Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་དང་པོ། ཀ༽


   
   
   
   
   
   
   
   
   
   
   
   
རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ཅེས་བྱ་བ།
   
   
   
   
   


 
previousརྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ཅེས་བྱ་བ།next

རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ཅེས་བྱ་བ།


DNG001_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་སནྟི་རཏྣ་སཾ་སཱ་ར་མཱུ་ལ་ཙྪེ་ད་ན་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རང་བྱུང་གི་ངོ་བོ་ཉིད་ཡེ་ཤེས་ཀྱི་སྐུ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་གསུངས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་གྱི་གནས་ན། སྐུ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པས། རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། །ཡེ་ཤེས་འཁོར་ལོའི་དགོངས་པ་ལས། །གཡོས་པ་མེད་པར་སྙོམས་པར་ཞུགས། །དེའི་ཚེ་དུས་གསུམ་སངས་རྒྱས་དང་། །རྡོ་རྗེ་འཆང་གི་རིག་འཛིན་དང་། །དཔལ་ཆེན་ཁྲག་འཐུང་མ་མོའི་ཚོགས། །


DNG001_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ལྷ་མི་ལ་སོགས་པ། །དང་བའི་དད་པས་འདུས་པ་རྣམས། །རང་སེམས་གདོད་ནས་དག་པའི་ཕྱིར། །དང་བའི་ཡིད་ཀྱིས་ཡེངས་མེད་པར། །ཐབས་ཅིག་རིམ་པར་འཁོད་གྱུར་ཏོ། །དེ་ནས་ཐུགས་ཀྱིས་གཟིགས་པའི་དོན། །རྡོ་རྗེ་སེམས་དཔས་དོན་རིག་སྟེ། །འཁོར་རྣམས་ལ་ནི་བརྩེར་དགོངས་ནས། །ཏིང་ངེ་འཛིན་གྱི་དོན་གསོལ་པ། །འཇིག་རྟེན་མགོན་པོ་རྫོགས་སངས་རྒྱས། །ཡེ་ཤེས་ཐུགས་རྗེ་ཆེན་པོ་ཡིས། །ཆོས་ཉིད་གནས་ལུགས་ཇི་ལྟ་བ། །མ་ནོར་མ་བཅོས་སྙིང་པོའི་ཐུགས། །འཁྲུལ་པའི་བློ་ཡིས་རྟོགས་པའི་ཐབས། །དུས་འདིར་བདག་ལ་བཤད་དུ་གསོལ། །རང་བྱུང་ངོ་བོ་ཉིད་སྐུ་སྟེ། །དོན་ལྡན་ཆོས་རྗེས་བཀའ་སྩལ་པ། །སངས་རྒྱས་ཆོས་ཉིད་ཇི་ལྟ་བ། །འཁོར་འདས་མ་རིག་སྙིང་པོའི་དོན། །ཡང་མེས་ང་ཡིས་དོན་བཤད་དུ། །རྒྱུད་ལུང་སངས་རྒྱས་སྐྲག་ཅིང་སྔངས། །ཉན་ཐོས་མདོ་སྡེ་བརྒྱལ་ཞིང་འབོག །ལྷ་མིན་འཇིག་རྟེན་སྲིན་པོའི་ཚོགས། །སྒྲོ་སྐུར་འདོགས་པའི་གང་ཟག་རྣམས། །གཏན་དུ་དམྱལ་བ་ཆེན་པོར་ལྟུང་། །དེ་ལ་ཚེ་ཡི་བར་གཅོད་དང་། །འཇིགས་པ་སྣ་ཚོགས་ཀུན་ཀྱང་འོང་། །མགོ་ལུས་ཚལ་པ་སྟོང་དུ་འགས། །རིག་འཛིན་རྣམས་ཀྱིས་སྤོང་བར་འགྱུར། །དེ་ལྟར་བཀའ་སྩལ་དོན་གོ་ནས། །སེམས་ཀྱི་གདུང་བའི་ཡུས་བཏོན་ཏོ། །འགལ་སེམས་རྡུལ་ཙམ་མེད་པ་ནི། །དད་པས་བྱང་ཆུབ་དོན་ལ་མོས། །ངེས་ཚིག་བསྟན་པར་ཡིད་བསྡུས་སོ། །དེ་ཚེ་ངོ་བོ་ཉིད་སྐུ་དེས། །ཡེ་ཤེས་འཁོར་ལོའི་དགོངས་པ་ལས། །ཐུགས་རྗེས་མངོན་པར་གཟིགས་ནས་ཀྱང་། །ཀུན་བཟང་ཆོས་སྐུ་རྟོགས་འདོད་དེ། །དོན་དུ་བསྡུས་པ་བཀའ་སྩོལ་པ། །ལེགས་སོ་དད་པའི་འཁོར་རྣམས་ཉོན། །དོན་རྣམས་གསལ་བར་ངས་བཤད་ཀྱིས། །ལེགས་པར་ཉོན་ལ་ཡིད་ཀྱིས་ཟུང་། །འཁོར་འདས་ཚིག་ཏུ་བརྗོད་དཀའ་བ། །ཆོས་སྐུ་ནམ་མཁའ་ལྟ་བུ་དེ། །ཀུན་ལ་གནས་ཀྱང་རྟོགས་པར་དཀའ། །མངོན་སུམ་དུ་ཡང་མི་གནས་ཕྱིར། །སྲིད་གསུམ་སེམས་ཅན་ཐམས་ཅད་ནི། །


