Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་དྲུག་པ། ཆ༽


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ཅེས་བྱ་བ།
   
   
   
   
   
   
   
   
   
   
   
   
   
   


 
previousརིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ཅེས་བྱ་བ། next

རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ཅེས་བྱ་བ།


DNG006_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣཱ་ཧྟཱསྐ་ར་ཏནྟྲ་ནཱ་མ། བོད་སྐད་དུ།རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་བྱ་བྲལ་ངང་ལ་ཕྱག་འཚལ་ལོ། །ཀྱེ་ཀྱེ་ཆོས་ཀྱི་སྐུ་འདི་གང་ནས་བྱུང་། །ལོངས་སྤྱོད་སྐུ་འདི་གང་ནས་བྱུང་། །སྤྲུལ་པའི་སྐུ་འདི་གང་ནས་བྱུང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཀྱི་སྐུ་འདི་སེམས་ཉིད་ངང་ལས་བྱུང་། །ལོངས་སྤྱོད་སྐུ་འདི་ཡེ་ཤེས་ངང་ལས་བྱུང་། །སྤྲུལ་པའི་སྐུ་འདི་རིག་པའི་ངང་ལས་བྱུང་། །ཞེས་གསུངས་སོ། །རིན་ཆེན་སྣང་བྱེད་ཀྱི་རྒྱུད་ལས། སྐུ་གསུམ་བྱུང་བའི་ལེའུ་སྟེ་དང་པོའོ།། །།ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །གཅིག་པ་ལགས་སམ་ཐ་དད་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ།ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ནམ་མཁའི་ཟླ་དང་ཆུ་ཟླའི་ཚུལ། །གཅིག་པ་མ་ཡིན་ཐ་དད་མིན། །རྟོགས་ན་བྱང་ཆུབ་སེམས་སུ་


DNG006_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །མ་རྟོགས་སེམས་ཅན་ཐ་དད་སྣང་། །ཞེས་གསུངས་སོ། །གཅིག་པ་དང་ཐ་དད་ལས་གྲོལ་བའི་ལེའུ་སྟེ་གཉིས་པའོ།། །།ཆོས་ཀྱི་སྐུ་རུ་ཅི་ཕྱིར་བཏགས། །ལོངས་སྤྱོད་སྐུ་རུ་ཅི་ཕྱིར་བཏགས། །སྤྲུལ་པའི་སྐུ་རུ་ཅི་ཕྱིར་བཏགས། །དེ་ཡི་ངེས་ཚིག་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་ཡང་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་དཔའི་ཆོས་ཉིད་དེ། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་པས། །ཆོས་ཀྱི་སྐུ་རུ་བཏགས་པ་ཡིན། །འབྱུང་བ་ལྔ་དང་འདོད་ཡོན་ལྔ། །དུག་ལྔའི་ཡེ་ཤེས་ལོངས་སྤྱོད་པས། །ལོངས་སྤྱོད་སྐུ་རུ་བཏགས་པ་ཡིན། །འབྱུང་བ་ལྔ་རུ་སྐུ་སྤྲུལ་ནས། །ཐམས་ཅད་རིག་པའི་དབང་བསྐུར་ཞིང་། །གང་ལ་གང་འཚམས་སྤྲུལ་མཛད་པས། །སྤྲུལ་པའི་སྐུ་རུ་བཏགས་པ་ཡིན། །ཞེས་སྐུ་གསུམ་ངེས་ཚིག་གི་ལེའུ་སྟེ་གསུམ་པའོ།། །། སྐུ་གསུམ་གནས་ལུགས་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རིགས་དྲུག་དབྱིངས་ན་གནས་ཙམ་ན། །ཆོས་སྐུ་དྲི་བཅས་ཆོས་ཀྱི་སྐུ་རུ་གནས། །རྟོགས་ལྡན་དབྱིངས་ན་གནས་ཙམ་ན། །རྒྱུན་དང་དུམ་བུའི་ཚུལ་དུ་གནས། །རྟོག་མེད་དབྱིངས་ན་གནས་ཙམ་ན། །དྲི་མེད་ཆོས་ཀྱི་སྐུ་རུ་གནས། །ཞེས་སྐུ་གསུམ་རང་གནས་ཀྱི་ལེའུ་སྟེ་བཞི་པའོ།། །། སྐུ་གསུམ་བཞུགས་ཚུལ་ཇི་ལྟར་བཞུགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཀྱི་སྐུ་ནི་མི་སྣང་ལ་རང་བཞིན་ཡོད་པར་བཞུགས། ལོངས་སྐུ་སྣང་ལ་རང་བཞིན་མེད་པར་བཞུགས། སྤྲུལ་སྐུ་སྣང་ཡང་སྣང་ལ་རང་བཞིན་ཡང་ཡོད་པར་གསུངས། ཞེས་སྐུ་གསུམ་བཞུགས་ཚུལ་གྱི་ལེའུ་སྟེ་ལྔ་པའོ།། །། དོན་གྱི་རྒྱུད་འདི་གང་ནས་


