Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་དང་པོ། ཀ༽


   
   
   
   
   
   
རྩ་རླུང་ཐིག་ལེའི་རྒྱུད་བཤད་པ།
   
   
   
   
   
   
   
   
   
   
   


 
previousརྩ་རླུང་ཐིག་ལེའི་རྒྱུད་བཤད་པ།next

རྩ་རླུང་ཐིག་ལེའི་རྒྱུད་བཤད་པ།


DNG001_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་རྫོགས་པའི་སངས་རྒྱས་ཀྱིས། །ཐིག་ལེ་ཉག་གཅིག་སྐུ་ལ་ཕྱག་འཚལ་ལོ། །རྩ་རླུང་ཐིག་ལེའི་རྒྱུད་བཤད་པ། །ཀྱེ་ཐོག་མ་ལྷུན་གྱིས་གྲུབ་པའི་གནས། །སྟོན་པ་ཐིག་ལེ་ཉག་གཅིག་སྐུ། །འཁོར་ནི་རང་བྱུང་ཆེན་པོ་ལ། །དུས་གསུམ་དབྱེ་བ་མེད་པའི་དུས། །བསྟན་པ་གཉིས་སྣང་མེད་པར་བཤད། །ཅེས་གསུངས་སོ། །རྩ་རླུང་ཐིག་ལེའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཀྱེ་གསང་བདག་རྡོ་རྗེ་སེམས་དཔའ་ཉོན། །རྩ་རླུང་ཐིག་ལེ་གཞི་ལ་གནས། །ངོ་བོ་ཐ་དད་རང་བཞིན་གཅིག །ཐུགས་རྗེའི་རོལ་པ་རང་ཤར་རོ། །ཤར་ཚུལ་སྣང་ཚུལ་གཉིས་སུ་སྣང་། །དེ་ནི་གཞི་ཡི་རང་རྩལ་ལས། །འགག་པ་མེད་པའི་རང་བྱུང་ཤར། །ཤར་བ་ཡིན་པས་ངེས་པ་མེད། །ཅེས་གསུངས་སོ། །རྩ་རླུང་ཐིག་ལེའི་རྒྱུད་ལས། གླེང་སློང་བའི་ལེའུ་སྟེ་གཉིས་པའོ།། །།རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག །རང་ཤར་ཆེན་པོའི་རྩ་རླུང་ནི། །ཕྱི་རུ་ཤར་བའི་རྩ་ལྔ་དང་། །ནང་དུ་ཤར་བའི་རྩ་ལྔ་དང་། །གསང་བར་ཤར་བའི་རྩ་ལྔ་དང་། །ཡང་གསང་ཡང་ཏིའི་རྩ་ལྔ་དང་། །དེ་ཁོ་ན་ཉིད་གསང་བ་ཆེན་པོའི་རྩ་ལྔའོ། །དེ་ལས་ཕྱི་རུ་ཤར་བའི་རྩ་ལྔ་ནི། །དབྱིངས་ཀྱི་ཐིག་ལེ་ལྔ་ཡིན་ཏེ། །ཐིག་ལེ་ལྔ་ནི་སྟོང་གསལ་དུ། །སྣང་གསལ་ཆེན་པོའི་རྒྱས་གདབ་པོ། །རིག་གསལ་ངང་དུ་ངོ་འཕྲད་པས། །ཐིག་ལེ་ལྔ་ཡང་གཅིག་ཏུ་འདྲིལ། །འབྱུང་བ་ལྔ་ནི་རིག་སྟོང་གསལ། །འབྱུང་བ་ལྔ་ནི་ངོ་སྤྲད་དེ། །ས་དང་ཆུ་དང་མེ་དང་རླུང་། །མཁའ་ཁྱབ་དྭངས་པའི་ངང་དུ་ནི། །ཚོགས་དྲུག་རོལ་པའི་ངོ་སྤྲད་པས། །འདོད་ཡོན་ལྔ་དང་ཆགས་སྡང་ལྔ། །རང་


