Nitartha Digital Library
Tibetan
རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
ཆོས་རྒྱལ་ཡབ་ཡུམ་གྱི་བསྐང་གསོ་བསྟོད་བསྐུལ་དང་།
   


 
previousཆོས་རྒྱལ་ཡབ་ཡུམ་གྱི་བསྐང་གསོ་བསྟོད་བསྐུལ་དང་།next

ཆོས་རྒྱལ་ཡབ་ཡུམ་གྱི་བསྐང་གསོ་བསྟོད་བསྐུལ་དང་།


DLL1006_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་ཡབ་ཡུམ་གྱི་བསྐང་གསོ་བསྟོད་བསྐུལ་དང་བཅས་པ་བཞུགས།


DLL1006_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བྷ་ག་ཝ་ཏེ་བཛྲ་བྷཻ་རཱ་ཀྲོ་དྷ་རཱ་ཛཱ་བྷཻཿ ཧཱུཾ། དཔལ་ལྡན་བླ་མ་རྣམས་ཀྱི་ཐུགས་རྗེ་དང་། །དཔལ་ཆེན་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །དཔལ་མཆོག་སངས་རྒྱས་བསྟན་པའི་གཟི་བརྗིད་དང་། །དཔལ་མགོན་སྲུང་མ་རྣམས་ཀྱི་མཐུ་རྩལ་མཆོག །ཆོས་དབྱིངས་རྣམ་པར་དག་པའི་བདེན་པ་དང་། །གསང་སྔགས་ཕྱག་རྒྱ་ཏིང་འཛིན་ནུས་པའི་མཐུ། །རྣལ་འབྱོར་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས། །ཞིང་ཁམས་ཀུན་གྱི་ཕྱི་ནང་གསང་བ་དང་། །བླ་ན་མེད་པའི་མཆོད་སྤྲིན་རྒྱ་མཚོའི་ཚོགས། །ཆོས་རྒྱལ་འཁོར་བཅས་དགྱེས་པ་བསྐྱེད་པ་ཡི། །སྒྱུ་མ་རྣམ་པར་རོལ་པ་ཇི་བཞིན་དུ། །རབ་འབྱམས་ཞིང་དུ་མཐའ་མེད་འཕེལ་གྱུར་ནས། །ཐུགས་དམ་བསྐང་ཞིང་བཞེད་པ་འགྲུབ་གྱུར་ཅིག ། ཧཱུཾ། རིན་ཆེན་འབྱུང་གནས་ཀུན་ནས་འཁྱིལ་བའི་མཚོ། །རིན་ཆེན་ས་གཞི་བརྟེན་པའི་རྒྱ་མཚོ་དང་། །རིན་ཆེན་བྱེ་མ་འདྲེན་པའི་ཆུ་བོ་དང་། །རིན་ཆེན་མཆོད་ཡོན་རྫས་ཀྱིས་གཏམས་པ་དང་། །དགྲ་བགེགས་བསྒྲལ་བའི་རཀྟའི་རྒྱ་མཚོ་འདིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་


DLL1006_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །མཐུ་ཆེན་རྣམས་ཀྱི་སྤྲུལ་པའི་ཚོགས་རྣམས་དང་། །རིན་ཆེན་རི་གླིང་མཛེས་སྡུག་པདྨོའི་ཕྲེང་། །མུ་ཆེན་ཐང་ཆེན་ལས་སྐྱེས་འདབ་བརྒྱད་དང་། །སྟོང་ཆེན་ཁམས་ཀུན་ཁྱབ་པའི་མེ་ཏོག་དང་། །གདུག་ཆེན་རྣམས་ཀྱི་དབང་པོ་རྣམ་ལྔ་འདིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །རབ་བཟང་ཙནྡན་རང་བཞིན་ག་བུར་སྤོས། །རབ་མང་ཚོགས་པ་ལྷན་ཅིག་སྦྱར་བའི་སྤོས། །རབ་དཀར་དག་པའི་སྤོས་མཆོག་ཐབས་ཅད་ཀྱི། །རབ་འབྱམས་ཁམས་ཀུན་གང་བའི་དུད་སྤྲིན་དང་། །དགྲ་བོའི་ཤ་རུས་བསྲེགས་པའི་བདུག་པ་འདིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །


