Nitartha Digital Library
Tibetan
རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ།

6 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
  
  
  
  
 
ཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པ
  
 
  
  
  


6 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པnext

ཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པ


DLL1006_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པ་བཞུགས་སོ། །


DLL1006_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་ཡི་དམ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པ་འདི་ལ་གསུམ་ལས། དང་པོ་ཆོས་ཁུངས་བཙུན་པར་བྱ་བའི་ཕྱིར་དུ་བླ་མ་བརྒྱུད་པའི་རིམ་པ་ནི། ཇོ་བོ་ཆེན་པོ་ལྷ་ཅིག་ཉིད་ལ་བློ་སྦྱོང་བརྒྱུད་པའི་རིམ་པ་གསུམ་སྟེ། གསེར་གླིང་པ་ནས་བརྒྱུད་པ། བླ་མ་བྱམས་པའི་རྣལ་འབྱོར་པ་ནས་བརྒྱུད་པ། བླ་མ་དྷརྨ་རཀྵི་ཏ་ནས་བརྒྱུད་པ་ལས། བདག་གཞན་བརྗེ་བའི་སྒོ་ནས་བློ་སྦྱོང་གི་མན་ངག་བདུད་རྩིའི་སྙིང་པོ་འདི་ནི། གསེར་གླིང་པ་ནས་བརྒྱུད་པ་ཡིན་ཏེ། རྩ་ཚིག་ལས། མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །ཞེས་པའི་རྩ་ཚིག་གིས་སྟོན་ཏེ། སྟོན་པ་སངས་རྒྱས་ནས་གསེར་གླིང་པའི་བར་དུ་བརྒྱུད་ཅིང་། གསེར་གླིང་པ་ནས་རིམ་བཞིན་བརྒྱུད་(༢ན)དོ། །དེ་ཡང་རང་གི་རྩ་བའི་བླ་མ་རིན་པོ་ཆེ་གྲུབ་པ་ཤེས་རབ་ནས་བརྒྱུད་པ། སྤྱན་སྔ་བསོད་ནམས་ལྷུན་གྲུབ་པ་ནས་བརྒྱུད་པ། སེམས་དཔའ་ཆེན་པོ་རྒྱལ་སྲས་པའི་ལུགས་བླ་མ་ཐུགས་རྗེ་དཔལ་བ་ལས་བརྒྱུད་པ། བྱང་སེམས་འཆད་ཁ་པའི་ལུགས་ཀྱི་བློ་སྦྱོང་བའི་མན་ངག་སྤྱོད་འཇུག་གི་བསམ་གཏན་ལེའུར་བསྟན་པའི་བདག་གཞན་བརྗེ་བའི་སྒོ་ནས་བློ་སྦྱོང་ཚུལ། རི་བོ་དགའ་ལྡན་མགོ་འདིངས་པའི་ཚེ་རྗེ་རིན་པོ་ཆེ་འོལ་ཁ་སྟག་རྩེར་བྱོན་པའི་དུས། བྱང་རྩེ་བླ་མ་ནམ་མཁའ་དཔལ་ལྡན་པ་སོགས་ལ་ཞིབ་པར་གནང་བར་བྱང་རྩེ་བ་ནས་བརྒྱུད་པའི་ཚུལ་བཞི་ལས། འདིར་ནི་ཕྱི་མའོ། ། གཉིས་པ་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར་དུ་གདམས་ངག་གི་ཆེ་བ་བརྗོད་པ་ནི། རྩ་ཚིག་ལས། རྡོ་རྗེ་ཉི་


DLL1006_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྗོན་ཤིང་བཞིན། །ཚིག་དོན་ལ་སོགས་ཤེས་པར་བྱ། །ཞེས་བློ་སྦྱོང་གི་རྩ་ཚིག་རྣམས་རྡོ་རྗེ་རིན་པོ་ཆེ་བཞིན་དུ་ཤེས་པར་བྱ་སྟེ། རྡོ་རྗེ་རིན་པོ་ཆེ་ནི་དབྱིབས་གྲུ་བཞི་པ། ཆག་པའི་དུམ་བུ་རྣམས་ཀྱང་དབྱིབས་གྲུ་བཞི་པ། རེ་རེས་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་རྣམས་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཐམས་ཅད་ཀྱང་སེལ་བར་བྱེད་པ་དེ་བཞིན་དུ། རྩ་ཚིག་གི་དུམ་བུ་གཅིག་གི་དོན་ལ་མྱོང་བ་སྐྱེས་པས་ཀྱང་། ཉན་རང་གི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་། དེ་སྤྱོད་པ་ནན་ཏན་དང་བྲལ་ཡང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་སེལ་བར་བྱེད་དོ། །དེའི་དོན་རྣམས་ཉི་མ་བཞིན་དུ་ཤེས་པར་བྱ་སྟེ། ཉི་མའི་སྣེ་གཅིག་ཤར་ན་ཡང་གླིང་གི་མུན་པ་སེལ་ནུས་ཤིང་། དེའི་རྗེས་སུ་མྱུར་བར་རངས་པོ་འཆར་བ་ལྟར། རྩ་ཚིག་གི་དུམ་བུ་གཅིག་ལ་གོ་བ་སྐྱེས་པས་ཀྱང་རང་གཅེས་འཛིན་ལ་སོགས་པའི་ཉོན་མོངས་པའི་ནད་སེལ་ནུས་ཤིང་། དེའི་རྗེས་སུ་མྱུར་བར་རྩ་ཚིག་རངས་པོའི་དོན་ལ་གོ་བ་སྐྱེ་བའི་ཕྱིར། དེའི་ཚིག་དོན་གཉིས་ཀ་སྨན་གྱི་ལྗོན་ཤིང་བཞིན་དུ་ཤེས་པར་བྱ་སྟེ། སྨན་གྱི་ལྗོན་ཤིང་རངས་པོས་ཀྱང་ནད་སེལ། དེའི་དུམ་བུས་ཀྱང་ནད་སེལ་ནུས་པ་ལྟར། རྩ་ཚིག་རངས་པོས་ཀྱང་རང་གཅེས་འཛིན་གྱིས་ཐོག་དྲངས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་སེལ་བའི་ཐབས་སྟོན། དུམ་བུས་ཀྱང་དེ་སྟོན། དོན་རངས་པོ་ལ་གོ་


DLL1006_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐྱེས་པས་ཀྱང་དེ་འདྲའི་ནད་སེལ་ནུས་ཤིང་། དེའི་དུམ་བུ་ཉམས་སུ་བླངས་པས་ཀྱང་དེ་སེལ་ནུས་པས་སོ། །གསུམ་པ་གདམས་པ་དངོས་ལ་བདུན་ལས། དང་པོ་སྔོན་འགྲོ་རྟེན་གྱི་ཆོས་བསམ་པ་ལ། རྩ་ཚིག་ཏུ་དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་འབྱུང་ལ། འདི་ལ་རྒྱུད་ལ་བྱིན་རླབས་འཇུག་པའི་ཐབས་བླ་མའི་རྣལ་འབྱོར་བསྒོམ་པ་དང་། རྒྱུད་སྣོད་རུང་དུ་བྱེད་པའི་ཐབས་གཉིས་ལས། དང་པོ་ནི། བདག་ཅག་གི་སྟོན་པས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས། གདུལ་བྱ་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཐེག་་ཆེན་གྱི་སྡེ་སྣོད་དང་ཐེག་དམན་གྱི་སྡེ་སྣོད་གཉིས་སུ་འདུས། དང་པོས་རང་གཅེས་འཛིན་མི་འགོག་པར་དགག་གཞི་བདག་ཏུ་འཛིན་པ་དགག་བྱར་བྱས་ནས་དེ་སྤངས་པའི་ཐར་པ་ཐོབ་པར་བྱེད་པའི་ཐབས་སྟོན། གཉིས་པས་རང་གཅེས་པར་འཛིན་པ་སྤངས་ནས་གཞན་གཅེས་པར་བཟུངས་ཏེ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་སྟོན། ཐབས་དེ་དག་ཉམས་སུ་ལེན་པ་ཡང་དགེ་བའི་བཤེས་གཉེན་ལ་རག་ལས་ཤིང ཁྱད་པར་དུ་ཐེག་ཆེན་གྱི་ལམ་ཉམས་སུ་ལེན་པ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་ཚུལ་ཕྱིན་ཅི་མ་ལོག་པར་ཤེས་ནས་བསྟེན་པ་ལ་རག་ལས། བསྟེན་ཚུལ་ཕྱིན་ཅི་མ་ལོག་པ་ནི་བླ་མ་ལ་ཐ་མལ་པར་འཛིན་པའི་འདུ་ཤེས་སྤངས་ནས་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་དེ། དེས་གང་གསུངས་སྒྲུབ་པར་བྱེད་པ་ནི་དེ་ཡིན་པས་ཐོག་མར་བླ་མའི་རྣལ་འབྱོར་བསྒོམ་པ་ནི་ཚུལ་མང་སྟེ། མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། རྩ་


DLL1006_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་བླ་མ་ལ་སངས་རྒྱས་སོགས་བསྟིམས་ནས་བསྒོམ་པ་དང་། རང་གི་སྤྱི་བོའི་བསྒོམ་པ་གཉིས། ཕྱི་མ་ལ་ཡང་རང་གི་སྤྱི་བོར་རྩ་བའི་བླ་མ། མཐར་སྟོན་པ་སངས་རྒྱས་ཏེ་བླ་མ་མཐོ་བརྩེགས་སུ་བསྒོམ་པ་དང་། ཡང་རང་གི་སྤྱི་བོར་རྩ་བའི་བླ་མ་དཀྱིལ་དུ་བྱས་ནས། དེ་ལ་བརྒྱུད་པའི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་རང་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་མཐའ་ནས་བསྐོར་ཏེ། ཁྲོམ་ཚོགས་སུ་བསྒོམས་ལ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྩ་བརྒྱུད་ཀྱི་བླ་མ། སངས་རྒྱས་བྱང་སེམས། ཉན་རང་ཆོས་སྐྱོང་སྲུང་མ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ་ཞེས་སོགས་མཆོད་པ་ཕུལ། ཛཿཧཱུཾ་བཾ་ཧོཿ སྐུ་སྟོད་ཀྱི་ཆ་ལ་བླ་མ། སངས་རྒྱས་བྱང་སེམས། སྐུ་སྨད་ཀྱི་ཆ་ལ་ཉན་རང་ཆོས་སྲུང་རྣམས་ཐིམ་པར་བསྒོམ་པ། ཡང་རང་གི་སྤྱི་བོར་བཞུགས་པའི་བླ་མ་དེ་དང་པོ་ནས་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བསྒོམ་པ་སོགས་དུ་མ་ཡོད་པའི་ནང་ནས། འདིར་ཕྱི་མའི་དབང་དུ་བྱས་པ་ནི། རང་གི་སྤྱི་བོར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རང་གི་རྩ་བའི་བླ་མ་སྐུ་མདོག་དམར་པོ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་བཞག་མཛད་པ། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་ལྡན་པ། ཞལ་འཛུམ་པ་དང་བཅས་པས་རང་ལ་དགྱེས་བཞིན་དུ་གཟིགས་པ། དང་པོ་ནས་བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། སངས་རྒྱས་ཀུན་འདུས།


DLL1006_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསམས་ལ། དེ་ལ་ཨརྒྷཾ་ལ་སོགས་པས་མཆོད་པ་དང་། གང་གི་དྲིན་གྱི་བདེ་ཆེན་ཉིད། །ཅེས་སོགས་སྤྱི་བསྟོད་དང་། བྱེ་བྲག་གི་བསྟོད་པ་དང་། ཇི་སྙེད་སུ་དག་ཅེས་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང་མཎྜལ་ཕུལ། དེ་ནས་ཡང་རང་གི་རྩ་བའི་བླ་མ་ཀུན་འདུས་སོགས་སུ་གསལ་བཏབ་སྟེ། རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་བླ་མ་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པར་བྱས་ཏེ། དུས་དེ་ནས་བཟུངས་ཏེ་སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅི་བྱུང་ཡང་། བླ་མ་རིན་པོ་ཆེ་མིན་པ་རེ་ས་མེད་སྙམ་དུ་བསམས་ནས། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བླ་མ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་མཆོག་གི་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་ཚིག་ཙམ་མིན་པར་སྐྱབས་སུ་འགྲོ །དེ་ནས། སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དམ་ཆོས་བདུད་རྩིའི་འབྱུང་གནས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །སྲིད་གསུམ་འདྲེན་པའི་གཙོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རེ་སའི་སྐྱབས་གནས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་ལ་ཕྱིན་ཅི་ལོག་གི་བློ་སྣ་ཚོགས་ཐམས་ཅད་འགག་པར་བྱིན་གྱིས་རློབས། ཕྱིན་ཅི་མ་ལོག་པའི་བློ་སྣ་ཐམས་ཅད་སྐྱེ་བར་བྱིན་གྱིས་རློབས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མྱུར་དུ་རྒྱུད་ལ་སྐྱེ་བར། ཚེ་འདི་དང་། འཆི་ཀ་དང་། བར་དོ་དང་། ཚེ་ཕྱི་མ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མི་ཉམས་ཤིང་མངོན་དུ་འགྱུར་བར། རྐྱེན་ངན་བར་ཆད་ཅི་བྱུང་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་འབྱོངས་པའི་གྲོགས་སུ་འཁྱེར་ནུས་པར་


DLL1006_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ་ཏུ་གསོལ། ཅེས་མིག་ནས་མཆི་མ་འཛག་པ་དང་། ལུས་ཀྱི་བ་སྤུ་ལྡང་བ་དང་། ལུས་ཀྱི་ཟུངས་མི་ཐུབ་པ་སོགས་བྱུང་བྱུང་སྙིང་ཁོང་རུས་པའི་དཀྱིལ་ནས་གསོལ་འདེབས་ལན་མང་དུ་བྱའོ། །དེ་ལ་བརྟེན་ནས་བླ་མའི་སྤྱི་བོ་ནས་འོད་ཟེར་དཀར་པོ་བྱུང་། རང་གི་སྤྱི་བོའི་གནས་སུ་ཐིམ། བླ་མའི་སྐུའི་བྱིན་རླབས་ཞུགས། ཚེ་ཐོག་མེད་ནས་བསགས་པའི་སྒྲིབ་པ་ཐམས་ཅད་དག །མགྲིན་པ་ནས་འོད་ཟེར་དམར་པོ། ཐུགས་ཀ་ནས་འོད་ཟེར་སྔོན་པོ། བླ་མའི་གནས་གསུམ་ནས་འོད་ཟེར་གསུམ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དག །ཡང་སྐྱབས་འགྲོ་ནས་གསོལ་བཏབ་ཀྱི་བར་སྔར་བཞིན་བྱས་པས། རང་གི་སྤྱི་བོའི་བླ་མ་འོད་དུ་མེར་ཞུ་ནས། རང་གི་སྤྱི་བོའི་ཚངས་བུག་ཁ་བྱེ་བ་ནས་མར་ཞུགས་ནས་སྙིང་ཁར་རང་གི་སེམས་དང་དབྱེར་མེད་དུ་འདྲེས་པའི་ངང་ལ་སེམས་རྩེ་གཅིག་ཏུ་ཡུན་རིང་བར་བཞག་གོ ། གཉིས་པ་ལ་བཞི་ཡོད་པའི་དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ལ་བཞི་ལས། དང་པོ་དལ་འབྱོར་གྱི་ངོ་བོ་སེམས་པ་ནི། དལ་བ་བརྒྱད་དང་། འབྱོར་པ་བཅུའོ། །དང་པོ་ནི། མི་ཁོམ་པ་བརྒྱད་སྤངས་པའོ། །མི་ཁོམ་པ་བརྒྱད་ནི། མི་མིན་པའི་འགྲོ་བས་བསྡུས་པ་བཞི། མིའི་འགྲོ་བས་བསྡུས་པ་བཞིའོ། །དང་པོ་ནི། ལས་ཉོན་གྱིས་འཕངས་པའི་ངན་སོང་བ་གསུམ། འདོད་ཡོན་གྱིས་ཧ་ཅང་གཡེངས་པའི་འདོད་ཁམས་ཀྱི་ལྷ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། གཟུགས་གཟུགས་མེད་དུ་སྐྱེས་པའི་སོ་སྐྱེ་སྟེ་ལྷ་ཚེ་རིང་པོ་དང་བཞིའོ། །གཉིས་པ་ནི། རྫོགས་ལྡན་གྱི་དུས་ཀྱི་མི་བཞིན་དུ། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པ་དང་། བྱོན་ཀྱང་རང་ཉིད་འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ་མཐའ་ཁོབ་ཏུ་སྐྱེས་པ་དང་། ཡུལ་དབུས་སུ་སྐྱེས་ཀྱང་ཡིད་དབང་


DLL1006_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྕེ་དབང་ལ་སྐྱོན་ཞུགས་པའི་དབང་པོ་མ་ཚང་བ་དང་། དབང་བོ་ཚང་ཡང་ལས་འབྲས་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བ་འཛིན་པའོ། །དེ་དག་ལ་མི་ཁོམ་པ་ཞེས་བྱ་སྟེ། དམ་པའི་ཆོས་སྒྲུབ་པ་ལ་མི་ཁོམ་པ་ཡིན་ཏེ། དང་པོ་རྣམས་ནི། དམ་པའི་ཆོས་དང་ཆོས་མིན་པའི་བླང་དོར་མི་ཤེས། ཕྱི་མ་ནི་ཆོས་སྒྲུབ་པ་ལ་མི་མོས་པའི་ཕྱིར་རོ། །འབྱོར་པ་བཅུ་ལ། རང་འབྱོར་ལྔ་དང་། གཞན་འབྱོར་ལྔའོ། །དང་པོ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་གསུངས་པ་ལྟར། མིར་གྱུར་པ་དང་། ཡུལ་དབུས་སུ་སྐྱེས་པ་དང་། མིག་ལ་སོགས་པའི་དབང་པོ་ཚང་བ་དང་། མཚམས་མེད་མ་བྱས་པའི་ལས་ཀྱི་མཐའ་མ་ལོག་པ་དང་། དཀར་པོའི་ཆོས་ཉིད་ཀྱི་གནས་བསླབ་པ་གསུམ་བརྗོད་བྱར་སྟོན་པའི་འདུལ་བ་སྡེ་སྣོད་གསུམ་ལ་དད་པའོ། །ལྔ་པོ་དེ་ལ་རང་འབྱོར་ཞེས་བྱ་སྟེ། ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་ཞིང་རང་རྒྱུད་ཀྱིས་བསྡུས་པའི་ཕྱིར་རོ། ། གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དམ་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་གསུངས་པ་ལྟར། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་ཆོས་གསུངས་པ་དང་། དེའི་བསྟན་པ་དང་དེའི་བསྟན་པའི་རྗེས་སུ་འཇུག་པ་དང་། རང་ཉིད་ཆོས་ཚུལ་བཞིན་དུ་སྒྲུབ་པ་ལ་ཆོས་གོས་སོགས་སྟེར་བའི་སྦྱིན་བདག་ཡོད་པའོ། །ལྔ་པོ་དེ་ལ་གཞན་འབྱོར་ཞེས་བྱ་སྟེ། ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་ཞིང་། གཙོ་ཆེར་གཞན་རྒྱུད་ཀྱིས་བསྡུས་པའི་ཕྱིར། གཉིས་པ་དལ་འབྱོར་རྙེད་པ་དོན་ཆེ་བར་བསྟན་པ་ནི། དེ་ལྟ་བུའི་དལ་འབྱོར་རྙེད་པ་དོན་ཆེ་སྟེ། མཐར་ཐུག་གི་དོན་སྒྲུབ་པ་ལ་བལྟོས་ནས་ཀྱང་དོན་ཆེ། དང་པོ་ཡིན་ཏེ། ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་ཡང་དོན་


DLL1006_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། ཐར་པ་སྒྲུབ་པ་ལ་ཡང་དོན་ཆེ་བ་ཡིན་ནོ། །དང་པོ་ཡིན་ཏེ། དལ་འབྱོར་མིའི་རྟེན་ལ་ཐམས་ཅད་མཁྱེན་པ་སྒྲུབ་ནུས་པ་ཙམ་འགྲོ་བ་གཞན་གྱི་རྟེན་ལ་སྒྲུབ་མི་ནུས་པའི་ཕྱིར། གཉིས་པ་ཡིན་ཏེ། མིའི་རྟེན་ལ་མཐོང་ལམ་སྐྱེ་བ་ཡིན་གྱི། མིའི་རྟེན་ལ་ལམ་གོམས་པའི་འདོད་པའི་ལྷ་ཁ་ཅིག་མ་གཏོགས་ཁམས་གོང་མའི་རྟེན་ལ་མཐོང་ལམ་སྐྱེ་བ་མེད་པའི་ཕྱིར། གནས་སྐབས་ལ་ལྟོས་ནས་ཀྱང་དེ་ཡིན་ཏེ། གནས་སྐབས་སུ་ལུས་དང་ལོངས་སྤྱོད་འཁོར་ཕུན་ཚོགས་དགོས། དེ་དག་གི་རྒྱུར་ཚུལ་ཁྲིམས་སྲུང་བ། སྦྱིན་པ་གཏོང་བ། བཟོད་པ་སྒོམ་དགོས། དེ་དག་སྒོམ་པའི་རྟེན་གྱི་མཆོག་ཀྱང་དལ་འབྱོར་གྱི་མི་ལུས་ཡིན་པའི་ཕྱིར་རོ། །གསུམ་པ་དལ་འབྱོར་རྙེད་པར་དཀའ་བ་བསྟན་པ་ནི། དཔལ་འབྱོར་རྙེད་དཀའ་སྟེ། རྒྱུའི་སྒོ་ནས་རྙེད་དཀའ། རང་གི་ངོ་བོའི་སྒོ་ནས་ཀྱང་རྙེད་དཀའ་བའི་ཕྱིར་རོ། །དང་པོ་ཡིན་ཏེ། དལ་འབྱོར་གྱི་མི་ལུས་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་དགོས། དེ་སྲུང་བ་སྲིད་མཐའ་ཙམ་དུ་སོང་ཞིང་ངན་འགྲོའི་རྒྱུ་མི་དགེ་བ་ལ་ཡང་ཡང་འཇུག་པའི་ཕྱིར་རོ། །གཉིས་པ་ཡིན་ཏེ འགྲོ་བར་རིས་མི་མཐུན་ལ་བལྟོས་ནས་བདེ་འགྲོ་ཡང་སྲིད་མཐའ་ཙམ་དུ་སོང་། ཁྱད་པར་དུ་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་དགོས་པར་གདམས་པ་ནི། དོན་ཆེ་ཞིང་ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་ཐོབ་པའི་དུས་འདིར་དེའི་རྟེན་ལ་སྙིང་པོ་བླང་བར་བྱ། སྙིང་པོ་ལེན་པའི་མཆོག་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞེས་སོགས་སོ། ། དལ་འབྱོར་གྱི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་བསྐུལ་བ་ནི། ཆོས་བཞིས་ཤེས་པར་བྱ་སྟེ། རང་ཅག་རྣམས་ཀྱིས་དམ་པའི་ཆོས་སྒྲུབ་པར་བྱ་དགོས་ཏེ། རང་གཞན་ཐམས་ཅད་བདེ་བ་བསྒྲུབ་པར་འདོད་པ་དང་། སྡུག་


DLL1006_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་སེལ་བར་འདོད་པ་མཚུངས་ལ། དེ་ཡང་དམ་པའི་ཆོས་སྒྲུབ་པ་ལ་རག་ལས་ཤིང་། དམ་པའི་ཆོས་སྒྲུབ་པར་ནུས་པ་ཡིན་ཏེ། ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་དང་མཇལ། ནང་གི་རྐྱེན་དལ་འབྱོར་གྱི་ལུས་ཚང་བའི་ཕྱིར། དེ་ཡང་ཚེ་འདིར་སྒྲུབ་དགོས་པ་ཡིན་ཏེ། སྐྱེ་བ་ཕྱི་མར་དལ་འབྱོར་རྙེད་པར་དཀའ་བའི་ཕྱིར། དེ་ཡང་ད་ལྟ་ནས་སྒྲུབ་དགོས་ཏེ། ནམ་འཆི་ངེས་པ་མེད་པའི་ཕྱིར། འཆི་བ་མི་རྟག་པ་བསམ་པ་ལ་ངེས་པར་འཆི་བ་བསམ་དགོས་ཏེ། དེ་མ་བསམས་ན་ཉེས་དམིགས་ཆེ་ཞིང་བསམས་ན་ཕན་ཡོན་ཆེ་བའི་ཕྱིར། དང་པོ་ཡིན་ཏེ། མཐར་འཆི་སྙམ་པ་ཀུན་ལ་ཡོད་ཞིང་། དེ་རིང་མི་འཆི་དེ་རིང་མ་འཆི་སྙམ་པ་འཆི་ཁ་མ་ཚུན་ལ་ཡོད་ལ། དེའི་གཉེན་པོར་འཆི་བ་མི་རྟག་པ་མ་བསམས་ན་ཚེ་འདིར་སྡོད་གྲབས་བྱེད་བྱེད་ནས་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་དུ་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་དང་། དེའི་དོན་དུ་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་མི་འཇུག་པ་དང་། གལ་ཏེ་དེ་ལ་འཇུག་པའི་བློ་ཡོད་ནའང་ཕྱི་བཤོལ་གྱི་ལེ་ལོས་དུས་འདའ་བ་དང་། ཚེ་འདིའི་རྙེད་བཀུར་ལ་སྲེད་པའི་དབང་གིས་ཉོན་མོངས་པ་དང་། དེའི་དབང་གིས་སྡིག་པ་མི་དགེ་བའི་ལས་བསགས་ནས་འཁོར་བའི་སྡུག་བསྔལ་མྱོང་བར་འགྱུར་བའི་ཕྱིར་རོ། ། འཆི་བ་མི་རྟག་པ་བསམས་པ་ཕན་ཡོན་ཆེ་སྟེ། འཆི་བ་མི་རྟག་པ་དྲན་པའི་བློ་རྣལ་མ་སྐྱེས་ནས་དེ་རིང་སང་རང་འཆི་བར་ཐག་ཆོད་ན། ཚེ་འདིའི་གཉེན་བཤེས་སོགས་ལ་སྲེད་པ་ལོག་ནས་ཕྱི་མའི་དོན་དུ་སྦྱིན་པ་གཏོང་བ་སོགས་ལ་འཇུག་པའི་ཕྱིར། འོ་ན་འཆི་བ་མི་རྟག་པའི་བློ་ཇི་ལྟ་བུ་བསྒོམ་ཞེ་ན། ཉོན་མོངས་མ་སྤངས་ཀྱི་བར་དུ་འཁོར་བར་སྐྱེ་བ་རེ་ཤིག་དགག་མི་ནུས་པས་དེ་ལ་སྐྲག་པའི་བློ་བསྒོམ་པ་མིན་གྱི། ངན་འགྲོའི་རྒྱུ་འགོག་པ་དང་། བདེ་འགྲོའི་རྒྱུ་མ་བསྒྲུབས་པར་འཆི་བས་སྐྲག་པའི་བློ་བསྒོམ་པ་ཡིན་ཏེ། ཐབས་དེ་བསྒྲུབ་


DLL1006_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱར་ཡོད། བསྒྲུབས་ན་ཕན་ཡོན་ཆེ་ཞིང་མ་བསྒྲུབས་ན་འགྱོད་པ་དང་བཅས་བཞིན་དུ་འཆི་བར་འགྱུར་པའི་ཕྱིར། དེས་ན་འཆི་བ་མི་རྟག་པ་བསམ་པ་ལ་ངེས་པར་འཆི་བ་བསམ་པ་དང་། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མིན་པ་གཞན་གང་གིས་ཀྱང་མི་ཕན་པའི་ཚུལ་བསམ་པའོ། །དང་པོ་ལ་གསུམ་ལས། འཆི་བདག་ངེས་པར་ཡོང་སྟེ། ལུས་གང་བླངས་ཀྱང་འཆི་བ་ལས་མ་འདས། ཡུལ་གང་དུ་གནས་ཀྱང་འཆི་བ་ལས་མ་འདས། དུས་ནམ་གྱི་ཚེའང་འཆི་བ་ལས་མ་འདས་པའི་ཕྱིར་རོ། །དང་པོ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་། མཆོག་གི་སྤྲུལ་པའི་སྐུ་ཡང་མྱ་ངན་ལས་འདའ་བའི་ཚུལ་སྟོན་ན། སྐྱེ་བ་ཕལ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། སངས་རྒྱས་རྣམས་དང་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་ལ་སྨོས་ཅི་དགོས། །ཞེས་སོ། །གཉིས་པ་ཡིན་ཏེ། དེ་ཉིད་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་གཏིང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན། །ཞེས་སོ། །གསུམ་པ་ཡིན་ཏེ། སྔར་བྱུང་བའི་སེམས་ཅན་རྣམས་ཀྱང་ཤི །ད་ལྟར་དང་མ་འོངས་པའི་སེམས་ཅན་རྣམས་ཀྱང་འཆི་བའི་ཕྱིར་ཏེ། དེ་ཉིད་ལས། བྱུང་དང་འབྱུང་བ་འགྱུར་བ་ཇི་སྙེད་པ། །དེ་དག་འཇིག་རྟེན་གཞན་དུ་འགྲོ་བ་དང་། །འདི་ཀུན་མཁས་པས་མི་རྟག་རྟོགས་བགྱིས་ཏེ། །ཆོས་ལ་ངེས་པར་གནས་ཀྱིས་སྤྱད་པ་སྤྱོད། །ཅེས་སོ། །འཆི་བ་འོང་བ་རྐྱེན་གང་གིས་ཀྱང་བཟློག་མི་ནུས་ཏེ། མགྱོགས་པ་དང་། སྟོབས་དང་། ནོར་གྱིས་དང་། རྫས་དང་། སྔགས་དང་། སྨན་ལ་སོགས་པས་ཀྱང་བཟློག་ཏུ་མེད་པའི་ཕྱིར་རོ། ། གཉིས་པ་


DLL1006_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པས་དེ་བསམ་པ་ནི། ངེས་པར་འཆི་སྟེ་རྟགས་དེའི་ཕྱིར་ཏེ། ལོ་བརྒྱ་ཙམ་ཐུབ་པའི་དབང་དུ་བྱས་ཀྱང་། ཟླ་བ་སོང་བས་ལོ་མཛད། ཉིན་ཞག་སོང་བས་ཟླ་བ་མཛད། དེ་ཡང་ཉིན་མོ་དང་མཚན་མོ་སོང་བས་མཛད། དེ་ཡང་སྔ་དྲོ་དང་ཕྱི་དྲོ་ལ་སོགས་པ་སོང་བས་མཛད་པའི་ཕྱིར་རོ། །གསུམ་པ་གསོན་པའི་ཚེ་ན་ཡང་ཆོས་བྱ་ལོང་མེད་པར་འཆི་བ་བསམ་པ་ནི། ལོ་བརྒྱ་ཚུན་ཆད་ཐུབ་པར་ངེས་ཀྱང་ལོང་ཡོད་བྱར་མི་རུང་སྟེ། དེའི་ཕྱེད་གཉིད་དང་། ལོ་བཅུ་བྱིས་པ་དང་། ལོ་བདུན་ཅུ་རྒས་ནས་དགེ་བ་ལ་སྦྱོར་མི་བཟོད་པ་དང་། གཞན་ཡང་མྱ་ངན་དང་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། ན་ཚ་ལ་སོགས་པས་གེགས་བྱེད་པའི་ཕྱིར་རོ། །དེས་ན་ལོ་བརྒྱ་ཚུན་ཆད་དུ་འཆི་བར་ཐག་ཆོད་ཅིང་། ཉི་མ་གང་ལ་འཆི་ཐག་མ་ཆོད་ལ། དེ་རིང་འཆི་བར་ཡང་མ་ངེས། མི་འཆི་བར་མ་ངེས་ཀྱང་། བློས་འཆི་བའི་ཕྱོགས་བཟུངས་ནས། དེ་རིང་ངེས་པར་འཆི་སྙམ་པའི་བསམ་པ་བྱ་སྟེ། དེ་ལྟར་བྱས་ན་ཚེ་ཕྱི་མའི་དོན་དུ་བཤགས་བསྡམ་སོགས་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནམ་འཆི་ངེས་མེད་བསམ་པ་ལ། འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པས་ནམ་འཆི་ངེས་མེད་བསམ་པ། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བས་ནམ་འཆི་ངེས་མེད་བསམ་པ། ལུས་འདི་ཉམས་ཆུང་བས་དེ་ལྟར་བསམ་པའོ། །དང་པོ་ནི། རང་ཅག་རྣམས་ནམ་འཆི་ངེས་པ་མེད་དེ། སྒྲ་མི་སྙན་མ་གཏོགས་པའི་ཚེ་ལ་ངེས་པ་མེད་ཅིང་། ཁྱད་དུ་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་དེ། བསྐལ་པ་དང་པོ་ནི། ཚེ་ལོ་དཔག་མེད་ཐུབ་པ་བྱུང་། མཐར་རིང་མཐའ་ལའང་ཚེ་ལོ་བཅུ་ལས་མི་ཐུབ་པའི་ཕྱིར། གཉིས་པ་ནི། དེ་ཡིན་ཏེ། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་ལ། གསོན་རྐྱེན་རྣམས་ཀྱང་འཆི་རྐྱེན་དུ་འགྱུར་བ་ཡོད་པའི་ཕྱིར་རོ། །


