས་ཀྱིས། །ཕྱག་བྱས་པ་ལ་བདག་བསྟོད་དོ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །ལེགས་ལྡན་ནག་པོ་དུར་ཁྲོད་ན། །གནས་པར་མོས་པ་མ་མོ་ཡི། །ཚོགས་ཀྱི་ཕྱག་བྱས་ཁྱོད་ལ་འདུད། །དཔལ་མགོན་མཆེད་གསུམ་ལྕམ་བྲལ་དང་། །ལྷ་སྲིན་སྡེ་བརྒྱད་འཁོར་དང་ཀུན། །ཤ་ཁྲག་དམར་གྱིས་བརྒྱན་པ་ཡི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་


DLL1006_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ལྡན་པས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བསྟོད་ལ་འཕྲིན་ལས་གཞོལ། མགོན་པོ་མཆེད་གསུམ་གྱི་ཐུགས་ཀར་པད་ཉིའི་སྟེང་དུ། ཧཱུཾ་མཐིང་ནག་ལ་རང་རང་གི་སྔགས་ཀྱིས་བསྐོར་བ་ལས་འཕྲིན་ལས་རྣམ་བཞི་ཇི་ལྟར་འདོད་པ་བཞིན་སྒྲུབ་པའི་འོད་ཟེར་གྱི་འཕྲོ་འདུ་ལ་དམིགས་ནས། དབུས་སུ་ཨོཾ་མཧཱ་ཀཱ་ལ་ཤ་རི་བྷྱོ་ཧཱུཾ་ཕཊ། གཡས་སུ་ཨོཾ་མཧཱ་ཀཱ་ལ་རུ་ཏྲི་བྷྱོ་ཧཱུཾ་ཕཊ། གཡོན་དུ་ཨོཾ་མཧཱ་ཀཱ་ལ་དུཥྚཾ་བྷྱོ་ཧཱུཾ་ཕཊ། ནག་པོ་ཆེན་པོ་སྤྱིའི་རྩ་སྔགས། ཨོཾ་མཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧ་རི་ཎི་ཞེས་སོགས་ཅི་ནུས་བཟླས། ཐུན་གྱི་ཐ་མར། མཆོད་བསྟོད་གསོལ་བ་བཏབ་ནས་གཤེགས་སུ་གསོལ། ༈ ཧཱུཾ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པའི་སྐུ། །ལེགས་ལྡན་ནག་པོ་དམ་ཚིག་ཅན། །གཏུམ་ཆེན་ཁྱེད་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །འཇིགས་སུ་རུང་བ་བསྐལ་པའི་མེ། །དམར་ནག་འབར་བའི་ཀློང་དཀྱིལ་ན། །བཞུགས་པ་ཁྱོད་ལ་ཕྱག་འཚལ་ལོ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །ཞལ་གདམས་མཆེ་གཙིགས་ཧཱུཾ་སྒྲ་སྒྲོག །དྲག་པོའི་སྤྱན་གསུམ་གློག་ལྟར་གཡོ། །རྔམ་