DNG001_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲིར་དང་དོན་གྱིས་འདུལ་བ་ལས། །ངེས་པའི་དོན་གྱིས་འདུལ་བ་མིན། །ངེས་པའི་དོན་གྱིས་འདུལ་བ་ནི། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ལས་ནི་རེས་འགའ་ཞིག །འབྱུང་སྲིད་ཀུན་དང་ཐུན་མོང་མིན། །དེ་ཕྱིར་སྣོད་ལྡན་འཕྲད་གྱུར་ན། །མ་མཚོན་གོ་དང་མ་དཔྱད་རྟོགས། །དོན་ལྡན་དག་ཏུ་རིག་པའི་བློས། །མ་བསྒོམས་བསྟན་པས་ངེས་པར་ཆོག །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །བླ་མ་རྡོ་རྗེ་སློབ་དཔོན་ལ། །དད་པ་སྐྱོ་ངལ་མེད་པ་དང་། །མཆེད་ལ་སྲིང་ལྟར་གདུང་བ་དང་། །འཁོར་བའི་སྡུག་བསྔལ་འཇོམས་པའི་ཕྱིར། །བྱང་ཆུབ་སྲོག་དང་བསྡོ་བ་ལ། །དོན་འདི་ཁྱོད་ལ་བཤད་ཀྱིས་ཉོན། །དེ་དང་མི་ལྡན་འདི་བསྟན་ན། །ཕྱི་མའི་དུས་ཀྱི་སྣོད་མེད་རྣམས། །གནམ་ལྕགས་ས་ལ་བྱིང་བ་བཞིན། །མཁའ་འགྲོ་རྣམས་ཀྱིས་སྲོག་བཅད་ནས། །ཐར་མེད་དམྱལ་བའི་གནས་སུ་ལྟུང་། །རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་ནས་གཅོད་པའི་རྒྱུད་ལས། དོན་གྱི་གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །།སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །ང་ཡི་ཆོས་ཉིད་གནས་ལུགས་ནི། །དུས་གསུམ་མེད་པའི་གོང་རོལ་དུ། །འཁོར་འདས་གཉིས་ཀ་གདོད་ནས་མེད། །ང་ཉིད་དེ་ཚེ་གདོད་ནས་གནས། །བསྟན་པ་མེད་པའི་སྟོན་པའི་ཐུགས། །ང་རང་ཉིད་ལས་མ་གཏོགས་པ། །སངས་རྒྱས་སེམས་ཅན་མིང་ཡང་མེད། །འབྱུང་བ་ལྔ་དང་སྲིད་པའང་མེད། །མི་སྲིད་ཕུང་པོ་གང་ལས་སྐྱེད། །བག་ཆགས་མ་བགོས་སྨོས་ཅི་དགོས། །དོན་རྟོགས་སངས་རྒྱས་མེད་པའི་ཕྱིར། །དེ་བསྟན་རྟོགས་པ་ཤར་བ་མེད། །དེ་ཕྱིར་འཁོར་འདས་ང་ལ་བསླད། །གཟུགས་མེད་སེམས་ཀྱི་སྙིང་པོ་ལ། །སྒོ་ལྔ་མེད་ཕྱིར་ཡུལ་ཡང་མེད། །བཟང་ངན་རྣམ་རྟོག་གཏིང་ནས་མེད། །ང་ཉིད་གཅིག་པུ་སྔོན་དུ་བྱུང་། །རང་གསང་ང་ཉིད་ཀུན་གྱི་མེས། །རྒྱུ་རྐྱེན་མེད་པའི་སྙིང་པོ་ཡིན། །ད་ཡང་འདུས་པའི་སྙིང་པོ་ཉོན། །ང་ཡི་མཚན་ཉིད་མཐུན་དཔེ་ནི། །དངོས་པོ་མེད་པས་ནམ་མཁའ་འདྲ། །མི་འགྱུར་སྲ་བས་རྡོ་རྗེ་འདྲ། །