DLL1006_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཡིན་ཏེ། རང་ཅག་རྣམས་ལ་སེམས་ཡོད་ཀྱི་གནོད་པ་དང་། སེམས་མེད་ཀྱི་གནོད་པ་གཉིས། དང་པོ་ལ་ཡང་མིས། མི་མ་ཡིན་པས། དུད་འགྲོ་གདུག་པ་ཅན་གྱིས་གནོད་པ་དང་། གཉིས་པ་ལ་ཡང་། ཕྱི་རོལ་གྱི་འབྱུང་བ་ཆེན་པོ་བཞི་དང་། ནང་གི་རླུང་མཁྲིས་བད་ཀན་ལ་སོགས་པས་འབྱུང་བ་འཁྲུགས་པས་གནོད་པ་བྱས་ནས་འཆི་བར་འགྱུར་བའི་ཕྱིར་རོ། །གསོན་རྐྱེན་རྣམས་ཀྱང་འཆི་རྐྱེན་དུ་འགྲོ་བའི་སྐབས་ཡོད་དེ། བཟའ་བཏུང་གནས་ཁང་གཉེན་བཤེས་ལ་སོགས་པ་རྣམས་འཆི་རྐྱེན་དུ་འགྱུར་བ་ཡོད་པའི་ཕྱིར་ཏེ། བཟའ་བཏུང་མངས་དྲགས་པ་དང་། ཉུངས་པ། མི་འཕྲོད་པ་ཟོས་པ་དང་། གནས་ཁང་རྡིབ་པ་ལ་སོགས་པ་དང་། གཉེན་བཤེས་ལ་སོགས་པས་བསླུས་ནས་འཆི་བར་འགྱུར་བ་དུ་མ་ཡོད་ཅིང་། སྐྱེས་ཙམ་ནས་འཆི་བ་ལ་མངོན་དུ་ཕྱོགས་པའི་ཕྱིར། གསུམ་པ་ནི། དེ་ཡིན་ཏེ། ལུས་འདི་ཉམས་ཆུང་བས་གནོད་བྱེད་ཆུང་ངུས་ཀྱང་ཚུགས་པར་སླ་བའི་ཕྱིར། གསུམ་པ་ཚེ་ཆོས་མིན་པ་གང་གིས་ཀྱང་མི་ཕན་པའི་ཚུལ་བསམ་པ་ནི། དེ་ཡིན་ཏེ། དེའི་ཚེ་གཉེན་བཤེས་དུ་མ་ཡོད་ཀྱང་རང་ཉིད་གཅིག་པུར་འགྲོ །བཟའ་བཏུང་དུ་མ་ཡོད་ཀྱང་ལག་པ་སྟོང་པར་འགྲོ །གོས་གྱ་ནོམ་པ་དུ་མ་ཡོད་ཀྱང་གཅེར་བུ་འགྲོ། ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་སོ་སོར་འགྱེས་ན་གཞན་རྣམས་ལྟ་ཅི་སྨོས། དེའི་ཚེ་གང་རྗེས་སུ་འབྲང་ན་དགེ་སྡིག་གི་ལས་རྗེས་སུ་འབྲང་ངོ་། །སྡིག་པ་མི་དགེ་བ་རྗེས་སུ་འབྲང་བས་བས་གནོད་དེ། མི་དགེ་བ་ལས་སྡུག་བསྔལ་འབྱུང་བའི་ཕྱིར། དེའི་ཚེ་དམ་པའི་ཆོས་གཅིག་པུ་མགོན་དང་སྐྱབས་དང་དཔུང་གཉེན་གཅིག་པུར་འགྱུར་བ་ཡིན་པས། ད་ལྟ་ནས་ཆོས་བསྒྲུབ་པར་བྱའོ། ། གསུམ་པ་ལས་འབྲས་བསམ་པ་ནི་ནམ་འཆི་ངེས་པ་


DLL1006_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ། ཤི་ནས་ཅི་མེད་ཅང་མེད་དུ་མི་འགྲོ། ཐར་པ་ཐོབ་པའི་གདེང་ཡང་མེད་དེ། ཉོན་མོངས་མ་སྤངས་ཀྱི་བར་དུ་འཁོར་བར་སྐྱེ་བ་ལེན་དགོས། སྐྱེ་བ་ལེན་པའི་གནས་བདེ་འགྲོ་དང་ངན་འགྲོ་གཉིས་སུ་ཁ་ཚོན་ཆོད་ལ། ངན་སོང་གསུམ་དུ་བདག་སྐྱེས་ན་ཅི་ལྟར་འགྱུར་སྙམ་དུ་ངན་སོང་གི་སྡུག་བསྔལ་ཉི་མ་རེ་རེ་བཞིན་དྲན་པར་བྱ་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་རྣམས་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །དུད་འགྲོ་བལྟ་ཞིང་དྲན་པར་བྱ། །ཞེས་གསུངས་སོ། །ཉིན་རེ་བཞིན་དེ་དྲན་པར་བྱས་པ་ལ་དགོས་པ་ཡོད་དེ། སྡུག་བསྔལ་གྱི་ཡིད་འབྱུང་ནས་ང་རྒྱ་དང་དྲེགས་པ་སེལ་བ་དང་། ཐར་པ་དོན་གཉེར་གྱི་བློ་སྐྱེ་བ་དང་། སྡུག་བསྔལ་གྱི་རྒྱུ་མི་དགེ་བར་ངེས་ནས། མི་དགེ་བ་ལ་སྤོང་འདོད་ཀྱི་བློ་སྐྱེད་པ་དང་། སྡུག་བསྔལ་མི་འདོད་པ་ནི། བདེ་བ་འདོད་པ་ཡིན་པས། བདེ་བའི་རྒྱུ་དགེ་བ་ལ་སྤྱོད་འདོད་ཀྱི་བློ་སྐྱེད་པ་དང་། རང་ཉམས་ལ་དཔགས་ནས་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ལ་དམིགས་ནས་སྙིང་རྗེ་སྐྱེ་བ་དང་། རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཤུགས་དྲག་བསྐྱེད་པའི་དགོས་པ་ཡོད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། སྡུག་བསྔལ་མེད་པར་ཡིད་འབྱུང་མིན། །དེ་བས་སེམས་ཁྱོད་བརྟན་པར་མནོས། །གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །ཅེས་པ་ནས། སྡིག་པ་འཛེམ་ཞིང་དགེ་ལ་དགའ། །བདག་ནི། ཞེས་པ་ནས། ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །ཞེས་སོགས་གསུངས་སོ། །འོ་ན་ངན་སོང་གསུམ་གྱི་སྡུག་བསྔལ་ཇི་ལྟར་བསམ་ཞེ་ན། འདིར་དམྱལ་


DLL1006_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། དུད་འགྲོ་དང་། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ལ་ཚ་དམྱལ་གྱི་སྡུག་བསྔལ་བསམ་པ། གྲང་དམྱལ་གྱི་སྡུག་བསྔལ་བསམ་པ། ཉི་ཚེ་བའི་སྡུག་བསྔལ་བསམ་པ་གསུམ། དང་པོ་ནི། ཚ་དམྱལ་དེ་ལ་བརྒྱད་ཡོད་པ་ལས། སྔོན་གྱི་ལས་ལས་བྱུང་བའི་མཚོན་ཆ་རྣམས་ཕན་ཚུན་བསྣུན་པ་ལས་ས་ལ་འགྱེལ་ཏེ་བརྒྱལ་བ་ན། ནམ་མཁའ་ལས་ཡང་བསོས་པར་གྱུར་ཅིག །ཅེས་པའི་སྒྲ་ལས་བསོས་པ་དང་ཡང་སྔར་བཞིན་དུ་གྱུར་པའི་ཡང་བསོས་པ་དང་། དམྱལ་སྲུངས་རྣམས་ཀྱིས་ལུས་ལ་ཐིག་ནག་པོ་བཏབ་སྟེ། སོག་ལེས་འདྲ་ཞིང་སྟེའུས་གཅོད་པའི་ཐིག་ནག་པ་དང་། ཕན་ཚུན་འདུས་པ་ལ་རི་ར་ལུག་གི་གདོང་པ་ཅན་གྱིས་འཇོམས་པ་དང་། ལྕགས་ཀྱི་འཁྲུལ་འཁོར་གྱི་ནང་དུ་བཅུག་སྟེ་བུར་ཤིང་འཚེར་བ་བཞིན་དུ་འཚིར་བ་དང་། ལྕགས་ཀྱི་ཕ་བོང་གིས་སྟེང་ནས་གནོན་པའི་བསྡུས་འཇོམས་པ་དང་། ལྕགས་ཀྱི་ཁང་པ་མེ་འབར་བའི་ནང་དུ་སྲེག་པའི་སྡུག་བསྔལ་མྱོང་ནས་ཆོ་ངེས་འདོན་པས་ན་ངུ་འབོད་དང་། ལྕགས་ཀྱི་ཁང་པ་མེ་འབར་བ་ཉིས་རིམ་གྱི་ནང་དུ་སྲེག་པའི་སྡུག་བསྔལ་ཆེན་པོ་མྱོང་ནས་ཆོ་ངེས་འདོན་པས་ན། ངུ་འབོད་ཆེན་པོ་དང་། ལྕགས་བསྲེགས་ཀྱི་ས་གཞི་ལ་སྲེག་ཅིང་དམྱལ་སྲུངས་རྣམས་ཀྱིས་གསལ་ཤིང་མེ་འབར་བ་ཕོངས་ནས་བཙུགས་ཏེ་སྤྱི་བོའི་བར་དུ་ཕུག་པས་བུ་ག་རྣམས་ནས་མེ་འབར་བས་ན་ཚ་བ་དང་། དེས་ལྕགས་ཀྱི་གསལ་ཤིང་མེ་རབ་ཏུ་འབར་བ་རྩེ་གསུམ་པ་འཕོངས་ནས་བཅུག་སྟེ་སྤྱི་བོ་དང་དཔུང་བ་གཉིས་ཀྱི་བར་དུ་ཕུག་པས་བུ་ག་རྣམས་ནས་མེ་རབ་ཏུ་འབར་བ་དང་། ལྕགས་ཟངས་འགྱུར་བྱེད་ཀྱི་ཐལ་བས་བཀང་བའི་ནང་དུ་བསྐོལ་བས་ཤ་དང་པགས་པ་དང་། ཁྲག་རྣམས་ཞིག་སྟེ་ཀེང་རུས་


DLL1006_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་ལུས་པ་ན་ཕྱི་རོལ་ཏུ་བཏོན་པས། བསོས་ནས་ཡང་སྔར་བཞིན་དུ་གྱུར་པའི་རབ་ཏུ་ཚ་བ་དང་ཕྱོགས་བཞི་ནས་མེ་བྱུང་ནས་རང་གི་ལུས་དང་དབྱེར་མེད་དུ་གྱུར་ཏེ། མེའི་རང་བཞིན་ལ་སྐད་ལྷང་ལྷང་ཙམ་ཤེས་པའི་མནར་མེད་རྣམས་སོ། ། འོ་ན་དེ་དག་ཏུ་ཇི་ཙམ་གནས་ཞེ་ན། མི་རྣམས་ཀྱི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིས་བཞི་པའི་ཉིན་ཞག་གཅིག་ཏུ་བྱས། དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་ལྔ་བརྒྱ། རྒྱལ་ཆེན་རིས་བཞི་པའི་ཚེ་ཚད། དེ་ཐམས་ཅད་ལ་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་ཡང་སོས་པའི་ཚེ་ཚད་ཡིན་པ་ནས། རབ་ཏུ་ཚ་བ་བར་བསྐལ་ཕྱེད། མནར་མེད་པས་བར་བསྐལ་གཅིག་ཐུབ་པ་ཡིན་ནོ། །དེ་ལྟ་བུའི་ཚ་དམྱལ་གྱི་སྡུག་བསྔལ་དེ་རང་སྟེང་དུ་བྱུང་ན་བཟོད་དཀའ་སྟེ་ཡུན་རིང་ལ་དོས་དྲག་པའི་ཕྱིར། དཔེར་ན་ད་ལྟ་མེ་མར་གྱི་ནང་དུ་ཞག་གཅིག་ཙམ་ལག་པ་བཞག་པའི་སྡུག་བསྔལ་ཡང་བཟོད་དཀའ་ན། ཚ་དམྱལ་གྱི་སྡུག་བསྔལ་ལྟ་སྨོས་ཀྱང་ཅི་དགོས། དེས་ན་འཁོར་བའི་སྡུག་བསྔལ་གྱི་ནང་ནས་དམྱལ་བའི་སྡུག་བསྔལ་བཟོད་དཀའ་ཞིང་། ཁྱད་པར་དུ་མནར་མེད་པའི་དམྱལ་བའི་སྡུག་བསྔལ་བཟོད་དཀའ་སྟེ། བཤེས་སྤྲིངས་ལས། བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པ། །བདེ་བའི་བདག་པོར་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །དེར་མི་སྐྱེ་བའི་གདེངས་ཡང་མེད་དེ། སྡིག་པ་མི་དགེ་བ་ཆེར་སྤྱད་པ་ལས་དམྱལ་བར་སྐྱེ་བ་ཡིན་


DLL1006_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རང་ཅག་རྣམས་ཀྱང་ད་ལྟར་ཡང་མི་དགེ་བ་སྒོ་དུ་མ་ནས་གསོག་ཅིང་ཚེ་ཐོག་མེད་ནས་བསགས་པ་གཉེན་པོས་མ་བཅོམ་ཞིང་། རྣམ་སྨིན་ཕྱུང་མ་ཟིན་པ་དུ་མ་ཡོད་པའི་ཕྱིར་རོ། །ཚ་དམྱལ་བརྒྱད་པོ་དེ་དག་གི་ངོས་བཞིན། མེ་མ་མུར་པུས་མོ་ནུབ་ཙམ་ལ་རྐང་པ་བཞག་པའི་ཚེ་ཤ་རུས་འཇིག་ཅིང་། བཏེག་པའི་ཚེ་བསོས་པ་དང་། དེ་དང་འདབས་ཆགས་པ་ན། རོ་མྱགས་ཀྱི་འདམ་རྐེད་པ་ནུབ་ཙམ་ལ་འབུ་མཆུ་རྣོན་མགོ་དཀར་ལ་ལུས་ནག་པས་རྐང་གི་བར་དུ་འབིགས་པ་དང་། དེ་དང་འདབས་ཆགས་པ་ན། སྤུ་གྲི་གཏམས་པའི་ལམ་པོ་ཆེ་ལ་རྐང་པ་བཞག་པའི་ཚེ་གཅོད་ཅིང་བཏེག་པའི་ཚེ་བསོས་པ་དང་། རལ་གྲི་ལོ་མའི་ནགས་ཚལ་གྱི་རལ་གྲི་རྣམས་ལྷུང་ནས་ལུས་གཅོད་པ་དང་། ཁྱི་སྲེ་པོ་ལྕགས་ཀྱི་མཆེ་བ་ཅན་གྱིས་འབིགས་པ་དང་། དེ་ལ་བརྟེན་ནས་ཤལ་མ་ལིའི་སྡོང་པོ་ལ་འཛེགས་པས་ཚེར་མ་རྣམས་ཁ་འཐུར་དུ་བལྟས་ནས་འབིགས་པ་དང་། སྟེང་དུ་ཕྱིན་པ་ན་བྱ་ཁྭ་ཏ་ལྕགས་ཀྱི་མཆུ་ཅན་གྱིས་མིག་འདོན་པ་ལ་སོགས་པའི་གནོད་པས། ཡང་འཐུར་དུ་བབས་པ་ན་ཚེར་མ་རྣམས་ཁ་གྱེན་དུ་བལྟས་ནས་འབིགས་པ་དང་། དེ་དང་འདབ་ཆགས་པ་ནི། ཐལ་ཚན་གྱི་ཆུ་བོར་རབ་མེད་བརྒལ་བ་ན་སྣོད་ཆེན་པོའི་ནང་དུ་ཆུ་མང་དུ་བླུགས་ནས་བསྐོལ་བའི་ནང་དུ་འབྲས་ཉག་མ་གཅིག་བཅུག་པ་བཞིན་དུ་སྟེང་འོག་ཏུ་འཁོར་བ་ཡོད། དེ་ནས་གཞན་དུ་འགྲོ་བ་དམྱལ་སྲུངས་མཚོན་ཆ་ཐོགས་པ་རྣམས་ཀྱིས་འགོག་པར་བྱེད་པ་ཡིན་ནོ། ། གཉིས་པ་གྲང་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། ཚ་དམྱལ་རྣམས་ཀྱི་བྱང་ཕྱོགས་ཀྱི་ཐད་འཁྱག་པའི་སྦུབས་མུན་ཁུང་ན་གྲང་དམྱལ་བརྒྱད་ཡོད་པ་ལས། གྲང་བས་ཉེན་ནས་ཆུ་བུར་བྱུང་བའི་ཆུ་བུར་ཅན་དང་། གྲང་བས་ཉེན་ནས་སོ་ཐམ་


DLL1006_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། གྲང་བས་ཉེན་ནས་ཁ་དོག་སྔོན་པོར་གྱུར་ཏེ། ཚལ་པ་ལྔ་ལ་སོགས་པར་གྱེས་པའི་ཨུཏྤལ་ལྟར་གས་པ་དང་། དེ་ལས་ཀྱང་འདས་ནས་ཁ་དོག་དམར་པོར་གྱུར་ཏེ་ཚལ་པ་བརྒྱད་ལ་སོགས་པར་གྱེས་པའི་པདྨ་ལྟར་གས་པ་དང་། དེ་ལས་ཀྱང་འདས་ཏེ། བརྒྱ་ཚལ་སྟོང་ཚལ་ལ་སོགས་པར་གྱེས་ནས། གློ་སྙིང་ཚུན་ཆད་མཐོང་བའི་པདྨ་ལྟར་ཆེར་གས་པའོ། །དེ་དག་ཏུ་ཡུན་ཇི་ཙམ་གནས་ཞེ་ན། ཏིལ་རྗང་མ་ག་དྷའི་ཁལ་བརྒྱད་ཅུ་པ་ཏིལ་གྱིས་ཕྱུར་བུར་བཀང་སྟེ། ལོ་བརྒྱ་བརྒྱ་ནས་ཏིལ་རེ་ཕྱུང་བས་ཟད་པར་གྱུར་པ་ནི། ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། གཞན་རྣམས་ནི། གོང་ནས་གོང་དུ་ཉི་ཤུར་བསྒྱུར་བར་བྱ་སྟེ། ཆུ་བུར་ཅན་རྡོལ་བའི་ཚེ་ཚད་ཡིན་པ་ནས། པདྨ་ལྟར་གས་པའི་ཚེ་ཉི་ཤུ་པ་པདྨ་ལྟར་ཆེས་གས་པའི་ཚེ་ཚད་གཅིག་ཡིན་ནོ། །ཡུན་རིང་ལ་དོས་དྲག་པའི་སྡུག་བསྔལ་དེ་རང་སྟེང་དུ་བཟོད་པར་དཀའ་བ་ཡིན་ཏེ། དཔེར་ན། ད་ལྟ་གོས་མེད་པར་འཁྱག་པའི་སྦུབས་སུ་ཞག་གཅིག་ཙམ་ལས་པའི་སྡུག་བསྔལ་ཡང་བཟོད་པར་དཀའ་ན། གྲང་དམྱལ་གྱི་སྡུག་བསྔལ་ལྟ་སྨོས་ཀྱང་ཅི་དགོས། དེར་མི་སྐྱེ་བའི་གདེང་ཡང་མེད་དོ། །མི་དགེ་བ་སྟོབས་ཅན་བསགས་པ་དང་། སྐུ་གཟུགས་ཀྱི་ན་བཟའ་ཁྱེར་བ་དང་། ལོག་ལྟ་བྱས་པ་ལས་དེར་སྐྱེ་བ་གང་ཞིག །དེ་དག་ད་ལྟ་ཡང་གསོག་ཅིང་སྔར་ཚེ་ཐོག་མེད་ནས་བསགས་པ་དུ་མ་ཞིག་ཡོད་པའི་ཕྱིར། གསུམ་པ་ཉི་ཚེ་བའི་སྡུག་བསྔལ་བསམ་པ་ནི། ཉི་ཚེ་བ་ནི། ཚ་དམྱལ་གྲང་དམྱལ་རྣམས་ཀྱི་འགྲམ་དང་། ཆུ་དང་ཐང་དང་། རི་ལ་སོགས་པ་རྣམས་ན་གནས་པར་གསུངས་པས་ཚེ་དང་གནས་ངེས་པ་མེད་ལ། སྡུག་བསྔལ་ནི། ལུང་ལ་བརྟེན་ནས་ཤེས་པར་བྱའོ། །གཉིས་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། དུད་འགྲོ་རྣམས་ཀྱི་


DLL1006_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་གནས་ནི། ཕྱིའི་རྒྱ་མཚོ་ན་ཆང་དར་མའི་སྦང་མ་ལྷགས་པ་བཞིན་དུ་ཡོད་ལ། ལྷ་དང་མིའི་ཡུལ་ན་ཡོད་པ་རྣམས་ནི། དེ་ལས་འཕྲོས་པའི་ཁ་འཐོར་བ་ཡིན་ནོ། ། དེ་དག་གི་སྡུག་བསྔལ་ཅི་ཙམ་ཞེ་ན། ཆེ་བ་རྣམས་ཀྱིས་ཆུང་བ་རྣམས་འཁྱུར་མིད་བྱས་ནས་ཟ་བ། ཆུང་བ་མང་པོ་རུབ་ནས་ཆེ་བ་ཟ་བ་དང་། ཁ་ཅིག་བལ་དང་། མུ་ཏིག་དང་། རུས་པ་དང་། ཤ་དང་པགས་པའི་ཆེད་དུ་འཆི་བ་དང་། ཁ་ཅིག་ལག་པ་དང་། རྡོག་པ་དང་། དབྱུག་པ་དང་། ལྕགས་དང་། ལྕགས་ཀྱུས་བཏབ་སྟེ་བཀོལ་བ་དང་། ཁལ་མི་ཐེག་བཞིན་དུ་འགེལ་བ་དང་། སྣ་འབུགས་པ་དང་། རྔོན་པས་གཙེས་ ་ལ་སོགས་པའི་སྡུག་བསྔལ་ཡོད་དོ། །དེར་ཇིཙམ next hit་གནས་ཞེ་ན། དུད་འགྲོའི་ཚེ་ཚད་ངེས་པ་མེད་ལ། ཚེ་རིང་ཤོས་ཀྱིས་བར་བསྐལ་གཅིག་ཐུབ་བོ། །དེ་ལྟ་བིའི་དུད་འགྲོའི་སྡུག་བསྔལ་དེ་རང་སྟེང་དུ་བྱུང་ན་བཟོད་དཀའ་སྟེ། ད་ལྟ་སྦྲང་བུའི་འཚེ་བ་ཙམ་ཡང་བཟོད་དཀའ་བའི་ཕྱིར་རོ། །དེར་མི་སྐྱེ་བའི་གདེང་ཡང་མེད་དེ། སྡིག་པ་མི་དགེ་བ་འབྲིང་དུ་སྤྱད་པ་ལས་དེར་སྐྱེ་ལ། མི་དགེ་བ་སྒོ་དུ་མ་ནས་གསོག་ཅིང་སྔར་ཐོག་མེད་ནས་བསགས་པ་དུ་མ་ཡོད་པའི་ཕྱིར་རོ། །གསུམ་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། ཡི་དྭགས་ཀྱི་རྩ་བའི་གནས། རྒྱལ་པོའི་ཁབ་ཅེས་པ་འཛམ་བུ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་ལ། ལྷ་དང་མིའི་ཡུལ་ན་ཡོད་པ་རྣམས་ནི། དེ་ལས་འཕྲོས་པའི་ཁ་འཐོར་བ་ཡིན་ནོ། ། ཡི་དྭགས་ཀྱི་རིས་སུམ་ཅུ་སོ་དྲུག་ཡོད་ཀྱང་། བསྡུ་ན། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་ནོ། །དང་པོ་ནི་ཆུ་མིག་དང་མཚེའུ་སོགས་ཀྱི་འགྲམ་དུ་ཕྱིན་པ་ན། རལ་གྲི་དང་མདུང་ཐུང་ལ་སོགས་པ་ཐོགས་པས་འགོག་པ་དང་། ཆུ་ལ་སོགས་པ་རྣག་ཁྲག་ཏུ་གྱུར་ནས་


DLL1006_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་མི་འདོད་པའོ། །གཉིས་པ་ནི། ཁ་ཁབ་ཀྱི་མིག་ཙམ་ལ་ལྟོ་བ་རི་རབ་ཀྱི་གཏོས་ཙམ་དུ་གྱུར་པ་ལ་བརྟེན་ནས། ཕྱི་རོལ་ནས་འགོག་པ་སོགས་མེད་ཀྱང་ལོངས་སྤྱོད་མི་ནུས་པའོ། །གསུམ་པ་ནི། བཟའ་བཏུང་ལོངས་སྤྱོད་པ་ན་མེ་འབར་ཏེ་སྲེག་པ་དང་། ཁ་ཅིག་བཤང་གཅི་ལ་སོགས་པའི་མི་གཙང་བ་ལོངས་སྤྱོད་ཀྱི། བཟང་པོ་མི་རྙེད་པ་དང་། ཁ་ཅིག་བཤང་གཅི་ལ་སོགས་མི་གཙང་བ་ཙམ་ཡང་ལོངས་སྤྱོད་རྒྱུ་མི་རྙེད་པ་དང་། ཁ་ཅིག་རང་གི་ཁྲག་ལ་ཟ་ཡི། ཟས་བཟང་པོ་ལོངས་སྤྱོད་མི་ནུས་པ་དང་། ཁ་ཅིག་ལ་སོ་ག་ཟླ་བའི་འོད་ཟེར་ཀྱང་ཚ་ལ། དགུན་ནི་ཉི་མའང་གྲང་བ་དང་། ཁ་ཅིག་བལྟས་པ་ཙམ་གྱིས་ལྗོན་ཤིང་འབྲས་བུ་མེད་པར་འགྱུར་བར་བྱེད་པ་དང་། ཆུ་ཀླུང་རྣམས་སྐམས་པར་འགྱུར་བའི་སྡུག་བསྔལ་ཡོད་དེ། དེ་དག་བཤེས་སྤྲིངས་ལས་རྒྱས་པར་གསུངས་སོ། །དེར་ཡུན་ཇི་ཙམ་གནས་ཞེ་ན། མི་རྣམས་ཀྱི་ཟླ་བ་གཅིག་ལ་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཡི་དྭགས་ཀྱི་ཚེ་ཚད་དོ། །དེ་ལྟ་བུའི་སྡུག་བསྔལ་དེ་རང་སྟེང་དུ་བྱུང་ན་བཟོད་དཀའ་སྟེ། ད་ལྟ་ཉི་མ་ལྔ་དྲུག་ཟས་བཅད་པའི་སྡུག་བསྔལ་ཡང་བཟོད་དཀའ་ན། ཡི་དྭགས་ཀྱི་སྡུག་བསྔལ་ལྟ་ཅི་སྨོས། དེར་མི་སྐྱེ་བའི་གདེང་ཡང་མེད་དེ། སྡིག་པ་མི་དགེ་བའི་སྒོ་ཆུང་ངུ་སྤྱད་པ། ཆོས་དང་ཟང་ཟིང་སོགས་ལ་སེར་སྣ་བྱས་པ་ལས་དེར་སྐྱེ་བ་གང་ཞིག །དེ་དག་སྒོ་དུ་མ་ནས་གསོག་ཅིང་སྔར་བསགས་དུ་མ་ཡོད་པའི་ཕྱིར། དེས་ངན་སོང་གསུམ་གྱི་རྒྱུ་སྡིག་པ་མི་དགེ་བ་སྤང་བར་བྱ། བདེ་བའི་རྒྱུ་དགེ་བ་སྤྱད་པར་བྱ། དགེ་བའི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡིན་པས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཉམས་སུ་བླང་བར་བྱའོ། །ནམ་འཆི་ངེས་པ་མེད། ཤི་བའི་འོག་ཏུ་ངན་སོང་གསུམ་


DLL1006_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྡུག་བསྔལ་ཉམས་སུ་མྱོང་བ་ལ་འཇིགས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་ལས་འབྲས་ལ་ཡིད་ཆེས་པའི་དད་པ་བསྐྱེད་དགོས་ལ། དེ་ལ་ཐོག་མར་བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་འཆད་པ་ལ། གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བ། སྐྱབས་སུ་འགྲོ་བའི་ཡུལ་དེ་ལ་སྐྱབས་སུ་འགྲོ་བའི་ཚུལ། སྐྱབས་སུ་འགྲོ་བའི་བསླབ་བྱའོ། ། དང་པོ་ནི། རང་ཉིད་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་པ་དང་། དཀོན་མཆོག་གསུམ་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཤེས་པ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའོ། །གཉིས་པ་ནི། འོ་ན་སྐྱབས་སུ་འགྲོ་བའི་ཡུལ་ཇི་ལྟར་བུ་ཞེ་ན། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། གང་ལ་ཉེས་པ་ཐམས་ཅད་ཀུན། །གཏན་ནས་ཡོང་ངེ་མི་མངའ་ཞིང་། །གང་ཞིག་ལ་ནི་ཡོན་ཏན་ཀུན། །རྣམ་པ་ཀུན་ཏུ་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་གསུངས་པ་ལྟར་ཉེས་པ་ཀུན་ཟད། ཡོན་ཏན་ཀུན་ལྡན་སངས་རྒྱས་དེ་ལ་སྐྱབས་སུ་འགྲོའོ། །དེ་སྐྱབས་སུ་འོས་པའི་རྒྱུ་མཚན་ཅི་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་སྐྱབས་སུ་འོས་པ་ཡིན་གྱི། དབང་ཕྱུག་ལ་སོགས་སྐྱབས་སུ་འོས་པ་མ་ཡིན་ཏེ། རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ་བ་དང་། གཞན་འཇིགས་པ་ལས་སྐྱོབ་པའི་ཐབས་ལ་མཁས་པ་དང་། བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་ཕན་པ་མཛད་པ་དེ་སྐྱབས་སུ་འོས་པ་གང་ཞིག །དེ་སངས་རྒྱས་ལ་མངའ་བ་ཡིན་གྱིས་དབང་ཕྱུག་སོགས་ལ་མེད་པའི་ཕྱིར། དེས་ན་སངས་རྒྱས་ཀྱི་བསྟན་པ་ཆོས་དང་སློབ་མ་དགེ་འདུན་ཡང་སྐྱབས་སུ་འོས་པའོ། ། གསུམ་པ་ལ་ཡོན་ཏན་ཤེས་པས་སྐྱབས་སུ་


DLL1006_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ། ཁྱད་པར་ཤེས་པས་སྐྱབས་སུ་འགྲོ་བ། ཁས་ལེན་པས་སྐྱབས་སུ་འགྲོ་བ། གཞན་དུ་མི་སྨྲ་བས་སྐྱབས་སུ་འགྲོ་བའོ། །དང་པོ་ལ། སངས་རྒྱས། ཆོས། དགེ་འདུན་གྱི་ཡོན་ཏན་བསམ་པའོ། །དང་པོ་ལ། སྐུ་དང་། གསུང་དང་། ཐུགས་དང་། འཕྲིན་ལས་ཀྱི་ཡོན་ཏན་བསམ་པས་སྐྱབས་སུ་འགྲོ་བའི་དང་པོ་ནི། མཚན་དང་དཔེ་བྱད་ཀྱི་ཡོན་ཏན་བསམ་པ་ཡིན་ཏེ། སྤེལ་མར་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་ཀའི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །ཞེས་གསུང་བ་བཞིན་ནོ། །གཉིས་པ་ནི། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱིས་དུས་གཅིག་ལ་དྲི་བ་མི་འདྲ་བ་རེ་རེ་དྲིས་ཀྱང་སེམས་ཀྱི་སྐད་ཅིག་མ་གཅིག་ལ་ཐུགས་སུ་ཆུད་ནས་གསུངས་དབྱངས་གཅིག་གིས་སོ་སོར་ལན་འདེབས་ལ། དེ་ཡང་སེམས་ཅན་རྣམས་ཀྱི་རང་རང་གི་སྐད་དུ་མཐུན་པར་གོ་ནུས་པའི་ཡོན་ཏན་མངའ་སྟེ། བདེན་པ་པོའི་ལེའུ་ལས། འདི་ལྟར་སེམས་ཅན་ཀུན་གྱི་ངེས་པའི་ཚིག །མང་པོས་དུས་གཅིག་ཉིད་དུ་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་ལན་ཀྱང་སོ་སོར་འདེབས། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ལ། མཁྱེན་པའི་ཡོན་ཏན་དང་། བརྩེ་བའི་ཡོན་ཏན་གཉིས། དང་པོ་ནི། ཤེས་བྱ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་ཐོགས་མེད་དུ་མངོན་སུམ་དུ་མཁྱེན་པས། མཁྱེན་པས་ཤེས་བྱ་ཐམས་ཅད་ལ་ཁྱབ་ལ། དེ་ལས་གཞན་པ་རྣམས་ཀྱིས་ནི་ཤེས་བྱ་རྒྱ་ཆེ་ལ། ཤེས་བྱེད་རྒྱ་ཆུང་བ་ཡིན་ཏེ། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་


DLL1006_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཐམས་ཅད་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་སོ། །གཉིས་པ་ནི། སེམས་ཅན་རྣམས་ཉོན་མོངས་པས་རང་དབང་མེད་པར་བཅིང་པ་བཞིན་དུ། སངས་རྒྱས་ཀྱང་ཐུགས་རྗེས་རང་དབང་མེད་པར་བསྡམས་པས་སེམས་ཅན་ལ་ཐུགས་རྗེ་རྒྱུན་ཆད་མེད་པར་འཇུག་པ་ཡིན་ཏེ། བརྒྱ་ལྔ་བཅུ་པ་ལས། འགྲོ་བའི་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིང་། །ཁྱོད་ནི་འགྲོ་བའི་ཉོན་མོངས་རྣམས། །སྒྲོལ་མཛད་ཡུན་རིང་ཐུགས་རྗེས་བསྡམས། །ཁྱོད་ལ་དང་པོར་ཕྱག་བགྱིའོ། །འོན་ཏེ་གང་གིས་འཁོར་བར་ཁྱོད། །རྐྱེན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི། །ཞེས་སོ། ། བཞི་པ་འཕྲིན་ལས་ཀྱི་ཡོན་ཏན་བསམ་པ་ནི། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ལྷུན་གྱིས་གྲུབ་པ་དང་། རྒྱུན་མི་འཆད་པ་གཉིས་ཀྱི་སྒོ་ནས་སེམས་ཅན་ལ་ཕན་པ་མཛད་པ་ཡིན་ཏེ། སེམས་ཅན་གྱི་ངོས་ནས་ལམ་ལ་བཀྲིར་རུང་བ་ཡིན་ན། སངས་རྒྱས་ཀྱི་ངོས་ནས་ཕུན་སུམ་ཚོགས་པ་དང་མ་སྤྲད་པ་མེད་དེ། རྒུད་པ་ལས་མ་བསྐྱབས་པ་ཡང་མེད་པས། མདོར་ན་བགྱི་བར་འོས་པ་ཐམས་ཅད་མཛད་པ་ཡིན་ནོ། །གཉིས་པ་ཆོས་ཀྱི་ཡོན་ཏན་བསམ་པ་ནི། སངས་རྒྱས་ལ་གུས་པ་རྒྱུ་མཚན་དུ་བྱས་ནས། ཡོན་ཏན་མཐའ་ཡས་པ་མངའ་བའི་སངས་རྒྱས་དེ་ལུང་གི་ཆོས་ལ་ཐོས་བསམ་བྱས་པ་དང་། མངོན་པར་རྟོགས་པའི་ཆོས་འགོག་པ་མངོན་དུ་བྱས་པ་དང་། ལམ་བསྒོམ་པ་ལས་བྱུང་བ་ཡིན་ནོ་སྙམ་དུ་སེམས་པར་བྱེད་དོ། །གསུམ་པ་དགེ་འདུན་གྱི་ཡོན་ཏན་བསམ་པ་ནི། ཆོས་ལ་གུས་པ་རྒྱུ་མཚན་དུ་བྱས་ནས་འཕགས་པའི་གང་ཟག་འདི་རྣམས་ནི། དམ་པའི་ཆོས་ཚུལ་བཞིན་དུ་སྒྲུབ་པར་བྱེད་པ་