DNG001_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་རང་གྲོལ་རང་ཤར་གསལ། །བདེ་གསལ་ངང་དུ་ངོ་སྤྲོད་དོ། །ཞེས་གསུངས་སོ། །རྩ་རླུང་ཐིག་ལེའི་རྒྱུད་ལས། དབྱིངས་རང་སར་གྲོལ་བའི་ལེའུ་སྟེ་གསུམ་པའོ།། །།རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག །ནང་དུ་ཤར་བའི་རྩ་ལྔ་ནི། །ཡེ་ཤེས་རོལ་པའི་རྩ་ལྔ་སྟེ། །གསལ་བྱེད་ཤེས་རབ་རྒྱས་བཏབ་པས། །ནང་གི་རྩ་ལྔ་གཅིག་ཏུ་འཁྱིལ། །ཤེས་རབ་ཆེན་པོ་གཅིག་ཏུ་གསལ། །ཡེ་ཤེས་ལྔ་པོ་དབྱིངས་སུ་གྲོལ། །དབྱིངས་ལྔ་རིག་པའི་ཀློང་དུ་གྲོལ། །རང་གྲོལ་རང་ཤར་ངོ་ཤེས་པས། །དེ་ནི་རང་གྲོལ་རྣམ་ལྔ་ཡིན། །ཞེས་གསུངས་སོ། །རྩ་རླུང་ཐིག་ལེའི་རྒྱུད་ལས། ནང་རང་སར་གྲོལ་བའི་ལེའུ་སྟེ་བཞི་པའོ།། །།རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག །གསང་བར་ཤར་བའི་རྩ་ལྔ་ནི། །ཐིག་ལེ་ཉག་གཅིག་རོལ་པ་ལྔ། །རང་བྱུང་ཡིན་པར་ངོ་ཤེས་པས། །སྒོམ་བསྒྲུབ་མེད་པའི་རང་ཤར་ལ། །དེ་ལྟར་སྒོམ་སྒྲུབ་བྱེད་པ་ནི། །ང་ཡི་གཞི་ལས་འཆོལ་བ་སྟེ། །ཤེས་རབ་ཆུང་བའི་གོལ་ས་ཡིན། །ལྟ་བ་རང་ཤར་ཆེན་པོ་ལ། །སྒོམ་པ་རང་གྲོལ་ཆེན་པོ་ཡིན། །སྤྱོད་པ་ཚོགས་དྲུག་ལྷུག་པ་ལ། །འབྲས་བུ་ཡུལ་སྣང་མེད་པ་ཡིན། །ཡེ་ཤེས་ཟང་ཐལ་ཆེན་པོ་ལ། །བར་དོ་མེད་པ་རང་གྲོལ་ཡིན། །ཞེས་གསུངས་སོ། །རྩ་རླུང་ཐིག་ལེའི་རྒྱུད་ལས། གསང་བ་རང་གྲོལ་གྱི་ལེའུ་སྟེ་ལྔ་པའོ།། །།རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག །དེ་ཁོ་ན་ཉིད་ཀྱི་རྩ་ལྔ་ནི། གཉིས་སྣང་མེད་པའི་ཤེས་རབ་ལ། །ཐོགས་པ་མེད་པའི་ཤེས་རབ་ཀྱིས། །འགག་པ་མེད་པའི་རིག་པ་ལ། །རང་རིག་ཡེ་ཤེས་ཟང་ཐལ་དུ། །ལྷངས་ཀྱིས་ཤེས་པ་ཤེས་རབ་ཡིན། །ཞེས་གསུངས་སོ། །རྩ་རླུང་ཐིག་ལེའི་རྒྱུད་ལས། ཡང་གསང་རང་གྲོལ་གྱི་ལེའུ་སྟེ་དྲུག་པའོ།། །།རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག །རྒྱས་པར་རྩ་ལ་བསམ་མི་ཁྱབ། །བསྡུ་ན་རྣམ་པ་གཉིས་སུ་འདུས། །ཆོས་རྣམས་ཚིག་གི་རྩ་དང་ནི། །ཡང་དག་དོན་


DNG001_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྩ་གཉིས་སོ། །འདི་ནི་ཡང་དག་དོན་གྱི་རྩ། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོས་གསུངས་པ་ཡི། །ཡེ་ཤེས་རྩ་ཡི་རྒྱུད་ཆེན་འདི། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་བཅུད། །རྡོ་རྗེ་སེམས་དཔའི་སྲོག་གི་ཐིགས་པ། །དགའ་རབ་རྡོ་རྗེའི་སྲོག་གི་འཁོར་ལོ། །སྲོག་གི་ཆན་པ། སྲོག་གི་བཅུད་ཆེན་པོ། ཐུགས་ཀྱི་རེག་ཆོད། རིག་པ་སྲོག་གི་འཁོར་ལོ་ཞེས་གསུངས་སོ། །རྩ་རླུང་གི་ལེའུ་སྟེ་བདུན་པའོ།། །།འཇམ་དཔལ་འདུས་པའི་རྒྱུད་ལས་བསྡུས་པ་རྫོགས་སོ།། །།སངས་རྒྱས་ཐིག་ལེ་ཉག་གཅིག་ལ། ཆོས་སྐུ་བརྡལ་ཁྱབ་ལ་རྟོགས་པར་བྱ་བ་དང་བཙལ་བའི་ཆོས་མེད་དེ། གང་ཟག་བློའི་ངོས་ནས་གཉིས་སུ་མེད་པར་རྟོགས་དགོས་པ་ལས། རྩ་རླུང་ཐིག་ལེའི་གདམས་པ་བཤད་པར་བྱ། དེ་ནས་གདམས་པ་ནི། རྩ་དང་རླུང་དང་ཐིག་ལེའི་གནད་གསུམ་རང་གྲོལ་དུ་ཤེས་དགོས་ཏེ། །ཐིག་ལེ་ཆེན་པོའི་རྩ་འདི་ནི་ཕྱི་ནང་གསང་བ་གསུམ་དུ་འདུས་སོ། །དེ་ལ་ཐིག་ལེ་ཕྱི་ལྟར་བཤད་པ། ཕྱི་འབྱུང་བ་ལྔ་ནི་ངོ་བོ་གསལ་ཏེ་རང་གསལ་དུ་གནས་པ་རང་བྱུང་ཡེ་ཤེས་སོ། །དེ་ནི་ཕྱི་ཡི་ཐིག་ལེའོ། །ནང་གི་ཐིག་ལེ་ནི། ངོ་བོ་རིག་པའི་ཡེ་ཤེས་རང་ཤར་ངོ་ཤེས་པའོ། །གསང་བའི་ཐིག་ལེ་ནི། བསྒོམས་པས་མ་རྙེད། མ་བསྒོམས་པས་མ་སྟོར། ཡེ་ཤེས་རང་ལས་མ་གཏོགས་པ་མེད་དེ། ཕྱི་གསལ་བ་འབྱུང་བ་ལྔ་ནི་རང་སྣང་ཆེན་པོའོ། །ནང་རིག་པའི་ཡེ་ཤེས་ཀྱི་མདངས་ཏེ། མེ་ལོང་དང་བྱད་ལྟ་བུའོ། །གཉིས་སུ་མེད་པའི་ཐིག་ལེ་ཆོས་སྐུ་བརྡལ་ཁྱབ་ཆེན་པོ་དང་། ཡེ་ཤེས་བརྡལ་ཁྱབ་གཉིས་སུ་མེད་པའོ། །ཐིག་ལེ་གསང་བ་གསུམ་པོ་འདི་རྟོགས་ཤིག །རྟོགས་པས་སངས་རྒྱས་ཀྱི་དགོངས་པ་ཁོང་དུ་ཆུད་པ་ཞེས་བྱའོ། །རླུང་ལ་ཡང་ཕྱི་ནང་གསང་བ་གསུམ་སྟེ། ཐོག་མའི་གནས་ནས་རིག་པ་བསྐྱོད་པ་གཞི་ལ་གནས་སོ། །ཕྱི་ཡི་རླུང་ནི་གླིང་བཞི་