DNG001_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མེད་པས་ཨ་དང་འདྲ། །དོན་ལ་ཡིན་ཕྱིར་དཔེ་མི་བསྟན། །དེ་ཕྱིར་སྙིང་པོའི་ཐིག་ལེ་འདི། །ཆོས་ཉིད་མེད་པའི་སྔོན་རོལ་དུ། །སྟོང་པ་ཉིད་ལས་ང་སྔ་ཕྱིར། །ང་ལ་སྟོང་པར་སྐུར་མ་འདེབས། །གདགས་པ་མེད་པའི་སྔོན་རོལ་དུ། །མིང་དང་ཚིག་པས་ང་སྔ་ཕྱིར། །ཡོད་ཅིང་རྟག་པར་སྒྲོ་མི་གདགས། །ང་ནི་འགྱུར་མེད་སྙིང་པོ་ལ། །སྐྱེ་ཤི་མེད་པར་ཡིད་ཆེས་པས། །འཁོར་འདས་མ་རེག་ང་སྔ་ཕྱིར། །རེག་གཉིས་ལོག་ཕྱིར་གདོད་ནས་དག །སྐྱོན་གྱིས་མ་གོས་ཆོས་ཀྱི་སྐུ། །ཀུན་བཟང་གློ་བུར་སངས་རྒྱས་ཏེ། །རབ་ཏུ་ཆེ་མཆོག་ཡེ་ཤེས་སྐུ། །དོན་གྱི་སངས་རྒྱས་རྟོགས་པའི་ཕྱིར། །མི་སྐྱེ་མི་འགག་ནམ་མཁའ་འདྲ། །ང་མ་རྟོགས་པའི་སངས་རྒྱས་མེད། །དེ་ཕྱིར་སངས་རྒྱས་ཀུན་གྱི་མེས། །སངས་རྒྱས་ཀུན་གྱི་བླ་མ་ང་། །ང་མ་འཁྲུལ་པའི་སེམས་ཅན་མེད། །སེམས་ཅན་ཕ་མ་ང་ཉིད་ཡིན། །ང་ལས་འཁྲུལ་པའི་རྐྱེན་གྱིས་སུ། །སངས་རྒྱས་སེམས་ཅན་ང་ལས་བྱུང་། །ཕྱི་ཡི་འབྱུང་བ་ང་ཡི་རྩལ། །ནམ་མཁའ་སྟོང་པ་ང་ཡི་དཔེ། །ཕྱི་ནང་མཚན་མ་ང་འཁྲུལ་རྟགས། །འཁོར་འདས་རྩ་བ་ང་ཉིད་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ང་ལ་བཤད་ཅིང་མཚོན་མི་མཁྱེན། །མཛད་པའི་ཆོས་ཉིད་སྨོས་ཅི་དགོས། །བསྐལ་པར་འཁྱམས་ཀྱང་སྐྱེ་བ་མེད། །ཤི་མེད་ནོར་མཆོག་ཀུན་གྱི་གཞི། །རང་བྱུང་སྙིང་པོ་ཀུན་ལ་ཁྱབ། །དོན་ལ་འགྱུར་བ་རྡུལ་ཙམ་མེད། །གདོད་ནས་འགྱུར་མེད་བྱང་ཆུབ་ལ། །ཇི་སྐད་བརྗོད་ཀྱང་མཐུན་པ་མེད། །དེ་ཕྱིར་བློ་ཡི་སྤྱོད་ཡུལ་མིན། །མཛད་སྤྱོད་འབྱུང་བ་འཁོར་བའི་ཆོས། །དེ་ལ་དམ་པར་གང་འཛིན་པ། །ནམ་མཁའ་དག་ལ་འཛིན་པ་འདྲ། །སངས་རྒྱས་རྣམས་ནི་སྤྱོད་མི་མཛད། །མ་བྱུང་མ་སྐྱེས་ང་ཉིད་ཡིན། །རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལས། དོན་ཆོས་ཉིད་ཀྱི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ད་ཡང་སེམས་དཔའ་ཆེན་པོ་ཉོན། །ང་ལས་འཁྲུལ་པ་


DNG001_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ནི། །ཐོག་མའི་དུས་ཀྱི་མཐའ་དྲུག་གཉིས། །ཀུན་གཞི་མ་རིག་མུན་གསེབ་ན། །གཅིག་ལ་སྣང་བ་གཉིས་སུ་འབྱུང་། །ཡར་མར་འཁྲུལ་འཁོར་འཁོར་བའི་ཆོས། །ཐག་སྦྲུལ་ཐོ་ཡོར་ཇི་བཞིན་དུ། །མ་རིག་པ་ལས་འཁྲུལ་པ་བརྒྱུད། །དམུས་ལོང་ལྟ་བུར་རང་བསྒྲུབས་པས། །མི་ཤེས་ལོག་པའི་འཁོར་བར་འཁྱམས། །དེ་བས་སེམས་དཔའ་ཆེན་པོ་ཉོན། །འོག་མའི་ལུང་ལྡན་རྐྱེན་ཕྲད་ནས། །བློས་འཇལ་ལྟ་བ་རྣམ་པ་བཞི། །ཡོ་ག་མན་ཆད་ང་ཡི་གཏམ། །ཇི་སྙེད་མཛད་ཀྱང་ང་མི་རྙེད། །མཚན་མ་རགས་ཤིང་ང་མི་རྟོགས། །རྒྱུད་ལུང་རྣལ་འབྱོར་ཆེན་པོ་ལས། །ང་ཚོལ་པ་འཁྲུལ་ང་མི་རྙེད། །ང་མ་རྙེད་པས་སྣང་བ་ཞེན། །འགྲོ་དོན་ཐེག་པ་རྣམ་པ་བརྒྱད། །གཞི་ཉིད་མ་ཤེས་འཁྲུལ་པའི་ཕྱིར། །བརྒྱད་གཉིས་མི་སྒྲོལ་ཤིན་ཏུ་འཆིང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །འཁོར་བའི་རྒྱུ་ནི་རྟོག་པ་ཡིན། །གཟུང་འཛིན་ཞེན་པ་མཚན་མར་སྣང་། །བག་ཆགས་བརྟས་ཕྱིར་ཀུན་གཞི་ཡིན། །ཡེ་ཤེས་མྱ་ངན་འདས་པའི་རྒྱུ། །མི་རྟོག་གཞི་གནས་ཉིད་བརྡལ་བ། །འབྲས་བུ་ཟུང་འདྲེལ་ལྷུན་གྲུབ་པ། །གཉིས་ཀའི་རྒྱུར་གྱུར་གཞི་ཉིད་ནི། །རང་བྱུང་ངོ་བོ་ཉིད་ཀྱི་སྐུ། །དེ་ཉིད་མ་རྟོགས་དམན་རྣམས་ཀྱིས། །སྣང་བ་དེ་ཉིད་གཞིར་འདོད་པས། །སྨིག་རྒྱུ་ཆུར་མཐོང་འཐུངས་འདོད་བཞིན། །འཁོར་འདས་གློ་བུར་རྐྱེན་ཡིན་ཕྱིར། །ངོ་བོ་གནས་ལུགས་ཆོས་སྐུ་ཡིན། །རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལས། དེ་ལས་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག །མ་རིག་འཁྲུལ་པ་ལྡོག་འདོད་རྣམས། །འཁོར་འདས་གཉིས་ཀྱི་མ་རིག་འདོད། །རང་སེམས་སྙིང་པོ་རྟོགས་པའི་ཐབས། །ལུས་སྲོག་མི་ལྟ་དད་པ་ཡིས། །སྐྲག་ཅིང་ཡ་ང་མེད་སེམས་ཀྱིས། །ཐེ་ཚོམ་ཡིད་གཉིས་མེད་པར་ནི། །འཁོར་འདས་རྩ་བའི་ངོ་བོ་ཉིད། །དཔའ་བརྟུལ་ཆེན་པོའི་བརྩོན་འགྲུས་ཀྱིས། །ཕྱིར་མི་