DLL1006_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་སྙམ་དུ་སེམས་པར་བྱེད་དོ། །གནིས་པ་ལ། དཀོན་མཆོག་གསུམ་གྱི་ནང་ཕན་ཚུན་མི་འདྲ་བའི་ཁྱད་པར་ཤེས་པས་སྐྱབས་སུ་འགྲོ་བ་སྟེ། ཐུན་མོང་མིན་པའི་མཚན་ཉིད་ཀྱི་ཁྱད་པར་ནི། སངས་རྒྱས་ནི། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་དེའི་འབྲས་བུ་དང་། དགེ་འདུན་ནི། ཆོས་ཚུལ་བཞིན་དུ་སྒྲུབ་པའི་ཁྱད་པར་རོ། །འཕྲིན་ལས་ཀྱི་ཁྱད་པར་ནི། རིམ་པ་བཞིན་དུ་ལུང་འབོགས་པ་དང་། ཉོན་མོངས་དང་སྡུག་བསྔལ་སྤོང་བ་དང་། སྤྲོ་བར་བྱེད་པའི་ཁྱད་པར་རོ། །མོས་པའི་ཁྱད་པར་ནི། རིམ་པ་བཞིན་དུ་བསྙེན་བཀུར་དང་། མངོན་དུ་བྱ་བ་དང་། ལྷན་ཅིག་ཏུ་འདུས་པས་མོས་པར་བྱ་བའི་ཁྱད་པར་རོ། །སྒྲུབ་པའི་ཁྱད་པར་ནི། རིམ་པ་བཞིན་དུ་མཆོད་པ་དང་རིམ་གྲོ། རྣལ་འབྱོར་གོམས་པར་བྱེད་པ་དང་། ཆོས་དང་ཟིང་ཟང་ལོངས་སྤྱོད་ཐུན་མོང་དུ་ལོངས་སྤྱོད་པས་བསྒྲུབ་པར་བྱ་བའི་ཁྱད་པར་རོ། །རྗེས་སུ་དྲན་པའི་ཁྱད་པར་ནི། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་སོགས་ཀྱི་ཡོན་ཏན་གྱི་ཁྱད་པར་རོ། །བསོད་ནམས་འཕེལ་བའི་ཁྱད་པར་ནི། གང་ཟག་གཅིག་གི་དབང་དུ་བྱས་པ་དང་། ཆོས་ཀྱི་དབང་དུ་བྱས་པ་དང་། གང་ཟག་དུ་མའི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བའི་ཁྱད་པར་རོ། །གསུམ་པ་ཁས་ལེན་པས་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་ལ་སྐྱབས་སྟོན་པ་པོ་དང་། ཆོས་ལ་སྐྱབས་རང་གི་ངོ་བོ་དང་། དགེ་འདུན་ལ་སྐྱབས་སྒྲུབ་པའི་གྲོགས་སུ་ཁས་ལེན་པས་སྐྱབས་སུ་འགྲོ་བ་ཡིན་ནོ། །བཞི་པ་གཞན་དུ་མི་སྨྲ་བས་སྐྱབས་སུ་འགྲོ་བ་ནི། ཕྱི་ནང་གི་དཀོན་མཆོག་གསུམ་གྱི་མཆོག་དམན་གྱི་ཁྱད་པར་ཤེས་ནས་ནང་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་གྱི། ཕྱི་རོལ་པའི་སྟོན་པ་སོགས་ལ་སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དེ་ལ་སྟོན་པའི་ཁྱད་པར་ནི། ཡང་དག་པར་རྫོགས་པའི་སངས་


DLL1006_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ནི། སྐྱོན་ཐམས་ཅད་སྤངས། ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་ལ། ཕྱི་རོལ་པའི་སྟོན་པ་ནི། དེ་ལྟ་བུ་མིན་ཏེ། ཁྱད་པར་འཕགས་བསྟོད་ལས། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་དང་། མུ་སྟེགས་བྱེད་ཀྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམས་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་ཡིད་ནི་དད་པར་གྱུར། །ཅེས་སོ། །ནང་པའི་བསྟན་པ་ནི། ལམ་བདེ་བས་འབྲས་བུ་བདེ་བ་ཐོབ་པ་ཡིན་ལ། ཕྱི་རོལ་པའི་བསྟན་པ་ནི། དེ་ལྟ་བུ་མ་ཡིན། དེས་སློབ་མའི་ཁྱད་པར་ཡང་འགྲུབ་བོ། ། བཞི་པ་སྐྱབས་འགྲོའི་བསླབ་བྱ་ལ། བསྡུ་བ་ལས་འབྱུང་བའི་ཚུལ་དང་། མན་ངག་ལས་འབྱུང་བའི་ཚུལ་ལས། དང་པོ་ལ་བཞི་ཚན་གཉིས་སུ་ཡོད་པའི་དང་པོ་ལ། སྐྱེས་སུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང་བཞིའོ། །དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་བཤེས་གཉེན་དམ་པ་ལམ་གྱི་རྩ་བར་མཐོང་ནས་ཚུལ་བཞིན་དུ་བསྟེན་དགོས་ཏེ། སངས་རྒྱས་ལ་སྐྱབས་སུ་སོང་བ་ནི། ལམ་སྟོན་པ་པོ་ལ་སྐྱབས་སུ་འཛིན་པ་ཡིན་པ་གང་ཞིག །དེ་དང་རྗེས་སུ་མཐུན་པས་སྒྲུབ་པ་ནི། ལམ་སྟོན་པ་ལ་རྗེས་སུ་སྒྲུབ་པ་ཡིན་པའི་ཕྱིར། དེ་ནས་གཉིས་ཀྱིས་ནི། ཆོས་ལ་སྐྱབས་སུ་སོང་ནས་དམ་པ་སངས་རྒྱས་དང་ཉན་ཐོས་ཀྱིས་གསུངས་པའི་ཆོས་ཚུལ་བཞིན་ཡིད་ལ་བྱེད་དགོས་པ་ཡིན་ཏེ། ཆོས་ལ་སྐྱབས་སུ་སོང་བ་ནི། ལུང་དང་རྟོགས་པའི་ཆོས་མངོན་དུ་བྱ་བར་འཛིན་པ་ཡིན་ལ། དེ་དང་རྗེས་སུ་མཐུན་པར་སྒྲུབ་པ་ནི། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་


DLL1006_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱེད་དགོས་པ་ཡིན་པའི་ཕྱིར། ཕྱི་མས་ནི། དགེ་འདུན་ལ་སྐྱབས་སུ་སོང་ནས་ལམ་སྒྲུབ་པ་དང་མཐུན་པར་སྒྲུབ་དགོས་པ་ཡིན་ཏེ། དགེ་འདུན་ལ་སྐྱབས་སུ་སོང་བ་ན། ལམ་སྒྲུབ་པ་ལ་གྲོགས་སུ་འཛིན་པ་ཡིན་ལ། དེ་དང་རྗེས་སུ་མཐུན་པར་སྒྲུབ་པ་ནི། ལམ་སྒྲུབ་པ་དང་མཐུན་པར་སྒྲུབ་པ་ཡིན་པའི་ཕྱིར། བཞི་ཚན་གཉིས་པ་ལ། དབང་པོ་མི་རྒོད་པར་བྱ་བ་དང་། བསླབ་པ་ཡང་དག་པར་བླང་བར་བྱ་བ་དང་། སེམས་ཅན་ལ་སྙིང་རྗེ་བར་བྱ་བ་དང་། དུས་རྟག་ཏུ་དཀོན་མཆོག་མཆོད་པར་བྱ་བ་དང་བཞིའོ། །དང་པོ་ནི། སེམས་ཕྱི་རོལ་ཏུ་འཕྲོས་པའི་ཉེས་དམིགས་བསམས་ནས་འགོག་པར་བྱེད་པའོ། །གཉིས་པ་ནི། སངས་རྒྱས་ཀྱི་བསླབ་པ་བཅས་པ་ཅི་ནུས་ཀྱིས་ལེན་པའོ། །གསུམ་པ་ནི། སངས་རྒྱས་ཀྱི་བསྟན་པ་སྙིང་རྗེས་ཕྱེ་བ་ཡིན་པས། སེམས་ཅན་ལ་སྙིང་རྗེ་བསྐྱེད་ནས་མི་འཚེ་བར་བྱེད་པ་ཡིན། བཞི་པ་ནི། ཉིན་རེ་བཞིན་དཀོན་མཆོག་ལ་མཆོད་པ་འབུལ་བ་ཡིན་ནོ། །གཉིས་པ་ལ་སོ་སོའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱ་གཉིས། དང་པོ་སྒྲུབ་པའི་བསླབ་བྱ་དང་། དགག་པའི་བསླབ་བྱ་གཉིས། དང་པོ་ནི། མྱ་ངན་ལས་འདས་པའི་མདོ་ལས་གསུངས་པ་བཞིན་དུ། གང་ཞིག་གསུམ་ལ་ཞེས་སོགས། དམ་པའི་ཆོས་ཞེས་དང་། དགེ་འདུན་ལ་ཡང་ཞེས་སོགས་གསུངས་པ་ལྟར། སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་ཕྱག་མི་བྱ་བ་ནི། འཇིག་རྟེན་པའི་ལྷ་དྲག་པོ་དང་། ཁྱབ་འཇུག་ལ་སོགས་པ་ལ་ཡང་སྐབས་སུ་མ་སོང་ན། ཡི་དྭགས་ཀྱི་རིས་སུ་གྱུར་པའི་བཙན་ལ་སྐྱབས་སུ་མི་འགྲོ་བ་ལྟ་ཅི་སྨོས། དེ་ཡང་དཀོན་མཆོག་ལ་ཡིད་མ་ཆེས་ནས་འཇིག་རྟེན་པའི་ལྷ་ལ་གཏད་གྱི་སྐྱབས་འཆར་མི་རུང་བ་ཡིན་གྱི། ཆོས་སྒྲུབ་པའི་མཐུན་རྐྱེན་སྒྲུབ་པ་འཆོལ་པ་ལྟ་བུ་རུང


DLL1006_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །སེམས་ཅན་ལ་གནོད་འཚེ་མི་བྱེད་པ་ནི། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་བཅིང་བ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། སྣ་འབིགས་པ་དང་། ཁལ་མི་ཐེག་བཞིན་དུ་འགེལ་བ་ལ་སོགས་པའི་འཚེ་བ་སྤངས་ནས། སྙིང་བརྩེ་བས་སྐྱོང་བར་བྱེད་པ་ཡིན་ནོ། །མུ་སྟེགས་ཅན་དང་མི་འགྲོགས་པ་ནི། དགེ་འདུན་ལ་སྐྱབས་སུ་སོང་ནས་དཀོན་མཆོག་ལ་ཡིད་མི་ཆེས་པར་སྐུར་པ་འདེབས་པ་རྣམས་དང་མཐུན་པར་མི་བྱེད་པ་ཡིན་ནོ། ། གཉིས་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས། སངས་རྒྱས་ཀྱི་སྐུ་གཟུགས་རི་མོས་བྲིས་པ་སོགས་ཅི་འདྲ་ཡང་འཕྱས་མི་གདགས་པ་དང་། བརྙས་ཐབས་དང་འཇུག་པ་སོགས་མ་གུས་པ་སྤངས་ནས། སངས་རྒྱས་དང་འདྲ་བར་གུས་པ་འཛིན་པ་ཡིན་ཏེ། བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་སོ། །དེས་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་འདི་དང་འདི་འདྲའོ་ཞེས་འཕྱས་གདགས་པ་དང་། ཆེན་པོ་སྒྲུབ་པ་དང་། རྒྱུ་བཟང་པོ་ལས་སྒྲུབ་པ་ལ། འདི་ལྟ་སྒྲུབ་པར་མི་ནུས་སོ་ཞེས་བཟློག་པར་མི་བྱ་སྟེ། ཤེད་བུ་སེར་སྐྱས་སློབ་པ་དང་མི་སློབ་པའི་དགེ་འདུན་དུ་མ་ལ། གླང་པོའི་མགོ་ཅན་ཁྱོད་ཀྱིས་ཆོས་དང་ཆོས་མ་ཡིན་པ་ཅི་ཤེས། ཞེས་བྱ་སོགས་མགོ་བརྙན་མི་འདྲ་བ་བཅོ་བརྒྱད་ཀྱི་སྒོ་ནས་སྐུར་པ་བཏབ་པས། མགོ་བརྙན་མི་འདྲ་བ་བཅོ་བརྒྱད་བྱས་པའི་ཆུ་སྲིན་ཉའི་རིས་ཅན་དུ་སྐྱེས་པ་དང་། སངས་རྒྱས་འཁོར་བ་འཇིག་མྱ་ངན་ལས་འདས་པའི་རྗེས་སུ། རྒྱལ་པོ་མཛེས་ལྡན་གྱིས་མཆོད་རྟེན་ཆེན་པོ་ཞིག་རྩིག་ཏུ་བཅུག་པ་ལ། ལས་བྱེད་པའི་མི་ཞིག་གིས། འདི་ལྟ་བུའི་མཆོད་རྟེན་ཆེན་


DLL1006_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྩིག་མི་ནུས་སོ་ཞེས་ན་ལན་གཉིས་ཀྱི་བར་དུ་སྐུར་པ་བཏབ་པས། དེ་ནས་མཆོད་རྟེན་ཟིན་པ་དང་འགྱོད་ནས། གསེར་གྱི་དྲིལ་བུ་ཕུལ་བས། མདོག་ངན་ཞིང་ལུས་ཆུང་ལ་སྐད་སྙན་པའི་སྙན་པ་བཟང་ལྡན་དུ་སྐྱེས་པར་གསུངས་པའི་ཕྱིར་རོ། །ཆོས་ལ་སྐྱབས་སུ་སོང་ནས། ཆོས་ཚིགས་སུ་བཅད་པ་གཅིག་ཙམ་ལ་ཡང་བརྙས་ཐབས་དང་། གླེགས་བམ་གཏོང་བར་འཇུག་པ་དང་། ཟོང་དུ་གཏོང་བ་དང་། ས་སྒྲེ་པོ་ལ་འཇོག་པ་དང་། འོ་བརྒྱལ་སར་འཇོག་པ་དང་། ལྷམ་དང་སྦྲགས་ནས་འཁུར་བ་སོགས་མ་གུས་པ་སྤངས་ནས། ཆོས་དངོས་དང་འདྲ་བར་གུས་པར་འཛིན་པའོ། །དགེ་འདུན་ལ་སྐྱབས་སུ་སོང་ནས། གོས་སེར་པོ་གྱོན་པ་ཡན་ཆད་ལ་བརྙས་ཐབས་དང་། ཁྱེད་ཚང་དང་ངེད་ཚང་ཞེས་པ་ལྟ་བུ་རིས་སུ་བཅད་ནས་སྐུར་པ་འདེབས་པའི་མ་གྲུབ་པ་སྤངས་ནས་འཕགས་པའི་དགེ་འདུན་དངོས་དང་འདྲ་བར་གུས་པར་འཛིན་པའོ། །དེ་ལྟར་རང་ཉིད་ཀྱིས་དཀོན་མཆོག་གསུམ་ལ་གུས་པར་བཟུངས་པ་ལ་བརྟེན་ནས། རང་ལ་ཡང་གཞན་གྱིས་ཤིན་ཏུ་གུས་པར་འགྱུར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་ཐུན་མོང་གི་བསླབ་བྱ་ལ། དང་པོ་དཀོན་མཆོག་གསུམ་གྱི་ཁྱད་པར་དང་ཡོན་ཏན་ཤེས་པས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་ནི། ཕྱི་ནང་གི་དཀོན་མཆོག་གསུམ་གྱི་མཆོག་དམན་གྱི་ཁྱད་པར་དང་། དཀོན་མཆོག་གསུམ་པོ་ནང་ཕན་ཚུན་གྱི་ཁྱད་པར་དང་ཡོན་ཏན་ཤེས་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བའོ། །གསུམ་པ་བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པའི་སྒོ་ནས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་ཞིང་བཟའ་བཏུང་གི་ཕུད་འབུལ་བ་ནི། རང་ལ་བདེ་བ་ཅི་བྱུང་ཡང་དཀོན་མཆོག་གསུམ་གྱི་


DLL1006_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་དུ་ཤེས་ནས་དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་གཉིས་ཏེ། འདི་ལ་མཆོད་པར་བྱ་དང་། མཆོད་པའི་བསམ་པ་གཉིས་ལས། དང་པོ་ལའང་བཅུ་ལས། དང་པོ་སངས་རྒྱས་ཀྱི་སྐུ་ལ་མཆོད་པ་ནི། སངས་རྒྱས་ཀྱི་སྐུ་གཟུགས་དང་དངོས་ལ་མཆོད་པའོ། ། མཆོད་རྟེན་ལ་མཆོད་པ་ནི། སངས་རྒྱས་ཀྱི་མཆོད་རྟེན་ལ་མཆོད་པ་འབུལ་བའོ། །མངོན་སུམ་པའི་མཆོད་པ་ནི། སངས་རྒྱས་ཀྱི་སྐུ་དངོས་དང་དེའི་མཆོད་རྟེན་མངོན་དུ་གྱུར་པ་རྣམས་ལ་མཆོད་པའོ། །མངོན་སུམ་དུ་མ་གྱུར་པའི་མཆོད་པ་ནི་རང་ལ་མངོན་སུམ་དུ་མ་གྱུར་པའི་སངས་རྒྱས་ཀྱི་སྐུ་དང་མཆོད་རྟེན་རྣམས་ལ་དམིགས་ནས་མཆོད་པའོ། །རང་ལ་མངོན་དུ་གྱུར་པའི་སངས་རྒྱས་ཀྱི་སྐུ་དང་། དེའི་མཆོད་རྟེན་རྣམས་ལ་མཆོད་པ་འབུལ་བའི་ཚེ་ཡང་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས་རང་ལ་མངོན་དུ་གྱུར་པའི་སངས་རྒྱས་ཀྱི་སྐུ་གཟུགས་དང་། མཆོད་རྟེན་འདི་ལ་ཡང་འབུལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་ཕྱོགས་བཅུའི་མཆོད་རྟེན་ཐམས་ཅད་ལ་འབུལ་ལོ་སྙམ་ནས་ཕུལ་ན་སྔར་གྱི་དེ་ལས་ཀྱང་བསོད་ནམས་ཁྱད་པར་དུ་འཕགས་པ་ཐོབ་བོ། །རང་གིས་མཆོད་པ་ནི། སྙོམས་ལས་དང་། ལེ་ལོ་དང་། བག་མེད་པའི་དབང་གིས་གཞན་འབུལ་དུ་མི་འཇུག་པར། རང་གིས་ལག་བདར་ཏེ་མཆོད་པ་འབུལ་ལོ། །གཞན་འབུལ་དུ་འཇུག་པ་ནི། རང་ལ་དངོས་པོ་ཅུང་ཟད་ཡོད་ལ། སེམས་ཅན་ཕོངས་ཤིང་སྡུག་བསྔལ་བ་མཐོང་བ་ན། འདི་མཆོད་པ་འབུལ་དུ་བཅུག་ན་བདེ་བར་འགྱུར་རོ་སྙམ་ནས་སྙིང་རྗེས་ཀུན་ནས་བསླངས་ཏེ། གཞན་མཆོད་པ་འབུལ་དུ་


DLL1006_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའོ། །དེའི་ཚེ་ན་ཡང་རང་གི་ལག་བདར་ཏེ་ཡང་མཆོད་པ་འབུལ། གཞན་ཡང་མཆོད་པ་འབུལ་དུ་འཇུག་ན་སྔ་མ་ལས་ཀྱང་བསོད་ནམས་ཁྱད་པར་དུ་འཕགས་པ་འཐོབ་བོ། །རྙེད་བཀུར་གྱི་མཆོད་པ་ནི། མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་མཆོག་དང་ཞལ་ཟས་དང་རོལ་མོ་དང་། ན་བཟའ་དང་། རྒྱན་དང་། གདུ་བུ་སོགས་མཆོད་པ་འབུལ་བའོ། །རྒྱ་ཆེ་བའི་མཆོད་པ་ནི། རྙེད་བཀུར་གྱི་མཆོད་པ། དེ་ཡང་རྒྱུན་རིང་དུ་འབུལ་བ་སྟེ། བཟང་བ་དང་། མང་བ་དང་། མངོན་དུ་གྱུར་མ་གྱུར་དང་། རང་དང་གཞན་དང་མོས་པ་དྲག་པོས་འབུལ་བ་དང་། ཕུལ་བའི་དགེ་བའི་རྩ་བ་དེ་ཡང་བླ་མེད་བྱང་ཆུབ་ཏུ་བསྔོ་བའོ། ། ཉོན་མོངས་ཅན་མིན་པའི་མཆོད་པ་ནི། སྙོམས་ལས་དང་། ལེ་ལོ་དང་། བག་མེད་པའི་དབང་དུ་མ་སོང་བར་རང་གིས་ལག་བདར་ཏེ་འབུལ་བ་དང་། གཞན་འབུལ་དུ་འཇུག་པ་དང་། མོས་པ་དྲག་པོས་འབུལ་བ་དང་། སེམས་ཕྱིན་ཅི་ལོག་གི་ཡུལ་ལ་མ་ཡེངས་པར་འབུལ་བ་དང་། ཉོན་མོངས་པའི་དབང་དུ་མ་སོང་བར་འབུལ་བ་དང་། དཀོན་མཆོག་མཆོད་པ་ལ་བརྟེན་ནས་གཞན་གྱིས་རང་ལ་རྙེད་བཀུར་ཡོང་དུ་རེ་བ་མེད་པར་འབུལ་བ་དང་། དངོས་པོ་མཐུན་པ་འབུལ་བའོ། །འདི་རུ་དངོས་པོ་མི་མཐུན་པ་གང་ཞེ་ན། བ་བླས་བྱུག་པ་དང་། མར་ཁུས་འཁྲུད་པ་དང་། གུ་གུལ་གྱིས་བདུག་པ་དང་། ཨ་ར་ཀའི་མེ་ཏོག་འབུལ་བ་ལྟ་བུ་དངོས་པོ་མི་མཐུན་པ་འབུལ་བའོ། །རྙེད་བཀུར་གྱི་མཆོད་པ་འབུལ་མི་བདེ་ན་ཡང་། རང་གིས་བསྒྲུབས་པ་དང་། གཞན་ལས་བསླངས་པ་མེད་ན་དུས་གསུམ་གྱི་སངས་རྒྱས་ཀྱི་མཆོད་པ་ལ་རྗེས་སུ་ཡི་རང་འབུལ་བ་དང་། འཇིག་རྟེན་


DLL1006_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོས་ཡོངས་སུ་མ་བཟུངས་པའི་མེ་ཏོག་དང་འབྲས་བུ་དང་ལྗོན་ཤིང་དང་། ཆུ་གཙང་མ་དང་ནོར་བུ་ལ་སོགས་པ་རྣམས་འབུལ་ལོ། །བཅུ་པ་སྒྲུབ་པའི་མཆོད་པ་ནི། ཚད་མེད་བཞི་དང་། ཆོས་ཀྱི་སྡོམ་བཞི་དང་། དཀོན་མཆོག་གསུམ་དང་། ཕར་ཕྱིན་རྗེས་སུ་དྲན་པ་དང་། སྟོང་པ་ཉིད་སྒོམ་པ་དང་། བྱང་ཆུབ་ཕྱོགས་མཐུན་སྒོམ་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། བསྡུ་བའི་དངོས་པོ་བཞི་སྒོམ་པའོ། །གཉིས་པ་མཆོད་པའི་བསམ་པ་ནི། མཆོད་པ་བཅུ་པོ་དེས་དཀོན་མཆོག་གསུམ་མཆོད་པ་ན། མཆོད་པ་ཆུང་ངུ་ཕུལ་བ་ལ་བརྟེན་ནས་ཀྱང་བསོད་ནམས་དཔག་ཏུ་མེད་པ་འབྱུང་སྙམ་དུ་བསམ་པའོ། །དེ་འབྱུང་བའི་རྒྱུ་རྐྱེན་ནི། ཡོན་ཏན་གྱི་ཞིང་གོང་དུ་མེད་པ་དང་། ཕན་འདོགས་ཀྱི་ཞིང་གོང་ན་མེད་པ་དང་། སེམས་ཅན་ཀུན་གྱི་མཆོག་ཡིན་པ་དང་། ཨུ་དུཾ་ཝ་རའི་མེ་ཏོག་ལྟར་འཇིག་རྟེན་དུ་འབྱུང་བ་དཀོན་པ་དང་། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་གཅིག་ལས་མི་འབྱུང་བས་འགྲན་ཟླ་མེད་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པས་སོ། །གཞན་ཡང་བཟའ་བཏུང་ལ་རྒྱུན་དུ་ལོངས་སྤྱོད་པའི་ཚེ། ཕུད་ཀྱིས་དཀོན་མཆོག་མཆོད་ན་ཚོགས་བདེ་བླག་ཏུ་རྫོགས་པར་འགྱུར་བས་རང་གང་ལ་ལོངས་སྤྱོད་པའི་ཕུད་ཀྱིས་མཆོད་པར་བྱའོ། །གསུམ་པ་སྙིང་རྗེ་ཆེན་པོ་རྗེས་སུ་དྲན་པའི་སྒོ་ནས་གཞན་ཡང་སྐྱབས་འགྲོ་ལ་སྦྱར་བའོ། །བཞི་པ་རང་ལ་བྱ་བ་ཅི་བྱེད་པ་དང་དགོས་པ་གང་ཡོད་པ་དཀོན་མཆོག་ལ་སྐྱབས་སུ་སོང་ནས་མཆོད་པ་ཕུལ་ཏེ། གསོལ་བ་བཏབ་ནས་སྒྲུབ་པ་མ་གཏོགས། དེ་དང་མི་མཐུན་པ་འཇིག་རྟེན་པའི་ས་བོན་ལ་སོགས་པས་མི་སྒྲུབ་


DLL1006_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། ། ལྔ་པ་ཕན་ཡོན་ཤེས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ་ནི། ཕན་ཡོན་ཤེས་དགོས་པས། འདི་ལ་བསྡུ་བ་ནས་འབྱུང་བ་དང་། མན་ངག་ནས་འབྱུང་བ་གཉིས། དང་པོ་ལ་བཞི་ཚན་གཉིས་ཡོད་པའི་དང་པོ་ནི། བསོད་ནམས་རྒྱ་ཆེན་པོ་འཐོབ་པ་དང་། དགའ་བ་དང་མཆོག་ཏུ་བདེ་བ་འཐོབ་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་ཁྱད་པར་ཅན་འཐོབ་པར་འགྱུར་བའོ། །བསོད་ནམས་རྒྱ་ཆེན་པོ་འཐོབ་པའི་ཕན་ཡོན་ཡོད་དེ། འཆི་མེད་རྔ་སྒྲའི་གཟུངས་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་རྣམས་ཀྱི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་དང་། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །ཕུལ་གྱི་བར་རོ། །གཉིས་པ་དགའ་བ་དང་མཆོག་ཏུ་བདེ་བ་འཐོབ་པའི་ཕན་ཡོན་ནི། དྲན་པའི་ཚོམས་ལས། གང་ཞིག་ཉིན་དང་མཚན་རྣམས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་ཅིང་། །གང་དག་སངས་རྒྱས་སྐྱབས་འགྲོ་ན། །དེ་དག་མི་ཡི་རྙེད་པ་ཡིན། །ཞེས་དཀོན་མཆོག་གསུམ་ཀ་ལ་སྦྱར་ནས་གསུངས་པ་ལྟར་རྟེན་འདི་ལྟ་བུ་ལ་སྐྱབས་སུ་འགྲོ་རུ་ཡོད་པ་ནི། བདག་གིས་མིའི་རྙེད་པ་ལེགས་པར་རྙེད་སྙམ་དུ་དགའ་བ་དང་མཆོག་ཏུ་བདེ་བ་འཐོབ་པར་འགྱུར་རོ། །གསུམ་པ་དང་བཞི་པ་ནི། ངེས་འབྱུང་གི་བསམ་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ལ་བརྟེན་ནས། ཚུལ་ཁྲིམས་ཀྱི་བསླབ་པ་འཐོབ། དེ་ལ་བརྟེན་ནས་སེམས་ཀྱི་བསླབ་པ། དེ་ལ་བརྟེན་ནས་ཤེས་རབ་ཀྱི་བསླབ་པ་ཐོབ་ནས་རྣམ་པར་གྲོལ་བ་འཐོབ་པར་འགྱུར་བའི་ཕན་ཡོན་


DLL1006_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། ། བཞི་ཚན་གཉིས་པ་ནི། སྲུང་བ་ཆེན་པོར་འགྱུར་བ་དང་། སྔར་བསགས་པའི་མི་འདོད་པ་འབྱིན་པའི་སྒྲིབ་པ་རྣམས་དག་པར་འགྱུར་བ་དང་། རང་ཉིད་སྐྱེས་བུ་དམ་པའི་ནང་དུ་ཆུད་པ་དང་། སངས་རྒྱས་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་། ལྷ་རྣམས་དགའ་བར་འགྱུར་བའོ། །གཉིས་པ་མན་ངག་ལས་འབྱུང་བ་ལ་བརྒྱད་ཡོད་པ་ལས། དང་པོ་ནང་པ་སངས་རྒྱས་པར་ཚུད་པའི་ཕན་ཡོན་ནི། སྐྱབས་འགྲོས་ནང་པ་སངས་རྒྱས་པར་ཚུད་པའི་ཕན་ཡོན་ཡོད་དེ། སངས་རྒྱས་ལ་སྐྱབས་སྟོན་པ་པོ་དང་། ཆོས་ལ་སྐྱབས་དངོས་དང་། དགེ་འདུན་ལ་སྐྱབས་སྒྲུབ་པའི་གྲོགས་སུ་ཡིད་ཆེས་པ་ཡིན་ན་ཐོག་མར་ནང་པ་སངས་རྒྱས་པར་ཚུད་པ་ཡིན་གྱི། དཀོན་མཆོག་གསུམ་ལ་ཡིད་ཆེས་པ་མེད་ན། དགེ་བ་གཞན་ཅི་བྱེད་ཀྱང་ནང་པ་སངས་རྒྱས་པར་མི་ཚུད་པའི་ཕྱིར། གཉིས་པ་སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕན་ཡོན་ཡོད་དེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་ངེས་འབྱུང་གི་བསམ་པ་བསྐྱེད་ནས། སོ་སོར་ཐར་པའི་སྡོམ་པ་རྣམས་སྐྱེ་བར་འགྱུར་བའི་ཕྱིར། གསུམ་པ་སྔར་བསགས་པའི་ལས་སྒྲིབ་རྣམས་དག་པར་འགྱུར་བའི་ཕན་ཡོན་ཡོད་དེ། ཕག་ཏུ་སྐྱེ་འགྱུར་གྱི་ལྷའི་བུ་ཞིག་གིས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་པས་ཕག་ཏུ་མ་སྐྱེས་པ་ལྟ་བུ། དེའི་རྒྱུ་མཚན་ཡང་སྐྱབས་འགྲོས་ངན་སོང་གི་རྒྱུ་སྡིག་པ་རྣམས་དག་པར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང་མདོ་ལས། གང་གི་སངས་རྒྱས་སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་ནི་སྤངས་ནས་སུ། །དེ་དག་ལྷ་ཡི་ལུས་འཐོབ་བོ། །ཞེས་དཀོན་མཆོག་གསུམ་ག་ལ་


DLL1006_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ནས་གསུངས་སོ། །བཞི་པ་བསོད་ནམས་རྒྱ་ཆེན་པོ་གསོག་པའི་ཕན་ཡོན་ཡོད་དེ། འཆི་མེད་རྔ་སྒྲའི་གཟུངས་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །ཅེས་སྔར་དྲངས་པ་ལྟ་བུའོ། །ལྔ་པ་ངན་སོང་དུ་མི་སྐྱེ་བའི་ཕན་ཡོན་ཡོད་དེ། གང་དག་སངས་རྒྱས་སྐྱབས་སོང་བ། །ཞེས་སོགས་སྔར་དྲངས་པ་ལྟ་བུ། དྲུག་པ་མི་དང་མི་མ་ཡིན་གྱི་བར་ཆད་ཀྱིས་མི་འཚེ་བའི་ཕན་ཡོན་ཡོད་དེ། མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་རྣམས་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་མཆོག་ཏུ་གྱུར་པའང་མིན། །སྐྱབས་དེ་ལ་ནི་བརྟེན་ནས་སུ། །སྡུག་བསྔལ་ཀུན་ལས་མི་གྲོལ་ལོ། །གང་ཚེ་གང་ཞིག་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་ནས། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་མ་ལུས་འགག་པ་དང་། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་འགྱུར་དང་། །འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པའི། །སྐྱབས་དེ་གཙོ་བོར་གྱུར་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པའང་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་ནི། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་སོ། །བདུན་པ་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕན་ཡོན་ཡོད་དེ། ཆོས་ལྡན་གྱི་བྱ་བ་ཅི་བྱེད་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། མཆོད་པ་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་བཏབ་པས་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བའི་ཕྱིར་རོ། །བརྒྱད་པ་མཐར་འཚང་རྒྱ་བའི་ཕན་ཡན་ཡོད་དེ། དད་པས་མི་ཁོམ་ཟད་པར་འགྱུར། །ཅེས་གསུངས་པ་


DLL1006_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དཀོན་མཆོག་གསུམ་ལ་དད་ནས་སྐྱབས་སུ་སོང་བ་ལ་བརྟེན་ནས་དལ་འབྱོར་གྱི་མི་ལུས་ཐོབ། རྟེན་དེ་ལ་ལམ་ཁྱད་པར་ཅན་རྙེད་ནས་མཐར་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །དེས་ན་ཕན་ཡོན་དེ་དག་ཤེས་ནས་ཉི་མ་རེ་རེ་བཞིན་ཉིན་ལན་གསུམ་མཚན་ལན་གསུམ་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །དྲུག་པ་བཞད་གད་ཀྱི་ཕྱིར་རམ། སྲོག་གི་ཕྱིར་ཡང་དཀོན་མཆོག་གསུམ་བློས་མི་གཏོང་བ་ནི། ལུས་སྲོག་ལོངས་སྤྱོད་རྣམས་དང་གདོན་མི་ཟ་བར་འབྲལ་ལ། དཀོན་མཆོག་གསུམ་བློས་བཏང་ན་ཚེ་རབས་དུ་མར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བས། དུས་ནམ་ཡང་དཀོན་མཆོག་གསུམ་བློས་མི་གཏོང་ཞིང་ཀུ་རེའི་ཕྱིར་ཡང་དཀོན་མཆོག་བློ་གཏང་བར་མི་བྱའོ། ། ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་པ་སྐྱེས་པའི་ཚེ་སྡུག་བསྔལ་མི་འདོད་བདེ་བ་འདོད་པ་ནི། མི་དགེ་བ་ལས་སྡུག་བསྔལ་དང་། དགེ་བ་ལས་བདེ་བ་འབྱུང་བའི་ཚུལ་ལ་ཡིད་ཆེས་ཀྱི་དད་པ་སྐྱེ་ཚུལ་བསམ་པར་བྱ་སྟེ། སྤྱོད་འཇུག་ལས། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པའི་རིགས། །ཞེས་གསུངས་པ་ལྟ་བུ་དང་། དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །དེ་ཡི་རྩ་བ་རྟག་ཏུ་ནི། །རྣམ་སྨིན་སྡུག་བསྔལ་བསྒོམ་པས་སོ། །གསུངས་སོ། །ཡིད་ཆེས་ཀྱི་དད་པ་གང་ལ་བརྟེན་ནས་སྐྱེ་ཞེ་ན། སངས་རྒྱས་ཀྱི་ལུང་ལ་བརྟེན་ནས་བསྐྱེད་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེས་ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་རྣམས་མངོན་སུམ་དུ་མཁྱེན་ཅིང་བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པས་རྫུན་གསུང་