DLL1006_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །གཡོ་ཞིང་གསལ་བ་ཉི་མ་ཟླ་བ་དང་། །བརྟན་ཅིང་གསལ་བ་རིན་ཆེན་རི་རྣམས་དང་། །དག་ཅིང་གསལ་བ་ནོར་བུ་དབང་རྒྱལ་སོགས། །འབར་ཞིང་གསལ་བ་སྒྲོན་མེའི་རིགས་རྣམས་དང་། །ཞུན་ཆེན་རོ་རས་སྦྱར་བའི་མར་མེ་འདིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །སྣ་མང་ཞིང་གི་དྲི་ཡི་ཚལ་གྱི་ཚོགས། །རྣམ་པར་སྦྱར་བའི་དྲི་མཆོག་ཅི་མཆིས་དང་། །རྣམ་དག་དྲི་འཛིན་ཚིམ་པར་བྱེད་པ་ཡི། །རྣམ་གསུམ་དྲི་ཡིས་བཀང་བའི་མཆོད་པ་དང་། །དམ་ཉམས་སྙིང་ཁྲག་ཤུ་ཀྲ་དང་སྦྱར་འདིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་


DLL1006_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །རོ་བཅུད་རྣམ་པར་དག་པ་ལྷ་ཡི་ཟས། །རོ་དྲུག་ལྡན་པ་ཁམས་ཀྱི་ཟས་རྣམས་དང་། །རོ་འཛིན་དབང་པོ་བདེ་བ་བསྐྱེད་པ་ཡི། །རོ་བརྒྱ་ལྡན་པའི་ཞལ་ཟས་རྒྱ་ཆེན་དང་། །དགྲ་བོའི་ཤ་རུས་རི་ལྟར་སྤུངས་པ་འདིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །རྔ་ཆེན་ལ་སོགས་བརྗིད་པའི་སྒྲ་རྣམས་དང་། །རྒྱུད་མང་ལ་སོགས་སྙན་པའི་སྒྲ་ཡི་ཚོགས། །ཟིན་དང་མ་ཟིན་ལ་སོགས་སྒྲ་ཀུན་དང་། །ཅང་ཏིའུ་ལ་སོགས་བསྐུལ་བའི་སྒྲ་རྣམས་དང་། །དགྲ་བོའི་ངག་གི་ལམ་ནས་བསྒྲགས་པ་འདིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །


DLL1006_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །གཡང་གཞི་བླ་བྲེ་ནམ་མཁའ་མཛེས་བྱེད་རྒྱན། །མི་མགོའི་ཕྲེང་བ་བར་སྣང་འཕྱང་བའི་རྒྱན། །ཀེང་རུས་བཀྲམ་པ་ས་གཞི་བཀང་བའི་རྒྱན། །རིན་ཆེན་ཕྲེང་བ་དངོས་གྲུབ་གཏེར་བའི་རྒྱན། །ཕྱག་རྒྱ་རྣམ་དྲུག་དཔལ་ཆེན་སྐུ་ཡི་རྒྱན། །ཁུར་དར་ཆེན་པོ་དཔའ་རྟགས་སྟོན་པའི་རྒྱན། །བརྐྱངས་བསྐུམས་ཚུལ་དུ་བཞུགས་པ་རྔམ་པའི་རྒྱན། །དུར་ཁྲོད་ཆས་ཀུན་འཇིགས་པ་སྐྱེད་པའི་རྒྱན། །དཔག་མེད་རྒྱན་གྱི་རིམ་པ་འདི་དག་གིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །ཐོད་ཆེན་མཁའ་ལྟར་ཡངས་པའི་ནང་ཉིད་དུ། །ཤ་ལྔ་བདུད་རྩི་ལྔ་དང་སྦྱར་བ་ཡི། །མྱོས་བྱེད་སྟོང་གི་བཅུད་ཀྱིས་ལེགས་པར་གཏམས། །རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ། །རྡོ་རྗེ་གསུམ་དང་དབྱེར་མེད་འདྲེས་པ་ལས། །ཁ་དོག་དྲི་རོ་ནུས་པ་ཕུལ་དུ་ཕྱིན། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། །སྦྱང་རྟོགས་སྦར་བའི་ཟག་མེད་བདུད་རྩི་འདིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །


