Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གཉིས་པ། ཁ༽


   
   
   
   
   
   
   
   
   
   
   
   
   
སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
   
   
   
   
   
   
   
   
   
   


 
previousསྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད། next

སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།


DNG002_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། བརྡའ་ཡི་ལེའུ་ཇི་ལྟར་ལགས་ཞེས་ཞུས་པ་དང་། དེ་ནས་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྣོད་དང་སྐལ་བར་ལྡན་པའི་རྡོ་རྗེ་སེམས་དཔའ་ཉོན། །སྙན་ནས་སྙན་དུ་བརྒྱུད་པའི་སྙན་བརྒྱུད་བརྡའ་ཡི་མན་ངག་བཤད། །སྙིང་པོ་མ་ཡི་རང་བཞིན་གཡོ་མེད་འགྱུར་བ་མེད། །རྩལ་སྣང་ཡན་ལག་ངང་དངས་རིན་ཆེན་རྒྱལ་ཁང་བརྩིགས། །ཆོས་ཉིད་ཡངས་པའི་ས་གཞི་ལ། །དམ་ཚིག་དག་གི་འགྲམ་རྡོ་བཏིང་། །དམ་པའི་ཆོས་ཀྱི་


DNG002_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རྩིགས་པ་བརྩིགས། །སྙིང་རྗེ་ཆེན་པོའི་འདག་པས་སྦྱར། །མཚན་ཉིད་སྡེ་གསུམ་ཁང་པ་ལ། །གཏན་ཚིགས་སྒྲ་ཡི་ཐོག་གཅིག་ཕུབ། །དོན་དམ་བདེན་པའི་གདུང་གཅིག་བཏང་། །སྤྲོས་དང་བྲལ་བའི་ཀ་བ་བཙུགས། །སྒྲ་དང་གཏན་ཚིགས་མང་པོའི་ལྕམ་བཀོད་ལ། །མངོན་སུམ་རྗེས་དཔག་མང་པོའི་དྲལ་མ་བཏང་། །ཐ་སྙད་མང་པོའི་འདག་པས་མནན་པའོ། །ཁས་མི་ལེན་གྱི་སྒོ་བཏོད་ལ། །ཚད་མེད་བཞི་ཡི་རུ་བཞི་བཏང་། །རབ་ཏུ་མི་གནས་སྒོ་ཡིས་བསྡམས། །ཟུར་བཞི་ཚད་མ་བཞི་ཡི་ཀ་ཞུ་བཞིས། །ལོགས་བཞི་རབ་ཏུ་མི་གནས་བཞི། །མཚན་ཉིད་སྡེ་གསུམ་ཁང་པའོ། །བསྐྱེད་རྫོགས་རྣམ་གསུམ་མཁར་གཅིག་བརྩིགས། །ཟུར་བཞི་ཚད་མ་བཞི་ཡི་ཀ་ཞུ་བཞིས། །ལོགས་བཞིར་རབ་ཏུ་མི་འགྱུར་རྨང་ཞིག་བཙུགས། །ཆོས་ཉིད་བརྟན་པའི་གོར་མ་བརྩིགས། །ཆོས་ཉིད་རླན་དང་མ་བྲལ་འདག་པས་སྦྱར། །དག་པ་རྣམ་གསུམ་ཐོག་གཅིག་འབུབས། །དག་པ་ཆེན་པོའི་གདུང་ཞིག་བཏང་། །དོན་དམ་མི་འགྱུར་ཀ་བ་བཙུགས། །སུམ་ཅུ་རྩ་ལྔའི་ལྕམ་གཅིག་བཏང་། །ཁྲུས་དང་གཙང་སྦྲའི་དྲལ་ལྕམ་བཏང་། །དམ་ཚིག་རྣམ་ལྔའི་འདག་པས་མནན། །ཕྱི་རྒྱུད་སྡེ་གསུམ་འོག་ཁང་ལ། །བསྐྱེད་རྫོགས་གཉིས་ཀྱི་བར་ཁང་བརྩིགས། །ཐབས་དང་ཤེས་རབ་ཐོག་གཅིག་ཕུབ། །དོན་དམ་འགྱུར་བ་མེད་པའི་གདུང་ཞིག་བཏང་། །ཀུན་རྫོབ་ལྷ་དང་ལྷ་མོའི་ལྕམ་རྣམས་བཀོད། །ཐབས་དང་ཤེས་རབ་གཉིས་མེད་ཀ་བ་བཙུགས། །ཆོ་ག་ལྔ་གསུམ་བཅོ་ལྔའི་དྲལ་ལྕམ་བཏང་། །དམ་ཚིག་ས་མ་ཡ་ཡི་འདག་པས་མནན། །བསྐྱེད་རྫོགས་གཉིས་ཀྱི་བར་ཁང་ལ། །རྫོགས་པ་ཆེན་པོའི་སྟེང་ཁང་བརྩིགས། །སྐྱེ་བ་མེད་པའི་གདུང་བཏང་ལ། །མཉམ་པ་ཉིད་ཀྱི་བྱོ་ལེ་བྱས། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཐོག་གཅིག་ཕུབ། །འགྱུར་བ་མེད་པའི་གདུང་ཞིག་བཏང་། །ཐིག་ལེ་ཉག་གཅིག་ཀ་བ་བཙུགས། །


DNG002_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་ཡོངས་སུ་རྫོགས་པའི་ལྕམ་ཞིག་བཀོད། །ཐེག་དམན་རྣམས་ཀྱི་དྲལ་ཚག་བཏང་། །ཆོས་ཉིད་གདལ་བའི་འདག་པས་མནན། །སྤྱི་ཏི་ཡོ་གའི་པུ་ཤུ་ལ། །གཏན་ཚིགས་བཞི་ཡི་བ་གམ་བཏགས། །ཡེ་ཤེས་ཟང་ཐལ་མདའ་ཡབ་བཏོད། །ཟུར་བཞི་གཏན་ཚིགས་ཆེན་པོ་བཞི། །ལོངས་སྤྱོད་རྫོགས་པའི་རྫོགས་ལུགས་བཞི། །བསྐྱེད་རྫོགས་རྣམ་གསུམ་མི་འགྱུར་བསམ་གཏན་མཁར། །མཁར་ཁང་གཉིས་ཀྱི་བདག་པོ་བདག་མོ་བ། །ཀུན་བཟང་ཡབ་ཡུམ་ཕ་མ་ལ། །བུ་ནི་ངང་དངས་རིན་ཆེན་འོད། །བཟའ་མི་གསུམ་གྱི་མཁར་ཁང་ཡིན། །དེ་ལྟར་མཁར་དང་ཁང་པ་བརྩེགས། །མཁར་ཁང་བདོག་སྟེ་ནོར་མི་བདོག །ངང་དངས་ཁྱེའུ་ཆུང་ཚོང་ལ་འགྲོ། །ཟོང་ཞིག་དག་ནི་ཁྱེར་ནས་འགྲོ། །ཆོས་ཉིད་རྟ་ལ་ཞོན་ནས་འགྲོ། །སྦྱིན་པའི་བརྒྱགས་ཕྱེ་བཏགས་ནས་འགྲོ། །ངར་འཛིན་ཟས་སུ་ཟ་ཞིང་འགྲོ། །སྲ་བའི་གོ་ཆ་གོན་ནས་འགྲོ། །རྣོ་བའི་མཚོན་ཆ་ཐོགས་ནས་འགྲོ། །མི་འཇིགས་ཐུབ་ངེས་སྐྱེལ་མ་ཚོལ། །ཆོས་ཉིད་དབྱེ་ཐང་ཡངས་ལ་འགྲོ། །འཕྲང་ཆེན་བཞི་ནི་བརྒལ་ནས་འགྲོ། །ལ་ཆེན་བཞི་ཡང་བརྒལ་ནས་འགྲོ། །ཐང་ཆེན་བཞི་ཡང་བརྒལ་ནས་འགྲོ། །ཆུ་ཆེན་བཞི་ཡང་བརྒལ་ནས་འགྲོ། །འཕྲང་གསུམ་བསྡམས་ནས་ལམ་གསུམ་ཕྱེ། །རྫོང་ཆེན་བཞི་རུ་ཞུགས་ནས་འགྲོ། །མལ་ས་བཞི་རུ་ཉལ་གྱིན་འགྲོ། །ལངས་ས་བཞི་རུ་ལངས་ནས་འགྲོ། །འགྲོ་ས་བཞི་ཡི་ཕ་རོལ་ནས། །ཡུལ་མུན་སྣང་གཉིས་ཀྱི་སོ་མཚམས་ནས། །ཅི་བཏབ་སྐྱེ་བའི་ལྡུམ་ར་ན། །རིན་ཆེན་རང་སངས་ངང་དངས་བཞུགས། །སེམས་ཉིད་རིན་ཆེན་ངང་དངས་ལ། །མུན་པ་སེལ་བའི་ཉི་ཟླ་ཡོད། །འཁྲུལ་པ་གཅོད་པའི་སྤུ་གྲི་ཡོད། །ཀུན་འབྱུང་འཚོ་བའི་ནོར་བུ་རིན་ཆེན་ཡོད། །ཟད་མེད་གཏེར་ཆེན་དེ་ན་བདོག །ངང་དངས་རིག་གསལ་ཁྱེའུ་ཆུང་དེར་ཕྱིན་ནས། །ཕྱོགས་གཅིག་སྣང་བར་གདའོ་སྐད། །ཕྱོགས་གཅིག་མུན་པར་གདའ་


DNG002_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

འོ་སྐད། །མུན་སྣང་གཉིས་ཀྱི་སོ་མཚམས་སུ། །སུས་ཀྱང་མ་རྙེད་མ་མཐོང་བ། །སུས་ཀྱང་མ་ཤེས་མ་མངོན་པ། །སུས་ཀྱང་མ་རྟོགས་མི་འགྱུར་བ། །སུས་ཀྱང་མ་ཐོབ་བརྗོད་མེད་པ། །མི་འགྱུར་ནོར་བུ་རིན་ཆེན་དེ། །ཀུན་འབྱུང་མི་ཟད་གཏེར་མཛོད་ཆེ། །སེམས་ཉིད་ནོར་བུ་རིན་ཐང་ཆེ། །ངང་དངས་ཁྱེའུ་ཆུང་འོད་གསལ་ནོར་དེ་ཉོ། །བདག་མོ་རྒན་མོ་ལོང་མ་གཅིག་ལས་ཉོ། །བར་མིར་ཤེས་རབ་རྣམ་གསུམ་བཏང་། །ལུང་རིགས་གཉིས་ཀྱི་ཚོང་ཞིག་བྱས། །བློས་བརྟགས་བལྟ་བ་རིན་དུ་འཇལ། །ཡིད་བཟུང་བསྒོམ་པ་རིན་དུ་འཇལ། །ཆེད་བྱས་སྤྱོད་པ་རིན་དུ་འཇལ། །ཡིད་སྨོན་འབྲས་བུ་རིན་དུ་འཇལ། །འདོད་པ་ངོམས་མེད་རིན་དུ་འཇལ། །འཛིན་པའི་ཕུར་པ་རིན་དུ་འཇལ། །ཞེན་པའི་མཚོ་མོ་རིན་དུ་འཇལ། །མུན་པའི་འཁོར་སྒོ་རིན་དུ་འཇལ། །རིན་བརྒྱད་བཅལ་ནས་ནོར་ཞིག་ཐོབ། །ནོར་ནི་ཀུན་འབྱུང་རིན་པོ་ཆེ། །གཉིས་མེད་ཆེན་པོར་ཚོང་ཞིག་ཟིན། །འཁོར་འདས་གཉིས་མེད་ཚོང་ཞིག་ཟིན། །སངས་རྒྱས་སེམས་ཅན་གཉིས་མེད་ཚོང་ཞིག་ཟིན། །མ་རིག་ཡེ་ཤེས་གཉིས་མེད་ཚོང་ཞིག་ཟིན། །དེ་རུ་ཚོང་ཟིན་ཁྱིམ་དུ་ཕྱིན། །ཆོས་ཉིད་དབྱིངས་ཀྱི་ཁྱིམ་ནང་དུ། །གདམས་ངག་ཟབ་མོའི་བྱོན་ཆང་འཐུངས། །ཏིང་འཛིན་བདུད་རྩི་ཆེན་པོ་ཟོས། །བདེ་བ་ཆེན་པོའི་གོས་ཤིག་གོན། །འགྱུར་བ་མེད་པའི་གདན་ཞིག་བཏིངས། །ཆོས་ཉིད་འགྱུར་མེད་སྔས་ཤིག་བཅུག །བདེ་ཆེན་ཀློང་དུ་ཁྱུར་གྱིས་ཉལ། །མི་བྱ་རྩོལ་བའི་ལས་མ་བྱས། །བྱ་བ་ཐམས་ཅད་བཏང་ལ་ཐ་མལ་རང་ལུགས་བཞུགས། །ཆོས་ཉིད་དབྱིངས་སུ་མནལ་ལོག་གོ། །བརྡ་ཡི་མན་ངག་དོན་གྱི་གནད། །རྡོ་རྗེ་སེམས་དཔའི་ཐུགས་ལ་ཆོངས། །དགའ་རབ་རྡོ་རྗེས་ཉམས་སུ་ལོངས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། བརྡའ་ཡི་ལེའུ་སྟེ་རེ་ལྔ་པའོ།། །།དེ་ནས་རྡོ་རྗེ་