DLL1006_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་སྲིད་པའི་ཕྱིར་རོ། །མི་དགེ་བ་ལས་སྡུག་བསྔལ་དང་དགེ་བ་ལས་བདེ་བ་འབྱུང་བར་མཐོང་ནས་མི་དགེ་བ་སྤང་བར་བྱ་ཞིང་དགེ་བ་བསྒྲུབ་པར་བྱ། འོན་ཀྱང་བག་མེད་པ་ལ་སོགས་པའི་དབང་གིས་མི་དགེ་བ་བྱས་ན། གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པར་བྱ་སྟེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་པ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་ཏེ། བཞི་གང་ཞེ་ན། རྣམ་པར་སུན་འབྱིན་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་ལྡོག་པ་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་པའི་ཕྱིར་རོ། །དང་པོ་ནི། མི་དགེ་བས་རྣམ་སྨིན་དང་རྒྱུ་མཐུན་དང་། བདག་པོའི་འབྲས་བུ་མི་འདོད་པ་འབྱིན་པའི་ཚུལ་བསམས་ནས། འགྱོད་པ་བསྐྱེད་པའོ། །གཉིས་པ་ལ་དྲུག་ལས་མདོ་སྡེ་ལ་བརྟེན་པ་ནི། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་ཟབ་མོ་རྣམས་འཛིན་པ་དང་། ཀློག་པ་ལ་སོགས་པའོ། །གཉིས་པ་སྟོང་པ་ཉིད་བསྒོམ་པ་ལ་བརྟེན་པ་ནི། སྟོང་པ་ཉིད་ལ་སོགས་པ་སྡིག་པའི་གཉེན་པོ་ཡིན་ཏེ། དེ་ལ་མོས་ནས་བསྒོམས་པར་བྱས་པ་ལས། སྡིག་པ་རྩ་བ་གང་ཟག་བདག་འཛིན་སྤོང་བར་འགྱུར་བའི་ཕྱིར། གསུམ་པ་བཟླས་བརྗོད་ལ་བརྟེན་པ་ནི། ཡི་གེ་བརྒྱ་པ་ལ་སོགས་པའི་གཟུངས་སྔགས་ཁྱད་པར་ཅན་ཆོ་ག་བཞིན་དུ་བཟླས་བརྗོད་བྱེད་པ་སྟེ། དཔུང་བཟང་གིས་ཞུས་པ་ལས། སོས་ཀ་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །སྒྲིམ་མི་དགོས་པར་ཚང་ཚིང་ཀུན་སྲེག་ལྟར། །གཟུངས་སྔགས་མེ་ལ་ཚུལ་ཁྲིམས་རླུང་སྦར་ཏེ། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེག །ཅེས་སོགས་གསུངས་པའི་ཕྱིར། དེ་ཡང་རྨི་ལམ་དུ་སྡིག་པ་དག་པའི་མཚན་མ་མ་


DLL1006_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གི་བར་དུ་བཟླས་བརྗོད་བྱེད་པའོ། །བཞི་པ་སྐུ་གཟུགས་ལ་བརྟེན་པ་ནི། སངས་རྒྱས་ལ་དད་ནས་སྐུ་གཟུགས་དང་མཆོད་རྟེན་བཞེངས་པ་ལྟ་བུའོ། །ལྔ་པ་མཆོད་པ་ལ་བརྟེན་པ་ནི། སྡིག་པ་དག་པར་བྱ་བའི་ཕྱིར་དུ་སངས་རྒྱས་དང་དེའི་སྐུ་གཟུགས་ལ་མཆོད་པ་འབུལ་བ་ལྟ་བུའོ། །དྲུག་པ་མཚན་ལ་བརྟེན་པ་ནི། སངས་རྒྱས་དང་བྱང་སེམས་མཐུ་ཆེན་པོ་རྣམས་ཀྱི་མཚན་འདོན་པ་དང་། དྲན་པ་ལ་སོགས་པ་ལྟ་བུའོ། །གསུམ་པ་ནི། ཕྱིན་ཆད་སྡིག་པ་མི་དགེ་བ་གཏན་ནས་མི་བྱེད་པའི་སྡོམ་སེམས་བྱེད་པ་སྟེ། དེ་ལྟ་བུའི་སྡོམ་སེམས་མེད་ན་སྡིག་པ་བཤགས་པ་ཚིག་ཙམ་དུ་འགྱུར་བའི་ཕྱིར། བཞི་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་སོགས་པའོ། །འོ་ན་གཉེན་པོ་སྟོབས་བཞིས་སྡིག་པའི་འདག་ཚུལ་དེ་ཇི་ལྟ་བུ་ཞེ་ན། བཤགས་མཁན་སྟོབས་ཆེ་ཆུང་དང་། གཉེན་པོ་སྟོབས་བཞི་ཚང་མ་ཚང་དང་། བསམ་པ་དྲག་ཞན་དང་། ཡུན་རིང་ཐུང་ལ་སོགས་པའི་སྒོ་ནས། སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བའི་རྒྱུ་ཆུང་ངུ་མྱོང་བར་འགྱུར་བའི་རྒྱུ་དང་། ངན་སོང་དུ་སྐྱེས་ཀྱང་སྡུག་བསྔལ་མི་མྱོང་བ་དང་། རྟེན་དེ་ལ་མགོ་བོ་ན་བ་ཙམ་གྱིས་དགེ་བ་དང་། ཡུན་རིང་པོ་མྱོང་བར་འགྱུར་བ་ཡུན་ཐུང་ངུ་མྱོང་བར་འགྱུར་བ་སོགས་མཐའ་གཅིག་ཏུ་མ་ངེས་སོ། ། སྟོབས་བཞི་ཚང་བའི་བཤགས་པས་སྡིག་པ་འདག་ན། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། དེ་ནི་སྟོབས་བཞི་དང་མ་འབྲེལ་བའི་ལས་ཀྱི་རྣམ་སྨིན་ངེས་པ་ལ་དགོངས་པའི་ཕྱིར་རོ། །འོ་ན་ལས་ཀྱི་རྣམ་པར་སྨིན་པ་ནི། གང་ལ་ཡང་མ་གཏོགས་ཞེས་གསུངས་པ་དང་འགལ་ཞེ་ན། མི་འགལ་ཏེ། དེ་ནི་དམུས་


DLL1006_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ལ་སོགས་པ་རྣམ་སྨིན་ཕྱུང་ཟིན་པ་རྣམས་ད་ལྟའི་གཉེན་པོས་བཟློག་དཀའ་བ་ལ་དགོངས་པའི་ཕྱིར་རོ། །འོ་ན་ལས་རྒྱུ་འབྲས་སེམས་པ་དེ་ཡུན་ཇི་ཙམ་དུ་བསྒོམ་ཞེ་ན། ད་ལྟ་ཚེ་འདིའི་བྱ་བ་གཙོ་བོར་སྒྲུབ་ཅིང་ཕྱི་མའི་བྱ་བ་ཞར་ལ་སྒྲུབ་པ་དེ་ལས་བཟློག་ཅིང་། ཕྱི་མའི་བྱ་བ་གཙོ་བོར་སྒྲུབ་ཅིང་ཚེ་འདིའི་བྱ་བ་ཞར་ལ་སྒྲུབ་པའི་བློ་རྣལ་མ་མ་སྐྱེས་ཀྱི་བར་དུ་བསྒོམ་མོ། །འཁོར་བའི་ཉེས་དམིགས་བསམ་པ་ནི། འོ་ན་ངན་སོང་གི་རྒྱུ་མི་དགེ་བ་སྤངས་ཏེ། བདེ་འགྲོའི་རྒྱུ་དགེ་བ་བསྒྲུབས་ནས་ལྷ་མིའི་གོ་འཕང་ཐོབ་པ་ཙམ་གྱིས་ཆོག་གམ་ཞེ་ན། མི་ཆོག་སྟེ། དེས་ཀྱང་བཙན་ས་ཟིན་པ་མ་ཡིན་ཏེ། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཡིན་པས། འཁོར་བའི་སྡུག་བསྔལ་སྤངས་པའི་ཐར་པ་ཐོབ་པར་བྱ་དགོས་པའི་ཕྱིར་རོ། །འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། ངན་འགྲོའི་སྡུག་བསྔལ་བཤད་ཟིན། བདེ་འགྲོའི་སྡུག་བསྔལ་བསམ་པ་ལ། མིའི་སྡུག་བསྔལ་བསམ་པ། ལྷ་མ་ཡིན་གྱི་སྡུག་བསྔལ་བསམ་པ། ལྷའི་སྡུག་བསྔལ་བསམ་པའོ། །དང་པོ་ནི། སྐྱེ་རྒ་ན་འཆི་དང་། དགྲ་མི་སྡུག་པ་ཕྲད་པ་དང་། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། བཀྲེས་སྐོམ་དང་ཚ་གྲང་ལ་སོགས་པའི་སྡུག་བསྔལ་ངན་སོང་གསུམ་ན་ཡོད་པ་དང་ཆ་མཚུངས་མི་རྣམས་ལ་ཡང་ཡོད་དེ། ཚོགས་ཀྱི་གཏམ་ལས། ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་དག་ལའང་ཡོད་པར་སྣང་། །དེ་ཡང་མིའི་མཆོག་ལ་ཡིད་ཀྱི་སྡུག་བསྔལ་དང་། ཐ་མལ་རྣམས་ལ་ལུས་ལས་སྐྱེས་པའི་སྡུག་བསྔལ་གཉིས་ཀྱི་ཉིན་རེ་བཞིན་དུ་གདུང་བར་བྱེད་དེ། བཞི་བརྒྱ་པ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་སྐྱེས་སོ། །སྡུག་


DLL1006_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་ཉིན་རེ་འཇོམས་པར་བྱེད། །ཅེས་སོ། ། གཉིས་པ་ནི། བཤེས་སྤྲིངས་ལས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་པ་ལྟར། ལྷ་མ་ཡིན་རྣམས་རང་གི་བུ་མོ་ལ་སེར་སྣ་དང་། ལྷའི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་པའི་དབང་གིས་ལྷ་དང་འཐབས་པ་ལ་བརྟེན་ནས། ཡན་ལག་ཉིང་ལག་གཅོད་པའི་སྡུག་བསྔལ་དང་། ལྷ་མ་ཡིན་གྱི་རྟེན་ལ་བདེན་པ་མཐོང་བའི་སྐལ་བ་མེད་དོ། །གསུམ་པ་ལ། འདོད་པའི་ལྷའི་སྡུག་བསྔལ་བསམ་པ་དང་། ཁམས་གོང་མའི་ལྷའི་སྡུག་བསྔལ་བསམ་པའོ། །དང་པོ་ནི། མཐོ་རིས་དག་ནའང་བདེ་ཆེན་དེ་དག་གི །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །ཞེས་གསུངས་པ་ལྟར་འདོད་ལྷ་རྣམས་ལ་འདོད་པའི་ཡོན་ཏན་གྱི་བདེ་བ་ཆེན་པོ་ཡོད་ཀྱང་། དེ་ལས་འཆི་འཕོ་འཆི་ལྟས་ལྔའི་སྡུག་བསྔལ་ཉིད་ནི་འདི་ལྟར། ཁ་དོག་གཞན་དུ་འགྱུར་བ་དང་། མེ་ཏོག་གི་ཕྲེང་བ་བརྙིངས་པ་དང་། སྟེན་ལ་མི་དགའ་བ་དང་། གོས་ལ་དྲི་མ་ཆགས་པ་དང་། ལུས་ལ་སྔོན་མེད་པའི་རྡུལ་དྲི་ང་བ་འབྱུང་བའམ། ཡང་ན་ལུས་ལ་སྔོན་མེད་པའི་རྡུལ་འབྱུང་བའོ། །གཉིས་པ་གཟུགས་གཟུགས་མེད་དུ་སྐྱེས་པའི་ལྷ་རྣམས་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དེ་དག་གིས་མི་དགེ་བ་སྤངས་པས་ཚོར་བ་སྡུག་བསྔལ་མེད་ཀྱང་། ཉོན་མོངས་པ་དང་བཅས་ཤིང་འཆི་འཕོ་བ་དང་། གནས་པ་ལ་དབང་མ་ཐོབ་པས་སྡུག་བསྔལ་གྱི་གནས་ངན་ལེན་དང་བཅས་ཤིང་མདའ་ནམ་མཁའ་ལ་འཕངས་པ་ཤུགས་ཟད་པ་ན་སླར་ཡང་ས་ལ་ལྟུང་བར་འགྱུར་བ་བཞིན་


DLL1006_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ཁམས་གོང་མར་འཕེན་བྱེད་ཀྱི་ལས་ཟད་པ་སླར་ཡང་ངན་སོང་གསུམ་དུ་སྐྱེས་ནས་སྡུག་བསྔལ་མྱོང་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས། གང་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། གང་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མ་འདས་པས། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་འཁོར་བའི་སྡུག་བསྔལ་སྤངས་པའི་ཐར་པ་འཐོབ་པར་བྱའོ། །འོ་ན་འཁོར་བའི་སྡུག་བསྔལ་སྤོང་བ་ལ་སྡུག་བསྔལ་གྱི་རྒྱུ་ངོས་ཟིན་དགོས་པས་དེ་གང་ཡིན་ཞེ་ན། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པ་སྡུག་བསྔལ་གྱི་རྒྱུ་ཡིན་ནོ། །དེའི་ནང་ནས་ཀྱང་ཉོན་མོངས་པ་སྡུག་བསྔལ་གྱི་རྒྱུའི་གཙོ་བོ་ཡིན་ཏེ། ཉོན་མོངས་པ་མེད་ན་ལས་ཡོད་ཀྱང་འཁོར་བར་སྐྱེ་བ་མི་ལེན། དེ་ཡོད་ན་དེའི་དབང་གིས་ལས་གསར་དུ་བསགས་ནས། འཁོར་བར་སྐྱེ་བའི་ཕྱིར་རོ། །འོ་ན་ཉོན་མོངས་པ་དེ་གང་གིས་སྤོང་ཞེ་ན། བསླབ་པ་རིན་པ་ཆེ་གསུམ་ཉམས་སུ་བླངས་པ་ལ་བརྟེན་ནས་དེ་སྤོང་བར་འགྱུར་རོ། ། གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ། འོ་ན་བསླབ་པ་རིན་པོ་གསུམ་ལ་བསླབས་པ་ལ་བརྟེན་ནས། རང་ཉིད་གཅིག་པུས་ཐར་པ་ཐོབ་པ་ཙམ་གྱིས་ཆོག་གམ་ཞེ་ན། དེ་ཐོབ་ན་ཡང་འཁོར་བའི་དཔལ་ལྟར་སླར་ལྡོག་པ་མ་ཡིན་གྱིས། འོན་ཀྱང་སྤང་རྟོགས་ཀྱི་ཡོན་ཏན་ཕྱོགས་རེ་བ་ཡིན་པས། དོན་གཉིས་མཐར་ཐུག་ལ། དེས་ན་མཐར་ཐེག་པ་ཆེན་པོའི་ལམ་དུ་འཇུག་དགོས་པས་བློ་དང་ལྡན་པ་རྣམས་ཀྱིས་དང་པོ་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་བྱ་ཞིང་། ཐེག་ཆེན་དུ་འཇུག་པའི་སྒོ་ཡང་ཐེག་ཆེན་སེམས་བསྐྱེད་ཡིན་པས། དང་པོ་ཐེག་པ་ཆེན་པོར་སེམས་བསྐྱེད་པ་ལ


DLL1006_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་བྱའོ། །ཐེག་ཆེན་སེམས་བསྐྱེད་ཐེག་ཆེན་དུ་འཇུག་པའི་སྒོ་ཡིན་ཏེ། ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་གཞན་མེད་ཀྱང་ཐེག་ཆེན་སེམས་བསྐྱེད་མཚན་ཉིད་ཚང་བ་རྒྱུད་ལ་སྐྱེས་ན་ཐེག་པ་ཆེན་པོ་པར་ཚུད་ལ། ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་དུ་མ་ཡོད་ཀྱང་། ཐེག་ཆེན་སེམས་བསྐྱེད་ལས་ཉམས་ན། ཐེག་ཆེན་ལས་ཉམས་པར་འགྱུར་པའི་ཕྱིར། དེས་ན་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པས་དུད་འགྲོ་ལ་ཟན་ཆང་ཅིག་ཙམ་བྱིན་པ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པར་འགྱུར་ཞིང་། དེས་མ་ཟིན་ན་ཏིང་ངེ་འཛིན་ཤེས་རབ་སྒོམ་པ་དང་། ལྷ་སྒོམ་པ་དང་། རྩ་རླུང་ཐིག་ལེ་སོགས་སྒོམ་པ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པར་མི་འགྱུར་བས། ཐེག་པ་ཆེན་པོ་བ་བྱེད་པར་འདོད་པ་རྣམས་ཀྱི། ཐོག་མར་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལ་འཇུག་པར་བྱའོ། །འདི་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱང་བ་དང་། དོན་དམ་བྱང་ཆུབ་སེམས་སྦྱང་བ་གཉིས། དང་པོ་ལ། རྒྱུ་གང་ལ་བརྟེན་ནས་སྐྱེ་བ། སེམས་སྐྱོང་བའི་རིམ་པ། སེམས་དེ་སྐྱེས་པའི་ཚད། སེམས་བསྐྱེད་ཆོ་གས་གཟུང་བའི་ཚུལ་ལོ། །དང་པོ་ནི། བསླབ་བསྡུས་སུ་རྐྱེན་བཞི་ལ་བརྟེན་ནས་སྐྱེ་བ། རྒྱུ་བཞི་ལ་བརྟེན་ནས་སྐྱེ་བ། སྟོབས་བཞི་ལ་བརྟེན་ནས་སྐྱེ་བའི་ཚུལ་གསུམ་གསུངས་པ་ལས། དང་པོ་ནི། སངས་རྒྱས་དང་བྱང་སེམས་རྣམས་ཀྱི་མཐུ་ཕུལ་དུ་ཕྱིན་པར་རང་གིས་ཐོས་པ་དང་མཐོང་བ་ལ་བརྟེན་ནས། བདག་གིས་ཀྱང་འདི་ལྟ་བུ་ཐོབ་ན་སྙམ་ནས་སེམས་བསྐྱེད་པ་དང་། དེ་ལྟ་བུ་མེད་ཀྱང་གསུང་རབ་ཉན་པ་ལས་སངས་རྒྱས་ཀྱི་ཡོན་ཏན་ཐོས་ནས་སེམས་བསྐྱེད་པ་དང་། དེ་ལྟ་བུ་མེད་ཀྱང་ཐེག་ཆེན་གྱི་བསྟན་པ་ནུབ་པ་མ་བཟོད་ནས་སེམས་བསྐྱེད་པ་དང་། དེ་ལྟ་བུ་མེད་ཀྱང་ཉན་རང་གི་བྱང་ཆུབ་ཏུ་


DLL1006_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པ་ཡང་དཀོན་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་བས་ཀྱང་དཀོན་ནོ་སྙམ་ནས། དཀོན་པའི་འདུ་ཤེས་ཀྱིས་སེམས་བསྐྱེད་པའོ། །གཉིས་པ་ནི། ཐེག་ཆེན་གྱི་རིགས་སད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། གཞན་དོན་གྱི་དཀའ་སྤྱད་ལས་མི་སྐྱོ་བ་ལ་བརྟེན་ནས་སེམས་བསྐྱེད་པའོ། །གསུམ་པ་ནི། རང་གི་མཐུས་སངས་རྒྱས་ཐོབ་འདོད་ཀྱི་བློ་སྐྱེད་པ་རང་གི་སྟོབས་ཀྱིས་སྐྱེད་པ་དང་། དགེ་བའི་བཤེས་གཉེན་གྱིས་མཐུས་སངས་རྒྱས་ཐོབ་འདོད་ཀྱི་བློ་སྐྱེད་པ་གཞན་སྟོབས་ཀྱིས་སྐྱེད་པ་དང་། ཚེ་སྔ་མ་སྦྱོར་བ་བྱས་པའི་སྟོབས་ཀྱིས་དེ་སྐྱེད་པ། རྒྱུའི་སྟོབས་ཀྱིས་སྐྱེད་པ་དང་། ཚེ་འདིར་གོམས་པར་བྱས་པའི་སྟོབས་ཀྱིས་དེ་སྐྱེད་པ། སྦྱོར་བའི་སྟོབས་ཀྱིས་སྐྱེད་པའོ། ། གཉིས་པ་སེམས་དེ་སྦྱང་བའི་རིམ་པ་དངོས་ལ། རྒྱུ་འབྲས་མན་ངག་བདུན་མ་ལ་བློ་སྦྱངས་པའི་སྒོ་ནས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་། བདག་གཞན་བརྗེ་བའི་རིམ་པ་ལ་བློ་སྦྱང་བའི་སྒོ་ནས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའོ། །དང་པོ་ནི། རྒྱུ་འབྲས་བདུན་ནི། སེམས་ཅན་ཐམས་ཅད་མར་ཤེས་པ། དྲིན་དྲན་པ། དྲིན་དུ་གཟོ་བ། ཡིད་འོང་གི་རྣམ་པ་ཅན་གྱི་བྱམས་པ། སྙིང་རྗེ། ལྷག་བསམ། སེམས་བསྐྱེད། དེ་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་བོ། །འདི་ལ་རིགས་པ་དང་། ངེས་པ་བསྐྱེད་པ་དང་། རིམ་ཅན་དུ་སྦྱང་བ་དངོས། དང་པོ་ལ། སྙིང་རྗེ་ཆེན་པོ་ཐེག་ཆེན་ལམ་གྱི་རྩ་བར་བསྟན་པ་དང་། གཞན་རྣམས་དེའི་རྒྱུ་འབྲས་སུ་འགྱུར་ཚུལ་ལོ། །དང་པོ་ནི། ཐེག་པ་ཆེན་པོ་ལ་སྙིང་རྗེ་ཆེན་པོ་དང་པོར་གལ་ཆེ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བའི་ཁུར་འཛིན་པ་ནི་སྙིང་རྗེ་ཆེན་པོ་ལ་རག་ལས་ལ། དེ་ལྟ་བུའི་ཁུར་འཛིན་པ་དེ་


DLL1006_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་ཐེག་པ་ཆེན་པོར་མི་ཆུད་པའི་ཕྱིར། དང་པོ་གྲུབ་སྟེ། སྙིང་རྗེ་ཆེན་པོའི་དབང་གིས་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བར་བྱའོ་སྙམ་དུ་དམ་བཅའ་བར་འགྱུར་ལ། སྙིང་རྗེ་དམན་ན་དེ་ལྟར་དམ་འཆའ་བ་མི་འོང་བའི་ཕྱིར། དེ་སྐད་དུ་བློ་གྲོས་མི་ཟད་པས་བསྟན་པ་ལས། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ནི། ཐེག་པ་ཆེན་པོ་ཡང་དག་པར་འགྲུབ་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཞེས་དང་། ག་ཡ་གོ་རིའི་མདོ་ལས་ཀྱང་། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །ཞེས་གསུངས་པའི་ཕྱིར། སྙིང་རྗེ་ཆེན་པོ་དེ་ཐེག་པ་ཆེན་པོ་ལ་བར་དུ་ཡང་གལ་ཆེ་བ་ཡིན་ཏེ། སྙིང་རྗེ་ཆེན་པོའི་དབང་གིས་ལན་གཅིག་འགྲོ་བ་སྒྲོལ་བར་དམ་བཅས་ཀྱང་། བར་སྐབས་སུ་སྙིང་རྗེ་ཆེན་པོ་ཡང་དང་ཡང་དུ་མ་བསྒོམ་ན། སེམས་ཅན་གྲངས་མང་ཞིང་བྱེད་པ་ངན་པ་དང་། བསླབ་བྱ་གྲངས་མང་ཞིང་བྱ་དཀའ་ལ་ཡུན་རིང་དུ་བསྒྲུབ་དགོས་པས། སེམས་ཞུམས་ནས་ཐེག་དམན་དུ་ལྟུང་བར་འགྱུར་ལ། སྙིང་རྗེ་ཆེན་པོ་ཡང་དང་ཡང་དུ་བསྒོམས་ན་རང་གི་བདེ་སྡུག་ལ་མི་ལྟ་ཞིང་། གཞན་དོན་གྱི་དཀའ་སྤྱད་ལ་མི་སྐྱོ་བས་ཚོགས་བདེ་བླག་ཏུ་རྫོགས་པར་འགྱུར་བའི་ཕྱིར། སྙིང་རྗེ་ཆེན་པོ་ཐེག་པ་ཆེན་པོ་ལ་མཐར་ཡང་གལ་ཆེ་བ་ཡིན་ཏེ། ལན་གཅིག་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱང་སྙིང་རྗེ་ཆེན་པོ་དང་བྲལ་ན། ཉན་རང་བཞིན་དུ་མཐར་ལྟུང་བར་འགྱུར་ལ། སྙིང་རྗེ་ཆེན་པོའི་དབང་གིས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གཞན་དོན་རྒྱུན་མི་འཆད་དུ་འབྱུང་བའི་ཕྱིར། དེས་ན་སྙིང་རྗེ་ཆེན་པོ་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་ཡིན་ཏེ། ཕྱིའི་ལོ་ཏོག་ལ་ཐོག་མར་གལ་ཆེ་བ་ས་བོན་དང་། བར་དུ་གལ་ཆེ་བ་ཆུ་དང་། མཐར་གལ་


DLL1006_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་འབྲས་བུ་སྨིན་པ་བཞིན་དུ། སྙིང་རྗེ་ཆེན་པོ་ཡང་ཐེག་པ་ཆེན་པོ་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་གསུངས་སོ། ། གཉིས་པ་ལ། མར་ཤེས་ནས་ཡིད་འོང་གི་བྱམས་པའི་བར་རྒྱུར་འགྱུར་ཚུལ་དང་། ལྷག་བསམ་དང་སེམས་བསྐྱེད་འབྲས་བུར་འགྱུར་ཚུལ་ལོ། །དང་པོ་ནི། སེམས་ཅན་གྱི་སྡུག་བསྔལ་ཡང་དང་ཡང་དུ་བསམས་ཀྱང་བརྩེ་བ་ཆེན་པོ་སྐྱེད་ནུས་མོད། སྐྱེ་སླ་ཞིང་ཤུགས་དྲག་ལ་བརྟན་པར་སྐྱེ་བ་ལ་སེམས་ཅན་ལ་ཡིད་འོང་གི་རྣམ་པ་ཅན་གྱི་བྱམས་པ་བསྒོམ་དགོས་ཏེ། ད་ལྟ་དགྲ་ལ་སྡུག་བསྔལ་བར་མཐོང་བ་མི་བཟོད་པ་མེད་ཀྱི་སྟེང་དུ་དགའ་བ་སྐྱེ་བ་དང་། དགྲ་གཉེན་གང་ཡང་མ་ཡིན་པའི་བར་མ་ལ་སྡུག་བསྔལ་བར་མཐོང་བ་ན་དགའ་བ་མེད་ཀྱས་ཕལ་ཆེར་ཡལ་བར་འདོར་བ་ནི། ཡིད་འོང་གི་བློ་མེད་པས་ལན་པ་ཡིན་ལ། གཉེན་ལ་སྡུག་བསྔལ་མཐོང་བ་ན་མི་བཟོད་པའི་བློ་སྐྱེ་ཞིང་། དེ་ཡང་ཡིད་དུ་འོང་ཚབས་ཆེ་བ་ཙམ་གྱིས་མི་བཟོད་པའི་བློ་ཡང་ཤུགས་དྲག་པ་སྐྱེ་བའི་ཕྱིར། དེས་ན་སེམས་ཅན་གཉེན་དུ་སྒོམ་པ་ནི། ཡིད་འོང་གི་རྣམ་པ་ཅན་གྱི་བྱམས་པ་བསྐྱེད་པའི་ཕྱིར་དུ་ཡིན་ཏེ། གཉེན་གྱི་མཆོག་ཀྱང་མ་ཡིན་པས། སེམས་ཅན་ཐམས་ཅད་མར་ཤེས་པ་ལས་དྲིན་དྲན་པ། དེ་ལས་དྲིན་དུ་གཟོ་བ། དེ་ལས་ཡིད་འོང་གི་བྱམས་པ། དེ་ལས་སེམས་ཅན་གྱི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོ་འབྱུང་ངོ་། །གཉིས་པ་ལྷག་བསམ་དང་སེམས་བསྐྱེད་འབྲས་བུར་འགྱུར་ཚུལ་ནི། ཁོ་ན་རེ། སྙིང་རྗེ་དང་སེམས་བསྐྱེད་ཀྱི་བར་


DLL1006_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྷག་བསམ་བསྒོམ་མི་དགོས་པར་ཐལ། སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམས་པ་ལས་སེམས་བསྐྱེད་སྐྱེ་བའི་ཕྱིར་ཞེ་ན། དེ་གཉིས་ཀྱི་བར་དུ་ལྷག་བསམ་བསྒོམ་དགོས་ཏེ། སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཡོད་ཀྱང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བ་དེ་བདག་གིས་བྱའོ་སྙམ་དུ་ཁུར་རང་ཉིད་ཀྱིས་འཁྱེར་བའི་ལྷག་བསམ་མེད་ན་སེམས་བསྐྱེད་པ་དེ་མི་འབྱུང་བའི་ཕྱིར་རོ། ། ལྷག་བསམ་བསྒོམ་ཚུལ་ཇི་ལྟར་ཡིན་ཞེ་ན། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་བྲལ་བ་དེ་བདག་གིས་བྱ་དགོས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་བདག་གི་མ་བྱས། དེ་ཡང་། ཡང་དང་ཡང་དུ་བྱས། ནམ་བྱས་རེས་ཀྱིས་ཕན་བཏགས་གནོད་པ་ལས་བསྐྱབས་པའི་དྲིན་ཅན་ཡིན་པས་སོ། །འོ་ན་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ནུས་སམ་མི་ནུས་སྙམ་ན། བདག་གི་ད་ལྟའི་ལུས་འདིས་སེམས་ཅན་གཅིག་གི་དོན་ཡང་ཇི་ལྟ་བ་བཞིན་དུ་བྱེད་མི་ནུས་ན། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལྟ་ཅི་སྨོས། དེར་མ་ཟད་རང་གི་དོན་ཡང་ཇི་ལྟ་བ་བཞིན་བྱེད་མི་ནུས་ན། གཞན་གྱི་དོན་ལྟ་སྨོས་ཀྱང་ཅི་དགོས། དེར་མ་ཟད་ཉན་རང་དགྲ་བཅོམ་པས་ཀྱང་སེམས་ཅན་ཉུང་ཤས་ཐར་པའི་བདེ་བ་ལ་འགོད་ནུས་ཀྱང་། སྤངས་རྟོགས་ཀྱི་ཡོན་ཏན་ཕྱོགས་རེ་བ་ཡིན་པས་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པའི་ས་ལ་འགོད་མི་ནུས་སོ། །འོ་ན་གང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ནུས་སྙམ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ནུས་པ་ཡིན་ཏེ། དེས་སྐྱོན་ཐམས་ཅད་སྤངས། ཡོན་ཏན་ཐམས་ཅད་དང་ལྡན་པས།


DLL1006_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་སྣ་རེ་ཙམ་བཀྱེ་བ་དང་། རྫུ་འཕྲུལ་སྣ་རེ་ཙམ་བསྟན་པ་དང་། ཆོས་སྣ་རེ་ཙམ་གསུངས་པས་ཀྱང་སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་མི་ནུས་པའི་ཕྱིར་རོ། །དེས་ན་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །གཉིས་པ་རིམ་ཅན་དུ་སྦྱང་བ་དངོས་ལ། གཞོན་དོན་དོན་གཉེར་གྱི་བློ་སྦྱང་བ་དང་། བྱང་ཆུབ་དོན་གཉེར་བློ་སྦྱང་བ་དང་། སྦྱངས་པའི་འབྲས་བུ་སེམས་བསྐྱེད་ངོས་བཟུང་བའོ། ། དང་པོ་ལ་བློ་དེ་སྐྱེ་བའི་གཞི་བསྒྲུབ་པ་དང་། བློ་དེ་བསྐྱེད་པ་དངོས་གཉིས། དང་པོ་ལ་སེམས་ཅན་ལ་སེམས་སྙོམས་པ་བསྒྲུབ་པ་དང་། ཐམས་ཅད་ཡིང་འོང་གི་རྣམ་པ་ཅན་དུ་བསྒྲུབ་པ་གཉིས། དང་པོ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་བྲལ་འདོད་ཀྱི་བྱམས་སྙིང་རྗེ་སྐྱེ་བ་ལ་ཐོག་མར་ཆགས་སྡང་གིས་རིས་སུ་བཅད་པ་དེ་སྤང་དགོས་ཏེ། དེ་མ་སྤངས་ན་བྱམས་པ་དང་སྙིང་རྗེ་ཕྱོགས་རིས་ཅན་དུ་འགྱུར་གྱིས། ཕྱོགས་རིས་མེད་པར་སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱམས་སྙིང་རྗེ་མི་སྐྱེ་བའི་ཕྱིར་རོ། །བཏང་སྙོམས་ཀྱི་ངོ་བོ་ནི། གསུམ་ཡོད་པའི་ཚད་མེད་བཏང་སྙོམས་སོ། །སེམས་ཅན་གྱི་ངོས་ནས་ཐམས་ཅད་སྙོམས་པ་དང་། རང་གི་ངོས་ནས་སེམས་ཅན་ཐམས་ཅད་སྙོམས་པ་གཉིས་ཀྱི་ནང་ནས་ཕྱི་མ་བསྒོམ། སྒོམ་ཚུལ་ནི། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པའི་སེམས་སྙོམས་པར་བསྒོམ་པར་བྱ་སྟེ། སེམས་ཅན་གྱི་ངོས་ནས་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་མཚུངས། རང་གི་ངོས་ནས་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་མ་བྱས། ཡང་དང་ཡང་དུ་བྱས། ནམ་བྱས་རེས་ཀྱི་ཕན་བཏགས་གནོད་པ་ལས་བསྐྱབས་པའི་དྲིན་ཅན་ཡིན་པར་མཚུངས་པས་སོ། །