DNG001_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་ཅིང་ཡིད་ཆེས་པས། །ཡེངས་པར་མི་འབྱུང་རྒྱུན་མི་འཆད། །སེམས་ཉིད་མ་རྟོགས་དོན་མི་བཙལ། །དུག་ལྔ་མི་སྤང་ཆོས་ཉིད་དུ། །དེ་ཤེས་མི་བསྒོམ་དགོས་པ་མེད། །ད་ཡང་འདུས་པའི་འཁོར་རྣམས་ཉོན། །འཁོར་འདས་གཉིས་ཀྱི་སྒྲོ་སྐུར་གྱིས། །མ་གོས་ངོ་བོ་ཉིད་ཀྱི་སྐུ། །ཆོས་རྣམས་ཀུན་གྱི་གཞི་ཡིན་ཕྱིར། །རྒྱུ་ཡི་ཡེ་ཤེས་དེ་ལ་བྱ། །རྟོགས་པའི་རྐྱེན་གྱིས་ཆོས་ཀྱི་སྐུ། །ཐམས་ཅད་མཁྱེན་པའི་རྒྱུ་ཡིན་ཕྱིར། །མ་རྟོགས་སེམས་ཅན་ཐམས་ཅད་ཀྱང་། །བླ་མའི་རྐྱེན་གྱིས་ཡེ་ཤེས་འབྱུང་། །འཁོར་འདས་ལམ་གྱི་འབད་རྩོལ་གྱིས། །བླ་མེད་བྱང་ཆུབ་གེགས་ཡིན་ཕྱིར། །བསྒོམ་རྩོལ་མེད་པའི་ཡེ་ཤེས་འདི། །ལམ་གྱི་མཆོག་ནི་དམ་པར་གསུངས། །དེ་ཉིད་རྟོགས་པའི་ཤེས་རབ་ཀྱིས། །ཐེག་བརྒྱད་སྤང་ལེན་ཟིལ་གྱིས་གནོན། །སེམས་རྟོགས་སྙིང་པོ་དེ་ཉིད་ནས། །སྟོབས་རྣམས་མ་བཙལ་ཡོན་ཏན་རྫོགས། །དེ་ལྟའི་ཡེ་ཤེས་འབྲས་བུ་ནི། །ཕྱི་མ་མ་ཡིན་དུས་འདི་རུ། །དབུལ་པོས་རིན་ཆེན་རྙེད་པ་བཞིན། །བཙལ་མེད་རིག་པ་མངོན་སངས་རྒྱས། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །རང་བྱུང་ཡེ་ཤེས་ཆེན་པོ་ཡི། །ཡིན་མིན་དབྱེ་བ་ངས་བཤད་ཀྱིས། །ཡིད་ཀྱིས་ཉོན་ལ་ལེགས་པར་ཟུང་། །ཡེ་ཤེས་ཆེན་པོ་རང་བྱུང་དེ། །སེམས་ཅན་ཀུན་ལ་ཡོད་མོད་ཀྱང་། །མ་རྟོགས་ཕྱིར་ན་ཡེ་ཤེས་མེད། །མིག་མཁན་མ་རྙེད་ལོང་བ་འདྲ། །རང་བྱུང་མེད་པའི་ཡེ་ཤེས་དེ། །གནས་འགྱུར་ཡེ་ཤེས་ལྔ་འདོད་པ། །རྐྱེན་གྱིས་འགྱུར་ཕྱིར་ཡེ་ཤེས་མིན། །རྡོ་ལ་གསེར་དུ་འཛིན་པ་ལྟར། །ཡེ་ཤེས་རང་བྱུང་མ་ཡིན་ཏེ། །ཡིད་གཉིས་ཀུན་གཞི་གློ་བུར་སྐྱེད། །གཞི་འཁྲུལ་ཕྱིར་ན་གཉིས་མེད་མིན། །རི་བོང་རྭ་ཡི་ཁ་དོག་འདྲ། །རང་བྱུང་ཡེ་ཤེས་ཡིན་པས་ན། །ཤེས་རབ་ལྷག་མཐོང་རང་བྱུང་བ། །ཡེ་ནས་གནས་པའི་རང་བྱུང་དེ། །ལུང་ལྡན་རྐྱེན་གྱིས་རྟོགས་པའི་ཕྱིར། །རང་བྱུང་ཡེ་ཤེས་འཛོམ་པ་ནི། །མར་གྱི་ཡང་ཞུན་ལྟ་བུར་གསུངས། །རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལས། དོན་