DNG002_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །བྱང་ཆུབ་སེམས་ཀྱི་སོ་ནམ་ཇི་ལྟར་བྱ། །ཞེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེས། རིན་པོ་ཆེའི་འོད་འཕེལ་འགྲིབ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས། །སྙིང་པོའི་རང་བཞིན་འགྱུར་བ་མེད་པ་ལས། །ཡན་ལག་རིན་པའི་མཚན་ཉིད་ཞིང་ཞིག་འདེབས། །ཐམས་ཅད་སྐྱེ་འབྱུང་ཀུན་གཞིའི་ཞིང་ས་ལ། །མ་རིག་འཁྲུལ་སྒོའི་དབང་གི་ཉོན་མོངས་ཐ་རྒོད་ལ། །རིག་པ་རང་གདངས་འཆར་སྒོའི་ཆུ་ཡིས་སྦང་། །ཉོན་མོངས་དུག་ལྔའི་ཐ་རྒོད་བྱང་ཆུབ་ཆུ་ཡིས་སྦང་། །སེམས་ཉིད་ཀ་དག་ས་བོན་བཏབ། །ཉམ་ང་མེད་པའི་གླང་གཉིས་ལ། །སྙིང་པོ་མ་ཡི་གཤོལ་གུག་ལ། །ཡེ་ཤེས་ཟང་ཐལ་གཤོལ་མདའ་བཙུགས། །རྩལ་སྣང་ངང་དངས་སྤྲུལ་སྐུའི་ཐོང་ལྕགས་བཅུག །ཕྱི་ནང་གཉིས་མེད་གཉའ་ཤིང་བཀལ། །མི་འགྱུར་བརྟན་པའི་ཆུ་ཐག་བཅིངས། །ཡུལ་སེམས་གཉིས་མེད་རུ་ཐག་དཀྲིས། །རྩིས་གདབ་མེད་པའི་དོར་ཐག་བཏང་། །རང་འགྱུར་རང་སངས་ཐོང་མཁན་པས། །ཁམས་གསུམ་འགྲོ་དྲུག་ཉོན་མོངས་ཐ་བ་ལ། །ཤེས་རབ་ཟབ་མོའི་ཐོང་པ་བཙུགས། །སྡུག་བསྔལ་ཉོན་མོངས་ཐ་བ་རྨོས། །ཉོན་མོངས་བརྒྱད་ཁྲི་རྩད་ནས་ཕྱུང་། །འཁྲུལ་པའི་སྡུག་བསྔལ་རམ་པ་བཏོན། །འགོང་པོ་ངར་འཛིན་རུ་མ་མེད། །རྒྱུ་དྲུག་དུག་ལྔ་དུག་གསུམ་ཐ་རྒོད་ཐུལ། །མཉམ་པ་ཉིད་ཀྱི་བཤལ་བས་བཤལ། །འགྱུར་བ་མེད་པའི་ཐོག་བཏབ་ལ། །ཡེ་ཤེས་ཟང་ཐལ་གནང་མ་བཏོད། །ཐུགས་རྗེ་ཀུན་ཁྱབ་པེའུ་བྱས། །རྩིས་གདབ་མེད་པའི་གད་གཅིག་བྱས། །དེ་ནས་བྱང་ཆུབ་མྱུ་གུ་སྐྱེས། །འཁྲུལ་ཆོད་ཡེ་ཤེས་ལྗང་པ་སྐྱེས། །བག་ཙམ་ཉོན་མོངས་བག་ཆགས་ཀྱིས། །གཟུང་འཛིན་རྣམ་རྟོག་སྔོ་ཡང་སྐྱེས། །རང་རིག་འཕྲུལ་གྱི་ཁྱེའུ་ཆུང་གིས། །ཤེས་རབ་རྣོན་པོའི་རྐོ་མ་ཐོག །རྣམ་རྟོག་ཆགས་ཞེན་སྔོ་རུ་ཕྱེ། །འཁྲུལ་སྣང་མང་པོའི་སྔོ་རྣམས་རྩད་ནས་བཅད། །སྤྲོས་པ་


DNG002_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཆོད་ཡུར་མ་ཟིན། །གསང་སྔགས་བཀའ་ཡི་རྒྱ་མཚོ་ནས། །ཐེག་ཆེན་བདུད་རྩིའི་བྱང་ཆུབ་ཆུ་ཆེན་དེ། །ཐེག་པ་དགུ་ཡི་ཡུར་བར་དྲངས། །སྣང་སྲིད་འཁོར་འདས་ཞིང་རྣམས་བཅུས། །ཁ་གཏིང་མེད་པ་ཆོས་ཉིད་ཆུ་ཡིས་སྦངས། །མྱ་ངན་འདས་པའི་ལོ་ཐོག་རྒྱས། །སྐུ་གསུམ་སངས་རྒྱས་འབྲས་བུ་སྨིན། །སྐུ་གསུམ་ཡིད་ལ་མི་བྱེད་རྩས་མ་བྱེད། །སངས་རྒྱས་ཡིད་ལ་མི་བྱེད་རྩས་མ་བྱེད། །སྐུ་ལྔ་ལྟ་སྒོམ་དབྱིངས་དང་ཡེ་ཤེས་སངས་རྒྱས་ཞིང་ཁམས་རྣམས། །མ་འགྱུས་མི་བསྐྱོད་ཞེན་འཛིན་མེད། །དབྱེ་བསལ་རྩིས་གདབ་མེད་པའི་རྩས་མ་ཆོད། །སྙིང་པོ་འདུས་མ་བྱས་པའི་གཡུལ་དུ་བསྡུས། །འཁྲུལ་སྣང་རྩད་གཅོད་རྒྱ་ཟོར་གྱིས། །ཡན་ལག་བུ་ཡི་རྟོག་ཚོགས་སྙེ་མ་རྣམས། །སྒོ་ལྔ་ཡུལ་འཛིན་ཆགས་ཞེན་རྩད་ནས་གཅོད། །རང་བྱུང་རྒྱལ་བའི་རྒྱ་བརྡུང་གིས། །ཉོན་མོངས་སྙེ་མ་ཐལ་བ་རྡུལ་དུ་བརྡུངས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རླུང་ལ་བསྐུར། །སྡུག་བསྔལ་བརྒྱད་ཁྲི་བཞི་སྟོང་གཏན་ནས་བརླག །སྐུ་གསུམ་འདུ་འབྲལ་མེད་པའི་དཀར་མོ་ནས། །སྙིང་པོ་མཁའ་དབྱིངས་རྣམ་དག་མཛོད་དུ་བླུགས། །ངང་དངས་ཞེན་ཆགས་འཛིན་པ་རྩད་ནས་གཅོད། །སྙིང་པོ་འགྱུར་མེད་སྐྱེ་མེད་རྒྱ་ཡིས་བཏབ། །བྱང་ཆུབ་སེམས་ཀྱི་ལོ་ཏོག་བདུད་རྩིར་འཁྲུངས། །ཕུག་ཆུད་རྒྱས་ཐེབས་རྒྱུ་རྐྱེན་སྐྱེ་འཇིག་མེད། །གཉེན་པོས་མི་ཤིགས་གཞན་གྱིས་ཕྲོག་དབང་མེད། །ཅེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སོ་ནམ་སེམས་ལ་བྱ་བའི་ལེའུ་སྟེ་རེ་དྲུག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཆོས་སྐུ་བརྡའ་ཡི་ངོ་སྤྲོད་ཇི་ལྟར་ལགས། །ཞེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེ། སྙིང་པོ་མ་བུ་དབྱེར་མེད་གདེང་ཟིན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྙིང་པོ་མ་ཡི་རང་བཞིན་


DNG002_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས་པ་མེད། །ཡན་ལག་བུ་ཡིས་མ་རྟོགས་སྣ་ཚོགས་ཡུལ་ལ་འཇུག །དེ་ཡི་དབང་གིས་ཆོས་སྐུ་བརྡའ་ཡི་ངོ་སྤྲོད་བསྟན། །རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་། །མི་འགྱུར་ངོ་སྤྲོད་རྣམ་གསུམ་ལ། །གནས་ལུགས་མི་འགྱུར་ངོ་སྤྲོད་དང་། །སྣང་ཚུལ་མ་ངེས་ངོ་སྤྲོད་དང་། །དེ་གཉིས་གཉིས་མེད་ངོ་སྤྲོད་དོ། །གནས་ལུགས་མི་འགྱུར་ངོ་སྤྲོད་བསྟན་པ་ལ། །རྒྱུ་ཡིས་མ་བསྐྱེད་རྐྱེན་གྱིས་མི་འཇིག་པ། །ངོ་བོ་མི་འགྱུར་རང་བཞིན་གཉིས་སུ་མེད། །དེ་ཡི་དོན་ཡང་འདི་ལྟ་སྟེ། །རིན་ཆེན་འོད་འབར་གཞལ་ཡས་ན། །གཟུགས་མེད་ཀུན་ཁྱབ་སྐུ་གཅིག་བཞུགས། །མིང་ནི་སྐྱེ་མེད་བརྗོད་བྲལ་དམིགས་མེད་ཀུན་གསལ་གྲགས། །དེ་དང་ངོ་སྤྲོད་བསྟན་པ་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །སྣང་ཚུལ་མ་ངེས་ངོ་སྤྲོད་ནི། །ཅེར་གྱི་སྣང་བ་དེ་ཉིད་དུ། །ཆོས་དབྱིངས་དཀྱིལ་འཁོར་ནང་དེ་ནས། །སོར་བཞག་དབྱེར་མེད་སྐུ་གཅིག་བཞུགས། །མིང་ནི་གཉིས་མེད་རང་གནས་འབར། །དེ་དང་ངོ་སྤྲོད་བསྟན་པ་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །གཉིས་མེད་ངོ་སྤྲོད་བསྟན་པར་བྱ། །འཕྲོ་འདུ་མེད་པའི་རིན་ཆེན་འོད་ཁང་ན། །ངང་དངས་དབྱེར་མེད་སྐུ་གཅིག་བཞུགས། །མིང་ནི་སྤྲོས་བྲལ་ཆོས་སྐུར་གྲགས། །དེ་དང་ངོ་སྤྲོད་བསྟན་པ་ནི། །བླ་མའི་ཞལ་ནས་ཤེས་པར་བྱ། །ངོ་སྤྲོད་རྣམ་གསུམ་དྲིལ་བས་གཅིག་ཏུ་འདུས། །སྙིང་པོ་འོད་ཀྱི་དཀྱིལ་འཁོར་ཅན། །འོད་མཐའ་མེད་པའི་གཞལ་ཡས་ཁང་། །སྙིང་པོ་དམིགས་མེད་བརྗོད་བྲལ་ཀུན་གྱི་དངོས། །འོད་འབར་དྲི་མེད་ཆོས་སྐུ་བཞུགས། །དེ་དང་ངོ་སྤྲོད་བསྟན་པ་ནི། །དཔེ་དང་དོན་དང་གཏན་ཚིགས་གསུམ། །དོན་ནི་འདི་བཞིན་ཤེས་པར་བྱ། །བརྗོད་བྱ་ཐམས་ཅད་བརྗོད་མེད་ངང་དུ་སྤྲོད། །མཚོན་བྱ་ཐམས་ཅད་མཚོན་མེད་ངང་དུ་སྤྲོད། །མིང་འདོགས་ཐམས་ཅད་མིང་མེད་ངང་དུ་སྤྲོད། །འདོད་ཞེན་ཐམས་ཅད་འདོད་མེད་ངང་དུ་སྤྲོད། །བྱ་བྱེད་གཉིས་འཛིན་རྟགས་ཞེན་རྣམས། །བྱར་མེད་འཛིན་མེད་རྟགས་ཞེན་མེད་པར་སྤྲོད། །དཔེ་ནི་འདི་བཞིན་ཤེས་པར་བྱ། །རྒྱ་