DNG001_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འདེགས་པ་དང་། རང་བྱུང་དུ་བསྐྱོད་པའི་རླུང་ངོ་། །ནང་གི་རླུང་ནི་འགྲོ་དང་སྐད་འདོན་པ་དང་བསྐྱོད་པའོ། །གསང་བའི་རླུང་ནི་འགྱུ་བ་དང་སྙམ་བྱེད་དང་དབུགས་འབྱུང་བའོ། །རླུང་གསུམ་པོ་དེ་ཡང་ཡེ་ཤེས་ཀྱི་རླུང་དུ་རྟོགས་ན་སྐུ་གསུམ་ཐོབ་པོ། །རྩལ་ཡང་ཕྱི་ནང་གསང་གསུམ་སྟེ། །ཕྱི་ཡི་རྩ་ནི་ཆོས་ཉིད་རང་བྱུང་གི་རྩ་སྟེ། འོད་ལྔ་སྟེ་སྟོང་པ་རང་སྣང་དུ་ཤེས་པའོ། །ནང་གི་རྩ་ནི་རྣམ་རྟོག་རང་རིག་པའི་ཡེ་ཤེས་རང་ཤར་བ་སྟེ། རིག་པའི་ཡེ་ཤེས་སོ། །གསང་བའི་རྩ་ནི་དབུགས་དང་འགྱུ་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་དབྱེར་མེད་པའི་ཆོས་སྐུ་ཟང་ཐལ་ལོ། །རྩ་དང་རླུང་དང་ཐིག་ལེ་གཏན་ལ་ཕབ་པ། སྐུ་གསུམ་ལྐོག་བཞེངས་ཀྱི་དགོངས་པ། བསྟན་མ་ཐག་ཏུ་ལྟ་སྒོམ་ལ་རག་མ་ལུས་པ་ལས་སངས་རྒྱས་ཀྱི་དགོངས་པ་སྐད་ཅིག་མ་ལ་ཐོབ་པ། ཟག་བཅས་ཕུང་པོའི་ནང་དུ། སངས་རྒྱས་ཀྱི་དགོངས་པ་དང་མཇལ་བ། ལམ་མ་བསྒྲོད་པར་རང་སར་སླེབས་པ། སྐུ་གསུམ་གྱི་དགོངས་པ་དུས་གཅིག་ལ་ཐོབ་པ། འཁོར་བའི་མངལ་ཁ་དུས་གཅིག་ལ་རྒྱས་ཐེབ་པ་ཞེས་བྱ་བའི་མན་ངག །མཛོད་ཀྱི་གདམས་པ། རྩ་རླུང་གི་ཐིག་ལེ་གཏན་ལ་ཕབ་པ། རྩ་རླུང་གི་རྩ་བ་རྫོགས་སོ།། །།དཔལ་ཀུན་བཟང་སྐུ་ལ་ཕྱག་འཚལ་ནས། །རྫོགས་ཆེན་བསྒོམ་པའི་རྒྱུད་ཞུས་པ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ། །ཆོས་ཉིད་ལྷུན་གྲུབ་ཕོ་བྲང་དུ། །རིག་པ་འགག་མེད་འཁོར་རྣམས་ལ། །སངས་རྒྱས་སེམས་ཅན་དབྱེར་མེད་འདུས། །རང་ཤར་ཆེན་པོའི་བསྟན་པ་ལ། །བསྒོམ་པ་སྲོག་གི་སྤུ་གྲིའི་རྒྱུད། །ཞལ་ནས་རང་བྱུང་ཆེན་པོར་འཐོན། །བསྒོམ་པའི་སྲོག་ལ་རྣམ་བཞི་སྟེ། །སེམས་ཕྱོགས་ཡོངས་གྲགས་བསྒོམ་པའི་སྲོག །རྫོགས་པ་ཆེན་པོ་བསྒོམ་པའི་སྲོག །ཨ་ཏི་ཆེན་པོ་བསྒོམ་པའི་སྲོག །ཡང་ཏི་འབྲུ་གཅིག་བསྒོམ་པའི་སྲོག །ཅེས་གསུངས་སོ། །སེམས་ཕྱོགས་ཡོངས་