DNG001_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་བྱ་བའི་ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཟིལ་གྱིས་གནོན་པའི་ཏིང་འཛིན་ལ། །སྙོམས་པར་ཞུགས་ནས་ཡང་གསོལ་པ། །ཀུན་བཟང་ངོ་བོ་ཉིད་ཀྱི་སྐུས། །ཚེགས་མེད་གདམས་ངག་མ་བསླད་པར། །ཁྱོད་ཀྱི་མཛད་སྤྱོད་ཇི་ལྟ་བ། །དོན་དང་མཐུན་པར་མཛད་དུ་གསོལ། །དོན་གསན་སྟོན་པས་བཀའ་སྩལ་པ། །གཞི་ཉིད་རྟོགས་པར་བྱ་བའི་ཕྱིར། །དོན་གྱི་ལྟ་བ་ངོས་བཟུང་སྟེ། །རྣམ་གཞི་ཕྱི་མ་བར་མ་ནང་། །གསུམ་བྲལ་བཞི་ལྡན་ཆོས་སྐུ་གསང་། །གཅིག་ལས་ཐ་དད་ངོས་ཟིན་པས། །ཉི་མའི་ཟེར་དང་འཆར་ངོས་བཞིན། །དགག་བསྒྲུབ་མེད་ཕྱིར་ཆོས་ཀྱི་དབྱིངས། །དེ་ཕྱིར་རང་སེམས་སྙིང་པོ་འདི། །རྟོགས་པས་སངས་རྒྱས་ལམ་དུ་བདེ། །རང་སེམས་བསྒོམ་པ་ཡེ་ཤེས་ལམ། །ནམ་མཁའ་འབྱུང་བའི་ལམ་ཡིན་ནོ། །དཔེར་ན་ཁྱུང་ཆེན་མཁའ་ལ་ལྡིང་། །ཆུ་ཀླུང་གྱེན་མཐུར་ཡ་མི་ང་། །བར་སྣང་ཁམས་ཀུན་ལམ་དུ་བདེ། །དམིགས་པའི་ས་ཕྱོགས་ཡིད་ཀྱིས་ཕྱིན། །ལྟ་བ་རྟོགས་པའི་ལམ་ཡིན་པས། །དེ་བཞིན་ཡེ་ནས་རྣལ་འབྱོར་ཐུགས། །མ་བསྒོམས་ཡེ་ཤེས་ད་ལྟ་ཉིད། །རྟོགས་ཕྱིར་རང་སེམས་བསྒོམ་དུ་མེད། །དེ་ལས་མི་འདའ་ལྷུན་གྱིས་གྲུབ། །དེ་ཕྱིར་མ་བཅོས་ལྟ་བ་ཡིན། །དམིགས་མེད་སེམས་ཀྱི་ཡེ་ཤེས་གསལ། །བཏང་བཞག་མེད་པའི་ལྟ་བ་ལ། །གོལ་ས་རྡུལ་ཙམ་མེད་པའི་ཕྱིར། །བསྒོམ་མེད་ཡེ་ཤེས་ཆེན་པོ་འབྱུང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །སྒྲོ་སྐུར་གཅོད་པའི་མན་ངག་བསྟན། །རང་སེམས་ཆོས་སྐུར་ངོ་སྤྲད་ནས། །ལུས་བཅོས་ཀུན་གཞི་གཞི་ཆ་ལ། །སྔ་ཕྱི་དང་བྲལ་ཡེ་ཤེས་གསལ། །ཆུ་དྭངས་རྙོག་མེད་དཔེ་བཞིན་དུ། །ཆོས་སྐུ་ཁ་མིག་རྣ་བ་ཅན། །འབྱུང་འཇུག་མེད་ཕྱིར་བསྒོམ་མི་དགོས། །སྟོང་ཉིད་ཆིག་ཆོད་དུས་མཉམ་ཕྱིར། །དྲན་རིག་རྒྱུ་བ་ཅི་བྱུང་ཡང་། །གཞི་ལ་མེད་ཕྱིར་མ་བསྒོམས་ཀྱང་། །སེམས་ཅན་དུས་ན་ཆོས་ཀྱི་སྐུ། །སྒྲོ་འདོགས་མ་