DNG002_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཆུ་བྲན་ངོ་སྤྲོད་དབྱེར་མི་ཕྱེད། །འོ་མ་ཆུར་འདྲེས་དབྱེར་མི་ཕྱེད། །ཚྭ་དང་ཆུ་འདྲེས་དབྱེར་མི་ཕྱེད། །གཏན་ཚིགས་འདི་བཞིན་ཤེས་པར་བྱ། །མཚན་ཉིད་སྙིང་པོར་ཐིམ་པས་དབྱེར་མི་ཕྱེད། །སྙིང་པོ་ཡན་ལག་ཐིམ་པས་དབྱེར་མི་ཕྱེད། །འོད་དང་ཟེར་འཕྲད་དབྱེར་མི་ཕྱེད། །ཆོས་སྐུ་ལོངས་སྐུར་ཐིམ་པས་དབྱེར་མི་ཕྱེད། །རིག་པའི་སྙིང་པོར་ཐིམ་པས་དབྱེར་མི་ཕྱེད། །མ་ལ་བུ་ཐིམ་དབྱེར་མི་ཕྱེད། །ཡེ་ཤེས་རང་སར་ཐིམ་པས་རྣམ་རྟོག་རང་སར་གྲོལ། །སྙིང་པོ་ཀློང་ནས་ཤར་བས་སྐུ་གསུམ་འདུ་འབྲལ་མེད། །ཆུ་དང་མེ་ལོང་ཤེལ་སྒོང་གསུམ་ལ་དཔེ་ཡི་ངོ་སྤྲོད་བྱ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་དོན་གྱི་ངོ་སྤྲོད་བྱའོ། །སེམས་ཉིད་ཆོས་ཉིད་རིག་པའི་ཡེ་ཤེས་གསུམ་ལ་རྟགས་ཀྱི་ངོ་སྤྲོད་བྱ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ངོ་སྤྲོད་རྣམ་གསུམ་བསྟན་པའི་ལེའུ་སྟེ་རེ་བདུན་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་གསོལ། །དེ་ལྟར་སངས་རྒྱས་ངོ་སྤྲོད་ནས། །རྩོལ་བསྒྲུབ་བཅས་བཅོས་མི་འཚལ་ལམ། །ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས། །སྙིང་པོ་མ་ཡིན་རང་བཞིན་འགྱུར་མེད་ལ། །རྩལ་སྣང་ཡན་ལག་མཚན་ཉིད་སྣ་ཚོགས་སྣང་། །སྣང་ཡང་སྣ་ཚོགས་ངང་ལས་གཡོས་པ་མེད། །གཞན་དུ་མ་བཀོལ་སྙིང་པོའི་ཀློང་དུ་ཐིམ། །ཐིམ་ནས་དབྱེར་མེད་སྐྱེ་མེད་རྟོགས་ཙ་ན། །ཅི་ལྟར་བྱས་ཀྱང་ཆོས་ཉིད་གྲོགས་སུ་འགྱུར། །བྱ་བ་ཐམས་ཅད་བཏང་ལ་ནི། །བྱར་མེད་ངང་ལ་གནས་པར་བྱ། །ཞི་གནས་མ་བཅོས་ལྷུན་གྱིས་གྲུབ། །ཐ་མལ་རང་ལུགས་གནས་པ་ནི། །སྙིང་པོ་ཆོས་ཉིད་ཀློང་ན་གནས། །མི་བྱ་བཙལ་བའི་ལས་མི་བྱ། །གཡོ་རྩོལ་དགག་བསྒྲུབ་སྤང་ལེན་མེད། །གཉིས་མེད་རྩིས་གདབ་མེད་པས་གནས་པར་གྱིས། །ཅོག་གེར་ཞོག་ཅིག་གནས་ལུགས་ལ། །བཞག་པ་མེད་པའི་ངོ་བོ་ལ། །འགྲོ་ས་མེད་པའི་སྙིང་པོ་ལ། །རང་ཉིད་ཡིན་གྱིས་རང་


DNG002_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སར་གནས། །བསྒྲུབ་རྒྱུ་མེད་ཀྱིས་ཡེ་ནས་གྲུབ། །རེ་ས་མེད་ཀྱིས་གཞན་ལ་རེ། །དེ་ཡང་རང་བཟོ་མ་ཡིན་ནམ། །མ་ཡིན་གཏན་ཚིགས་འདི་ཡིས་ཤེས། །སེམས་ཉིད་དངོས་པོ་མེད་པ་ཡིན། །འཁྲུལ་སེམས་ཅིར་ཡང་འཆར་བ་ཡིན། །དངོས་མེད་ཅིར་ཡང་འཆར་བ་ཡིན། །ངོ་བོ་ཉིད་ལ་དབྱེ་རུ་མེད། །ཐ་དད་མེད་དེ་ཆོས་སྐུ་ཡིན། །སྙིང་པོ་དངོས་པོ་མེད་པ་དང་། །རིག་པ་སྣ་ཚོགས་འཆར་བ་དང་། །ཆོས་སྐུའི་ངང་ལས་དབྱེ་རུ་མེད། །ཐ་དད་མེད་པས་ཆོས་ཉིད་ཡིན། །ངོ་བོ་མཐོང་དུ་མེད་པ་དང་། །མཚན་ཉིད་སྣ་ཚོགས་མཐོང་བ་གཉིས། །ཆོས་ཉིད་ངང་ལ་དབྱེ་རུ་མེད། །ཐ་དད་མེད་དེ་ཆོས་སྐུ་ཡིན། །གནས་ལུགས་སྐྱེ་བ་མེད་པ་དང་། །ཡིད་བྱེད་སྣ་ཚོགས་སྐྱེ་བ་གཉིས། །གནས་ལུགས་ངང་ལས་དབྱེ་རུ་མེད། །དབྱེར་མ་ཕྱེད་དེ་ཆོས་ཀྱི་སྐུ། །དེས་ན་འདི་ལྟར་ཤེས་པར་གྱིས། །གནས་ལུགས་ཡེ་ནས་འབྲས་བུ་ཡེ་གྲུབ་ཡིན། །ས་རྣམས་ཡེ་བགྲོད་འབྲས་བུ་ཡེ་སྦྱངས་ཡིན། །ལས་ཀྱང་བཞག་ཟིན་ལམ་ལྔ་ཐོབ་པ་ཡིན། །དེ་ལྟར་གོ་ན་འཁོར་བའི་ལས་རྣམས་ཟིན། །འདོད་པའི་སངས་རྒྱས་རང་ལ་རྙེད། །དེས་ན་དངོས་མེད་ཀུན་ཁྱབ་སྐུ། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །རྡོ་རྗེ་གཡུང་དྲུང་ལྟ་བུར་གནས་པའོ། །གནས་ནི་མཁའ་ཀློང་རྣམ་དག་གནས། །ཡུལ་ནི་སྤྱི་ཡུལ་ཀུན་གཞིའི་ཡུལ། །གོས་མེད་སྣ་ཚོགས་སྟོང་ཉིད་གོས། །ཟས་མེད་སྣ་ཚོགས་ཏིང་འཛིན་ཟས། །ཡུལ་ནི་ནམ་མཁའ་ཁྱིམ་ནི་ཆོས་ཉིད་དོ། །ཕ་མ་ཀུན་བཟང་ཡབ་ཡུམ་བདེ་ཆེན་གྲོགས། །སྲས་ནི་ངང་དངས་ཡེ་ཤེས་ལྔ་ཡི་འཁོར། །ཉི་ཟླ་གཟའ་སྐར་འཇའ་ཚོན་ན་བུན་ཆུ་ཟླའི་ཚོགས། །ཆོས་ཉིད་རང་རྩལ་མ་འགགས་རིག་པའི་རྒྱན། །དེ་ཙམ་ཉིད་ན་འདི་ལྟ་སྟེ། །སངས་སུ་མེད་པའི་མ་རིག་མུན་པ་སངས། །ཤར་དུ་མེད་པའི་ཡེ་ཤེས་ཉི་མ་ཤར། །གསལ་དུ་མེད་པའི་རང་སེམས་ཆོས་སྐུ་གསལ། །ཕྱེད་དུ་མེད་པའི་རིག་པའི་འཆར་སྒོ་ཕྱེད། །ཟིན་དུ་མེད་པའི་རང་ས་ཟིན། །ཟིན་དུ་མེད་པའི་འཁོར་བའི་ལས་རྣམས་ཟིན། །ཐོང་དུ་མེད་པའི་འཁོར་བའི་བྱ་བ་ཐོང་། །ཐར་


DNG002_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེད་པའི་འཁོར་བའི་སྒྲོག་ནས་ཐར། །ཐོན་དུ་མེད་པའི་འཁོར་བའི་རྫབ་ནས་ཐོན། །གྲུབ་ཏུ་མེད་པའི་སྐུ་གསུམ་རང་ལ་གྲུབ། །རྒྱས་སུ་མེད་པའི་ཡེ་ཤེས་ཆོས་ཉིད་རྒྱས། །ཟིན་དུ་མེད་པའི་ཆོས་ཉིད་རང་ས་ཟིན། །ཆོད་དུ་མེད་པའི་འཁྲུལ་པ་རྩད་ནས་ཆོད། །སངས་སུ་མེད་པའི་རྣམ་རྟོག་ཆགས་ཞེན་སངས། །གྲོལ་དུ་མེད་པའི་དུག་ལྔ་རང་སར་གྲོལ། །རྟོགས་སུ་མེད་པའི་སྙིང་པོ་ཆོས་སྐུ་རྟོགས། །རེ་བའི་ས་མེད་དོགས་པའི་ལྟུང་ས་མེད། །རིགས་དྲུག་རྩད་བཅད་ཁམས་གསུམ་སངས་རྒྱས་ས། །སྐྱེ་རྒས་ན་འཆིའི་སྒོ་བཅད་ཐོག་མཐའི་དྲས་ཐག་ཆོད། །སྲིད་གསུམ་ཟིལ་གནོན་སྣང་སྲིད་རྒྱ་ནས་འདེགས། །དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་། །དགོངས་པའི་དོན་ནི་དེ་ལས་མ་གསུངས་སོ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སྤྱི་ཏི་རྟོགས་པའི་རྣལ་འབྱོར་པས་ཅི་ལྟར་སྤྱད་ཀྱང་ཆོས་ཉིད་ཀྱི་རྩིས་ཟིན་ན་ཆོས་ཉིད་ཀྱི་རོལ་པ་སྟེ་ལེའུ་སྟེ་རེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །རང་སེམས་གསལ་བའི་མེ་ལོང་དགུ་སྐོར་ཇི་ལྟར་ལགས། །ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས། །སྙིང་པོ་མ་ཡི་རང་བཞིན་གཡོ་མེད་འགྱུར་མེད་ཀྱང་། །རིན་ཆེན་གསལ་བའི་མེ་ལོང་རྣམ་དགུ་བཤད། །རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་། །སྣང་བ་རང་གནས་མེ་ལོང་དང་། །རིག་པ་རང་ཤར་མེ་ལོང་དང་། །ཀུན་གཞི་སྤྲོས་བྲལ་མེ་ལོང་སྟེ། །དེ་རྣམས་ཕྱི་ཡི་མེ་ལོང་ངོ་། །ནང་གི་མེ་ལོང་བསྟན་པ་ནི། །སྣང་བ་བརྟགས་སྣང་མེ་ལོང་དང་། །རིག་པ་སྟོང་པའི་མེ་ལོང་དང་། །ཐམས་ཅད་སྐྱེ་འབྱུང་ཀུན་གཞི་སེམས་ཀྱི་མེ་ལོང་ངོ་། །གསང་བའི་མེ་ལོང་བསྟན་པ་ནི། །སྣང་སེམས་གཉིས་མེད་མེ་ལོང་དང་། །ཡིད་རིག་འགྱུར་མེད་མེ་ལོང་དང་། །སྙིང་པོ་དོན་རྟོགས་སྐྱེ་མེད་སེམས་ཀྱི་མེ་ལོང་ངོ་། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རིན་ཆེན་


DNG002_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གྱི་མེ་ལོང་དགུ་སྐོར་བསྟན་པའི་ལེའུ་སྟེ་རེ་དགུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཀུན་ཏུ་བཟང་པོའི་གདམས་ངག་ཚིག་གསུམ་པོ། །བདག་ཅག་རྣམས་ལ་བཤད་དུ་གསོལ། །ཀུན་ཏུ་བཟང་པོས་འཁོར་ལ་འདི་སྐད་གསུངས། །ཕྱི་ཡི་ཡུལ་བརྟགས་སྣང་བ་ཐམས་ཅད་འཁྲུལ་པར་ཤེས་པར་གྱིས། །ཡིད་དཔྱོད་དྲན་རིག་འགྱུ་བ་མྱོང་བ་རྣམས། །སྤྲོས་པ་ཐག་ཆོད་ངང་དངས་རང་གྲོལ་འགྱུར་མེད་རྒྱ་ཡིས་ཐོབ། །སྤྲོས་པའི་མཐའ་བརྒྱད་ཆོས་བརྒྱད་བྲལ་བའི་ས་དེ་ལ། །སྨྲ་མེད་བརྗོད་མེད་འགྱུར་བ་མེད་པའི་དོན། །མི་འགྱུར་ཆོས་ཀྱི་དབྱིངས་ལ་སྐྱེ་མེད་ཆོས་སྐུ་གནས། །ཀུན་བཟང་བདག་གི་གདམས་ངག་ཚིག་གསུམ་འདི། །རྡོ་རྗེ་སེམས་དཔའི་ཐུགས་ཀྱི་དཀྱིལ་དུ་ཞོག །ཅེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། གདམས་ངག་ཚིག་གསུམ་བསྟན་པའི་ལེའུ་སྟེ་བདུན་ཅུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ངེས་པའི་ཚིག་བཞི་ཇི་ལྟར་ལགས། །ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་འཁོར་ལ་འདི་སྐད་གསུངས། ལྟ་བའི་རྒྱལ་པོ་ཞེ་འདོད་མེད་པར་ངེས། །སྒོམ་པའི་རྒྱལ་པོ་བསྒྲུབ་བྱ་མེད་པར་ངེས། །སྤྱོད་པའི་རྒྱལ་པོ་བྱ་བཙལ་མེད་པར་ངེས། །འབྲས་བུའི་རྒྱལ་པོ་རེ་དོགས་མེད་པར་ངེས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ངེས་པ་རྣམ་བཞི་བསྟན་པའི་ལེའུ་སྟེ་དོན་གཅིག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ལྷག་མཐོང་རྣམ་དྲུག་ཇི་ལྟར་ལགས། །ལྟ་བ་ངོས་གཟུང་མེད་པས་ཕྱོགས་མེད་ལྷག་གིས་མཐོང་། །སྒོམ་པ་འགྱུར་མེད་རྟོག་མེད་ལྷག་གིས་ཤར། །སྤྱོད་པ་བྱར་མེད་སངས་རྒྱས་དགོངས་པ་ལྷག་གིས་མཐོང་། །དམ་ཚིག་བསྲུང་མེད་སྐྱོན་མེད་དགོངས་པ་ལྷག་གིས་མཐོང་། །ཕྲིན་ལས་བཙལ་མེད་བགྲོད་མེད་ལྷག་གིས་ཤར། །འབྲས་བུ་བསྒྲུབ་མེད་རེ་མེད་དོགས་མེད་ལྷག་གིས་མཐོང་། །ཞེས་གསུངས་སོ། །སྣང་སྲིད་ཁ་