DLL1006_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །ཁྲག་ཞག་མྱོས་བྱེད་འཁྱིལ་བའི་རྒྱ་མཚོའི་དབུས། །འབྲུ་སྣ་སྨན་སྣ་རིན་ཆེན་སྣ་ཚོགས་དང་། །འབྲུ་མཆོག་ཟན་དང་དམར་ཆེན་ཤ་རྣམས་སྤུངས། །དར་ནག་གུར་དང་མདའ་དར་རྟེན་བཅས་བཙུགས། །མཐུན་རྫས་རྟེན་རྫས་སྒྲུབ་རྫས་སོགས་དང་སྦྱར། །དགྲ་བོའི་ཤ་རུས་སོགས་དང་གཉིས་སུ་མེད། །ཚིམ་ཞིང་དགྱེས་པའི་ནུས་པ་ཕུལ་དུ་ཕྱིན། །དམ་རྫས་དམར་ཆེན་གཏོར་མ་འདི་ཉིད་ཀྱིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །དགྲ་བགེགས་གཞུག་པར་བྱེད་པའི་ལིངྒའི་ལས། །དགྲ་བགེགས་འདུལ་བར་བྱེད་པ་གཏོར་མའི་ལས། །དགྲ་བགེགས་གཟེར་བར་བྱེད་པ་ཐུན་གྱི་ལས། །དགྲ་བགེགས་འཁྲུགས་པར་བྱེད་པ་འཁོར་ལོའི་ལས། །དགྲ་བགེགས་དབྱེ་བར་བྱེད་པ་རྫས་ཀྱི་ལས། །དགྲ་བགེགས་ལྐུགས་པར་བྱེད་པ་མནན་པའི་ལས། །དགྲ་བགེགས་ལྷ་དང་ཕྲལ་བ་ཁ་སྦྱོར་ལས། །དགྲ་བགེགས་བཟློག་པར་བྱེད་པ་ཟོར་གྱི་ལས། །དགྲ་བགེགས་ལྟས་ངན་གྱིས་དཀྲུགས་མནྡེའི་ལས། །དགྲ་བགེགས་


DLL1006_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བསྡིགས་ཤིང་སྤ་བཀོང་སྦྱིན་སྲེག་ལས། །དགྲ་བགེགས་འབྲུབ་པར་བྱེད་པ་ཧོམ་ཁུང་ལས། །དགྲ་བགེགས་སྲོག་དང་ཕྲལ་བ་བསད་པའི་ལས། །བསྙེན་ཅིང་སྒྲུབ་དང་བསྐུལ་བ་དམིགས་པའི་ལས། །སྟོབས་ཆེན་ལས་ཀྱི་རིམ་པ་འདི་དག་གིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །སྟོང་གསུམ་གང་བའི་སྤྲུལ་པ་རྣམ་པར་འགྱེད། །ཁམས་གསུམ་གཡོ་བའི་ངར་སྒྲ་དྲག་པོ་སྒྲོག །དུས་གསུམ་སྡང་བའི་དགྲ་དང་བགེགས་ཀྱི་གཤེད། །སྒོ་གསུམ་གཟིར་བའི་ཆ་ལུགས་རྣམ་འགྱུར་ཅན། །མིག་སྨན་ལྟར་ནག་སྤྲིན་གྱི་ཤུགས་ལ་འགྲན། །ལྷུན་པོ་ལྟར་བརྗིད་མིག་དམར་གྱེན་ལ་བཟློག །དོམ་ནག་ལྟ་བུར་ཁ་གདངས་མཆེ་བ་གཙིགས། །ཁྲོ་ཆེན་ལྟ་བུར་རུས་པའི་རྒྱན་ཆ་ཐོགས། །ཉི་མའི་བུ་ནི་ཡན་ལག་བཞི་ཡིས་མནན། །ས་སུངས་བུ་ཡི་སྟོབས་ལ་འགྲན་པར་བྱེད། །གཤིན་རྗེའི་བུ་ཡི་བརྗིད་ཀྱིས་མནན་གྱུར་ཀྱང་། །མ་ཧེའི་བུ་ཁྱོད་དགྲ་བོའི་ཡུལ་ཀུན་མྱུལ། །སྤུ་སྡུག་མཛེས་པའི་གོས་བཟང་རྣམ་པར་བགོས། །ནོར་བུའི་ཚོགས་ཀྱི་དྲ་བས་རྣམ་པར་སྤྲས། །སྣ་ཚོགས་དར་གྱི་རྒྱན་གྱིས་རྣམ་པར་བཀབ། །སྟོབས་ཆེན་ཤུགས་དང་རྣམ་པར་ལྡན་པ་འདིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་


DLL1006_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །གོ་ཆ་མཚོན་ཆ་རྒྱན་ཆའི་ཚོགས་རྣམས་དང་། །རྟ་ནག་གཡག་ནག་ལུག་ནག་ཁྱི་ནག་དང་། །རི་བདུན་མཚོ་བདུན་རྒྱལ་སྲིད་སྣ་བདུན་དང་། །རིག་མ་མཆོག་མ་གཟུགས་མ་མཛེས་མ་དང་། །ཕྱི་རྟེན་ནང་རྟེན་གསང་བའི་རྟེན་རྣམས་དང་། །འདོད་འཇོ་འདོད་ཡོན་འདོད་དགུ་འབྱུང་བ་དང་། །དམ་རྫས་ཚོགས་རྫས་འགུགས་པའི་རྫས་རྣམས་དང་། །ལྷ་མཆོད་ཀླུ་མཆོད་མི་ཡི་མཆོད་པ་འདིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །གསེར་གླིང་ཟངས་གླིང་ནོར་བུའི་གླིང་རྣམས་དང་། །བུམ་པ་ཐོད་པ་འཛིན་པའི་ཚོགས་རྣམས་དང་། །དྲིལ་བུ་གླིང་བུ་ཤར་བུའི་རིགས་རྣམས་དང་། །ཁང་བཟང་གོས་བཟང་ཚལ་བཟང་ཚོགས་རྣམས་དང་། །དར་རྒྱན་རུས་རྒྱན་རིན་ཆེན་རྒྱན་རྣམས་དང་། །རོལ་མོ་སྒེག་མོ་ལ་སོགས་མཆོད་པ་དང་། །ཕྱི་མཆོད་ནང་མཆོད་གསང་བའི་མཆོད་པ་དང་། །འཁོར་