DNG001_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་སུས་བསྒོམས་པ། །དཔེར་ན་བུམ་ནང་ནམ་མཁའ་བཞིན། །ཚེ་གཅིག་བསྒོམས་ཀྱང་ཡེ་ཤེས་མེད། །རྣལ་འབྱོར་མ་བསྒོམས་རྟོགས་པར་གྱིས། །ད་ཡང་འདུས་པའི་སེམས་དཔའ་ཉོན། །ཡུལ་གྱི་རྐྱེན་གྱིས་རྟོག་བྱུང་ཚེ། །ཕྱི་ཡི་དུས་བཞི་དོན་གསལ་བ། །ཡེ་ཤེས་མ་བསྒོམས་བྲལ་བ་མིན། །བ་མོ་ལ་ནི་ཉི་ཤར་བཞིན། །ཡུལ་ཉིད་སེམས་སུ་མི་བསྒོམ་པས། །དྲན་རིག་ཆོས་ཉིད་བྱང་ཆུབ་སེམས། །དེ་ཉིད་སྤྱད་པའི་ཡུལ་ལས་འདས། །དེ་ཉིད་དོན་ལས་ཉམས་པ་མེད། །རང་སེམས་བྱིང་རྒོད་རུམ་གནས་ཚེ། །ནང་གི་དུས་བཞི་དོན་དྲན་པས། །ཚོགས་དྲུག་འགགས་ཀྱང་ཆོས་སྐུར་གསལ། །བུམ་པའི་ནང་གི་མར་མེ་འདྲ། །འཇིགས་པ་བརྒལ་འདོད་མི་བཞིན་དུ། །ཉམས་མེད་རིག་པའི་དོན་འདི་ལས། །ནད་གཅོད་སྡུག་བསྔལ་ཅི་བྱུང་ཡང་། །མན་ངག་དྲན་པ་གཅེས་པར་གསུང་། །སངས་རྒྱས་སེམས་ཅན་གཉིས་ཀའི་གོང་། །གསང་བའི་དུས་གཅིག་ཉིད་དུ་ཤེས། །གོལ་ས་རྡུལ་ཙམ་མི་འབྱུང་བས། །དེ་ཚེ་ཆོས་སྐུ་ཟང་ཀ་མ། །མི་འགྱུར་བརྟན་པས་གསེར་བཞིན་ནོ། །དེ་ཕྱིར་སྐྱེ་བའི་རྒྱུ་མེད་པས། །ཐ་མ་འཆི་ཞིང་འཕོ་བ་མེད། །དེ་ལྟར་རིག་པ་རྒྱུན་མི་འཆད། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་ནས་གཅོད་པའི་རྒྱུད་ལས། གདམས་ངག་མངོན་དུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།སེམས་དཔའ་ཆེན་པོ་ད་ཡང་ཉོན། །ང་ཡི་རྟོགས་པ་ལ་བཟླ་ན། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །སྤང་དུ་མེད་དེ་བྱང་ཆུབ་ལམ། །འདོད་ཡོན་ལྔ་ནི་ལོངས་སྤྱོད་རྒྱན། །ལུས་ལ་ཕོ་མོ་ཡོད་པའི་ཕྱིར། །ཆགས་པ་སྤྱོད་ཚེ་དོན་གྱིས་ཟིན། །གསལ་ཐེབས་ཆོས་སྐུའི་སྙིང་པོ་ཉིད། །དེ་ཚེ་བདེ་བ་ལོངས་སྤྱོད་རྒྱན། །གཞི་ལ་འཆིང་གྲོལ་མེད་པའི་ཕྱིར། །དཀར་པོའི་ཆོས་དང་སྡིག་ལ་སོགས། །གཉིས་ཀའི་འབྲས་བུ་མི་འབྱུང་བས། །སེམས་ཉིད་ཡེ་ནས་རྟོགས་པ་ཡིན། །དེ་ཕྱིར་དགེ་སྡིག་བྱེད་མཁན་མེད། །


DNG001_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་སྐྱེས་བུའི་ལོག་རྟོགས་ཙམ། །དོན་ལ་སྤྱོད་སྤངས་གཉིས་ཀ་མེད། །དེ་ཕྱིར་ཞེ་སྡང་ཡུལ་མི་དམིགས། །འཇིག་རྟེན་ཚོར་བ་བསལ་པ་ནི། །གཏི་མུག་རྨོངས་པར་ངས་བཤད་པས། །རྟོགས་ནས་མི་འབྱེད་རང་སེམས་འདི། །ཅི་སྤྱད་བལྟ་བར་རབ་ཤེས་པས། །འདོད་ཡོན་ལྔ་ལ་ཅི་སྤྱོད་ཀྱང་། །བཅིང་བར་མི་འགྱུར་གྲོལ་བར་འགྱུར། །རྡོ་རྗེ་སེམས་དཔའ་ད་ཉོན་ཅིག །ཆོས་འདི་ཐོས་པས་འཛིན་རྟོག་ནུབ། །རྒྱུད་འདི་གོ་བས་རྟོག་པ་ཞི། །འཁོར་འདས་འབྱུང་བ་རྣམ་པར་དག །སྤང་སྡུད་ཞེན་པ་རྡུལ་ཙམ་མེད། །རྟག་ཆད་གཉིས་པོ་རྡུལ་དུ་བརླག །འཁོར་འདས་བཟང་ངན་སྤྲིན་ལྟར་དེངས། །ཞེན་པའི་ཆོས་རྣམས་གཏིང་ནས་མེད། །སངས་རྒྱས་སེམས་ཅན་གཅིག་ཏུ་བྱས། །མཐོ་རིས་ངན་སོང་རྫུན་དུ་སོང་། །འཁོར་བ་ཆོས་ཉིད་ངང་དུ་བརླག །ཉེས་པ་དག་པས་སྒྲིབ་པ་མེད། །གཉིས་སུ་མེད་པས་ཤེས་རབ་གསལ། །གཞི་ནི་མི་འགྱུར་གསེར་བཞིན་དུ། །ཡེ་ཤེས་མི་འགྱུར་བརྟན་པ་ཆེ། །དེ་ལྟར་རྟོགས་པས་ཡེ་ཤེས་ཉིད། །འབྲས་བུ་གཞན་ནས་བཙལ་མི་དགོས། །གདོད་ནས་བྱུང་བའི་ངོ་བོ་ཉིད། །འབྲས་བུ་སུ་ལ་མི་ལྟོས་པ། །ལུས་དང་བྲལ་བ་ཀུན་བཟང་ཐུགས། །གཞི་གནས་བག་ཆགས་མི་གོས་པས། །རྣམ་ལྔ་མི་གཡོ་ཡེ་ཤེས་སྐུ། །རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་ནས་གཅོད་པའི་རྒྱུད་ལས། རང་བྱུང་གི་ཡེ་ཤེས་ཆེན་པོར་ལ་བཟླ་བའི་ལེའུ་སྟེ་དྲུག་པའོ།། །།སེམས་དཔའ་རྡོ་རྗེ་ད་ཉོན་ཅིག །ང་ཡི་མཛད་སྤྱོད་ཆེན་པོ་ནི། །སྟོང་གསུམ་འཇིག་རྟེན་ཐམས་ཅད་ནི། །ང་ཡི་བཞུགས་གནས་གཟིགས་མོའི་ས། །གཟུགས་ཉིད་སྐུ་ལ་སྒྲར་སྣང་གསུང་། །དྲན་རྟོག་ཐམས་ཅད་ང་ཡི་ཐུགས། །སྣང་སྲིད་ཀུན་གྱིས་ང་མ་མཐོང་། །མཐའ་ཡས་མིང་དུ་བཏགས་པ་རྣམས། །ང་ཡི་རོལ་པ་ལས་གཞན་མེད། །ང་ཡི་སྣང་བ་སྣ་ཚོགས་པ། །དོན་ལ་མེད་ཕྱིར་གཞིག་མི་དགོས། །སྤྲོས་ཀྱང་ང་ལ་བསྡུས་