DNG006_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །ཉོན་མོངས་སྐྱོན་གྱིས་མ་གོས་པས། །དྲི་མེད་རྣམ་དག་རྒྱུད་དུ་བྱུང་། །ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས། །སྟོང་པ་ཀུན་འབྱུང་རྒྱུད་དུ་བྱུང་། །རིག་པས་ཐམས་ཅད་བཅད་པ་ཡིས། །འཛིན་པ་སྡུག་བསྔལ་རྒྱུད་དུ་བྱུང་། །ཞེས་དོན་གྱི་རྒྱུད་དུ་བྱུང་བའི་ལེའུ་སྟེ་དྲུག་པའོ།། །། དྲི་མེད་རྣམ་དག་ཇི་ལྟར་ལགས། །སྟོང་པ་ཀུན་འབྱུང་ཇི་ལྟར་ལགས། །འཛིན་པ་སྡུག་བསྔལ་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གཞི་ལ་སྐྱོན་གྱིས་མ་གོས་ན། །དེ་ནི་ཕྱི་ཡི་དྲི་མེད་ཡིན། །དུག་ལྔ་སེལ་དུ་མི་འཛིན་ན། །དེ་ནི་ནང་གི་དྲི་མེད་ཡིན། །དབྱིངས་ལ་སྐྱེ་འབྲི་མི་བྱེད་ན། །དེ་ནི་གསང་བའི་དྲི་མེད་ཡིན། །བྱས་པའི་ཆོས་ལ་མི་ལྟོས་ན། །དེ་ནི་ཕྱི་ཡི་སྟོང་ཉིད་ཡིན། །མཚན་མའི་ཆོས་ལ་མི་གནས་ན། །དེ་ནི་ནང་གི་སྟོང་ཉིད་ཡིན། །ཆོས་ཉིད་ངོ་ཡིས་མི་འཛིན་ན། །དེ་ནི་གསང་བའི་སྟོང་ཉིད་ཡིན། །འབྱུང་བ་ལྔ་ལ་མི་འཛིན་ན། །དེ་ནི་ཕྱི་ཡི་རིག་པ་ཡིན། །སྒོ་ལྔར་འཛིན་པ་མ་ཞུགས་ན། །དེ་ནི་ནང་གི་རིག་པ་ཡིན། །ཡེ་ཤེས་རྒྱུན་དུ་མི་གཅོད་ན། །དེ་ནི་གསང་བའི་རིག་པ་ཡིན། །ཞེས་སོ། །རྒྱུད་གསུམ་བཀྲོལ་བའི་ལེའུ་སྟེ་བདུན་པའོ།། །།རྒྱུད་ཀྱི་ངོ་བོ་ངེས་ཚིག་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །ཀུན་ཏུ་འདྲེལ་བས་རྒྱུད་ཀྱང་ཡིན། །ཡང་དག་ལམ་དུ་ཞུགས་པ་ཡི། །གཟུང་དུ་རུང་བས་ལུང་ཡང་ཡིན། །ཉམས་སུ་བླངས་པའི་ཆོས་ཉིད་དུ། །བྱང་ཆུབ་སེམས་ལས་མེད་པའི་ཕྱིར། །དེ་ཕྱིར་མན་ངག་དམ་པ་ཡིན། །འདྲེལ་དང་མ་ཆད་