DLL1006_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་དགྲ་དང་གཉེན་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཆགས་སྡང་གི་རིས་སུ་བཅད་པ་སྤངས་དགོས་ཏེ། དགྲ་གཉེན་ཡང་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར་རོ། །སྒོམ་པའི་རིམ་པ་ནི། ཐོག་མར་དགྲ་གཉེན་གང་ཡང་མ་ཡིན་པའི་བར་མ་ལ་བསྒོམ། དེ་ལ་འབྱོངས་ནས་རང་གི་མ་ལ་སོགས་པའི་མཛའ་བཤེས་ལ་བསྒོམ། དེ་ནས་དགྲ་ལ་བསྒོམ། དེ་ནས་རིམ་གྱིས་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། ། གཉིས་པ་ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་སྒྲུབ་པ་ལ་མར་ཤེས་བསྒོམ་པ། དྲིན་དྲན་བསྒོམ་པ། དྲིན་གཟོ་བསྒོམ་པའོ། །དང་པོ་ནི། སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་བདག་གི་མ་བྱས། དེ་ཡང་། ཡང་དང་ཡང་དུ་བྱས་ཏེ། སྤྱིར་འཁོར་བ་ལ་ཐོག་མའི་མཐའ་མེད་པས། བདག་གི་སྐྱེ་འཆི་ལ་ཡང་ཐོག་མ་མེད། དེ་མེད་པས་ལུས་འདི་མ་བླངས་ཞེས་བྱ་བའམ། ས་ཕྱོགས་འདིར་མ་སྐྱེས་ཞེས་བྱ་བ་སངས་རྒྱས་ཀྱིས་ཀྱང་མ་གཟིགས་པའི་ཕྱིར། དེ་སྐད་དུ་ཡང་མདོ་ལས། སྔོན་ཡུན་རིང་པོ་འདས་པ་ན་གང་དུ་ཁྱེད་རྣམས་མ་སྐྱེས་པ་དང་། མ་སོང་བ་དང་། མ་ཤི་བའི་ས་ཕྱོགས་དེ་ནི་ངས་མཐོང་བར་དཀའ་འོ། །ཡུན་རིང་པོ་འདས་པ་ན་གང་ཁྱེད་ཀྱི་ཕའམ་མའམ་ཕུ་ནུའམ། སྲིང་མོའམ། སློབ་དཔོན་ནམ། མཁན་པོའམ། བླ་མའམ་བླ་མའི་གནས་ལྟ་བུར་མ་གྱུར་པ་དེ་ནི་ངས་མཐོང་བར་དཀའོ་ཞེས་གསུངས་སོ། །གཉིས་པ་ནི། ཐོག་མར་རང་གི་རྩ་བའི་མ་ལ་དམིགས་ནས་བསྒོམས་ན་སྐྱེ་སླ་བར་གསུངས་པས། ཐོག་མར་རང་གི་རྩ་བའི་མདུན་དུ་གསལ་བར་དམིགས་ནས། འདིས་ཐོག་མ་མེད་པ་ནས་བདག་གི་མ་བྱས། དེ་ཡང་། ཡང་དང་ཡང་དུ་བྱས། ནམ་བྱས་རེས་ཀྱིས་ཕན་བཏགས་གནོད་པ་ལས་བསྐྱབས་ཤིང་། ཁྱད་པར་དུ་ཚེ་


DLL1006_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བདག་མངལ་དུ་ཡུན་རིང་བཟུངས་ནས། མཆོང་བ་དང་། རྒྱུག་པ་དང་། ཁུར་ལྕི་བ་འཁུར་བ་དང་། བཟའ་བཏུང་ཧ་ཅང་དྲོ་བ་དང་གྲང་བ་ལོངས་སྤྱོད་པ་བདག་མངལ་ན་གནས་པ་ལ་གནོད་དོགས་ནས་སྤོང་བ་སོགས་བརྩེ་བས་བསྐྱངས། མངལ་ནས་བཙས་པའི་ཚེ། སྤུ་སེར་ཟིང་ངེ་བའི་འབུ་ལྟ་བུ་ཡོད་པས། སོར་མོ་བཅུའི་རྩེ་མོ་ལ་བླངས། ཤའི་དྲོད་ལ་བཅེར། ཟས་ཁས་བསྙོད། སྣབས་དང་བཤང་གཅི་ལག་པས་ཕྱིས། དེ་ནས་ལབ་ཤེས་པ་ལ་དགའ་ཚོར་བྱས། བཀྲེས་སྐོམ་གྱི་ཚེ་བཟའ་བཏུང་དང་། གྲང་བའི་ཚེ་གོས་དང་། ཕོངས་པའི་ཚེ་གཏམ་ངན་བདེ་སྡུག་ལ་མ་འཛེམས་པར་བསགས་པའི་ནོར་རྫས་རང་གིས་སྤྱད་མི་ནུས་པ་རྣམས་ཀྱང་ཕངས་མེད་དུ་བྱིན། ཁྱད་པར་དུ་བདག་ལ་ཚེ་འདིར་དལ་འབྱོར་གྱི་མི་ལུས་བྱིན་ནས། སངས་རྒྱས་ཀྱི་བསྟན་པ་དང་མཇལ། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བསྒྲུབས་ཆོག་པའི་སྐལ་བ་ཡོད་པ་བྱས། བདག་ན་བ་སོགས་བྱུང་བའི་ཚེ་བུ་ན་བ་ལས། མ་རང་ན་བ་དང་། བུ་ཤི་བ་ལས་མ་རང་ཤི་བ་དང་། བུ་སྡུག་པ་ལས་མ་རང་སྡུག་པ་འདམ། བུ་མིན་པ་སོགས་ཀྱི་ཐབས་ལ་འབད་པ་སྒོ་དུ་མ་ནས་བྱེད་པས་དྲིན་ཤིན་ཏུ་ཆེ་སྙམ་དུ་བསྒོམ་མའི་དྲིན་དྲན་པའི་བློ་རྣལ་མ་སྐྱེས་པའི་ཚེ་ཕ་ལ་སོགས་པའི་མཛའ་བཤེས་ལ་བསྒོམ། དེ་ལ་འབྱོངས་ནས་དགྲ་ལ། དེ་ལ་འབྱོངས་ནས་བར་མ་ལ། དེ་ནས་རིམ་གྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བསྒོམ་མོ། ། གསུམ་པ་ནི། སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་མ་གཏོགས་ཐོག་མ་མེད་པ་ནས་ཡང་དང་ཡང་དུ་མ་བྱས་ནས། དྲིན་གྱིས་བསྐྱངས་པའི་དྲིན་ཅན་གྱི་མ་མགོན་སྐྱབས་མེད་པ་འདི་རྣམས་ཡལ་བར་དོར་ནས། རང་གཅིག་པུ་ཅི་ཐར་བྱེད་པ་དེ་ལས་ཁྲེལ་ཆུང་བ་མེད་


DLL1006_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དེ། སློབ་སྤྲིངས་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ནང་དུ་ཆུད་གྱུར་ཅིང་། །ཀློང་གི་ནང་དུ་ཆུད་པ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་དོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་སོ། །དེས་ན་དྲིན་ཅན་གྱི་མ་ཡལ་བར་འདོར་བ་ནི། མ་རབས་རྣམས་ལ་ཡང་མི་རིགས་ན། བདག་གི་ཚུལ་དང་ག་ལ་མཐུན་སྙམ་དུ་བསམས་ནས་དྲིན་ལན་འཇལ་དགོས་སོ། །དྲིན་ལན་ཇི་ལྟ་བུ་འཇལ་སྙམ་ན། ཐོག་མ་མེད་པ་ནས་མར་གྱུར་སེམས་ཅན་རྣམས་ཀྱིས་འཁོར་བའི་བདེ་འབྲས་ཇི་ཙམ་མྱོང་ཡང་དེས་མ་བསླུས་པ་མེད་པས། ཐར་པ་མྱ་ངན་ལས་འདས་པའི་གོ་འཕང་ལ་དགོད་པར་བྱའོ། །དེ་ཡང་རྒྱ་མཚོ་རི་རབ་དང་བཅས་པ་ཁུར་མི་ཆེ་ཡི། བྱས་པ་མི་གཟོ་བ་ཁུར་ཆེ་ཞིང་བྱས་ཤེས་དྲིན་གཟོ་མཁས་པས་རབ་ཏུ་བསྔགས་ཏེ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད་ལས། རྒྱས་མཚོ་དང་ནི་རི་རབ་དང་། །ས་རྣམས་བདག་གི་ཁུར་མིན་གྱིས། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །མི་གང་སེམས་ནི་མི་རྒོད་ཅིང་། །བྱས་པ་ཤེས་ཤིང་བྱས་པ་ཚོར། །བྱས་པ་ཆུད་སོན་མི་བྱེད་པ། །དེ་དག་མཁས་པས་རབ་ཏུ་བསྔགས། །ཞེས་གསུངས་སོ། ། གཉིས་པ་བློ་དེ་བསྐྱེད་པ་དངོས་ལ། བྱམས་པ་དོན་གཉེར། སྙིང་རྗེ་དོན་གཉེར། ལྷག་བསམ་དོན་གཉེར་གྱི་བློ་བསྒོམ་པ་གསུམ་ལས། དང་པོ་ནི། དམིགས་པ་བདེ་ནས་ཕོངས་པའི་སེམས་ཅན་འདི་རྣམས་བདེ་བ་དང་ལྡན་ན། བདེ་བ་དང་ལྡན་པར་གྱུར་ཅིག །བདེ་བ་དང་ལྡན་པར་བྱའོ་སྙམ་པའི་རྣམ་པ་ཅན་ནོ། །བྱམས་པ་བསྒོམ་པའི་ཕན་ཡོན་ནི། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་འཇིག་རྟེན་


DLL1006_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་དང་། སངས་རྒྱས་དབང་ཕྱུག་རྒྱལ་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་འགོག་པ་ལ་སྙོམས་པར་འཇུག་པའི་བདེ་བ་དང་ལྡན་ཅིང་། ཞིང་དེར་ལོ་བྱེ་བ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པར་སྤྱད་པ་བས། ཞིང་འདིར་སེ་གོལ་གཏོག་པའི་ཡུན་ཙམ་བྱམས་པའི་ཏིང་ངེ་འཛིན་བསྒོམས་ན་དེ་ལས་བསོད་ནམས་ཆེས་འཕེལ་བར་གསུངས་པ་དང་། རིན་ཆེན་ཕྲེང་བ་ལས། བྱམས་པ་སྒོམ་པའི་གང་ཟག་ལ་ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། སྲུང་བ་ཆེན་པོར་འགྱུར་བ་ལ་སོགས་པའི་ཕན་ཡོན་གསུངས་སོ། །བསྒོམ་པའི་རིམ་པ་ནི། དང་པོ་རང་གི་མ་ལ། དེ་ལ་འབྱོངས་ནས་ཕ་ལ་སོགས་པའི་མཛའ་བཤེས་ལ། དེ་ནས་བར་མ་ལ།དེ་ནས་དགྲ་ཆུང་འབྲིང་ཆེ་གསུམ་རིམ་བཞིན། དེ་ནས་སེམས་ཅན་ཐམས་ཅད་ལ་རིམ་གྱིས་ཁྱབ་པར་བསྒོམ། སྒོམ་ཚུལ་ནི། ཡིད་འོང་གི་དྲིན་ཆེན་གྱི་མ་རྣམས་བདེ་བས་ཕོངས་ཚུལ་བསམས་ནས། འདི་རྣམས་བདེ་བ་དང་ལྡན་ན། བདེ་བ་དང་ལྡན་པར་གྱུར་ཅིག །བདེ་བ་དང་ལྡན་པར་བྱའོ་སྙམ་དུ་བསྒོམ། བློ་དེ་སྐྱེས་པའི་ཚད་ནི། མ་བུ་གཅིག་པ་ཆུང་ངུ་ལ་བདེ་བ་དང་ལྡན་འདོད་ཀྱི་བློ་རང་གི་ངང་གིས་འབྱུང་བ་བཞིན་དུ། སེམས་ཅན་ཐམས་ཅད་ལ་བདེ་བ་དང་ལྡན་འདོད་ཀྱི་བློ་རང་གི་ངང་གིས་འབྱུང་བའོ། །གནིས་པ་ནི། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་སོ། །རྣམ་པ་འདི་རྣམས་སྡུག་བསྔལ་དང་བྲལ་ན། སྡུག་བསྔལ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་བྲལ་བར་བྱའོ་སྙམ་པ་རྣམས་སོ། །


DLL1006_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་སྔར་དང་འདྲ་ཞིང་བསྒོམ་པའི་རིམ་པའང་འདྲའོ། ། སྒོམ་ཚུལ་ནི། སེམས་ཅན་རྣམས་སྡུག་བསྔལ་གྱིས་མནར་བའི་ཚུལ་བསམས་ནས། འདི་རྣམས་སྡུག་བསྔལ་དང་བྲལ་ན། སྡུག་བསྔལ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་བྲལ་བར་བྱའོ་སྙམ་དུ་བསྒོམ། སྙིང་རྗེ་ཆེན་པོ་སྐྱེས་པའི་ཚད་ནི། མ་བུ་གཅིག་པ་ཆུང་ངུ་ན་བ་ན་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་རང་གི་ངང་གིས་སྐྱེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་རང་གི་ངང་གིས་སྐྱེ་བའོ། །གསུམ་པ་ནི། བདེ་བས་ཕོངས་པ་དང་། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་ལ་དམིགས་ནས། འདི་རྣམས་ཇི་ལྟར་བདེ་བ་དང་ལྡན་པར་བྱ། ཇི་ལྟར་སྡུག་བསྔལ་དང་བྲལ་བར་བྱ། བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་བྲལ་བ་དེ་བདག་གིས་བྱའོ་སྙམ་པའི་རྣམ་པ་ཅན་ནོ། །གཉིས་པ་བྱང་ཆུབ་དོན་གཉེར་གྱི་བློ་བསྐྱེད་པ་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་དགོས་ལ། སངས་རྒྱས་མ་གཏོགས་པས་སྒྲུབ་མི་ནུས་པར་མཐོང་ནས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པའང་ཡིན་མོད། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་དང་འཕྲིན་ལས་ཀྱི་ཡོན་ཏན་བསམས་ནས་དད་པ་བསྐྱེད་ནས་སངས་རྒྱས་དོན་གཉེར་གྱི་བློ་སྐྱེད་པ་དང་། རང་དོན་མཐར་ཐུག་པ་ཐོབ་པ་ལ་ཡང་སངས་རྒྱས་ཐོབ་དགོས་པར་མཐོང་ནས། སངས་རྒྱས་དོན་གཉེར་གྱི་བློ་སྐྱེད་པའོ། ། གསུམ་པ་སྦྱངས་པའི་བའས་བུ་སེམས་བསྐྱེད་ངོས་གཟུང་བ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་པ་ཙམ་གྱིས་ཀྱང་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་


DLL1006_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པ་མིན་ཏེ། དེས་ཆེད་དུ་བྱ་བ་གཞན་དོན་ལ་དམིགས་ཀྱང་། ཐོབ་བྱ་བྱང་ཆུབ་ལ་མ་དམིགས་པའི་ཕྱིར། བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་ཙམ་གྱིས་ཀྱང་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་མིན་ཏེ། དེས་ཐོབ་བྱ་བྱང་ཆུབ་ལ་དམིགས་ཀྱང་ཆེད་དུ་བྱ་བ་གཞན་དོན་ལ་མ་དམིགས་པའི་ཕྱིར། དེས་ན་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་སེམས་མྱོང་བ་ཁྱད་པར་ཅན་སྐྱེས་པ་དེའི་ཚེ་ཐེག་ཆེན་སེམས་བསྐྱེད་མཚན་ཉིད་ཚང་བ་སྐྱེས་པའོ། །དེ་སྐད་དུའང་། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་རོ། །དབྱེ་ན། སྤྱོད་འཇུག་ལས། བྱང་ཆུབ་སེམས་ནི་མདོར་བསྡུ་ན། །ཞེས་སོགས་ཤོ་ལོ་ཀ་གཉིས་གསུངས་པ་ལྟར། ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་དང་། ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་གཉིས་སོ། །དེ་གཉིས་ཀྱི་ཁྱད་པར་ཡང་། ཐེག་ཆེན་སེམས་བསྐྱེད་ཡིན་པ་གཞིར་བྱས་ནས། སྦྱིན་པ་ལ་སོགས་པའི་སྤྱོད་པ་ལ་སློབ་ཀྱང་འདྲ། མི་སློབ་ཀྱང་འདྲ། འཇུག་སྡོམ་མ་བཟུངས་པར་སྨོན་པ་སེམས་བསྐྱེད་དང་། དེ་བཟུངས་པ་འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་ཏེ། སྒོམ་རིམ་དང་པོ་ལས། འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག །ཅེས། གང་ཐོག་མར་དོན་དུ་གཉེར་བ་དེ་ནི། སྨོན་པའི་སེམས་སོ། །གང་ཡན་ཆད་སྡོམ་པ་བཟུངས་ནས་ཚོགས་རྣམས་ལ་ཞུགས་པ་དེ་ནི། འཇུག་པའི་སེམས་སོ། །ཞེས་གསུངས་སོ། །གཉིས་པ་བདག་གཞན་བརྗེ་བའི་བློ་སྦྱངས་པའི་སྒོ་ནས་བསྐྱེད་པ་ལ་བདག་གཞན་བརྗེས་པའི་ཕན་


DLL1006_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན། མ་བརྗེས་པའི་ཉེས་དམིགས། བདག་གཞན་བརྗེ་བའི་བློ་གོམས་ན་བསྐྱེད་པར་ནུས་པ། བདག་གཞན་བརྗེ་བ་བསྒོམ་པའི་རིམ་པ་དངོས་དང་གསུམ་ལས། དང་པོ་ནི། རང་གཅེས་པར་འཛིན་པ་རྒུད་པ་ཐམས་ཅད་ཀྱི་འབྱུང་གནས་དང་། གཞན་གཅེས་པར་འཛིན་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང་། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་དང་། བདག་དེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས་སོ། །གཉིས་པ་ནི། རང་གཅེས་པར་འཛིན་པ་སྤངས་ནས། གཞན་གཅེས་པར་འཛིན་པ་ཡིན་ཏེ། རང་གཅེས་པར་འཛིན་པ་རྒུད་པ་ཐམས་ཅད་ཀྱི་འབྱུང་གནས་དང་། གཞན་གཅེས་པར་འཛིན་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར། ཁོ་ན་རེ། དེ་ཡིན་ཀྱང་དེ་ལྟ་བུའི་བློ་སྐྱེ་དཀའ་བས་གོམས་པར་བྱེད་མི་ནུས་སོ་ཞེ་ན། དེ་སྐྱེ་དཀའ་ཡང་བསྒོམས་པར་བྱས་ནས་བསྐྱེད་མི་ནུས་ཏེ། བློ་གོམས་པའི་རྗེས་སུ་འཇུག་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། དཀའ་ལས་ཕྱིར་བཟློག་མི་བྱ་སྟེ། །འདི་ལྟར་གོམས་པའི་མཐུ་ཡིས་ནི། །གང་གིས་མིང་ཐོས་འཇིགས་པ་ཡང་། །དེ་ཉིད་


DLL1006_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་མི་དགའ་འགྱུར། །ཞེས་སྔར་རང་གི་དགྲ་བྱེད་པའི་མིང་ཐོས་པས་འཇིགས་པ་ཅིག །ཕྱིས་དེ་དང་མཐུན་པར་བྱས་པ་ན་དེ་ཉིད་མེད་ན་མི་དགའ་བར་འགྱུར་བ་བཞིན་ནོ། །དེས་ན་རང་གཅེས་པར་བཟུངས་ནས་རང་གི་བདེ་བ་སྒྲུབ་ཅིང་སྡུག་བསྔལ་སེལ་བ་ལྟར་དུ། གཞན་གཅེས་པར་བཟུངས་ནས་གཞན་གྱི་བདེ་བ་སྒྲུབ་ཅིང་སྡུག་བསྔལ་སེལ་རིགས་ཏེ། རང་གཞན་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་མཚུངས་པའི་ཕྱིར། ཁོ་ན་རེ། གཞན་གྱི་སྡུག་བསྔལ་བདག་གིས་སེལ་མི་དགོས་ཏེ་དེས་བདག་ལ་མི་གནོད་པའི་ཕྱིར། གཞན་གྱི་བདེ་བ་བདག་གིས་སྒྲུབ་མི་དགོས་ཏེ་དེས་བདག་ལ་མི་ཕན་པའི་ཕྱིར་དང་། བདག་གི་སྡུག་བསྔལ་བདག་གིས་སེལ་དགོས་ཏེ། དེས་བདག་ལ་གནོད་པའི་ཕྱིར། བདག་གི་བདེ་བ་བདག་གིས་སྒྲུབ་དགོས་ཏེ། དེས་བདག་ལ་ཕན་པའི་ཕྱིར་ཟེར་ན། འོ་ན་ཚེ་ཕྱི་མར་བདག་བདེ་བའི་ཕྱིར་དུ་ཚེ་འདིར་མི་དགེ་བ་སྤོང་བ་དོན་མེད་པར་ཐལ། ཚེ་ཕྱི་མའི་བདག་གི་བདེ་སྡུག་གིས་ཚེ་འདིར་བདག་ལ་ཕན་གནོད་མེད་པའི་ཕྱིར་ཏེ། ཚེ་འདིའི་བདག་ཡོད་པའི་དུས་ན་ཚེ་ཕྱི་མའི་བདག་མ་སྐྱེས་ཚེ་ཕྱི་མའི་བདག་སྐྱེས་པའི་ཚེ། ཚེ་འདིའི་བདག་འགགས་ནས་མེད་པའི་ཕྱིར་དང་། གཞན་ཡང་རྐང་པའི་སྡུག་བསྔལ་ལག་པས་སེལ་བ་མི་འཐད་པར་ཐལ། རྐང་པའི་སྡུག་བསྔལ་གྱིས་ལག་པ་ལ་མི་གནོད་པའི་ཕྱིར། ཁོ་ན་རེ། མི་མཚུངས་ཏེ། བདག་སྔ་ཕྱི་རྒྱུད་གཅིག་ཅིང་རྐང་ལག་གཉིས་ཚོགས་པ་གཅིག་པའི་ཕྱིར་ཞེ་ན། དེ་ཡང་རྒྱུད་དང་ཚོགས་པ་ཅེས་བྱ་བ་ཡང་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དེ། རྒྱུད་སྐད་ཅིག་སྔ་ཕྱི་ལ་བལྟོས་པ་དང་། ཚོགས་པ་ཡང་ཚོགས་པ་ཅན་ལ་


DLL1006_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བལྟོས་ནས་འཇོག་པའི་ཕྱིར་རོ། །འོ་ན་བདག་དང་གཞན་དུ་བརྗེ་བྱ་བ། །ཞེས་བཤད་པའི་བདག་གཞན་བརྗེ་བའི་དོན་དེ་གང་ཞེ་ན། གང་ཟག་གཞན་ལྷས་སྦྱིན་ལྟ་བུ་ལ་འདི་བདག་གོ་སྙམ་པ་དང་། དེའི་མིག་ལ་སོགས་པ་ལ་བདག་གིའོ་སྙམ་དུ་འཛིན་པ་ནི་མ་ཡིན་གྱིས། སྔར་རང་ལ་གཅེས་པར་འཛིན་པ་དང་། གཞན་ཡལ་བར་འདོར་བའི་བློ་ཡོད་པ་དེ་གཉིས་གོ་བརྗེས་ནས་གཞན་གཅེས་པར་འཛིན་ཅིང་རང་ཡལ་བར་འདོར་བའི་བློ་སྐྱེད་པའོ། །བདག་བདེ་གཞན་གྱི་སྡུག་བསྔལ་བརྗེ་བའི་དོན་ཡང་། གཞན་གཅེས་པར་བཟུངས་ནས་གཞན་གྱི་བདེ་བ་བསྒྲུབ་ཅིང་སྡུག་བསྔལ་སེལ་བ་དང་། རང་ཡལ་བར་དོར་ནས་རང་གི་སྡུག་བསྔལ་མི་སེལ་ཞིང་བདེ་བ་མི་སྒྲུབ་པའི་དོན་ནོ། ། གསུམ་པ་ལ། ལེ་ལན་ཐམས་ཅད་གཅིག་ལ་བདའ། །ནས། རང་གཅེས་པར་འཛིན་པ་སྤོང་བ་དང་། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམས་ནས། གཞན་གཅེས་པར་འཛིན་པའི་བློ་བསྐྱེད་པ་དང་། དེ་ལ་བརྟེན་ནས་བདག་གཞན་བརྗེ་བ་བསྒོམ་ཚུལ་དངོས་སོ། །དང་པོ་ལ་རྩ་ཚིག་ཏུ། ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཞེས་གསུངས་པས་རང་ལ་མི་དང་མི་མ་ཡིན་གྱི་གནོད་འཚེ་དང་། འཇིགས་པ་ན་ཚ་ལ་སོགས་པའི་སྡུག་བསྔལ་ཅི་བྱུང་ཡང་གཞན་ལ་ལེ་ལན་མི་འདོད་པར། རང་གཅེས་འཛིན་ཁོ་ན་ལ་ལེ་ལན་བདའ་བར་བྱ་སྟེ། ཐོག་མ་མེད་པ་ནས་རང་གཅེས་པར་བཟུངས་བ་ལ་བརྟེན་ནས་བདག་གི་བདེ་བ་ལ་ཆགས་པ་དང་། དེ་ལ་བརྟེན་ནས་བདག་གི་བདེ་བ་སྒྲུབ་ཅིང་སྡུག་བསྔལ་བསལ་བའི་ཕྱིར་དུ་སྒོ་གསུམ་གྱི་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བྱས་ནས་འདོད་པའི་དོན་མ་ཐོབ་ཅིང་མི་འདོད་པའི་


DLL1006_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཐོབ་པར་འགྱུར་བའི་ཕྱིར། དེ་སྐད་དུ་ཡང་། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་གྱུར་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་གསུངས་སོ། །ཐོག་མ་མེད་པ་ནས་རང་གཅེས་པར་འཛིན་པས་སྡུག་བསྔལ་གྱི་རྒྱུ་བྱས་པར་མ་ཟད། ད་ལྟར་ཡང་སྡུག་བསྔལ་ཐམས་ཅད་རང་གཅེས་འཛིན་གྱིས་བསྐྱེད་པ་ཡིན་ཏེ། རང་གཅེས་པར་བཟུངས་ནས་བདག་གི་བདེ་བ་བསྒྲུབ་པའི་ཕྱིར་དུ་གཡོ་སྒྱུ་ཁྲམ་གསུམ་ལ་སོགས་པའི་མི་དགེ་བ་བསགས་པ་ལ་བརྟེན་ནས་འཁོན་དང་རྩོད་པ་ཐམས་ཅད་འབྱུང་བའི་ཕྱིར། ད་དུང་རང་གཅེས་པར་འཛིན་པ་མ་སྤངས་ན་དེ་ཡིས་མི་དགེ་བ་སྣ་ཚོགས་བསགས་ནས་འཁོར་བ་མཐའ་མེད་དུ་སྡུག་བསྔལ་མྱོང་བར་འགྱུར་བས། དེས་ན་རང་གཅེས་པར་འཛིན་པ་ལ་དགྲའི་གཙོ་བོར་བལྟས་ནས་ཅི་ནས་ཀྱང་རང་གཅེས་པར་འཛིན་པ་སྤང་བར་བྱའོ། །གཞན་ཡང་ཁྱོད་རང་གཅེས་པར་བཟུངས་ནས་བདག་གི་བདེ་བ་བསྒྲུབ་པའི་ཕྱིར་དུ་བསྐལ་པ་གྲངས་མེད་འདས་པར་གྱུར་ཀྱང་ངལ་བ་ཆེན་པོ་དེ་ལྟ་བུས་ཁྱོད་ཀྱི་སྡུག་བསྔལ་འབའ་ཞིག་བསྒྲུབས་ཀྱིས་སངས་རྒྱས་མ་ཐོབ་ལ་དང་པོ་ནས་གཞན་གཅེས་པར་བཟུངས་ནས་གཞན་གྱི་དོན་བསྒྲུབས་ན་དེ་ཙམ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཡོད་པས། སྔར་རང་ལ་གཅེས་པར་བཟུངས་ནས་རང་གི་བདེ་བ་སྒྲུབ་ཅིང་སྡུག་བསྔལ་སེལ་བར་བྱས་པ་ལྟར། ད་གཞན་གཅེས་པར་བཟུངས་ནས་གཞན་གྱི་བདེ་བ་སྒྲུབ་ཅིང་སྡུག་བསྔལ་སེལ་བ་ལ་འཇུག་པར་བྱའོ། ། གཉིས་པ་ནི། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ་ཚུལ་ནི། ཐོག་མར་རང་གི་རྩ་བའི་མ་ལ་དམིགས་ནས། འདིས་ཐོག་མ་མེད་པ་ནས་མ་བྱས། ཡང་དང་ཡང་དུ་བྱས། ནམ་བྱས་རེས་


DLL1006_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕན་བཏགས་གནོད་པ་ལས་བསྐྱབས་པའི་དྲིན་ཅན་ཡིན་པས། བདག་གིས་ཀྱང་ལན་དུ་ཕན་བཏགས་གནོད་པ་ལས་བསྐྱབ་པར་བྱ། གང་གིས་ཕན་ན། བདེ་བ་དང་དགེ་བས་ཕན། དེ་ཡང་བདེ་བས་དངོས་སུ་ཕན། དགེ་བས་མཐོང་ཆོས་དང་སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་འབྲས་བུ་ཡིད་དུ་འོང་བ་འབྱིན་པས་བརྒྱུད་ནས་ཕན་ནོ། །གང་གིས་གནོད་ན་སྡིག་པ་དང་སྡུག་བསྔལ་གྱིས་གནོད། དེ་ཡང་སྡུག་བསྔལ་གྱིས་དངོས་སུ་གནོད་ཅིང་། སྡིག་པས་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པས་བརྒྱུད་ནས་གནོད་དོ། །དེ་ལྟར་བསྒོམས་ནས་དེ་ནས་རང་གི་ཕ་ལ་སོགས་པའི་མཛད་བཤེས་དང་། དེ་བས་བར་མ་དང་། དེ་ནས་དགྲ་བོ་དང་། དེ་ནས་རིམ་གྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བཀའ་དྲིན་ཆེ་བར་བསྒོམ་མོ། །རང་གཅེས་འཛིན་སྤངས་གཞན་གཅེས་འཛིན་བསྐྱེད་ནས་གཏོང་ལེན་སྤེལ་མར་བསྒོམ་པ་ལ་ཐོག་མར་ལེན་པ་ནི། གཞི་གང་ལ་ལེན་པ་སྣོད་བཅུད་ལ་ལེན། གང་ལེན་ན་དེ་དག་གི་སྐྱོན་ལེན། ཇི་ལྟར་ལེན་ན་སྣོད་ཀྱི་རྡོ་བ་དང་ཚེར་མ་དང་། གསེག་མ་དང་། གྱོ་མོ་དང་། གཅོང་རོང་དང་། ངན་གྲོག་དང་། དགུན་དུས་སུ་ཧ་ཅང་གྲང་དྲགས་པ་དང་། དབྱར་ཧ་ཅང་ཚ་དྲགས་པ་དང་། ཆར་དུས་སུ་མི་འབབ་པ་ལ་སོགས་པའི་སྐྱོན་རྣམས་སྐྱི་གྲིས་བཞར་བ་བཞིན་དུ་སྣོད་ཀྱི་སྟེང་དུ་ཡེ་མ་ལས་པར་རང་གི་སྙིང་ཁར་ནག་ཕུང་བྱུང་ནས། གཞོབ་རྡོག་པས་མནན་པ་ལྟར་དུ་རང་གཅེས་འཛིན་གྱི་འགོང་པོ་ཕུང་བར་འགྱུར་བའི་དམིགས་པ་བྱེད། དེ་ནས་བཅུད། དམྱལ་བའི་ཚ་གྲང་གི་སྡུག་བསྔལ་དང་། དེའི་ཚེ་ཐོག་མེད་ནས་བསགས་པའི་སྡིག་པ་དང་། དུད་འགྲོའི་གཅིག་ལ་གཅིག་ཟ་དང་།


DLL1006_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྭགས་ཀྱི་བཀྲེས་སྐོམ་དང་། མིའི་སྐྱེ་རྒ་ན་འཆི་ལ་སོགས་པ་དང་། ལྷ་མ་ཡིན་གྱི་འཐབ་རྩོད་དང་། འདོད་ལྷའི་འཆི་ལྟས་དང་ཉེ་བའི་འཆི་ལྟས་ཀྱི་སྡུག་བསྔལ་དང་། ཁམས་གོང་མའི་ལྷའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་། ཉོན་སྒྲིབ་དང་། ཉན་རང་གི་ཤེས་སྒྲིབ་དང་། ས་བཅུ་པའི་བྱང་སེམས་ཀྱི་གནས་ངན་ལེན་གྱི་སྒྲིབ་པ་ལེན། ཡང་དག་པར་རྫོགས་པའི་སངས་རྒྱས་དང་རྩ་བའི་བླ་མ་མི་ལ་ལེན་ཏེ། དང་པོ་ལ་ནི། སྐྱོན་ལེན་རྒྱུ་གཏན་ནས་ནས་མེད་ལ། རྩ་བའི་བླ་མ་སངས་རྒྱས་སུ་བསྒོམ་ལ། དེ་ལྟར་སྒོམ་པ་དང་སྐྱོན་ལེན་པ་འགལ་བའི་ཕྱིར་རོ། ། འོ་ན་བླ་མ་ལ་ཡང་ཚེམས་བུད་པ་དང་གཉེར་མ་བྱང་བ་དང་། སྐྲ་དཀར་དང་། གཟུགས་སྒུར་བ་དང་། བསྙུང་བ་ལ་སོགས་པའི་སྐྱོན་འདུག་པ་སྙམ་ན། རང་གི་ཡིད་མ་དག་པ་ལ་སྣང་བ་ཙམ་ཡིན་གྱི། དོན་གྱི་སྟེངས་ནས་བླ་མ་ལ་དེ་ལྟ་བུའི་སྐྱོན་གང་ལ་ཡོད་སྙམ་དུ་བསྒོམ་མོ། །དེ་ཡང་རེས་འགའ་ཚ་དམྱལ་བ་ལ་བཀར་ནས་ལེན། དེའི་ནང་ནས་ཀྱང་ཡང་སོས་པ་ལ་བཀར་ནས་ལེན་པ་སོགས་བྱེད། རེས་འགའ་སེམས་ཅན་གྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ལེན་པ་སོགས་སྤྱི་ཙམ་ནས་བྱེད། ཡང་རེས་འདོད་ཆགས་ཅན་གྱི་སེམས་ཅན་རྣམས་ཀྱི་འདོད་ཆགས་ལེན། རེས་འགའ་ཞེ་སྡང་། གཏི་མུག །ཁོང་ཁྲོ། ང་རྒྱལ། ཐེ་ཚོམ། ཕྲག་དོག་སེར་སྣ་སོགས་ལེན། ལེན་ཚུལ་སྔར་དང་འདྲ། གཏོང་བ་ལ་གཞི་གང་ལ་གཏོང་ན། སྣོད་བཅུད་ལ། གང་གཏོང་ན། རང་གི་བདེ་བ། ལུས་ལོངས་སྤྱོད། དུས་གསུམ་གྱི་དགེ་བའི་རྩ་ཐམས་ཅད་དང་། སངས་རྒྱས་དང་བྱང་སེམས་ཀྱི་བདེ་དགེ་ཐམས་ཅད་བཏང་བས་ཆོག་སྟེ། དེ་སེམས་ཅན་ལ་བསྔོས་པ་ཡིན་པའི་ཕྱིར། དེ་ཡང་ལུས་དང་ལོངས་