DNG001_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་བསྒོམ་པ་ནི། །བསྒོམ་ཡོད་བསྒོམ་མེད་གཉིས་སུ་འདོད། །ཡོད་པར་འདོད་པ་རྟག་པའི་མཐའ། །མེད་པར་འདོད་པ་ཆད་པའི་མཐའ། །མཐའ་གཉིས་མུ་སྟེགས་རྟག་ཆད་དུ། །གོལ་ཕྱིར་ཡང་ཏི་ནག་པོ་བསྟེན། །རྫོགས་པ་ཆེན་པོ་བསྒོམ་པ་ན། །ཐམས་ཅད་རང་ལ་རྫོགས་པར་འདོད། །བསྒོམ་བྱ་སྐྱོན་ལ་བསྒོམ་མེད་སྐྱོན། །གཉིས་སུ་མེད་པར་འདུག་པ་ནི། །དེ་ལ་ཡེ་ཤེས་མ་ཤར་བས། །སོ་སོ་སྐྱེ་བོའི་ཁྱུ་རུ་གོལ། །ཨ་ཏི་ཆེན་པོའི་བསྒོམ་པ་ནི། །རིག་པ་རང་སྣང་རང་གསལ་ལ། །སྣང་བ་རང་སྣང་གཉིས་སུ་མེད། །དེ་ཡི་དོན་ལ་གང་རྟོག་པ། །མ་ཧཱ་ཨ་ནུ་སེམས་རྩལ་དུ། །འགྲོ་བ་ཡིན་པར་བཤད་པའོ། །ཡང་ཏི་ནག་པོའི་བསྒོམ་པ་ནི། །ཤན་དབྱེ་ལ་བཟླར་འདོད་པ་སྟེ། །ཤིན་ཏུ་འདི་རྣམས་སྐུར་བར་བྱ། །རིག་པ་གསལ་བའི་ཉམས་ཀྱི་ཕ་རྒྱུད་དུ། །བདེ་བའི་ཉམས་ནི་མ་རྒྱུད་དུ། །སྟོང་པའི་ཉམས་ནི་དབུ་མ་རུ། །འོད་གསལ་ཉམས་ཀྱི་ལོངས་སྐུ་རུ། །གོལ་བ་ཡིན་ཕྱིར་ཡང་ཏི་བསྟན། །ད་ནི་ལ་བཟླ་བསྟན་པ་ནི། །ཡུལ་དང་ཡུལ་ཅན་དུ་མི་བསྒོམ། །བསྒོམ་པ་ཕར་ལ་མི་བསྒོམ་རང་ཤར་ཤེས། །བདེ་བ་མི་བདེ་ཡིད་བདེར་ཤེས། །རིག་པའི་སྐུ་ལ་ཕྱི་ནང་མེད། །མཁའ་ཁྱབ་ཡུལ་ལ་སྣང་བ་མེད། །ཡེ་ཤེས་ལུས་ལ་ཕྱི་ནང་མེད། །སྤྲུལ་པའི་སྐུ་ལ་སྐུ་གསུམ་མེད། །ཕྱི་རུ་སྣང་བ་ལོངས་སྐུར་བསྒོམ། །ནང་ནས་ཤར་བ་སྤྲུལ་སྐུར་བསྒོམ། །ཐིག་ལེ་ཉག་གཅིག་ཆོས་སྐུ་ལ། །ཆོས་སྐུའི་བསྒོམ་པ་རྫོགས་པའོ། །ཕྱི་རུ་བསྒོམ་པས་ལོངས་སྐུར་གོལ། །ནང་དུ་བསྒོམ་པས་སྤྲུལ་སྐུར་གོལ། །གཉིས་མེད་བསྒོམ་པས་དབུ་མར་གོལ། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་། །དང་པོ་ཐིག་ལེའི་ངང་ལས་བྱུང་། །བར་དུ་ཐིག་ལེའི་ངང་ལ་གནས། །ཐ་མར་ཐིག་ལེའི་ངང་དུ་རྫོགས། །བསྒོམས་ཉམས་