DLL1006_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྒོ་གསུམ་དུས་གསུམ་མཆོད་པ་འདིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། །གདོང་ལྔ་པ་སོགས་གཅན་གཟན་ཚོགས་རྣམས་དང་། །མཁའ་ལྡིང་ལ་སོགས་འདབ་བཟང་དུ་མ་དང་། །ཁྱུ་མཆོག་ལ་སོགས་མ་ཧེ་ར་ནག་དང་། །གླང་ཆེན་ལ་སོགས་རྐང་འགྲོ་སྣ་ཚོགས་དང་། །ཟབ་ཆེན་ལ་སོགས་དར་ཟབ་སྣ་ཚོགས་དང་། །འཕན་གདུགས་ལ་སོགས་མཛེས་རྒྱན་སྣ་ཚོགས་དང་། །མདོར་ན་ཁམས་གསུམ་སྣོད་བཅུད་ཀྱིས་བསྡུས་པའི། །ལེགས་པའི་ཡོན་ཏན་གང་དང་གང་མཆིས་པ། །མཆོད་བྱ་མཆོད་བྱེད་མཆོད་པའི་ལས་རྣམས་དང་། །རང་བཞིན་མ་གྲུབ་རྟེན་འབྲེལ་མི་སླུའི་ཚུལ། །སྣང་སྟོང་གཉིས་སུ་མེད་པའི་མཆོད་པ་འདིས། །དམ་ཅན་ཆོས་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །ཡུམ་མཆོག་ཙཱ་མུཎྜི་ཡི་ཐུགས་དམ་བསྐང་། །སྲོག་བདག་གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །དབུགས་ལེན་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །སྒྲོལ་བྱེད་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་གཤིན་ཕོ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆགས་མ་ལུས་དག་པ་དང་། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་མཛོད། ། ༈ བསྟོད་པ་ནི། ཧཱུཾ། འདི་ནས་དཔག་ཚད་བརྒྱད་ཁྲི་ཡི། །