DLL1006_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ད་ལྟར་བ་གཏོང་བ་ཡིན་གྱིས། འདས་པའི་ལུང་དང་ལོངས་སྤྱོད་དང་། ཚེ་ཕྱི་མའི་ལུས་ལོངས་སྤྱོད་གཏོང་བ་མ་ཡིན་ཏེ། འདས་པ་འགགས། མ་འོངས་པ་མ་སྐྱེས་པའི་ཕྱིར། འོ་ན་འདས་མ་འོངས་ཀྱི་དགེ་རྩ་ཡང་གཏང་དུ་མི་རུང་བར་ཐལ། འདས་པ་འགགས། མ་འོངས་པ་མ་སྐྱེས་པའི་ཕྱིར། ཞེས་ན་སྐྱོན་མེད་དེ། འདས་མ་འོངས་ཀྱི་དགེ་རྩ་རང་གི་ངོ་བོ་འདས་མ་འོངས་པ་ད་ལྟ་མ་སྐྱེས་ཀྱང་། སེམས་རྒྱུད་ཀྱི་སྟེང་དུ་འབྲས་བུ་ཡིད་འོང་འབྱིན་ནུས་དང་། འབྱིན་རུང་གི་ཚུལ་དུ་ཡོད་པ་དེ་གཏོང་བ་ཡིན་པའི་ཕྱིར། ལུས་ལོངས་སྤྱོད་ཀྱིས་འབྲས་བུ་ཡིད་འོང་འབྱིན་ནུས་དང་འབྱིན་རུང་མ་ཡིན་ཏེ། ལུང་མ་བསྟན་ཡིན་པའི་ཕྱིར། གཏོང་ཚུལ་ལ། སྣོད་ལ་དེ་དག་བཏང་བས་སྣོད་ཀྱི་སྐྱོན་ཐམས་ཅད་དང་བྲལ་ནས། བཻཌཱུརྱའི་ས་གཞི་ལ་གསེར་གྱི་མིག་མང་རིས་སུ་བྲིས་པ་སོགས་དག་པའི་ཞིང་ཁམས་སུ་གྱུར་པའི་དམིགས་པ་བྱེད། བཅུད་ལ་ཡང་ཐོག་མར་རྩ་བའི་མ་ལ་གཏོང་། དེ་ནས་ཕ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་རིམ་གྱིས་གཏོང་། དེ་ཡང་རེས་འགའ་ཚ་དམྱལ་གྱི་སེམས་ཅན་རྣམས་ལ་གཏོང་བ་སོགས་བྱེད། ཉན་རང་དགྲ་བཅོམ་དང་། ས་བཅུ་པའི་བྱང་སེམས་ལ་ཡང་བཏང་བས། དེ་དག་ཤེས་སྒྲིབ་སྤངས་པའི་བདེ་བ་དང་ལྡན་ནས་སངས་རྒྱས་པའི་དམིགས་པ་བྱེད། སངས་རྒྱས་དང་རང་གི་རྩ་བའི་བླ་མ་ལ་ཡང་བཏང་བས་ཐུགས་ཀྱི་དགོངས་པ་རྫོགས་པར་གྱུར། ཐུགས་ཀྱི་དགོངས་པ་ཡང་སེམས་ཅན་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་པ་དང་། སྡུག་བསྔལ་ཐམས་ཅད་དང་བྲལ་བ་དེ་ཡིན་པས་དེ་ལྟར་གྱུར་པའི་དམིགས་པ་བྱེད་དོ། །རྩ་ཚིག་ཏུ། གཏོང་ལེན་གཉིས་པོ་སྤེལ་མར་བསྒོམ། །རྩ་ཚིག་ཁ་ཅིག་ཏུ། དངོས་གཞི་གཏོང་ལེན་སྤེལ་མར་བསྒོམ། །ལེན་པའི་གོ་རིམ་རང་ནས


DLL1006_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ། །ཞེས་འབྱུང་བས། དེ་ལྟ་རང་ལ་ན་ཚ་ལ་སོགས་པའི་སྡུག་བསྔལ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྒྱུད་ཐོག་ཏུ་བྱུང་བའི་ཚེ། ཚེ་ཕྱི་མ་ཕན་ཆད་དུ་འབྱུང་རྒྱུ་རྣམས་ཡེ་མ་ལས་པ་ད་ལྟའི་རྒྱུད་ཐོག་ཏུ་སྨིན་པའི་དམིགས་པ་བྱས་ནས་དགའ་བ་བསྒོམ། དེ་བྱང་ནས་རང་གི་རྩ་བའི་མ་མདུན་དུ་གསལ་བར་དམིགས་ནས། འདིས་ཐོག་མ་མེད་པ་ནས་མ་བྱས། ཡང་དང་ཡང་དུ་བྱས། ནམ་བྱས་རེས་ཀྱི་ཕན་བཏགས། གནོད་པ་ལས་བསྐྱབས་པའི་དྲིན་ཅན་ཡིན། དེར་མ་ཟད་ད་ལྟར་གྱི་གནས་སྐབས་སུ་མངལ་དུ་ཡུན་རིང་དུ་བཟུངས་ནས་བརྩེེ་བས་བསྐྱངས། བཙས་པའི་ཚེ་སྔར་ལྟར་བརྩེ་བས་བསྐྱངས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་སུ་གྱུར་པའི་དམ་པའི་ཆོས་ཉན་པས་ཆོག་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་ཡང་མའི་དྲིན་ཡིན། དེར་མ་ཟད་མ་འོངས་པར་ཡང་འདིས་བདག་གི་མ་བྱས་ནས་བརྩེ་བས་སྐྱོང་བས་དྲིན་ཤིན་ཏུ་ཆེ། དེའི་ལན་དུ་བདག་གིས་ཀྱང་ཕན་གདགས་པ་དང་། གནོད་པ་ལས་བསྐྱབ་པར་བྱ། གང་གིས་གནོད་ན་སྡིག་པ་དང་སྡུག་བསྔལ་གྱིས་གནོད། དེ་ཡང་སྡུག་བསྔལ་གྱིས་དངོས་སུ་གནོད་ཅིང་སྡིག་པས་བརྒྱུད་ནས་གནོད་པས་འདིའི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བསལ་བར་བྱའོ། ། གང་གིས་ཕན་ན་བདེ་བ་དང་དགེ་བས་ཕན། དེ་ཡང་བདེ་བས་དངོས་སུ་ཕན་ཅིང་། དགེ་བས་བརྒྱུད་ནས་ཕན་པས། འདི་དགེ་བ་དང་བདེ་བ་ཐམས་ཅད་དང་ལྡན་པར་བྱ་སྙམ་པའི་བློ་ཤུགས་དྲག་བསྐྱེད་ནས། མའི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་སྐྱི་གྲིས་བཞར་བ་བཞིན་དུ་རྒྱུད་ཐོག་ཏུ་ཡེ་མ་ལས་པར་རང་གི་སྙིང་ཁར་ནག་ཕུང་བྱུང་བས། མ་སྡུག་བསྔལ་ཐམས་ཅད་དང་བྲལ། རང་


DLL1006_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས་འཛིན་བཅོམ། དེ་ནས་རང་གི་བདེ་བ་དང་དགེ་བ་ཐམས་ཅད་རང་གི་རྒྱུད་ལ་མ་ལུས་པར་མའི་རྒྱུད་ཐོག་ཏུ་སིམ་པ། མ་བདེ་བ་ཐམས་ཅད་དང་ལྡན་ནས་སངས་རྒྱས་པར་གྱུར་པའི་དམིགས་པ་བྱེད། དེ་ཡང་ཐོག་མར་དམིགས་སྐོར་ལྔ་དྲུག་ཙམ་བྱས་ཀྱིན་སྦྱོང་། དེ་བྱང་ནས་རང་གི་ཕ་ལ་སོགས་པའི་མཛའ་བཤེས་མདུན་དུ་གསལ་བར་དམིགས་ཏེ། འདིས་ཐོག་མ་མེད་པ་ནས་མ་བྱས་སྙམ་པ་སོགས་ཀྱི་བློ་བསྐྱེད་ནས་སྔར་ལྟར་སྦྱོང་ངོ་། །རྩ་ཚིག་ཏུ། འབྱོངས་ནས་རླུང་ལ་བསྐྱོན་པར་བྱ། །ཞེས་གསུངས་པས། དེ་ལྟར་འབྱོངས་ནས་རླུང་ལ་བསྐྱོན་ནས་བསྒོམ་པར་བྱ་སྟེ། དེ་ཡང་རླུང་སྣ་བུག་ནང་དུ་འཇུག་པའི་ཚེ་མའི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་རླུང་ལ་ཞོན་ནས་རང་གི་སྙིང་སྟེང་དུ་ནག་ཕུང་བྱུང་ནས། མ་སྡུག་བསྔལ་ཐམས་ཅད་དང་བྲལ། རང་གཅེས་འཛིན་གཞོབ་རྡོག་པས་མནན་པ་བཞིན་དུ་བཅོམ། རླུང་ནང་དུ་འཇུག་པའི་ཡུན་ཙམ་སྙིང་ཁར་གནས་སུ་བཅུག །དེ་ནས་རླུང་ཕྱིར་ལ་འགྲོ་བའི་ཚེ་རང་གི་བདེ་དགེ་ཐམས་ཅད་ཡེ་མ་ལས་པར་མའི་རྒྱུ་ཐོག་ཏུ་སིམ་པས། མ་བདེ་བ་ཐམས་ཅད་དང་ལྡན་ནས་སངས་རྒྱས་པའི་དམིགས་པ་བྱེད། སྔར་ལྟར་དམིགས་སྐོར་ཉུངས་སེ་ཉུངས་སེ་བྱས་ནས་ལེགས་པར་སྦྱོར། རེས་འགའ་འབྱོངས་པ་ན་སྙིང་ཁར་རླུང་གནས་པ་ཡུན་རིང་དུ་གཏོང་། དེ་ལྟར་བྱས་པས་ཏིང་ངེ་འཛིན་སྐྱེ་སླ་བའི་ཡོན་ཏན་ཡོད། རླུང་ལ་བསྐྱོན་པ་མ་གཏོགས་སྔ་མ་དང་ཁྱད་མེད། ཁྱད་པར་དུ་རང་གི་གནོད་བྱེད་ལྟ་བུ་ལ་དམིགས་ནས་སྒོམ་ན། དེ་རང་གི་མདུན་དུ་གསལ་བར་དམིགས་ནས། འདིས་ཐོག་མ་མེད་པ་ནས་བདག་གི་མ་བྱས་པ་སོགས་ཀྱི་བློ་བསྐྱེད་ནས་སྔར་ལྟར་དེའི་སྡིག་སྡུག་བསམ་ངན་སྦྱོར་རྩུབ་ཐམས་ཅད་དེའི་རྒྱུད་ཐོག་ཏུ་ཡེ་མ་ལས་


DLL1006_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམིགས་པ་བསྒོམ། ཐུན་འཇོག་པའི་ཚེ་ཅི་ཡང་མི་དམིགས་པའི་ངང་ལ་འཇོག །སྟོང་ཉིད་ཀྱི་ལྟ་བ་རྒྱུད་ལ་ཡོད་ན་ནི། རང་བཞིན་གྱིས་གྲུབ་པས་སྟོང་པའི་ངང་ལ་འཇོག ། དེ་ཡང་རང་གི་ལུས་ལོངས་སྤྱོད་གཏོང་བ་ཡང་། ལུས་ཤ་ཁྲག་མི་འདོད་པ་རྣམས་ལ་ལུས་གང་ལ་གང་འདོད་ཀྱི་ཡིད་བཞིན་གྱི་ནོར་བུར་སོང་བའི་དམིགས་པ་བྱས་ནས་གཏོང་། ཤ་ཁྲག་འདོན་པ་རྣམས་ལ་ནི། ཤ་ཁྲག་བཏང་བས་ཀྱང་ཆོག །རླུང་ལ་བསྐྱོན་ནས་བསྒོམས་པས་རྣམ་རྟོག་བཅད་ནས་ཏིང་ངེ་འཛིན་གྲུབ་པའི་དགོས་པ་ཡོད། རླུང་ལ་བསྐྱོན་ནས་ཐོག་མར་ལེན་པ་དང་། དེ་ནས་གཏོང་བ་བསྒོམས་པ་ལ་དགོས་པ་ཡོད་དེ། སྐྱེ་བའི་ཚེ་རླུང་ནང་དུ་འཇུག་པ་དང་། འཆི་བའི་ཚེ་རླུང་ཕྱིར་ལ་འགྲོ་བས་སྐྱེ་འཆི་ལ་བློ་དྲིས་པ་དང་། འདུས་བྱས་མི་རྟག་པར་རྟོགས་པའི་ཆེད་ཡོད་པའི་ཕྱིར། སེམས་ཅན་གྱི་སྡུག་བསྔལ་རང་ལ་ལེན་པ་དང་། རང་གི་བདེ་བ་སེམས་ཅན་ལ་གཏོང་བའི་དམིགས་པ་བསྒོམས་པ་ལ་དགོས་པ་མེད་དེ། དེེ་ལྟར་བསྒོམས་པས་སེམས་ཅན་གྱི་སྡུག་བསྔལ་རང་གི་རྒྱུད་ཐོག་ཏུ་འབྱུང་བ་དང་། རང་གི་བདེ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཐོག་ཏུ་གཏོང་མི་ནུས་པའི་ཕྱིར་ཞེ་ན། རྩ་ཚིག་ཏུ། རྩིགས་སུ་མ་ཆེ་རྣམ་རྟོག་སྤོངས། །རབས་བདུན་ལ་སོགས་དཔེ་ལྟ་མང་། །མཛའ་བོའི་བུ་མོའི་གཏམ་རྒྱུད་སོགས། །མན་ངག་འདི་ཡི་གླེང་གཞི་ཡིན། །ཞེས་གསུངས་པས་སྐྱོན་མེད་དེ། དོན་ལ་གཏོང་ལེན་དེ་ལྟ་བུ་བྱེད་མི་ནུས་ཀྱང་། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ཕན་ཡོན་ཆེན་པོ་ཡོད་པའི་ཕྱིར། དཔེར་ན། བདག་ཅག་གི་སྟོན་པ་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་བདག་གཞན་བརྗེ་བའི་བློ་སྦྱངས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་པ་དང་། ཁྱད་པར་དུ་བདག་


DLL1006_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་གི་སྟོན་པ་དེད་དཔོན་མཛའ་བོའི་བུ་མོར་འཁྲུངས་པའི་ཚེ། བདག་གཞན་བརྗེ་བའི་བློ་ཐུགས་རྒྱུད་ལ་འཁྲུངས་པའི་གཏམ་རྒྱུད་བཞིན་ནོ། ། རྩ་ཚིག་ཏུ། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །རྗེས་ཀྱི་མན་ངག་མདོར་བསྡུས་པ། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱངས། །ཞེས་གསུངས་པས། མཉམ་བཞག་ཏུ་བདག་གཞན་བརྗེ་བ་བསྒོམས་པའི་རྗེས་ཐོབ་ཏུ། རང་ཉིད་ལ་ཡུལ་ཡིད་དུ་འོང་བ་ལ་དམིགས་ནས་འདོད་ཆགས་སྐྱེས་བྱུང་ན་འཇིག་རྟེན་གྱི་ཁམས་ན་ཡུལ་ཡིད་དུ་འོང་བ་ལ་དམིགས་འདོད་ཆགས་སྐྱེས་པ་མང་པོ་ཡོད་པས། དེ་ཐམས་ཅད་ཀྱི་འདོད་ཆགས་བདག་ལ་སྨིན་པར་གྱུར་ཅིག་སྙམ་དུ། དེའི་འདོད་ཆགས་རྣམས་ཡེ་མ་ལས་པར་རང་གི་སྙིང་སྟེང་དུ་བྱུང་ནས། རང་གཅེས་འཛིན་བཅོམ། དེ་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པའི་དམིགས་པ་བྱེད། དེས་གཞན་གཉིས་ལ་ཡང་འགྲེ་སྟེ། བླ་མའི་རྣལ་འབྱོར་ནས་འདིའི་བར་གྱིས་རྗེས་ཀྱི་སྤྱོད་ལམ་ཀུན་ཏུ། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །ཞེས་སོགས་དང་། བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་དང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཅེས་སོགས་ཚིག་གིས་སྦྱང་ངོ་། །དེ་ལྟར་སྦྱངས་པས་གཞན་ཁ་ཟེར་བའི་དགག་བྱ་འདུག་ན། འོག་ནས། འདུན་པ་བསྒྱུར་ལ་རང་སོར་བཞག །ཅེས་འབྱུང་བ་ལྟར་དུ་ཡིད་ལ་སྦྱངས་ནས་ལུས་ངག་གིས་སྤྱོད་པ་རང་སོར་བཞག་གོ །བདག་གཞན་བརྗེ་བའི་རིམ་པ་བསྒོམ་པ་འདི་ལ་རྒྱུ་འབྲས་བདུན་མ་ནས་བཤད་པའི། མར་ཤེས་ལྷག་བསམ་གྱི་བར་ཚང་ལ་ལྷག་དང་བཅས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་དམིགས་ནས་འདིས་བདག་གི་མ་བྱས་སྙམ་པས་མར་ཤེས་ཚང་། ནམ་བྱས་


DLL1006_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རེས་ཀྱིས་ཕན་བཏགས་གནོད་པ་ལས་བསྐྱངས་སྙམ་པས་དྲིན་དྲན་པ་ཚང་། ལན་དུ་བདག་གིས་ཀྱང་ཕན་པ་སྒྲུབ། གནོད་པ་ལས་སྐྱོབ་སྙམ་པས་དྲིན་དུ་གཟོ་བ་ཚང་། འདི་ལ་གང་གིས་ཕན་ན་བདེ་བ་དང་དགེ་བས་ཕན་པས། འདི་བདེ་བ་ཐམས་ཅད་དང་ལྡན་པར་བྱའོ་སྙམ་པས་བྱམས་པ་ཚང་། འདི་ལ་གང་གིས་གནད་ན་སྡིག་པ་དང་སྡུག་བསྔལ་གྱིས་གནོད་པས། འདིའི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བསལ་བར་བྱའོ་སྙམ་པས་སྙིང་རྗེ་ཚང་། བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་བྲལ་བ་དེ་བདག་གིས་བྱའོ་སྙམ་པས་ལྷག་བསམ་ཚང་བས་ཁྱད་པར་འཕགས་སོ། ། རྩ་ཚིག་ཏུ། སངས་རྒྱས་སྒྲུབ་སྙམ་སྨོན་པའི་སེམས། །ལེགས་པར་གོམས་པ་མཐར་ཕྱིན་བྱ། །ཞེས་གསུངས་པས། བདག་གཞན་བརྗེ་བའི་རིམ་པ་ལ་བློ་སྦྱངས་པས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་བྲལ་བར་བྱ་འདོད་སྐྱེས་པའི་ཚེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་ནུས་སམ་མི་ནུས་དཔྱད་པ་ན། བདག་གི་ད་ལྟའི་ལུས་འདིས་སེམས་ཅན་གཅིག་གི་དོན་ཡང་བྱེད་མི་ནུས་ན། སེམས་ཅན་ཐམས་ཅད་ཀྱི་དོན་ལྟ་སྨོས་ཀྱང་ཅི་དགོས། དེར་མ་ཟད་རང་གི་དོན་ཡང་ཇི་ལྟ་བ་བཞིན་དུ་མི་ནུས་ན་གཞན་གྱི་དོན་ལྟ་ཅི་སྨོས། དེར་མ་ཟད་ཉན་རང་དགྲ་བཅོམ་པའི་གོ་འཕང་ཐོབ་ཀྱང་སེམས་ཅན་ཉུང་ཤས་ཤིག་ཐར་པའི་བདེ་བ་ལ་འགོད་ནུས་ཀྱང་། སྤང་རྟོགས་ཀྱི་ཡོན་ཏན་ཕྱོགས་རེ་བ་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་བྱེད་མི་ནུས་ལ གང་གིས་བྱེད་ནུས་སྙམ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་དེ་བྱེད་ནུས་ཏེ། དཔེར་ན་འོད་ཟེར་སྣ་རེ་ཙམ་བཀྱེ་བ་དང་། རྫུ་འཕྲུལ་སྣ་རེ་ཙམ་བསྟན་པ་དང་། ཆོས་


DLL1006_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་རེ་ཙམ་གསུངས་པས་ཀྱང་སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་པས། དེས་ན་སངས་རྒྱས་མ་ཐོབ་པར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་མི་ནུས། ཐོབ་ནས་ནུས་པས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བྱ། དེ་ནས་འཇུག་པའི་བསླབ་བྱ་རྣམས་སྲོག་བསྡོས་བྱས་ནས་སློབ་ནུས་ན་འཇུག་པའི་སྡོམ་པ་བཟུངས་ནས། འཇུག་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་དེ་སྐྱེས་པའི་ཚད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་བློ་རང་གི་ངང་གིས་འབྱུང་བ་ནི། སྐྱེས་པའི་ཚད་དོ། ། བཞི་པ་སེམས་བསྐྱེད་ཆོ་གས་གཟུང་བའི་ཚུལ། སེམས་བསྐྱེད་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་སྲུང་བའི་ཐབས། ཉམས་ན་ཕྱིར་བཅོས་པའི་ཐབས་དང་གསུམ་ལས། དང་པོ་ལ། གང་ལ་བླང་བའི་ཡུལ། གང་གིས་ལེན་པའི་རྟེན། ཇི་ལྟར་ལེན་པའི་ཆོ་ག་དང་གསུམ། དང་པོ་ནི། དགྲ་ལས་རྣམ་རྒྱལ་གྱིས། དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་ཐད་དུ་སོང་ནས་ཞེས་གསུངས་པས། དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་དྲུང་དུ་ལེན། གཉིས་པ་ནི། བསམ་པ་དང་ལུས་ཀྱི་སྒོ་ནས་སྨོན་སེམས་བསྐྱེད་རུང་བའི་ལྷ་ལ་སོགས་པ་ཡང་སེམས་བསྐྱེད་སྐྱེ་བའི་རྟེན་དུ་རུང་མོད། འདིར་ནི་ལམ་གྱི་རིམ་པ་ལ་བློ་སྦྱངས་པའི་སྒོ་ནས་སེམས་བསྐྱེད་ལ་མྱོང་བ་ཅུང་ཟད་ཐོན་པའི་གང་ཟག་ཅིག་གིས་ལེན་ནོ། །གསུམ་


DLL1006_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སྦྱོར་བའི་ཆོ་ག །དངོས་གཞིིའི་ཆོ་ག། །མཇུག་གི་ཆོ་གའོ། །དང་པོ་ལ་སྐྱབས་འགྲོ་ཁྱད་པར་བ་བྱ་བ་དང་། ཚོགས་གསོག་པ། བསམ་པ་སྦྱང་བའོ། །དང་པོ་ལ། གནས་བརྒྱན་ཅིང་རྟེན་དགྲམ་སྟེ་མཆོད་པ་བཤམ་པ། གསོལ་བ་བཏབ་ནས་སྐྱབས་སུ་འགྲོ་བ། སྐྱབས་འགྲོའི་བསླབ་བྱ་བརྗོད་པའོ། ། དང་པོ་ནི། གནང་ཁང་སྐྱང་ནུལ་དང་། བ་བྱུང་ལྔས་བྱུགས། དྲི་བཟང་པོས་བྱུགས་པ་དང་མེ་ཏོག་སིལ་མ་བཀྲམ་པ་བྱས། སངས་རྒྱས་ཀྱི་སྐུ་གཟུགས་དང་། ཆོས་སྡུད་པ་ལྟ་བུའི་གླེགས་བམ་དང་། བྱང་སེམས་འཕགས་པའི་སྐུ་གཟུགས་མཚན་ཉིད་པའི་རྟེན་ཁྲི་དང་ཁྲིའུ་ལ་སོགས་པའི་སྟེང་དུ་བཞུགས་སུ་གསོལ་ཏེ། དགེ་བའི་བཤེས་གཉེན་གྱི་གདན་ཡང་བཤམ། མེ་ཏོག་དང་བདུག་སྤོས་ལ་སོགས་པའི་མཆོད་པ་དང་། མཎྜལ་ཕུལ་ལ། གཉིས་པ་ནི། བླ་མ་ལ་སངས་རྒྱས་སུ་མོས་པ་བྱས། པུས་མོ་བཙུགས། ཐལ་མོ་སྦྱས་ནས་གསོལ་བ་གདབ་པ་ནི། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ་ཞེས་ལན་གསུམ་རྗེས་ཟློས་བྱེད་དོ། །སྐྱབས་སུ་འགྲོ་བ་ནི། དུས་འདི་ནས་བཟུངས་ཏེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར་དུ། སངས་རྒྱས་ལ་སྐྱབས་སྟོན་པ་དང་། ཆོས་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་སྒྲུབ་པའི་གྲོགས་སུ་ཡིད་ཆེས་པར་བྱས་ཏེ། སློབ་དཔོན་དགོངས་སུ་གསོལ།


DLL1006_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུངས་ཏེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་ཀྱི་རྣམས་ཀྱི་མཆོག །ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་བྱང་ཆུབ་སེམས་དཔའ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད། སློབ་དཔོན་དགོངས་གསོལ་ནས་མཆིས་ཀྱི་བར་དུ་ཞེས་པ་ཕྱི་མ་གཉིས་ལའང་སྦྱར། གསུམ་པ་ནི། སློབ་དཔོན་གྱིས་སྔར་བཤད་པའི་སྐྱབས་འགྲོའི་བསླབ་བྱ་རྣམས་བརྗོད་པར་བྱའོ། །གཉིས་པ་ཚོགས་གསག་པ་ནི། རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་འབུལ་ལོ། །གསུམ་པ་བསམ་པ་སྦྱང་བ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་གསལ་འདེབས་པའོ། ། གཉིས་པ་དངོས་གཞིའི་ཆོ་ག་ནི། ཕྱོགས་བཅུ་རྣམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་རང་གིས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་


DLL1006_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུངས་ཏེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་བྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་བརྗོད། དེ་ཡང་སློབ་དཔོན་ལ་སེམས་བསྐྱེད་དངོས་སུ་ལེན་པའི་དབང་དུ་བྱས་ཀྱི། དགེ་བའི་བཤེས་གཉེན་དངོས་སུ་མེད་ན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ། མཆོད་པ་ཕུལ་ནས། སློབ་དཔོན་གྱི་ཞེས་པའི་ཚིག་སྤངས་ཏེ་གསོལ་བ་བཏབ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པར་བྱ། གསུམ་པ་མཇུག་གི་ཆོ་ག་ནི། སློབ་དཔོན་འོག་ནས་འབྱུང་བའི་སྨོན་སེམས་ཀྱི་བསླབ་པ་རྣམས་རྗོད་པར་བྱེད་པ་ཡིན་ནོ། །དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་བློ་འདི་ཆོ་གས་མི་ལེན་ན། སྨོན་སེམས་ཀྱི་བསླབ་བྱ་ལ་སློབ་ནུས་མི་ནུས་འདྲ་ལ། དེ་ལྟ་བུའི་བློ་དུས་ད་ནས་བཟུངས་ཏེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་མི་ཉམས་པར་བྱའོ་སྙམ་དུ་ཆོ་གས་བླངས་ནས་སྨོན་སེམས་ཀྱི་བསླབ་བྱ་ལ་ངེས་པར་བསླབ་དགོས་སོ། །


DLL1006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐོབ་པ་མི་ཉམས་པར་སྲུང་བའི་ཐབས་ལ། ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་ལ་བསླབ་པ་དང་། ཕྱི་མར་སེམས་བསྐྱེད་དང་མི་འབྲལ་བའི་རྒྱུ་ལ་བསླབ་པའོ། །དང་པོ་ལ། སེམས་བསྐྱེད་ལ་སྤྲོ་བ་འཕེལ་བའི་ཕྱིར་དུ་ཕན་ཡོན་དྲན་པ་དང་། སེམས་བསྐྱེད་དངོས་ལ་སྤྲོ་བ་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་གཟུང་བ་དང་། གང་གི་དོན་དུ་སེམས་ཅན་བློས་མི་སྤོང་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པའོ། །དང་པོ་ནི། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལ་ཕན་ཡོན་དུ་མ་ཡོད་དེ། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར། བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ནས་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡོན་གནས་སུ་འགྱུར་བ་དང་། ཉན་རང་རྣམས་རིགས་ཀྱི་སྟོབས་ཀྱི་ཟིལ་གྱིས་གནོན་པ་དང་། ངན་འགྲོའི་རྒྱུ་གསར་དུ་མི་གསོག་ཅིང་སྔར་བསགས་པ་རྣམས་ཟད་པར་འགྱུར་བ་དང་། བདེ་འགྲོའི་རྒྱུ་གསར་དུ་གསོག་ཅིང་སྔར་བསགས་པ་རྣམས་གོང་ནས་གོང་དུ་འཕེལ་བར་འགྱུར་བ་དང་། བྱང་ཆུབ་ཀྱི་སེམས་སྐྱེས་པ་དེའི་བསོད་ནམས་ལ་གལ་ཏེ་གཟུགས་ཤིག་ཡོད་ན་ནམ་མཁའི་ཁམས་སུ་ཡང་མི་ཤོང་བ་དང་། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་ཏེ་སངས་རྒྱས་ལ་ཕུལ་བ་ལས་ཀྱང་བསོད་ནམས་ཆེ་བ་དང་། མཐར་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བའི་ཕན་ཡོན་ཡོད་དེ། དཔལ་བྱིན་གྱིས་ཞུས་པའི་མདོ་


DLL1006_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀངས་ཏེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་སོ། ། གཉིས་པ་ལ་སེམས་བསྐྱེད་མི་གཏོང་བའི་ཐབས་ལ་བསླབ་པ་དང་། སེམས་བསྐྱེད་འཕེལ་བའི་ཐབས་ལ་བསླབ་པ་གཉིས། དང་པོ་ནི། སངས་རྒྱས་དང་བྱང་སེམས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་སྨོན་སེམས་བླངས་ནས། དེའི་རྗེས་སུ་སེམས་ཅན་གྲངས་མང་ཞིང་བྱེད་པ་ངན་པ་དང་། སྤྱོད་པ་མཐའ་ཡས་ཤིང་བྱ་དཀའ་བ་ཡུན་རིང་དུ་བསྒྲུབ་དགོས་པར་མཐོང་བས། སེམས་ཞུམས་ནས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་གང་ལ་ནུས་སྙམ་ནས་སེམས་བསྐྱེད་གཏང་བར་མི་བྱ་སྟེ། དེ་ལྟར་བྱས་ན་དགེ་སློང་ལ་རྩ་ལྟུང་བྱུང་བ་ལས་ཀྱང་ལྟུང་བ་ལྕི་བ་དང་། ངན་སོང་དུ་སྐྱེ་བར་འགྱུར་བའི་ཕྱིར་ཏེ། དེ་སྐད་དུ་ཡང་། སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་དང་། དངོས་པོ་ཕལ་པ་ཅུང་ཟད་ལའང་། །ཡིད་ཀྱིས་སྦྱིན་པར་བསམས་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པ། །དེ་ཡང་ཡི་དྭགས་རྒྱུར་གསུངས་ན། །བླ་ན་མེད་པའི་བདེ་བ་ལ། །བསམ་པ་དག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ནས། །བདེ་འགྲོར་ཅི་དགར་འགྲོ་འགྱུར་རམ། །ཞེས་གསུངས་སོ། །དེས་ན་བདག་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཡ་མཚན་ཆེ་སྙམ་དུ་བསམས་ནས། སེམས་བསྐྱེད་གཏང་བར་མི་བྱ་སྟེ། །ལོང་པས་ཕྱག་དར་ཕུང་པོ་ལས། །ཞེས་སོགས་གསུངས་སོ། །གཉིས་པ་ནི། སེམས་བསྐྱེད་མི་གཏོང་བས་མི་ཆོག་གིས། སེམས་བསྐྱེད་འཕེལ་བར་བྱ་བའི་ཕྱིར་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བླང་བར་བྱ། ལེན་པའི་ཚུལ་ནི། སྔར་བཤད་པའི་ཆོ་ག་རྒྱས་པར་མ་གྲུབ་ནའང་། ཕྱོགས་བཅུ་


DLL1006_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཞུགས་པའི་སངས་རྒྱས་བྱང་སེམས་རྣམས་དམིགས་ཡུལ་དུ་བྱས་ནས་མཆོད་པ་ཕུལ་ཏེ་བླང་བར་བྱ། ལེན་པའི་ཆོ་ག་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ། ། གསུམ་པ་ནི། རང་ལ་མི་འདོད་པ་བྱས་པ་ལ་བརྟེན་ནས་དུས་ནམ་ཡང་འདིའི་དོན་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་མི་བྱའོ། །བཞི་པ་ནི། མཆོད་པ་འབུལ་བ་ལ་སོགས་པའོ། །གཉིས་པ་ཕྱི་མར་སེམས་བསྐྱེད་དང་མི་འབྲལ་བའི་རྒྱུ་ལ་བསླབ་པ་ལ། ཉམས་པར་བྱེད་པ་ནག་པོའི་ཆོས་བཞི་སྤང་། མི་ཉམས་པར་བྱེད་པའི་དཀར་པོའི་ཆོས་བཞི་ལ་བསླབ་པའོ། །དང་པོ་ནི། མཁན་སློབ་དང་བླ་མའི་གནས་ལྟ་བུ་ཤེས་བཞིན་དུ་རྫུན་གྱིས་མགོ་སྐོར་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་སྐྱེད་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པའི་སེམས་ཅན་ལ་ཞེ་སྡང་གི་ཀུན་ནས་བསླངས་ནས་བསྔགས་པ་མ་ཡིན་པའི་རྗོད་པ་དང་། སེམས་ཅན་གང་ཡང་རུང་བ་ལ་བྲེ་སྲང་ལ་སོགས་པ་གཡོ་སྒྱུས་སྤྱོད་པའོ། །གཉིས་པ་སེམས་ཅན་གང་ཡང་རུང་བ་ལ་ཀུ་རེའི་ཕྱིར་ཡང་རྫུན་སྤོང་བ་དང་། སེམས་ཅན་ལ་གཡོ་སྒྱུ་མེད་པར་བསམ་པ་དྲང་པོར་སྤྱོད་པ་དང་། བྱང་སེམས་ལ་སངས་རྒྱས་སུ་མོས་ནས་དེའི་བསྔགས་པ་ཕྱོགས་བཅུ་རྣམས་སུ་སྒྲོག་པ་དང་། རང་གིས་སྨིན་པར་བྱ་བའི་སེམས་ཅན་བླ་མེད་བྱང་ཆུབ་ལ་འགོད་པའོ། །གསུམ་པ་ཉམས་པ་ཕྱིར་བཅོས་པའི་ཐབས་ལ། ཁ་ཅིག །ཉམས་པར་བྱེད་པ་ནག་པོའི་ཆོས། སེམས་ཅན་བློས་སྤོང་། སེམས་ཅན་གྱི་དོན་བདག་གིས་བྱེད་