DNG001_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་བྱུང་བ་ཡང་། །དང་པོ་བཀའ་ཡི་རྒྱུད་ལས་བྱུང་། །ང་ནི་ཉམས་ལ་མི་བརྟེན་ཏེ། །ཡང་ཏི་ནག་པོའི་བསྒོམ་པའོ། །བསྒོམ་པ་སྲོག་གི་སྤུ་གྲིའོ། །སྲོག་གི་འཁོར་ལོའི་རྒྱུད་རྫོགས་སོ།། །།བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །ཐུགས་ཀྱི་སྤྲུལ་པ་ཆེན་པོ་ལ། །དུས་གསུམ་ཁྱད་པར་མེད་པའི་ཕྱིར། །ཉིད་ལས་མི་གཞན་འཁོར་རྣམས་ལ། །རྫོགས་པ་ཆེན་པོའི་བསྟན་པ་ཤར། །ཞེས་གསུངས་སོ། །ལྟ་བ་ལ་ཐལ་ཆེན་པོའི་རྒྱུད་ཉིད་ཀྱི་ཞལ་ནས་བྱིན་བརླབས་སུ། རང་བཞིན་དག་པ་རྣམས་ལ་བབས། །ཆོས་སྐུ་ཐིག་ལེ་ཉག་གཅིག་ལ། །འཁྲུལ་པ་མེད་པས་སེམས་ཅན་མེད། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །བློ་དང་དངོས་པོ་གཉིས་སུ་མེད། །ཆོས་ཅན་ཆོས་ཉིད་གཉིས་སུ་མེད། །འཁོར་བ་མྱང་འདས་གཉིས་སུ་མེད། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །རྣམ་རྟོག་ཡེ་ཤེས་གཉིས་སུ་མེད། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལམ་གྱིས་བཅོས་སུ་ག་ལ་ཡོད། །ཡེ་ནས་གྲོལ་བའི་ཆོས་སྐུ་ལ། །ལྟ་སྒོམ་སྤྱོད་པ་འཆིང་བའི་རྒྱུ། །ཡེ་གྲོལ་ཆེན་པོ་ཕྱོགས་མེད་ལ། །ཕྱོགས་སུ་འཛིན་པ་འཁྲུལ་པའི་ལམ། །ལྟ་སྒོམ་སྤྱོད་པ་ནོར་བའི་ལམ། །འབྲས་བུ་ཐོབ་འདོད་ལྟོས་པའི་ཆོས། །ཡེ་གྲོལ་ཆེན་པོར་ཤར་བ་ལ། །རྩོལ་བསྒྲུབ་བྱེད་པ་འཁྲུལ་པའི་ལམ། །ཐམས་ཅད་རང་སྣང་ཆེན་པོ་ལ། །བསྒོམ་དུ་མེད་པར་བསྒོམ་པ་ནི། །དེ་ནི་ནམ་མཁར་སྙེགས་པ་འདྲ། །ཡེ་ནས་ཆོས་སྐུར་གཅིག་པ་ལ། །བར་དོར་ཆོས་ཉིད་སྐྱེ་འདོད་པ། །དེ་ནི་ལམ་གྱི་གོལ་ས་ཡིན། །ཐམས་ཅད་ཡེ་ནས་ལྷུན་གྲུབ་ལ། །བར་དོར་འབྲས་བུ་འདོད་པ་ནི། །དེ་ནི་ས་ཡི་གོལ་ས་ཡིན། །རིག་པ་རང་བྱུང་ཡེ་