DLL1006_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་རིམ་བདུན་ས་འོག་ན། །གཤིན་རྗེའི་གྲོང་ཁྱེར་ཆེན་པོ་སྟེ། །ལྕགས་མཁར་ལྷུན་པོ་ལྟ་བུར་བརྗིད། །རོ་དང་ཀེང་རུས་ས་གཞི་གང་། །སྲིན་པོའི་གཡང་གཞི་མཁའ་ལ་བྲེས། །རྒྱུ་རློན་ལྡ་ལྡི་འཐུར་དུ་འཕྱང་། །མི་མགོའི་ཕྲེང་བའི་དོ་ཤལ་སྤེལ། །ཁྲག་དང་ཞག་གི་རྦ་ཀློང་འཁྲུག །ཤ་ཆེན་བསྲེགས་པའི་དུད་སྤྲིན་འཁྲིགས། །གནམ་ལྕགས་མཚོན་ཆ་ཐོག་ལྟར་འབབ། །སོད་སོད་རྒྱོབ་རྒྱོབ་འབྲུག་སྒྲ་སྒྲོག །གཤིན་རྗེ་ཕོ་མོ་གློག་ལྟར་འཁྱུག །སྤྲུལ་པ་ཡང་སྤྲུལ་སེར་ཆེན་འབེབས། །ཤ་ཟ་སྡེ་བརྒྱད་བུ་ཡུག་འཚུབས། །ལས་མཁན་ཚོགས་ཀྱིས་བྲོ་ཆེན་རྡུང་། །ཕོ་ཉ་མ་མོ་ཤུགས་གླུ་ལེན། །མ་ཧེ་དཀར་ནག་རླུང་ལྟར་འཚུབས། །ནད་རིམས་ཡོངས་ཀྱི་ན་བུན་འཐིབས། །འཇིགས་ཤིང་བཟོད་པར་དཀའ་བ་ཡི། །སྐྱེ་འགྲོ་ཡོངས་ཀྱི་སྲོག་ཁང་དར། །རོ་རས་ནག་པོའི་བ་དན་རྣམས། །རླུང་གིས་བསྐྱོད་པའི་རྣམ་འགྱུར་གྱིས། །དགྲ་ལ་གཡབ་མོ་གཡབ་པ་འདྲ། །ལྕགས་མཁར་སྒོ་མེད་བཅུ་དྲུག་གིས། །བསྐོར་བའི་འཇིགས་རུང་གནས་མཆོག་ན། །ཧཱུཾ། ཆོས་དབྱིངས་སྤྲོས་དང་བྲལ་བའི་ཀློང་དཀྱིལ་ནས། །ཆོས་ཅན་ཀུན་རྫོབ་རྣམ་པར་རོལ་པ་ལས། །ཆོས་ཀྱི་རྒྱལ་པོའི་སྐུ་རུ་བཞེངས་པ་ནི། །ཆོས་འཁོར་སྲོག་ཤིང་བསྟན་པའི་སྲུང་མ་ཁྱོད། །ལྷ་མཆོག་གཤིན་རྗེའི་གཤེད་ཀྱི་བཀའ་སྡོད་མཆོག །ལྷར་བཅས་སྐྱེ་འགྲོ་ཡོངས་ཀྱི་སྲོག་གི་བདག །ལྷ་མིན་གཡུལ་དུ་ཆས་པ་ཇི་བཞིན་དུ། །ལྷ་ཁྱོད་མ་གཡེལ་མྱུར་བར་མཐུ་རྩལ་བསྐྱེད། །སེར་སྐྱའི་རལ་པ་ནམ་མཁའི་དབྱིངས་ལ་འཕྱར། །སེར་ནག་སྨིན་མ་སྨ་ར་རབ་ཏུ་འབར། །སེ་རལ་ག་ལ་མི་མགོའི་དོ་ཤལ་འཕྱང་། །སེར་ཞིང་དམར་བའི་ཉི་མའི་གདན་ལ་ཞུགས། །དམར་ཟླུམ་སྤྱན་གསུམ་གནོད་བྱེད་ཚོགས་ལ་བགྲད། །དམར་ལ་འཁྱུག་པའི་ལྗགས་ནི་རྣམ་པར་འདྲིལ། །དམར་


DLL1006_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྒྱས་པའི་ལིངྒ་གྱེན་ལ་ལངས། །དམར་ནག་འཁྲུགས་པའི་མེ་ཡི་ཀློང་ན་བཞུགས། །རབ་དཀར་ཐོད་སྐམ་ཕྲེང་བས་དབུ་ལ་བརྒྱན། །རབ་འཇིགས་མ་ཧེའི་ཞལ་ནི་ཁྲོ་གཉེར་གཡོ། །རབ་ཡངས་ཤངས་ནས་བསྐལ་པའི་རླུང་ཆེན་འབུད། །རབ་མཆོག་བསྟན་པའི་སྲུང་མ་ནག་པོ་ཆེ། །མ་ཧེའི་གདན་ལ་བརྗིད་པའི་ཚུལ་དུ་བཞུགས། །མ་རུངས་འདུལ་ཕྱིར་ཆར་སྤྲིན་ལྟ་བུར་གནག །མ་བསྐུལ་བར་ཡང་བླ་མའི་ཕྲིན་ལས་སྒྲུབ། །མ་གཡེལ་མ་གཡེལ་རྒྱལ་བའི་བསྟན་པ་སྲུངས། །ཡ་བ་ཏི་སོགས་གཤིན་རྗེའི་འཁོར་གྱིས་བསྐོར། །ཡ་མ་དཱུ་སོགས་མ་མོའི་འཁོར་གྱིས་བསྐོར། །ཡ་ལས་བྱུང་བའི་དབྱུག་པ་ཀླད་ལ་འཕྱར། །ཡ་ངའི་འཇིགས་པ་སྡང་བའི་དགྲ་ལ་ཐོངས། །རྭ་གཉིས་རྩེ་ལ་དུས་མཐའི་མེ་ཆེན་འབར། །སྙན་གཉིས་བསྐྱོད་པས་ཉི་ཟླ་སྒྲིབ་པར་བྱེད། །ཕྱག་གཉིས་དབུས་ན་དགྲ་བགེགས་ཐལ་བར་རློག །ཞབས་གཉིས་བརྡབས་པས་ས་གཞི་གཏིང་ནས་གཡོ། །འཇིགས་བྱེད་དཔའ་བོ་ཆེན་པོ་ཁྱོད་ཉིད་ཀྱིས། །འཇིག་རྟེན་གསུམ་པོ་འཇིགས་པར་བྱེད་འགྱུར་ན། །འཇིགས་བཅས་གདུག་པ་སྐྲག་རྨོངས་བསྐྱེད་པ་དང་། །འཇིགས་ཤིང་རེངས་དང་བསྐྲད་དང་བསད་པར་གྱིས། ། ༈ བསྐུལ་བྱ་བ་ནི། ཧཱུཾ། རྡོ་རྗེ་འཆང་གི་མཚན་བཏགས་པ། །རྡོ་རྗེ་དུས་ནག་ཅེས་སུ་གྲགས། །ཤཱཀྱའི་རྒྱལ་པོས་མཚན་བཏགས་པ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྟེ། །གཤིན་རྗེའི་གཤེད་པོས་མཚན་བཏགས་པ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྟེ། །གཤིན་རྗེའི་གཤེད་པོས་མཚན་བཏགས་པ། །གཤིན་རྗེ་ཀཱ་ལ་རཱུ་པ་ཁྱོད། །རྣལ་འབྱོར་བདག་ལ་དགྲ་བྱུང་ན། །གཡུལ་ངོ་བཟློག་པ་ཁྱོད་ལ་རེ། །བདག་ལ་ལྷ་མེད་ཟེར་ནས་བརྙས། །སྨོད་ཅིང་གནོད་པ་དུ་མ་བྱེད། །ལྷ་ཁྱོད་མཐུ་མེད་ཟེར་ནས་སྨོད། །བླ་མ་རྣམས་ལ་སྐུར་བ་འདེབས། །སངས་རྒྱས་བསྟན་ལ་གནོད་པར་བྱེད། །བསྟན་འཛིན་རྣམས་ལ་ཆད་པས་གཅོད། །རྡོ་རྗེ་སློབ་དཔོན་སྙིང་ནས་སྨོད། །རྡོ་རྗེ་ཐེག་པ་སུན་འབྱིན་ཅིང་། །དགེ་འདུན་སྡེ་རྣམས་