DNG002_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ལྷག་མཐོང་རྣམ་དྲུག་བསྟན་པའི་ལེའུ་སྟེ་དོན་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །འདས་པ་རྣམ་བཅུ་ཇི་ལྟར་ལགས། །ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་འདི་སྐད་གསུངས། །ལྟ་བ་གཞུང་མེད་ཚིག་ལས་འདས། །སྒོམ་པ་བསམ་མེད་བློ་ལས་འདས། །སྤྱོད་པ་བྱར་མེད་འཁོར་བའི་ལས་ལས་འདས། །དམ་ཚིག་བསྲུང་མེད་འདའ་མེད་བསྲུང་ལས་འདས། །ཕྲིན་ལས་བཙལ་མེད་དབྱེར་མེད་ངང་ལས་འདས། །ལམ་རྣམས་མ་བགྲོད་བགྲོད་མེད་ངང་ལས་འདས། །ས་རྣམས་མ་སྦྱངས་སྦྱང་མེད་ངང་ལས་འདས། །ལུང་ནི་མ་ནོར་ཚིག་གི་ལུང་ལས་འདས། །མན་ངག་ཞེན་མེད་འཛིན་མེད་ངང་ལས་འདས། །འབྲས་བུ་ཡེ་ནས་ཡོད་སྨོན་ཡིད་ལས་འདས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། འདས་པ་རྣམ་བཅུ་བསྟན་པའི་ལེའུ་སྟེ་དོན་གསུམ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །གནས་ལུགས་བརྡའ་ཡི་དོན་བཤད་དུ་གསོལ། །ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས་སོ། །ནམ་མཁའ་སྟོང་པ་དག་ལ་བསོས་ཀྱང་ཐོབ། །ནམ་མཁའ་ལ་ནི་བསོས་བཏབ་པས། །ཆུ་བོ་ཆེན་པོ་རྒྱུན་མི་འཆད། །ཆུ་བོ་རྒྱུན་ཆད་མེད་པ་ཡིས། །རྒྱལ་པོའི་དཀོར་སྲུང་པ་དང་འདྲ། །དྲན་པ་མི་འབྱུང་ཆོས་ཉིད་ཀློང་ན་གནས། །ཡེངས་ཀྱང་ཆོས་ཉིད་མ་ཡེངས་ཆོས་ཀྱི་དབྱིངས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཆོས་ཉིད་བརྡར་བསྟན་པའི་ལེའུ་སྟེ་དོན་བཞི་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །དུག་ལྔ་སྐུ་ལྔའི་བརྡའ་ཆོས་ཇི་ལྟར་ལགས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །མ་བསྒྲུབས་ཀུན་ཏུ་གསལ་བའི་འོད་ཁང་ན། །རྒྱལ་པོ་ལྷ་གཅིག་བཞུགས་པ་ལ། །


DNG002_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོ་དབང་ཆེན་མི་བཞིས་བསྐོར། །རྒྱལ་པོས་བློན་པོ་མི་བཞི་བཏུལ། །མི་བཞི་བཏུལ་ནས་སྐུ་བཞིར་བསྒྱུར། །རྒྱལ་པོ་མི་འགྱུར་ཆོས་ཀྱི་སྐུ། །མི་བཞི་ཡེ་ཤེས་རྣམ་པ་བཞི། །མི་གཅིག་ཆོས་དབྱིངས་ཡེ་ཤེས་སོ། །མ་རིག་པ་ཡི་མུན་ཁང་ཐིབ་པོ་ན། །མ་རིག་ལོང་མ་ཞེ་སྡང་ཕུང་རྒྱལ་ཡོད། །མཐོ་ལ་སྨྲ་མཆུ་དམའ་ལ་སྨོད། །འཕྲད་ཚད་ཆགས་ལས་བསོགས་པའི་བཟའ་མི་ལྔ། །ཁམས་གསུམ་འཁོར་བར་བསྐྱུར་བའི་མཁན་པོ་ཡིན། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་ལས་སུ་སྤྱོད། །སྡུག་བསྔལ་དེ་ལས་བཟློག་འདོད་ན། །མུན་པའི་སྒོ་ཕྱེ་གསལ་པའི་ཡེ་ཤེས་ཐོབ། །མ་རིག་མིག་ཕྱེ་ཡེ་ཤེས་ཉི་མ་ཤར། །ཞེ་སྡང་རྩད་གཅོད་ཕུང་རྒྱལ་གཏན་ནས་རློགས། །ང་རྒྱལ་རང་བརླག་ཕྲག་དོག་མིང་ཡང་མེད། །ཁམས་གསུམ་མི་གནས་སྟོང་གསུམ་སངས་རྒྱས་པ། །སྡུག་བསྔལ་བཞི་ཡི་རྩད་གཅོད་སྐུ་བཞི་ཡེ་ཤེས་བཞི། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། དུག་ལྔ་ཡེ་ཤེས་ལྔར་བརྡར་བསྟན་པའི་ལེའུ་སྟེ་དོན་ལྔ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་ནི་ཇི་ལྟར་ལགས། །དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས། །སྣང་བ་བཀག་པས་མི་ཁེགས་འོ་ན་ཁེགས་དང་ཡ། །སེམས་ཉིད་བལྟས་པས་མི་མཐོང་འོ་ན་ལྟོས་དང་ཡ། །གཉིས་མེད་བསྒྲུབས་པས་མི་འགྲུབ་འོ་ན་སྒྲུབ་དང་ཡ། །སངས་རྒྱས་བཙལ་བས་མི་རྙེད་འོ་ན་ཚོལ་དང་ཡ། །ཤེས་ན་མ་ཤེས་མ་བསྒོམས་ན་རྡོ་རྗེ་ཀུན་ཏུ་བཟང་པོ་ཡིན། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཆོས་ཉིད་གཏན་ལ་དབབ་པའི་ལེའུ་སྟེ་དོན་དྲུག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །སྙིང་པོའི་དོན་འདི་བཤད་དུ་གསོལ། །ཞེས་ཞུས་པ་དང་། ཀུན་བཟང་ཉིད་ཀྱིས་འདི་སྐད་གསུངས། །སྙིང་པོ་འདུས་མ་བྱས་པ་ཡིན། །སྙིང་པོ་སྐྱེ་མེད་འགྱུར་མེད་ཡིན། །སྙིང་པོ་སྐྱེ་མེད་


DNG002_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ། །སྙིང་པོ་སངས་རྒྱས་ཉག་གཅིག་ཡིན། །སྙིང་པོ་འགྱུར་བ་མེད་པ་ཡིན། །སྙིང་པོ་འགྱུར་མེད་གཡུང་དྲུང་གཉུག་མའི་ངང་། །སྙིང་པོ་འོད་གསལ་དྲི་མ་མེད། །སྙིང་པོ་ཀུན་གཞི་འདུས་མ་བྱས། །སྙིང་པོ་རིན་ཆེན་འོད་སྤངས་ཡིན། །དཔེར་ན་མར་ཁལ་གཅིག་ལ་བཞུ་བཏུལ་བྱས་པས་དྲེ་བཞིར་འདུས་པ་མར་གྱི་སྙིང་པོ་ཡིན། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །ཐམས་ཅད་གཅིག་ཏུ་འདུས་པའི་སྙིང་པོ་ཆོས་སྐུ་ཡིན། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སྙིང་པོ་བཤད་པ་བསྟན་པའི་ལེའུ་སྟེ་དོན་བདུན་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཆོས་སྐུའི་བཤད་ལུགས་ཇི་ལྟར་ལགས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་འདི་སྐད་གསུངས། །ཆོས་སྐུ་དངོས་པོ་མེད་པ་ཡིན། །ཆོས་སྐུ་དམིགས་པའི་ཡུལ་ལས་འདས། །ཆོས་སྐུ་རྒྱུ་རྐྱེན་འཕོ་འགྱུར་མེད། །ཆོས་སྐུ་རྩོལ་བསྒྲུབ་བྱ་བཙལ་མེད། །ཆོས་སྐུ་བརྗོད་པའི་ཡུལ་ལས་འདས། །ཚིག་དང་ཡི་གེས་ཆོས་སྐུ་མཚོན་དུ་མེད། །ཐུགས་རྗེ་ཀུན་ལ་ཁྱབ་ཀྱང་ངོས་བཟུང་གཅིག་ཀྱང་མེད། །ཆོས་སྐུ་རྩོལ་བསྒྲུབ་སྤང་ལེན་མཐའ་དང་བྲལ། །ཆོས་སྐུ་མི་བསྒྲུབ་རང་སེམས་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཆོས་སྐུའི་ངེས་ཚིག་བསྟན་པའི་ལེའུ་སྟེ་དོན་བརྒྱད་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །བྱང་ཆུབ་དོན་འདི་བཤད་དུ་གསོལ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །བྱང་ནི་ཡུལ་སེམས་གཉིས་མེད་བྱང་། །ཆུབ་ནི་དབྱེར་མེད་ཆེན་པོར་ཆུབ། །བྱང་ནི་ནང་གི་རྣམ་རྟོག་བྱང་། །ཆུབ་ནི་སྤྲོས་པ་ཐད་ཀར་ཆུབ། །བྱང་ནི་གཟུང་འཛིན་གཉིས་སྣང་བྱང་། །ཆུབ་ནི་གཟུང་འཛིན་མེད་པར་ཆུབ། །བྱང་ནི་


DNG002_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མའི་རྣམ་རྟོག་བྱང་། །ཆུབ་ནི་མཚན་མ་མེད་པར་ཆུབ། །བྱང་ནི་བརྟགས་ཚད་ཞེན་ཚད་འགྱུ་ཚད་བྱང་། །ཆུབ་ནི་བརྗོད་མེད་ཀློང་དུ་ཆུབ། །བྱང་ནི་དུག་ལྔ་དུག་གསུམ་བྱང་། །ཆུབ་ནི་སྐུ་ལྔ་ཡེ་ཤེས་ལྔ། །བྱང་ནི་རྟོག་ཚོགས་ཇི་སྙེད་བྱང་། །ཆུབ་ནི་རྟོག་མེད་ཡེ་ཤེས་ཆེན་པོར་ཆུབ། །ཅེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། བྱང་ཆུབ་ཀྱི་ངེས་ཚིག་བསྟན་པའི་ལེའུ་སྟེ་དོན་དགུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །སེམས་དཔའི་དོན་ནི་བཤད་དུ་གསོལ། །ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས་སོ། །སེམས་ནི་ཡང་དག་དོན་ལ་སེམས། །དཔའ་ནི་གཉིས་མེད་དོན་ལ་དཔའ། །སེམས་ནི་སྐྱེ་མེད་དོན་ལ་སེམས། །དཔའ་ནི་འགག་མེད་དོན་ལ་དཔའ། །སེམས་ནི་རྒྱུ་རྐྱེན་མེད་པར་སེམས། །དཔའ་ནི་འཕོ་འགྱུར་མེད་པར་དཔའ། །སེམས་ནི་འཁོར་འདས་གཉིས་ལ་སེམས། །དཔའ་ནི་གཉིས་མེད་ཆེན་པོར་དཔའ། །སེམས་ནི་འགྱུར་མེད་ངང་ལ་སེམས། །དཔའ་ནི་མི་བསྐྱེད་ཆགས་ཞེན་མེད། །སེམས་ནི་ཡུལ་སེམས་མེད་པར་སེམས། །དཔའ་ནི་བཟང་ངན་དགག་བསྒྲུབ་མེད། །སེམས་ནི་ཆོས་ཉིད་མ་ལ་སེམས། །དཔའ་ནི་མ་བུ་དབྱེར་མེད་དཔའ། །སེམས་ནི་འགྱུར་མེད་ཀློང་ནས་སེམས། །དཔའ་ནི་བརྗོད་མེད་བདེ་ཆེན་ཀློང་ན་དཔའ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སེམས་དཔའི་ངེས་ཚིག་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་ཐམ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །རང་བྱུང་དོན་ཚིག་བཤད་དུ་གསོལ། །ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས། །རང་ནི་ཐོག་མའི་ཡེ་ཡོད་གཞི། །བྱུང་ནི་ཡིད་ཙམ་ཡོད་དེ་ཙམ། །རང་ནི་དངོས་མེད་ཀུན་ཁྱབ་གཞི། །བྱུང་ནི་གཞི་ལ་གནས་པའི་རླུང་། །རང་ནི་ཡིད་