DNG001_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལ། །རྒན་པོ་མཁར་ཐོགས་བསྒོམ་པ་དང་། །རྒན་མོ་མཛུབ་ཚུགས་བསྒོམ་པ་དང་། །གཞོན་པ་བདེ་བ་བསྒོམ་པ་ནི། །ཉམས་མྱོང་རེ་ལ་ཕྱོགས་ལྟོས་མེད། །ཉམས་མྱོང་རྐྱེན་གྱིས་བསྒྱུར་བའི་ཕྱིར། །ཡེ་ཤེས་སྐྱེས་པ་རྐྱེན་ཁར་ཐལ། །ཕྱོགས་ལ་ལྟོས་ནས་རྟེན་འཆའ་བས། །དེ་ནི་ཉམས་མྱོང་གོལ་ས་ཡིན། །རྫོགས་ཆེན་ཡང་ཏི་ནག་པོ་ལས། །ཕྱོགས་འཛིན་མི་སྤང་མི་འགེགས་ལ། །ཆེད་དུ་གང་ཡང་མི་བསྒྲུབ་པས། །ངེས་ན་ལྟོས་པའི་ཆོས་མེད་དེ། །དེ་ཡི་མིང་ནི་ལྷུན་གྲུབ་ཡིན། །དེ་ཡི་མཚན་ནི་རྫོགས་ཆེན་ཡིན། །གསང་མཚན་ཡང་ཏི་འབྲུ་གཅིག་ཡིན། །ཡང་གསང་ལྟ་བ་ལ་ཐལ་གྱི་རྒྱུད། ཀུན་ཏུ་བཟང་པོའི་སྲོག་གི་སྤུ་གྲི། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་རེག་ཆོད། རོ་ལངས་བདེ་བའི་ཐུགས་ཀྱི་སྲོག་གི་ཐིགས་པ། བརྒྱུད་པ་གསུམ་པ། ལྟ་བ་ལ་ཐལ་གྱི་རྒྱུད་རྫོགས་སོ།། །།ཐིག་ལེ་ཉག་གཅིག་སྐུ་ལ་ཕྱག་འཚལ་ནས། །བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། །ཆོས་ཉིད་བརྡལ་བའི་ཕོ་བྲང་དུ། །འཁོར་གྱི་རྡོ་རྗེ་སེམས་དཔའ་ལ། །རིག་པ་ཕྱི་ནང་མེད་པའི་དུས། །ཐབས་དང་ཤེས་རབ་བསྟན་པ་ཤར། །ཞེས་གསུངས་སོ། །ཐིག་ལེའི་ངང་དང་བྱིན་རླབས་ལས། །སྤྱོད་པ་གཏན་ལ་ཕེབ་པ་ཡིས། །ཐབས་དང་ཤེས་རབ་རྒྱུད་ཆེན་འདི། །བྱིན་གྱི་རླབས་ཀྱིས་ཤར་བའོ། །སྤྱོད་པའི་དོན་ཉིད་རྣམ་གསུམ་ཏེ། །སེམས་ལས་བྱས་པའི་སྤྱོད་པ་དང་། །ཆོས་ལས་བྱས་པའི་སྤྱོད་པ་དང་། །ཡང་ཏི་ནག་པོའི་སྤྱོད་པའོ། །སེམས་ཀྱི་སྤྱོད་པ་རྣམ་གསུམ་ཏེ། །མདོ་སྡེ་འདུལ་བ་མངོན་པ་གསུམ། །དེ་ཡང་སེམས་ཀྱི་སྤྱོད་པ་ཡིན། །མ་ཧཱ་ཨ་ནུ་སེམས་ཕྱོགས་གསུམ། །དེ་ཡང་སེམས་ཀྱི་སྤྱོད་པ་གསུམ། །ཆོས་ཀྱི་སྤྱོད་པ་རྣམ་པ་གཉིས། །ལྟ་བ་སྒོམ་པ་སྤྱོད་པ་ཡང་། །དེ་ཡང་ཆོས་ཀྱི་སྤྱོད་པ་ཡིན། །ཐོས་དང་བསམ་དང་བསྒོམ་པ་ཡང་། །དེ་ཡང་ཆོས་ཀྱི་


DNG001_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཡིན། །ཞེས་གསུངས་སོ། །ཡང་ཏི་ནག་པོའི་སྤྱོད་པ་ནི། །ཤེས་རབ་ཆེན་པོར་འདོད་པ་སྟེ། །སྣང་བ་མི་འགེགས་ཐུག་ཕྲད་ཁྱེར། །འོད་གསལ་འཁོར་ལོ་རྒྱས་འདེབས་སྤྱོད། །འཛིན་པ་རིག་པ་རང་གྲོལ་བས། །ཡིད་ཀྱི་འཛིན་པའི་རྒྱས་འདེབས་སྤྱོད། །ཡུལ་དང་ཡུལ་ཅན་གཉིས་མེད་པས། །དབྱེར་མེད་ཆོས་སྐུའི་རྒྱས་འདེབས་སྤྱོད། །དེ་ནི་ཡང་ཏི་ཕྱིར་སྤྱོད་དོ། །ཡང་ཏི་ནང་སྤྱོད་བསྟན་པ་ནི། །རང་ལུས་འབྱུང་བའི་ཡིད་ཕུང་ལ། །དབྱེར་མེད་ཆོས་སྐུའི་རྒྱས་འདེབས་སྤྱོད། །འོད་གསལ་འཁོར་ལོ་བསྐོར་བ་ཡིས། །ཆོས་སྐུ་ཤེས་རབ་ངང་དུ་འཆར། །གཟུང་འཛིན་རིག་པའི་ཀློང་དུ་དག །དེ་ནི་ནང་གི་སྤྱོད་པའོ། །ཡང་ཏི་གསང་སྤྱོད་བསྟན་པ་ནི། །རིག་པ་བཀག་པས་མི་ཁེགས་ཏེ། །རང་ཤར་དགག་བསྒྲུབ་མེད་པར་ཐེང་། །རིག་པ་གཅེར་བུར་སྤུར་གྱིས་ཕྱུངས། །སྣང་བ་བསྒོམ་པ་སྤུན་པོར་ཤོར། །ཐིག་ལེའི་ངང་དུ་ལྷངས་ཀྱིས་ཞོག །འོད་གསལ་ཆེན་པོར་ལྷངས་ཀྱིས་ཕྱུངས། །དེ་ལ་སྤྱད་པའི་ཡུལ་མེད་པ། །ཡེ་བཞེངས་ཆེན་པོ་ཞེས་ཀྱང་བྱ། །གཞི་བཞག་ཆེན་པོ་ཞེས་ཀྱང་བྱ། །ཡེ་གྲོལ་ཆེན་པོ་ཞེས་ཀྱང་བྱ། །ཡང་ཏི་ནག་པོ་ཞེས་ཀྱང་བྱ། །གསེར་གྱི་འབྲུ་གཅིག་ཞེས་ཀྱང་བྱ། །ཐིག་ལེའི་ངང་དུ་ཤར་བ་ཡི། །ཐབས་དང་ཤེས་རབ་ཀྱི་རྒྱུད། སྲོག་གི་ཐིགས་པ། བདུད་རྩིའི་བུམ་པ། སྣང་བྱེད་སྤུ་གྲིའི་རྒྱུད་རྫོགས་སོ།། །།བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། །འཁོར་གྱི་རྡོ་རྗེ་སེམས་དཔའ་ལ། །ཕྱི་ནང་མེད་པའི་ཆོས་དབྱིངས་སུ། །འབྲས་བུ་ཐོབ་པ་མེད་པའི་དུས། །ཐམས་ཅད་ཡེ་གྲོལ་བསྟན་པ་ལ། །ཡང་ཏི་ནག་པོ་འབྲུ་གཅིག་ཤར། །བྱིན་གྱི་རླབས་ཀྱིས་བྱུང་བ་ཡི། །འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད་ལས། །ངང་ལ་ཤུགས་ཀྱིས་ཤར་བའོ། །འབྲས་བུ་ལ་ཡང་རྣམ་བཞི་སྟེ། །ཕྱི་ཡི་འབྲས་