DLL1006_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲུག་ཅིང་འཇོམས། །སྡོམ་བརྩོན་ཡོངས་ལ་བརྙས་པར་བྱེད། །སྐྱེ་བོ་ཡོངས་ལ་འཚེ་བར་བྱེད། །རྣལ་འབྱོར་བདག་ལ་ཆད་དུ་བཙུགས། །སྲུང་མ་ཁྱོད་ལ་དོ་རུ་བསྔོས། །འདི་འདྲའི་ལས་ངན་སྡིག་ཅན་འདི། །དམ་ཅན་འཁོར་དང་བཅས་པ་ཡིས། །ད་ལྟ་ཉིད་དུ་བསྒྲལ་བར་གྱིས། །ཧཱུཾ། བཅོམ་ལྡན་གཤིན་རྗེའི་གཤེད་པོའི་བཀའ། །ཆོས་ཀྱི་རྒྱལ་པོ་དགོངས་སུ་གསོལ། །དེ་རིང་དྲག་པོའི་འཕྲིན་ལས་འདི། །ཁྱོད་ཀྱི་ལས་སུ་འོས་པ་ཡིན། །ལྷ་དང་བཅས་པའི་འཇིག་རྟེན་ན། །ལེགས་ཉེས་ཆོས་བཞིན་སྤྱོད་པ་ཁྱོད། །གཤིན་རྗེའི་གཤེད་ཀྱི་བཀའ་འཁོར་ན། །བཀའ་ཉན་དམ་ཚིག་བསྲུང་བ་ཁྱོད། །ལས་དང་རྐྱེན་གྱིས་འཆི་བ་ཡི། །སྲོག་ལ་དབང་བྱེད་བདག་པོ་ཁྱོད། །དེ་རིང་ལས་འདི་ཁྱོད་ལ་གཏད། །ཁྱོད་ཀྱི་འཁོར་ནི་མི་སྲུན་ཏེ། །ཐ་མལ་སེམས་ཅན་ཉེས་མེད་ཅིང་། །གཞན་གྱིས་བསྐུལ་བར་མ་བྱས་ཀྱང་། །གློ་བུར་འཕྲད་པའང་འཛིན་བྱེད་ན། །ང་ཡིས་གཏད་པའི་དགྲ་བགེགས་འདི། །འཇམ་དཔལ་གཞོན་ནུའི་བཀའ་བཞིན་དུ། །དམ་ཚིག་ཕྱག་རྒྱ་མིག་ལ་བསྟན། །དམ་ཚིག་སྙིང་པོ་རྣ་བར་བསྒྲགས། །རྡོ་རྗེའི་ཐ་ཚིག་སྙིང་ལ་བཞག །དམ་རྫས་མཆོད་པ་ཕུལ་ནས་ཀྱང་། །དམ་ཚིག་འཕྲིན་ལས་གཉེར་དུ་གཏད། །ལས་འདི་སྔོན་དུ་བསྒྲུབ་པར་བགྱི། །ཁྱོད་ཀྱིས་ལས་འདི་མ་བསྒྲུབས་ན། །དཀོན་མཆོག་གསུམ་གྱི་བཀའ་ཡང་བཅག །གཤིན་རྗེའི་གཤེད་ཀྱི་དམ་ཡང་དྲལ། །རང་གི་ཐ་ཚིག་རང་གིས་བསླུས། །དམ་ཚིག་གྲོགས་པོ་བདག་ཅག་གི །རེ་བའི་བསམ་པ་གཏིང་ནས་བཅད། །དེ་བས་ལས་འདི་སྒྲུབ་པར་གྱིས། །ཧཱུཾ། ཁྱོད་ཀྱི་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཱུ་ཏི་ཞེས་བྱ་བ། །ལག་ན་ལྕགས་ཀྱུ་ནག་པོ་ཐོགས། །གང་ཞིག་བཟུང་བར་འདོད་པ་དེ། །དབྱུག་པ་ཙམ་གྱིས་འཛིན་པར་བྱེད། །ཁྱོད་ཀྱི་དེ་རིང་དགྲ་བོ་ཟུངས། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་