DNG002_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གཡོ་བའི་གཞི། །བྱུང་ནི་བག་ཙམ་འགྱུར་བས་བྱུང་། །རང་ནི་ཀུན་གཞི་སྤྱི་ཁྱབ་སྟེ། །བྱུང་ནི་རང་སྣང་འོད་ལྔར་བྱུང་། །རང་ནི་འོད་ཀྱི་དཀྱིལ་འཁོར་སྟེ། །བྱུང་ནི་འོད་གསལ་ཟེར་ལྔར་བྱུང་། །རང་ནི་ཟེར་ལྔའི་རང་བཞིན་ཏེ། །བྱུང་ནི་ཤེས་པའི་སྣང་ཚུལ་ལྔ། །རང་ནི་ཡེ་ཡི་ཤེས་པ་སྟེ། །བྱུང་ནི་གནས་པའི་དོན་མ་རིག །ཡེ་དོན་མ་ཤེས་དོན་མ་ཤེས། །དེ་ཕྱིར་མ་རིག་འཁྲུལ་པར་གསུངས། །རང་ནི་མ་རིག་འཁྲུལ་པའི་སྒོ། །བྱུང་ནི་རིག་ཡིད་སེམས་ཡིད་བྱུང་། །རང་ནི་འཁྲུལ་ལུགས་རྣམ་གསུམ་སྟེ། །བྱུང་ནི་རིགས་དྲུག་ཁམས་གསུམ་འཁོར་བ་བྱུང་། །རང་ནི་རང་གི་སེམས་ཡིན་ཏེ། །བྱུང་ནི་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་བྱུང་། །རང་ནི་མ་རྟོགས་འཁོར་བའི་སེམས། །བྱུང་ནི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བྱུང་། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རང་བྱུང་གི་ངེས་ཚིག་མ་རྟོགས་འཁོར་བ་བྱུང་ཞིང་འཁྱམས་པའི་ལེའུ་སྟེ་གྱ་གཅིག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཀུན་གཞིའི་དོན་ནི་ཇི་ལྟར་ལགས། །ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཀུན་ནི་སྣང་སྲིད་འཁོར་འདས་ཡིན། །གཞི་ནི་བྱང་ཆུབ་སེམས་ཡིན་ནོ། །ཀུན་ནི་སྐྱེ་འགྲོ་གཟུགས་བསྡུས་ཡིན། །གཞི་ནི་སེམས་ཀྱི་འབྱུང་གཞི་ཡིན། །ཀུན་ནི་འབྱུང་སྣང་ཆོས་ལ་བྱ། །གཞི་ནི་ཐོག་མའི་གཞི་ལ་བྱ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཀུན་གཞིའི་ངེས་ཚིག་བསྟན་པའི་ལེའུ་སྟེ་གྱ་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །མ་ནོར་སངས་རྒྱས་ཇི་ལྟར་ལགས། །ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །མ་ནོར་སངས་རྒྱས་ངོ་བོ་ནི། །བསྒྲུབས་པས་སངས་རྒྱས་མི་འགྲུབ་ཀྱི། །སེམས་ལ་སངས་རྒྱས་ཡེ་ནས་གྲུབ། །གྲུབ་ཟིན་དོན་ལས་


DNG002_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཡོས་ན། །ཐུན་མོང་རྩོལ་བསྒྲུབ་བྱ་མི་དགོས། །དྲང་པོར་འདུག་ལ་ལྷུན་གྲུབ་ལྟོས། །བལྟས་པས་མཐོང་བ་གཅིག་ཀྱང་མེད། །མེད་པ་དེ་ཀ་མཐོང་བ་ཡིན། །མ་རིག་འཁོར་བའི་མུན་པ་སངས། །ཡེ་ཤེས་རིག་པའི་འཆར་སྒོ་རྒྱས། །བདག་འཛིན་ཉོན་མོངས་འགྱུ་མཁན་སངས། །འཛིན་མེད་ཡེ་ཤེས་རྣམ་དག་རྒྱས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མ་ནོར་སངས་རྒྱས་བསྟན་པའི་ལེའུ་སྟེ་གྱ་གསུམ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །མྱང་འདས་མ་ནོར་ཇི་ལྟར་ལགས། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། མ་ནོར་ངེས་པའི་མྱང་འདས་ནི། །སྐྱེ་འབྱུང་ཀུན་གཞིའི་ཀློང་དུ་འདུས། །ཡན་ལག་བུ་ཡི་ཤེས་པ་རྣམས། །སྙིང་པོ་མ་ཡི་ཀློང་དུ་འདུས། །མཚན་ཉིད་སྣང་ཚུལ་རྩལ་སྣང་རྣམས། །སྟོང་ཉིད་མཁའ་ཀློང་དབྱིངས་སུ་འདུས། །སེམས་ཀྱི་སྣང་ཚུལ་སྣ་ཚོགས་བརྟགས་ཞེན་རྣམས། །ཆོས་ཉིད་བྱང་ཆུབ་སེམས་སུ་འདུས། །བློ་ལ་སྣང་བའི་ཐེ་ཚོམ་རྣམས། །ཀུན་གཞི་ནམ་མཁའི་ཀློང་དུ་འདུས། །མ་རིག་དངོས་པོ་རིག་པར་འདུས། །སྣང་བའི་ངོ་བོ་སྟོང་པར་འདུས། །གཉིས་སྣང་ཐམས་ཅད་གཉིས་མེད་འདུས། །བདག་འཛིན་ཐམས་ཅད་འཛིན་མེད་འདུས། །ཕྱོགས་རིས་ཐམས་ཅད་ཞེན་མེད་འདུས། །ཞེན་ཆགས་ཐམས་ཅད་ཞེན་མེད་འདུས། །ཁམས་གསུམ་འཁོར་བའི་སྡུག་བསྔལ་རྣམས། །མྱ་ངན་འདས་པའི་ཀློང་དུ་འདུས། །སེམས་ཅན་ངན་རྟོག་བདག་འཛིན་རྣམས། །སངས་རྒྱས་བདེ་ཆེན་དབྱིངས་སུ་འདུས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མ་ནོར་ངེས་པར་མྱ་ངན་ལས་འདས་པའི་ལེའུ་སྟེ་གྱ་བཞི་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་གསོལ། །མ་


DNG002_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་སེམས་ཉིད་ཇི་ལྟར་ལགས། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །མ་ནོར་སེམས་ཉིད་རང་བཞིན་ནི། །བཅོས་པ་མེད་པའི་སེམས་ཉིད་དེ། །སོ་མ་རང་ལུགས་གྱི་ནར་འདུའོ། །བདག་འཛིན་བྲལ་བའི་སེམས་ཉིད་དེ། །འཛིན་མེད་གསལ་དངས་སངས་རྒྱས་སོ། །རྟགས་སྣང་གྲོལ་བའི་སེམས་ཉིད་དེ། །མ་ནོར་རྣམ་དག་ཡེ་ཤེས་སོ། །བློས་བཅུག་ཡིད་སྨོན་སངས་པ་དེ། །ཡིད་སྨོན་མེད་པའི་སེམས་ཉིད་དོ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མ་ནོར་སེམས་ཉིད་བསྟན་པའི་ལེའུ་སྟེ་གྱ་ལྔ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །སེམས་ཀྱི་སྣང་ཚུལ་ཇི་ལྟར་ལགས། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སེམས་ཀྱི་སྣང་ཚུལ་བསམ་ཡས་ཏེ། །འཁོར་འདས་གཉིས་ཀྱང་སེམས་ཀྱི་སྣང་ཚུལ་ཡིན། །སངས་རྒྱས་སེམས་ཅན་སེམས་ཀྱི་སྣང་ཚུལ་ཡིན། །སྣང་སྲིད་སྣོད་བཅུད་སེམས་ཀྱི་སྣང་ཚུལ་ཡིན། །སྐྱེ་འགྲོ་གཟུགས་བསྡུས་སེམས་ཀྱི་སྣང་ཚུལ་ཡིན། །བརྒྱད་ཁྲི་བཞི་སྟོང་སེམས་ཀྱི་སྣང་ཚུལ་ཡིན། །ཐེག་པ་རིམ་དགུ་སེམས་ཀྱི་སྣང་ཚུལ་ཡིན། །རྟོགས་དང་མ་རྟོགས་སེམས་ཀྱི་སྣང་ཚུལ་ཡིན། །རིག་དང་མ་རིག་སེམས་ཀྱི་སྣང་ཚུལ་ཡིན། །ཐམས་ཅད་གཉིས་མེད་དབྱེ་བསལ་མེད་པ་ལ། །མ་རིག་འཁྲུལ་པའི་བློ་ལ་གཉིས་སུ་སྣང་། །ཤེས་ལ་རྟོགས་ན་རང་བཞིན་ཡོངས་ཀྱིས་མཉམ། །སེམས་ཀྱི་སྣང་ཚུལ་བསམ་ཡས་ཀྱང་། །མཉམ་པར་ཤེས་ན་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས་སོ། །སེམས་ཀྱི་སྣང་ཚུལ་མདོ་ཙམ་བསྟན་པའི་ལེའུ་སྟེ་གྱ་དྲུག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །སྣང་ཚུལ་ཚིག་ཏུ་ཇི་ལྟར་སྡུད། །ཅེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །


DNG002_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཚུལ་བསམ་ཡས་སེམས་ལ་སྡུད། །བལྟ་བྱ་ལྟ་བྱེད་སེམས་སུ་སྡུད། །བསྒོམ་བྱ་སྒོམ་བྱེད་སེམས་སུ་སྡུད། །སྤྱད་བྱ་སྤྱོད་བྱེད་སེམས་སུ་སྡུད། །བསྒྲུབ་བྱ་སྒྲུབ་བྱེད་སེམས་སུ་སྡུད། །བསྲུང་བྱ་སྲུང་བྱེད་སེམས་སུ་སྡུད། །བཙལ་བྱ་རྩོལ་བྱེད་སེམས་སུ་སྡུད། །བརྒྱད་ཁྲི་བཞི་སྟོང་སེམས་སུ་སྡུད། །ཐེག་པ་རིམ་དགུ་སེམས་སུ་སྡུད། །ཡིད་རིག་སེམས་ཀྱི་བརྟག་སྣང་སེམས་སུ་སྡུད། །རྩོལ་བས་བསྡུས་པ་མ་ཡིན་ཐོག་མ་ཉིད་ནས་དེ་ལྟར་བསྡུས། །དཔེར་ན་རྒྱ་མཚོར་ཆུ་བྲན་བཞིན། །མཚོ་ལས་བྱུང་ཞིང་མཚོ་རུ་བསྡུས། །བྱས་ནས་བསྡུས་པ་མ་ཡིན་ཏེ། །ཡེ་ནས་དེ་ལྟར་བསྡུས་པའོ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སེམས་ཀྱི་སྣང་ཚུལ་བསྡུས་པའི་ལེའུ་སྟེ་གྱ་བདུན་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །མ་ནོར་ངེས་པའི་གདམས་ངག་གསུང་དུ་གསོལ། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །མ་ནོར་ངེས་པའི་གདམས་ངག་ནི། །མཚོན་དུ་མེད་པའི་བྱང་ཆུབ་སེམས། །སྨྲ་བརྗོད་མེད་པའི་ངང་ལ་ཞོག །བསྟན་དུ་མེད་པའི་བྱང་ཆུབ་སེམས། །བློ་ལས་འདས་པའི་ངང་དུ་ཞོག །བལྟ་རུ་མེད་པའི་བྱང་ཆུབ་སེམས། །བལྟ་བྱ་ལྟ་བྱེད་མེད་པའི་ངང་ལ་ཞོག །བསམ་དུ་མེད་པའི་བྱང་ཆུབ་སེམས། །བསྒོམ་དུ་མེད་པའི་ངང་ལ་ཞོག །སྤྱད་དུ་མེད་པའི་བྱང་ཆུབ་སེམས། །བྱ་བཙལ་མེད་པའི་ངང་ལ་ཞོག །བསྒྲུབ་ཏུ་མེད་པའི་བྱང་ཆུབ་སེམས། །ངང་དངས་རང་སངས་ངང་ལ་ཞོག །རེ་དོགས་བསྒྲུབ་མེད་ངང་ལ་ཞོག །སྤྲོས་པ་མེད་པའི་བྱང་ཆུབ་སེམས། །སྤྲོས་བྲལ་ཆེན་པོའི་ངང་ལ་ཞོག །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མ་ནོར་ངེས་པའི་གདམས་ངག་བསྟན་པའི་ལེའུ་སྟེ་གྱ་བརྒྱད་པའོ།། །།དེ་ནས་