DNG001_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བསྟན་པ་དང་། །ནང་གི་འབྲས་བུ་བསྟན་པ་དང་། །གསང་བའི་འབྲས་བུ་བསྟན་པའོ། །ཕྱི་ཡི་འབྲས་བུ་བསྟན་པ་ནི། །ཕྱི་ཡི་འབྱུང་བ་ལྔ་པོ་ཡེ་ཤེས་ལྔ། །ནང་གི་འབྲས་བུ་བསྟན་པ་ནི། །རྟགས་ཀྱི་ཡེ་ཤེས་ཚོན་གང་ལ། །ཡང་གསང་འབྲས་བུ་གཉིས་ཡིན་ཏེ། །ངོ་བོ་རང་བཞིན་ཐུགས་རྗེ་དང་། །རིག་པའི་ཡེ་ཤེས་ཁོ་ནའོ། །རེ་རེ་ལ་ཡང་བཞི་བཞིས་བསྐོར། །མཚན་ཉིད་འཛིན་པ་དབུས་གནས་ཏེ། །ཐམས་ཅད་ཡེ་ཤེས་ཆེན་པོར་ཤར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས། །ཐམས་ཅད་འབྱུང་ཡང་རང་བྱུང་ལ། །ཐམས་ཅད་འགགས་ཀྱང་རང་འགགས་ལ། །ཐམས་ཅད་གྲོལ་ཡང་རང་གྲོལ་ལས། །འབྲས་བུ་ཐོབ་པའི་ས་མེད་དེ། །དཔེར་ན་རྒྱ་མཚོའི་ཉ་མོ་བཞིན། །གར་ཕྱིན་རྒྱ་མཚོའི་ནང་དུ་གནས། །ལྷུན་གྱིས་གྲུབ་པས་ཐོབ་པ་མེད། །པད་མ་ནོར་བུ་རིན་པོ་ཆེ། །ཐམས་ཅད་གཅིག་ལས་རང་བྱུང་བས། །དེ་ནི་ལྷུན་གྲུབ་ཆོས་སྐུའོ། །དབང་པོ་རབ་ཀྱི་ཆོས་ཡིན་ཏེ། །འབྲིང་དང་ཐ་མ་འཁྱམས་པར་མཆིའོ། །རྫོགས་ཆེན་གནད་དུ་མ་ཕེབས་པར། །ཆོས་སྤྱོད་གང་དགར་བཏང་བ་ནི། །དེ་ནི་རྫོགས་ཆེན་རྒྱུན་ཆད་ཡིན། །རྫོགས་ཆེན་རྟག་ཅིང་མ་ཆད་པར། །དགེ་སྡིག་འཆོལ་བར་སྤྱོད་པ་ནི། །དེ་ནི་རྫོགས་ཆེན་དྲང་ཐད་ཡིན། །རྫོགས་ཆེན་རྒྱུད་ལ་མ་ཐེབས་པར། །ཐོས་བསམ་བསྒོམ་སྒྲུབ་མི་བྱེད་པ། །དེ་ནི་རྫོགས་ཆེན་ཕྱལ་པ་ཡིན། །ཡེ་ཤེས་གནད་དུ་མི་འཛིན་པར། །སེམས་འཛིན་ཕྲ་མོ་བརྩམ་པ་ནི། །དེ་ནི་སྒྲོན་མའི་ཡིད་སྨོན་ཡིན། །སེམས་འཛིན་གཅིག་ལ་ཡིད་འཆའ་བ། །དེ་ནི་ལོང་བའི་ལམ་སྣ་ཡིན། །གདམས་ངག་ཕྱོགས་རེ་མ་རྫོགས་པར། །རྒན་མོ་མཛུབ་ཚུགས་བསྒོམ་པ་ནི། །དམ་པར་ཞེན་པའི་བསྒོམ་པ་ཡིན། །ཞེ་འདོད་གཅིག་ལ་རྟེན་འཆའ་བས། །རྒད་པོ་མཁར་ཐོགས་བསྒོམ་པ་ནི། །དེ་ནི་ལོང་བའི་ལམ་རྒྱུས་ཡིན། །བདེ་བའི་ཉམས་མྱོང་ལ་བརྟེན་ནས། །གཞོན་པ་བདེ་བ་བསྒོམ་པ་ནི། །དེ་ནི་གཞོན་པའི་རྨི་ལམ་ཡིན། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོ་སྲོག་གི་ཐིགས་པ། འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད་རྫོགས་སོ།། །།