DLL1006_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་གཡས་ཙན་དན་བེང་ཆེན་གྱིས། །སྲིད་གསུམ་གདུག་པ་འདུལ་བྱེད་ཅིང་། །ལྷ་ཆེན་མ་ལུས་ཟིལ་གྱིས་གནོན། །འཇོམ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གཡོན་པ་དགྲ་བགེགས་དོན་སྙིང་དང་། །ཁྲག་གིས་ང་བའི་ཐོད་པ་བསྣམས། །མི་དང་མི་མིན་གདུག་པ་ཅན། །གསོད་བྱེད་ཁྱེད་ལ་ཕྱག་འཚལ་ལོ། །ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས། །ས་གཞི་རི་རབ་ཁོར་ཡུག་དང་། །རྒྱ་མཚོར་བཅས་པའི་འཇིག་རྟེན་ཀུན། །གཡོ་བྱེད་ཁྱེད་ལ་ཕྱག་འཚལ་ལོ། །སྐུ་ལ་དར་ནག་བེར་ཆེན་དང་། །དུག་སྦྲུལ་ཁྲོས་པའི་ཆུན་འཕྱང་དང་། །དགྲ་བགེགས་བསྒྲལ་བའི་མགོ་འཕྲེང་གིས། །བརྗིད་པ་ཁྱོད་ལ་ཕྱག་འཚལ་ལོ། །རླུང་ལྟར་མགྱོགས་ཤིང་གཡོ་བ་ཡི། །རྫུ་འཕྲུལ་ཞབས་ཀྱིས་ཕྱོགས་ཀུན་ཏུ། །དམ་ཚིག་ཀུན་རྗེས་གཅོད་པ་ཡི། །མྱུར་མགྱོགས་ཁྱོད་ལ་ཕྱག་འཚལ་ལོ། །སྒྲིབ་མེད་ཕྱོགས་བཅུར་གཟིགས་པ་ཡི། །ཡེ་ཤེས་སྤྱན་ནི་རྣོན་པོ་ཡིས། །འཇིག་རྟེན་ལེགས་ཉེས་ཀུན་གྱི་སྟངས། །གཟིགས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞི་རྒྱས་དབང་དང་དྲག་པོ་ཡི། །འཕྲིན་ལས་ཀུན་ལ་ཐོགས་མེད་པས། །སངས་རྒྱས་བསྟན་པ་ཕྱོགས་བཅུ་རུ། །སྐྱོང་བ་ཁྱོད་ལ་ཕྱག་འཚལ་ལོ། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །ཡིད་ལ་ཇི་ལྟར་བསམས་པ་བཞིན། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །སྟེར་བ་ཁྱོད་ལ་ཕྱག་འཚལ་ལོ། །རྫོགས་སངས་རྒྱས་ཀྱི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར་བདག་གིས་བཅོལ་བ་ཡི། །འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་པས་བསྟོད་ལ། ལེགས་ལྡན་ནག་པོ་མཆེད་གསུམ་འཁོར་བཅས་ཀུན། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་


DLL1006_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་མཛད་ནག་པོའི་ཕྱོགས་འཇོམས་མཛད། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་པའི། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་ལ། །དམར་ཆེན་གཏོར་མ་དར་ནག་ཅོད་པན་ཅན། །ཤ་ཁྲག་ཆང་ཕུད་བཅས་པའི་དམ་རྫས་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །རི་དང་རྒྱ་མཚོར་མཉམ་པ་དམིགས་ཏེ་འབུལ། །དར་ནག་རྒྱལ་མཚན་རྐང་དུང་ཐོད་རྔ་དང་། །བསུར་ཆེན་དུད་པ་བདུད་རྩིའི་རོ་མཆོག་དང་། །སྟག་ལྤགས་ན་བཟའ་ཐེར་ཆེན་ནག་པོ་དང་། །འདོད་ཡོན་རྣམ་ལྔས་ཁྱེད་ཀྱི་ཐུགས་དམ་བསྐང་། །གཡག་ནག་ཞོལ་ཆེན་སྤྲིན་ལྟར་འཐིབས་པ་དང་། །ལུག་ནག་སྤྱི་དཀར་ཤེལ་དཀར་ལྟར་འཚེར་བ་དང་། །ཁྱི་ནག་སྙིང་དཀར་དོམ་ལྟར་མཆོང་བ་ཡིས། །ལེགས་ལྡན་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །བྱ་ནག་གསོབ་དང་འུག་པའི་རྒྱལ་མཚན་དང་། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་དང་། །གཡང་གཞིའི་བླ་བྲེ་རྒྱུ་མའི་ལྡ་ལྡི་ཡིས། །ལེགས་ལྡན་འཁོར་དང་བཅས་པའི་ཐུགས་དམ་བསྐངས། །འགྲོ་མགྱོགས་ཡིད་ལྟར་གཡོ་བའི་རྫུ་འཕྲུལ་ཅན། །ཆར་སྤྲིན་ལྟ་བུའི་ཟེ་རྔོག་ཀུན་ཏུ་གཡོ། །རྟ་ནག་མཛེས་པའི་རྒྱན་གྱིས་བརྒྱན་པ་འདིས། །ལེགས་ལྡན་འཁོར་དང་བཅས་པའི་ཐུགས་དམ་བསྐངས། །མགོན་མེད་འགྲོ་ལ་ཕན་པའི་བསམ་སྦྱོར་དང་། །ཐུབ་དབང་བསྟན་པ་རྒྱས་ཤིང་གནས་པའི་ཕྱིར། །བསྙེན་སྒྲུབ་མཆོད་གཏོར་སྒོ་གསུམ་དགེ་བ་ཡི། །འབད་པ་ཅི་བགྱིས་དེ་ཡི་ཐུགས་དམ་བསྐངས། །སྒོ་གསུམ་ལས་དང་ཉོན་མོངས་དབང་གྱུར་པས། །སོ་སོ་ཐར་དང་བྱང་སེམས་གསང་སྔགས་ཀྱི། །བསླབ་གསུམ་ཉམས་པའི་ཉེས་ལྟུང་ཅི་མཆིས་པ། །དམིགས་མེད་ཐུགས་རྗེའི་ངང་ནས་བཟོད་པར་གསོལ། །བག་མེད་དབང་གིས་ཐུབ་པའི་