DNG001_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ང་། །ང་ཡི་སྐུ་གསུང་ཐུགས་ལ་ནི། །འཁོར་བ་གདོད་ནས་མེད་པ་སྟེ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ཡེ་ནས་གནས་པའི་གཞི་ཉིད་ནི། །ཆོས་ཀྱི་སྐུ་ཡི་ཐུགས་སུ་བསྟན། །དེ་ཉིད་རྟོགས་པའི་ཡེ་ཤེས་དེ། །ཆོས་ཀྱི་སྐུ་ཡི་ལོངས་སྤྱོད་ཐུགས། །དྲན་རྟོག་དོན་དུ་ཤེས་པ་དེ། །ཆོས་ཀྱི་སྐུ་ཡི་སྤྲུལ་པའི་ཐུགས། །དེ་ཉིད་རྟོགས་པའི་ཡེ་ཤེས་ཏེ། །དོན་ལྡན་གཟུགས་ཀྱི་ཕུང་པོ་འདི། །ལོངས་སྤྱོད་རྫོགས་པའི་ཆོས་ཀྱི་སྐུ། །དབང་པོ་མ་འགགས་གསལ་བ་དེ། །ལོངས་སྤྱོད་རྫོགས་པའི་ལོངས་སྤྱོད་སྐུ། །བསྒུལ་བསྐྱོད་ཡན་ལག་གང་ཡིན་ནི། །ལོངས་སྤྱོད་རྫོགས་པའི་སྤྲུལ་བའི་སྐུ། །དོན་ལྡན་ཚིག་ཏུ་བརྗོད་པ་དེ། །སྤྲུལ་པའི་སྐུ་ཡི་ཆོས་སྐུར་གསུང་། །དངོས་མེད་ཚིག་ཏུ་གསལ་བ་དེ། །སྤྲུལ་པའི་སྐུ་ཡི་ལོངས་སྤྱོད་གསུང་། །ཚིག་ལ་བརྟེན་ནས་དོན་གོ་བར། །སྤྲུལ་པ་སྐུ་ཡི་ཐུགས་ཡིན་ཕྱིར། །ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་རོལ། །སྐུ་ཡི་སྐུ་སྟེ་སྐུ་ལ་རོལ། །གསུང་གི་གསུང་སྟེ་གསུང་ལ་རོལ། །དེ་ཡང་སེམས་དཔའ་ཆེན་པོ་ཉོན། །ང་ཡི་སྐུ་གསུང་ཐུགས་ཉིད་ལས། །གང་ཡང་མེད་དེ་ཡེ་ནས་གོང་། །ང་ཡི་མཛད་སྤྱོད་ཅི་སྤྱད་པ། །རྣམ་སྨིན་ལུས་དང་མ་བྲལ་ཀྱང་། །པདྨ་དང་ནི་འདམ་བཞིན་དུ། །ཉེས་པ་ཀུན་གྱིས་གོས་པ་མེད། །ཕྱི་མའི་མཛད་སྤྱོད་ཆེན་པོ་ཡང་། །རང་སེམས་རྟོགས་པའི་རྣལ་འབྱོར་པར། །དུས་འདི་མ་ཡིན་ཕྱི་མ་ཡི། །བར་དོར་མངོན་སངས་རྒྱ་བ་ཉིད། །མངལ་གྱི་སྒྲིབ་གཡོགས་མེད་པའི་ཕྱིར། །ཀུན་ཏུ་བཟང་པོ་གུད་ན་མེད། །ཐུགས་ནི་ཆོས་སྐུ་ཉིད་ཀྱི་ཐུགས། །སྐུ་ནི་ཡེ་ཤེས་ཆེན་པོའི་སྐུ། །ཡེ་ཤེས་ལུས་ཅན་ཐམས་ཅད་མཁྱེན། །སངས་རྒྱས་ཀུན་དང་མཉམ་ལས་ལྷག །དེ་ཕྱིར་གསང་སྔགས་འབྲས་བུ་ཆེ། །ཚེ་གཅིག་འབྲས་བུ་ངེས་པར་འབྱུང་། །དེ་བས་རང་སེམས་ཡེ་ཤེས་སྐུ། །དེ་ཡི་ཡོན་ཏན་བརྗོད་མི་ལངས། །དེ་ཉིད་སྟོན་པའི་ཡེ་ཤེས་ཀྱིས། །གཟུགས་མེད་རིག་པའི་ཡེ་ཤེས་དེ། །