DNG001_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ཀུན་ཏུ་བཟང་པོ་ཡི། །ལྷུན་གྲུབ་སྐུ་ལ་ཕྱག་བཙལ་ནས། །ཐིག་ལེ་མཐོང་བརྡོལ་རྒྱུད་གསུངས་པ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །གནས་ནི་ཐིག་ལེ་མཁའ་ཁྱབ་ཏུ། །འཁོར་ནི་རང་བྱུང་ཡེ་ཤེས་ལ། །དུས་ནི་ཐམས་ཅད་རང་བྱུང་དུས། །བསྟན་ནི་གཉིས་མེད་ཐིག་ལེའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །འཁོར་གྱི་རྡོ་རྗེ་སེམས་དཔའ་ཁྱོད། །ཐིག་ལེ་མཐོང་བརྡོལ་རིག་པའི་འཁོར་ལོ་བསྐོར། །ཕུར་བུ་ཆེན་པོ་ཐོབ་ལ་སྒྲོལ། །སྲིད་གསུམ་དབང་དུ་བསྡུས་ལ་སྦྱོར་སྒྲོལ་གྱིས། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། རིག་པ་འགགས་པ་མེད་པ་ལ། །ཤེས་རབ་འགགས་པ་མེད་པ་ཡིས། །སྣང་སྲིད་བྱུང་ཐོབ་སྲོག་གི་རྩ་བ་ཆོད། །ཐུགས་ཀྱི་རེག་ཆོད་སྤུ་གྲི་ཚོ། །འཛིན་མེད་ཞགས་པ་ཆོད་ལ་ཐོང་། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། ཐིག་ལེ་མཐོང་ནས་བརྡོལ་བ་ནི། །ཙིཏྟའི་ནང་དུ་རབ་བརྟགས་པས། །རིག་པ་སྟོང་པར་གསལ་བ་ནི། །དེ་ནི་ཐིག་ལེ་སྤྱི་བརྡོལ་ཡིན། །ཉམས་མྱོང་འདྲེས་པའི་བདེ་གསལ་ནི། །དེ་ནི་ཐིག་ལེ་ནང་བརྡོལ་ཡིན། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། ཐིག་ལེ་མཐོང་ནས་མ་བརྡོལ་ན། །རིག་པའི་གནད་དུ་བརྡེག་པར་བྱ། །ཚོགས་དྲུག་རོལ་པ་ཧར་སངས་ལ། །རིག་པའི་བདེ་བ་རང་ཤར་ལྟོས། །འདི་ནི་ཐིག་ལེ་ནང་བརྡོལ་ཡིན། །དཀར་པོའི་དུས་སུ་རབ་ཏུ་སྦྱར། །ཁོང་ནས་ཡིད་ཀྱི་འགྱུ་བ་ལ། །འགྱུ་བས་འགྱུ་བའི་དུས་ཚོད་དུ། །བདེ་གསལ་ཉིད་དུ་ལྷང་ངེ་བལྟ། །དེ་ནི་ཐིག་ལེ་ནང་བརྡོལ་ཡིན། །གཉིས་སུ་མེད་པའི་ཡེ་ཤེས་ལ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པར། །རང་བཞིན་ཉིད་དུ་ཤེས་པ་གསལ། །དེ་ནི་ཕྱི་བརྡོལ་ནང་བརྡོལ་ཡིན། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། རིག་པ་གདངས་ཀྱི་ངོས་བཟུང་དང་། །བདེ་སྟོང་ཉིད་དུ་ཅུར་ཀྱིས་དབྱུང་། །བདེ་བ་ཉིད་ལ་ལྟ་སྟངས་བྱ། །འོད་གསལ་ཉིད་དུ་སྟོངས་ཀྱིས་འབྱུང་། །ཞེས་གསུངས་སོ། །ཐིག་ལེ་མཐོང་བརྡོལ་གྱི་རྒྱུད། རིག་པ་ཅུར་འབྱིན་གྱི་བརྡའ། སྲོག་གི་ཆན་པ། ཡང་ཏི་ནག་པོའི་རྒྱུད་རྫོགས་སོ།། །།


previousརྩ་རླུང་ཐིག་ལེའི་རྒྱུད་བཤད་པ།next