DLL1006_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་ལ། །མ་གུས་ཤེས་བཞིན་ཁྱད་དུ་བསད་པ་དང་། །རྡོ་རྗེ་ཐེག་པའི་དམ་ཚིག་བསྲུང་མཚམས་ལས། །འགལ་ཞིང་ནོངས་པར་སྤྱད་པ་བཟོད་པར་གསོལ། །ཐེག་མཆོག་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས། །འགྲོ་ལ་ཕན་བདེའི་བསམ་སྦྱོར་ཞན་པ་དང་། །རང་ཉིད་ཞི་བདེ་དོན་དུ་གཉེར་བ་ཡི། །རྒྱལ་བའི་ཐུགས་ཀྱིས་ཁྲེལ་བ་བཟོད་པར་གསོལ། །རྣམ་དག་ལྟ་བའི་རང་བཞིན་མ་ཤེས་བཞིན། །བླང་དོར་སྤྱོད་པའི་ཚུལ་ལ་མི་མཁས་པས། །གསུང་རབ་ལུང་གི་དགོངས་དོན་ཟབ་མོ་ལ། །རང་བཟོ་འཁྲུལ་པས་སྤྱད་པ་བཟོད་པར་གསོལ། །ལྟ་བ་ཡོད་མེད་ཕྱོགས་སུ་ལྷུང་བ་དང་། །སྒོམ་པ་རྣམ་གཡེང་དབང་དུ་གྱུར་པ་དང་། །སྤྱོད་པ་ངོ་ལྐོག་ཚུལ་འཆོས་ཆེས་པ་ཡི། །རྒྱལ་བའི་གསུང་དང་འགལ་བཟོད་པར་གསོལ། །རྣམ་གཡེང་དབང་གིས་བསྙེན་སྒྲུབ་གཡེལ་བ་དང་། །སེར་སྣའི་དབང་གིས་མཆོད་གཏོར་ཞན་པ་དང་། །རྨོངས་པའི་དབང་གིས་བླང་དོར་མི་ཤེས་པས། །སྒོ་གསུམ་ཉེས་པའི་ཚོགས་རྣམས་བཟོད་པར་གསོལ། །མདོར་ན་སྤྱི་དང་ཁྱད་པར་དམ་ཚིག་ལས། །འདས་ཤིང་འཁྲུལ་པར་གྱུར་པ་ཅི་མཆིས་པ། །ནོངས་ཤིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི། །དམིགས་མེད་ཐུགས་རྗེའི་ངང་དུ་བཟོད་པར་གསོལ། །ཉེས་ལྟུང་འཁྲུལ་པའི་རྣམ་སྨིན་མ་ལུས་པ། །ནམ་མཁའི་སྤྲིན་ཚོགས་རླུང་གིས་གཏོར་བ་དང་། །བར་སྣང་འཇའ་ཚོན་རང་སར་ཡལ་བ་ལྟར། །སྟོང་གསལ་གདོད་ནས་དག་པའི་རང་བཞིན་དུ། །རྣམ་པར་དག་ཅིང་རྒྱ་མཚོའི་རྦ་རླབས་ལྟར། །འོད་གསལ་ཆོས་སྐུའི་ངང་དུ་ཞི་གྱུར་ཅིག །ཅེས་པ་འདི་ཡང་། པཎ་ཆེན་དགེ་འདུན་གྲུབ་པ་དཔལ་བཟང་པོས་མཛད་པའོ།། །། སརྦ་མངྒ་ལཾ།


DLL1006_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམགོན་པོ་ལེགས་ལྡན་གྱི་གཏོར་ཆོགnext