DNG002_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །དུག་ལྔ་སེམས་སུ་ཇི་ལྟར་དགྲོལ། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །དུག་ལྔ་སེམས་སུ་དགྲོལ་བ་ནི། །གཏི་ནི་ཆོས་ཉིད་བསྟན་པ་ལ། །མུག་ནི་མཚན་མའི་ཆོས་ལ་མུག །དེ་ཕྱིར་སེམས་ཉིད་གཏི་མུག་གོ། །འདོད་ནི་ཆོས་སྐུ་སྐྱེ་མེད་འདོད། །ཆགས་ནི་བདེ་ཆེན་ཀློང་དུ་ཆགས། །དེས་ན་སེམས་ཉིད་འདོད་ཆགས་ཡིན། །ཞེ་ནི་ཆོས་ཉིད་དབྱིངས་ནས་ཞེ། །སྡང་ནི་འཁོར་བའི་ཆོས་ལ་སྡང་། །དེ་ཕྱིར་སེམས་ཉིད་ཞེ་སྡང་ཡིན། །ང་ནི་སྐྱེ་མེད་བྱང་ཆུབ་སེམས། །རྒྱལ་ནི་འཁོར་བའི་དམག་ལས་རྒྱལ། །དེ་ཕྱིར་སེམས་ཉིད་ང་རྒྱལ་ཡིན། །ཕྲག་ནི་འགྱུར་མེད་དབྱིངས་ཀྱི་ཕྲག །དོག་ནི་ཆགས་སྡང་ལྔ་ལ་དོག །དེ་ཕྱིར་སེམས་ཉིད་ཕྲག་དོག་ཡིན། །དུག་ལྔ་སྐྱེ་མེད་བྱང་ཆུབ་སེམས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། དུག་ལྔ་ཆོས་ཉིད་དུ་འགྲོལ་བའི་ལེའུ་སྟེ་གྱ་དགུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །འབྱུང་ལྔ་སེམས་སུ་ཇི་ལྟར་གྲོལ། །ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །འབྱུང་ལྔ་སེམས་ཉིད་གྲོལ་བ་ནི། །ནམ་ནི་སྐྱེ་བ་མེད་པ་ནམ། །མཁའ་ནི་འགག་པ་མེད་པའི་མཁའ། །སྐྱེ་འགག་གཉིས་སུ་མེད་པའི་བྱང་ཆུབ་སེམས། །དེ་ཕྱིར་སེམས་ཉིད་ནམ་མཁའ་ཡིན། །ས་ནི་ཀུན་གཞི་སེམས་ཀྱི་གཞི། །སྣ་ཚོགས་ཐམས་ཅད་སྐྱེ་འབྱུང་ཡང་། །ཆོས་ཉིད་རང་བཞིན་སྲ་ཞིང་བརྟན། །ངེས་ན་སེམས་ཉིད་ས་ཡང་ཡིན། །བྱང་ཆུབ་སེམས་ཀྱི་མེ་ཆེན་གྱིས། །ཉོན་མོངས་དུག་ལྔའི་བུད་ཤིང་བསྲེག །དེ་ཕྱིར་སེམས་ཉིད་མེ་ཡང་ཡིན། །ཆོས་ཉིད་རླན་དང་མ་བྲལ་ཆུ། །གཉིས་མེད་སྡུད་པར་བྱེད་པས་ཆུ་ཡང་ཡིན། །དེ་ཕྱིར་སེམས་ཉིད་ཆུ་ལྟར་སྣང་། །རང་བྱུང་རྩལ་གྱི་རླུང་ཆེན་གྱིས། །ཉོན་


DNG002_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་བརྒྱད་ཁྲི་ཕྱགས་མས་བཏབ། །རྣམ་པར་རྟོག་པ་རླུང་ལ་བསྐུར། །དེ་ཕྱིར་སེམས་ཉིད་རླུང་ཡང་ཡིན། །འབྱུང་ལྔ་མ་ལུས་སེམས་ལ་རྫོགས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། འབྱུང་ལྔ་སེམས་སུ་གྲོལ་བའི་ལེའུ་སྟེ་དགུ་བཅུ་ཐམ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །མཐའ་དབུས་ཕྱོགས་མཚམས་སེམས་སུ་ཇི་ལྟར་གྲོལ། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཕྱོགས་མཚམས་སེམས་ལ་གྲོལ་ལུགས་ནི། །ཆོས་སྐུ་མི་འགྱུར་བསྟན་པ་སྟེ། །བྱང་ཆུབ་སེམས་ནི་དབུས་ཀྱང་ཡིན། །སྙིང་པོའི་ཀློང་ནས་ཡེ་ཤེས་ཤར། །བྱང་ཆུབ་སེམས་ནི་ཤར་ཕྱོགས་ཡིན། །ཉོན་མོངས་ཆགས་སྡང་འཛིན་ཆགས་བཏོན། །བྱང་ཆུབ་སེམས་ནི་ལྷོ་ཕྱོགས་ཡིན། །རྣམ་པར་རྟོག་པའི་མཚན་མ་ཇི་སྙེད་རྣམས། །མི་རྟོག་སྐྱེ་བ་མེད་པའི་དབྱིངས་སུ་ནུབ། །བྱང་ཆུབ་སེམས་ནི་ནུབ་ཕྱོགས་ཡིན། །ཉོན་མོངས་དགག་བསྒྲུབ་གཟུང་འཛིན་བྱང་། །བྱང་ཆུབ་སེམས་ནི་བྱང་ཕྱོགས་ཡིན། །ཤར་ལྷོ་མཚམས་ནི་སྐྱེ་བ་མེད། །ལྷོ་ནུབ་མཚམས་ནི་འགག་པ་མེད། །ནུབ་བྱང་མཚམས་ནི་གཉིས་སུ་མེད། །བྱང་ཤར་མཚམས་ནི་རང་སར་གྲོལ། །སྟེང་འོག་གཉིས་ནི་གཉིས་མེད་དབྱེ་བསལ་མེད། །སྟེང་ཕྱོགས་ཐེག་དམན་ཐམས་ཅད་ཟིལ་གྱིས་གནོན། །འོག་ཕྱོགས་ཁྱབ་གདལ་འུབ་ཆུབ་ཡིན། །དེ་ཕྱིར་ཕྱོགས་མཚམས་མེད་པར་སེམས་སུ་གྲོལ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། ཕྱོགས་མཚམས་སེམས་སུ་གྲོལ་བའི་ལེའུ་སྟེ་གོ་གཅིག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཁ་དོག་རྣམ་ལྔ་སེམས་སུ་ཇི་ལྟར་གྲོལ། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་འདི་སྐད་གསུངས། །གཟུང་འཛིན་དྲི་མས་མ་གོས་དཀར་པོ་ཡིན། །


DNG002_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་མ་ལུས་ཀུན་འབྱུང་སེར་པོ་ཡིན། །སྣང་བ་དབང་དུ་འདུས་པས་དམར་པོ་ཡིན། །འཁོར་བའི་ལས་རྣམས་དག་པས་ལྗང་གུ་ཡིན། །ཆོས་ཉིད་འགྱུར་བ་མེད་པས་ནག་པོ་ཡིན། །ཁ་དོག་རྣམ་ལྔ་བྱང་ཆུབ་སེམས་སུ་གྲོལ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། ཁ་དོག་རྣམ་ལྔ་སེམས་ལ་རྫོགས་པའི་ལེའུ་སྟེ་གོ་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །སྐྱེས་པ་སེམས་སུ་ཅི་ལྟར་གྲོལ། །ཀུན་ཏུ་བཟང་པོས་འདི་སྐད་གསུངས། །སྐྱེས་པ་སེམས་སུ་གྲོལ་པ་ནི། །སྐྱེས་ནི་རང་བྱུང་ཡེ་ཤེས་སྐྱེས། །པ་ནི་ཀུན་གསལ་ཆེན་པོར་པ། །སྐྱེས་ནི་རང་རིག་ངང་དྭངས་སྐྱེས། །པ་ནི་རང་བརླག་རང་སངས་པ། །སྐྱེས་ནི་རྟོགས་པའི་ཤེས་རབ་སྐྱེས། །མ་རིག་མུན་སངས་ཤེས་རབ་པ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། སྐྱེས་པ་སེམས་སུ་གྲོལ་བའི་ལེའུ་སྟེ་གོ་གསུམ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །བུད་མེད་སེམས་སུ་ཇི་ལྟར་གྲོལ། །ཞེས་ཞུས་པ་དང་། ཀུན་བཟང་འཁོར་ལ་འདི་སྐད་གསུངས། །བུད་མེད་སེམས་སུ་གྲོལ་བ་ནི། །བུད་ན་འཁོར་བའི་ཆོས་རྣམས་བུད། །མེད་ནི་མ་རིག་མུན་ནག་མེད། །དེ་ཕྱིར་བུད་མེད་བྱང་ཆུབ་སེམས། །བུད་ནི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བུད། །མེད་ནི་ཆགས་སྡང་གཉིས་འཛིན་དགག་བསྒྲུབ་མེད། །དེ་ཕྱིར་བུད་མེད་སེམས་སུ་གྲོལ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། བུད་མེད་སེམས་སུ་གྲོལ་བའི་ལེའུ་སྟེ་གོ་བཞི་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །རྣལ་འབྱོར་སེམས་ལ་ཇི་ལྟར་རྫོགས། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །རྣལ་འབྱོར་སེམས་ལ་


DNG002_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལུགས་ནི། །སྤྱིར་ནི་རྣལ་འབྱོར་རྣམ་བཞི་སྟེ། །ལུང་ཆེན་ཐོབ་པའི་རྣལ་འབྱོར་དང་། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་དང་། །མོས་པ་སྤྱོད་པའི་རྣལ་འབྱོར་དང་། །དོན་དམ་པ་ཡི་རྣལ་འབྱོར་བཞི། །ལུང་ཆེན་ཐོབ་པའི་རྣལ་འབྱོར་ནི། །ཀུན་ཏུ་བཟང་པོ་སྐྱེ་མེད་ཀློང་། །རྡོ་རྗེ་སེམས་དཔའི་ཐུགས་ཀྱིས་རྟོགས། །རྡོ་རྗེ་སེམས་དཔའི་ཐུགས་དགོངས་དེ། །ཨུ་རྒྱན་དགའ་རབ་རྡོ་རྗེས་ཐོབ། །ལུང་ཆེན་ཐོབ་པའི་རྣལ་འབྱོར་རོ། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་ནི། །སྐྱེ་ཤི་མེད་པའི་རྩལ་རྣམས་རྫོགས། །རྒྱལ་བའི་བཀའ་ཡི་དབང་ཡང་རྫོགས། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་རོ། །མོས་པ་སྤྱོད་པའི་རྣལ་འབྱོར་ནི། །དམ་པའི་བཀའ་ཕྱིར་འབྲང་བའི་འདུན་པ་དེ་ནི་རྣལ་འབྱོར་ཡིན། །ཆགས་སྡང་ལྔ་ལ་སྤྱོད་ཅིང་ཆགས། །དམ་པའི་རྣལ་འབྱོར་ཡང་མ་ཡིན། །ཡང་དག་དོན་གྱི་རྣལ་འབྱོར་ནི། །རྣལ་ནི་སྐྱེ་མེད་འགྱུར་མེད་རྣལ། །འབྱོར་ནི་སྙིང་པོའི་ཀློང་དུ་འབྱོར། །རྣལ་ནི་གཞི་གནས་རང་བཞག་པ། །འབྱོར་ནི་ཆོས་ཉིད་ཀློང་དུ་འབྱོར། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། རྣལ་འབྱོར་སེམས་ལ་རྫོགས་པའི་ལེའུ་སྟེ་གོ་ལྔ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །སྒོ་ལྔ་ཟང་ཐལ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་འདི་སྐད་གསུངས། །སྒོ་ལྔ་ཡེ་ཤེས་ཟང་ཐལ་ནི། །གསལ་འགྲིབ་མེད་པའི་ཡེ་ཤེས་ནི། །མིག་གི་རྣམ་ཤེས་ཟང་ཐལ་ཡིན། །དྲི་མ་མེད་པའི་ཡེ་ཤེས་ནི། །སྣ་ཡི་རྣམ་ཤེས་ཟང་ཐལ་ཡིན། །སྒྲིབ་པ་མེད་པའི་ཡེ་ཤེས་ནི། །རྣ་བའི་རྣམ་ཤེས་ཟང་ཐལ་ཡིན། །འགྱུར་བ་མེད་པའི་བྱང་ཆུབ་སེམས། །ལྕེ་ཡི་རྣམ་ཤེས་ཟང་ཐལ་ཡིན། །སྐྱེ་འཇིག་མེད་པའི་བྱང་ཆུབ་སེམས། །ལུས་ཀྱི་རྣམ་ཤེས་ཟང་ཐལ་ཡིན། །སྒོ་ལྔ་བྱང་ཆུབ་སེམས་སུ་རྫོགས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། སྒོ་ལྔ་ཟང་ཐལ་གྱི་


DNG002_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་གོ་དྲུག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །འགག་མེད་ཡེ་ཤེས་ཇི་ལྟར་ལགས། །ཀུན་ཏུ་བཟང་པོས་འཁོར་ལ་བཀའ་སྩལ་པ། །སྣང་བ་མ་འགགས་རང་སྣང་ཆོས་ཀྱི་དབྱིངས། །རིག་པ་མ་འགགས་རང་བྱུང་ཡེ་ཤེས་སོ། །ཕྱི་ནང་གཉིས་མེད་དབྱེར་མེད་ཡེ་ཤེས་སོ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། མ་འགགས་རང་སྣང་བའི་ལེའུ་སྟེ་གོ་བདུན་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་གསོལ། །མཚན་ཉིད་སྡེ་གསུམ་ཇི་ལྟར་རྫོགས། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །མཚན་ཉིད་སྡེ་གསུམ་རྫོགས་ལུགས་ནི། །དེ་ལ་ཉན་ཐོས་རྫོགས་ལུགས་ནི། །ཉན་ནི་སྐྱེ་མེད་དོན་ལ་གནས། །ཐོས་ནི་འགྱུར་བ་མེད་པར་ཐོས། །གཟུང་འཛིན་གཉིས་མེད་དབྱེ་བསལ་མེད། །དེ་ཕྱིར་ཉན་ཐོས་སེམས་ལ་རྫོགས། །རང་རྒྱལ་རྫོགས་པའི་རྫོགས་ལུགས་ནི། །རང་ནི་ངང་དངས་ཆོས་ཀྱི་སྐུ། །རྒྱལ་ནི་ཆགས་སྡང་གཉིས་ལས་རྒྱལ། །དགག་བསྒྲུབ་གཉིས་མེད་བྱང་ཆུབ་སེམས། །དེ་ཕྱིར་རང་རྒྱལ་སེམས་ལ་རྫོགས། །མདོ་སྡེ་བྱང་སེམས་རྫོགས་ལུགས་ནི། །མདོ་ནི་ཐེག་པའི་སྤྱི་མདོ་དེ། །སྡེ་ནི་སེམས་ཀྱི་རྣམ་གྲངས་ཏེ། །བྱང་ནི་འུབ་ཆུབ་ཀློང་དུ་བྱང་། །སེམས་ནི་འགྱུར་མེད་དོན་ལ་སེམས། །ཐེག་ནི་བརྒྱད་ཁྲི་བཞི་སྟོང་ཐེག །པ་ནི་སྤྱི་ཏི་ཡོ་གར་པ། །དེ་ཕྱིར་མདོ་སྡེ་སེམས་ལ་རྫོགས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ལས། མཚན་ཉིད་སྡེ་གསུམ་སྤྱི་ཏིར་བསྟན་པའི་ལེའུ་སྟེ་གོ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །གསང་སྔགས་ཕྱི་རྒྱུད་ཇི་ལྟར་རྫོགས། །ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཀྲི་ཡའི་ཐེག་པའི་རྫོགས་ལུགས་ནི། །ཀྲི་ནི་སྙིང་པོའི་ཀློང་ན་འགྱུར་མེད་ཀྲི། །ཡ་ནི་སྐྱེ་བ་མེད་པའི་ཡ། །ཐེག་པ་བརྟན་ཞིང་མི་འགྱུར་