DNG001_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྒྱལ་པོ་ཆོས་ཀྱི་སྐུ། །ཡོན་ཏན་ཐམས་ཅད་མ་བཙལ་རྫོགས། །གདུལ་བྱ་མ་ངེས་གཟུགས་རྣམས་འབྱུང་། །དེ་ཚེ་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་དབང་པོར་གང་འཐད་སྟོན། །འབྱུང་བ་ཞིག་པའི་ནམ་མཁའ་ལ། །ལུས་དང་བྲལ་བས་སྒྲིབ་མི་གོས། །སྤྲིན་དང་ཁུ་རླངས་འབྱུང་མི་སྲིད། །དེ་བཞིན་རང་སེམས་སྙིང་པོ་ལ། །སེམས་ཅན་དོན་ཕྱིར་ཅི་སྤྱད་ཀྱང་། །སྒྲིབ་པ་གཉིས་ཀྱིས་མི་གོས་པས། །ཆོས་སྐུ་དག་ལ་ཉམས་པ་མེད། །ཅེས་གསུངས་སོ། །དེ་ནས་དུས་གསུམ་སངས་རྒྱས་དང་། །རིགས་གསུམ་འདུས་པའི་རྒྱལ་སྲས་འཁོར། །དད་ལྡན་ལ་སོགས་དཀྱིལ་འཁོར་གྱིས། །རང་སེམས་ལྷག་མཐོང་མངོན་གྱུར་ནས། །དགའ་བའི་སེམས་ཀྱིས་ཡི་རང་སྟེ། །རང་རང་སེམས་ལ་གསལ་བའི་དོན། །རྟོགས་པ་བརྗོད་པའི་དོན་མཐུན་ནས། །འདུས་པའི་འཁོར་གྱིས་ཚིག་འདི་གསོལ། །འབྲས་བུ་སངས་རྒྱས་ད་ལྟ་མྱངས། །རང་སེམས་མ་དང་ཐུག་གིས་སྤྲད། །དེ་ཕྱིར་ད་ལྟ་ཀུན་བཟང་ཉིད། །རྡོ་རྗེ་སེམས་དཔའ་དགེ་བ་ཆེ། །འདྲེན་མཛད་ཁྱོད་ལ་བདག་ཕྱག་འཚལ། །དེ་སྐད་གསོལ་བའི་ཚིག་གོ་ནས། །རྡོ་རྗེ་སེམས་དཔས་ཡང་གསུངས་པ། །སངས་རྒྱས་ཐུགས་ཀྱིས་བྱིན་བརླབས་པའི། །དགོངས་པ་མ་ལུས་བཅུད་འདུས་པའི། །དུས་གསུམ་སངས་རྒྱས་ཐུགས་ཀྱི་དོན། །གདམས་ངག་ཚད་མེད་ཉིང་ཁུ་འདི། །དད་ཉན་འཁོར་ལ་ངས་བཤད་ཀྱིས། །དོན་འདི་རྒྱུད་ལ་ཤིན་ཏུ་སྦོས། །ཡང་དག་ཉིད་དུ་སེམས་ཀྱིས་དཔྱད། །ཐིག་ལེ་ཉག་གཅིག་མངོན་ཕྱུང་བ། །ཆོས་ཀྱི་གཏེར་གྱི་འབྱུང་གནས་འདི། །སྣོད་ལྡན་རྣལ་འབྱོར་དོན་གྱི་མཆོག །དེ་ཡང་དད་ཉན་འཁོར་རྣམས་ཉོན། །གལ་ཏེ་ཕྱི་རབས་རྣལ་འབྱོར་པ། །དོན་འདི་སྟོན་ཅིང་བཤད་པའི་ཚེ། །དུས་གསུམ་སངས་རྒྱས་དཔང་དུ་གཟུག །མཁའ་འགྲོ་རྣམས་ལ་ཆོས་སྲུངས་བཅོལ། །གིང་ལ་དམ་མེད་བཤད་པར་བསྐོས། །རྒྱལ་པོ་བཞི་ནི་མཚམས་པར་བཅུག །མན་
ངག་གསང་རྒྱུད་འདི་སྟོན་ཚེ། །ལས་ཅན་སློབ་མ་དད་ལྡན་ལ། །གཞན་ལ་མི་སྟེར་མནའ་བོར་ཏེ། །མན་ངག་སྙིང་པོ་ཚང་བར་བསྟན། །ཚོགས་ཀྱི་མཆོད་པ་ཅི་ནུས་བྱ། །དེ་ལྟར་མ་བྱས་བར་ཆོད་འོང་། །ཞེས་གསུངས་སོ། །རྒྱུད་གཏད་པ་དང་མཛད་སྤྱོད་བསྟན་པའི་ལེའུ་སྟེ་བདུན་པའོ།། །།རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་རྫོགས་སོ།། །།


previousརྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ཅེས་བྱ་བ།next