DLL1006_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཀཱ་ལ་པཱ་ཤ་ཞེས་བྱ་བ། །ལག་ན་ཞགས་པ་ནག་པོ་ཐོགས། །གང་ཞིག་བཅིང་བར་འདོད་པ་དེ། །བཏབ་པ་ཙམ་གྱིས་འཆིང་བར་བྱེད། །ཁྱོད་ཀྱིས་དེ་རིང་དགྲ་བོ་ཆིངས། །གཞན་ཡང་འཁོར་གྱི་དཀྱིལའཁོར་ན། །ཡ་མ་དཎྜི་ཞེས་བྱ་བ། །ལག་ན་བེ་ཅོན་ནག་པོ་ཐོགས། །གང་ཞིག་བསད་པར་འདོད་པ་དེ། །ཕྱར་བ་ཙམ་གྱིས་འཆི་བར་བྱེད། །ཁྱོད་ཀྱིས་དེ་རིང་དགྲ་བོ་གསོད། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཾཥྚི་ཞེས་བྱ་བ། །ཟ་བྱེད་མཆེ་བ་འབར་བ་ཅན། །གང་ཞིག་ཟ་བར་འདོད་པ་དེ། །གཙིགས་པ་ཙམ་གྱིས་ཟ་བར་བྱེད། །ཁྱོད་ཀྱི་དེ་རིང་དགྲ་བོ་ཟོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཀཱ་ལ་ར་ཏྲི་ཞེས་བྱ་དང་། །གསོད་པ་མོ་དང་ནག་མོ་དང་། །ནམ་གྲུ་ཤ་ཀ་ལི་ལ་སོགས། །བུད་མེད་ཚོགས་ཀྱིས་བསྐོར་བ་ནི། །ལ་ལ་ལས་ཀྱི་མེ་ལོང་ཅན། །ལ་ལ་ནད་ཀྱི་རྐྱལ་པ་ཅན། །ལ་ལ་མཚོན་གྱི་དྲུ་གུ་ཅན། །ལ་ལ་བདུད་ཀྱི་ཁྲམ་ཤིང་ཅན། །ལ་ལ་ཤོ་རྡེ་དཀར་ནག་ཅན། །ལ་ལ་ལྕགས་ཀྱི་དྲེའུ་རྟ་ཞོན། །ལ་ལ་བོང་བུ་ག་པ་ཞོན། །ལ་ལ་རླུང་ནག་འཚུབས་མ་ཞོན། །ལ་ལ་ཆུ་བྱ་ནག་མོ་ཞོན། །ལ་ལ་ནམ་གྱི་གུང་ལ་རྒྱུག །ལ་ལ་ཆུ་བོའི་གཞུང་ལ་རྒྱུག །ལ་ལ་ཉི་མའི་ཟེར་ལ་རྒྱུག །ལ་ལ་མུན་པའི་སྨག་ལ་རྒྱུག །ཀུན་ཀྱང་གཞན་སྲོག་འཕྲོག་པར་བྱེད། །བདག་ལ་སྡང་བའི་དགྲ་བོ་འདི། །ད་ལྟ་ཉིད་དུ་ཚར་གཅོད་མཛོད། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡ་བ་ཏི་དང་ཕྱ་སངས་དང་། །རྨིག་པ་རལ་པ་ཚར་དགུ་སོགས། །ལ་ལ་རྒྱལ་པོའི་ཚུལ་དུ་གནས། །ལ་ལ་བློན་པོའི་ཚུལ་དུ་གནས། །ལ་ལ་ཕོ་ཉའི་ཚུལ་དུ་གནས། །ཁ་ཅིག་དག་ནི་སྡེ་དཔོན་ཚུལ། །ལག་ན་བེ་ཅོན་འཁོར་ལོ་དང་། །གསལ་ཤིང་མདུང་སོགས་མཚོན་ཆ་ཐོགས། །སོ་སོའི་སྡེ་དཔོན་མངགས་པ་དང་། །ཕོ་ཉ་ཕྱག་བརྙན་བཅས་པ་ལ། །འཕྲིན་ལས་གཉེར་དུ་གཏད་པ་ནི། །དམ་ཉམས་ལས་