DNG002_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཕྱི་དག་ནང་དག་གསང་བ་དག །ཀྲི་ཡའི་ཐེག་པ་སེམས་ལ་རྫོགས། །ཨུ་པ་ཡ་ཡི་ཐེག་པའི་རྫོགས་ལུགས་ནི། །ཨུ་ནི་སྐྱེ་བ་མེད་པ་ཡིན། །བ་ནི་འགག་པ་མེད་པ་ཡིན། །ཡ་ནི་ཡར་བལྟ་མར་སྤྱོད་སྐྱེ་འགག་མེད། །ཨུ་པ་བྱང་ཆུབ་སེམས་ལ་རྫོགས། །ཡོ་གའི་ཐེག་པའི་རྫོགས་ལུགས་ནི། །ཡོ་ནི་མ་ལུས་ཀུན་གཞིའི་ཀློང་། །ག་ནི་སྣང་ཚུལ་ཀློང་དུ་ཐིམ། །སྐྱེ་འགག་གཉིས་མེད་དབྱེ་བསལ་མེད། །སུམ་ཅུ་རྩ་ལྔའི་ལྷ་ཚོགས་རྣམས། །ཆོས་ཉིད་བྱང་ཆུབ་སེམས་ལ་རྫོགས། །ཕྱི་རྒྱུད་སྡེ་གསུམ་སེམས་ལ་རྫོགས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། ཕྱི་རྒྱུད་སྡེ་གསུམ་རྫོགས་པའི་ལེའུ་སྟེ་གོ་དགུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ནང་རྒྱུད་སྡེ་གསུམ་བསྟན་པ་ཡི། །དེ་ཡི་རྫོགས་ལུགས་ཇི་ལྟར་ལགས། །ཞེས་ཞུས་སོ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །མ་ཧཱ་ཡོ་གའི་རྫོགས་ལུགས་ནི། །མ་ནི་སྙིང་པོ་དོན་གྱི་མ། །ཧཱ་ནི་རྩལ་སྣང་བུ་ཡིན་ཏེ། །མ་འགགས་བུ་ཡི་ལྷ་ཚོགས་རྣམས། །མ་ནི་སྐྱེ་མེད་ཆོས་ཉིད་ལ། །ཧཱ་ནི་སྣང་བའི་ཐབས་ཡིན་ནོ། །ཡོ་གས་གཉིས་མེད་རྩིས་གདབ་མེད། །བཞི་བཅུ་རྩ་གཉིས་སེམས་ལ་རྫོགས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། མ་ཧཱ་ཡོ་གའི་རྫོགས་ལུགས་བསྟན་པའི་ལེའུ་སྟེ་བརྒྱ་ཐམ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། ཨ་ནུ་ཡོ་ག་ཇི་ལྟར་རྫོགས། །ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཨ་ནུ་ཡོ་གའི་རྫོགས་ལུགས་ནི། །ཨ་ནི་སྐྱེ་མེད་བྱང་ཆུབ་སེམས། །ནུ་ནི་འགག་མེད་ཡེ་ཤེས་ཡིན། །ཡོ་ནི་སྣང་སྲིད་ཆོས་དབྱིངས་ལ། །ག་ནི་ཡེ་ཤེས་སྐྱེ་མེད་དོ། །དབྱིངས་དང་ཡེ་ཤེས་གཉིས་མེད་སྟེ། །ཆོས་ཉིད་བྱང་ཆུབ་སེམས་ལ་རྫོགས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། ཨ་ནུ་ཡོ་ག་སེམས་ལ་རྫོགས་པའི་ལེའུ་


DNG002_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བརྒྱ་དང་གཅིག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཨ་ཏི་ཡོ་གའི་ཐེག་པ་ཇི་ལྟར་རྫོགས། ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཨ་ཏི་ཡོ་ག་རྫོགས་ལུགས་ནི། །ཨ་ནི་མ་སྐྱེས་སྙིང་པོའི་ཀློང་། །ཏི་ནི་བསྟན་པ་མི་འགྱུར་བ། །ཡོ་ནི་ཐེག་པ་སྤྱི་བསྡུས་ཡིན། །ག་ནི་འགྱུར་མེད་ཆོས་ཀྱི་སྐུ། །ཐེག་པ་རྫོགས་པ་ཆེན་པོའོ། །རྫོགས་པ་འཁོར་འདས་སྣང་སྲིད་རྫོགས། །ཆེན་པོ་འགྲན་ཟླ་མེད་པས་ཆེ། །རྫོགས་ཆེན་བྱང་ཆུབ་སེམས་ལ་རྫོགས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་ལས། སེམས་ལ་རྫོགས་ཆེན་རྫོགས་པའི་ལེའུ་སྟེ་བརྒྱ་དང་གཉིས་པའོ།། །།སས་སྟྭ་ཧ་ཨི་ལ་ཨ་སི་དྷརྨཱ་ཨ་ཏི་གྷ་ཨ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །སྤྱི་ཏི་ཡོ་གའི་ཐེག་པ་རུ། །ཐེག་པ་ཐམས་ཅད་ཇི་ལྟར་རྫོགས། །ཞེས་གསོལ་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེས། རིན་པོ་ཆེ་འོད་བརྡའ་སྦྱོར་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་བཞུགས་སོ། །དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས། །ང་ཡི་སྤྱི་ཏི་ཡོ་ག་འདིར། །ཐམས་ཅད་མ་ལུས་ཡོངས་སུ་འདི་ལྟར་རྫོགས། །སྙིང་པོ་རྩལ་སྣང་བརྟགས་ཞེན་མིང་ཚིག་རྫོགས། །སྣང་སྲིད་སྐྱེ་འགུལ་འཁོར་འདས་གཉིས་སྣང་རྫོགས། །ཐམས་ཅད་སྐྱེས་འབྱུང་འཁོར་བའི་ས་བོན་རྫོགས། །བྱས་པས་མ་ཟིན་འཁོར་བའི་ལས་རྣམས་རྫོགས། །བསྒྲུབས་པས་མི་འགྲུབ་ཡིད་སྨོན་རེ་དོགས་རྫོགས། །ཕྱི་ནང་དགག་བསྒྲུབ་སྤང་ལེན་གཟུང་འཛིན་གཉིས་སྣང་རྫོགས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། འཁོར་བའི་ལས་རྣམས་རྫོགས་པའི་ལེའུ་སྟེ་བརྒྱ་དང་གསུམ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །བརྒྱད་ཁྲི་


DNG002_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྟོང་ཇི་ལྟར་རྫོགས། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་འདི་སྐད་གསུངས། །བརྒྱད་ཁྲི་བཞི་སྟོང་ཐེག་པ་ཡང་། །ང་ཡི་སྤྱི་ཏི་ཡོ་གར་རྫོགས། །ཐེག་པ་རིམ་དགུའི་ལྟ་བ་གྲུབ་མཐའ་རྫོགས། །དཀྱིལ་འཁོར་དབང་དང་དམ་ཚིག་གྲུབ་མཐའ་རྫོགས། །སྡོམ་པ་བསླབ་པ་ཉན་ཐོས་འདུལ་ཁྲིམས་རྫོགས། །ས་དང་ལམ་དང་ཕ་རོལ་ཕྱིན་དྲུག་རྫོགས། །ས་བཅུ་སྨོན་ལམ་ཡིད་སྨོན་རེ་དོགས་རྫོགས། །བྱིན་རླབས་དངོས་གྲུབ་ཚོགས་དང་དབང་ཡང་རྫོགས། །མཆོད་དང་བསྟོད་དང་འགྱོད་ཚངས་སྒྲིབ་སྦྱངས་རྫོགས། །སྣང་བ་དབྱེ་བསལ་མེད་པར་རྫོགས། །སྲིད་པ་སྐྱེ་བ་མེད་པར་རྫོགས། །ཡིད་གཉིས་གཟུང་འཛིན་མེད་པར་རྫོགས། །རིག་པ་ངང་དངས་ཆེན་པོར་རྫོགས། །སེམས་རྟོགས་རང་བརླག་ཆེན་པོར་རྫོགས། །བློས་བཏགས་རང་སངས་ཆེན་པོར་རྫོགས། །ཡུལ་སེམས་རྩིས་གདབ་མེད་པར་རྫོགས། །ཕྱི་ནང་གཉིས་སུ་མེད་པར་རྫོགས། །ཚ་ཚ་བསྐོར་བ་མར་མེ་སྦྱིན་གཏོང་རྫོགས། །ཟ་འཆག་ཆུ་གཏོར་སྨོན་ལམ་ཡིད་སྨོན་རྫོགས། །མནོས་ཚད་ཤེས་ཚད་མ་ལུས་རྫོགས། །ཐམས་ཅད་སྤྱི་ཏི་ཡོ་གར་རྫོགས། །ཐམས་ཅད་ཡོད་ཚད་རྫོགས་པའི་སྤྱི་ཏི་ཡོ་ག་ཡིན། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། ཐམས་ཅད་སྤྱི་ཏི་ཡོ་གར་རྫོགས་པའི་ལེའུ་སྟེ་བརྒྱ་དང་བཞི་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །སྤྱི་ཏི་སེམས་ལ་ཇི་ལྟར་རྫོགས། །ཞེས་གསོལ་པ་དང་། ཀུན་བཟང་འཁོར་ལ་འདི་སྐད་གསུངས། །སྤྱི་ཏི་སེམས་ལ་རྫོགས་ལུགས་ནི། །སྤྱི་ནི་ཡོད་ཚད་མ་ལུས་ལ། །ཏི་ནི་སྙིང་པོ་ཀློང་དུ་འགྱུར། །སྤྱི་ནི་རིག་ཡིན་སེམས་རྟོག་སྟེ། །ཏི་ནི་སྙིང་པོ་ཀློང་དུ་གྱུར། །ཡོ་ནི་མ་ལུས་དབྱེར་མེད་རྩིས་གདབ་མེད། །ག་ནི་སྙིང་པོ་ཆོས་ཉིད་ཀློང་ནས་འཆར། །དེ་ཕྱིར་ཐེག་པ་ཐམས་ཅད་ཟིལ་གྱིས་གནོན། །དེ་ཕྱིར་སྤྱི་ཏི་སེམས་ལ་རྫོགས། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། སེམས་ལ་སྤྱི་ཏི་རྫོགས་ལུགས་བསྟན་པའི་ལེའུ་སྟེ་བརྒྱ་དང་ལྔ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །སྤྱི་ཏི་