DLL1006_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་སྙམ་པའི་བློ་རྣམས་ཐུན་ཚོད་ལས་འདས་ན་སེམས་བསྐྱེད་ལས་ཉམས་པའི་རྒྱུ་ཙམ་ཡིན་གྱིས། མི་གཏོང་བས་སླར་ཡང་ཆོ་གས་བླང་མི་དགོས། ཐུན་ཚོད་ལས་འདས་ན་སེམས་བསྐྱེད་བཏང་བ་ཡིན་པས། སླར་ཡང་ཆོ་གས་བླང་དགོས་ཟེར་ཡང་རང་གི་ལུགས་ལ། བདག་གིས་སེམས་ཅན་གྱི་དོན་བྱེད་མི་ནུས་སྙམ་པའི་བློ་སྐྱེས་མ་ཐག་སེམས་བསྐྱེད་གཏོང་བ་ཡིན་པས་སླར་ཡང་ཆོ་གས་ལེན་དགོས། ཉམས་པར་བྱེད་པ་ནག་པོའི་ཆོས་བཞི་ནི། ཚེ་འདིར་སེམས་བསྐྱེད་གཏོང་བའི་རྒྱུ་མ་ཡིན་གྱིས། ཕྱི་མར་སེམས་བསྐྱེད་མངོན་དུ་མི་འགྱུར་བའི་རྒྱུ་ཡིན་པས། ད་ལྟ་ནས་སྤང་བར་བྱ་བ་ཡིན་ནོ། ། གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་ནི། བརྟན་པ་ཐོབ་ནས་གསང་བ་བསྟན། ཞེས་འབྱུང་བས། ཀུན་རྫོབ་སེམས་ལ་བརྟན་པ་ཐོབ་ནས། དངོས་སྨྲ་བ་ལ་གསང་བར་བྱ་བའི་སྟོང་པ་ཉིད་བསྟན་ནས་བསྒོམ་པར་བྱའོ། །ཇི་ལྟར་བྱ་ན། རྒྱས་པར་དབུ་མའི་ལྟ་ཁྲིད་ཟུར་ནས་འབྱུང་བ་བཞིན་ཤེས་པར་བྱ་ལ། འདིར་ནི་རྩ་ཚིག་ཏུ། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །མ་སྐྱེས་རིག་པའི་གཤིས་ལ་དཔྱད། །གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་གཞག །ཅེས་འབྱུང་བ་ལྟར་ཕྱི་རོལ་གྱི་རི་ཁང་ཁྱིམ་སྐྱེས་པ་བུད་མེད་སོགས་བདེན་པར་སྣང་ཡང་། བདེན་པར་མེད་དེ། དཔེར་ན་རྨི་ལམ་གྱི་རི་ཁང་ཁྱིམ་ལ་སོགས་པ་བཞིན་ནོ། །ཕྱི་རོལ་གྱི་གཟུང་བ་བདེན་པར་མེད་ཀྱང་། འཛིན་པ་ཤེས་པ་བདེན་པར་ཡོད་སྙམ་ན། རིག་པའི་གཤིས་ལ་དཔྱད་ན། དེ་ཡང་བདེན་པར་མེད་དེ། དོན་དམ་པར་མ་སྐྱེས་པའི་ཕྱིར། བདག་དང་གཞན་དང་གཉིས་ཀ་རྒྱུ་མེད་ལས་མི་སྐྱེ་བའི་ཕྱིར། གཟུང་འཛིན་བདེན་པར་མེད་ཀྱང་དེ་བདེན་མེད་དུ་རྟོགས་པའི་གཉེན་པོ་བདེན་


DLL1006_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲུབ་བོ་སྙམ་ན། དེ་ཡང་བདེན་པར་མེད་དེ། གཟུང་འཛིན་བདེན་མེད་དུ་གྲུབ་ཅིང་། གཟུང་འཛིན་གང་རུང་དུ་མ་འདུས་པའི་གཉེན་པོ་མེད་པས་སོ། །དེས་ན་དེ་ལྟ་བུའི་གཉེན་པོ་བདེན་པར་འཛིན་པའི་བློ་ཡང་རང་སར་གྲོལ་ལོ། །འོ་ན་ལམ་གྱི་ངོ་བོ་གང་ལ་བཞག་ཅེ་ན། ལམ་གྱི་ངོ་བོ་ཀུན་གཞི་སྟེ། སྟོང་པ་ཉིད་ཀྱི་ངང་ལ་བཞག་གོ །སྟོང་ཉིད་ལ་ཀུན་གཞིའི་སྒྲས་སྟོན་པའི་རྒྱུ་མཚན་ཡོད་དེ། འཁོར་འདས་ཀུན་གྱི་གཞི་ཡིན་པའི་ཕྱིར་ཏེ། སྟོང་ཉིད་མ་རྟོགས་ན་འཁོར་བར་སྐྱེ་བ་དང་། རྟོགས་ན་འཁོར་བ་ལས་གྲོལ་བར་འགྱུར་བའི་ཕྱིར། ཁ་ཅིག །ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞིའི་རྣམ་ཤེས་ཀྱི་ངང་ལ་ལམ་གྱི་ངོ་བོ་འཇོག་ལ། བདུན་པོ་སེམས་བྱུང་རྟོག་པ་ཡིན་པས་སྤང་། ཞེས་ཟེར་བ་མི་འཐད་དེ། ཀུན་གཞིའི་རྣམ་ཤེས་ལམ་རང་གི་ངོ་བོར་བསྐྱེད་པ་ཡང་མི་འཐད་དེ། ལམ་གྱི་འཛིན་སྟངས་ཀུན་གཞིའི་ངང་ལ་འཇོག་པའང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་གཞི་རྣམ་ཤེས་འདོད་ནའང་། དེ་ལུང་མ་བསྟན་དུ་ཁས་ལེན་དགོས། ལམ་གྱི་ངོ་བོ་དགེ་བ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྟོང་ཉིད་རྟོགས་པའི་ལམ་གྱི་འཛིན་སྟངས་ལ་ཀུན་རྫོབ་མི་སྣང་བའི་ཕྱིར་རོ། །ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །ཞེས་འབྱུང་བས། སྟོང་ཉིད་ལ་མཉམ་པར་བཞག་པ་ལས་ལངས་པའི་ཐུན་མཚམས་སུ། གཟུང་འཛིན་གྱི་ཆོས་ཐམས་ཅད་བདེན་པར་སྣང་བྱུང་བའི་ཚེ། འདི་རྣམས་བདེན་པར་སྣང་ཡང་བདེན་པར་མེད་པ་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཡིན་སྙམ་དུ་བསྒོམ། གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ཡན་ལག་ཏུ་བསྒྱུར་བ་ལ། ཀུན་རྫོབ་སེམས་བསྐྱེད་ཀྱི་སྒོ་ནས་རྐྱེན་ངན་


DLL1006_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་ཡན་ལག་ཏུ་བསྒྱུར་བ་དང་། དོན་དམ་སེམས་བསྐྱེད་ཀྱི་སྒོ་ནས་རྐྱེན་ངན་བྱང་ཆུབ་ཀྱི་ཡན་ལག་ཏུ་བསྒྱུར་བའི་དང་པོ་ནི། གོང་དུ་དྲངས་པའི་རྩ་ཚིག །ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་པ་དེ་ཡིན་པས། རང་ལ་ཕྱི་ནས་མི་དང་མི་མ་ཡིན་དང་འབྱུང་བའི་གནོད་པ་དང་། ནང་ནས་ན་ཚ་ཉོན་མོངས་སོགས་ཀྱི་གནོད་པ་བྱུང་བའི་ཚེ། གཞན་ལ་ལེ་ལན་མི་འདོད་པར་རང་གཅེས་པར་འཛིན་པ་འདིས། ཐོག་མ་མེད་པ་ནས་སྡུག་བསྔལ་སྣ་ཚོགས་པ་མྱོང་དུ་བཅུག །ད་ལྟ་ཡང་འདིས་སྡུག་བསྔལ་དང་མི་འདོད་པ་དཔག་མེད་བསྐྱེད། ད་དུང་ཡང་འདི་མ་སྤངས་ན་འཁོར་བ་མཐའ་མེད་དུ་སྡུག་བསྔལ་མྱོང་བར་འགྱུར་བས། འདི་ཅི་ནས་ཀྱང་སྤང་བར་བྱའོ། །ཡང་སྔར་གྱི་གནོད་པ་དེ་དག་བྱུང་བའི་ཚེ། སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་མ་བྱས། དེ་ཡང་། ཡང་དང་ཡང་དུ་བྱས། ནམ་བྱས་རེས་ཀྱིས་ཕན་བཏགས། གནོད་པ་ལས་བསྐྱབས་པའི་དྲིན་ཅན་ཡིན། ཁྱད་པར་དུ་གནོད་བྱེད་འདི་རྣམས་ཀྱིས་ཐོག་མ་མེད་པ་ནས་མ་བྱས། ཡང་དང་ཡང་དུ་བྱས། ནམ་བྱས་རེས་ཀྱིས་ཕན་བཏགས་པས་དྲིན་ཆེ། འདིས་ཐོག་མ་མེད་པ་ནས་བདག་སྐྱོང་བའི་ཕྱིར་དུ་སྒོ་གསུམ་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ནས་ད་ལྟའི་བར་དུ་སྡུག་བསྔལ་མྱོང་དུ་བཅུག །ད་ལྟར་ཡང་མ་ཡིན་པ་སྐྱེ་ཤི་འཕོས་པས་ངོ་མ་ཤེས་པར་འཁྲུལ་པའི་དབང་གིས། བདག་གི་ལས་ངན་པས་བསྐུལ་ནས་བདག་ལ་གནོད་པ་བྱས་པས་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་སྙིང་རེ་རྗེ། འདི་བདེ་བ་ཐམས་ཅད་དང་ལྡན་པར་བྱ། སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱ། འདིའི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། འདིས་བདག་བྱམས་སྙིང་རྗེ་བྱང་ཆུབ་


DLL1006_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་སྒོམ་པའི་གྲོགས་བྱས་པས་དྲིན་ཤིན་ཏུ་ཆེ་སྙམ་དུ་གནོད་པ་བྱས་པ་ལ་མི་དགའ་བ་མེད་ཀྱི་སྟེང་དུ་དགའ་བ་བསྒོམ་མོ། །གཉིས་པ་ནི། རང་ལ་སེམས་ཅན་དང་འབྱུང་བ་ལྟ་བུའི་ཕྱི་དང་ནང་ནས་ན་ཚ་དང་ཉོན་མོངས་ཀྱི་གནོད་པ་བྱུང་བའི་ཚེ། འདི་དག་འཁྲུལ་པའི་དབང་གིས་སྣང་བ་ཡིན་གྱིས། བདེན་པར་མེད་དེ་དང་པོར་གང་ནས་སྐྱེས། བར་དུ་གང་དུ་གནས། མཐར་གང་དུ་འགག་དཔྱད་པ་ན། དང་པོར་གང་ནས་ཀྱང་སྐྱེ་བ་མེད་པ་སྐྱེ་མེད་ཆོས་སྐུ། དང་པོར་སྐྱེ་བ་མེད་པ་ལ་མཐར་འགག་རྒྱུ་མེད་པས་འགག་མེད་ལོངས་སྤྱོད་རྫོགས་པའི་སྐུ། སྐྱེ་འགག་མེད་པ་ལ་བར་དུ་གནས་པ་མེད་པས་གནས་མེད་སྤྲུལ་པའི་སྐུ། སྐྱེ་འགག་གནས་གསུམ་དང་བྲལ་བའི་ངོ་བོ་ཉིད་སྐུ་ཡིན་ནོ་སྙམ་དུ་བསྒོམ། དེ་ལྟར་གནོད་བྱེད་སོགས་བདེན་མེད་དུ་སྒོམ་པ་སྲུང་བའི་མཆོག་ཡིན་ཏེ། རྒྱུད་ལས། སྟོང་ཉིད་ཤེས་པ་སྲུང་བའི་མཆོག་ཡིན་ཏེ། །སྲུང་བའི་ཆོ་ག་གཞན་དག་འདིར་མི་དགོས། །ཞེས་དང་། སྟོང་པ་ཉིད་ནི་བསྒོམས་བྱས་ན། །འཆི་བདག་གིས་ཀྱང་མི་ཚུགས་སོ། །ཞེས་གསུངས་སོ། །སྟོང་ཉིད་ཀྱི་ལྟ་བ་མེད་ནའང་ཅི་ཡང་མེད་པར་བསྒོམས་པས་གནོད་བྱེད་སོགས་ཀྱིས་མི་མཐོང་ངོ་། །དེ་ལྟར་དུ་རྩ་ཚིག་ལས། འཁྲུལ་སྣང་སྐུ་བཞིར་འཁྱེར་བ་ཡིས། །སྟོང་ཉིད་སྲུང་བ་བླ་ན་མེད། །ཅེས་གསུངས་སོ། །བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ལ། རྩ་ཚིག་ཏུ། སྟོབས་ལྔ་དག་ལ་སྦྱང་བར་བྱ། །ཞེས་འབྱུང་བས། ཉམས་ལེན་ཐམས་ཅད་དཀར་པོ་ས་བོན་གྱི་སྟོབས། འཕེན་པའི་སྟོབས། སུན་འབྱིན་པའི་སྟོབས། གོམས་པའི་སྟོབས། སྨོན་ལམ་གྱི་སྟོབས་ལྔར་བསྡུས་ནས་སྦྱང་བར་བྱ། དེ་


DLL1006_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། ལུས་ངག་ཡིད་གསུམ་གྱི་དགེ་བ་ཅི་བྱེད་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མ་སྐྱེས་པ་སྐྱེད་པར་བྱེད་པ་དང་། སྐྱེས་པ་མི་ཉམས་ཤིང་གང་ནས་གོང་དུ་འཕེལ་བའི་ཐབས་སུ་སྒྲུབ་པར་བྱེད་པ་ཡིན་ནོ། ། གཉིས་པ་ནི། དུས་ད་ནས་བཟུངས་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ་དང་། རང་གཅེས་པར་འཛིན་པ་འདིས་སྡུག་བསྔལ་དང་མི་འདོད་པ་ཐམས་ཅད་བསྐྱེད་པས་འདི་སྤང་བར་བྱའོ་སྙམ་དུ་འཕེན་པ་གཏོང་བ་ཡིན་ནོ། །གསུམ་པ་ནི། རང་གཅེས་པར་འཛིན་པ་འདིས་ཐོག་མ་མེད་པ་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་དུ་བཅུག །ད་དུང་ཡང་འདི་མ་སྤངས་ན་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར། ད་ལྟར་གྱི་གནས་སྐབས་སུ་ཡང་། མཁས་པ། བཙུན་པ། སྒོམ་བཟང་བ། ཐོས་རྒྱ་ཆེ་བ། སྒྲུབ་པ་རིམ་པ་ཐམས་ཅད་ཀྱང་ཉོན་མོངས་པས་གྲོགས་བྱས་ནས་མཐོ་བ་ལ་ཕྲག་དོག །དམའ་བ་ལ་བརྙས་པ། མཉམ་པ་ལ་འགྲན་སེམས་བྱེད་པ་ཐམས་ཅད་ཀྱང་རང་གཅེས་པར་འཛིན་པས་ལན། ཆོས་ཇི་ཙམ་བྱས་ཀྱང་ཐར་པ་ལ་ཉེ་རུ་མ་སོང་བ་ཡང་དེས་ལན། གཞན་ལས་རང་མགོ་གང་གིས་མཐོ་བ་དང་། དཀྱུས་གང་གིས་རིང་བ་དང་། གཞན་དེ་ལས་བཟློག་པར་འཛིན་པ་ཡང་དེས་ལན། གང་དུ་ཕྱིན་ཀྱང་མི་བྲིན་པ་དང་། གང་དང་འགྲོགས་ཀྱང་འཁོན་དང་རྩོད་པ་འབྱུང་བ་ཡང་དེས་ལན་པ་ཡིན་པས། དེ་སྤང་བར་བྱའོ་སྙམ་དུ་སེམས་སོ། །བཞི་པ་ནི། སྦྱོར་བ་དང་། དངོས་དང་། རྗེས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་པར་བྱའོ། །ལྔ་པ་ནི།


DLL1006_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ལ་མཆོད་པ་དང་། ཆོས་སྐྱོང་ལ་གཏོར་མ་ཕུལ་ནས། ཚེ་འདི་དང་འཆི་ཁ་དང་བར་དོ་དང་། སྐྱེ་བ་ཕྱི་མ་དང་། ཡང་ཕྱི་མ་ཕན་ཆད་ཀྱི་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་མི་ཉམས་ཤིང་མངོན་དུ་འགྱུར་བར་མཛད་དུ་གསོལ། འགལ་རྐྱེན་བར་ཆད་ཅི་བྱུང་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་འབྱོངས་པའི་གྲོགས་སུ་འགྱུར་བར་མཛད་དུ་གསོལ། ཆོས་འདི་སྟོན་པའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མཇལ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དགེ་བ་གང་བྱེད་ཀྱི་མཇུག་ཏུ་ཡང་སྨོན་ལམ་དེ་ལྟར་འདེབས་པའོ། ། བློ་སྦྱོང་སྒོམ་པའི་གང་ཟག་དེ་འཆི་བའི་ཚེ་འཕོ་བའི་མན་ངག་དེ་གང་གིས་བྱ་ཞེ་ན། ཐེག་ཆེན་འཕོ་བའི་མན་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ཞེས་གསུངས་པས། དཀར་པོ་ས་བོན་གྱི་སྟོབས། སྨོན་ལམ་གྱི་སྟོབས། སུན་འབྱིན་པའི་སྟོབས། འཕེན་པའི་སྟོབས། གོམས་པའི་སྟོབས་ལྔ་ནི། དེའི་མན་ངག་ཡིན་ཏེ། དང་པོ་ནི། འཆི་བ་ལ་ཉེ་བའི་ཚེ་ཡོ་བྱད་རྣམས་དགེ་བ་གང་སྟོབས་ཆེ་བའི་ཕྱོགས་སུ་གཏང་། སྔར་བསགས་པའི་ཉེས་ལྟུང་རྣམས་བཤགས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་སོར་ཆུད་པར་བྱས་ནས་བསག་སྦྱང་ལ་འབད་དོ། །གཉིས་པ་ནི། སྔར་དང་འདྲ། གསུམ་པ་ནི། རང་གཅེས་པར་འཛིན་པ་འདིས་ཐོག་མ་མེད་པ་ནས་སྡུག་བསྔལ་བསྐྱེད། ད་ལྟར་ཡང་སྡུག་བསྔལ་དང་མི་འདོད་པ་ཐམས་ཅད་བསྐྱེད། ད་དུང་འདི་མ་སྤངས་ན་སྡུག་བསྔལ་བར་འགྱུར་བས། ད་ནི་ལུས་དང་སེམས་ལ་མ་


DLL1006_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པར། འདི་སྤང་བར་བྱའོ་སྙམ་དུ་སེམས་པའོ། །བཞི་པ་ནི། ད་ནས་བཟུངས་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམས་ནས། བར་དོའི་རྟེན་ལ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱས་ཏེ། གཟུགས་སྐུས་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བྱའོ་སྙམ་དུ་འཕེན་པ་གཏང་ངོ་། ། ལྔ་པ་ནི། འཆི་ཁ་མ་ལ་ཐུག་པའི་ཚེ། གཞོགས་གཡས་འོག་ཏུ་ཕབ། ལག་པ་གཡས་ལ་འགྲམ་པ་བརྟེན། སྲིན་མཛུབ་ཀྱིས་སྣ་བུག་གཡས་བཀག་ནས། སྣ་བུག་གཡོན་ནས་རླུང་རྒྱུར་བཅུག །ལུས་སོགས་ལ་ཆགས་པ་མེད་པར་ཕ་ཁྱིམ་དུ་བུ་འགྲོ་བ་ལྟར་འཆི་བ་ལ་མི་འཚེར་བར་རླུང་ལ་བསྐྱོན་ནས་གཏོང་ལེན་གཉིས་སྤེལ་མར་བསྒོམ། དེའི་རྗེས་སུ་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་མེད། ཁྱད་པར་དུ་སྐྱེ་འཆི་ཡང་བདེན་པར་མེད་སྙམ་དུ་བསྒོམ། དེ་ནས་ཆོས་གང་ཡང་བདེན་པར་མེད་པ་ལ་སེམས་ཅན་རྣམས་ཀྱི་བདེན་པར་བཟུངས་ནས་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ་སྙམ་དུ་བྱམས་སྙིང་རྗེས་ཀུན་ནས་བསླངས་ནས་ཡང་གཏོང་ལེན་སྤེལ་མར་བསྒོམ་མོ། །ལྔ་པ་བློ་འབྱོངས་པའི་ཚད་ནི། རྩ་ཚིག་ཏུ། ཆོས་རྣམས་དགོངས་པ་གཅིག་ཏུ་འདུས། ཞེས་གསུངས་པས། གསུང་རབ་ཀྱི་ཆོས་རྣམས་བདག་འཛིན་འདུལ་བའི་ཕྱིར་དུ་འདུས་པར་གསུངས་པས། བློ་འབྱོངས་མ་འབྱོངས་དང་། ཆོས་ཆོས་སུ་སོང་མ་སོང་། ཆོས་བདག་འཛིན་གྱི་གཉེན་པོར་སོང་མ་སོང་ལ་རག་ལས་པས། ཆོས་བདག་འཛིན་གྱི་གཉེན་པོར་སོང་ན་བློ་འབྱོངས་པ་ཡིན། འོ་ན་བདག་འཛིན་ཐུལ་བའི་དཔང་པོ་དེ་གང་ཞེ་ན། གཞན་གྱིས་རང་ལ་ཆོས་པ་ཁྱད་འཕགས་སུ་འཛིན་པ་ཡང་དཔང་པོ་ཡིན་མོད། དེ་དཔང་པོའི་གཙོ་བོ་མིན་ཏེ། གཞན་གྱིས་རང་གི་སེམས་མི་


DLL1006_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱིས། ཁོ་རང་དང་མཐུན་པའི་སྤྱོད་ལམ་སྣ་རེ་བ་ཙམ་བསྟན་པས་ཀྱང་མགུ་སྲིད་པའི་ཕྱིར། དེས་ན་ནང་དུ་བརྟགས་པའི་ཚེ། བདག་འཛིན་ཇེ་ཆུང་ལ་སོང་བའི་རྟགས་འདུག་ན་དེ་དཔང་པོའི་གཙོ་བོ་ཡིན་ནོ། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཞེས་བྱ་བ་ནི། བློ་སྦྱངས་པའི་སྟོབས་ཀྱིས་སྡུག་བསྔལ་དང་མི་འདོད་པ་ཅི་བྱུང་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྦྱོང་བའི་གྲོགས་སུ་ཁྱེར་བས་ཆོག་སྙམ་དུ་ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟན་ནུས་པ་དེའི་ཚེ་བློ་འབྱོངས་པ་ཡིན། ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་བྱ་བ་ནི། རྟ་རྩལ་ཅན་རྟ་འདྲོགས་ཀྱང་རྟ་ཐོག་ནས་མི་ལྟུང་བ་བཞིན་དུ། རང་ལ་གློ་བུར་དུ་མི་འོས་པའི་ས་ནས་བརྙས་ཐབས་ཁ་སྨྲས། འཕྱར་ཁ། སྐུར་འདེབས་ཅི་བྱུང་ཡང་། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྒོམ་པའི་གྲོགས་སུ་འཁྱེར་ནུས་པའི་ཚེ་འབྱོངས་པ་ཡིན་ནོ། ། བྱང་བའི་ཚད་ནི་ལོག་པ་ཡིན། །ཞེས་བྱ་བ་ནི། ལམ་དེ་ལ་བློ་འབྱོངས་པའི་ཚད་ནི། ལམ་དེའི་མི་མཐུན་ཕྱོགས་སུ་འཛིན་པ་མངོན་གྱུར་ལོག་པ་ཡིན། དེ་ཡང་དལ་འབྱོར་རྙེད་དཀའ་བ་བློ་འབྱོངས་པའི་ཚད་ནི། དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་སྙིང་མི་འདོད་པ་ལོག་པ་ཡིན་པ་ནས། སྟོང་ཉིད་བསྒོམ་པ་ལ་བློ་འབྱོངས་པ་ནི། བདེན་པར་འཛིན་པ་མངོན་གྱུར་ལོག་པ་ཅེས་བྱ་བ་ཡིན་ནོ། །འོ་ན་ལམ་དེ་ལ་བློ་འབྱོངས་པའི་རྟགས་མི་འཁྲུལ་བ་དེ་གང་ཡིན་ཞེ་ན། འབྱོངས་རྟགས་ཆེན་པོ་ལྔ་ལྡན་ཡིན། །ཞེས་པ་ནི། ལམ་དེ་ལ་བློ་འབྱོངས་པའི་རྟགས་ཆེན་པོ་ལྔ་དང་ལྡན་པ་ཡིན་ཏེ། བློ་སྦྱོངས་པའི་སྟོབས་ཀྱིས་སྡུག་བསྔལ་དང་མི་འདོད་པ་ཅི་བྱུང་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་


DLL1006_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་མི་ཉམས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་འོང་། ལས་འབྲས་ཕྲ་ཞིང་ཕྲ་བ་ལ་ངེས་པ་རྙེད་ནས་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་སྲུང་བའི་འདུལ་བ་འཛིན་པ་ཆེན་པོ་ཞིག་འོང་། སྡུག་བསྔལ་དང་མི་འདོད་པ་ཅི་བྱུང་ཡང་དང་དུ་ལེན་པའི་དཀའ་ཐུབ་པ་ཆེན་པོ་ཞིག་འོང་། རྟག་ཏུ་ལུས་ངག་ཡིད་གསུམ་དགེ་སྦྱོར་དང་མི་འབྲལ་བའི་སྒྲུབ་པ་པོ་ཆེན་པོ་ཞིག་འོང་། གསུང་རབ་ཀྱི་དགོངས་པའི་དོན་གྱི་གཙོ་བོ་རྣམས་རྒྱུད་ལ་འབྱོར་བའི་རྣལ་འབྱོར་པ་ཆེན་པོ་ཞིག་འོང་ངོ་། །འོ་ན་རྟགས་དེ་འགྲུབ་པའི་ཐབས་གང་ཡིན་ཞེ་ན། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཡོན་ཏན་གཞན་ལས་ཁྱད་པར་འཕགས། །ཞེས་པ་ལ། དེ་ལྟ་བུའི་རྟགས་དེ་འབྱུང་བ་ལ་སྡུག་བསྔལ་དང་མི་འདོད་པ་ཅི་བྱུང་ཡང་། དམ་པའི་ཆོས་ལ་བློ་གཏད་ནས། ཁ་སང་ལས་དེ་རིང་། དེ་རིང་སྔ་དྲོ་ལས་ཕྱི་དྲོ་སྐྱེད་ཆེ་བ་བཏོན་ནས་དམ་པའི་ཆོས་སྒྲུབ་པ་ལ་འབད་དགོས། དེའི་ཚེ་ཡང་བསམ་པས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྒོམ་ཞིང་། སྦྱོར་བས་གསག་སྦྱང་ལ་འབད་དོ། །དེའི་ཚེ་མཐུན་རྐྱེན་ཚང་བ་སོགས་ལ་བརྟེན་ནས་བདེ་བ་སྐྱེས་ནས་བདེ་བ་དེ་ལ་འདོད་པའི་བློ་སྐྱེས་པའི་ཚེ། རང་བདེ་བ་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་བདེ་བ་འདོད་པས་རང་གི་བདེ་བ་སེམས་ཅན་ཐམས་ཅད་ལ་བཏང་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པའི་དམིགས་པ་བྱེད། བདེ་བ་འདོད་པ་ནི། བདེ་བའི་རྒྱུ་དགེ་བ་སྒྲུབས་ཤིག་པའི་བརྡ་ཡིན་པས་ཚོགས་གསོག་པ་ལ་འབད། ཡང་བདེ་བ་འདོད་པ་ནི། སྡུག་བསྔལ་མི་འདོད་པ་ཡིན་པས་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་སྤོངས་ཤིག་པའི་བརྡ་ཡིན་པས། མི་དགེ་བ་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པར་བྱེད། རང་རྒྱུད་ལ་


DLL1006_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དང་མི་འདོད་པ་སྐྱེས་བྱུང་བའི་ཚེ་རང་སྡུག་སྔལ་མི་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་མི་འདོད་པས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རང་ལ་བླངས་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བའི་དམིགས་པ་བྱེད། སྡུག་བསྔལ་མི་འདོད་པ་ནི། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་སྤོངས་ཤིག་པའི་བརྡ་ཡིན་པས། མི་དགེ་བ་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པར་བྱེད། སྡུག་བསྔལ་མི་འདོད་པ་ནི། བདེ་བ་འདོད་པས་བདེ་བའི་རྒྱུ་དགེ་བ་སྒྲུབས་ཤིག་པའི་བརྡ་ཡིན་པས་ཚོགས་གསོག་པ་ལ་འབད་པ་བྱེད། དེ་ལྟར་བློ་སྦྱོང་བ་ནི། ཆོས་གཞན་ལས་ཁྱད་པར་འཕགས་པ་ཡིན་ཏེ། སྡུག་བསྔལ་དང་མི་འདོད་པ་ཅི་བྱུང་ཡང་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའི་གྲོགས་སུ་ཁྱེར་བས་ཆོག་པའི་ཕྱིར་རོ། །དྲུག་པ་བློ་སྦྱོང་གི་དམ་ཚིག་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། ཅེས་གསུངས་པ་ནི། བློ་སྦྱོང་བསྟན་པ་སྤྱི་དང་མི་འགལ་བ། བློ་སྦྱོང་ཐོ་ཅོར་མ་སོང་བ། བློ་སྦྱོང་ཕྱོགས་རེ་བར་མ་སོང་བ་ལ་བསླབ་བོ། །དང་པོ་ནི། བློ་སྦྱོང་བསྒོམ་རྒྱུ་ཡོད་ན་དེས་ཆོག་གིས། ཕྱག་དང་སྐོར་བ་དང་བཟླས་བརྗོད་དང་གཏོར་མ་སོགས་བྱེད་མི་དགོས་ཅེས་ཁྱད་དུ་མི་གསོད་པར། སྐྱབས་འགྲོ་ནས་སྔགས་བླ་མེད་ཀྱི་བར་བསླབ་བྱ་རྣམས་བསྟན་པ་སྤྱི་དང་མི་འགལ་བར་བསླབ་བོ། །གཉིས་པ་ནི། རང་གཅེས་འཛིན་སྤངས་པར་གཞན་གྱི་གོ་ལ་རེ་བ་དང་། ཐུབ་སྤྱོད་ཆེན་པོ་བྱས་ཀྱང་གནོད་པ་མེད་པའི་གདེང་ཐོབ་པར་གོ་རུ་རེ་ནས་ས་གཉན་རྐོ་བ་དང་། རྡོ་གཉན་རློག་པ་དང་། ཆུ་གཉན་དཀྲུག་པ་དང་། ཤིང་གཉན་གཅོད་པ་སོགས་བྱེད་པ་དང་། གྲིབ་ཅན་དང་དམ་ཉམས་སོགས་དང་


DLL1006_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་ལྷན་ཅིག་ཏུ་བྱེད་པ་སོགས་སྤོང་བ་ལ་སློབ་པའོ། །གསུམཔ་ནི། ལྷ་འདྲེའི་གནོད་པ་བཟོད་ཀྱང་མིའི་གནོད་པ་མི་བཟོད་པ་དང་། མིའི་གནོད་པ་བཟོད་ཀྱང་ལྷ་འདྲེའི་གནོད་པ་མི་བཟོད་པ་དང་། ཆེན་པོ་གུས་ཀྱང་དམན་པ་ལ་བརྙས་ཐབས་བྱེད་པ་དང་། ལ་ལ་ལ་བྱམས་ཀྱང་ལ་ལ་ལ་སྡང་བ་ལྟ་བུའི་ཕྱོགས་རིས་སུ་མ་སོང་བ་ལ་སློབ་པའོ། །ཉམས་པ་མེད་པ་རྣམ་གསུམ་བསྒོམ། །ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་ཡིན་པས། བླ་མ་ལ་མོས་གུས་ཉམས་པ་མེད་པར་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྒོམ། བློ་སྦྱོང་འདི་ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་ཡིན་པས་ཉམས་སུ་ལེན་པ་ལ་སྤྲོ་བ་མ་ཉམས་པ་དང་། རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་བ་ལ་བག་ཡོད་མ་ཉམས་པ་བསྒོམ་མོ། །དཀའ་བ་གསུམ་ལ་བསླབ་པར་བྱ། ཞེས་བྱ་བ་ནི། ཉོན་མོངས་སྐྱེས་པའི་ཚེ་གཉེན་པོས་ཐུག་ཕྲད་དུ་སླེབས་དཀའ། གཉེན་པོས་ཐུག་ཕྲད་དུ་སླེབས་ཀྱང་བཟློག་ནུས་པ་དཀའ། ལན་ཅིག་བཟློག་ནུས་ཀྱང་སླར་ཡང་མི་སྐྱེ་བར་བྱེད་ནུས་པ་དཀའ་ཡང་། གོམས་པའི་སྟོབས་ཀྱིས་མི་དཀའ་བ་ལ་བསླབ་པའོ། །རྒྱུ་ཡི་གཙོ་བོ་རྣམ་གསུམ་གཟུང་། ཞེས་བྱ་བ་ནི། སངས་རྒྱས་སྒྲུབ་པའི་རྒྱུའི་གསལ་བའི་དབྱེ་བ་མཐའ་ཡས་ཀྱང་། ནང་གི་རྐྱེན་དལ་འབྱོར་རྙེད་དཀའ་བསམ་པ་ནས། སྟོང་ཉིད་བསྒོམ་པའི་བར་བླ་མས་བསྟན་པ་ལྟར་རྒྱུད་ལ་བསྐྱེད་ནུས་པ་དང་། ཕྱི་རྐྱེན་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པས་ཟིན་པ་དང་། ཟས་གོས་དང་གནས་མལ་ལ་སོགས་པ་ཚང་བ་སངས་རྒྱས་སྒྲུབ་པའི་རྒྱུའི་གཙོ་བོ་ཡིན་པས། དེ་དག་རང་རྒྱུད་ལ་ཚང་མ་ཚང་བརྟགས་ནས། ཚང་ན་དམ་པའི་ཆོས་སྒྲུབ་པ་ལ་