DNG006_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡིས། །ཕུན་སུམ་ཚོགས་ཞེས་དེ་ལ་བྱ། །གདོད་ནས་སྙིང་པོ་བྱང་ཆུབ་སེམས། །དེ་ནི་འབྲས་བུའི་རྒྱུད་དུ་བསྟན། །ཞེས་རྒྱུད་ཀྱི་ངོ་བོ་ངེས་ཚིག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།ཆོས་རྣམས་ཐམས་ཅད་གང་ནས་བྱུང་། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་རྣམས་ཐམས་ཅད་རྐྱེན་ལས་བྱུང་། །རྐྱེན་ནི་སྣང་བ་དངོས་ལས་བྱུང་། །སྣང་བ་དངོས་ནི་ཡི་གེའི་གཟུགས་སུ་བྱུང་། །ཞེས་ཡི་གེ་བྱུང་བའི་ལེའུ་སྟེ་དགུ་པའོ།། །།ཆོས་རྣམས་ཐམས་ཅད་གང་དུ་འདུས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་རྣམས་ཐམས་ཅད་མིང་དུ་འདུས། །མིང་རྣམས་ཐམས་ཅད་ཡི་གེར་འདུས། །ཡི་གེ་རྣམས་ནི་སྒྲ་རུ་འདུས། །སྒྲ་རྣམས་ཀུན་བཟང་གསུང་དུ་འདུས། །ཞེས་ཆོས་རྣམས་ཚིག་དང་ཡི་གེར་འདུས་པའི་ལེའུ་སྟེ་བཅུ་པའོ།། །།ཀུན་བཟང་ལྟ་བསྒོམ་སྤྱོད་པ་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །མ་འཕངས་རྒྱང་གསུམ་ལྟ་བ་ཡིན། །སྲོག་གཅོད་གསུམ་པོ་བསྒོམ་པ་ཡིན། །མི་འགེག་གསུམ་པོ་སྤྱོད་པ་ཡིན། །དེ་ཡི་དོན་རྣམས་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །མིག་གིས་མ་འཕངས་ཀུན་ཏུ་གསལ། །དེ་ནི་ཕྱི་ཡི་ལྟ་བ་ཡིན། །སེམས་ཀྱིས་མ་འཕངས་ཀུན་ལ་ཁྱབ། །དེ་ནི་ནང་གི་ལྟ་བ་ཡིན། །ཡེ་ཤེས་མ་འཕངས་ཀུན་ཏུ་རྟོགས། །དེ་ནི་གསང་བའི་ལྟ་བ་ཡིན། །སྣང་ལ་ཞེན་པ་མེད་ན་ཕྱི་སྲོག་ཆོད། །དེ་ནི་ཕྱི་ཡི་སྒོམ་པ་ཡིན། །གསལ་ལ་འཛིན་པ་མེད་ན་ནང་སྲོག་ཆོད། །དེ་ནི་ནང་གི་སྒོམ་པ་ཡིན། །ཡེ་ཤེས་རྒྱུན་ཆད་


DNG006_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་གསང་སྲོག་ཆོད། །དེ་ནི་གསང་བའི་སྒོམ་པ་ཡིན། །རོལ་པ་གང་ཡང་མི་འགེག་པ། །དེ་ནི་ཕྱི་ཡི་སྤྱོད་པ་ཡིན། །དྲན་རིག་གང་ཡང་མི་འགེག་པ། །དེ་ནི་ནང་གི་སྤྱོད་པ་ཡིན། །དཔའ་བརྟུལ་གང་ཡང་མ་འགེག་པ། །དེ་ནི་གསང་བའི་སྤྱོད་པ་ཡིན། །ལྟ་བསྒོམ་སྤྱོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། ཀུན་བཟང་ཆེ་ཆུང་ཇི་ལྟར་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འཕེལ་བ་མེད་པའི་ཆོས་སྐུ་ཆེ། །འགྱུར་ལྡོག་མེད་པའི་ཆོས་ཉིད་ཆེ། །སྐྱེ་ཤི་མེད་པས་སེམས་ཉིད་ཆེ། །སེམས་ཉིད་དམིགས་སུ་མེད་པས་སངས་རྒྱས་སྟན་ལྟོར་ཆུང་། །ཕུང་པོ་ལྷག་མ་མེད་པས་འཁོར་བ་རང་རླག་ཆུང་། །ཡེ་ཤེས་རང་ས་ཟིན་པས་གློ་བུར་རྣམ་རྟོག་ཆུང་། །ཞེས་རྣམ་རྟོག་ཆེ་ཆུང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཆེ་ཆུང་དོན་ལ་ཤར་བ་གཅེས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཕྱོགས་མེད་ཤར་ན་ལྟ་བ་གཅེས། །འཛིན་མེད་ཤར་ན་སྒོམ་པ་གཅེས། །འགག་མེད་ཤར་ན་སྤྱོད་པ་གཅེས། །ཤར་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཤར་བའི་དོན་ལ་བག་ཆགས་གཅེས། །བག་ཆགས་ཟད་པར་བལྟ་བ་བསྐྱལ། །གསང་བའི་བདག་པོས་བསྟན་དུ་གསོལ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྣང་སྲིད་ཡུལ་གྱི་མདུད་པ་དམ་པོ་ཁྲོལ། །ནང་འཛིན་པའི་སེམས་ཀྱི་རྟོད་ཕུར་དམ་པོ་ཕྱུང་། །སེམས་ཀྱི་བག་ཆགས་འཇུར་པ་དམ་པོ་ཤིག །ཅེས་བག་ཆགས་ཟད་སར་བསྐྱལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།བག་ཆགས་ཟིལ་གྱིས་ཇི་ལྟར་མནན། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འགྲོ་བའི་