DNG002_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པས་ཡོ་ག་ཤེས་གྱུར་རམ། །སྟོན་པས་འཁོར་ལ་འདི་སྐད་གསུངས། །སྤྱི་ཏི་ཡོ་ག་ཤེས་རྟོགས་ན། །ཐམས་ཅད་མ་ལུས་ཤེས་པར་འགྱུར། །སྤྱི་ཏི་ཡོ་ག་ཤེས་ན་ཐེག་པ་མཐའ་དག་ཤེས། །སྤྱི་ཏི་ཡོ་ག་རྟོགས་ན་ལྟ་བ་མཐའ་དག་རྟོགས། །སྤྱི་ཏི་ཡོ་ག་གྲུབ་ན་དངོས་གྲུབ་ཐམས་ཅད་གྲུབ། །སྤྱི་ཏི་ཡོ་ག་གོ་ན་ཐེག་པའི་ལ་ཤན་གོ། །སྨོན་པའི་སངས་རྒྱས་ས་ལ་སླེབས། །དཔེར་ན་འདི་ལྟར་གོ་བར་གྱིས། །མཆོག་རབ་རྩེ་ནས་བལྟས་པས་རི་ཕྲན་རི་བོ་ཐམས་ཅད་མཐོང་། །རྒྱ་མཚོ་ཆེན་པོར་བལྟས་པས་ཆུ་བྲན་ཐམས་ཅད་མཐོང་། །སྡོང་པོ་རྩ་བ་ཆོད་པས་ཡལ་ག་ཡོ་ག་སྐམས། །འདམ་བུ་གཅིག་ཁོག་སྟོང་པས་ཐམས་ཅད་སྟོང་། །འབྱུང་བ་ནམ་མཁའི་ངང་ནས་འབྱུང་བ་བཞི་ཡང་གསལ། །སྐྱུ་རུ་ར་གཅིག་སྐྱུར་ན་ཀུན་ཀྱང་སྐྱུར་བར་གོ། །ཉི་ཟླ་གཉིས་མཐོང་གཟའ་སྐར་ཐམས་ཅད་གསལ། །གསེར་གཅིག་ངོ་ཤེས་པས་གསེར་ཐམས་ཅད་རྒྱུ་གཅིག་གོ། །ནོར་བུ་རིན་ཆེན་རྙེད་ན་དགོས་འདོད་ཐམས་ཅད་འབྱུང་། །ཟ་འོག་གཅིག་ཡོད་དར་སྣ་སྣ་ཚོགས་ཡོད། །ཐེག་པའི་རྒྱལ་པོ་སྤྱི་ཏི་འདི་འཆང་ན། །ཐེག་པ་མ་ལུས་མཐའ་དག་འཆང་བར་འགྱུར། །ཚིག་གཅིག་ཤེས་ན་ཚིག་ཀུན་ཤེས་པར་འགྱུར། །དོན་གཅིག་ཤེས་ན་ཡོན་ཏན་ཀུན་གྱི་བདག །ཅེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། སྤྱི་ཏི་ཡོ་ག་རྟོགས་པས་ཀུན་ཤེས་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་དྲུག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །སྤྱི་ཏིའི་འབྲས་བུ་ཇི་ལྟར་རྫོགས། །ཞེས་གསུངས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྤྱི་ཏི་ཡོ་གའི་འབྲས་བུ་ལ། །བལྟ་རུ་མེད་པའི་ལྟ་བ་དེ་བལྟས་པས། །མཐོང་དུ་མེད་པའི་ཆོས་ཉིད་བྱང་སེམས་མཐོང་། །མཐོང་བའི་དུས་སུ་དངོས་མེད་རང་སར་དངས། །བསྒོམ་དུ་མེད་པའི་སྒོམ་པ་དེ་བསྒོམས་པས། །ཞི་རྒྱུ་མེད་པའི་རྣམ་རྟོག་གཟུང་འཛིན་ཞི། །སྤྱོད་དུ་མེད་པའི་དོན་ལ་རང་སྤྱོད་པས། །བྱ་བ་མེད་པའི་ལས་


DNG002_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་འགྲུབ། །བསྒྲུབ་ཏུ་མེད་པའི་འབྲས་བུ་དེ་བསྒྲུབས་པས། །ཐོབ་ཏུ་མེད་པའི་སྐུ་གསུམ་ལྷུན་གྲུབ་ཐོབ། །འགྱུར་དུ་མེད་པའི་སེམས་ཉིད་མངོན་དུ་འགྱུར། །སངས་སུ་མེད་པའི་མ་རིག་མུན་པ་སངས། །ཤར་དུ་མེད་པའི་ཡེ་ཤེས་ཉི་མ་ཤར། །རྒྱས་སུ་མེད་པའི་སྙིང་པོ་ཀློང་ན་རྒྱས། །རྩོལ་བསྒྲུབ་མེད་པའི་ངང་དངས་ཆོས་སྐུ་ཐོབ། །བསྟན་པའི་སྙིང་པོ་ཀློང་ཡངས་བསྟན། །མི་འགྱུར་གདེང་ལྡན་སྣང་སྲིད་རྒྱ་ཡིས་ཐེབ། །སྐྱེ་མེད་ཀློང་ནས་འགྱུར་མེད་ཆོས་སྐུ་ཐོབ། །སྣང་གསལ་དངོས་མེད་ལོངས་སྤྱོད་རྫོགས་སྐུར་འགྱུར། །སྣ་ཚོགས་གཉིས་མེད་ཐུགས་རྗེ་སྤྲུལ་སྐུའོ། །སྐུ་གསུམ་དབྱེར་མེད་གཅིག་སྟེ་ངོ་བོ་ཉིད་ཀྱི་སྐུ། །ཐམས་ཅད་དབྱེར་མེད་རྡོ་རྗེ་ལྟ་བུའི་སྐུ། །སྐུ་ལྔ་ཆོས་ཉིད་བྱང་ཆུབ་སེམས་ཀྱིས་ཐོབ། །ཐོབ་པ་དེ་ཡང་རེ་ཞིག་པའོ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། སྤྱི་ཏིའི་འབྲས་བུ་ཐོབ་ལུགས་བསྟན་པའི་ལེའུ་སྟེ་བརྒྱ་དང་བདུན་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །མཚན་དང་གཏད་རྒྱ་གང་ལ་གཏད། །ཅེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །རྒྱུད་ཀྱི་རྒྱལ་པོའི་མཚན་དང་གཏད་རྒྱ་ནི། །སྣང་སྲིད་གཉིས་མེད་ཀློང་སྦྱོར་རྒྱུད་ཀྱི་རྒྱལ་པོ་ཡིན། །ཉོན་མོངས་བདུད་ལས་ཆོས་ཉིད་རྩིས་བཏུལ་བས། །བདུད་རྩི་ནད་སེལ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཁམས་གསུམ་འཁོར་བའི་ནང་ལ་གདམས་ངག་བཅུད་ཐིགས་པས། །བཅུད་ཐིགས་སྨན་སྦྱོར་རྒྱུད་ཀྱི་རྒྱལ་པོ་ཡིན། །འཁོར་བ་ཐོག་མཐའ་མ་ལུས་གཅོད་མཛད་པའི། །གཟེང་ཆེན་སྤུ་གྲི་རྒྱུད་ཀྱི་རྒྱལ་པོ་ཡིན། །ཐེག་པ་སྤྱི་ཡི་དོན་རྣམས་སྟོན་པའི་ཕྱིར། །སྤྱི་ཏི་ཡོ་ག་རྒྱུད་ཀྱི་རྒྱལ་པོ་ཡིན། །ཐེག་པ་སྤྱི་ཡི་འཕྲང་རྣམས་སེལ་བའི་ཕྱིར། །འཕྲང་སོལ་གོ་འབྱེད་རྒྱུད་ཀྱི་རྒྱལ་པོ་ཡིན། །བརྒྱད་ཁྲི་བཞི་སྟོང་བལྟ་བསྒོམ་འབྱེད་པའི་ཕྱིར། །འཕྲུལ་གྱི་ལྡེ་མིག་རྒྱུད་ཀྱི་རྒྱལ་པོ་ཡིན། །དགོས་འདོད་མ་ལུས་འདི་


DNG002_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་བའི་ཕྱིར། །ནོར་བུ་རིན་ཆེན་རྒྱུད་ཀྱི་རྒྱལ་པོ་ཡིན། །རེ་ཞིག་རྒྱུད་ཀྱི་མཚན་ནི་དེ་ལྟར་རོ། །ཞེས་གསུངས་སོ། །རྒྱུད་འདི་གཏད་པའི་གང་ཟག་ནི། །ཕྱོགས་རིས་ཆུང་ལ་དད་པ་ཆེ། །སེར་སྣ་ཆུང་ལ་གཏོང་ཕོད་ཆེ། །ཉོན་མོངས་ཆུང་ལ་ཤེས་རབ་ཆེ། །ཆགས་ཞེན་ཆུང་ལ་དམ་ཚིག་ཆེ། །དེ་ལ་རྒྱུད་ཀྱི་རྒྱལ་པོ་གཏད། །སློབ་དཔོན་སྙིང་ལ་སེམས་པ་དང་། །གདམས་ངག་སྲོག་བཞིན་འཆང་བ་ལ། །རྒྱུད་ཀྱི་རྒྱལ་པོ་བཤད་ཅིང་གཏད། །དམ་ཚིག་གཞུང་བསྲང་རྣམ་སྨིན་འཛེམ། །དམ་པའི་ཆོས་ཀྱི་དོན་དུ་ནི། །ལུས་སྲོག་ཕངས་པ་མེད་པར་གཏོང་། །རིན་ཆེན་གསེར་ལ་སོགས་པ་འདོད་པའི་དོན། །མ་ཆགས་སེར་སྣ་མེད་པས་འབུལ། །དེ་ལ་རྒྱུད་ཀྱི་རྒྱལ་པོ་བཤད་ཅིང་གཏད། །བློ་ཆེ་བློ་ཡངས་བློ་རྣོ་བློ་ཟབ་ལ། །རྒྱུད་ཀྱི་རྒྱལ་པོ་བཤད་ཅིང་གདམས་ངག་གཏད། །དམ་ཚིག་མེད་ལ་སྙིང་རྗེ་ཆུང་། །ཤེས་རབ་མེད་ལ་འདོད་པ་ཆེ། །གདུང་སེམས་མེད་ལ་གྲོགས་མཆེད་བསླུ། །བརྩོན་འགྲུས་ཆུང་ལ་ཆགས་སྡང་ཆེ། །མ་ཐོབ་བར་དུ་ངོ་དགའ་ཁ་གསགས་རྒྱུ་ཡིས་འདྲེལ། །ལག་ཏུ་ཐོབ་ན་ཟོང་དུ་འཚོང་། །དམ་མེད་ཁྲེལ་མེད་ཐབས་ཀྱིས་འདོད་པ་ལ། །མ་སྦྱིན་སྡིག་པའི་གནས་སུ་འགྱུར། །དེ་ལྟ་བུ་ལ་བྱིན་གྱུར་ན། །ངམ་ཤོད་གླིང་གི་དུར་ཁྲོད་ན། །མཁའ་འགྲོ་བཀའ་སྲུང་ཆོས་སྐྱོང་ཚོགས། །དེ་ནི་མ་ཤིའི་སྔོན་རོལ་དུ། །ཤ་ཁྲག་རློན་པར་བཟའ་བར་བྱེད། །ཕྱི་མར་གཉིས་ཀ་དམྱལ་བར་ལྟུང་། །རྒྱ་མཚོར་དུག་སྦྱོར་སྡིག་པས་ཆར་མི་ཕོད། །དེ་བས་མི་བསྟན་གསང་བར་འོས། །སྣོད་མེད་རྣམས་ཀྱི་ཆོས་མ་ཡིན། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། མཚན་དང་གཏད་རྒྱ་སྣོད་ཀྱི་ཁྱད་པར་


DNG002_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ལེའུ་སྟེ་བརྒྱ་དང་བརྒྱད་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ནམ་ཞིག་དུས་ནི་ཕྱི་མ་ལ། །རྒྱུད་འདི་འབྱུང་བའི་དུས་ནི་ཇི་ལྟར་ལགས། །ཞེས་གསོལ་པ་དང་། མ་འོངས་དུས་སུ་འབྱུང་བ་ཡི། །དེ་དུས་མངོན་པར་ཤེས་པས་མཁྱེན། །རྒྱུད་ཀྱི་རྒྱལ་པོ་འབྱུང་དུས་སུ། །སྐུ་དང་གསུང་གི་བསྟན་པ་ནུབ། །བདེ་གཤེགས་བཀའ་ཡི་བྱིན་རླབས་ཡལ། །ཐུགས་ཀྱི་བསྟན་པ་དར་བའི་ཚེ། །དེ་ཚེ་ང་ཡི་རྒྱུད་འདི་འབྱུང་། །གནས་གཞི་འཐབ་རས་བསྐོར་བ་དང་། །ཆེ་བཙུན་སྡེ་འཁྲུག་བྱེད་པ་དང་། །དགེ་སློང་ཚོང་དཔོན་བྱེད་པ་དང་། །ཆོས་གོས་འོག་ཏུ་གྲི་འཛུགས་དང་། །བཙུན་མ་བུ་ཆུང་འཚོ་བ་དང་། །བཙུན་ཆེན་ཆུང་མ་ལེན་པ་དང་། །ཆེ་བཙུན་དུག་སྦྱོར་བྱེད་པའི་དུས། །དེ་དུས་རྒྱུད་ཀྱི་རྒྱལ་པོ་འབྱུང་། །བན་མེད་སྐྱེ་མེད་ནག་པོ་གོན་པའི་དུས། །ལྷམ་བུ་རེ་བས་བྱེད་པའི་དུས། །ཕོ་རུ་ས་རུས་བྱེད་པའི་དུས། །གོས་ལ་སྣུམ་གྱི་ཐིག་ལེ་བྱུགས། །ཕ་ཟེར་བུ་ཡང་མི་ཉན་ཏེ། །མི་རྣམས་གཡོ་སྒྱུས་འཚོ་བའི་དུས། །ཆགས་སྡང་ལྔ་དང་མ་བྲལ་བར། །ལྟ་བ་ཁ་ཁྱེར་ཞེན་པ་མ་ལོག་པར། །རྣལ་འབྱོར་སྟོན་པ་བྱེད་པའི་དུས། །ད་ལྟ་སངས་རྒྱས་ཡིན་སྨྲ་བ། །ཆོས་སུ་རྫོགས་ཆེན་དར་བའི་དུས། །སྟོན་པ་རྣལ་འབྱོར་བྱེད་པའི་དུས། །དེ་དུས་རྒྱུད་ཀྱི་རྒྱལ་པོ་འབྱུང་། །བདེ་གཤེགས་བྱིན་གྱིས་བརླབ་མི་ཐུབ། །འབྱུང་བ་ས་ཡིས་གསེར་མི་ཐུབ། །མཁའ་འགྲོས་གཏད་པའི་གཏེར་མི་ཐུབ། །སྐྱེ་འགྲོས་བློ་གཏད་གཉེར་མི་ཐུབ། །དེ་དུས་རྒྱུད་ཀྱི་རྒྱལ་པོ་འབྱུང་། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་རྫོགས་སོ།། །།སློབ་དཔོན་པདྨས་བཤད། ཞུ་ཆེན་གྱི་ལོཙྪ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པའོ།། །།


previousསྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད། next