DLL1006_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སྡིག་ཅན་འདི། །ལོ་དང་ཟླ་བར་མ་བཞག་པར། །ཆོས་ཀྱི་རྒྱལ་པོའི་ཞལ་དུ་སྟོབ། །རྒྱབ་རྟེན་ལྷ་དང་མྱུར་དུ་ཕྲོལ། །གང་དུ་གནས་པར་མི་ནུས་ཤིང་། །བསྡིགས་ཤིང་སྤ་རྣམས་བཀོང་བ་དང་། །མཚོན་ཆའི་ཚོགས་རྣམས་གཟུགས་པར་གྱིས། །མ་ཧེའི་ཚོགས་ཀྱིས་བརྫི་བར་གྱིས། །གཤིན་རྗེའི་ཚོགས་རྣམས་སྲོག་ལ་རོལ། །མ་མོའི་ཚོགས་རྣམས་དབུགས་ལ་རོལ། །རི་བོའི་ཚོགས་ཀྱིས་མནན་པར་གྱིས། །གཅན་གཟན་ཚོགས་ཀྱིས་འབྲད་པར་གྱིས། །ཤ་ཟའི་ཚོགས་རྣམས་རོལ་པར་གྱིས། །བྱ་ནག་མང་པོས་འཁྱེར་བར་གྱིས། །ཡ་བ་ཏི་དང་ཕྱ་སངས་དང་། །གཤིན་རྗེ་འབེབས་མ་ལ་སོགས་ཀྱིས། །དགྲ་བོའི་ཀླད་པ་འཁོར་དུ་ཆུག །ཏེལ་པ་ཆོས་ཀྱི་རྒྱལ་པོ་དང་། །གཤིན་རྗེ་ལྕགས་ཀྱུ་ཞགས་པ་མས། །དམ་ཉམས་ཁྲག་ཏུ་སྐྱུག་ཏུ་ཆུག །གཤིན་རྗེ་གླང་མགོ་རྨིག་པ་དང་། །ཕོ་ཉ་མོ་དང་མཆེ་བ་མས། །དགྲ་བོ་སྨྱོ་ཞིང་འབོག་ཏུ་ཆུག །རལ་པ་ཚར་དགུ་མིག་དམར་དང་། །གཤིན་རྗེ་མཚན་མོ་དུས་མཚན་མས། །དགྲ་བོ་བསོད་པའི་ལས་མཛོད་ཅིག །དེ་ལྟར་ཚར་བཅད་ལས་བྱས་པས། །དམ་ཉམས་བསྒྲལ་བའི་འཁོར་གསུམ་ཀུན། །སྤྲུལ་པ་ལྟ་བུའི་ཚུལ་དུ་བྱས། །རྣམ་པར་མི་རྟོག་དང་ཉིད་དུ། །མཆོག་ཏུ་གནས་པ་ཉིད་གྱུར་ཅིག །ཕྱི་ནང་འགལ་རྐྱེན་ཚོགས་རྣམས་ཞི་བ་དང་། །དམ་ཆོས་འཛིན་པའི་བཤད་སྒྲུབ་རྒྱས་པ་དང་། །སྐྱེ་འགྲོ་མ་ལུས་དབང་དུ་བསྡུ་བ་ལ། །ཆོས་ཀྱི་རྒྱལ་པོས་རྟག་ཏུ་གྲོགས་བྱེད་ཤོག །ཅེས་ཆོས་རྒྱལ་ཡབ་ཡུམ་གྱི་བསྐང་གསོ་བསྟོད་བསྐུལ་དང་བཅས་པ་འདི། པཎ་ཆེན་དགེ་འདུན་གྲུབ་ཀྱིས་མཛད་པའོ།། །།


DLL1006_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཆོས་རྒྱལ་ཡབ་ཡུམ་གྱི་བསྐང་གསོ་བསྟོད་བསྐུལ་དང་།next