DNG006_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྒྱུན་དུ་ནོན། །ཉལ་བའི་ཡེ་ཤེས་ཀུན་ཏུ་སྟོར། །སྡོད་པའི་ཡེ་ཤེས་ཀུན་ཏུ་ཡེངས། །འགྲོ་བའི་མགོན་པོ་འོད་དཔག་མེད། །དེ་བཞིན་ལྡན་ན་བག་ཆགས་ཟིལ་གྱིས་གནན། །བག་ཆགས་ཟིལ་གྱིས་མནན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།འགྲོ་མགོན་བསྟན་ནི་ཇི་ལྟར་བསྟན། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཤེས་རབ་ཐབས་ཀྱི་ཞགས་པས་ཟུང་། །དྲན་པ་རྒྱུན་གྱི་ཐག་པས་བཏགས། །མི་བརྗེད་པ་ཡི་ལྕག་གིས་བྲབས། །ཨ་ནི་ཚུགས་ཀྱིས་མེ་བཙའ་ཐོབ། །ཅེས་འགྲོ་མགོན་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།མན་ངག་གནད་འདི་གང་དུ་འདུས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རིག་པ་སྤྱི་བླུགས་ཤེས་ན་ལྟ་བའི་གནད། །ཉམས་མྱོང་བཙན་ཐབས་སྐྱེ་ན་སྒོམ་པའི་གནད། །སྣང་བ་གྲོགས་སུ་འགྲོ་ན་སྤྱོད་པའི་གནད། །ཡེ་ཤེས་རྒྱུན་དུ་གནས་ན་འབྲས་བུའི་གནད། །ཆོས་རྣམས་ཐམས་ཅད་ལྟ་བསྒོམ་སྤྱོད་པར་འདུས། །ཞེས་མན་ངག་གནད་འདུས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།འབྲས་བུའི་གྲོལ་ཚུལ་ཇི་ལྟར་གནས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡིད་བཞིན་ནོར་བུ་བཞིན་དུ་ཐམས་ཅད་འབྱུང་། །དབུལ་མོ་གཏེར་རྙེད་བཞིན་དུ་དགོས་དགུ་རང་ལ་ཚང་། །གླང་ཆེན་རབ་བརྒལ་བཞིན་དུ་ཉམ་ང་བག་ཚ་མེད། །ཤེལ་སྒོང་གཡའ་དག་བཞིན་དུ་སེམས་ཀྱི་དྲི་མ་བྲལ། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་ཏེ། །རྨ་བྱ་མདོངས་ལ་བལྟ་བ་བཞིན། །བདག་རང་གཅིག་པུས་ཉམས་སུ་ལེན། །ཆོས་ཉིད་དབྱིངས་སུ་བྱིལ་གྱིས་བཞུད། །འབྲས་བུ་གྲོལ་ཚུལ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཆོས་ཀྱི་མཚན་ཉིད་ཇི་ལྟར་གཟལ། །གསང་
བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྐུ་གསུམ་འབྱུང་གནས་ཀྱི་རྒྱུད་ཅེས་བྱ་བར་ཟུང་ཞིག །རྒྱུད་ཐམས་ཅད་འབྱུང་བས་ན། རིན་པོ་ཆེ་གསང་བའི་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག །བལྟ་བསྒོམ་ཐམས་ཅད་ཀྱི་གནད་ཀུན་འབྱུང་བས་ན་གནད་འགྲོལ་རིན་པོ་ཆེའི་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག །ཉོན་མོངས་སྐྱོན་གྱིས་མ་གོས་པས་དྲི་མེད་རྣམ་དག་གི་རྒྱུད་ཅེས་བྱ་བར་ཟུང་ཞིག །རྒྱུ་རྐྱེན་མེད་ལས་ཀུན་འབྱུང་བས་ན་སྟོང་པ་ཀུན་འབྱུང་གི་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག །ཐམས་ཅད་གསལ་བར་བྱེད་པས་ན་རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག །མཚན་ཆེ་བའི་ལོ་རྒྱུས་བསྟན་པའི་ལེའུ་སྟེ་བཅུ་དགུ་པ་རྫོགས་སོ།། །།བི་མ་དང་གཡུ་སྒྲས་བསྒྱུར་རོ།། །།


previousརིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ཅེས་བྱ་བ། next