DLL1006_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པ་བྱེད། མ་ཚང་ན་བདག་ལྟ་བུ་སངས་རྒྱས་སྒྲུབ་པའི་རྒྱུ་ཚོགས་མ་ཚང་བའི་སེམས་ཅན་མཐའ་ཡས་པ་རྣམས་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་རང་ལ་བླངས་ནས་དེ་ཐམས་ཅད་སྡུག་བསྔལ་དང་བྲལ་ནས་ཆོས་སྒྲུབ་པའི་ཆ་རྐྱེན་ཚང་བའི་དམིགས་པ་བྱེད་དོ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཞེས་བྱ་བ་ནི། བླ་མའི་ཞབས་ཏོག་དང་། ལུས་ཀྱི་ཕྱག་དང་སྐོར་བ་ལ་སོགས་པ་ལུས་ཀྱི་དགེ་སྦྱོར་དང་མི་འབྲལ་བ་དང་། ཁ་ཏོག་དང་བཟླས་བརྗོད་དང་སངས་རྒྱས་ཀྱི་བསྟོད་པ་འདོན་པ་སོགས་ངག་གི་དགེ་སྦྱོར་དང་མི་འབྲལ་བ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པ་སོགས་ཡིད་ཀྱི་དགེ་སྦྱོར་དང་འབྲལ་བ་མེད་པ་དང་ལྡན་པར་བྱའོ། ། ཡན་ལག་ཉམས་པ་བརྗོད་མི་བྱ། །ཞེས་པ་ནི། གཞན་ལ་འཇིག་རྟེན་གྱི་ངོས་ནས། ཞར་བ་དང་། འོན་པ་དང་། ཆོས་ཕྱོགས་ནས་དམ་ཉམས་དང་ཚུལ་ཁྲིམས་འཆལ་པ་སོགས་མི་བྱ་སྟེ། དེ་ལྟར་བྱས་ན་གཞན་ལ་ཡིད་མི་བདེ་སྐྱེ་ཞིང་རང་གི་བློ་སྦྱོང་སྒོམ་པའི་གེགས་སུ་འགྱུར་བའི་ཕྱིར། གཞན་ཕྱོགས་གང་ཡང་མི་བསམ་མོ། །ཞེས་བྱ་བ་ནི། སྤྱིར་གྱི་རང་སུ་དང་ཡང་འགྲོགས་སུ་མི་རུང་བ་གཅིག་འདུག་ཟེར་བ་ལྟ་བུ་མི་བྱ་སྟེ། རང་གི་ངོས་ནས་བློ་སྦྱོང་བར་སོང་ཡང་། གཞན་གྱི་སྐྱོན་རྟོག་པར་སོང་བས། བློ་སྦྱོང་དང་འགལ་བའི་ཕྱིར། དེས་ན་གཞན་གྱི་སྐྱོན་རྟོག་པ་དང་། སྐྱོན་བརྗོད་པར་མི་བྱ་སྟེ། དེ་ལྟར་བྱས་ན་གཞན་གྱི་སྐྱོན་འབའ་ཞིག་རྟོག་པར་འདོད་པ་དང་། བརྗོད་པར་འདོད་པའི་བློ་སྐྱེ་བས་དེ་ལ་བློ་སྦྱོང་གནས་པའི་ཐབས་མེད་པའི་ཕྱིར། དེས་ན་སྤྱིར་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་ཆོས་སྒོར་ཞུགས་པ་རྣམས་དང་། ཐེག་ཆེན་གྱི་སྒོར་ཞུགས་པ་རྣམས་


DLL1006_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱོན་རྟོག་པ་དང་སྐྱོན་བརྗོད་པར་མི་བྱ་སྟེ། རང་གི་དགེ་རྩ་གཅོད་ཅིང་ངན་སོང་དུ་སྐྱེ་བས་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པའི་ཕྱིར། དབང་མེད་དུ་གཞན་གྱི་སྐྱོན་མཐོང་ན། རང་སྣང་བ་མ་དག་པ་ཡིན་གྱིས་ཁོང་ལ་དེ་ལྟ་བུའི་སྐྱོན་ག་ལ་ཡོད་སྙམ་དུ་ཡིད་ལ་བྱེད་དོ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །ཞེས་བྱ་བ་ནི། སྔ་དྲོ་ནམ་ལངས་པའི་ཚེ། དེ་རིང་རང་གཅེས་པར་འཛིན་པས་མ་གོས་པར་བྱ། གཞན་གཅེས་པར་འཛིན་པ་དང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མ་བྲལ་བར་བྱ་སྙམ་དུ་དྲན་ཤེས་བཞིན་གྱིས་ཟིན་པར་བྱ། ནུབ་མོ་ཉལ་བའི་ཚེ་དེ་རིང་ཆོས་མིན་གྱི་ཉེས་པས་གོས་སམ་མ་གོས་སྙམ་དུ་བརྟག །གོས་ན་དལ་འབྱོར་སྙིང་པོ་མེད་པ་བྱེད་པ་རང་གིས་རང་ལ་གནོད་པ་སྐྱེལ་བ་བདག་ལྟ་བུ་ཡོང་བ་སྙམ་དུ་འགྱོད་པ་བསྐྱེད་ནས་བཤགས་པ་བྱེད། མ་གོས་ན་དེ་རིང་དལ་འབྱོར་སྙིང་པོ་ཡོད་པར་བྱས། མི་ཚེ་ཆོས་ལ་བསྐྱལ་བ་གོ་བཅད་སྙམ་དུ་དགའ་བ་བསྒོམ། ད་དུང་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྒོམ་པ་དང་མི་འབྲལ་བར་གྱུར་ཅིག་སྙམ་དུ་སྨོན་ལམ་འདེབས་སོ། ། གཉིས་པོ་གང་བྱུང་བཟོད་པར་བྱ། །ཞེས་པ་ནི། རང་ལ་གློ་བུར་དུ་འཁོར་ལོངས་སྤྱོད་སྙན་གྲགས་སོགས་ཆེན་པོ་བྱུང་ན་ཁེངས་པ་མེད་པར་མི་རྟག་པ་སྙིང་པོ་མེད་པ་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་ཆོས་སྒྲུབ་པའི་གྲོགས་སུ་འཁྱེར་ཤེས་པར་བྱ། ཡང་། རང་ལ་ཤིན་ཏུ་ཉམས་དམའ་བ་འོག་ནས་འགྲོ་བ་ཆུ་ལས་མེད་པ་ལྟ་བུ་བྱུང་ནའང་། བདག་ལྟ་བུ་ཡོང་བ་སྙམ་དུ་མི་ཞུམ་པར། གཞན་གྱི་སྡུག་བསྔལ་བདག་ལ་ལེན་ཅིང་། མཐོ་རིས་དང་ངན་སོང་གི་ཁྱད་པར་ལ་བལྟོས་ན། ཚེ་འདིའི་འབྱོར་རྒུད་དང་ཁྱད་པར་ཆེན་པོ་མིན། དམ་པའི་ཆོས་བསྒྲུབས་པས་ཆོག་


DLL1006_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པ་དལ་འབྱོར་ཐོབ་པ་དོན་ཡོད་པར་བྱས་སྙམ་དུ་ཆོས་སྒྲུབ་པའི་གྲོགས་སུ་འཁྱེར་ཤེས་པར་བྱའོ། །གཉིས་པོ་ཚང་ན་ཐམས་ཅད་བླང་། ཞེས་པ་ནི། རང་ལ་ཉོན་མོངས་པའི་འདོད་ཆགས་དང་། ཞེ་སྡང་དང་ཕྲག་དོག་དང་། ང་རྒྱལ་ལ་སོགས་པ་ཉོན་མོངས་པ་གང་སྐྱེས་བྱུང་བ་ཙམ་ན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རང་ལ་བླངས་ནས། སེམས་ཅན་རྣམས་ཉོན་མོངས་པ་དང་བྲལ་བའི་དམིགས་པ་བྱེད། རང་ལ་སྡུག་བསྔལ་དང་མི་འདོད་པ་ཆེན་པོ་བྱུང་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་མི་འདོད་པ་ཐམས་ཅད་རང་ལ་བླངས། དེ་ཐམས་ཅད་སྡུག་བསྔལ་དང་བྲལ་བའི་དམིགས་པ་བྱེད་དོ། །གཉིས་པོ་སྲོག་དང་བསྡོས་ནས་སྲུང་། །ཞེས་བྱ་བ་ནི། དམ་ཚིག་མ་བསྲུངས་པ་ལ་འདི་ཕྱིའི་བདེ་སྐྱིད་ཐམས་ཅད་མི་འབྱུང་བས། ཆོས་སྤྱིའི་དམ་ཚིག་དང་། ཁྱད་པར་དུ་ཆོས་འདིའི་དམ་ཚིག་སྲོག་དང་བསྡོས་ནས་སྲུང་། ཆོས་སྤྱིའི་དམ་ཚིག་ལ། ས་བླངས་པའི་དམ་ཚིག་དང་། བླ་མའི་དམ་ཚིག་གཉིས། དང་པོ་ནི། རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་སྲོག་བསྡོས་བྱས་ནས་སྲུང་བའོ། ། གཉིས་པ་ནི། བླ་མ་དང་དམ་ཚིག་ཉམས་ན་བླ་མ་ཅི་འདྲ་ཡང་རུང་སྟེ། ཕྱིན་ཆད་བླ་མ་ལ་བརྟེན་པའི་དངོས་གྲུབ་མི་སྲིད་པས། བླ་མའི་དམ་ཚིག་སྲོག་དང་བསྡོས་ནས་བསྲུང་། ཆོས་འདིའི་དམ་ཚིག་ནི། གཞན་ལ་ཕན་པའི་ཕྱིར་དུ་ལྟུང་བ་གླེང་དྲན་བྱེད་པ་མ་གཏོགས། ཡན་ལག་ཉམས་པ་རྗོད་པ་སོགས་སྲོག་དང་བསྡོས་ནས་བསྲུང་ངོ་། །ཕྱོགས་སུ་འཛིན་པ་ཐམས་ཅད་སྤང་། །ཞེས་བྱ་ནི། སྤྱིར་སོ་སོ་སྐྱེ་བོའི་བློ་རིགས་དང་ཡོན་ཏན་ཕྱོགས་རེ་བ་ཡིན་ཡང་། བློ་སྦྱོང་བའི་ཚེ། ཕར་ཕྱིན་


DLL1006_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དང་། ཐོས་བསམ་བསྒོམ་གསུམ་དང་ཆོས་སྤྱོད་བཅུ་ལ་ཕྱོགས་རིས་མེད་པར། ལ་ལ་ལ་དངོས་སུ་བློ་སྦྱོང་། ལ་ལ་ལ་མོས་ཡུལ་དུ་བྱས་ནས་བློ་སྦྱོང་། ཡུལ་ཡང་འཕགས་པ་དང་སོ་སོ་སྐྱེ་བོ་ལ་ཕྱོགས་རིས་མེད་པར་ཐམས་ཅད་ལ་བློ་སྦྱོང་ངོ་། །བཀོལ་བ་རྣམས་ལ་རྟག་ཏུ་སྦྱང་། །ཞེས་བྱ་བ་ནི། སྤྱི་སེམས་ཅན་ཐམས་ཅད་ལ་བློ་སྦྱོང་ཞིང་ཁྱད་པར་དུ་བཀོལ་བ་ལྔ་པོ་འདི་རྣམས་ལ་རྟག་ཏུ་སྦྱང་། བཀོལ་བ་ལྔ་ནི། རང་དང་བརྟེན་འདྲིས་ཆེ་བ་དང་། རང་གི་འགྲན་བསྡོས་སུ་གྱུར་པ་དང་། ཕར་གནོད་པ་མ་བྱས་ཀྱང་ཚུར་གནོད་པ་བྱེད་པ་དང་། ཚུར་གནོད་པ་མ་བྱས་ཀྱང་མཐོང་བའི་ཚེ་ཡིད་དུ་མི་འོང་བ་རྣམས་བློ་སྦྱོང་འཆོར་ཉེན་ཆེ་བས་དམིགས་ཀྱིས་བཀར་ནས་བསྒོམ། ལྔ་པ་ནི། མཁན་སློབ་དང་ཕ་མ་ལ་སོགས་པ་ཕན་འདོགས་ཆེ་བ་རྣམས་ལ་གནོད་པ་ཅུང་ཟད་ལས་མ་བྱས་ཀྱང་རྣམ་སྨིན་ལྕི་བ་ཡིན་པས་དམིགས་ཀྱིས་བཀར་ནས་བསྒོམ་མོ། །ཉམས་སུ་བླང་བར་སླ་བར་བསླབ། །ཅེས་པ་ནི་ཁོ་ན་རེ། ད་ལྟ་གཞན་གྱི་སྡིག་སྡུག་རང་ལ་ལེན་པ་དང་། རང་གི་བདེ་དགེ་གཞན་ལ་གཏང་བར་མི་ནུས་སོ། །ཞེ་ན། ལུས་ངག་གི་དཀའ་སྤྱད་བསྟེན་མི་དགོས་ཀྱིས། བསམ་པ་འབའ་ཞིག་གིས་སྦྱངས་པས་ཆོག་པས་གཏོང་ལེན་བྱེད་མི་ནུས་པའི་སྐྱོན་མེད་དོ། །རགས་པ་གང་ཡིན་སྔོན་ལ་སྦྱང་། ཞེས་བྱ་བ་ནི། རང་ལ་ཉོན་མོངས་པ་གང་ཆེ་རང་གི་དགེ་སྦྱོར་བྱེད་པ་ལ་གང་གིས་གནོད་བརྟགས་པའི་ཚེ་རགས་པ་གང་ཡིན་དེ་སྔོན་ལ་སྦྱང་ངོ་། །དྲག་འཆུན་སྤོང་ལེན་རྟག་ཏུ་བྱ། །ཞེས་པ་ནི། མི་དང་མི་མ་ཡིན་པ་སོགས་ལ་དྲག་འཆུན་མི་བྱ་སྟེ། དེ་ལྟར་བྱས་ན་འཕྲལ་ཕུགས་ཐམས་ཅད་དུ་གནོད་པའི་ཕྱིར་རོ། །འོ་ན་གང་ལ་དྲག་འཆུན་


DLL1006_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞེ་ན། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་རང་གཅེས་འཛིན་ལ་དྲག་འཆུན་བྱ་སྟེ། དགེ་སྦྱོར་ཐམས་ཅད་དེའི་གཉེན་པོར་འགྲོ་བར་བྱའོ། །དུག་ཅན་གྱི་ཟས་མི་བསྟེན་ཞེས་བྱ་བ་ནི། དཔེར་ན་ཟས་བཟང་པོ་དེས་ལུས་སྲོག་འཚོ་བར་བྱེད་པ་ཡིན་པ་ལ། དུག་འདྲེས་ན་ལུས་སྲོག་ཉམས་པར་བྱེད་པ་ལྟར་དུ། དགེ་བ་ཐམས་ཅད་ཀྱིས་མངོན་མཐོ་ངེས་ལེགས་ཀྱི་སྲོག་འཚོ་བར་བྱེད་པ་ཡིན་པ་ལ། རང་གཅེས་འཛིན་གྱི་དུག་དང་འདྲེས་ན། མངོན་མཐོ་ངེས་ལེགས་ཀྱི་ལུས་སྲོག་ཉམས་པར་བྱེད་པས་དགེ་བ་ཐམས་ཅད་རང་གཅེས་འཛིན་གྱི་དུག་དང་འདྲེས་པ་སྤོང་། གཞུང་བཟང་པོ་མ་བསྟེན། ཞེས་བྱ་བ་ནི། གཞན་གྱིས་རང་ལ་མི་འདོད་པ་བྱས་པ་ཞེ་ལ་འཇོག་པ་ཁོན་འཛིན་མི་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་བས་ཉན་ཐོས་ཀྱང་མི་འོང་བས་སོ། །འཕྲང་མ་སྒུག་ཅེས་བྱ་བ་ནི། རང་ལ་གནོད་པ་བྱས་པའི་དུས་དེར་གནོད་ལན་བྱས་མ་བྱུང་ཡང་། དུས་ཕྱིས་གནོད་པ་བྱའོ་སྙམ་པའི་འཕྲང་སྒུག་པར་མི་བྱའོ། །མགྱོགས་ཀྱི་རྩེ་མ་གཏོད། །ཅེས་བྱ་བ་ནི། གཞན་ལ་དངོས་པོ་བཟང་པོ་ཡོད་པ་གཡོ་སྒྱུའི་དབང་གིས་རང་ལ་ལེན་པའི་སྦྱོར་བ་མི་བྱའོ། །མཛོ་ཁལ་གླང་ལ་མ་འབྱོ། །ཞེས་བྱ་བ་ནི། རང་གཞན་གཉིས་ཀ་ལ་ཐུན་མོང་དུ་འབབ་རྒྱུའི་ཁུར་ལྟ་བུ་གཡོ་སྒྱུའི་དབང་གིས་གཞན་ལ་བསྒྱུར་བ་དང་། རང་ལ་ཁག་ངན་འཕོག་པ་གཡོ་སྒྱུའི་དབང་གིས་གཞན་ལ་བསྒྱུར་བར་མི་བྱའོ། །སྐྱིད་ཀྱི་ཡན་ལག་ཏུ་སྡུག་མི་འཚོལ། ཞེས་བྱ་བ་ནི། དགྲ་ཤི་ན་རང་བསོད་ནམས་ཆེར་འགྲོ་བ་འདུག་སྙམ་པ་དང་། གྲོགས་མཆེད་ཤི་ན་དཔེ་ཆ་དང་ལྷུང་བཟེད་སོགས་རང་ལ་ཡོང་བ་འདུག་སྙམ་པ་དང་། སྦྱིན་བདག་ཤི་ན་རང་ལ་ཚ་བ་ཚོགས་


DLL1006_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་ཡོང་བ་འདུག་སྙམ་པ་ལྟ་བུ། རང་སྐྱིད་པའི་ཡན་ལག་ཏུ་གཞན་སྡུག་པ་འཚོལ་བར་མི་བྱའོ། །ལྟོ་ལོག་མི་བྱ། ཞེས་པ་ནི་འཇིག་རྟེན་ན་ནད་པ་གཅེས་པོ་ལ་ཤི་སྒྲ་དང་གླུད་གཏོང་བ་ནི་ནད་པ་དེ་མི་འཆི་བའི་ལྟོ་ལོག་ཡིན་པ་ལྟར། བློ་སྦྱོང་ཡང་ནད་ཞི་ཕྱིར་དུ་བསྒོམས་ན་ལྟོ་ལོག་ཡིན་པས་མི་བྱའོ། །གོ་ལོག་མི་བྱ། ཞེས་པ་ནི། གོ་ལོག་དྲུག་སྤངས་ནས་གོ་མ་ལོག་པ་དྲུག་བྱ། གོ་ལོག་དྲུག་ནི། སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་དམ་པའི་ཆོས་དོན་གཉེར་གྱི་འདུན་པ་མི་གཏོང་བར། ཚེ་འདིར་ཕུན་ཚོགས་དོན་གཉེར་གྱི་འདུན་པ་བྱེད་པ་ནི། འདུན་པ་གོ་ལོག །དམ་པའི་ཆོས་སྒྲུབ་པའི་དཀའ་སྤྱད་མི་བཟོད་པར་དགྲ་འདུལ་གཉེན་སྐྱོང་གི་དཀའ་སྤྱད་བཟོད་པ་ནི། བཟོད་པ་གོ་ལོག །སྡིག་ཅན་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་ལ་སྙིང་རྗེ་མི་བྱེད་པར། ལྟོ་གོས་ལ་གྱོང་བཀུར་ནས་ཆོས་སྒྲུབ་པ་ལ་སྙིང་རྗེ་སྒོམ་པ་ནི་སྙིང་རྗེ་གོ་ལོག །འགྲོ་བ་སྒྲོལ་བར་དམ་བཅས་ནས་རང་གིས་སྨིན་པར་བྱ་བའི་མི་དམ་པའི་ཆོས་ཆེད་དུ་གཉེར་དུ་མི་འཇུག་པར་ཚེ་འདིའི་ཕུན་ཚོགས་ཙམ་ཆེད་དུ་གཉེར་དུ་འཇུག་པ་ནི། ཉེ་སེམས་གོ་ལོག །རང་གཞན་གྱི་དགེ་རྩ་ལ་རྗེས་སུ་ཡི་རང་མི་བྱེད་པར། དགྲ་སྡུག་བསྔལ་བ་ལ་རྗེས་སུ་ཡི་རང་བ་ནི། རྗེས་སུ་ཡི་རང་གོ་ལོག་གོ །གནད་ལ་མི་དབབ། ཅེས་པ་ནི། མི་མང་སར་གཞན་གྱི་མཚང་ནས་འབྲུ་བ་རྣམ་པ་ཐམས་ཅད་དུ་མི་བྱ། ལྷ་བདུད་དུ་མི་དབབ་ཅེས་བྱ་བ་ནི། འཇིག་རྟེན་ན་རང་བསྟེན་པའི་ལྷས་ཕན་འདོགས་ཤིང་གནོད་པ་ལས་སྐྱོབ་པ་ཡིན་པ་ལ། གལ་ཏེ་མགུ་ན་གནོད་པ་བྱེད་པ་ནི། ལྷ་བདུད་དུ་བབས་པ་ཡིན་པར་ལྟར། བློ་སྦྱོང་བསྒོམ་པའི་སྟོབས་ཀྱིས་ང་རྒྱལ་དང་རང་གཅེས་འཛིན་ཆེར་སོང་བ་ནི། ལྷ་བདུད་དུ་བབས་པ་ཡིན་པས་


DLL1006_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མ་སོང་བ་བྱེད་དོ། །ཡུད་ཙམ་པ་མི་བྱ། ཞེས་པ་ནི། ལེགས་ཉེས་ཅུང་ཟད་རེ་ལ་དགའ་མི་དགའི་རྣམ་འགྱུར་སྣ་ཚོགས་སྟོན་པའི་གདོང་མི་རྟག་པ་གྲོགས་ལ་གཟན་པས་མི་བྱ། ཡང་ན་དམ་པའི་ཆོས་ཉམས་སུ་ལེན་པའི་འཕྲོ་མི་བྱེད་པར་རེས་འགའ་གང་བྱེད། རེས་འགའ་ཅི་བྱེད་པའི་ཆོས་དེས་སྒྲུབ་པ་ལ་ནུས་པ་མི་ཐོན་པས་མི་བྱེད། རེས་འཇོག་མི་བྱ། ཞེས་པ་ནི། ལྟ་སྤྱོད་རེས་འཇོག་མི་བྱེད་པར་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལ། བྱ་བྱེད་ཐམས་ཅད་འཐད་པའི་ལྟ་སྤྱོད་ཟུང་འབྲེལ་གྱི་ལམ་ཉམས་སུ་ལེན། དངོས་དང་ཡན་ལག་གཉིས་ཀར་སྦྱང་། །ཞེས་པ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལྟ་བུ་ལ། དལ་འབྱོར་རྙེད་དཀའ་སེམས་པ་སོགས་སྦྱོར་བའི་ཡན་ལག་དང་། གཏོང་ལེན་སྤེལ་མར་སྒོམ་པ་དངོས་གཞི་དང་། ཆོས་ཐམས་ཅད་རང་བཞིན་མེད་པར་སྒོམ་པ་དང་། བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས་པ་སོགས་རྗེས་ཀྱི་ཡན་ལག་ཏུ་བྱའོ། ། དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་ལྟ་བུ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་ཡན་ཆད་སྦྱོར་བའི་ཡན་ལག་དང་། སྟོང་ཉིད་སྒོམ་པ་དངོས་ཀྱི་ཡན་ལག་དང་། སྦྱིན་པ་གཏོང་བ་སོགས་རྗེས་ཀྱི་ཡན་ལག་ཏུ་བྱའོ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱང་། །ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །ཞེས་བྱ་བ་ནི། ཡུལ་སེམས་ཅན་དང་སེམས་ཅན་མ་ཡིན་པ་ཀུན་ལ་ཕྱོགས་རིས་མེད་པར་སྦྱང་། དེ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་ཟིན་པར་སྦྱང་། དེ་ཡང་སིང་སྐྱུར་ལ་རྩམ་རྩིང་བཏབ་པ་ལྟ་བུའི་ཁ་རུ་ཡམ་མེ་བ་མ་ཡིན་པའི་གཏིང་འབྱོངས་པ་ཀུན་ལ་གཅེས་སོ། །རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཞེས་གསུངས་པ་ནི། སྔགས་པ་ལ་ཁྲུས་


DLL1006_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣལ་འབྱོར། ཟས་ཀྱི་རྣལ་འབྱོར། ཉལ་བའི་རྣལ་འབྱོར་སོགས་དུ་མ་ཡོད་ཀྱང་། འདིར་ནི་རྣལ་འབྱོར་ཐམས་ཅད་བྱང་ཆུབ་ཀྱི་སེམས་བསྒོམ་པ་གཅིག་པུས་བྱ། ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ནི། རང་ལ་སྡུག་བསྔལ་དང་མི་འདོད་པ་ཅི་བྱུང་ཡང་ལོག་གནོན་ཐམས་ཅད་བྱང་ཆུབ་ཀྱི་སེམས་སྒོམ་པ་གཅིག་པུས་བྱའོ། །ཀོ་ལོང་མི་སྡོམ། ཞེས་པ་ནི། རང་ལ་གནོད་པ་ཅི་བྱུང་ཡང་། འདིས་འདི་བྱས་སོ་ཞེས་སེམས་ལ་རི་མོ་འབྲི་བའི་ཀོ་ལོང་མི་སྡོམ། གཤགས་ངན་མ་རྒོད། ཅེས་བྱ་བ་ནི། རང་ལ་གནོད་པ་ཅི་བྱུང་ཡང་ཕ་རོལ་པོའི་སེམས་ལ་གནོད་པའི་ཚིག་རྩུབ་མོ་མི་སྨྲ། འོར་ཆེ་མ་འདོད། ཅེས་པ་ནི། གཞན་ལ་ཕན་བཏགས་པའི་ཕན་ལན་དངོས་སུ་རེ་བ་མེད་ཀྱང་། གཞན་གྱིས་འོར་ཆེ་ཞེས་བརྗོད་ན་སེམས་དགའ་སེང་འགྲོ། འོར་ཆེ་མ་བརྗོད་ན་མི་ལ་བཟང་བྱས་ངན་བྱས་ཁྱད་མི་འདུག །ཕན་བཏགས་པའི་ལན་དུ་འོར་ཆེ་ཟེར་བ་ཙམ་ཡང་མི་ཤེས་པ་འདུག་སྙམ་པའི་འོར་ཆེ་མ་འདོད། ཡུས་མ་སྒོམ། ཞེས་བྱ་བ་ནི། གཞན་ལ་ཕན་བཏགས་པ་ལ་ཡུས་བསྒོམས་མེད་དེ། སེམས་ཅན་ལ་དེ་ཐོབ། རང་ལ་དེ་འོས་པའི་ཕྱིར་ཏེ། སེམས་ཅན་གྱིས་ཐོག་མེད་ནས་མ་བྱས། ཡང་དང་ཡང་དུ་བྱས། ནམ་བྱས་རེས་ཀྱིས་ཕན་བཏགས་པའི་ཕྱིར། དེར་མ་ཟད་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་ཀྱང་རང་གི་དམ་བཅའ་མཐར་ཕྱིན་པར་འགྱུར་བ་ཡིན་གྱིས། ཡུས་བྱ་ས་མེད་དེ། རང་གིས་སེམས་བསྐྱེད་པའི་ཚེ་རྒྱལ་བ་སྲས་དང་བཅས་པ་དཔང་པོར་བཞག་ནས་འགྲོ་བ་བསྒྲལ་བར་དམ་བཅས་པའི་ཕྱིར། འཕྲལ་ལ་གང་ཐུག་སྒོམ་དང་སྦྱར། །ཞེས་པ་ནི། སྐྱིད་པའི་དུས་དང་སྡུག་པའི་དུས་དང་། ཡུལ་གྲོང་དང་དགོན་པ་སོགས་དང་སྤྱོད་


DLL1006_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་དུ་བློ་སྦྱོང་བསྒོམ་པར་བྱའོ། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ཞེས་པ་ནི། ཆོས་སྒོར་ཞུགས་པ་གཞན་ལ་ནད་ལ་སོགས་པའི་འགལ་རྐྱེན་མེད་པ་དང་། ཟས་གོས་ལ་སོགས་པའི་མཐུན་རྐྱེན་ཚང་བ་ལ་ལྟོས་ཀྱང་། འདི་པའི་ལུགས་ལ་ནད་ལ་སོགས་པའི་འགལ་རྐྱེན་བྱུང་བ་དང་། མཐུན་རྐྱེན་མ་ཚང་བ་ལ་བརྟེན་ནས་བློ་སྦྱོང་བསྒོམ་པར་བྱའོ། །རྒྱུ་མཚན་ཐམས་ཅད་གཞོམ་པར་བྱ། །ཞེས་པ་ནི། གཞན་ལ་ཆགས་སྡང་གི་རྒྱུ་མཚན་དགྲ་དངོས་སུ་གྱུར་པ་དང་། གནོད་པའི་བློ་བཅོམ་ནས་ཉེ་རིང་མེད་པར་བློ་སྦྱང་བར་བྱའོ། །རྟོག་དཔྱོད་གཉིས་ཀྱིས་ཤུན་མཐར་བྱ། །ཞེས་པ་ནི། རྟོག་དཔྱོད་གཉིས་ཀྱིས་རང་རྒྱུད་ལ་ཉོན་མོངས་པ་ཤས་གང་ཆེ། དགེ་སྦྱོར་ལ་གང་གིས་གནོད་ཤུན་མཐར་དཔྱད་ནས་གང་ཤས་ཆེ་བའི་གཉེན་པོ་བསྒོམ་པར་བྱའོ། །དོལ་ཆོད་དུ་སྦྱང་ཞེས་པ་ནི། རང་ལ་ཉོན་མོངས་སྐྱེས་བྱུང་བའི་ཚེ། གཉེན་པོ་འདི་ཙམ་གྱིས་ཐུབ་སྙམ་པའི་ཐེ་ཚོམ་མི་བྱེད་པར་བློ་སྦྱོང་ལ་དམིགས་པ་གཏད་ནས་བསྒོམ་པར་བྱའོ། །ད་རེས་གཙོ་བོ་ཉམས་སུ་བླང་། །ཞེས་པ་ནི། སྔར་འཁོར་བར་ལུས་བླངས་པ་ཐམས་ཅད་དོན་མེད་དུ་སོང་། ད་ལན་གྱི་རྟེན་འདི་ལ་དོན་གྱི་གཙོ་བོ་ཉམས་སུ་བླང་། དེ་ཡང་འདི་དང་ཕྱི་མ་གཉིས་ཀྱི་ནང་ནས་ཕྱི་མ་དོན་གྱི་ཆོས་གཙོ། དེ་ཡང་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ། སྒྲུབ་པ་ལ་ཡང་དུ་མ་ཡོད་པ་ལས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྒོམ་པ་གཙོ་བོ་ཡིན་པས་དེ་ཉམས་སུ་བླང་ངོ་། །དོན་ཆེན་གང་ཡིན་བླང་བར་བྱ་ཞེས་པ་ནི། འོ་ན་གཙུག་ལག་ཁང་ཆེན་པོ་རྩིག་པ་དང་། ལྷ་ཆེན་པོ་བཞེང་བ་དོན་ཆེའམ། སྙམ་ན། ཆེ་བའི་ངེས་པ་མེད་དེ། དེ་ལ་བརྟེན་ནས་


DLL1006_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་གནོད་པ་དང་། རངགི་དགེ་སྦྱོར་འཆག་མེད་མང་པོ་ཉམས་པར་འགྱུར་བ་དང་། གྲོགས་ངན་པ་དང་འགྲོགས་དགོས་པ་དང་། སེམས་ཅན་གྱི་ལུས་སྲོག་ལ་གནོད་པར་འགྱུར་བའི་སྐབས་སྲིད་པའི་ཕྱིར། འོ་ན་གང་དོན་ཆེ་སྙམ་ན། དིང་སང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་གཙང་མར་སྲུང་བ་དང་། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རྒྱུད་སྦྱོང་བ་དོན་ཆེ་བ་ཡིན་པས། གཞན་དོན་དུ་དེ་བྱའོ། །འབྲས་བུ་རེ་བ་ཐམས་ཅད་སྤང་། །ཞེས་པ་ནི། བློ་སྦྱོང་སྒོམ་པའི་གང་ཟག་དེས་དོན་གྱི་སྟེང་ནས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐམས་ཅད་འབྱུང་ཡང་། རྣལ་འབྱོར་པའི་བློའི་དམིགས་པ་གཏོང་ཚུལ་ལོ། །བློ་སྦྱོང་བསྒོམས་པ་ལ་བརྟེན་ནས་རང་གི་དགྲ་དང་། འདྲེའི་གནོད་པ་ཐམས་ཅད་སེལ་བ་དང་། ལྷ་དང་མི་རྣམས་བྱམས་པར་འགྱུར་བ་དང་། རྙེད་པ་དང་བཀུར་སྟི་ཐམས་ཅད་འཐོབ་པ་དང་། ཕྱི་མ་ལ་ལྷ་དང་མིའི་གོ་འཕང་འཐོབ་པ་དང་། རང་ཉིད་འབའ་ཞིག་གི་དོན་དུ་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་ཏུ་རེ་བ་སྤངས་ནས་སེམས་ཅན་གྱི་དོན་དུ་གཏོང་ལེན་གཉིས་བསྒོམ་མོ། །མ་འོངས་པ་ལ་གོ་ཆ་རྟག་ཏུ་གོ །ཞེས་པ་ནི། འོ་ན་འབྲས་བུ་རེ་བ་ཐམས་ཅད་སྤོང་ན། ལམ་ལ་ཡང་བརྩོན་པ་མི་བྱེད་དམ་སྙམ་ན། རང་དོན་དུ་མི་བྱེད་ཀྱང་ཚེ་ཐོག་མ་མེད་པ་ནས་སེམས་ཅན་ཐམས་ཅད་ཀྱིས་མ་བྱས། ཡང་དང་ཡང་དུ་བྱས། ནམ་བྱས་རེས་ཀྱིས་ཕན་སྣ་ཚོགས་ནས་བཏགས། གནོད་པ་ལས་བསྐྱབས་པའི་དྲིན་ཅན་གྱི་སེམས་ཅན་རྣམས་ལ་སྙིང་རྗེས་ཀུན་ནས་བསླངས་ནས་འདི་རྣམས་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་ཐོབ་པར་བྱེད་པ་ལ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྒོམ་དགོས་པས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཉམས་སུ་བླང་


DLL1006_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ་སྙམ་དུ་ཐུན་དྲུག་ཏུ་གོ་ཆ་གོ་བར་བྱའོ། ། ཞེས་ཐེག་པ་ཆེན་པོ་བློ་སྦྱོང་གི་གདམས་པ་འདི་ནི། སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེའི་ངོ་བོ་གྱུར་པའི་སྤྱན་རས་གཟིགས་གཉིས་པ་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ་དེ་ཉིད་ཀྱིས། སྙིགས་དུས་ཀྱི་སེམས་ཅན་རྣམས་ལ་དགོངས་ནས་ཆོས་གྲྭ་ཆེན་པོ་འཛམ་གླིང་གི་གཙུག་རྒྱན་བཀྲ་ཤིས་ལྷུན་པོ་དཔལ་གྱིས་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བ་འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་འབྱོར་པ་རྒྱས་པར་གྱུར་ཅིག །པརིཔྲྀ་ཙྪ།། །།དགེའོ། །བཀྲ་ཤིས།། །།


DLL1006_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པnext